5-1-1a ༄༅། །རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པའི་བཀའ་འབུམ་ཅ་པའི་དཀར་ཆག་བཞུག་སོ། ། 5-1-1b ༄༅༅། །སཱ་སྟི། མ་སྨད་སྙིང་སྟོབས་ལྷོ་ལམ་ལས་འོངས་པའི། །དཔྱད་བཟོད་གཏམ་གྱི་དྲི་བསུང་ཡོངས་རྫོགས་པ། །ལུང་རིགས་མགྱོགས་འགྲོའི་ཤུགས་ཀྱིས་འཛམ་གླིང་ཁྱོན། ཀུན་ཁྱབ་འཇམ་མགོན་ཡབ་སྲས་ཞིང་འདིའི་དཔལ། །གང་དེའི་བཞེད་སྲོལ་ཛམྦུའི་གསེར་བཞུན་རྒྱུན། །དཔྱིག་ལྡན་སྒེག་མོའི་ལྟོ་བར་ཡུན་འཁྱིལ་སླད། །དགའ་ལྡན་༧སྐུ་བཅར་དར་ཧན་མཁན་པོ་ཡིས། ། འཛང་མེད་པར་གྱི་ཆོས་སྦྱིན་སྤེལ་བ་ལས། །སྔོན་རབས་མཁས་སྙེམས་མེས་རྒན་རྣམ་དཔྱོད་ཀྱིས། །མ་ལྕིགས་ཁུངས་ལྡན་མདོ་རྒྱུད་དཀའ་གནད་གཟུགས། །རྫོགས་པའི་ལེགས་བཤད་ཀུན་མཐོང་བུ་སྟ་ཀཿ ཅ་པའི་ཆོས་ཚན་གྲངས་རིམ་འདི་ན་བསྟར།། ༼ཅ༽ པར་སྒྲོན་གསལ་རྒྱ་ཆེར་བཤད་པས་འཆད་པའི་ས་བཅད་བསྡུས་དོན་ལ། ༢༧ རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྒྱ་ཆེར་བཤད་པ་སྒྲོལ་ མ་གསལ་བའི་དཀའ་བའི་གནས་ཀྱི་མཐའ་གཅོད་རིན་ཆེན་མྱུ་གུ་ལ། ༡༣༨ འདུས་པའི་བཤད་རྒྱུད་ལྷ་མོ་བཞི་ཞུས་ཀྱི་རྒྱ་ཆེར་བཤད་པ་སྲོག་རྩོལ་གྱི་དེ་ཁོ་ན་ཉིད་གསལ་བ་ལ། ༤༧ དཔལ་གསང་ བ་འདུས་པའི་བཤད་རྒྱུད་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་ཊི་ཀྐ་ལ། ༦༠ དཔལ་གསང་བ་འདུས་པའི་མི་བསྐྱོད་པའི་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོག་དབང་གི་དོན་དེ་ཉིད་རབ་ཏུ་གསལ་བ་ལ། ༦༦ འབའ་ 5-1-2a སེར་དཀའ་བཅུ་པས་རྗེ་ལ་གསན་པའི་གསང་འདུས་བསྐྱེད་རིམ་ཟིན་བྲིས་ལ། ༣༩ གསང་འདུས་དཀའ་གནས་ཟིན་བྲིས་ལ། ༢༣ དཀར་ཆག་ལ་ ༢ ཁྱོན་ ༤༠༢ བཞུགས།། །། 5-1-2b empty page 5-2-1a ༄༅༅། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྩ་རྒྱུད། སྒྲོན་མ་རབ་ཏུ་གསལ་བ་བྱེད་པའི་རྒྱ་ཆེར་བཤད་པས་འཆད་པའི་ས་བཅད་བསྡུས་དོན་བཞུགས་སོ། ། 5-2-1b ༄༅། །རྗེ་བཙུན་བླ་མ་འཇམ་པའི་དབྱངས་དང༌། མགོན་པོ་ཀླུ་སྒྲུབ་ཡབ་སྲས་ཀྱི་ཞབས་ལ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་ རྩ་བའི་རྒྱུད། སྒྲོན་མ་རབ་ཏུ་གསལ་བར་བྱེད་པ་ཞེས་བྱ་བའི་རྒྱ་ཆེར་བཤད་པས་འཆད་པ་ལ་གཉིས། སྔོན་དུ་བསྟན་པ་སྤྱིའི་རྣམ་པར་བཞག་པ་དང༌། བྱེ་བྲག་ཏུ་རྒྱུད་འགྲེལ་གཉིས་ཀྱི་དོན་བཤད་པའོ། །དང་པོ་ལས་ ཕྱེ་བ་ནི་མཐའ་གཅོད་དུ་གསལ་ལོ། །གཉིས་པ་ལ་བཞི། མཚན་གྱི་དོན། འགྱུར་གྱི་ཕྱག །གཞུང་དངོས། མཇུག་གི་དོན་ནོ། །དང་པོ་ལ་གཉིས། རྒྱུད་ཀྱི་མཚན་གྱི་དོན་དང༌། འགྲེལ་པའི་མཚན་གྱི་དོན་ནོ། །གཉིས་པ་ལ་ གཉིས། རྒྱུད་ཀྱི་འགྱུར་གྱི་ཕྱག་དང༌། འགྲེལ་པའི་འགྱུར་གྱི་ཕྱག་གོ། གསུམ་པ་ལ་གསུམ། རྩ་བའི་རྒྱུད་བཤད་པ་ལ་འཇུག་པའི་ཡན་ལག །རྩ་བའི་རྒྱུད་ཀྱི་ཚིག་དོན་བཤད་པ་དངོས། རྒྱུད་ཀྱི་བཤད་པ་མཐར་ཕྱིན་པའི་ 5-2-2a ཚུལ་ལོ། །དང་པོ་ལ་གསུམ། མཆོད་པར་བརྗོད་ཅིང་འགྲེལ་པ་རྩོམ་པར་དམ་བཅའ་བ་དང༌། རྒྱུད་ཀྱི་དོན་འགྲེལ་པའི་ཚུལ་སྤྱིར་བསྟན་པ། ལེའུ་སོ་སོའི་བསྡུས་དོན་བྱེ་བྲག་ཏུ་བཤད་པའོ། ། དང་པོ་ལ་གཉིས། མཆོད་པར་བརྗོད་པ་དང༌། བཤད་པར་དམ་བཅའ་བའོ། །གཉིས་པ་ལ་གཉིས། རྒྱུད་ཀྱི་དོན་ཀུན་བསྡུས་ཏེ་བསྟན་པ། རྒྱུད་བཤད་ཐབས་ཀྱི་མན་ངག་གོ། དང་པོ་ལ་གསུམ། རྒྱུད་ཀྱི་དོན་བསྡུ་ན་དུ་ཞིག་ ཏུ་འདུ་བ། རྒྱུད་ཀྱི་དོན་ལེགས་པར་ཤེས་པའི་ཚད། སྔོན་དུ་རིམ་ལྔ་ལ་བསླབས་ནས་ཕྱིས་རྒྱུད་དུ་འཇུག་པར་བྱ་བའོ། །དང་པོ་ལ་གཉིས། རིམ་པ་ལྔ་བསྟན་པ་དང༌། དེ་ཉིད་དུ་རྒྱུད་ཀྱི་དོན་ཀུན་འདུས་པར་བསྟན་པའོ། །དང་ པོ་ལ་གཉིས། སྤྱིའི་དོན་དང༌། རིམ་པ་སོ་སོའི་དོན་བཤད་པའོ། །དང་པོ་ལ་བཞི། རིམ་པའི་གྲངས་ལ་འགལ་བར་འཛིན་པའི་དོགས་པ་བསལ་བ། རིམ་ལྔའི་ལམ་རྣམས་སྐྱེ་འཆི་བར་དོའི་རིམ་པ་བཞིན་དུ་སྐྱེད་དགོས་ པ། ལམ་གྱི་རིམ་པ་རྣམས་ཀྱི་གོ་རིམ་ངེས་ཚུལ། ལམ་གྱི་རིམ་པ་རྣམས་ཀྱི་གྲངས་ངེས་ཚུལ་ལོ། །གཉིས་པ་ལ་ལྔ། བསྐྱེད་པའི་རིམ་པ། སེམས་ལ་དམིགས་པའི་རིམ་པ། ཀུན་རྫོབ་སྒྱུ་མའི་རིམ་པ། དོན་ 5-2-2b དམ་འོད་གསལ་གྱི་རིམ་པ། གཉིས་མེད་ཟུང་འཇུག་གི་རིམ་པའོ། །དང་པོ་ལ་གསུམ། ཚིག་གི་དོན་བཤད་པ། བསྐྱེད་རིམ་ཇི་ཙམ་ཞིག་བསྒོམ་དགོས་པ། བསྐྱེད་རིམ་ལ་རིམ་པ་ཇི་ལྟར་སློབ་ཚུལ་ལོ། །གཉིས་པ་ལ་བཞི། ཚིག་གི་དོན་བཤད་པ། སྣང་བ་གསུམ་ གྱི་མིང་གི་རྣམ་གྲངས། སྣང་བ་གསུམ་སོ་སོའི་མཚན་ཉིད། ཡེ་ཤེས་དེ་རྣམས་ཀྱི་སྐྱེད་ཚུལ་ལོ། །གཉིས་པ་ལ་གཉིས། ཐེག་པ་ཐུན་མོང་གི་མིང་གི་རྣམ་གྲངས། ཐུན་མོང་མ་ཡིན་པའི་མིང་གི་མིང་གི་རྣམས་གྲངས་སོ། །གསུམ་པ་ལ་བཞི། ཚིག་གི་དོན་བཤད་པ། སྒྱུ་མ་ཐུན་མོང་བ་དང་ཐུན་མོང་མ་ཡིན་པའི་རྣམ་གཞག །སྒྱུ་མའི་སྐུ་སྒྲུབ་པའི་སྒྲུབ་གཞི་གཞི་ལ་གནས་ཚུལ། གཞི་དེ་ལས་ལམ་གྱི་སྐབས་སུ་སྒྱུ་མའི་སྐུ་ཇི་ལྟར་སྒྲུབ་པའི་ཚུལ་ལོ། །བཞི་པ་ལ་གསུམ། ཚིག་གི་དོན་བཤད་པ། ཕྱི་ནང་གི་མངོན་པར་ བྱང་ཆུབ་པ་གཉིས་བཤད་པ། དེ་གཉིས་མངོན་དུ་བྱེད་པའི་ཐབས་བསམ་གཏན་གཉིས་བཤད་པའོ། །ལྔ་པ་ལ་གཉིས། ཚིག་གི་དོན་བཤད་པ། འོད་གསལ་ལས་ཟུང་འཇུག་འགྲུབ་ལུགས་སོ། །གཉིས་པ་ལ་བཞི། བཤད་པར་བྱ་བའི་ གཞི་རྒྱུད་ཀྱི་ཆེ་བ། རྒྱན་བདུན་གྱིས་མ་བཤད་ན་དེའི་དོན་མི་ཤེས་པར་བསྟན་པ། དེས་ན་རྒྱན་བདུན་བཤད་དགོས་པ། རྒྱན་བདུན་གྱི་བཤད་པ་དངོས་སོ། །དང་པོ་ལ་གཉིས། འདུས་པ་རྒྱུད་སྡེ་ཀུན་གྱི་རྩ་བར་བསྟན་པ། མདོ་སྡེ་ཀུན་གྱི་ཟ་མ་ཏོག་ ཏུ་བསྟན་པའོ། །བཞི་པ་ལ་གསུམ། མདོར་བསྟན་པ། རྒྱས་པར་བཤད་པ། མཇུག་བསྡུ་བའོ། །གཉིས་པ་ལ་བཞི། རྒྱན་བདུན་བཤད་པར་དམ་བཅའ་བ། རྒྱན་བདུན་གྱི་དོན་སོ་སོར་བཤད་པ། བཤད་ཚུལ་དེ་རྙེད་དཀའ་ཞིང་དོར་དུ་མི་རུང་བ། 5-2-3a བཤད་རྒྱུད་ལ་མཁས་པ་བསྟེན་ནས་རྒྱུད་གཟུང་བར་གདམས་པའོ། །གཉིས་པ་ལ་དྲུག །བཤད་པར་བྱ་བའི་གཞི་གླེང་བསླང་གི་རྒྱན། བཤད་དོན་ལམ་གྱི་རིམ་པར་སྡུད་པ་འཚང་རྒྱ་ཚུལ་གྱི་རྒྱན། གཞུང་དོན་ཇི་ ལྟར་འགྲེལ་པ་མཐའ་དྲུག་དང་ཚུལ་བཞིའི་རྒྱན། ཉན་པ་པོ་གང་ལ་གང་འཆད་པ་བཤད་ཚུལ་གྱི་རྒྱན། རྒྱུད་ལ་འཇུག་པའི་གང་ཟག་ཉན་པ་པོའི་རྒྱན། བཤད་དོན་ཇི་ལྟར་ངེས་པ་བདེན་གཉིས་ངེས་པའི་རྒྱན་ནོ། །དང་པོ་ལ་གཉིས། དྲི་བ་དང༌། ལན་ནོ། །གཉིས་པ་ལ་གཉིས། མཚམས་སྦྱར་ཏེ་དབྱེ་བ་བསྟན་པ་དང༌། བཤད་པ་དངོས་སོ། །དེ་ལ་གཉིས། ཆགས་བྲལ་གྱི་འཚང་རྒྱ་ཚུལ་དཔེར་དགོད་པ། དེ་ལ་བརྟེན་ནས་ཆགས་ཅན་གྱི་འཚང་རྒྱ་ཚུལ་ངེས་པར་བྱ་བའོ། །གསུམ་པ་ ལ་གཉིས། གཞུང་གི་ཚིག་དང་དོན་སོ་སོའི་འཆད་ཚུལ་མཐའ་དྲུག་གི་རྒྱན། གཞུང་གཅིག་གི་དོན་རྫོགས་པར་འཆད་ཚུལ་ཚུལ་བཞིའི་རྒྱན་ནོ། །དང་པོ་ལ་གསུམ། བཤད་པའི་མཚམས་སྦྱོར། གྲངས་ཀྱི་སྒོ་ནས་མདོར་བསྟན་པ། མཚན་ ཉིད་ཀྱི་སྒོ་ནས་རྒྱས་པར་བཤད་པའོ། །དེ་ལ་གསུམ། དྲང་ངེས་ཀྱི་མཚན་ཉིད་བསྟན་པ། དགོངས་དགོངས་མིན་གྱི་མཚན་ཉིད་བསྟན་པ། སྒྲ་ཇི་བཞིན་པ་ཡིན་མིན་གྱི་མཚན་ཉིད་བསྟན་པའོ། །གཉིས་པ་ལ་གསུམ། མཚམས་སྦྱར་ ནས་བཤད་པར་དམ་བཅའ་བ། སོ་སོའི་མིང་དང་དབྱེ་བ། སོ་སོའི་དོན་བསྟན་པའོ། །དེ་ལ་བཞི། ཡི་གེའི་དོན་བཤད་པ། སྤྱི་དོན་བཤད་པ། སྦས་དོན་བཤད་པ། མཐར་ཐུག་གི་དོན་བཤད་པའོ། །བཞི་པ་ལ་གསུམ། བཤད་ཚུལ་གྱི་རྒྱན་གྱི་ 5-2-3b དབྱེ་བ། སོ་སོའི་ངོས་འཛིན། དོན་བསྡུ་བའོ། །ལྔ་པ་ལ་ལྔ། གང་ཟག་གི་དབྱེ་བ། ཕྱེ་བ་སོ་སོའི་དོན། དབང་པོའི་རིམ་པ་དང་སྣོད་ཀྱི་ཁྱད་པར། བཤད་པ་གཉིས་ཀྱི་སྣོད་དུ་འགྱུར་ཚུལ། སྣོད་བརྟགས་ནས་བཤད་དགོས་པར་བསྟན་པའོ། །གཉིས་ པ་ལ་ལྔ། ཨུཏྤ་ལའི་གང་ཟག །པདྨ་དཀར་པོའི་གང་ཟག །པདྨའི་གང་ཟག །ཙན་དན་གྱི་གང་ཟག །རིན་པོ་ཆེའི་གང་ཟག་གོ། དྲུག་པ་ལ་གཉིས། ཚིག་གི་དོན་བཤད་པ། རྒྱན་དྲུག་གིས་བཤད་པ་ཟུང་འཇུག་ངེས་པའི་ཡན་ལག་ཏུ་འགྲོ་ཚུལ་ ལོ། །གསུམ་པ་ལ་གསུམ། བཤད་པའི་མཚམས་སྦྱོར། བཤད་པ་དངོས། མཇུག་བསྡུ་བའོ། །གཉིས་པ་ལ་བཞི། ལེའུ་སོ་སོའི་དོན་གྱི་གཙོ་བོ་ངོས་གཟུང་བ། ལེའུ་སོ་སོའི་གཞུང་ལ་རྒྱས་བཏབ་ཚུལ། དེས་ན་སྒྲ་ཇི་བཞིན་པར་བཤད་དུ་ མི་རུང་བ། དེ་བཤད་རྒྱུད་ཀྱི་ལུང་གིས་སྒྲུབ་པའོ། །དང་པོ་ལ་གསུམ། ལེའུ་དང་པོའི་དོན་གྱི་གཙོ་བོ་ངོས་གཟུང་བ། ལེའུ་ལྷག་མའི་དོན་གྱི་གཙོ་བོ་ངོས་གཟུང་བ། ལེའུའི་བསྡུས་དོན་བཤད་རྒྱུད་ལས་གསུངས་ཚུལ་ལོ། །གཉིས་པ་ལ་བཞི། ལེའུ་གཉིས་པ་ནས་ལྔ་པའི་བར་གྱི་དོན་གྱི་གཙོ་བོ་ངོས་གཟུང་བ། ལེའུ་དྲུག་པ་ནས་དགུ་པའི་བར་གྱི་དོན་གྱི་གཙོ་བོ་ངོས་གཟུང་བ། ལེའུ་བཅུ་པ་ནས་བཅུ་གསུམ་པའི་བར་གྱི་དོན་གྱི་གཙོ་བོ་ངོས་གཟུང་བ། ལེའུ་བཅུ་བཞི་པ་ནས་བཅུ་བདུན་པའི་ བར་གྱི་དོན་གྱི་གཙོ་བོ་ངོས་གཟུང་བའོ། །དང་པོ་ལ་བཞི། ལེའུ་གཉིས་པ་དང༌། ལེའུ་གསུམ་པ་དང༌། ལེའུ་བཞི་པ་དང༌། ལེའུ་ལྔ་པའི་དོན་གྱི་གཙོ་བོ་ངོས་གཟུང་བའོ། །གཉིས་པ་ལ་བཞི། ལེའུ་དྲུག་པ་དང༌། ལེའུ་བདུན་པ་དང༌། ལེའུ་བརྒྱད་ 5-2-4a པ་དང༌། ལེའུ་དགུ་པའི་དོན་གྱི་གཙོ་བོ་ངོས་གཟུང་བའོ། །གསུམ་པ་ལ་བཞི། ལེའུ་བཅུ་པ་དང༌། ལེའུ་བཅུ་གཅིག་པ་དང༌། ལེའུ་བཅུ་གཉིས་པ་དང༌། ལེའུ་བཅུ་གསུམ་པའི་དོན་གྱི་གཙོ་བོ་ངོས་གཟུང་བའོ། །བཞི་ པ་ལ་བཞི། ལེའུ་བཅུ་བཞི་པ་དང༌། ལེའུ་བཅོ་ལྔ་པ་དང༌། ལེའུ་བཅུ་དྲུག་པ་དང༌། ལེའུ་བཅུ་བདུན་པའི་དོན་གྱི་གཙོ་བོ་ངོས་གཟུང་བའོ། །གཉིས་པ་ལ་གསུམ། བཤད་པའི་མཚམས་སྦྱོར། བཤད་པ་དངོས། མཇུག་བསྡུ་བའོ། །གཉིས་པ་ལ་གཉིས། ལེའུ་དང་པོ་ལ་རྒྱས་བཏབ་ཚུལ་དང༌། ལེའུ་ལྷག་མ་ལ་རྒྱས་བཏབ་ཚུལ་ལོ། །དེ་ལ་བཞི། ལེའུ་གཉིས་པ་ནས་ལྔ་པའི་བར་ལ་རྒྱས་བཏབ་ཚུལ། དྲུག་པ་ནས་དགུ་པའི་བར་ལ་རྒྱས་བཏབ་ཚུལ། བཅུ་པ་ནས་བཅུ་གསུམ་པའི་བར་ལ་རྒྱས་ བཏབ་ཚུལ། ལེའུ་བཅུ་བཞི་པ་ནས་བཅུ་བདུན་པའི་བར་ལ་རྒྱས་བཏབ་ཚུལ་ལོ། །དང་པོ་ལ་བཞི། ལེའུ་གཉིས་པ་དང༌། ལེའུ་གསུམ་པ་དང༌། ལེའུ་བཞི་པ་དང༌། ལེའུ་ལྔ་པ་ལ་རྒྱས་བཏབ་ཚུལ་ལོ། །གཉིས་པ་ལ་བཞི། ལེའུ་དྲུག་པ་དང༌། ལེའུ་ བདུན་པ་དང༌། ལེའུ་བརྒྱད་པ་དང༌། ལེའུ་དགུ་པ་ལ་རྒྱས་བཏབ་ཚུལ་ལོ། །གསུམ་པ་ལ་བཞི། ལེའུ་བཅུ་པ་དང༌། ལེའུ་བཅུ་གཅིག་པ་དང༌། ལེའུ་བཅུ་གཉིས་པ་དང༌། ལེའུ་བཅུ་གསུམ་པ་ལ་རྒྱས་བཏབ་ཚུལ་ལོ། །གཉིས་པ་ལ་གསུམ། མཚམས་ སྦྱར་བ། ལེའུ་དང་པོས་རྒྱུད་དོན་མདོར་བསྟན་པ། དོན་དེ་ལྷག་མ་བཅུ་དྲུག་གིས་རྒྱས་པར་བཤད་པའོ། །གཉིས་པ་ལ་གསུམ། ལེའུའི་གཞུང་བཤད་པ། ལེའུའི་མཚན་གྱི་དོན། ལེའུ་དེ་བཤད་ཟིན་པར་བསྟན་པའོ། །དང་པོ་ལ་གསུམ། གླེང་ 5-2-4b གཞི་དང་དཀྱིལ་འཁོར་གཉིས་ཀྱིས་རིམ་པ་གཉིས་ཀྱི་ལམ་བཤད་པ། ལམ་གཉིས་ཀྱང་སྔོན་དུ་དབང་བསྐུར་བ་ལ་བཤད་དགོས་པར་བསྟན་པ། བཤད་པའི་དོན་རྣམས་ལམ་གྱི་རིམ་པར་བསྒྲིག་པའོ། །དང་པོ་ལ་བཞི། གླེང་གཞི་ཕུན་སུམ་ཚོགས་པས་ རྒྱུད་ཀྱི་དགོངས་པ་ཀུན་བསྟན་པ། གཟུངས་དཀྱིལ་གྱིས་བདེ་བ་ཆེན་པོ་ལམ་འདིའི་གནད་དུ་བསྟན་པ། བསྡུས་དཀྱིལ་གྱིས་རྟེན་དང་བརྟེན་པའི་དཀྱིལ་འཁོར་གཉིས་ཀྱི་རིམ་པ་གཉིས་བསྟན་པ། དོན་དེ་རྣམས་ལ་ཆེད་དུ་བརྗོད་པ་བྱས་ཚུལ་ལོ། །དང་པོ་ ལ་གཉིས། སྟོན་པ་དང་དུས་དང་གནས་ཕུན་སུམ་ཚོགས་པ་ཚུལ་བཞིར་བཤད་པ། འཁོར་ཕུན་སུམ་ཚོགས་པ་དྲང་བ་དང་ངེས་པའི་དོན་དུ་བཤད་པའོ། །དང་པོ་ལ་བཞི། ཡི་གེའི་དོན་དང༌། སྤྱིའི་དོན་དང༌། སྦས་པའི་དོན་དང༌། མཐར་ཐུག་པའི་དོན་ བཤད་པའོ། །དང་པོ་ལ་གཉིས། སྡུད་པ་པོས་གསུངས་ཚུལ། ཡི་གེའི་དོན་བཤད་པ་དངོས་སོ། །དེ་ལ་གཉིས། སྔོན་བྱུང་གི་རྣམ་འཕྲུལ་གྱི་ཚུལ་དུ་བཤད་པ། རྗེས་འཇུག་གི་ཉམས་ལེན་གྱི་ཚུལ་དུ་བཤད་པའོ། །གཉིས་པ་ལ་གཉིས། འདི་སྐད་ཀྱི་དོན་བསྟན་ པ། བདག་གིས་ཐོས་པ་སོགས་ཀྱི་དོན་བསྟན་པའོ། །དང་པོ་ལ་གཉིས། ཨེ་ཝཾ་ཁོ་ན་དང་པོར་བརྗོད་དགོས་པར་བསྟན་པ། དོན་དེ་བཤད་རྒྱུད་ཀྱི་ལུང་གིས་སྒྲུབ་པའོ། །དང་པོ་ལ་གཉིས། དྲི་བ་དང༌། ལན་ནོ། །དེ་ལ་གསུམ། ལན་དངོས། དོན་དེ་རྣམས་རྒལ་ ལན་གྱིས་གཏན་ལ་དབབ་པ། དེ་དག་གིས་གྲུབ་པའི་དོན་བསྡུ་བའོ། །གཉིས་པ་ལ་གསུམ། དྲི་བ་དང༌། ལན། དེ་ལ་རྩོད་པ་སྤང་བའོ། །དེ་ལ་གཉིས། རྩོད་པ་དང༌། ལན་ནོ། །དེ་ལ་གཉིས། སྟོན་པ་པོ་དང་སྡུད་པ་པོ་རྒྱུད་ཐ་དད་མེད་པར་སྒྲུབ་པ། རྒྱུད་ཐ་དད་པར་ 5-2-5a བསྟན་པའི་དགོས་པ་བསྟན་པའོ། །གཉིས་པ་ལ་གཉིས། ཤེས་བྱེད་དྲིས་ཏེ་ཁུངས་དགོད་པ་དང༌། ཁུངས་དེ་ལས་ཇི་ལྟར་གསུངས་པའོ། །དེ་ལ་གཉིས། ཞུ་བ་དང༌། ལན་ནོ། །དེ་ལ་ལྔ། ཞུ་བ་པོ་ལ་སྤྲོ་བ་བསྐྱེད་ནས་ཉན་པར་ གདམས་པ། ཡི་གེ་གཉིས་ཐབས་དང་ཤེས་རབ་ཁྱད་པར་ཅན་དུ་འགྲོ་ཚུལ། ཡི་གེ་གཉིས་ཀྱི་དེ་ཉིད་ཤེས་པ་དང་མ་ཤེས་པའི་ཕན་ཡོན་དང་ཉེས་དམིགས། རྒྱུ་མཚན་དེ་རྣམས་ཀྱིས་གྲུབ་པའི་དོན། དེས་ན་ཡི་གེ་གཉིས་ཀྱི་དེ་ཉིད་ལ་གུས་པར་བྱ་བའོ། ། གཉིས་པ་ལ་གསུམ། གསུང་རབ་ཀུན་གྱི་གཞིའི་ཐབས་ཤེས་ཡིན་ཚུལ། བདེ་བ་ཆེན་པོ་འདྲེན་པའི་ཐབས་ཤེས་ཡིན་ཚུལ། བདེ་སྟོང་དབྱེར་མེད་ཀྱི་ཐབས་ཤེས་ཡིན་ཚུལ་ལོ།། གཉིས་པ་ལ་གཉིས། དོན་དངོས་དང༌། ཐིག་ལེ་ཡིག་འབྲུར་འགྱུར་ཚུལ་ལོ། ། གསུམ་པ་ལ་བཞི། མཚམས་སྦྱར་བ། ཡི་གེ་རེ་རེའི་དོན་བཤད་པ། དོན་བསྡུ་བ། ཨེ་ཝཾ་གྱི་དོན་དུ་འདུ་ལུགས་བཤད་པའོ། །གཉིས་པ་ལ་བཞི། ཨེ་ཝཾ་སོགས་ཀྱི་ཡི་གེ་བཅུ་གསུམ་གྱི་དོན་བཤད་པ། ག་བཱན་སོགས་ཀྱི་ཡི་གེ་བརྒྱད་ཀྱི་དོན་བཤད་པ། ཀ་ཡ་སོགས་ཀྱི་ཡི་གེ་བཅུ་གཅིག་གི་དོན་བཤད་པ། ཥིད་བྷ་སོགས་ཀྱི་ཡི་གེ་བརྒྱད་ཀྱི་དོན་བཤད་པའོ། །དང་པོ་ལ་བཞི། གཞི་ལམ་ཐུན་མོང་གི་སྟོང་པ་གསུམ་གྱི་ངོ་བོ་དང་གོ་རིམ། སྣང་བ་དང་རླུང་གི་རང་བཞིན་དང་ཤེས་པ་གཞན་བསྐྱེད་ཚུལ། ཉིང་མཚམས་སྦྱར་བ་ནས་ཁམས་དང་ཕུང་པོ་སོགས་འབྱུང་ཚུལ། དོན་བསྡུས་ཏེ་འཁོར་བར་འཁོར་ལུགས་བསྟན་པའོ། །དང་པོ་ལ་གཉིས། སྟོང་པ་གསུམ་གྱི་ངོ་བོ་དང༌། གོ་རིམ་མོ། །གསུམ་པ་ལ་ལྔ། ཁམས་བཞིའི་སྐྱེ་ཚུལ། ཕུང་པོ་ལྔའི་འབྱུང་ 5-2-5b ཚུལ་དང༌། གཞི་དུས་ཀྱི་ཡེ་ཤེས་ལྔ་འབྱུང་ཚུལ་དང༌། དབང་པོ་དྲུག་འབྱུང་ཚུལ་དང༌། གཞི་དུས་ཀྱི་རྡོ་རྗེ་བཟླས་པ་འབྱུང་ཚུལ་ལོ། །གཉིས་པ་ལ་གཉིས། ལུས་དབེན་སྒོམ་ཚུལ་དང༌། སྟོང་པ་གསུམ་མཉམ་གཞག་ཏུ་བསྒོམས་ནས་རྗེས་ཐོབ་ཏུ་རྒྱས་འདེབས་ཚུལ་ལོ། ། དང་པོ་ལ་ལྔ། ཕུང་པོ་ལྔ་རིགས་ལྔར་སྒོམ་པའི་ལུས་དབེན། ཁམས་བཞི་ཡུམ་བཞིར་སྒོམ་པའི་ལུས་དབེན། མིག་སོགས་རྣམས་ས་སྙིང་སོགས་སུ་སྒོམ་པའི་ལུས་དབེན། ཡན་ལག་རྣམས་ཁྲོ་བོར་སྒོམ་པའི་ལུས་དབེན། གསང་ཆེན་རིགས་གཅིག་གི་ལུས་དབེན་ནོ། ། གསུམ་པ་ལ་ལྔ། སྒྱུ་མའི་ལུས་དངོས། ཡེ་ཤེས་གསུམ་གྱི་ཐུན་མོང་མ་ཡིན་པའི་མིང་གི་རྣམ་གྲངས། སྤྱོད་པ་བྱེད་ཚུལ། ཐབས་གང་ལ་བརྟེན་ནས་ཡེ་ཤེས་གསུམ་བསྐྱེད་པ། སྒྱུ་མའི་ཏིང་ངེ་འཛིན་གྱིས་ཁྱད་པར་བྱེད་ཚུལ་ལོ། །གསུམ་པ་ལ་གསུམ། སྤྱོད་པ་བྱེད་ པའི་དུས་དང་བྱ་ཚུལ། སྤྱོད་པ་བྱས་པའི་ཕན་ཡོན། སྤྱོད་པ་བྱས་པས་ཏིང་ངེ་འཛིན་འཕེལ་ཚུལ་ལོ། །བཞི་པ་ལ་དྲུག །སྤྱོད་པ་ལ་རྩོད་པ་སྤང་བ། ཡེ་ཤེས་ཀྱི་སྐུས་གནས་གང་དུ་སྤྱོད་ཚུལ། ཡེ་ཤེས་གསུམ་གྱི་ཐུན་མོང་བའི་མིང་གི་རྣམ་གྲངས། སྒྱུ་ མའི་སྐུ་གང་ལས་སྒྲུབ་པའི་སྒྲུབ་གཞི། སྤྱོད་པའི་དུས་ཀྱི་ཀུན་སྤྱོད་རྣམས་རྡོ་རྗེ་སེམས་དཔའི་སྤྱོད་པར་བསྟན་པ། རིམ་པ་གསུམ་པ་དང་ལྔ་པའི་སྒྱུ་མའི་སྐུའི་ཁྱད་པར་རོ། །བཞི་པ་ལ་བཞི། ཐོབ་བྱ་འབྲས་བུའི་ཨེ་ཝཾ་དང༌། ཐོབ་བྱེད་ལམ་ གྱི་ཨེ་ཝཾ་དང༌། དེ་འདྲེན་བྱེད་རྟགས་ཀྱི་ཨེ་ཝཾ་དང༌། ཨེ་ཝཾ་གྱི་དོན་ཅུང་ཟད་བཤད་པའོ། །གཉིས་པ་ལ་གཉིས། དྲང་དོན་དུ་བཤད་པ་དང༌། ངེས་དོན་དུ་བཤད་པ་འཕྲོས་དང་བཅས་པའོ། །གཉིས་པ་ལ་གསུམ། མཚམས་སྦྱོར་གྱི་ 5-2-6a དོན་བཤད་པ། གཟུངས་དཀྱིལ་དྲང་དོན་དུ་བཤད་པའི་དོན་བཤད་པ་དང༌། ངེས་དོན་དུ་བཤད་པའི་དོན་བཤད་པའོ། །གསུམ་པ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ལ་གཉིས། དྲང་ དོན་དུ་བཤད་པ་དང༌། ངེས་དོན་དུ་བཤད་པའོ། །གཉིས་པ་ལ་གཉིས་ཟིལ་གནོན་རྡོ་རྗེའི་ཏིང་ངེ་འཛིན་བཤད་པ་དང༌། དམ་ཚིག་འབྱུང་བ་རྡོ་རྗེའི་ཏིང་ངེ་འཛིན་བཤད་པའོ། །དང་པོ་ལ་བཞི། སྤྱི་དོན་དུ་བཤད་པ། སྦས་དོན་དུ་བཤད་པ། དེ་ལ་ བརྟེན་ནས་ཡིག་དོན་ཁ་བསྐང་བ། མཐར་ཐུག་ཏུ་བཤད་པའོ། །གཉིས་པ་ལ་གཉིས། དྲང་དོན་དུ་བཤད་པ་དང༌། ངེས་དོན་དུ་བཤད་པའོ། །གཉིས་པ་ལ་བཞི། ཕྱག་འཚལ་སྔོན་དུ་བཏང་ནས་གསོལ་བ་གདབ་པ། དེ་ལ་སྟོན་པས་རྒྱུད་དོན་ རྟོགས་དཀའ་བས་སྤྲོས་པ་མེད་པར་བསྟན། འཁོར་རྣམས་སླར་ཡང་བསྐྱར་ཏེ་གསོལ་བ་བཏབ་པ། དེའི་ལན་དུ་དཀྱིལ་འཁོར་སྤྲུལ་པའོ། །དེ་ལ་གསུམ། དངོས་ཀྱི་དོན། ལྷ་ལྷག་མ་ཁ་འགེངས་ལུགས། དེ་ལྟར་བྱ་དགོས་པའི་སྒྲུབ་བྱེད་དོ། ། དང་པོ་ལ་གསུམ། རིགས་ལྔ་སྤྲུལ་པ། ཡུམ་བཞི་སྤྲུལ་པ། ཁྲོ་བོ་བཞི་སྤྲུལ་པའོ། །དང་པོ་ལ་གཉིས། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །གཉིས་པ་ལ་གཉིས། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །གསུམ་པ་ལ་གཉིས། རྒྱས་པར་ བཤད་པ་དང༌། དོན་བསྡུ་བའོ། །གསུམ་པ་ལ་གཉིས། རིམ་པ་དང་པོའི་སྐོར་ལ་སྦྱར་ཏེ་བཤད་པ། རིམ་པ་གཉིས་པ་ལ་སྦྱར་ཏེ་བཤད་པའོ། །ལེའུ་དང་པོའི་བསྡུས་དོན་ནོ།། །།གསུམ་པ་དོན་དེ་ལྷག་མ་བཅུ་དྲུག་གིས་རྒྱས་པར་ 5-2-6b བཤད་པ་ལ་བཞི། ལེའུ་གཉིས་པ་ནས་ལྔ་པའི་བར་གྱི་བཤད་པ་དང༌། དྲུག་པ་ནས་དགུ་པའི་བར་གྱི་བཤད་པ་དང༌། བཅུ་པ་ནས་བཅུ་གསུམ་པའི་བར་གྱིས་བཤད་པ་དང༌། བཅུ་གཞི་པ་ནས་བཅུ་བདུན་པའི་བར་གྱིས་བཤད་པའོ། །དང་པོ་ལ་ བཞི། བྱང་ཆུབ་ཀྱི་སེམས་ཀྱི་ལེའུས་བཤད་ཚུལ། རྡོ་རྗེ་བཀོད་པའི་ལེའུས་བཤད་ཚུལ། ཐུགས་ཀྱི་དཀྱིལ་འཁོར་གྱི་ལེའུས་བཤད་ཚུལ། ཀུན་ཏུ་སྤྱོད་པ་མཆོག་གི་ལེའུས་བཤད་ཚུལ་ལོ། །དང་པོ་ལ་བཞི། ལེའུ་སྔ་ཕྱིའི་མཚམས་སྦྱར་ བ། ལེའུའི་གཞུང་བཤད་པ། ལེའུའི་མཚན་དོན་བཤད་པ། ལེའུ་དེ་བཤད་ཟིན་པར་བསྟན་པའོ། །གཉིས་པ་ལ་གསུམ། ཕྱག་མཆོད་སྔོན་དུ་བཏང་ནས་གསོལ་བ་གདབ་པ། དེའི་ལན་བཤད་པ། དེ་ལ་ཆེད་བརྗོད་བྱས་པའི་ཚུལ་ལོ། །གཉིས་ པ་ལ་བཞི། སྡུད་པ་པོའི་ཚིག་གིས་མཚམས་སྦྱོར་བ། བྱང་ཆུབ་ཀྱི་སེམས་བསྐྱེད་པར་གདམས་ཤིང་གདམས་པ་ལྟར་དུ་བསྐྱེད་པ། དོན་དེ་དེ་བཞིན་གཤེགས་པ་དྲུག་གིས་གསུངས་ཚུལ། བྱང་ཆུབ་ཀྱི་སེམས་བསྐྱེད་ཚུལ་བཤད་རྒྱུད་ཀྱིས་ གཏན་ལ་དབབ་པའོ། །གཉིས་པ་ལ་གསུམ། དྲང་དོན་དུ་བཤད་པ་དང༌། ངེས་དོན་དུ་བཤད་པ་དང༌། དེ་ལ་ཆེད་བརྗོད་མཛད་པ་དགོངས་མིན་དུ་བཤད་པའོ། །གསུམ་པ་ལ་དྲུག །རྡོ་རྗེ་འཆང་གིས་གསུངས་པའི་བྱང་ཆུབ་ཀྱི་སེམས་ བཤད་པ། རྣམ་སྣང་གིས་གསུངས་པའི་བྱང་ཆུབ་ཀྱི་སེམས་དགོངས་མིན་དུ་བཤད་པ། མི་བསྐྱོད་པས་གསུངས་པའི་བྱང་ཆུབ་ཀྱི་སེམས་དགོངས་མིན་དུ་བཤད་པ། རིན་འབྱུང་གིས་གསུངས་པའི་བྱང་ཆུབ་ཀྱི་སེམས་དགོངས་མིན་དུ་ 5-2-7a བཤད་པ། སྣང་མཐས་གསུངས་པའི་བྱང་ཆུབ་ཀྱི་སེམས་དགོངས་མིན་དུ་བཤད་པ། དོན་གྲུབ་ཀྱིས་གསུངས་པའི་བྱང་ཆུབ་ཀྱི་སེམས་དགོངས་མིན་དུ་བཤད་པའོ། །དང་པོ་ལ་གཉིས། བྱང་ཆུབ་ཀྱི་སེམས་ གསུང་བའི་ཏིང་ངེ་འཛིན་དགོངས་མིན་དུ་བཤད་པ། གསུངས་པའི་བྱང་ཆུབ་ཀྱི་སེམས་ཚུལ་བཞིར་བཤད་པའོ། །དེ་ལ་བཞི། ཡི་གེའི་དོན། སྤྱིའི་དོན། སྦས་པའི་དོན། མཐར་ཐུག་ཏུ་བཤད་པའོ། །དང་པོ་ལ་གཉིས། དངོས་ཀྱི་ དོན་དང༌། དེའི་གནད་ཅུང་ཟད་བཤད་པའོ། །བཞི་པ་ལ་གཉིས། ཞུས་པ་དང༌། ལན་ནོ། །ལེའུ་གཉིས་པའི་བསྡུས་དོན་ནོ།། །།གཉིས་པ་རྡོ་རྗེ་བཀོད་པའི་ལེའུས་བཤད་ཚུལ་ལ་གསུམ། ལེའུ་སྔ་ཕྱིའི་མཚམས་ སྦྱར་བ་དང༌། ལེའུའི་གཞུང་བཤད་པ་དང༌། ལེའུ་དེ་བཤད་ཟིན་པར་བསྟན་པའོ། །གཉིས་པ་ལ་གསུམ། ཕྲ་མོ་སྒོམ་པའི་རྟེན་ལྷའི་རྣལ་འབྱོར་བསྐྱེད་པ་དང༌། བསྐྱེད་ནས་ཕྲ་མོའི་རྣལ་འབྱོར་སྒོམ་པ་དང༌། ལྷ་རྣམས་སྒོམ་པའི་ སྐྱེད་ཆོག་གི་རིམ་པ་བསྟན་པའོ། །དང་པོ་ལ་གཉིས། དྲང་བའི་དོན་དང༌། ངེས་པའི་དོན་ནོ། །དང་པོ་ལ་བཞི། སྡུད་པ་པོའི་ཚིག་གིས་ལེའུ་ལ་འཇུག་པ། ལྷ་བསྐྱེད་པའི་ཡན་ལག་ཏུ་གྱུར་པའི་སྔགས་བསྟན་པ། རྟེན་དང་ རྟེན་པའི་དཀྱིལ་འཁོར་སྒོམ་ཚུལ། ལྷ་རྣམས་བསྐྱེད་པའི་ཡན་ལག་དང་པོ་སྦྱོར་བ་བསྟན་པའོ། །གསུམ་པ་ལ་གཉིས། དཀྱིལ་འཁོར་གཉིས་སྒོམ་ཚུལ་མདོར་བསྟན་པ་དང༌། གཙོ་བོ་འཕོ་ཚུལ་གྱིས་རྒྱས་པར་བཤད་པའོ། །དེ་ལ་གཉིས། 5-2-7b རིགས་སོ་སོའི་གཙོ་བོ་འཕོ་ཚུལ། དེ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་བསྟན་པའོ། །དང་པོ་ལ་གཉིས། སྤྱིའི་དོན་དང༌། ཡན་ལག་གི་དོན་ནོ། །དང་པོ་ལ་གསུམ། རྒྱུད་དང་འགྲེལ་པ་རྣམས་ལས་གསུངས་ཚུལ་དང༌། རྗེ་འགོས་ཀྱིས་ཞིབ་ཏུ་ བཤད་ཚུལ་དང༌། བཤད་ཚུལ་དེ་རྣམས་ཀྱི་དོན་གང་འཐད་བསྟན་པའོ། །གཉིས་པ་ལ་ལྔ། ལེའུ་ལ་སྐབས་འགོད་པ་དང༌ཤཱུནྱ་ཏའི་སྔགས་ཀྱི་ངེས་དོན་རྡོར་བཟླས་སུ་བཤད་པ་དང༌། དེས་དྲངས་པའི་སེམས་དབེན་གྱི་རླུང་སེམས་ལས་སྒྱུ་མའི་ སྐུ་སྒྲུབ་པ་དང༌། དེ་འོད་གསལ་དུ་བཅུག་ནས་ཟུང་འཇུག་ལོངས་སྤྲུལ་གྱི་སྐུར་བཞེངས་ཚུལ་དང༌། ཟུང་འཇུག་ལོངས་སྐུ་བསྐྱེད་ཚུལ་ལ་ངེས་པ་བརྟན་པར་བྱེད་པའོ། །གཉིས་པ་གཉིས། སྤྱིའི་དོན་དང༌། ཡན་ལག་གི་དོན་ནོ། །དེ་ལ་གསུམ། སྤྱི་ དོན་གྱིས་སྟེང་གི་སྣ་རྩེར་ཕྱག་མཚན་ཕྲ་མོ་སོགས་སྒོམ་པ་དང་སྤྲོ་བསྡུ་བྱེད་ཚུལ། སྦས་དོན་གྱིས་རྡོ་རྗེའི་རྩེ་དང་པདྨའི་ནང་དུ་ཐིག་ལེ་ཕྲ་མོ་དང་དེའི་ནང་དུ་དཀྱིལ་འཁོར་སྒོམ་ཚུལ། མཐར་ཐུག་གིས་སྙིང་ཁའི་སྣ་རྩེར་མི་ཤིགས་པ་བསྒོམས་པ་ དང་དེ་ལས་རྡོར་བཟླས་བྱེད་ཚུལ་ལོ། །གསུམ་པ་ལ་གཉིས། དྲང་དོན་དང༌། ངེས་དོན་ནོ། །དེ་ལ་གསུམ། སྙིང་ཁའི་མི་ཤིགས་པ་ལས་རྡོར་བཟླས་བྱེད་ཚུལ། དེས་ཟུང་འཇུག་བསྐྱེད་ཚུལ། དོན་དེ་བཤད་རྒྱུད་ཀྱི་ལུང་གིས་བཤད་པའོ། །ལེའུ་གསུམ་པའི་ བསྡུས་དོན་ནོ།། །།གསུམ་པ་ཐུགས་ཀྱི་དཀྱིལ་འཁོར་གྱི་ལེའུས་བཤད་པའི་ཚུལ་ལ་བཞི། ལེའུ་སྔ་ཕྱིའི་མཚམས་སྦྱར་བ་དང༌། ལེའུའི་གཞུང་བཤད་པ་དང༌། ལེའུའི་མཚན་དོན་བཤད་པ་དང༌། ལེའུ་དེ་བཤད་ཟིན་པར་བསྟན་པའོ། ། 5-2-8a གཉིས་པ་ལ་གསུམ། བསྟོད་པ་སྔོན་དུ་འགྲོ་བས་སྟོན་པ་ལ་དཀྱིལ་འཁོར་བཤད་པར་གསོལ་བ་གདབ་པ། སྡུད་པ་པོའི་ཚིག་གིས་སྟོན་པའི་གསུང་ལ་འཇུག་པ། སྟོན་པའི་གསུང་གིས་དཀྱིལ་འཁོར་བཤད་པའོ། །དེ་ལ་གཉིས། དྲང་བ་དང༌། ངེས་པའི་དོན་ནོ། །དང་པོ་ལ་གཉིས། བཤད་པར་དམ་བཅའ་བ་དང༌། བཤད་པ་དངོས་སོ། །དེ་ལ་བཞི། ཐིག་གདབ་པ། ཕྱག་རྒྱ་དགོད་པ། མཇུག་བསྡུས་ཏེ་གཞན་དུ་ཁ་འཕང་བ། དཀྱིལ་འཁོར་ལ་མཆོད་པའོ། །དེ་ལ་གསུམ། མཆོད་པ་སྤྱིར་ བསྟན་པ། ཁྱད་པར་བའི་མཆོད་པ། དེས་མཆོད་པའི་ཕན་ཡོན་ནོ། །གཉིས་པ་ལ་གཉིས། ནང་གི་མཆོད་པ་དང༌། ལུས་ཀྱི་རྒྱུ་མཐུན་གྱི་མཆོད་པའོ། །གཉིས་པ་ལ་གཉིས། དཀྱིལ་འཁོར་གྱི་ངེས་དོན་གྱིས་ཟུང་འཇུག་བསྟན་པ་དང༌། མཆོད་པའི་ངེས་དོན་གྱིས་ཟུང་ འཇུག་ཐོབ་པའི་ཐབས་རིམ་པ་ལྔ་བསྟན་པའོ། །དང་པོ་ལ་གསུམ། ངེས་དོན་གྱི་དཀྱིལ་འཁོར་བཤད་པར་དམ་བཅའ་བ། ཐིག་གདབ་པའི་ངེས་དོན། ཕྱག་རྒྱ་དགོད་པའི་ངེས་དོན་ནོ། །གཉིས་པ་ལ་གསུམ། ལུས་ངག་ཡིད་གསུམ་གྱི་མཆོད་པའི་ངེས་དོན་གྱིས་ དབེན་པ་གསུམ་དང་སྒྱུ་ལུས་བསྟན་པ། ནང་གི་མཆོད་པའི་ངེས་དོན་གྱིས་འོད་གསལ་བསྟན་པ། ལུས་ཀྱི་རྒྱུ་མཐུན་གྱི་མཆོད་པའི་ངེས་དོན་གྱིས་གཉིས་སྣང་འོད་གསལ་དུ་སྡུད་པས་ལྷ་རྣམས་མཉེས་པར་བསྟན་པའོ། །ལེའུ་བཞི་པའི་བསྡུས་ དོན་ནོ།། །།བཞི་པ་ཀུན་ཏུ་སྤྱོད་པ་མཆོག་གི་ལེའུས་བཤད་ཚུལ་ལ་བཞི། ལེའུ་སྔ་ཕྱིའི་མཚམས་སྦྱར་བ། ལེའུའི་གཞུང་བཤད་པ། ལེའུའི་མཚན་དོན་བཤད་པ། ལེའུ་དེ་བཤད་ཟིན་པར་བསྟན་པའོ། །གཉིས་པ་ལ་དྲུག །སྡུད་པ་པོའི་ 5-2-8b ཚིག་གིས་སྟོན་པའི་གསུང་ལ་འཇུག་པ། བླ་ན་མེད་པའི་ཐེག་པའི་ཆེ་བ་བསྟན་པ། ཐེག་པ་དེས་འགྲོ་བའི་གང་ཟག་འགལ་བའི་ཚིག་གིས་བསྟན་པ། སྤྱོད་པ་བྱ་ཚུལ་ཕན་ཡོན་དང་བཅས་པ། མ་འོངས་པའི་དབང་དུ་བྱས་པའི་རྩོད་པ་སྤོང་བ། དེ་ལྟར་བཤད་ པ་ལ་འཁོར་རྣམས་ཀྱིས་བསྟོད་པའོ། །གཉིས་པ་ལ་གཉིས། སྤྱིའི་དོན་དང༌། ཡན་ལག་གི་དོན་ནོ། །དེ་ལ་བཞི། རྒྱུད་ཉོན་མོངས་ཀྱིས་ཤིན་ཏུ་འཁྲུགས་པས་ཀྱང་བསྒྲུབས་ན་འགྲུབ་པའི་ཐེག་པའི་ཆེ་བ་དང༌། རིགས་དང་བྱ་བ་ལ་སོགས་པས་སྨད་པ་རྣམས་ཀྱིས་ཀྱང་ བསྒྲུབ་ན་འགྲུབ་པའི་ཐེག་པའི་ཆེ་བ་དང༌། མཚམས་མེད་ལ་སོགས་པའི་སྡིག་ཆེན་པོ་བྱེད་པས་ཀྱང་བསྒྲུབས་ན་འགྲུབ་པའི་ཐེག་པའི་ཆེ་བ་དང༌། བླ་མའི་མཆོག་ཐེག་པ་འདིའི་བླ་མ་ལ་སྨོད་པས་བསྒྲུབས་ཀྱང་འགྲུབ་མི་སྲིད་པར་བསྟན་པའོ། །བཞི་པ་ལ་ གཉིས། དྲང་བའི་དོན་དང༌། ངེས་པའི་དོན་ནོ། །དང་པོ་ལ་གཉིས། སྤྲོས་མེད་ཀྱི་སྤྱོད་པ་བསྡུས་པ་དང༌། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་འཕྲོས་དང་བཅས་པའོ། །ལྔ་པ་ལ་གསུམ། འཁོར་རྣམས་ཀྱིས་ཞུས་པ་དང༌། སྟོན་པས་དེའི་ལན་བཏབ་པ་དང༌། ལན་གྱི་དོན་རྟོགས་པའི་ འབྲས་བུའོ། །དེ་ལ་གཉིས། ལན་གྱི་དོན་རྟོགས་ནས་བརྒྱལ་བ་དང༌། བརྒྱལ་བ་ལས་བསླང་བའོ། །དང་པོ་ལ་གཉིས། དྲང་བའི་དོན་དང༌། ངེས་པའི་དོན་ནོ། །གཉིས་པ་ལ་གཉིས། བསླང་བར་གསོལ་བ་དང༌། བསླང་བ་དངོས་སོ། །དེ་ལ་གཉིས། དྲང་བའི་དོན་དང༌། ངེས་པའི་ དོན་ནོ། །དྲུག་པ་ལ་གཉིས། ཆོས་བསྟན་པའི་སྒོ་ནས་བསྟོད་པ་དང༌། རིགས་ལྔའི་སྒོ་ནས་བསྟོད་པའོ། །ལེའུ་ལྔ་པའི་བསྡུས་དོན་ནོ།། །།གཉིས་པ་དྲུག་པ་ནས་དགུ་པའི་བར་གྱིས་བཤད་པ་ལ་བཞི། སྐུ་གསུང་ཐུགས་བྱིན་གྱིས་རློབ་པའི་ལེའུས་བཤད་ 5-2-9a ཚུལ། སྔགས་ཀྱི་སྤྱོད་པ་མཆོག་གི་ལེའུས་བཤད་ཚུལ། བཤང་གཅིའི་དམ་ཚིག་གི་ལེའུས་བཤད་ཚུལ། དེ་ཁོ་ན་ཉིད་ཀྱི་དོན་གྱི་དམ་ཚིག་གི་ལེའུས་བཤད་ཚུལ་ལོ། །དང་པོ་ལ་བཞི། ལེའུ་སྔ་ཕྱིའི་མཚམས་སྦྱར་བ། ལེའུའི་གཞུང་བཤད་ པ། ལེའུའི་མཚན་དོན་བཤད་པ། ལེའུ་དེ་བཤད་ཟིན་པར་བསྟན་པའོ། །གཉིས་པ་ལ་ལྔ། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང༌། མཆོད་པའི་ཆོ་ག་དང༌། རྫོགས་རིམ་དང་བྲལ་ན་ཚེ་འདིར་མཆོག་མི་འགྲུབ་པར་བསྟན་པ་དང༌། ཕྲ་མོའི་རྣམ་འབྱོར་བསྒོམ་པ་དང༌། སྤྱོད་པའི་ཆོ་གའོ། །དང་པོ་ལ་གཉིས། དྲང་བའི་དོན་དང༌། ངེས་པའི་དོན་ནོ། །དང་པོ་ལ་གཉིས། མདོར་བསྟན་པ་དང༌། དེ་ཉིད་གསལ་བར་བཤད་པའོ། །གཉིས་པ་ལ་གཉིས། བྱིན་གྱིས་རློབ་པའི་སྔགས་གསུམ་ངེས་དོན་དུ་བཤད་པ་དང༌། བྱིན་གྱིས་རློབ་པའི་ཆོ་ག་ ངེས་དོན་དུ་བཤད་པའོ། །དང་པོ་ལ་གསུམ། ཐུགས་བྱིན་རློབ་ཀྱི་སྔགས་ངེས་དོན་དུ་བཤད་པ། སྐུ་བྱིན་རློབ་ཀྱི་སྔགས་ངེས་དོན་དུ་བཤད་པ། གསུང་བྱིན་རློབ་ཀྱི་སྔགས་ངེས་དོན་དུ་བཤད་པའོ། །གཉིས་པ་ལ་གསུམ། རྗེས་སུ་ཆགས་པའི་སྦྱོར་བ་དང༌། བྱང་ ཆུབ་ཀྱི་སེམས་ཀྱི་མཆོད་པ་དང༌། རྫོགས་རིམ་པའི་མཆོད་པ་གཞན་བསྟན་པའོ། །དང་པོ་ལ་གཉིས། དྲང་བའི་དོན་དང༌། ངེས་པའི་དོན་ནོ། །གཉིས་པ་ལ་གཉིས། དྲང་བའི་དོན་དང༌། ངེས་པའི་དོན་ནོ། །གསུམ་པ་ལ་གཉིས། སྡུད་པ་པོའི་ཚིག་གིས་མཚམས་སྦྱར་ བ་དང༌། དོན་དངོས་སོ། །དེ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ལ་གསུམ། ཚིག་གི་དོན་བཤད་པ་འགལ་སྤོང་དང་བཅས་པ་དང༌། ལུས་དབེན་གྱི་མཐའ་བཅད་པ་དང༌། རིམ་པ་ལྷག་མ་བཞི་རྡོར་བཟླས་ཀྱི་ཕན་ཡོན་དུ་གསུངས་པའི་དོན་ 5-2-9b བཤད་པའོ། །གཉིས་པ་ལ་གཉིས། ལུས་དབེན་རིམ་གཉིས་གང་དུ་འཇོག་པ་ལ་མི་མཐུན་པའི་གཞན་ལུགས་དགག་པ་དང༌། རང་ལུགས་ཀྱིས་ལུས་དབེན་ལ་རིམ་གཉིས་སུ་འབྱེད་ཚུལ་བསྟན་པའོ། །གཉིས་པ་ལ་གསུམ། སེམས་དམིགས་ལ་སོགས་པའི་རིམ་པ་གསུམ་ བཤད་པ་དང༌། ཡེ་ཤེས་ཀྱི་སྐུ་བསྐྱེད་པ་མེད་ན་ཚེ་འདིར་མཆོག་མི་འགྲུབ་པར་བསྟན་པ་དང༌། ཟུང་འཇུག་གི་རིམ་པ་བཤད་པའོ། །གཉིས་པ་ལ་གཉིས། སྤྱིའི་དོན་དང༌། ཡན་ལག་གི་དོན་ནོ། །དང་པོ་ལ་གཉིས། ཡེ་ཤེས་ཀྱི་སྐུ་མེད་ཀྱང་མཆོག་འགྲུབ་བམ་སྙམ་པའི་དོགས་ པ་སྐྱེ་ཚུལ་བསྟན་པ་དང༌། དོགས་པ་དེ་སེལ་བའི་ཚུལ་ལོ།། བཞི་པ་ལ་བཞི། མཚམས་སྦྱར་ཏེ་སྡུད་པ་པོའི་ཚིག་གིས་སྟོན་པའི་གསུང་ལ་འཇུག་པ། རྟེན་གང་ལ་གནས་ནས་ཕྲ་མོའི་རྣལ་འབྱོར་བསྒོམ་པ་དང༌། རླུང་སྔགས་མཉམ་པར་སྦྱོར་བའི་དཀྱིལ་འཁོར་བཞིའི་བཟླས་ པ་བྱ་བ་དང༌། རྣལ་འབྱོར་པ་གཉིས་ཀའི་ཕྲ་མོའི་རྣལ་འབྱོར་གཞན་བསྟན་པའོ། །གཉིས་པ་ལ་གཉིས། ཕྲ་མོའི་རྣལ་འབྱོར་བསྒོམ་པའི་རྟེན་ལྷའི་རྣལ་འབྱོར་བསྟན་པ། ཕྲ་མོའི་རྣལ་འབྱོར་ཉིད་བཤད་པའོ། །དེ་ལ་གཉིས། རིམ་པ་གཉིས་ཀའི་ཕྲ་མོའི་རྣལ་འབྱོར་མདོར་བསྟན་ པ་དང༌། རྒྱས་པར་བཤད་པའོ། །དེ་ལ་གཉིས། དྲང་བའི་དོན་དང༌། ངེས་པའི་དོན་ནོ། །གསུམ་པ་ལ་གཉིས། སྤྱིའི་དོན་དང༌། ཡན་ལག་གི་དོན་ནོ། །དེ་ལ་ལྔ། གྱེན་རྒྱུ་འོད་དཔག་མེད་ཀྱི་རྡོར་བཟླས། སྲོག་འཛིན་མི་བསྐྱོད་པའི་རྡོར་བཟླས། ཐུར་སེལ་རིན་འབྱུང་གི་རྡོར་བཟླས། མཉམ་གནས་དོན་གྲུབ་ཀྱི་རྡོར་བཟླས། རླུང་གི་གཙོ་བོ་རེ་རེ་རྒྱུ་བ་ན་འཁོར་གྱི་རྒྱུ་ཚུལ་བཟླས་པའི་གྲངས་དང་བཅས་པའོ། །བཞི་པ་ལ་གཉིས། སྤྱིའི་དོན་དང༌། ཡན་ལག་གི་དོན་ནོ། །དེ་ལ་གཉིས། རྫོགས་རིམ་པའི་རྣལ་འབྱོར་པ་ཕོ་མོ་གཉིས་ཀའི་གསང་བའི་སྣ་རྩེར་ཕྱག་མཚན་ 5-2-10a ཕྲ་མོ་བསྒོམ་ཚུལ་དང༌། དེ་བསྒོམས་པའི་དགོས་པ་བསྟན་པའོ། །ལྔ་པ་ལ་གཉིས། དྲང་བའི་དོན་དང༌། ངེས་པའི་དོན་ནོ། །དང་པོ་ལ་བཞི། མཚམས་སྦྱར་ཏེ་སྡུད་པ་པོའི་ཚིག་གིས་སྟོན་པའི་གསུང་ལ་འཇུག་པ། སྤྱོད་པ་དངོས་བསྟན་པ། ཁ་ཟས་ཀྱི་ཁྱད་པར་བསྟན་པ། དེ་དག་གི་ཕན་ཡོན་བསྟན་པའོ། །གཉིས་པ་ལ་བཞི། མཚམས་སྦྱར་ཏེ་སྡུད་པ་པོའི་ཚིག་གི་སྟོན་པའི་གསུང་ལ་འཇུག་པ། སྤྱོད་པ་ཟླ་བ་དྲུག་བྱེད་པའི་ངེས་དོན་དང༌། ཁ་ཟས་ཀྱི་ཁྱད་པར་བསྟན་པའི་ངེས་དོན་དང༌། དེ་ལྟར་བྱས་པའི་ ཕན་ཡོན་བསྟན་པའོ། །ལེའུ་དྲུག་པའི་བསྡུས་དོན་ནོ།། །།གཉིས་པ་སྔགས་ཀྱི་སྤྱོད་པ་མཆོག་གི་ལེའུས་བཤད་ཚུལ་ལ་བཞི། ལེའུ་སྔ་ཕྱིའི་མཚམས་སྦྱར་བ། ལེའུའི་གཞུང་བཤད་པ། ལེའུའི་མཚན་དོན་བཤད་པ། ལེའུ་དེ་བཤད་ ཟིན་པར་བསྟན་པའོ། །གཉིས་པ་ལ་ལྔ། སྡུད་པ་པོའི་ཚིག་གིས་སྟོན་པའི་གསུང་ལ་འཇུག་པ་དང༌། སྤྱོད་པ་གསུམ་བསྟན་པ་དང༌། རྗེས་དྲན་དྲུག་གིས་དག་པའི་ལྷ་སྐུ་བསྐྱེད་པ་དང༌། རྣལ་འབྱོར་པ་ཐམས་ཅད་ཀྱི་སྙོམས་འཇུག་གི་ཆོ་ག་དང༌། རྗེས་ དྲན་བཅུ་དྲུག་བསྟན་པའོ། །གཉིས་པ་ལ་གསུམ། འདོད་ཡོན་ལ་ཆགས་པ་ལམ་བྱེད་ཀྱི་སྤྱོད་པས་བྱང་ཆུབ་བསྒྲུབ་དགོས་པར་བསྟན་པ། ལམ་འདི་ལ་བརྟེན་པའི་སངས་རྒྱས་དང་བྱང་སེམས་བྱོན་ཟིན་པ་རྣམས་ཀྱིས་ཀྱང་སྤྱོད་པ་འདིས་འབྲས་བུ་ བརྙེས་པར་བསྟན་པ། འདོད་ཡོན་ལ་ལོངས་སྤྱོད་པའི་སྤྱོད་པའི་དུས་ཀྱི་སྒོམ་བསམ་བསྟན་པའོ། །དང་པོ་ལ་གཉིས། སྤྱིའི་དོན་དང༌། ཡན་ལག་གི་དོན་ནོ། །དང་པོ་ལ་བཞི། སྤྱོད་པའི་རྣམ་གྲངས་ཀྱི་དབྱེ་བ། སྤྱོད་པ་བྱེད་པའི་དུས་ཀྱི་དབྱེ་བ། སྤྱོད་པ་ 5-2-10b ལ་རྩོད་པ་སྤོང་བ། སྤྱོད་པ་སོ་སོའི་མཚན་ཉིད་རྒྱུད་གང་ལས་གསུངས་ཚུལ་ལོ། །གཉིས་པ་ལ་གསུམ། སྤྲོས་བཅས་ཀྱི་སྤྱོད་པ་བྱེད་པས་འདོད་ཡོན་མི་དགག་པར་ཇི་ལྟར་འདོད་པ་བསྟེན་པ་དང༌། སྤྲོས་མེད་ཀྱི་སྤྱོད་པ་བྱེད་པས་འདོད་ཡོན་ཇི་ལྟར་འདོད་པར་ བསྟེན་ཞིང་ལུས་གདུང་བ་དགག་པ་དང༌། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་བྱེད་པས་འདོད་ཡོན་བསྟེན་ནས་སྒོ་གསུམ་བདེ་བར་གནས་པར་བྱ་བའོ། །དེ་ལ་གཉིས། དྲང་བའི་དོན་དང༌། ངེས་པའི་དོན་ནོ། །གསུམ་པ་ལ་གཉིས། སྤྱིའི་དོན་དང༌། ཡན་ལག་གི་དོན་ ནོ། །དང་པོ་ལ་གསུམ། སྤྱི་དོན་གྱི་སྒོམ་བསམ། སྦས་དོན་གྱི་སྒོམ་བསམ། མཐར་ཐུག་གི་སྒོམ་བསམ་མོ། །གཉིས་པ་ལ་གཉིས། འདོད་ཡོན་བསྟེན་ཚུལ་མདོར་བསྟན་པ་དགོས་པ་དང་བཅས་པ་དང༌། རྒྱས་པར་བཤད་པའོ། །དེ་ལ་གསུམ། སྤྱིའི་དོན་ གྱིས་སྤྲོས་བཅས་པའི་སྒོམ་བསམ་བསྟན་པ། སྦས་དོན་གྱིས་སྤྲོས་མེད་པའི་སྒོམ་བསམ་བསྟན་པ། མཐར་ཐུག་གིས་ཤིན་ཏུ་སྤྲོས་མེད་པའི་སྒོམ་བསམ་བསྟན་པའོ། །དང་པོ་ལ་གསུམ། གཟུགས་སོགས་ཐབས་ཀྱི་ལྷར་བསྒོམ་པ་དང༌། གཟུགས་སོགས་ ཤེས་རབ་ཀྱི་ལྷར་བསྒོམ་པ་དང༌། ཐམས་ཅད་ཀྱང་རྡོ་རྗེ་འཆང་གི་ངོ་བོར་བལྟ་བའོ། །དང་པོ་ལ་གཉིས། རྒྱས་པར་བཤད་པ་དང༌། བཤད་པའི་དོན་བསྡུ་བའོ། །གཉིས་པ་ལ་གསུམ། རྒྱས་པར་བཤད་པ། ཉམས་སུ་ལེན་ཚུལ་གསལ་བར་བསྟན་ པ། ཡེ་ཤེས་གསུམ་གྱི་དབྱེ་བ་བསྟན་པའོ། །གསུམ་པ་ལ་གཉིས། གཞུང་གི་དོན་བཤད་པ་དང༌། དེ་བཤད་རྒྱུད་ཀྱི་ལུང་གིས་སྒྲུབ་པའོ། །བཞི་པ་ལ་གཉིས། རིམ་གཉིས་ཐུན་མོང་བའི་སྙོམས་འཇུག་གི་ཆོ་ག་དང༌། བསྐྱེད་རིམ་པའི་སྙོམས་འཇུག་གི་ 5-2-11a ཆོ་ག་བྱེ་བྲག་ཏུ་བསྟན་པའོ། །ལྔ་པ་ལ་གསུམ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ། དེ་དག་གི་འབྲས་བུ་བསྟན་པའོ། །གཉིས་པ་ལ་དྲུག །སངས་རྒྱས་རྗེས་དྲན་སོགས་ལྔས་ཟུང་འཇུག་པའི་དང་པོ་སྦྱོར་བ་ལྔ་བསྟན་པ་ དང༌། དམ་ཚིག་རྗེས་དྲན་གྱིས་ལྕེ་ཆུང་བའི་བདུད་རྩི་བཏུང་བའི་ཚུལ་དང༌། དཀྱིལ་འཁོར་རྗེས་དྲན་གྱིས་ཟུང་འཇུག་པའི་དཀྱིལ་འཁོར་རྒྱལ་མཆོག་བསྟན་པ་དང༌། སྐུ་རྗེས་དྲན་སོགས་ལྔས་རིམ་པ་གཉིས་ཀྱི་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ། དམ་ཚིག་རྗེས་ དྲན་གྱིས་དོན་དམ་པའི་དཀྱིལ་འཁོར་དུ་འཇུག་ཚུལ་བསྟན་པ། ལྡང་བའི་རིམ་པ་བསྟན་པའོ། །བཞི་པ་ལ་གཉིས། སྐུ་རྗེས་དྲན་སོགས་གསུམ་གྱིས་བསྐྱེད་རིམ་པའི་སྐུ་གསུང་ཐུགས་བྱིན་གྱིས་རློབ་པ་དང༌། སེམས་ཅན་རྗེས་དྲན་སོགས་གཉིས་ཀྱིས་རྫོགས་ རིམ་པའི་སྐུ་གསུང་ཐུགས་བྱིན་རླབས་བསྟན་པའོ། །ལྔ་པ་ལ་གསུམ། གཞུང་གི་ཚིག་དོན་བཤད་པ་འགལ་སྤོང་དང་བཅས་པ་དང༌། རྒྱུད་རྡོར་ཕྲེང་ལས་འོད་གསལ་དུ་འཇུག་ཚུལ་གསུངས་པའི་དོན་བཤད་པ་དང༌། དེ་ལྟར་བཤད་པའི་དོན་རྣམས་ ལུང་གིས་སྒྲུབ་པའོ། །དྲུག་པ་ལ་གཉིས། ཤེར་ཕྱིན་དང་མ་སྐྱེས་པ་རྗེས་དྲན་གྱིས་འོད་གསལ་དུ་ཞུགས་ནས་ཟུང་འཇུག་གི་སྐུར་ལྡང་ཚུལ་བསྟན་པ་དང༌། མཆོད་པ་རྗེས་དྲན་གྱིས་དཀྱིལ་འཁོར་རྒྱལ་མཆོག་གི་སྤྲུལ་སྐུར་ལྡང་བའི་གཞི་དགོད་པའོ། ། གསུམ་པ་ལ་གསུམ། མཆོག་འགྲུབ་པ་དང༌། དངོས་གྲུབ་དམན་པ་འགྲུབ་པ་དང༌། ཐ་དད་དུ་ཞེན་པས་མི་འགྲུབ་པར་བསྟན་པའོ། །ལེའུ་བདུན་པའི་བསྡུས་དོན་ནོ།། །།གསུམ་པ་བཤང་གཅིའི་དམ་ཚིག་གི་ལེའུས་བཤད་ཚུལ་ལ་བཞི། 5-2-11b ལེའུ་སྔ་ཕྱིའི་མཚམས་སྦྱར་བ། ལེའུའི་གཞུང་བཤད་པ། ལེའུའི་མཚན་དོན་བཤད་པ། ལེའུ་དེ་བཤད་ཟིན་པར་བསྟན་པའོ། །གཉིས་པ་ལ་གསུམ། སྡུད་པ་པོའི་ཚིག་གིས་མཚམས་སྦྱར་བ། བསྟོད་ཅིང་གསོལ་བ་གདབ་པ། གསོལ་བ་བཏབ་ པའི་དོན་བཤད་པའོ། །གཉིས་པ་ལ་གཉིས། སྤྱོད་པའི་སྒོ་ནས་བསྟོད་པ། ལམ་སྟོན་པའི་སྒོ་ནས་བསྟོད་པའོ། །དེ་ལ་གཉིས། དྲང་བའི་དོན་དང༌། ངེས་པའི་དོན་ནོ། །གསུམ་པ་ལ་གསུམ། སྡུད་པ་པོའི་ཚིག་གིས་སྟོན་པའི་གསུང་ལ་འཇུག་ པ་དང༌། མཆོད་པའི་ཆོ་ག་དང༌། གསང་དབང་གི་ཆོ་གའོ། །གཉིས་པ་ལ་གསུམ། རྫོགས་རིམ་པའི་མཆོད་པ། བསྐྱེད་རིམ་པའི་མཆོད་པ། རིམ་གཉིས་ཐུན་མོང་གི་མཆོད་པའི་ཡན་ལག་གོ། གཉིས་པ་ལ་གཉིས། གནས་སྦྱང་ཞིང་མཆོད་ པའི་ཡོ་བྱད་བསྒྲུབ་པ། ཏིང་ངེ་འཛིན་དང་པོ་གཉིས་སྒོམ་ཚུལ་ལོ། །དེ་ལ་བཞི། དང་པོ་སྦྱོར་བ་བྱེད་ཚུལ། དཀྱིལ་འཁོར་རྒྱལ་མཆོག་བྱེད་ཚུལ་འགལ་སྤོང་དང་བཅས་པ། དང་པོ་སྦྱོར་བའི་སྐབས་སུ་ལུས་རྟེན་གྱི་དཀྱིལ་འཁོར་དུ་སྒོམ་ཚུལ། དཀྱིལ་འཁོར་རྒྱལ་མཆོག་གི་ལྷ་སྤྲོ་བའི་ཚུལ་ལོ། །གསུམ་པ་ལ་གཉིས། དྲང་བའི་དོན་དང༌། ངེས་པའི་དོན་ནོ། །གསུམ་པ་ལ་བཞི། བླ་མའི་བྱ་བ་དཀྱིལ་འཁོར་བསྐྱེད་པ། སློབ་མའི་བྱ་བ་ལྷ་དང་བླ་མ་ལ་མཆོད་པ། བླ་མས་གསང་དབང་ བསྐུར་བའི་ཆོ་ག །གསང་དབང་བསྐུར་བའི་ཕན་ཡོན་ནོ། །གཉིས་པ་ལ་གཉིས། ལྷ་དང་བླ་མའི་ཐུན་མོང་གི་མཆོད་པ། བླ་མ་ལ་ཁྱད་པར་གྱི་མཆོད་པ་བྱ་བའོ། །དེ་ལ་གཉིས། རིག་མའི་མཆོད་པ་དང༌། ཁྱད་པར་ཅན་གྱི་རྫས་ཀྱི་མཆོད་པའོ། ། 5-2-12a གསུམ་པ་ལ་གཉིས། བླ་མས་དེ་ཁོ་ན་ཉིད་ཀྱི་མཆོད་པ་བྱ་བ་དང༌། གསང་དབང་བསྐུར་བ་དངོས་སོ། །དང་པོ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །གཉིས་པ་ལ་གཉིས། གསང་དབང་མཆོག་བསྐུར་བ་དང༌། གསང་དབང་ཙམ་བསྐུར་བའོ། །ལེའུ་བརྒྱད་པའི་བསྡུས་དོན་ནོ།། །།བཞི་པ་དེ་ཁོ་ན་ཉིད་ཀྱི་དམ་ཚིག་གི་ལེའུས་བཤད་ཚུལ་ལ་བཞི། ལེའུ་སྔ་ཕྱིའི་མཚམས་སྦྱར་བ། ལེའུའི་གཞུང་བཤད་པ། ལེའུའི་མཚན་དོན་བཤད་པ། ལེའུ་དེ་བཤད་ ཟིན་པར་བསྟན་པའོ། །གཉིས་པ་ལ་གསུམ། སྡུད་པ་པོའི་ཚིག་གིས་སྟོན་པའི་གསུང་ལ་འཇུག་པ། རྨད་དུ་བྱུང་བའི་དམ་ཚིག་བསྟན་པ། དེ་ལ་མ་འོངས་པ་ལ་ལྟོས་པའི་ཀླན་ཀ་སྤང་བའོ། །གཉིས་པ་ལ་གཉིས། དྲང་བའི་དོན་དང༌། ངེས་པའི་དོན་ནོ། ། དང་པོ་ལ་གཉིས། དམ་ཚིག་ལྔ་བཤད་པ་དང༌། དེ་རྣམས་ཉེ་བར་སྡུད་པའོ། །དང་པོ་ལ་ལྔ། ཞེ་སྡང་གི་རིགས་ཀྱིས་སྲོག་གཅོད་པ་དང༌། གཏི་མུག་གི་རིགས་ཀྱིས་གཞན་གྱི་ནོར་འཕྲོག་པ་དང༌། འདོད་ཆགས་ཀྱི་རིགས་ཀྱིས་གཞན་གྱི་བུད་མེད་བསྟེན་ པ་དང༌། ལས་ཀྱི་རིགས་ཀྱིས་བརྫུན་སྨྲ་བ་དང༌། རིན་པོ་ཆེའི་རིགས་ཀྱིས་ཚིག་རྩུབ་སྨྲ་བའོ། །དང་པོ་ལ་གཉིས། ལས་སྦྱོར་དངོས་དང༌། དེའི་ཕན་ཡོན་མཇུག་སྡུད་དང་བཅས་པའོ། །གཉིས་པ་ལ་གསུམ། སྡུད་པ་པོའི་ཚིག་གིས་སྟོན་པའི་གསུངས་ ལ་འཇུག་པ། ལས་སྦྱོར་དངོས། དེ་ལྟར་བྱས་པའི་ཕན་ཡོན་མཇུག་སྡུད་དང་བཅས་པའོ། །གསུམ་པ་ལ་གསུམ། སྡུད་པ་པོའི་ཚིག་གིས་སྟོན་པའི་གསུང་ལ་འཇུག་པ་དང༌། ལས་སྦྱོར་དངོས་དང༌། མཇུག་བསྡུ་བའོ། །བཞི་པ་ལ་གསུམ། 5-2-12b སྡུད་པ་པོའི་ཚིག་གིས་སྟོན་པའི་གསུང་ལ་འཇུག་པ་དང༌། ལས་སྦྱོར་དངོས། དེ་ལྟར་བྱས་པའི་ཕན་ཡོན་མཇུག་སྡུད་དང་བཅས་པའོ། །ལྔ་པ་ལ་གསུམ། སྡུད་པ་པོའི་ཚིག་གིས་སྟོན་པའི་གསུང་ལ་འཇུག་པ་དང༌། ལས་སྦྱོར་དངོས། དེ་ལྟར་བྱས་པའི་ཕན་ ཡོན་ནོ། །གཉིས་པ་ལ་གསུམ། དམ་ཚིག་རྣམས་ཀྱི་ངེས་དོན་བཤད་པར་གསོལ་བ་གདབ་པ། དེ་ལ་ལེགས་སོ་བྱིན་ནས་བཤད་པར་ཞལ་གྱིས་བཞེས་པ། ངེས་པའི་དོན་བཤད་པ་དངོས་སོ། །དེ་ལ་ལྔ། མི་བསྐྱོད་པ་དང༌། རྣམ་སྣང་དང༌། འོད་དཔག་མེད་ དང༌། དོན་གྲུབ་དང༌། རིན་འབྱུང་རྣམས་ཀྱི་དམ་ཚིག་གི་ངེས་དོན་བཤད་པའོ། །གསུམ་པ་ལ་གཉིས། འཁོར་གྱིས་ཐེ་ཚོམ་སྐྱེས་པ་ལྟར་བཅོས་ནས་ཞུས་པ། སྟོན་པས་དེའི་ལན་བསྟན་པའོ། །དེ་ལ་གཉིས། སྤྱོད་པ་གཉིས་ཀྱི་སྒོ་ནས་བསྔགས་ པ་དང༌། བདེན་པ་གཉིས་ཀྱི་དབྱེ་བས་དེ་བསྒྲུབ་པའོ། །དེ་ལ་བཞི། དོན་དམ་འོད་གསལ་དུ་འཇུག་པ་ཡང་སྔགས་ཀྱི་སྤྱོད་པས་བྱེད་པ་དང༌། ཀུན་རྫོབ་སྒྱུ་མའི་སྐུ་བསྒྲུབ་པ་ཡང་སྔགས་ཀྱི་སྤྱོད་པས་བྱེད་པ་དང༌། དེ་དང་དེ་ཁོ་ན་ཉིད་ཀྱི་ལྟ་བ་བཤད་རྒྱུད་ ལས་གསུངས་ཚུལ། བདེན་པ་གཉིས་ཀྱི་སྒོ་ནས་བསྟན་པ་ལ་ཆེད་བརྗོད་མཛད་པའོ། །ལེའུ་དགུ་པའི་བསྡུས་དོན་ནོ།། །།གསུམ་པ་བཅུ་པ་ནས་བཅུ་གསུམ་པའི་བར་གྱིས་བཤད་པ་ལ་བཞི། སྙིང་པོ་བསྐུལ་བའི་ལེའུས་བཤད་ཚུལ། རྡོ་རྗེ་རིག་པའི་སྐྱེས་བུ་མཆོག་གི་ལེའུས་བཤད་ཚུལ། རྡོ་རྗེ་སྦྱོར་བའི་དམ་ཚིག་བསྒྲུབ་པའི་མཆོག་བསྟན་པའི་ལེའུས་བཤད་ཚུལ། དེ་ཁོ་ན་ཉིད་ཀྱི་དོན་བསྒོམ་པ་མངོན་པར་བྱང་ཆུབ་པའི་ལེའུས་བཤད་ཚུལ་ལོ། །དང་པོ་ལ་བཞི། ལེའུ་ 5-2-13a སྔ་ཕྱིའི་མཚམས་སྦྱར་བ། ལེའུའི་གཞུང་བཤད་པ། ལེའུའི་མཚན་དོན་བཤད་པ། ལེའུ་དེ་བཤད་ཟིན་པར་བསྟན་པའོ། །གཉིས་པ་ལ་གཉིས། སྤྱིའི་དོན་དང༌། ཡན་ལག་གི་དོན་ནོ། །དང་པོ་ལ་གཉིས། གང་ཟག་ཇི་ལྟ་ བུ་ཞིག་གིས་བསྐྱེད་རིམ་པའི་སྙིང་པོ་བསྐུལ་བ་དང༌། བསྐྱེད་རིམ་པས་སྤྱོད་པ་བྱས་ཀྱང་མ་གྲུབ་པའི་ཚུལ་ལོ། །དང་པོ་ལ་གཉིས། གཞན་གྱི་ལུགས་དང༌། རང་གི་ལུགས་སོ། །གཉིས་པ་ལ་གཉིས། བསྐྱེད་རིམ་པའི་སྙིང་པོ་བསྐུལ་བ་དང༌། རྫོགས་ རིམ་པའི་སྙིང་པོ་བསྐུལ་བའོ། །དང་པོ་ལ་གསུམ། འཁོར་གྱིས་གསོལ་བ་གདབ་པ། སྡུད་པ་པོའི་ཚིག་གིས་སྟོན་པའི་གསུང་ལ་འཇུག་པ་དང༌། སྟོན་པས་ལན་མཛད་པའོ། །དེ་ལ་དྲུག །རྡོ་རྗེ་གསུམ་དེ་ཁོ་ནར་དབྱེར་མི་ཕྱེད་པའི་ཚུལ་གྱིས་སྒོམ་ པ་དང༌། སྙིང་པོ་བསྐུལ་དགོས་པའི་རྒྱུ་མཚན། སྙིང་པོ་བསྐུལ་བའི་ཐབས་དངོས། སྙིང་པོ་བསྐུལ་བའི་ཡུན་ཚད་བསྟན་པ། སྙིང་པོ་བསྐུལ་བའི་ཕན་ཡོན། སྙིང་པོ་བསྐུལ་བ་དང་བྲལ་བའི་ཉེས་དམིགས་སོ། །གཉིས་པ་ལ་གཉིས། སྤྱིའི་དོན་དང༌། ཡན་ལག་གི་དོན་ནོ། །གསུམ་པ་ལ་གཉིས། སྙིང་པོ་བསྐུལ་བའི་སྔགས་དང༌། སྙིང་པོ་བསྐུལ་བའི་ཏིང་ངེ་འཛིན་ནོ། །དང་པོ་ལ་གཉིས། སྤྱིའི་དོན་དང༌། ཡན་ལག་གི་དོན་ནོ། །གཉིས་པ་ལ་གསུམ། དང་པོ་སྦྱོར་བ། དཀྱིལ་འཁོར་རྒྱལ་མཆོག ། ལས་རྒྱལ་མཆོག་གོ། དེ་ལ་བཞི། ལྷ་ཐམས་ཅད་སེམས་དཔའ་སུམ་བརྩེགས་ཏུ་བྱ་བ། ཐུགས་བསྐུལ་བའི་ཆོ་ག་དངོས། ཆོ་ག་དེ་རིགས་ཀུན་གྱི་ཟློས་པ་པོས་བྱ་བར་བསྟན་པ། དོན་བསྡུ་བའོ། །གཉིས་པ་ལ་བཞི། མཚམས་སྦྱར་ཏེ་སྡུད་པ་ 5-2-13b པོའི་ཚིག་གིས་སྟོན་པའི་གསུང་ལ་འཇུག་པ། རྫོགས་རིམ་པའི་སྙིང་པོ་བསྐུལ་བ། བསྐུལ་བས་གྲུབ་པའི་རྣལ་འབྱོར་པ་རྣམས་ཀྱི་ཀུན་སྤྱོད་བསྟན་པ། མཐར་ཐུག་པའི་འབྲས་བུ་བསྟན་པའོ། །གཉིས་པ་ལ་གཉིས། སྤྱིའི་དོན་དང༌། ཡན་ལག་གི་དོན་ནོ། །དང་ པོ་ལ་གཉིས། སྙིང་པོ་བསྐུལ་དགོས་པའི་རྫོགས་རིམ་པ་ངོས་གཟུང་བ་དང༌། སྤྱོད་པ་བྱས་ཀྱང་དངོས་གྲུབ་མ་གྲུབ་པའི་ཚུལ་ལོ། །གཉིས་པ་ལ་གསུམ། གང་གི་དོན་དུ་སྙིང་པོ་བསྐུལ་བའི་ཟུང་འཇུག་བསྟན་པ་དང༌། དེའི་ཐབས་སྙིང་པོ་བསྐུལ་བ་བསྟན་ པ་དང༌། སྙིང་པོ་བསྐུལ་བའི་དགོས་པ་གྲུབ་ནས་ཅི་ཞིག་བྱ་བ་བསྟན་པའོ། །གསུམ་པ་ལ་གཉིས། སྡུད་པ་པོའི་ཚིག་གིས་སྟོན་པའི་གསུང་ལ་འཇུག་པ་དང༌། རྣལ་འབྱོར་པ་དེས་ཇི་ལྟར་བྱེད་པའི་ཚུལ་བསྟན་པའོ། །ལེའུ་བཅུ་པའི་བསྡུས་དོན་ནོ།། །། གཉིས་པ་རྡོ་རྗེ་རིག་པའི་སྐྱེས་བུ་མཆོག་གི་ལེའུས་བཤད་ཚུལ་ལ་བཞི། ལེའུ་སྔ་ཕྱིའི་མཚམས་སྦྱར་བ། ལེའུའི་གཞུང་བཤད་པ། ལེའུའི་མཚན་དོན་བཤད་པ། ལེའུ་དེ་བཤད་ཟིན་པར་བསྟན་པའོ། །གཉིས་པ་ལ་བཞི། རིག་པའི་སྐྱེས་བུ་ མཆོག་གི་སྐུ་བསྐྱེད་ཚུལ། མངོན་ཤེས་བསྒྲུབ་ཚུལ། རྫོགས་རིམ་པའི་ཏིང་ངེ་འཛིན་བཞན་བསྟན་པ། དབང་ཐོབ་ནས་རྒྱུད་ཀློག་པ་སོགས་ཀྱི་ཕན་ཡོན་བསྟན་པའོ། །དང་པོ་ལ་གཉིས། སྔགས་ཀྱི་སྐུ་བསྐྱེད་པ་དང༌། ཡེ་ཤེས་ཀྱི་སྐུ་བསྐྱེད་པའོ། ། དང་པོ་ལ་བཞི། སྡུད་པ་པོའི་ཚིག་གི་ལེའུ་ལ་སྐབས་དགོད་པ། སྟོན་པའི་གསུང་གིས་སྐྱེད་ཆོག་ཐུན་མོང་དུ་མདོར་བསྟན་པ། རིགས་བཞིའི་ཏིང་ངེ་འཛིན་སོ་སོར་རྒྱས་པར་བཤད་པ། རིགས་ལྔའི་ཏིང་ངེ་འཛིན་གསུངས་པའི་ཚུལ་གྱིས་མཇུག་ 5-2-14a བསྡུ་བའོ། །གཉིས་པ་ལ་གཉིས། ཡི་གེ་གསུམ་གྱིས་སྔགས་ཀྱི་སྐུ་ཕྱག་རྒྱ་ཆེན་པོ་བསྐྱེད་ཚུལ་དང༌། དེའི་ངེས་དོན་བཤད་རྒྱུད་ལས་གསུངས་ཚུལ་ལོ། །གསུམ་པ་ལ་གཉིས། རྟེན་གཞལ་ཡས་ཁང་བསྐྱེད་པའི་ཚུལ་དོགས་ གཅོད་དང་བཅས་པ་དང༌། བརྟེན་པ་ལྷ་བསྐྱེད་པའི་ཚུལ་ལོ། །དེ་ལ་བཞི། རྡོ་རྗེ་འཆང་གི་དྲན་པ་གཅིག་པ་དང༌། རྣམ་སྣང་གི་དྲན་པ་གཅིག་པ་དང༌། འོད་དཔག་མེད་ཀྱི་དྲན་པ་གཅིག་པ་དང༌། མི་བསྐྱོད་པའི་དྲན་པ་གཅིག་པའོ། །དང་པོ་ལ་གཉིས། སྤྱིའི་དོན་དང༌། ཡན་ལག་གི་དོན་ནོ། །དེ་ལ་གསུམ། རྣལ་འབྱོར་གྱི་རིམ་པ་དང༌། དེ་དག་གི་དོན་བསྡུ་བ་དང༌། གནས་ཀྱི་མཚན་ཉིད་ཕན་ཡོན་དང་བཅས་པའོ། །གཉིས་པ་ལ་གསུམ། རྣལ་འབྱོར་གྱི་རིམ་པ་དང༌། དེ་ལྟར་བསྒོམས་པའི་ཕན་ཡོན་དང༌། མཇུག་བསྡུ་བའོ། ། གསུམ་པ་ལ་གསུམ། རྣལ་འབྱོར་གྱི་རིམ་པ་དང༌། དེ་ལྟར་བསྒོམས་པའི་ཕན་ཡོན་དང༌། མཇུག་བསྡུ་བའོ། །བཞི་པ་ལ་གཉིས། རྣལ་འབྱོར་གྱི་རིམ་པ་དང༌། དེ་ལྟར་བསྒོམས་པའི་ཕན་ཡོན་ནོ། །བཞི་པ་ལ་གཉིས། དངོས་ཀྱི་དོན་དང༌། ཕྱག་རྒྱ་གཅིག་ པའི་དཀྱིལ་འཁོར་ལྔའི་ངེས་དོན་ནོ། །གཉིས་པ་ལ་བཞི། མཚམས་སྦྱར་ཏེ་རྗེས་གཞིག་གི་བསམ་གཏན་གྱིས་འོད་གསལ་དུ་གཞུག་པ། འོད་གསལ་ལས་ལྡང་བའི་དམ་ཚིག་བསྟན་པ། འོད་ཟུང་གི་དོན་དེ་ཉིད་རྒྱས་པར་བཤད་པ། མཇུག་བསྡུ་བའོ། ། གཉིས་པ་ལ་གཉིས། བསྐྱེད་རིམ་པའི་མངོན་ཤེས་བསྒྲུབ་ཚུལ། རྫོགས་རིམ་པའི་མངོན་ཤེས་བསྒྲུབ་ཚུལ་ལོ། །དང་པོ་ལ་གཉིས། སྤྱིའི་དོན་དང༌། ཡན་ལག་གི་དོན་ནོ། །དེ་ལ་གཉིས། བྱང་ཆུབ་སེམས་དཔའ་ལྔའི་སྒོ་ནས་མངོན་ཤེས་ 5-2-14b བསྒྲུབ་པ་དང༌། དེ་བཞིན་གཤེགས་པ་ལྔའི་སྒོ་ནས་མངོན་ཤེས་བསྒྲུབ་པའོ། །དང་པོ་ལ་ལྔ། མིག་ས་སྙིང་གི་སྒོ་ནས་མངོན་ཤེས་བསྒྲུབ་ཚུལ། རྣ་བ་ཕྱག་རྡོར་གྱི་སྒོ་ནས་མངོན་ཤེས་བསྒྲུབ་ཚུལ། སྣ་ནམ་སྙིང་གི་སྒོ་ནས་མངོན་ཤེས་བསྒྲུབ་ ཚུལ། ལྕེ་འཇིག་རྟེན་དབང་ཕྱུག་གི་སྒོ་ནས་མངོན་ཤེས་བསྒྲུབ་ཚུལ། ལུས་སྒྲིབ་པ་རྣམ་སེལ་གྱི་སྒོ་ནས་མངོན་ཤེས་བསྒྲུབ་ཚུལ་ལོ། །གཉིས་པ་ལ་གསུམ། མིག་ལ་རྣམ་སྣང་བཀོད་ནས་མངོན་ཤེས་བསྒྲུབ་ཚུལ་དང༌། མངོན་ཤེས་སོགས་བསྒྲུབ་པའི་ གནས་བསྟན་པ་དང༌། རྣ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་བཞི་བཀོད་ནས་མངོན་ཤེས་བསྒྲུབ་ཚུལ་ལོ། །གཉིས་པ་ལ་གཉིས། དྲང་བའི་དོན་དང༌། ངེས་པའི་དོན་ནོ། །གཉིས་པ་ལ་གསུམ། རྫོགས་རིམ་པའི་སྐབས་གང་དུ་མངོན་ཤེས་གང་ སྒྲུབ་པ་དང༌། ཡན་ལག་གི་རླུང་གིས་མངོན་ཤེས་སྒྲུབ་པའི་ཚུལ་དངོས་དང༌། དེ་ལྟར་སྒྲུབ་པའི་རྟེན་བསྟན་པའོ། །གསུམ་པ་ལ་གསུམ། རྡོ་རྗེ་གསུམ་གྱི་རིལ་འཛིན་གྱི་ཏིང་ངེ་འཛིན་དང༌། དེ་གསུམ་གྱི་ཕན་ཡོན་དང༌། རྡོ་རྗེ་གསུམ་གྱི་རྗེས་གཞིག་གི་ཏིང་ངེ་འཛིན་ བསྟན་པའོ། །ལེའུ་བཅུ་གཅིག་པའི་བསྡུས་དོན་ནོ།། །།གསུམ་པ་རྡོ་རྗེ་སྦྱོར་བའི་དམ་ཚིག་བསྒྲུབ་པའི་མཆོག་བསྟན་པའི་ལེའུས་བཤད་ཚུལ་ལ་བཞི། ལེའུ་སྔ་ཕྱིའི་མཚམས་སྦྱར་བ། ལེའུའི་གཞུང་བཤད་པ། ལེའུའི་མཚན་དོན་བཤད་པ། ལེའུ་དེ་ བཤད་ཟིན་པར་བསྟན་པའོ། །གཉིས་པ་ལ་ལྔ། སྡུད་པ་པོའི་ཚིག་གིས་སྟོན་པའི་གསུང་ལ་འཇུག་པ་དང༌། དོན་དམ་ལ་དམིགས་པ་ཟིན་པའི་ངང་ནས་སྤྲོས་པ་རྣམས་བྱ་བར་བསྟན་པ་དང༌། དངོས་གྲུབ་ཐམས་ཅད་བསྒྲུབ་པའི་གནས་བསྟན་པ་དང༌། གནས་དེར་དངོས་ 5-2-15a གྲུབ་བསྒྲུབ་པའི་ཆོ་ག་བསྟན་པ་དང༌། དངོས་གྲུབ་ཀྱི་ཐབས་བསྙེན་པའི་ཆོ་ག་བསྟན་པའོ། །གསུམ་པ་ལ་གཉིས། དྲང་བའི་དོན་དང༌། ངེས་པའི་དོན་ནོ། །བཞི་པ་ལ་གསུམ། རྫོགས་རིམ་པའི་དངོས་གྲུབ་བསྒྲུབ་པའི་རྒྱུའི་གཙོ་བོ་ བསྟན་པ་དང༌། བསྐྱེད་རིམ་པས་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་ཚུལ་བསྟན་པ་དང༌། རྫོགས་རིམ་པས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བསྒྲུབ་པའི་ཚུལ་བསྟན་པའོ། །དང་པོ་ལ་གཉིས། སྒྱུ་མའི་སྐུ་བསྒྲུབ་པ་དང༌། དེ་ཉིད་འོད་གསལ་དུ་བཅུག་ནས་ ཟུང་འཇུག་ཏུ་ལྡང་བའོ། །གཉིས་པ་ལ་བཞི། རང་གི་དོན་ཕུན་སུམ་ཚོགས་པ་བསྒྲུབ་པ་དང༌། གདུལ་བྱའི་སེམས་འདུན་པར་བྱ་བ་དང༌། ལས་ཀྱི་དབྱེ་བས་ཟས་ལ་ལོངས་སྤྱོད་པའི་ཆོ་ག་དང༌། ལྷ་རྣམས་རྒྱས་པའི་ཕྱིར་ཚིམ་པར་བྱ་བའི་ཆོ་གའོ། །དང་པོ་ ལ་གཉིས། དངོས་གྲུབ་བསྒྲུབ་པའི་ཆོ་ག་དང༌། དངོས་གྲུབ་བསྒྲུབ་པའི་ཐབས་རིག་མ་ལ་བརྟེན་དགོས་པར་བསྟན་པའོ། །དང་པོ་ལ་གསུམ། ཕྱི་རོལ་གྱི་ཕྱག་མཚན་ལ་བརྟེན་ནས་རིག་འཛིན་བསྒྲུབ་པ། སྔགས་ཀྱི་རི་ལུ་ལ་བརྟེན་ནས་རིག་འཛིན་བསྒྲུབ་པ། ཕྱག་ རྒྱ་ཆེན་པོའི་གཟུགས་སུ་བསྒོམས་ནས་རིག་འཛིན་བསྒྲུབ་པའོ། །དང་པོ་ལ་བཞི། འཁོར་ལོའི་དང༌། རྡོ་རྗེའི་དང༌། པདྨའི་དང༌། རལ་གྲིའི་རིག་འཛིན་བསྒྲུབ་པའོ། །དང་པོ་ལ་གཉིས། སྒྲུབ་པའི་ཚུལ་དང༌། ཕན་ཡོན་མཇུག་སྡུད་དང་བཅས་པའོ། །གཉིས་ པ་དང༌། གསུམ་པ་དང༌། བཞི་པ་ལ་ཡང་དེ་དང་འདྲའོ། །གསུམ་པ་ལ་གཉིས། རིགས་ལྔའི་གཟུགས་སུ་བསྒོམས་ནས་རིག་འཛིན་བསྒྲུབ་པ་དང༌། མི་བསྐྱོད་པའི་གཟུགས་སུ་བསྒོམས་ནས་ཁྲོ་བོའི་ཕྱག་མཚན་གྱི་རིག་འཛིན་སྒྲུབ་པའོ། །གཉིས་པ་ 5-2-15b ལ་བཞི། སྐྱེ་བོ་སྐལ་ལྡན་དགུག་པ། ལྷ་མོ་རྣམས་དགུག་པ། གནོད་སྦྱིན་མོ་ལ་སོགས་པ་རྣམས་དགུག་པ། དེ་རྣམས་ལ་ཐུན་མོང་དུ་རྒྱས་གདབ་པའི་ཆོ་གའོ། །དེ་ལ་གསུམ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །བཞི་པ་ལ་གསུམ། དབུ་ རྒྱན་གྱི་ལྷ་ལས་བྱུང་བའི་བདུད་རྩིས་སེམས་དཔའ་གསུམ་ག་ཚིམ་པར་བྱེད་ཚུལ་སྤྱིར་བསྟན་པ། རིགས་སོ་སོའི་ལྕེའི་སྐྱེད་ཆོག་གིས་བཟའ་བཏུང་བདུད་རྩིར་བྱས་ནས་ལོངས་སྤྱོད་པར་བསྟན་པ། དེའི་ཕན་ཡོན་མཇུག་སྡུད་དང་བཅས་པའོ། །གསུམ་པ་ལ་གཉིས། མཚམས་སྦྱར་ཏེ་ཐབས་དངོས་བསྟན་པ། །རྫོགས་པའི་ཆོ་འཕྲུལ་བསྟན་པའོ། །དེ་ལ་གསུམ། རང་གཞན་གྱི་དོན་འགྲུབ་ཚུལ་སྤྱིར་བསྟན་པ་དང༌། མངོན་ཤེས་ལྔ་ཐོབ་ནས་གཞན་དོན་འགྲུབ་ཚུལ་བྱེ་བྲག་ཏུ་བཤད་པ་དང༌། ཕྱོགས་བཅུའི་འཇིག་རྟེན་དུ་ཇི་ལྟར་ སྤྱོད་ཅིང་གནས་པའི་ཚུལ་བསྟན་པའོ། །ལྔ་པ་ལ་ལྔ། མཚམས་སྦྱར་ཏེ་བསྙེན་པ་དངོས་བཤད་པ། སྒྲུབ་པའི་གནས་བསྟན་པ་དང༌། རིམ་པ་གཉིས་ཀྱི་བསྒྲུབ་པ་མདོར་བསྡུས་ཏེ་བསྟན་པ་དང༌། སྤྲོས་མེད་ཀྱི་སྤྱོད་པ་འབྲིང་པོ་བྱེད་ཚུལ་དང༌། བསྐྱེད་རིམ་པས་སྐུ་གསུང་ ཐུགས་བྱིན་གྱིས་བརླབ་ཚུལ་བསྟན་པའོ། །དང་པོ་ལ་གཉིས། ཐུན་མོང་གི་བསྙེན་པ་དང༌། མཆོག་གི་བསྙེན་པའོ། །དང་པོ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དེ་ལ་བཞི། བསྙེན་པ་དང༌། ཉེ་བར་བསྒྲུབ་པ་དང༌། སྒྲུབ་པ་དང༌། སྒྲུབ་པ་ཆེན་ པོའོ། །གཉིས་པ་ལ་བཞི། མཚམས་སྦྱར་ཏེ་བསྙེན་པ་གཉིས་ཀྱི་དབྱེ་བ་ལུང་གིས་བསྒྲུབ་པ། མཆོག་གི་བསྙེན་པ་ཡན་ལག་དྲུག་གིས་ངེས་པར་བསྒྲུབ་དགོས་པར་བསྟན་པ། སོར་སྡུད་ལ་སོགས་པའི་ཡན་ལག་དྲུག་གི་དོན་བཤད་པ། ལྷ་བསྐྱེད་པའི་ 5-2-16a དབྱེ་བ་གཉིས་ལུང་གིས་སྒྲུབ་པའོ། །གསུམ་པ་ལ་གཉིས། སྤྱིའི་དོན་དང༌། ཡན་ལག་གི་དོན་ནོ། །དང་པོ་ལ་གསུམ། རིམ་པ་དྲུག་ཏུ་ཡན་ལག་དྲུག་སྡུད་ཚུལ་གྱི་འདོད་པ་དགོད་པ་དང༌། དེ་དག་གི་འཐད་མི་འཐད་དཔྱད་པ་དང༌། རང་ལུགས་ ཀྱི་རིམ་པ་དྲུག་ཏུ་ཡན་ལག་དྲུག་སྡུད་ཚུལ་ལོ། །དང་པོ་ལ་གཉིས། རྒྱ་གར་བ་འགའ་ཞིག་གི་ལུགས་དང༌། བོད་ཀྱི་བླ་མ་འགའ་ཞིག་གི་ལུགས་སོ། །གཉིས་པ་ལ་གཉིས། འགྲེལ་བྱེད་དེ་རྣམས་ཀྱི་ལུགས་འཐད་མི་འཐད་དཔྱད་པ་དང༌། བོད་ཀྱི་བླ་མ་རྣམས་ ཀྱི་སྡུད་ཚུལ་འཐད་མི་འཐད་དཔྱད་པའོ། །གཉིས་པ་ལ་གསུམ། མཚམས་སྦྱར་ཏེ་ཡན་ལག་དྲུག་གི་ངེས་པར་བསྒྲུབ་དགོས་པར་བསྟན་པ་དང༌། ཡན་ལག་དྲུག་སྟོན་པའི་གཞུང་དགོད་པ་དང༌། དེ་དག་གི་དོན་སོ་སོར་བཤད་པའོ། །དེ་ལ་དྲུག །ཡན་ལག་དང་ པོ་སོར་སྡུད་བཤད་པ་དང༌། ཡན་ལག་གཉིས་པ་བསམ་གཏན་བཤད་པ་དང༌། ཡན་ལག་གསུམ་པ་སྲོག་རྩོལ་བཤད་པ་དང༌། ཡན་ལག་བཞི་པ་འཛིན་པ་བཤད་པ་དང༌། ཡན་ལག་ལྔ་པ་རྗེས་དྲན་བཤད་པ་དང༌། ཡན་ལག་དྲུག་པ་ཏིང་ངེ་འཛིན་ བཤད་པའོ། །བཞི་པ་ལ་གཉིས། སྒྱུ་འཕྲུལ་དྲ་བའི་ལུང་གིས་བསྒྲུབ་པ་དང༌། རྣམ་སྣང་མངོན་བྱང་གི་ལུང་གིས་སྒྲུབ་པའོ། །གཉིས་པ་ལ་གཉིས། དྲང་བའི་དོན་དང༌། ངེས་པའི་དོན་ནོ། །གསུམ་པ་ལ་གཉིས། དྲང་བའི་དོན་དང༌། ངེས་པའི་དོན་ནོ། ། བཞི་པ་ལ་གསུམ། དངོས་ཀྱི་དོན་དང༌། སྤྱོད་པ་དེའི་ཕན་ཡོན་དང༌། རྫོགས་རིམ་པའི་དངོས་གྲུབ་འགྲུབ་པའི་དུས་ཐབས་གང་གིས་འགྲུབ་པ་དང་བཅས་པ་བསྟན་པའོ། །ལྔ་པ་ལ་གཉིས། དངོས་ཀྱི་དོན་དང༌། མཇུག་བསྡུས་ཏེ་ལྷའི་ང་རྒྱལ་བརྟན་པར་ 5-2-16b བྱ་དགོས་པར་བསྟན་པའོ། །ལེའུ་བཅུ་གཉིས་པའི་བསྡུས་དོན་ནོ།། །།བཞི་པ་དེ་ཁོ་ན་ཉིད་ཀྱི་དོན་སྒོམ་པ་མངོན་པར་བྱང་ཆུབ་པའི་ལེའུས་བཤད་ཚུལ་ལ་བཞི། ལེའུ་སྔ་ཕྱིའི་མཚམས་སྦྱར་བ། ལེའུའི་གཞུང་བཤད་པ། ལེའུའི་མཚན་ དོན་བཤད་པ། ལེའུ་དེ་བཤད་ཟིན་པར་བསྟན་པའོ། །གཉིས་པ་ལ་གཉིས། ལས་ཚོགས་ལ་གསོལ་བ་གདབ་པ་དང༌། གསོལ་བ་བཏབ་པའི་དོན་རྒྱས་པར་བཤད་པའོ། །དང་པོ་ལ་གསུམ། སྡུད་པ་པོའི་ཚིག་གིས་གསོལ་འདེབས་ཀྱི་མཚམས་སྦྱར་བ་དང༌། བསྟོད་པས་སྟོན་པ་མཉེས་པར་བྱ་བ་དང༌། མངོན་པར་འདོད་པའི་དོན་ལ་གསོལ་བ་གདབ་པའོ། །གཉིས་པ་ལ་གསུམ། བཟླས་པའི་ཆོ་ག །ལས་ཚོགས་ཀྱི་ཏིང་ངེ་འཛིན་དང༌། དེ་དང་འབྲེལ་བའི་ཏིང་ངེ་འཛིན་ནོ། དང་པོ་ལ་བཞི། རླུང་གི་རྡོར་བཟླས་ཕན་ཡོན་ དང་བཅས་པ། མཆོད་པའི་ཆོ་ག །བཟླས་པའི་རབ་དབྱེ། དུག་གསུམ་གྱི་དོན་སྒོམ་པའོ། །དང་པོ་ལ་གཉིས། སྡུད་པ་པོའི་ཚིག་གིས་སྟོན་པའི་གསུང་ལ་འཇུག་པ་དང༌། རྡོ་རྗེ་བཟླས་པ་དངོས་སོ། །གཉིས་པ་ལ་གཉིས། དབང་པོ་རབ་ཀྱི་མཆོད་པ་དང༌། དབང་པོ་ཐ་ མའི་མཆོད་པའོ། །གསུམ་པ་ལ་དྲུག །སྐུ་གསུང་ཐུགས་ཀྱི་བཟླས་པ། རྡོར་བཟླས་ཀྱི་གཙོ་བོ་རིན་པོ་ཆེའི་བཟླས་པ། ཡན་ལག་གི་རླུང་ལ་བརྟེན་པའི་ཐོགས་མེད་ཀྱི་བཟླས་པ། ཁྲོ་བོའི་བཟླས་པ། དུག་གསུམ་གྱི་བཟླས་པ། མ་ནིང་གི་བཟླས་པའོ། །བཞི་པ་ལ་གཉིས། འདོད་ཆགས་ཀྱི་དོན་སྒོམ་པ་དང༌། གཏི་མུག་དང་ཞེ་སྡང་གི་དོན་སྒོམ་པའོ། །དང་པོ་ལ་གཉིས། འདོད་ཡོན་ལ་ཆགས་པ་ལམ་དུ་བྱས་པས་ཐོབ་བྱའི་དོན་རྫོགས་པར་བྱེད་པ་དང༌། ལམ་དེ་ཉིད་ལ་བརྟེན་ནས་བུད་མེད་ཀྱི་རྟེན་གྱིས་ཀྱང་མཆོག་འགྲུབ་པར་བསྟན་པའོ། །དེ་ལ་གཉིས། 5-2-17a སྤྱིའི་དོན་དང༌། ཡན་ལག་གི་དོན་ནོ། །དང་པོ་ལ་གཉིས། བུད་མེད་ཀྱི་རྟེན་གྱིས་མཆོག་སྒྲུབ་ཚུལ་སྐྱེས་པའི་རྟེན་དང་འདྲ་བར་བསྟན་པ་དང༌། ཡབ་ལ་བརྟེན་ནས་ཡུམ་གྱི་རྒྱུད་ལ་དགའ་བཞི་བསྐྱེད་པའི་ཁུངས་བཤད་པའོ། །གཉིས་པ་ ལ་གཉིས། དྲང་བའི་དོན་དང༌། ངེས་པའི་དོན་ནོ། །གཉིས་པ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ལ་གཉིས། བསྐྱེད་རིམ་པའི་ལས་སྒྲུབ་པ་དང༌། རྫོགས་རིམ་པའི་ལས་སྒྲུབ་པའོ། །དང་པོ་ལ་གསུམ། རིགས་ལྔའི་ལས་ རྒྱལ་མཆོག་དང༌། དེའི་སྔོན་དུ་བྱ་བའི་དཀྱིལ་འཁོར་རྒྱལ་མཆོག་དང༌། དེའི་སྔོན་དུ་བྱ་བ་དང་པོ་སྦྱོར་བ་སྒོམ་པའོ། །གཉིས་པ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །གཉིས་པ་ལ་བདུན། དྲག་པོའི་ལས་དང༌། རྣམ་པར་འཚེ་བ་ ཞི་བའི་སྦྱོར་བ་དང༌། བསྒྲུབ་ཐབས་དངོས་ཀྱི་ཡན་ལག་བསྲུང་བའི་འཁོར་ལོ་དང༌། སྔར་བཤད་པའི་ཞི་བའི་ལས་ཀྱི་རྒྱས་བཤད་དང༌། རྒྱས་པ་དང་དབང་གི་ལས་གཉིས་སྤེལ་ཏེ་བསྟན་པ་དང༌། རིགས་གཉིས་ཀྱི་སྒོ་ནས་དབང་གི་ལས་སྒྲུབ་པ་དང༌། གསད་ལས་ཀྱི་ལྷག་མ་བསྟན་པའོ། །དང་པོ་ལ་གཉིས། བསད་པའི་ལས་སྦྱོར་དང༌། གནན་པའི་ལས་སྦྱོར་རོ། །དང་པོ་ལ་གཉིས། མཚམས་སྦྱར་ཏེ་བསད་ལས་བྱ་བའི་ཡུལ་དང༌། གསོད་པའི་ཆོ་ག་བསྟན་པའོ། །དེ་ལ་གཉིས། བསྐྱེད་རིམ་ པའི་གསད་ལས་དང༌། རྫོགས་རིམ་པའི་གསད་ལས་སོ། །དང་པོ་ལ་གསུམ། གསད་ལས་ཀུན་གྱི་ཐུན་མོང་སྔོན་དུ་ཁ་སྦྱར་དབྱེ་བའི་ཆོ་ག །གསད་ཆོག་གི་བཀའི་འཁོར་ལོ་བསྟན་པ། བགེགས་བཟློག་པའི་བཀའི་འཁོར་ལོ་བསྟན་པའོ། །གཉིས་ 5-2-17b པ་ལ་བཞི། མི་བསྐྱོད་པའི་དང༌། རྣམ་སྣང་ལ་སོགས་པའི་དང༌། དེའི་འཁོར་རྣམས་ཀྱི་དང༌། ལྷ་ཐམས་ཅད་ཀྱི་བཀའི་འཁོར་ལོ་བསྟན་པའོ། །དང་པོ་ལ་ལྔ། དང་པོ་སྦྱོར་བ་དང༌། དཀྱིལ་འཁོར་རྒྱལ་མཆོག་དང༌། ལས་དེ་འགྲུབ་པར་ངེས་པའི་དུས་བསྟན་པ་དང༌། ལས་རྒྱལ་མཆོག་དང༌། ཏིང་ངེ་འཛིན་གྱི་མིང་བསྟན་པའོ། །གཉིས་པ་ལ་གཉིས། དངོས་ཀྱི་དོན་དང༌། ཏིང་ངེ་འཛིན་གྱི་མིང་བསྟན་པའོ། །གསུམ་པ་ལ་གཉིས། དངོས་ཀྱི་དོན་དང༌། ཏིང་ངེ་འཛིན་གྱི་མིང་བསྟན་པའོ། །གཉིས་པ་ལ་གཉིས། སྣོད་གནན་ པ་དང༌། བཅུད་གནན་པའི་ཆོ་གའོ། །དང་པོ་ལ་གཉིས། བསྐྱེད་རིམ་པའི་ཆོ་ག་དང༌། རྫོགས་རིམ་པའི་ཆོ་གའོ། །གཉིས་པ་ལ་གསུམ། ངག་གནོན་པ་དང༌། དཔུང་གནོན་པ་དང༌། ཡིད་གནོན་པའོ། །གཉིས་པ་ལ་གཉིས། དངོས་ཀྱི་དོན་དང༌། དེའི་ཕན་ཡོན་ཏིང་ངེ་འཛིན་གྱི་མིང་དང་བཅས་པའོ། །བཞི་པ་ལ་གཉིས། དངོས་ཀྱི་དོན་དང༌། དེའི་ཕན་ཡོན་ཏིང་ངེ་འཛིན་གྱི་མིང་དང་བཅས་པའོ། །ལྔ་པ་ལ་གཉིས། དངོས་ཀྱི་དོན་དང༌། དེའི་ཕན་ཡོན་ཏིང་ངེ་འཛིན་གྱི་མིང་དང་བཅས་པའོ། ། དྲུག་པ་ལ་གཉིས། དངོས་ཀྱི་དོན་དང༌། དེའི་ཕན་ཡོན་ཏིང་ངེ་འཛིན་གྱི་མིང་དང་བཅས་པའོ། །གསུམ་པ་ལ་གསུམ། སྔགས་ཀྱི་སྐུ་བསྐྱེད་པ་དང༌། ཡེ་ཤེས་ཀྱི་སྐུ་བསྐྱེད་པ་དང༌། དེ་གཉིས་ཉེ་བར་བསྡུ་བའོ། །དང་པོ་ལ་བཞི། རིགས་ལྔའི་ དང༌། ཡུམ་བཞིའི་དང༌། ཁྲོ་བོ་བཅུའི་སྐུ་མདོག་དང་ཕྱག་མཚན་སོགས་བཤད་པ་དང༌། ལྷ་རྣམས་ཀྱི་ཏིང་ངེ་འཛིན་སྒོ་གཞན་ནས་མང་པོར་བསྟན་པའོ། །གཉིས་པ་ལ་གསུམ། ཟུང་འཇུག་ལོངས་སྐུ་ལ་གནས་པས་རིགས་ལྔའི་སྤྲུལ་སྐུ་ 5-2-18a སྐྱེད་པ་དང༌། ཡུམ་བཞིའི་སྤྲུལ་སྐུ་སྐྱེད་པ་དང༌། ཁྲོ་བོ་བཅུའི་སྤྲུལ་སྐུ་སྐྱེད་པའོ། །གསུམ་པ་ལ་གཉིས། དྲང་བའི་དོན་དང༌། ངེས་པའི་དོན་ནོ།། ལེའུ་བཅུ་གསུམ་པའི་བསྡུས་དོན་ནོ།། །།བཞི་པ་བཅུ་བཞི་པ་ནས་ བཅུ་བདུན་པའི་བར་གྱིས་བཤད་པ་ལ་བཞི། རྣམ་པར་འཕྲུལ་པའི་རྒྱལ་པོའི་ལེའུས་བཤད་ཚུལ། དམ་ཚིག་གི་སྙིང་པོའི་རྡོ་རྗེ་འབྱུང་བའི་ལེའུས་བཤད་ཚུལ། དཀྱིལ་འཁོར་རྡོ་རྗེ་མངོན་པར་བྱང་ཆུབ་པའི་ལེའུས་བཤད་ཚུལ། རྡོ་རྗེའི་བྱིན་རླབས་ ཀྱི་རྒྱལ་པོའི་ལེའུས་བཤད་ཚུལ་ལོ། །དང་པོ་ལ་བཞི། ལེའུ་སྔ་ཕྱིའི་མཚམས་སྦྱར་བ། ལེའུའི་གཞུང་བཤད་པ། ལེའུའི་མཚན་དོན་བཤད་པ། ལེའུ་དེ་བཤད་ཟིན་པར་བསྟན་པའོ། །གཉིས་པ་ལ་གསུམ། ལས་བཞིའི་སྒྲུབ་ཚུལ་བཤད་རྒྱུད་ ལས་གསུངས་པ་དགོད་པ་དང༌། རྩ་རྒྱུད་ལས་གསུངས་པའི་ལས་ཚོགས་བཤད་པ་དང༌། དེ་ལྟར་གསུངས་པ་ལ་དགྱེས་ནས་ཆེད་བརྗོད་མཛད་པའོ། །དང་པོ་ལ་གཉིས། བསྐྱེད་རིམ་པས་ལས་བཞི་སྒྲུབ་ཚུལ། རྫོགས་རིམ་པས་ལས་བཞི་སྒྲུབ་ ཚུལ་ལོ། གཉིས་པ་ལ་གསུམ། སྔགས་དང་ནང་ལ་གཞོལ་བའི་ལས་ཚོགས་དང༌། སྔགས་ལ་གཞོལ་བའི་ཆོ་གའི་ཁྱད་པར་དང༌། ཕུར་བུས་གདབ་པའི་ལས་ཚོགས་སོ། །དང་པོ་ལ་ལྔ། སྔགས་ལ་གཞོལ་བའི་ལས་སྒྲུབ་ཚུལ། ནང་ ལ་གཞོལ་བའི་ལས་སྒྲུབ་ཚུལ། དེ་གཉིས་ཀྱི་དོན་བསྡུ་བ། ལྷ་མོ་གཉིས་ལ་བརྟེན་པའི་དགུག་པའི་ལས་དང༌། སྔགས་ལ་གཞོལ་བས་དངོས་གྲུབ་མྱུར་དུ་འགྲུབ་པའི་བཟླས་པ་བསྟན་པའོ། །དང་པོ་ལ་གཉིས། ཡུམ་བཞིའི་ཕྲེང་སྔགས་ 5-2-18b ལ་བརྟེན་ནས་ལས་སྒྲུབ་པ་དང༌། ཁྲོ་བོ་རྣམས་ཀྱི་ཕྲེང་སྔགས་ལ་བརྟེན་ནས་ལས་སྒྲུབ་པའོ། །དང་པོ་ལ་བཞི། སྤྱན་མ་ལ་བརྟེན་ནས་ཞི་བ་དང༌། མཱ་མ་ཀིའི་ལ་བརྟེན་ནས་བགེགས་བསལ་བ་དང༌། གོས་དཀར་མོ་ལ་བརྟེན་ནས་རྒྱས་པ་དང༌། སྒྲོལ་མ་ལ་བརྟེན་ནས་དབང་གི་ལས་སྒྲུབ་པའོ། །གཉིས་པ་ལ་དགུ། གཤིན་རྗེ་གཤེད་ཀྱི་སྒོ་ནས་རིགས་མཐོན་པོའི་བུད་མེད་ལ་སོགས་པ་དགུག་པ། བདུད་རྩི་འཁྱིལ་པའི་སྒོ་ནས་བསྐྲད་པ། གཞན་གྱིས་མི་ཐུབ་པའི་སྒོ་ནས་གདོན་ གྱིས་ཟིན་པ་དགྲོལ་བ། རྟ་མགྲིན་གྱི་སྒོ་ནས་དུག་བསལ་བ། དབྱུག་སྔོན་ཅན་གྱི་སྒོ་ནས་གསད་པ། སྟོབས་པོ་ཆེའི་སྒོ་ནས་ཆར་དབབ་པ། འདོད་རྒྱལ་གྱི་སྒོ་ནས་རྒྱལ་པོ་ལ་སོགས་པ་དགུག་པ། མི་གཡོ་བའི་སྒོ་ནས་ལྷ་ཆེན་པོ་ལ་སོགས་ པ་དགུག་པ། གནོད་མཛེས་ཀྱི་སྒོ་ནས་བུ་མོ་ལ་སོགས་པ་དགུག་པའོ། །གཉིས་པ་ལ་གཉིས། སྐུ་གསུང་ཐུགས་དགུག་པ་དང༌། རང་གི་མཚན་མས་དགུག་པའོ། །དེ་ལ་ལྔ། མིའི་བུ་མོ་དགུག་པ། ལྷའི་བུ་མོ་དགུག་པ། ལྷ་མ་ཡིན་གྱི་བུ་ མོ་དགུག་པ། ཚངས་པ་ལ་སོགས་པའི་ལྷ་དགུག་པ། གནོད་སྦྱིན་མོ་དགུག་པའོ། །བཞི་པ་ལ་གཉིས། རལ་གཅིག་མའི་སྒོ་ནས་ཀླུའི་བུ་མོ་དགུག་པ། ཁྲོ་གཉེར་ཅན་གྱི་སྒོ་ནས་རིག་འཛིན་གྱི་བུ་མོ་དགུག་པའོ། །གཉིས་པ་ལ་ལྔ། སྔོན་དུ་ བསྙེན་པའི་ཆོ་ག །མངོན་སྤྱོད་བྱ་བའི་ཡུལ་བསྟན་པ། གསད་པའི་ཆོ་ག །དྲག་ལས་བྱ་བའི་གནས། གསད་བསྐྲད་ཀྱི་ཆོ་ག་གཞན་གསུམ་བསྟན་པའོ། །གསུམ་པ་ལ་གཉིས། ཐུན་མོང་གི་ཕུར་བུས་གདབ་པ་དང༌། ཐུན་མོང་མ་ཡིན་པའི་ 5-2-19a ཕུར་བུས་གདབ་བོ། །དང་པོ་ལ་གསུམ། སྡུད་པ་པོའི་ཚིག་གིས་མཚམས་སྦྱར་ནས་ཕུར་བུའི་སྔགས་ཐུན་མོང་དུ་བསྟན་པ་དང༌། རྫས་ཀྱི་ཕུར་གདབ་དང༌། བསམ་གཏན་གྱི་ཕུར་གདབ་བོ། །དེ་ལ་གཉིས། ཏིང་ངེ་འཛིན་ལ་ བརྟེན་ནས་ཕུར་བུས་བདབ་པ་དང༌། ཕུར་བུའི་དབྱིབས་ཕན་ཡོན་དང་བཅས་པ་བཤད་པའོ། །གཉིས་པ་ལ་གཉིས། བསྐྱེད་རིམ་པའི་ཕུར་གདབ་དང༌། རྫོགས་རིམ་པའི་ཕུར་གདབ་བོ། །དང་པོ་ལ་གསུམ། བསྒྲུབ་བྱའི་ལུས་ལ་ཕུར་བུས་གདབ་པ་ དང༌། ངག་གི་གནས་ལ་ཕུར་བུས་གདབ་པ་དང༌། ཡིད་ཀྱི་གནས་ལ་ཕུར་བུས་གདབ་པའོ།། ལེའུ་བཅུ་བཞི་པའི་བསྡུས་དོན་ནོ།། །།གཉིས་པ་དམ་ཚིག་གི་སྙིང་པོ་རྡོ་རྗེ་འབྱུང་བའི་ལེའུས་བཤད་ཚུལ་ལ་བཞི། ལེའུ་སྔ་ཕྱིའི་མཚམས་ སྦྱར་བ། ལེའུའི་གཞུང་བཤད་པ། ལེའུའི་མཚན་དོན་བཤད་པ། ལེའུ་དེ་བཤད་ཟིན་པར་བསྟན་པའོ། །གཉིས་པ་ལ་དྲུག །རྣལ་འབྱོར་གྱི་སྤྱོད་པ། དངོས་གྲུབ་སྒྲུབ་པའི་ལས་ཚོགས། རིགས་ཀྱི་དབྱེ་བས་ལྷ་དབང་བསྐུར་བ། སྣོད་ལ་ཡེ་ཤེས་ དབབ་པའི་ཆོ་ག །དངོས་གྲུབ་ཀྱི་ཆོ་གར་གཏོགས་པའི་ལས་ཚོགས། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་བསྟན་པའོ། །དང་པོ་ལ་གཉིས། བསྐྱེད་རིམ་པའི་སྤྲོས་མེད་ཀྱི་སྤྱོད་པ་དང༌། རྫོགས་རིམ་པའི་སྤྱོད་པས་མཆོག་སྒྲུབ་ཚུལ་ལོ། །དང་པོ་ལ་དྲུག། སྡུད་པ་པོའི་ཚིག་གིས་སྟོན་པའི་ གསུང་ལ་འཇུག་པ་དང༌། མི་བསྐྱོད་པའི་རྣལ་འབྱོར་པའི་སྤྱོད་པ་དང༌། རིགས་ལྔའི་དཀྱིལ་འཁོར་བསྒོམ་པའི་རྣལ་འབྱོར་པས་གསང་མཆོད་བྱ་བ་ཐུན་མོང་དུ་བསྟན་པ་དང༌། རྣམ་སྣང་གི་རིགས་ཀྱི་སྤྱོད་པ་དང༌། མི་བསྐྱོད་པའི་ཆོ་ག་ལྷག་མ་བཤད་ 5-2-19b པ་དང༌། རིགས་གཞན་གསུམ་གྱི་རྣལ་འབྱོར་པའི་སྤྱོད་པ་ཕན་ཡོན་དང་བཅས་པ་དང༌། སྣང་མཐའི་རྣལ་འབྱོར་པའི་ཁྱད་པར་གྱི་ཆོ་ག་ཕན་ཡོན་དང་བཅས་པའོ། །གཉིས་པ་ལ་བཞི། རང་རིགས་ཀྱི་ཕྱག་རྒྱ་མ་བསྒྲུབ་པ་དང༌། གནས་སྦྱངས་ཏེ་དཀྱིལ་འཁོར་བྲི་ བ་དང༌། བྲིས་པའི་དཀྱིལ་འཁོར་བསྒྲུབ་པ་དང༌། དེའི་དབུས་སུ་རང་དང་མཚན་ལྡན་གྱི་ཕྱག་རྒྱས་འདོད་པའི་དོན་རྫོགས་པར་བྱ་བའོ། །གཉིས་པ་ལ་བཞི། ཕྱག་རྒྱ་རིགས་བཞི་གང་རུང་ལ་བརྟེན་ནས་རྡོ་རྗེ་འཆང་སྒྲུབ་པའི་སྤྱོད་པ་བྱ་བ་དང༌། སྤྱོད་པའི་མཐར་ བྱང་ཆུབ་པ་གཉིས་མངོན་དུ་བྱ་བ་དང༌། དེ་ལ་བརྟེན་ནས་གྲུབ་པའི་ཟུང་འཇུག་གི་མཚན་ཉིད་བསྟན་པ་དང༌། དངོས་གྲུབ་དེ་འདོད་པས་སོར་སྡུད་དང་བསམ་གཏན་ལ་བསླབས་ན་འདོད་པའི་དོན་འགྲུབ་པར་བསྟན་པའོ། །གཉིས་པ་ལ་གཉིས། སྤྱིའི་དོན་ དང༌། ཡན་ལག་གི་དོན་ནོ། །དེ་ལ་གཉིས། ཕྱིའི་མངོན་པར་བྱང་ཆུབ་པ་བསྟན་པ་དང༌། ནང་གི་མངོན་པར་བྱང་ཆུབ་པར་བསྟན་པའོ། །གཉིས་པ་ལ་གཉིས། ཆོ་ག་དངོས་དང༌། དེ་ལ་ཆེད་བརྗོད་མཛད་པའོ། །དང་པོ་ལ་བཞི། ཁྲོ་བོ་བཞིའི་སྒོ་ནས་ལས་སྒྲུབ་ པ་དང༌། རྫོགས་རིམ་པའི་སྤྱོད་པ་གསལ་བར་བསྟན་པ་དང༌། རི་ལུའི་སྒྲུབ་པ་བཅུ་བསྟན་པ་དང༌། རྫོགས་རིམ་པའི་ལས་ཚོགས་བསྟན་པའོ། །དང་པོ་ལ་གཉིས། ཧྲཱིཿ་ཥྚཱིཿའི་ལས་སྦྱོར་དང༌། ཕཊ་ཀྱི་ལས་སྦྱོར་རོ། །དང་པོ་ལ་གཉིས། ཏིང་ངེ་འཛིན་ལ་སྙོམས་པར་ ཞུགས་ནས་སྔགས་གསུངས་པ་ཐུན་མོང་དུ་བསྟན་པ་དང༌། དེའི་ལས་སྦྱོར་སོ་སོར་བསྟན་པའོ། །དེ་ལ་བཞི། དགུག་ཅིང་གནོད་པའི་ལས་སྦྱོར་དང༌། ལས་དེའི་ནུས་པ་བསྟན་པ་དང༌། ནོར་འགུགས་པ་ཡི་དང༌། གསད་པའི་ཆོ་གའོ། ། 5-2-20a གཉིས་པ་ལ་དྲུག །ཐོ་བ་དང་རྡོ་རྗེས་གསད་པའི་ཆོ་ག །དེ་རྣམས་ནང་ལ་གཞོལ་བས་བྱེད་ཚུལ། སྟ་རེས་གསད་པ། སྣ་ཚོགས་རྡོ་རྗེས་ཚར་བཅད་པ། རྟ་མགྲིན་གྱིས་བགེགས་བཟློག་པ། དེ་རྣམས་ཀྱི་སྔགས་བསྟན་པའོ། །གཉིས་པ་ལ་གསུམ། སྤྲོས་མེད་ འབྲིང་གི་སྤྱོད་པ་དང༌། སྤྲོས་མེད་བསྡུས་པའི་སྤྱོད་པ་དང༌། ཐུན་མོང་གི་ཁ་ཟས་བསྟན་པའོ། །དང་པོ་ལ་གཉིས། དངོས་ཀྱི་དོན་དང༌། ཕན་ཡོན་མཇུག་སྡུད་འགལ་སྤོང་དང་བཅས་པའོ། །བཞི་པ་ལ་གཉིས། རྫོགས་རིམ་པའི་ལས་སྒྲུབ་ཚུལ་དངོས་དང༌། དེའི་ཕན་ཡོན་ བསྟན་པའོ། །གསུམ་པ་ལ་གཉིས། སྡུད་པ་པོའི་ཚིག་གིས་སྟོན་པའི་གསུང་ལ་འཇུག་པ། ལྷ་དབང་བསྐུར་བའི་ཚུལ་རྒྱས་པར་བཤད་པའོ། །དེ་ལ་བཞི། འཇིག་རྟེན་ལས་འདས་པའི་ལྷ་ལ་དབང་བསྐུར་བ་དང༌། འཇིག་རྟེན་པའི་ལྷ་ལ་དབང་བསྐུར་བ་དང༌། དེ་རྣམས་ལ་དབང་བསྐུར་བའི་ཚུལ་དང༌། དབང་བསྐུར་བའི་ཕན་ཡོན་ནོ། །དང་པོ་ལ་བཞི། མི་བསྐྱོད་པས་གང་ལ་རྒྱས་བཏབ་པ་དང༌། རིགས་བདག་གིས་དབུ་བརྒྱན་པའི་དགོས་པ་བསྟན་པ་དང༌། རིགས་ལྷག་མ་བཞིས་གང་ལ་རྒྱས་གདབ་པ་དང༌། རིགས་ ལྔ་ལ་གང་གིས་རྒྱས་འདེབས་པ་བསྟན་པའོ། །བཞི་པ་ལ་གསུམ། སྡུད་པ་པོའི་ཚིག་གིས་སྟོན་པའི་གསུང་ལ་འཇུག་པ། སྟོན་པས་གསུངས་པའི་རྒྱུད་ཀྱི་ཚིག་གི་དོན་བཤད་པ། འགྲེལ་པས་སྤྱིའི་དོན་གྱི་ཚུལ་གྱིས་ཕྱོགས་གཅིག་ཏུ་བསྡུས་ཏེ་བསྟན་ པའོ། །གཉིས་པ་ལ་དྲུག །སྔོན་དུ་བསྙེན་པའི་ཆོ་ག་བྱ་ཚུལ། སྣོད་སྦྱང་བའི་ཆོ་ག །སྣོད་ལ་དབབ་པའི་ཆོ་ག །སྣོད་ཀྱི་མཚན་ཉིད་བསྟན་པ། ཆོ་ག་ལས་འདས་པའི་ཉེས་དམིགས། འབེབས་པའི་སྙིང་པོ་བྱེད་ལས་དང་བཅས་པ་བཤད་པའོ། ། 5-2-20b ལྔ་པ་ལ་གཉིས། དྲག་པོའི་ཆོ་ག་དང༌། ཞི་བའི་ཆོ་གའོ། །དང་པོ་ལ་གསུམ། མཚམས་སྦྱར་ཏེ་སྡུད་པ་པོའི་ཚིག་གིས་སྟོན་པའི་གསུང་ལ་འཇུག་པ། སྒྲུབ་པ་པོ་དང་ལྷའི་སྐུ་ཇི་ལྟ་བུས་བྱ་བ། ལས་སྦྱོར་དངོས་སོ། །དེ་ལ་དྲུག །བསྐྱེད་རིམ་པས་བྱེད་པའི་དྲང་ དོན་གྱི་གསད་ལས་དང༌། རྫོགས་རིམ་པས་བྱེད་པའི་ངེས་དོན་གྱི་གསད་ལས་དང༌། སྲིན་པོ་དང་རིམས་ཀྱིས་འཛིན་དུ་གཞུག་པ། དྲག་ལས་དམིགས་བསལ་མེད་པ་རྣམས་ཀྱི་སྔགས་མཇུག་སྡུད་དང་བཅས་པ། གསད་པའི་ལས་གཞན་བསྟན་པ། ཕྲན་ཚེགས་ ཀྱི་ལས་སྦྱོར་རོ། །དང་པོ་ལ་གཉིས། ལིང་ག་དང་བཟླས་པ་ལ་བརྟེན་པའི་གསད་ལས་དང༌། སྦྱིན་སྲེག་གི་གསད་ལས་བཟླས་པའི་གསད་ལས་དང་བཅས་པའོ། །ལྔ་པ་ལ་གཉིས། བསྐྱེད་རིམ་པའི་གསད་ཆོག་དང༌། རྫོགས་རིམ་པའི་གསད་ཆོག་གོ། དང་པོ་ལ་ ལྔ། ཁ་སྦྱོར་དབྱེ་བའི་སྔོན་འགྲོ་ཐུན་མོང་གི་ཆོ་ག་དང༌། བསམ་གཏན་གྱིས་གསད་པའི་ཆོ་གའི་ལྷག་མ། མུལ་དང་སྡིག་པ་སོགས་ཀྱི་གཟུགས་ལ་བརྟེན་པའི་གསད་ཆོག །དགྲ་བོ་འབྱུང་པོ་ནག་པོར་བསྐྱེད་པའི་སྐྱེད་ཆོག་དངོས་གཞི་དང་བཅས་པ། ཁ་སྦྱོར་དབྱེ་བའི་ཆོ་ག་དངོས་སོ། །དྲུག་པ་ལ་གསུམ། སྡུད་པ་པོའི་ཚིག་གིས་སྟོན་པའི་གསུང་ལ་འཇུག་པ། རང་བཞིན་མེད་པའི་དེ་ཉིད་བསྒོམས་པས་ཞི་སོགས་ཀྱི་དངོས་གྲུབ་འབྱུང་བ་ངོ་མཚར་བར་བསྟན་པ། ལས་ཀྱི་མིང་སྒྲུབ་ཚུལ་དང་བཅས་པའོ། ། དེ་ལ་གཉིས། སྡིག་མུལ་ལ་སོགས་པའི་གཟུགས་ལ་དུག་བཅུག་པའི་བསད་ལས་དང༌། དུག་གིས་ཟིན་པའི་གནས་གཞན་ནས་གཞན་དུ་སྤོ་བའི་ལས་སྦྱོར་རོ། །གཉིས་པ་ལ་གཉིས། བསྐྱེད་རིམ་པས་ནད་ཞི་བར་བྱེད་པའི་ཆོས་དང་། རྫོགས་རིམ་པས་ 5-2-21a ནད་ཞི་བར་བྱེད་པའི་ཆོ་གའོ། །དང་པོ་ལ་གསུམ། དུག་གི་ནད་གསོ་བའི་ཆོ་ག་དང༌། ཉེ་བའི་དུག་གསོ་བའི་ཞར་ལ་འབྲས་ལ་སོགས་པའི་ནད་བསལ་བའི་ཆོ་ག་དང༌། ཁྱད་པར་དུ་ནད་གསོ་བའི་ཆོ་ག་ཕན་ཡོན་དང་བཅས་པའོ། ། དྲུག་པ་ལ་ལྔ། མཚམས་སྦྱར་ཏེ་སྡུད་པ་པོའི་ཚིག་གིས་སྟོན་པའི་གསུང་ལ་འཇུག་པ། རྨི་ལམ་གྱི་དཔེས་ཆོས་ཐམས་ཅད་རང་བཞིན་མེད་པར་བཤད་པའི་དགོས་པ། སྒྲུབ་པ་པོ་གཉིས་ཀྱིས་རྨི་ལམ་གྱི་མཚན་མ་མཐོང་ཚུལ། དེ་ཁོ་ན་ཉིད་སྒྲུབ་པ་ལ་རྨི་ལམ་དཔེར་ བཀོད་ནས་ཐེ་ཚོམ་གཅོད་པ། དེ་ལྟར་བཤད་པས་འཁོར་རྣམས་ཀྱི་ཐེ་ཚོམ་ཆོད་ནས་ཅང་མི་སྨྲ་བར་བཞུགས་པའོ། །གསུམ་པ་ལ་གཉིས། མདོར་བསྟན་པ་དང༌། རྣམ་པར་ཕྱེ་སྟེ་བཤད་པའོ། །དེ་ལ་གཉིས། དངོས་གྲུབ་འགྲུབ་པའི་རྨི་ལམ་གྱི་མཚན་མ་མཐོང་ ཚུལ་དང༌། དམ་ཚིག་ཉམས་པས་རྨི་ལམ་ངན་པ་མཐོང་ཚུལ་ལོ། །དང་པོ་ལ་གཉིས། དངོས་ཀྱི་དོན་དང༌། བཤད་པའི་དོན་བསྡུ་བའོ། །དང་པོ་ལ་བཞི། འཇིག་རྟེན་ལས་འདས་པའི་དངོས་གྲུབ་འགྲུབ་པའི་རྨི་ལམ་དང༌། འཇིག་རྟེན་པའི་དངོས་གྲུབ་འགྲུབ་པའི་རྨི་ལམ་ དང༌། འཇིག་རྟེན་ལས་འདས་པའི་དངོས་གྲུབ་འགྲུབ་པའི་མཚན་མ་གཞན་བསྟེན་པ་དང༌། འཇིག་རྟེན་པའི་དངོས་གྲུབ་འགྲུབ་པའི་མཚན་མ་གཞན་བསྟན་པའོ། །བཞི་པ་ལ་གཉིས། རྨི་ལམ་གྱི་དཔེས་སྤྱི་དོན་གྱི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་བསྟན་པ་ དང༌། རྨི་ལམ་གྱི་དཔེས་ཐུན་མོང་མ་ཡིན་པའི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་བསྟན་པའོ། །དང་པོ་ལ་གཉིས། རྨི་ལམ་གྱི་དཔེས་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པར་བསྟན་པ། དེ་ལ་བྱ་བྱེད་མི་རུང་བར་འཛིན་པའི་དོགས་པ་བསལ་ 5-2-21b བའོ། །དེ་ལ་གཉིས། རང་བཞིན་གྱིས་སྟོང་པ་ལ་རྒྱུ་འབྲས་ཀྱི་བྱ་བྱེད་འཇོག་པ་འགལ་བར་ཞུས་པ་དང༌། དེ་གཉིས་མི་འགལ་བ་དེ་བཞིན་གཤེགས་པའི་དགོངས་པ་ཡིན་པར་བསྟན་པའི་ལན་ནོ། །དེ་ལ་གཉིས། ནམ་མཁའི་དཔེས་རང་བཞིན་མེད་པའི་སྟོང་ཉིད་ ཆོས་ཅན་ཀུན་ལ་ཁྱབ་པར་བསྟན་པ་དང༌། ནམ་མཁའི་དཔེས་དུ་མ་རོ་གཅིག་གི་དོན་བསྟན་པའོ། །གཉིས་པ་ལ་བཞི། སྒྱུ་མའི་ཡེ་ཤེས་ཀྱི་སྐུ་འབྱུང་བའི་གནས་བསྟན་པ་དང༌། ཡིད་ཀྱི་རང་བཞིན་གྱི་ལྷའི་སྐུས་ཁྱབ་པ་བསྟན་པ་དང༌། སྒྱུ་མའི་སྐུའི་ངོ་བོ་ཉིད་བསྟན་པ་དང༌། དངོས་གྲུབ་རྣམ་པ་གཉིས་བདེན་གཉིས་གང་དུ་གནས་བསྟན་པའོ། །དེ་ལ་གསུམ། འཁོར་གྱིས་ཞུས་པ་དང༌། སྟོན་པས་དེའི་ལན་མཛད་པ་དང༌། ཁྱད་པར་དུ་རྡོ་རྗེ་འཆང་གི་དངོས་གྲུབ་ལ་ཞུས་ལན་མཛད་པའོ། །གཉིས་པ་ལ་གསུམ། ཆོས་ཐམས་ཅད་ དོན་དམ་པར་ངོ་བོ་ཉིད་མེད་པས་གང་ལ་ཡང་མི་གནས་པར་བསྟན་པ་དང༌། ཀུན་རྫོབ་ཏུ་རང་གི་ལུས་ངག་ཡིད་གསུམ་ལ་བརྟེན་ནས་འབྱུང་བར་བསྟན་པ་དང༌། དེ་ལྟ་ཡིན་ཀྱང་དངོས་གྲུབ་དང་དེའི་གཞི་རྣམས་བདེན་པ་དམིགས་སུ་ཡོད་པར་དགག་པའོ།། ལེའུ་བཅོ་ལྔ་པའི་བསྡུས་དོན་ནོ།། །།གསུམ་པ་དཀྱིལ་འཁོར་རྡོ་རྗེ་མངོན་པར་བྱང་ཆུབ་པའི་ལེའུས་བཤད་ཚུལ་ལ་བཞི། ལེའུ་སྔ་ཕྱིའི་མཚམས་སྦྱར་བ། ལེའུའི་གཞུང་བཤད་པ། ལེའུའི་མཚན་དོན་བཤད་པ། ལེའུ་དེ་བཤད་ཟིན་ པར་བསྟན་པའོ། །གཉིས་པ་ལ་གསུམ། དཀྱིལ་འཁོར་གྱི་དང༌། དངོས་གྲུབ་ཀྱི་དང༌། སྤྱོད་པའི་ཆོ་གའོ། །དང་པོ་ལ་གཉིས། དཀྱིལ་ཆོག་ཉན་པའི་བསམ་པས་གསོལ་བ་གདབ་ཅིང་མཆོད་པ། གསོལ་བ་བཏབ་པའི་དོན་བཤད་པའོ། །དེ་ལ་གཉིས། སྤྱིའི་དོན་དང༌། 5-2-22a ཡན་ལག་གི་དོན་ནོ། །དེ་ལ་གཉིས། དཀྱིལ་འཁོར་སོ་སོའི་དང༌། ཐུན་མོང་གི་ཆོ་གའོ། །དང་པོ་ལ་གསུམ། སྐུ་དཀྱིལ་གྱི་དང༌། གསུང་དཀྱིལ་གྱི་དང༌། ལྷ་ལྷག་མ་རྣམས་ཀྱི་ཆོ་གའོ། །དང་པོ་ལ་བཞི། སྡུད་པ་པོའི་ཚིག་གིས་ཏིང་ངེ་འཛིན་སྔོན་དུ་བཏང་ནས་ དཀྱིལ་འཁོར་བཤད་པར་དམ་བཅའ་བ། དེ་ཉིད་བསྡུས་པའི་ཆོ་གས་རྟེན་གྱི་དཀྱིལ་འཁོར་བྲི་བ། དེ་ལ་བརྟེན་པའི་ལྷ་ལུས་དང་ཡིད་ཀྱིས་བྲིས་ཏེ་དགོད་པ། སྒྲུབ་ཅིང་མཆོད་པ་དོན་བསྡུ་དང་བཅས་པའོ། །གཉིས་པ་ལ་བཞི། སྡུད་པ་པོའི་ཚིག་གིས་ཏིང་ངེ་འཛིན་ སྔོན་དུ་བཏང་ནས་དཀྱིལ་འཁོར་བཤད་པར་དམ་བཅའ་བ། རྟེན་གྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་བྲི་བ། དེར་ལུས་དང་ཡིད་ཀྱིས་ལྷ་རྣམས་དགོད་པ། སྒྲུབ་ཅིང་མཆོད་པ་དོན་བསྡུ་དང་བཅས་པའོ། །གསུམ་པ་ལ་གཉིས། སྡུད་པ་པོའི་ཚིག་ གིས་ཆོ་ག་ལྷག་མ་གསུང་བའི་མཚམས་སྦྱར། གཙོ་བོ་འཕོ་ཚུལ་དོན་བསྡུ་དང་བཅས་པའོ། །གཉིས་པ་ལ་གཉིས། སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང༌། སློབ་མ་གཞུག་པ་ལ་སོགས་པའི་ཆོ་གའོ། །དང་པོ་ལ་བཞི། དཀྱིལ་འཁོར་བསྒྲུབ་ཀྱི་དང༌། བགེགས་བྱུང་ན་བཟློག་པ་ཡི་དང༌། བུམ་པའི་དང༌། སྦྱིན་སྲེག་གི་ཆོ་གའོ། །དང་པོ་ལ་གཉིས། ཕྱག་རྒྱ་དང་བཅས་པའི་དཀྱིལ་འཁོར་བྲི་སྒྲུབ་སྤྱིར་བསྟན་པ། ཕྱག་རྒྱ་དང་བྲལ་བའི་ཆོ་གའི་དམིགས་བསལ་བསྟན་པའོ། །དང་པོ་ལ་གཉིས། དཀྱིལ་འཁོར་ བྲི་བ་དང༌། སྒྲུབ་ཅིང་མཆོད་པའོ། །དང་པོ་ལ་གཉིས། ཐིག་འདེབས་པ་དང་ཚོན་དགྱེ་བའི་སྔགས་བསྟན་པ། དེའི་གྲོགས་ཕྱག་རྒྱ་འདུ་བྱ་བ་བསྟན་པའོ། །དེ་ལ་བཞི། བདེ་བ་ཆེན་པོ་ལས་ཕྱིར་ཕྱོགས་པའི་རྒྱུད་ལ་བརྟེན་ནས་དཀྱིལ་འཁོར་ 5-2-22b བྲི་བ་དགག་པ་དང༌། དེས་ན་ཕྱག་རྒྱ་མ་དང་བཅས་པར་དཀྱིལ་འཁོར་བྲི་ཚུལ་སྤྱིར་བསྟན་པ་དང༌། ཕྱག་རྒྱའི་རིགས་ཀྱི་དབྱེ་བས་ཕྱེ་བའི་ཆོ་ག་བསྟན་པ་དང༌། དེ་ལྟར་བྱས་པའི་ཕན་ཡོན་ནོ། །གཉིས་པ་ལ་གསུམ། དམ་ཚིག་གི་དཀྱིལ་འཁོར་རྫོགས་ པར་བྱས་ནས་ཡེ་ཤེས་པ་སྤྱན་དྲངས་ཏེ་བསྟིམ་པ་དང༌། ཕྱི་རོལ་གྱི་དཀྱིལ་འཁོར་གྱི་ལྷ་ལ་མཆོད་པ་དང༌། ནང་ལུས་ཀྱི་དཀྱིལ་འཁོར་མཆོད་པའོ། །གཉིས་པ་ལ་གཉིས། སློབ་དཔོན་དང་སྒྲུབ་པའི་གྲོགས་ལྷར་བསྐྱེད་པ་དང༌། ཐིག་ཚོན་བྱིན་གྱིས་ བརླབས་ཏེ་གདབ་ཅིང་དགྱེ་བའོ། །བཞི་པ་ལ་གཉིས། གཉིས་ཀའི་རྒྱུད་ལས་གསུངས་པའི་ཆོ་གས་ནང་དང་ཕྱིའི་ཟས་ཀྱི་སྦྱིན་སྲེག་གཉིས་རིམ་ཅན་དུ་བྱ་བ་དང༌། སྙོམས་འཇུག་ལ་གནས་པས་ནང་དང་ཟས་ཀྱི་སྦྱིན་སྲེག་གཉིས་སྤེལ་ཏེ་བྱའོ། ། གཉིས་པ་ལ་བཞི། དབབ་པ་སྔོན་དུ་འགྲོ་བས་དཀྱིལ་འཁོར་དུ་གཞུག་པ་དང༌། དཀྱིལ་འཁོར་བསྒྲུབ་པའི་ཆོ་ག་ལྷག་མ་བསྟན་པ་དང༌། ཞུགས་པ་ལ་དབང་བསྐུར་བ་དང༌། སྤྱོད་པའི་དམ་ཚིག་དཔོག་པའོ། །དང་པོ་ལ་གཉིས། ཡེ་ཤེས་དབབ་ པའི་ཆོ་ག་ཁྱད་པར་བ་དང༌། དཀྱིལ་འཁོར་དུ་འཇུག་པའི་སྙིང་པོའོ། །གསུམ་པ་ལ་བཞི། བུམ་པའི་དང༌། གསང་བའི་དང༌། ཤེས་རབ་ཡེ་ཤེས་ཀྱི་དང༌། བཞི་པའི་དབང་བསྐུར་བའོ། །དང་པོ་ལ་ལྔ། དབང་ལྷ་སྤྱན་དྲངས་ཏེ་ཆུ་དབང་བསྐུར་ བ། སློབ་མ་ལ་ལུས་དཀྱིལ་དགོད་པ་སྔོན་དུ་བྱས་ནས་དེའི་འོག་ཏུ་དབང་བསྐུར་བར་བྱ་བ། དབང་བསྐུར་བ་སྦྱིན་པ་དང་དབང་གི་དོན་དུ་གསོལ་བ་གདབ་པའི་ཆོ་ག །དཀྱིལ་འཁོར་བསྟན་ཞིང་དམ་ཚིག་བསྒྲགས་པ། ལྷ་དང་སྔགས་ཀྱི་རྗེས་ 5-2-23a གནང་སྦྱིན་པའོ། །གསུམ་པ་ལ་གཉིས། སྤྱིའི་དོན་དང༌། ཡན་ལག་གི་དོན་ནོ། །བཞི་པ་ལ་གཉིས། དངོས་ཀྱི་དོན་དང༌། ཤ་དང་བདུད་རྩི་ལྔའི་སྐྱེད་ཆོག་གསལ་བར་བཤད་པའོ། །གཉིས་པ་ལ་གཉིས། དབང་བསྐུར་ནས་ དམ་ཚིག་སྲུང་བས་དངོས་གྲུབ་གཉིས་ཀ་འགྲུབ་པར་བསྟན་པ་དང༌། དངོས་གྲུབ་སྒྲུབ་པའི་ལས་ཚོགས་སོ་སོར་བཤད་པའོ། །དེ་ལ་དྲུག །ཤ་ལྔ་བདུད་རྩི་ལྔའི་རི་ལུའི་སྒྲུབ་པ། མངག་གཞུག་པ་སྒྲུབ་པ། རྡོ་རྗེ་འཇམ་དཔལ་གྱི་སྒོ་ནས་རྒྱལ་པོ་ལ་ སོགས་པ་དབང་དུ་བྱ་བ། གདུལ་བྱ་མ་དད་པ་དད་པར་བྱེད་པའི་སྦྱོར་བ། རྣམ་སྣང་གི་སྒོ་ནས་བཀྲེས་སྐོམ་ཞི་བའི་སྦྱོར་བ། ལྷ་སོ་སོའི་སྒྲུབ་ཐབས་ལ་བརྟེན་ནས་ལས་སྒྲུབ་པའོ། །གཉིས་པ་ལ་བདུན། འཇིག་རྟེན་ལས་འདས་པའི་མངག་གཞུག་པ་སྒྲུབ་ པ། འཇིག་རྟེན་པའི་མངག་གཞུག་པ་བསྐུལ་བ། མངག་གཞུག་པ་སྒྲུབ་པའི་གནས་དང་དུས། མངག་གཞུག་པ་བསྒྲུབས་པའི་ཕན་ཡོན། མངག་གཞུག་པ་བསྐུལ་བའི་སྙིང་པོ། མངག་གཞུག་པ་བསྒྲུབ་པའི་ཚུལ་བསྡུས་ཏེ་བསྟན་པ། མཇུག་ བསྡུ་བའོ། །དང་པོ་ལ་གསུམ། མངག་གཞུག་པའི་སྒྲུབ་པ་ཐུན་མོང་དུ་བསྟན་པ་དང༌། རིགས་སོ་སོར་ཕྱེ་བའི་སྒྲུབ་པ་བསྟན་པ་དང༌། མངག་གཞུག་པ་བསྐུལ་ཚུལ་ལོ། །བཞི་པ་ལ་གཉིས། རིག་འཛིན་གྱི་འཁོར་ཚད་མེད་པ་འགྲུབ་ཚུལ་དང༌། སངས་རྒྱས་ཀྱི་ཞིང་དུ་ཁྲིད་ནས་མཆོག་འགྲུབ་ཚུལ་ལོ། །དྲུག་པ་ལ་གཉིས། དངོས་ཀྱི་དོན་དང༌། མངག་གཞུག་པས་ལས་སྒྲུབ་ཚུལ་ལོ། །དྲུག་པ་ལ་ལྔ། དཔའ་བོ་རྡོ་རྗེའི་སྒོ་ནས་ཞི་སོགས་ཀྱི་ལས་ཐམས་ཅད་སྒྲུབ་ཚུལ། སྐུལ་བྱེད་མའི་སྒོ་ནས་ 5-2-23b ལས་སྒྲུབ་ཚུལ། ཛམྦྷ་ལའི་སྒོ་ནས་ནོར་སྒྲུབ་ཚུལ། གནོད་སྦྱིན་མོ་དབང་དུ་བྱས་ནས་ལས་སྒྲུབ་པ། མཁའ་འགྲོ་མ་གཉིས་དང་སྙོམས་པར་ཞུགས་པས་འབྲས་བུ་གཉིས་འགྲུབ་ཚུལ་ལོ། །གསུམ་པ་ལ་དྲུག །སྤྲོས་མེད་བསྡུས་པའི་སྤྱོད་པ་བྱ་ཚུལ་ དང༌། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་བྱ་ཚུལ་དང༌། སྤྱོད་པའི་འབྲས་བུ་དང༌། སྤྲོས་མེད་ཀྱི་སྤྱོད་པའི་ཐུན་མོང་གི་ཆོ་ག་དང༌། སྤྱོད་པ་གཉིས་ལ་བརྟེན་ནས་སྒྲུབ་པ་པོས་ལམ་བགྲོད་ཚུལ་དང༌། སྤྱོད་པའི་གཞུང་ཉེ་བར་བསྡུ་བའོ། །དང་པོ་ལ་ལྔ། མཚམས་སྦྱོར་སྔོན་འགྲོས་སྤྱོད་པ་བྱེད་པས་ཆ་ལུགས་བསྒྱུར་དགོས་པར་བསྟན་པ། རིགས་གསུམ་སོ་སོར་ཕྱེ་བའི་སྤྱོད་པ་བྱེད་ཚུལ། ཁ་ཟས་ལ་ལོངས་སྤྱོད་ཚུལ་ཕན་ཡོན་དང་བཅས་པ། ངེས་དོན་གྱི་དམ་ཚིག་བཞི་ལ་གནས་པར་ བྱ་བ། རང་རིགས་ཀྱི་ཕྱག་རྒྱ་མ་མ་རྙེད་ན་ཇི་ལྟར་བྱ་བའོ།། ལེའུ་བཅུ་དྲུག་པའི་བསྡུས་དོན་ནོ།། །།བཞི་པ་རྡོ་རྗེའི་བྱིན་བརླབས་ཀྱི་རྒྱལ་པོའི་ལེའུས་བཤད་ཚུལ་ལ་གསུམ། ལེའུ་སྔ་ཕྱིའི་མཚམས་སྦྱར་བ། ལེའུའི་གཞུང་བཤད་ པ། ལེའུའི་མཚན་དོན་བཤད་པའོ། །གཉིས་པ་ལ་བཞི། མཚམས་སྦྱར་ནས་བསྟོད་ཅིང་གསོལ་བ་གདབ་པ། བསྟོད་པ་ལ་སྟོན་པ་དགྱེས་ནས་གསུང་བ་ལ་མངོན་དུ་ཕྱོགས་པ། གསོལ་བ་བཏབ་པའི་དོན་བཤད་པ། འདུས་པའི་ དོན་འཆད་པའི་རིམ་པ་འབྱུང་ཚུལ། མཇུག་སྡུད་དང་བཅས་པའོ། །གསུམ་པ་ལ་དགུ། དམ་ཚིག་དང་སྡོམ་པ་རྣམས་བསྟན་པ་དང༌། མཚན་མ་མེད་པའི་ཏིང་ངེ་འཛིན་གཏན་ལ་དབབ་པ། དེའི་ཐབས་སུ་ལྷའི་སྐུ་ཇི་ལྟར་བསྐྱེད་ 5-2-24a པ་སྤྱོད་པ་དམ་ཚིག་དང་བཅས་པ། འཁོར་གྱི་དྲིས་ལན་གྱིས་བླ་མ་བསྙེན་བཀུར་ཚུལ་བསྟན་པ། བསམ་གཏན་གྱི་དཀྱིལ་འཁོར་ལ་བརྟེན་ནས་ཀྱང་དབང་རྫོགས་པར་བསྐུར་བའི་ཚུལ། ལས་ཚོགས་མཆོད་པ་དམ་ཚིག་རྣམས་ སྤེལ་ནས་བསྟན་པ། རྒྱུད་ཀྱི་ཆེ་བ་བསྟན་པ། ཐོས་བསམ་གྱིས་ཐེ་ཚོམ་ཆོད་ནས་ཉམས་སུ་བླངས་པའི་འབྲས་བུ་བསྟན་པ། རྒྱུད་ཡོངས་སུ་གཏད་པའི་ཚུལ་ལོ། །དང་པོ་ལ་གསུམ། ཐེག་པ་གསུམ་གྱི་དམ་ཚིག་དང་སྡོམ་པ་དང༌། འཇིག་རྟེན་པ་ གཞན་གྱི་དམ་ཚིག་དང་སྡོམ་པ་དང༌། རིམ་པ་གཉིས་ལ་གནས་པའི་སོ་སོའི་དམ་ཚིག་དང་སྡོམ་པ་བསྟན་པའོ། །དང་པོ་ལ་གསུམ། རིགས་གསུམ་གྱི་བཟའ་བ་དང་བསྲུང་བའི་དམ་ཚིག་བསྟན་པ་དང༌། རང་སངས་རྒྱས་ཀྱི་དམ་ཚིག་བསྟེན་ ཚུལ་དང༌། ཉན་ཐོས་ཀྱི་དམ་ཚིག་བསྟེན་ཚུལ་ལོ། །གཉིས་པ་ལ་བཞི། གཙོ་བོ་གསུམ་གྱི་དམ་ཚིག་འཁྲུལ་སྤོང་དང་བཅས་པ་དང༌། རྫུ་འཕྲུལ་ཆུང་བ་ལྔའི་དམ་ཚིག་དང༌། དམ་ཚིག་དེ་བརྒྱད་ལ་གསང་འདུས་པས་ཀྱང་སྤྱད་པར་བྱ་བ་དང༌། དོན་ བསྡུ་བ་ཁུངས་དང་བཅས་པའོ། །གསུམ་པ་ལ་དྲུག །རྫོགས་རིམ་པས་ལས་ཀྱི་ལམ་རྣམས་འོད་གསལ་གྱིས་དག་པར་བྱ་བའི་དམ་ཚིག་དང་སྡོམ་པ་དང༌། བསྐྱེད་རིམ་པ་དང་རྫོགས་རིམ་པས་ཕྱག་བྱ་བ་དང་མི་བྱ་བའི་ཚུལ་དང༌། བསྐྱེད་ རིམ་པས་འདོད་ཡོན་ལ་ལོངས་སྤྱོད་པའི་དུས་སུ་ཡུལ་དབང་རྣམས་ཐབས་ཤེས་སུ་སྡུད་པའི་སྡོམ་པ་དང༌། རྫོགས་རིམ་པས་ཐ་མལ་པའི་ལུས་སྤངས་ནས་རྡོ་རྗེའི་སྐུ་སྐྱེད་པའི་ཐབས་ཀྱི་དམ་ཚིག་དང༌། ནང་ལ་གཞོལ་བ་རྣམས་ཀྱི་ཚིམ་པར་ 5-2-24b བྱ་བའི་ཆོ་ག་དང༌། སྔགས་ལ་གཞོལ་བ་རྣམས་ཀྱི་ཚིམ་པར་བྱ་བའི་ཆོ་གའོ། །གཉིས་པ་ལ་ལྔ། རྗེས་འཇུག་གི་ལས་ཚོགས་ལ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དགོས་པར་བསྟན་པའི་ཕྱིར་དུ་སྟོན་པ་འོད་གསལ་ལ་བཞུགས་པ་དང༌། དེ་ལ་སྔོན་བྱུང་གི་དགོས་པ་ བསྟན་པའི་ཕྱིར་དུ་འཁོར་རྣམས་ཀྱིས་དྲིས་ལན་མཛད་པ་དང༌། དེ་ལ་སྟོན་པ་མཉེས་ནས་དོན་དེ་ཉིད་རང་གི་གསུང་གིས་སྟོན་པར་མཛད་པ་དང༌། སློབ་བཞིན་པའི་རྣལ་འབྱོར་པ་སངས་རྒྱས་སུ་འགྲུབ་པའི་རྒྱུ་ལ་ཞུས་ལན་མཛད་པ་དང༌། འོད་ཟུང་གི་ཏིང་ ངེ་འཛིན་བཤད་པ་ལ་འཁོར་རྣམས་ངོ་མཚར་བར་གྱུར་པའོ། །གཉིས་པ་ལ་བཞི། འཁོར་གྱི་བྱང་སེམས་རྣམས་ཀྱིས་འོད་གསལ་ལ་བཞུགས་པའི་རྒྱུ་མཚན་ཞུས་པ་དང༌། དེའི་ལན་འཁོར་གྱི་དེ་བཞིན་གཤེགས་པས་གསུངས་པ་དང༌། ལན་དེ་ལ་ ལོག་པར་རྟོག་པ་འཇམ་དཔལ་ལ་སོགས་པས་བསལ་བ་དང༌། འཁོར་གྱི་དེ་བཞིན་གཤེགས་པས་བྱང་ཆུབ་ཐོབ་བྱར་ཡོད་མེད་ཀྱི་ཚུལ་བསྟན་པའོ། །གསུམ་པ་ལ་གཉིས། ལོག་པར་གཟུང་བ་ཞེས་པའི་ཚིག་དོན་ལ་ལོག་རྟོག་བསལ་བ་དང༌། འོད་ ཟུང་གི་ཟབ་པ་དང་རྒྱ་ཆེ་བ་བསྟན་པའི་དགོས་པ་བསྟན་པའོ། །བཞི་པ་ལ་གཉིས། དོན་དམ་པར་ཐོབ་བྱ་སོགས་མ་གྲུབ་པས་བྱང་ཆུབ་རྙེད་དཀའ་བར་བསྟན་པ་དང༌། ཐ་སྙད་དུ་རྙེད་སླ་བར་བསྟན་པའོ། །བཞི་པ་ལ་གསུམ། འཁོར་གྱི་དེ་བཞིན་གཤེགས་ པས་སངས་རྒྱས་ཐམས་ཅད་ཀྱི་དངོས་གྲུབ་གང་ལས་འབྱུང་བ་དང་གང་དུ་ཐིམ་པའི་རྒྱུ་ཞུས་པ་དང༌། སྟོན་པས་རང་གི་ལུས་ངག་ཡིད་གསུམ་འོད་གསལ་དུ་ཞུགས་པ་རྒྱུ་ཡིན་པར་བསྟན་པ་དང༌། དེ་ལ་སླར་ཡང་ཞུས་ལན་མཛད་པའོ། །དེ་ལ་གཉིས། 5-2-25a དངོས་གྲུབ་དང་ཁམས་གསུམ་ཐམས་ཅད་ཀྱི་རྩ་བ་གང་ཡིན་ཞུས་པ་དང༌། དེའི་རྩ་བ་འོད་གསལ་དང་དེ་ལ་རྩ་བ་གཉིས་པ་མེད་པར་བསྟན་པའོ། །གསུམ་པ་ལ་ལྔ། རིགས་སོ་སོའི་སྔགས་ཀྱི་སྐུ་སྐྱེད་པའི་ཐབས་དང༌། རྫོགས་རིམ་པའི་ སྤྱོད་པ་བསྟན་པ་དང༌། རྫོགས་རིམ་པས་ལག་པའི་ཕྱག་རྒྱ་མི་བཅིང་བའི་དམ་ཚིག་དང༌། ཕྱག་རྒྱ་མ་ལ་བརྟེན་པའི་སྐུ་གསུང་ཐུགས་ཀྱི་དམ་ཚིག་གསུམ་བསྟན་པ་དང༌། སྤྱོད་པ་གསུམ་ལ་གནས་པས་ཕྱི་རོལ་གྱི་ལྷར་ཞེན་པ་བསལ་ནས་བདག་ཉིད་ལྷག་པའི་ལྷར་ བལྟ་བའི་དམ་ཚིག་གོ། གཉིས་པ་གཉིས། ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་པའི་སྤྱོད་པ་ཕན་ཡོན་དང་བཅས་པ་དང༌། ལས་ཀྱི་ཕྱག་རྒྱ་ལ་བརྟེན་པའི་སྤྱོད་པ་ཕན་ཡོན་དང་བཅས་པའོ། །བཞི་པ་ལ་གསུམ། རིག་མ་དང་སྙོམས་པར་ཞུགས་པས་བསྐྱེད་པའི་བདུད་ རྩི་ཟོས་པའི་བཅུད་ལེན་གྱིས་ལུས་ཀྱི་སྟོབས་རྒྱས་པར་བྱ་བ། གསུང་རྡོ་རྗེའི་ལྕེས་རྩ་བསྐུལ་ནས་བདེ་བ་བསྐྱེད་དེ་ལས་བྱུང་བའི་བདུད་རྩི་ལྕེས་མྱང་པ་དང༌། པདྨ་ཅན་ལ་སོགས་པའི་ཕྱག་རྒྱ་རྣམས་ཀྱིས་ཡིད་དགའ་བར་བྱ་ཞིང་དེ་རྣམས་ཀྱི་ཐུགས་སུན་མི་དབྱུང་ བ་མཇུག་སྡུད་དང་བཅས་པའོ། །གཉིས་པ་ལ་གཉིས། སྤྱིའི་དོན་དང༌། ཡན་ལག་གི་དོན་ནོ། །བཞི་པ་ལ་བཞི། འཁོར་རྣམས་ལ་དྲིས་ལན་གྱི་སྐབས་དབྱེ་བའི་ཕྱིར་སྟོན་པ་འོད་གསལ་ལ་བཞུགས་པ་དང༌། དེའི་ཚེ་འཁོར་རྣམས་ཀྱིས་དྲིས་ལན་ཇི་ལྟར་ དུ་མཛད་པ་དང༌། དེས་བྱང་ཆུབ་སེམས་དཔའ་རྣམས་ཐེ་ཚོམ་ཆོད་ནས་ཐུགས་རངས་པ་ཐོབ་པ་དང༌། དྲིས་ལན་གྱི་དོན་རྣམས་བསྡུས་ཏེ་བསྟན་པ་ཤེས་བྱེད་དང་བཅས་པའོ། །གཉིས་པ་ལ་བཞི། བྱམས་པས་འདུས་པའི་སློབ་དཔོན་ལ་ཇི་ལྟར་བལྟ་ཞེས་འཁོར་ 5-2-25b གྱི་དེ་བཞིན་གཤེགས་པ་རྣམས་ལ་ཞུས་པ་དང༌། བྱམས་པ་ལ་དེའི་ལན་མཛད་པ་དང༌། འཁོར་གྱི་དེ་བཞིན་གཤེགས་པ་ལྔས་བྱང་སེམས་རྣམས་ལ་བླ་མའི་བསྔགས་པ་བསྟན་པ་དང༌། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་གང་ལ་གནས་པའི་དྲིས་ལན་ནོ། །དེ་ ལ་གསུམ། དངོས་གྲུབ་ཀྱི་རྩ་བ་གང་ཡིན་ཞུས་པ་དང༌། དེ་བླ་མ་ཡིན་པར་བསྟན་པའི་ལན་དང༌། བླ་མའི་རྡོ་རྗེ་གསུང་ཡང་རྡོ་རྗེ་འཆང་ལ་གནས་པར་བསྟན་པའོ། །ལྔ་པ་ལ་བཞི། སྟོན་པ་འོད་གསལ་ལས་བཞེངས་ནས་བསམ་གཏན་གྱི་དཀྱིལ་འཁོར་ཉན་ པར་བསྐུལ་བ། འཁོར་རྣམས་ཀྱིས་དེ་བཤད་པར་གསོལ་བ་གདབ་པ། གསོལ་བ་བཏབ་པའི་དོན་བཤད་པ། དོན་བསྡུ་བའོ། །གསུམ་པ་ལ་བཞི། བསམ་གཏན་གྱི་དཀྱིལ་འཁོར་སྒྲུབ་པའི་སྔོན་དུ་བདག་སྐྱེད་སྒོམ་པའི་ཚུལ། དེ་ནས་ཕྱག་རྒྱ་དང་ སྙོམས་པར་ཞུགས་ཏེ་བསམ་གཏན་གྱི་དཀྱིལ་འཁོར་སྒྲུབ་ཅིང་མཆོད་པ། སློབ་མ་ལ་དབང་བསྐུར་བ་ལྷག་མའི་མཚོན་བྱེད་ནང་དབང་བསྐུར་བ་དང༌། དབང་བསྐུར་བའི་ཕན་ཡོན་ནོ། །དྲུག་པ་ལ་དྲུག །རྡོ་རྗེ་མཁའ་འགྲོའི་རྣལ་འབྱོར་གྱིས་གདུག་པ་རྣམས་ཚར་ བཅད་པ་དང༌། མཆོད་པའི་ཆོ་ག་དང༌། ལུས་བརྟས་པར་བྱེད་པའི་ཆོ་ག་དང༌། རྫོགས་རིམ་པའི་ལུས་ངག་གི་དམ་ཚིག་དང༌། ལེའུ་བཅོ་ལྔ་པ་ལས་གསུངས་པའི་ལས་ཕྲ་མོའི་ལྷག་མ་བསྟན་པ་དང༌། ལས་ཀྱི་མཐར་རྡོ་རྗེ་ཨན་སྒྲུབ་པའི་ཆོ་ག་བསྟན་པའོ། །གཉིས་ པ་ལ་ལྔ། ནང་གི་སྦྱིན་སྲེག་གི་མཆོད་པ། ཡིད་དུ་འོང་བའི་ཡུལ་ལྔའི་ཐུན་མོང་གི་མཆོད་པ། རིགས་ཀྱི་སྲས་བསྐྲུན་ཏེ་བསྲུང་བ་དང་གསོ་བ་ལ་སོགས་པའི་ཁྱད་པར་གྱི་མཆོད་པ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་དམིགས་ནས་ས་ལ་ལོངས་སྤྱོད་པ་ཕུལ་ 5-2-26a དུ་བྱུང་བའི་མཆོད་པ། མཆོད་པ་རྣམས་སྒྲུབ་པ་ལ་མཚན་འཛིན་གྱི་དྲི་མ་དག་པར་བྱ་བའི་ཐབས་བསྟན་པའོ། །ལྔ་པ་ལ་གཉིས། དུག་བསལ་བ་ལ་སོགས་པའི་ཆོ་ག་དང༌། དེ་ལྟར་བྱེད་པའི་སྔགས་པས་གཞན་བསྲུང་བའི་ཆོ་ག་བསྟན་པའོ། ། བདུན་པ་ལ་བཞི། རྒྱུད་འདི་ལ་དད་ཅིང་སྒོམ་པ་ལ་སངས་རྒྱས་ཐམས་ཅད་ཀྱི་གསང་བ་གསུམ་གྱི་གནད་རྟོགས་དགོས་པར་བསྟན་པ་དང༌། རྒྱུད་ཤིན་ཏུ་རྙེད་དཀའ་བར་བསྟན་པ་དང༌། རྒྱུད་འདི་ལ་བརྟེན་ནས་ཚེ་འདིར་མཆོག་འགྲུབ་པར་བསྟན་པ་དང༌། རྒྱུད་ཤིན་ཏུ་ ཟབ་པར་བསྟན་པའོ། །གཉིས་པ་ལ་གཉིས། སྤྱིའི་དོན་དང༌། ཡན་ལག་གི་དོན་ནོ། །གསུམ་པ་ལ་གཉིས། སྤྱིའི་དོན་དང༌། ཡན་ལག་གི་དོན་ནོ། །བཞི་པ་ལ་གསུམ། རྗེས་འཇུག་གི་གང་ཟག་བཞིས་རྒྱུད་མ་ལུས་པར་ཉན་ཡང་དོན་མ་རྟོགས་པ་བསྟན་པའི་ཕྱིར་ སྔོན་བྱུང་ལ་བྱང་ཆུབ་སེམས་དཔའ་རྣམས་བཤུམས་པ་དང༌། རྗེས་འཇུག་ལ་རིན་པོ་ཆེ་ལྟ་བུའི་གང་ཟག་གིས་དེ་རྣམས་དབུགས་འབྱིན་པ་བསྟན་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མྱ་ངན་བསལ་བའི་དྲིས་ལན་དང༌། རིན་པོ་ཆེ་ལྟ་བུའི་གང་ཟག་གིས་ དེ་དག་གི་རབ་རིབ་བསལ་བས་དེ་དག་གིས་དེ་ཁོ་ན་ཉིད་རྟོགས་པར་བསྟན་པའོ། །བརྒྱད་པ་ལ་ལྔ། ཐོབ་བྱའི་འབྲས་བུ་བསྟན་པའི་ཕྱིར་གཙོ་བོ་འོད་གསལ་དུ་ཞུགས་པ། དེ་ལ་ལྷ་མོ་བཞིའི་གླུས་བཞེངས་པར་བསྐུལ་བ། འོད་གསལ་ལས་བཞེངས་ནས་རིགས་བཞིའི་ངོ་ བོས་སྤྱན་སོགས་བཞི་དང་སྙོམས་པར་ཞུགས་པ། དེའི་འོག་ཏུ་རྡོ་རྗེ་གསུམ་གྱིས་ནམ་མཁའི་ཁམས་ཐམས་ཅད་གང་བར་བསྟན་པ། སྟོན་པ་ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་པས་འགྲོ་བའི་དོན་མཛད་ཚུལ་ལོ། །དེ་ལ་བཞི། སྙོམས་པར་ཞུགས་ 5-2-26b པའི་ཡེ་ཤེས་ཀྱི་འོད་ཟེར་གྱིས་སེམས་ཅན་རྣམས་ལ་དབང་བསྐུར་བས་དེ་རྣམས་ཀུན་ཏུ་བཟང་པོའི་མིང་ཅན་དུ་གྱུར་པ་དང༌། སེམས་ཅན་ཀུན་ཏུ་བཟང་པོར་མཉམ་པ་ཉིད་དུ་བསྟན་པ་འཁོར་རྣམས་ཀྱིས་གཟིགས་ཚུལ་དང༌། དེ་ལ་འཁོར་རྣམས་ངོ་མཚར་ནས་ཞུས་ པ་དང༌། འདོད་ཆགས་ཀྱི་རང་བཞིན་འོད་གསལ་ཉིད་ཡིན་པས་ངོ་མཚར་རྒྱུ་མེད་པར་བསྟན་པའོ། །དགུ་པ་ལ་བཞི། འདུས་པ་སངས་རྒྱས་དང་བྱང་སེམས་རྣམས་ལ་སྤྱིར་གཏད་པ་དང༌། བྱེ་བྲག་ཏུ་རྡོ་རྗེ་ཆོས་ལ་གཏད་དེ་ཞལ་གྱིས་བཞེས་པ་དང༌། དེ་རྣམས་ཀྱི་ དོན་རྗེས་འཇུག་ལ་སྦྱར་ཏེ་བཤད་པ་དང༌། རྒྱུད་གཏད་པའི་འོག་ཏུ་འཁོར་རྣམས་རྡོ་རྗེ་གསུམ་དུ་གྱུར་པར་བསྟན་པའོ། །བཞི་པ་ལ་བཞི། རྡོ་རྗེ་སློབ་མས་སློབ་དཔོན་ལ་ཇི་ལྟར་ཞུས་པ་དང༌། ཞུས་པའི་ལན་བཤད་པ་དང༌། དེས་ན་ཐེ་ཚོམ་སྤངས་ཏེ་རང་ གཞན་གྱི་གྲུབ་པའི་མཐའི་མཆོག་དམན་ངེས་པར་བྱ་བ་དང༌། རྒྱུད་ཀྱི་གཞུང་ཉེ་བར་བསྡུ་བའོ། །དང་པོ་ལ་གསུམ། རྒྱུད་མཐའ་དྲུག་གི་འཆད་པ་ལ་རྒྱབ་ཀྱིས་ཕྱོགས་པའི་སྔགས་པ་རྣམས་ཀྱིས་བསྐྱེད་རིམ་རྙེད་ཀྱང་ཟུང་འཇུག་གི་གནད་རྫོགས་ པར་མི་རྙེད་པར་བསྟན་པ་དང༌། ཁྱད་པར་བདུན་ལྡན་གྱི་ཟུང་འཇུག་རྒྱུད་ཀྱི་དོན་མཐར་ཐུག་པར་བསྟན་པ་དང༌། དོན་དེ་སྟོན་པ་དང་སྡུད་པ་པོ་ལ་སོགས་པ་མི་བཞུགས་པའི་དུས་སུ་གང་གིས་སྟོན་ཞིང་གདུལ་བྱའི་རྒྱུད་ལ་འཇུག་པར་འགྱུར་བ་དྲིས་པའོ། །གཉིས་ པ་ལ་གསུམ། གསུང་རབ་ཟབ་མོའི་དོན་མཐར་ཐུག་པ་མགོན་པོ་ཀླུ་སྒྲུབ་ཀྱིས་སྟོན་པར་ལུང་བསྟན་པའི་ཚུལ། དེས་ན་ཀླུ་སྒྲུབ་ནས་བརྒྱུད་པའི་བླ་མ་རྣམས་ཀྱིས་འདུས་པའི་དོན་ཟབ་མོ་སྟོན་ཞིང་གདུལ་བྱའི་རྒྱུད་ལ་འཕོ་བར་བསྟན་པ། མགོན་པོ་ཀླུ་ 5-2-27a སྒྲུབ་ཀྱིས་མཐར་ཐུག་པའི་གོ་འཕང་བརྙེས་ནས་མཐར་ཐུག་པའི་ལམ་བསྟན་ཏེ་བདེ་བ་ཅན་དུ་གཤེགས་པའི་ཚུལ་ལོ། །ལེའུ་བཅུ་བདུན་པའི་བསྡུས་དོན་ནོ།། །།གསུམ་པ་རྒྱུད་ཀྱི་བཤད་པ་མཐར་ཕྱིན་པའི་ ཚུལ་ལ་གསུམ། རྒྱུད་ཀྱི་རྒྱལ་པོ་མཐའ་དྲུག་གི་སྒོ་ནས་བཤད་པའི་བཤད་ཚུལ་གཞན་ལས་ཁྱད་པར་དུ་འཕགས་པར་བསྟན་པ་དང༌། དེ་ལྟར་བཤད་པའི་དགེ་བ་གནས་སྐབས་དང་མཐར་ཐུག་གི་དོན་གཉིས་འགྲུབ་པའི་རྒྱུར་བསྔོ་བ་དང༌། ལེའུ་དེ་བཤད་ཟིན་ པར་བསྟན་པའོ། །བཞི་པ་མཇུག་གི་དོན་ལ་གཉིས། མཛད་པ་པོ་གང་གིས་གྲུབ་ཆེན་གང་གི་མན་ངག་ལ་བརྟེན་ནས་མཛད་པ་དང༌། བོད་ཡུལ་དུ་ལོ་པཎ་གང་གིས་བསྒྱུར་བའི་ཚུལ་ལོ། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྩ་ རྒྱུད། འགྲེལ་པ་སྒྲོན་མ་གསལ་བར་བྱེད་པ་ཞེས་བྱ་བའི་རྒྱ་ཆེར་བཤད་པས་འཆད་པའི་བསྡུས་དོན་འདི་ནི། དཔལ་གསང་བ་འདུས་པའི་རྣལ་འབྱོར་པ་ཤར་ཙོང་ཁ་པ་བློ༷་བཟ༷ང་གྲ༷གས་པ༷འི་དཔལ་གྱིས་འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་ གླིང་དུ་སྦྱར་བའོ།། །། 5-2-27b empty page 5-3-1a ༄༅། །རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྒྱ་ཆེར་བཤད་པ་སྒྲོན་མ་གསལ་བའི་དཀའ་བའི་གནས་ཀྱི་མཐའ་གཅོད་རིན་པོ་ཆེའི་མྱུ་གུ་བཞུགས་སོ། ། 5-3-1b ༄༅༅། །རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྒྱ་ཆེར་བཤད་པ། སྒྲོན་མ་གསལ་བའི་དཀའ་བའི་གནད་ཀྱི་མཐའ་གཅོད་རིན་པོ་ཆེའི་མྱུ་གུ་ཞེས་བྱ་བ། བཅོམ་ལྡན་འདས་བྱང་ཆུབ་ ཀྱི་སེམས་རྡོ་རྗེ་ལ་ཕྱག་འཚལ་ལོ། །རིན་ཆེན་བརྒྱ་ལས་རབ་བསྐྲུན་དག་པའི་ཤེལ་ལྟར་ལྷང་ངེ་བ། །སྣ་ཚོགས་ཚོན་གྱིས་རྣམ་ཕྱེ་འོད་ཟེར་འཕྲེང་བ་ཕྱོགས་བཅུར་འཁྲིགས། །ཟག་མེད་འདོད་པའི་བདེ་སྟེར་ ལྷ་མོའི་འཕྲེང་བས་ཀུན་ནས་བསྐོར། །མ་ལུས་ཞིང་གི་མཆོག་གྱུར་ཐར་པ་ཆེན་པོའི་ཕོ་བྲང་ན། །མཁའ་དབྱིངས་ཤར་བའི་དབང་པོའི་གཞུ་བཞིན་དུ། །མིག་ལ་བདུད་རྩིའི་དཔལ་སྟེར་བཅོམ་ལྡན་འདས། །བདེ་བ་ མཆོག་གི་གཏེར་ལ་རོལ་མཛད་པ། །སྟོན་པ་རྡོ་རྗེ་འཆང་དབང་ཞབས་ལ་འདུད། །རབ་འབྱམས་ནམ་མཁའི་དབྱིངས་ཀུན་མ་ལུས་པ། །ཏིལ་གྱི་གང་བུ་བཞིན་དུ་བར་མེད་པར། །ཡོངས་སུ་དཀྲིགས་ཏེ་རྒྱུད་རྒྱལ་གསན་ 5-3-2a མཛད་པ། །ཕུན་ཚོགས་འཁོར་ལ་གུས་པས་ཕྱག་འཚལ་ལོ། །རྡོ་རྗེ་འཆར་དབང་དགོངས་པའི་གནད། །ཇི་བཞིན་མངོན་དུ་གྱུར་ནས་ནི། །ཐུགས་རྗེས་འགྲོ་ལ་གསལ་མཛད་པ། ། འཕགས་པ་ཡབ་སྲས་ཞབས་ལ་འདུད། །ཤིན་ཏུ་རྟོགས་དཀའི་དཔལ་ལྡན་རྒྱུད། །ཀླུ་སྒྲུབ་མན་ངག་ཇི་བཞིན་དུ། །མཐའ་དྲུག་ཚུལ་བཞིས་གསལ་མཛད་པ། །ཟླ་བའི་ཞབས་ལ་མགོས་ཕྱག་འཚལ། ། མཆོག་ཏུ་གྱུར་པའི་ལུགས་བཟང་འདི། །ཕྱོགས་འདིར་རིམ་བཞིན་གསལ་མཛད་པ། །དངོས་དང་བརྒྱུད་པའི་བླ་མ་ལ། །ཡིད་རབ་དང་བས་ཕྱག་འཚལ་ནས། །རྒྱུད་འགྲེལ་ཚིག་དོན་མཆན་གྱིས་ནི། །ལེགས་ པར་ཕྱེ་བའི་དཀའ་གནས་ཀྱི། །མཐའ་གཅོད་རྗེ་བཙུན་དྲིན་གྱིས་ནི། །བདག་གིས་ལེགས་པར་བཤད་པར་བྱ། །འདིར་ས་གསུམ་གྱི་སྒྲོན་མེ་གཅིག་པུ། ལྷ་དང་མིའི་རྣམ་པར་འདྲེན་པ་དམ་པ། ལེགས་པར་བཤད་ 5-3-2b པ་ཐམས་ཅད་ཀྱི་འབྱུང་ཁུངས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གདུལ་བྱ་རྣམས་དང་ཇི་ལྟར་འཚམ་པར་ལེགས་པར་བཤད་པ་ཇི་སྙེད་ཅིག་བསྟན་པའི་རབ་དང་ཕུལ་དང་གཙོ་བོར་གྱུར་པ། དཔལ་གསང་བ་འདུས་པ་ཞེས་བྱ་བ་སྒྲོན་མ་གསལ་བར་བྱེད་ པ་ཞེས་བྱ་བའི་རྒྱ་ཆེར་བཤད་པས་འཆད་པ་ལ་གཉིས། སྔོན་དུ་བསྟན་པ་སྤྱིའི་རྣམ་པར་གཞག་པ་དང༌། བྱེ་བྲག་ཏུ་རྒྱུད་འགྲེལ་གཉིས་ཀྱི་དོན་བཤད་པའོ། །དང་པོ་ལ་གཉིས། རྒྱལ་བའི་བསྟན་པ་ཁོ་ན་ཐར་འདོད་ཀྱི་འཇུག་ངོགས་སུ་བསྟན་པ་དང༌། དེ་ལ་འཇུག་ པའི་རིམ་པ་མི་འདྲ་བའི་སྒོ་བསྟན་པའོ། །དང་པོ་ནི། རང་དང་གཞན་གྱི་དོན་ཆེན་པོའི་གནས་ལ་དཔྱོད་པ་ཞུགས་ནས་སྲོག་འདི་ཇི་སྲིད་འཚོ་བ་དེ་སྲིད་ཚུན་ཆད་ཀྱི་བདེ་བ་སྒྲུབ་པ་དང༌། སྡུག་བསྔལ་སེལ་བའི་འཇུག་ལྡོག་འཇིག་རྟེན་པའི་རྒན་པོ་རྣམས་ཀྱིས་ རྣམ་པར་ཕྱེ་བའི་ལུགས་ཙམ་གྱིས་ཆོག་པར་མི་འཛིན་པར། འཇིག་རྟེན་ཕྱི་མ་ཕན་ཆད་ཀྱི་གོང་མའི་ཁྱད་པར་ཚོལ་བ་རྣམས་ཀྱི་འཇུག་ངོགས་ནི། གང་ཟག་གཞན་ཕལ་མོ་ཆེས་སྙིང་ཐག་པ་ནས་རྗེས་སུ་ཡི་རང་བ་ཙམ་ཡང་བྱ་བར་དཀའ་ལ། འཇིག་རྟེན་ ཐམས་ཅད་དང་མི་མཐུན་པའི་གཏམ་གྱི་གཞིར་གྱུར་པ་བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་དང༌། དེས་ཀུན་ཏུ་དྲངས་པའི་རྒྱལ་སྲས་ཀྱི་སྤྱོད་པ་རླབས་ཆེ་བ་རྣམས་ལ་བསླབས་པ་ལ་བརྟེན་ནས་རྨད་དུ་བྱུང་བའི་གོ་འཕང་མཆོག་བརྙེས་པས། ཐ་ན་དབུགས་ཕྱི་ནང་དུ་རྒྱུ་བ་ཙམ་ཡང་སེམས་ཅན་རྣམས་ལ་སྨན་པའི་ཐབས་ཆེན་པོར་འགྱུར་བ། སྐྱེ་དགུ་ཐམས་ཅད་ཀྱི་ཉེར་འཚོའི་གཞི་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་ཞེས་སྙན་པའི་བ་དན་ས་གསུམ་ན་རྣམ་པར་གཡོ་བ་དེ་ཡི་བསྟན་པ་ཁོ་ 5-3-3a ན་ཡིན་ཏེ། སྤེལ་མར་བསྟོད་པ་ལས། གཏིང་མཐའ་མེད་པའི་འཁོར་བ་ནི། །རྒྱ་མཚོའི་ནང་ན་རྣམ་པར་གནས། །འདོད་ཆགས་ལ་སོགས་མི་བཟད་པའི། །ཆུ་སྲིན་གྱིས་ནི་ལུས་ཟོས་པས། ། དེ་རིང་གང་ལ་སྐྱབས་སུ་མཆི། ། གང་ལ་ཉེས་པ་ཐམས་ཅད་ཀུན། །གཏན་ནས་ཡོང་ཡེ་མི་མངའ་ཞིང༌། །གང་ཞིག་ལ་ནི་ཡོན་ཏན་ཀུན། །རྣམ་པ་ཀུན་ཏུ་གནས་གྱུར་པ། །གལ་ཏེ་སེམས་ཤིག་ཡོད་ན་ནི། །དེ་ཉིད་ལ་ནི་སྐྱབས་འགྲོ་ཞིང༌། །དེ་བསྟོད་དེ་ནི་བཀུར་བ་དང༌། །དེ་ཡི་བསྟན་ལ་གནས་ པའི་རིགས། །ཞེས་གསུངས་པ་ལྟར་རོ། །དེ་ལ་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་དང༌། དེས་ཉེ་བར་བསྟན་པ་དང༌། དེ་ལ་ཚུལ་བཞིན་དུ་སློབ་པ་རྣམས་ཁོ་ན་ཐར་པ་འདོད་པ་རྣམས་ཀྱི་སྟོན་པ་དང་ལམ་དང་ཐར་པར་བགྲོད་པའི་གྲོགས་ཡིན་གྱི། ཆོས་འདི་ལས་གཞན་དུ་གྱུར་པའི་སྟོན་པ་དང་བསྟན་པ་དང་དེ་ལ་སློབ་པ་རྣམས་ནི་དེ་ལྟ་མ་ཡིན་ནོ། །ཞེས་སྐྱབས་གནས་ལ་ཡིད་གཞན་དུ་མི་གཡོ་བའི་ངེས་པ་རྙེད་དགོས་ལ། དེ་ལྟ་ན་ཐུབ་པའི་བསྟན་པ་ཁོ་ན་ཐར་པ་འདོད་པ་རྣམས་ཀྱི་འཇུག་ངོགས་སུ་རྟོགས་པར་ འགྱུར་རོ། །ངེས་པ་དེ་ཡང་བློའི་མཐུ་ཆུང་བས་ནི་ཡིད་དཔྱོད་ཙམ་གྱིས་ཡིན་ལ་བློའི་མཐུ་ཆེ་བས་ནི་ཚད་མས་དྲངས་པའི་ངེས་པ་བརྟན་པོ་བཙལ་བར་བྱ་སྟེ། དེ་ལྟ་མ་ཡིན་ན་དམ་བཅའ་བ་ཙམ་དུ་ཟད་པས་སོ། །དེ་ཡང་ལྷ་ལས་ཕུལ་བྱུང་གི་བསྟོད་པ་ ལས། བདག་ནི་སངས་རྒྱས་ཕྱོགས་མི་འཛིན། །སེར་སྐྱ་སོགས་ལ་མི་སྡང་ཡང༌། །གང་ཞིག་རིགས་པར་ལྡན་པའི་ཚིག །དེ་ཉིད་སྟོན་པར་ཡོངས་སུ་འཛིན། །ཞེས་གསུངས་པ་ལྟར་རང་དང་གཞན་གྱི་སྟོན་པའི་ལུགས་ལ་ཕྱོགས་ལྷུང་དང་སྡང་ཞུགས་དོར་ 5-3-3b ནས་འདི་གཉིས་ལས་གང་ནི་ལེགས་པར་བཤད་པ་ཡིན་ལ། གང་ནི་ཉེས་པར་བཤད་པ་ཡིན་སྙམ་དུ་དཔྱད་པ་ན། གདུལ་བྱའི་དོན་གཉིས་འགྲུབ་པའི་ཐབས་སྟོན་པ་གང་ལ་སྒྲུབ་བྱེད་ཡང་དག་ཡོད་པ་དེ་ཉིད་ནི་བླང་བར་བྱ་བ་ཡིན་ནོ། །དེའི་ཚེ་ལུང་གཉིས་ནི་ བདེན་པའི་དོན་ཅན་ཡིན་མིན་དཔྱོད་པའི་གཞི་ཡིན་པས་རྩོད་གཞི་སྒྲུབ་བྱེད་དུ་མི་རུང་བའི་ཕྱིར་རིགས་པ་ཉིད་ཀྱིས་བདེན་པའི་དོན་ཅན་ཡིན་མིན་དབྱེ་བར་བྱའོ། །དེའི་ཚུལ་ནི་གང་ཟག་གི་རྒྱུད་ལ་སྐྱེ་བ་ན་གནས་སྐབས་ཀྱི་ཐོབ་བྱ་མངོན་མཐོ་སྔོན་དུ་ཐོབ་ནས་ ཕྱི་ནས་ངེས་ལེགས་ཐོབ་པར་བྱ་བ་ཡིན་མོད་ཀྱང༌། ལུང་གང་སྐྱེས་བུའི་དོན་གཉིས་སྟོན་པ་རྣམས་དེ་ལ་སླུ་མི་སླུ་དཔྱོད་པའི་ཚེ་ནི། གཙོ་བོའི་དོན་ངེས་ལེགས་ལ་མི་སླུ་བར་རིགས་པས་གྲུབ་པ་སྔོན་དུ་བཏང་ནས་ཐོབ་བྱ་ཕལ་པ་མངོན་མཐོ་ལ་མི་སླུ་བར་དཔོག་པ་ནི་ མཁས་པའི་དབང་པོ་རྣམས་ཀྱི་བཞེད་པ་ཡིན་ཏེ་རྣམ་འགྲེལ་ལས། གཙོ་བོའི་དོན་ལ་མི་བསླུའི་ཕྱིར། །གཞན་ལ་རྗེས་སུ་དཔག་པ་ཡིན། །ཞེས་དང༌། བཞི་བརྒྱ་པ་ལས་ཀྱང༌། སངས་རྒྱས་ཀྱིས་གསུངས་ལྐོག་གྱུར་ལ། །གང་ཞིག་ཐེ་ཚོམ་སྐྱེ་འགྱུར་བ། །དེ་ཡིས་ སྟོང་པ་ཉིད་བརྟེན་ཏེ། །འདི་ཉིད་ཁོ་ནར་ཡིད་ཆེས་བྱ། །ཞེས་གསུངས་པ་བཞིན་ནོ། །དེས་ན་བདག་ཏུ་འཛིན་པའི་ཀུན་འབྱུང་ལས་སྡུག་བསྔལ་གྱི་ཕུང་པོ་ཉིང་མཚམས་སྦྱོར་བའི་འཁོར་བ་དང༌། བདག་མེད་རྟོགས་པའི་ཤེས་རབ་ཀྱིས་རྣམ་པར་གྲོལ་ བའི་གོ་འཕང་སྒྲུབ་པའི་ཐར་པར་བགྲོད་པའི་རིམ་པ་རྣམས་རིགས་པའི་གཞུང་ལུགས་རྣམས་སུ་རིགས་པས་བསྒྲུབས་པ་ལྟར་རིགས་པས་གྲུབ་པ་དགོས་ཀྱི། དེ་དག་ཚུར་མཐོང་ལ་ཤིན་ཏུ་ལྐོག་གྱུར་ཡིན་པས་སྒྲུབ་བྱེད་ལུང་ཙམ་དུ་ཟད་དོ་ཞེས་སྨྲ་བ་ནི། 5-3-4a བདག་ནི་སྟོན་པ་གཞན་སྤངས་ནས་བཅོམ་ལྡན་ཁྱོད་ལ་སྐྱབས་སུ་སོང་བ་འདི་ནི། རང་གི་འདོད་པ་ཙམ་དུ་ཟད་ཀྱི་སྒྲུབ་བྱེད་ཡང་དག་པ་ཅི་ཡང་མེད་དོ་ཞེས་རང་གི་སྐྱབས་འགྲོའི་མཚང་སྒྲོག་པ་སྟེ། དེའི་ཚེ་ལུང་སྒྲུབ་བྱེད་དུ་མི་རུང་ ལ་རིགས་པའི་སྒྲུབ་བྱེད་ཀྱང་མེད་པར་འདོད་པའི་ཕྱིར་རོ། །གཞན་ཡང་རང་གཞན་གྱི་སྟོན་པས་སྐྱེ་བ་སྔ་ཕྱི་ཡོད་མེད་དང༌། ཕུང་པོ་རྟག་མི་རྟག་དང་བདག་ཡོད་མེད་སོགས་མི་མཐུན་པ་བསྟན་པའི་ལུང་རྣམས་ལ། གང་འཐད་ལ་གང་མི་འཐད་ཅེས་རང་གི་སྡེ་པ་ཆེན་པོ་ རྣམས་དང་གཞན་སྡེ་རྣམས་རྩོད་པ་ན། རང་གི་སྟོན་པའི་ལུང་དེ་རྣམས་རྣམ་དག་ཏུ་སྒྲུབ་མི་ནུས་པར་ཡང་འགྱུར་རོ། །དངོས་སྟོབས་ཀྱི་ཚད་མས་མི་འགྲུབ་པའི་ཤིན་ཏུ་ལྐོག་གྱུར་སྟོན་པའི་ལུང་རྣམས་ནི་རང་གི་བསྟན་བྱའི་དོན་ལ་མི་སླུ་བར་དཔྱད་པ་གསུམ་གྱིས་དག་ པའི་གཏན་ཚིགས་ཀྱིས་སྒྲུབ་ལ། དེའི་ཚུལ་སྒྲུབ་པ་ཡང་རིགས་པས་འགྲུབ་ཀྱི་ལུང་སྒྲུབ་བྱེད་དུ་ཁས་ལེན་པ་ཙམ་གྱིས་སྒྲུབ་པ་མིན་ནོ། །གཞན་སྡེའི་ལུང་སྐྱེས་བུའི་དོན་གྱི་གཙོ་བོ་སྟོན་པ་རྣམས་ནི་སྔ་ཕྱི་འགལ་བ་ཉིད་ཡིན་ཏེ་དཔེར་ན། གཙོ་བོ་དང་དབང་ཕྱུག་ ལ་སོགས་པའི་རྟག་པ་འཁོར་བའི་བྱེད་པ་པོར་སྨྲ་ཞིང༌། ཡང་གྲོལ་བ་དོན་གཉེར་གྱིས་ལམ་བསྒོམས་པའི་མཐར་འཁོར་བར་ལྡོག་པར་ཡང་འདོད་པ་ལྟ་བུ་སྟེ། འཁོར་བའི་རྒྱུའི་གཙོ་བོ་མ་ལོག་ན་འཁོར་བ་མི་ལྡོག་པའི་ཕྱིར་དང༌། རྟག་པས་སྐྱེད་ན་དུས་ ནམ་ཡང་ལྡོག་པར་མི་རུང་བའི་ཕྱིར་རོ། །དེ་བཞིན་དུ་བདག་མེད་པའི་ལྟ་བ་སུན་འབྱིན་ཞིང་འཁོར་བར་འཆིང་བ་ཆད་པའི་གྲོལ་བ་ཐོབ་བྱར་བྱེད་པ་ཡང་འགལ་བའོ། །སྔར་བཤད་པ་ལྟར་རང་གི་སྟོན་པ་ལ་སོགས་པའི་སྐྱབས་གསུམ་ཐར་འདོད་ཀྱི་སྐྱབས་ 5-3-4b ཡིན་གྱི། དེ་དང་མི་མཐུན་པའི་སྟོན་པ་ལ་སོགས་པ་སྐྱབས་གཏན་མིན་ནོ་སྙམ་པའི་ངེས་པ་མ་དྲངས་ན། རང་གི་སྐྱབས་གནས་ལ་རྩེ་གཅིག་པའི་བློ་བརྟན་པོ་མི་འབྱུང་ལ། དེ་འབྱུང་བ་ཡང་ལུགས་གཉིས་ཀྱི་སྐྱོན་ཡོན་རིགས་པས་མཐོང་བ་ལ་རག་ལས་པས། མུ་སྟེགས་ བྱེད་དངོས་སུ་ཡོད་དམ་མེད་ཀྱང་བླའི་བློ་གྲོས་ཆེ་བ་རྣམས་ཀྱིས་སྐྱབས་འགྲོའི་བློ་ཁྱད་པར་ཅན་སྐྱེད་པར་འདོད་ན་སྔར་ལྟར་བྱའོ། །དེས་ན་བདག་ཉིད་ཆེན་པོ་ཕྱོགས་ཀྱི་གླང་པོ་དང༌། ཆོས་ཀྱི་གྲགས་པ་ལ་སོགས་པས་མཛད་པའི་རིགས་པའི་བསྟན་བཅོས་རྣམས་ནི་རང་གི་ སྟོན་པ་སངས་རྒྱས་དང༌། དེའི་བསྟན་པ་ལུང་རྟོགས་གཉིས་དང་དེ་དག་ཚུལ་བཞིན་དུ་ཉམས་སུ་ལེན་པ་ལ་ཚིག་ཙམ་མིན་པའི་གུས་པ་ཆེན་པོ་སྐྱེད་པའི་ཐབས་མཆོག་ཏུ་ཤེས་པར་བྱོས་ཤིག །གཉིས་པ་ལ་གཉིས། ཐེག་པ་སྤྱིའི་དབྱེ་བ་དང༌། ཐེག་པ་ཆེན་པོའི་དབྱེ་བའོ། །དང་ པོ་ལ་བཞི། ཇི་ལྟར་དུ་དབྱེ་བའི་སྒོ། གང་གིས་འབྱེད་པའི་རྒྱུ་མཚན། ཕྱེ་བ་སོ་སོའི་རང་བཞིན། ཐམས་ཅད་ཀྱང་མཐར་འཚང་རྒྱ་བའི་ཡན་ལག་ཏུ་བསྟན་པའོ། །དང་པོ་ནི་ལེའུ་བཅུ་བདུན་པ་ལས་ཉན་རང་གི་དམ་ཚིག་ཀྱང་གསུངས་ལ། སྤྱོད་བསྡུས་ལས་ཀྱང༌། གདུལ་བྱའི་མོས་ པ་གསུམ་གྱི་དབང་དུ་བྱས་ནས་སྤྱོད་པ་གསུམ་དུ་ཕྱེ་སྟེ། དམན་པ་ལ་མོས་པ་ལ་ཆགས་བྲལ་གྱི་སྤྱོད་པ་དང༌། རྒྱ་ཆེན་པོ་ལ་མོས་པ་ལ་ས་དང་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་དང༌། ཟབ་མོ་ལ་ལྷག་པར་མོས་པ་ལ་འདོད་ཆགས་ཀྱི་སྤྱོད་པ་བསྟན་ནོ། །དེའི་དང་པོ་ནི་ཐེག་དམན་ གྱི་ལམ་དང༌། ཕྱི་མ་གཉིས་ནི་ཐེག་ཆེན་གྱི་ལམ་དུ་འདུའོ། །གཉིས་པ་ནི། དབྱེ་བའི་སྒོ་གཉིས་སུ་གསུངས་པའི་རྒྱུ་མཚན་བཤད་ན། ཆེད་དུ་བྱ་བ་བདག་གཅིག་པུའི་ཕྱིར་དུ་ཐོབ་བྱ་འཁོར་བའི་སྡུག་བསྔལ་ཙམ་ཞི་བའི་གོ་འཕང་དོན་དུ་གཉེར་བ་དང༌། ཆེད་དུ་བྱ་བ་ 5-3-5a སེམས་ཅན་ཐམས་ཅད་ཀྱི་ཕྱིར་དུ་སངས་རྒྱས་ཀྱི་གོ་འཕང་དོན་དུ་གཉེར་བའི་གདུལ་བྱ་དམན་མཆོག་གཉིས་ཡོད་པས། དེ་གཉིས་ཐེག་པ་གང་གིས་རང་རང་གི་གོ་འཕང་དུ་འགྲོ་བའི་ཐེག་པ་གཉིས་ལ་ཐེག་པ་དམན་པ་དང་ཐེག་པ་ཆེན་པོ་ཞེས་ བྱ་ལ། དེ་གཉིས་ཀྱི་དབང་དུ་བྱས་ནས་གསུངས་པའི་ཆོས་གཉིས་ལ་ཐེག་པ་མཆོག་དམན་གྱི་སྡེ་སྣོད་ཅེས་བྱའོ། །ཐེག་པ་དམན་པ་ལ་ཉན་རང་གཉིས་ཡོད་ཅིང་དེ་དག་རང་རང་གི་གོ་འཕང་དུ་འཁྲིད་པར་བྱེད་པའི་ལམ་ལ་ཉན་རང་གི་ཐེག་པ་གཉིས་སུ་ཕྱེ་བས་ ཐེག་པ་གསུམ་མོ། །གསུམ་པ་ལ་གཉིས། ཐེག་པ་དམན་པའི་རྣམ་བཞག་དང༌། ཐེག་པ་ཆེན་པོའི་རྣམ་བཞག་གོ། །དང་པོ་ནི། ཉན་རང་གཉིས་ལ་དབང་པོ་དང་འབྲས་བུ་ལ་མཆོག་དམན་ཡོད་ཀྱང་ལམ་གྱི་རྣམ་བཞག་ཕལ་ཆེར་མཚུངས་པར་སའི་དངོས་གཞི་ལས་གསུངས་ ལ། །ཁྱད་པར་ཞིབ་པ་ནི་ཚིག་མངས་སུ་དོགས་པས་འདིར་གཉིས་ཀའི་སྤྱིའི་རྣམ་བཞག་རགས་པ་འགའ་ཞིག་བརྗོད་པར་བྱའོ། །འདི་གཉིས་ཀྱི་རིགས་ཅན་རྣམས་ནི་གཞན་གྱི་དོན་ཁུར་དུ་འཁུར་བ་ལ་རྒྱབ་ཀྱིས་ཕྱོགས་པས་རང་གྲོལ་བ་ཙམ་གྱི་ཕྱིར་དུ་ཞུགས་པ་ ཡིན་ལ། རྣམ་གྲོལ་ཐར་པ་འཐོབ་པའི་རྒྱུའི་གཙོ་བོ་ནི་བདག་མེད་པའི་དོན་རྟོགས་པའི་ཤེས་རབ་སྟེ། འཁོར་བར་འཆིང་བའི་རྒྱུའི་གཙོ་བོ་བདག་འཛིན་ཡིན་པའི་ཕྱིར་རོ། །དེས་ན་དེ་དག་གིས་ཀྱང་དོན་དེ་རྟོགས་ནས། ཤེས་རབ་དེ་བཙལ་ཏེ་ཚུལ་ཁྲིམས་དང་ཏིང་ངེ་ འཛིན་ལ་སོགས་པའི་ལམ་གཞན་གྱིས་གྲོགས་བྱས་ནས་བསྒོམས་པས་ཉོན་མོངས་པ་ཐམས་ཅད་ཟད་པར་བྱེད་དོ། །འདི་དག་གིས་གང་ཟག་གདོད་ནས་རང་གི་མཚན་ཉིད་ཀྱིས་གྲུབ་པའི་རང་བཞིན་གྱིས་སྟོང་ཡང་དེ་སྣང་བའི་སྒྱུ་མ་ལྟ་བུའི་དོན་མ་ 5-3-5b རྟོགས་ཀྱི། གང་ཟག་ལ་ཕྱི་རོལ་པས་བཏགས་པའི་རྫས་ཡོད་ཀྱི་བདག་མེད་པར་རྟོགས་པ་གང་ཟག་གི་བདག་མེད་རྟོགས་པའི་དོན་དུ་མདོ་སྡེ་པ་དང་ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་དང་སེམས་ཙམ་པ་དང་དབུ་མ་པ་ཁ་ཅིག་འཆད་དོ། །དཔལ་ལྡན་ཟླ་བ་གྲགས་པ་ནི་དེ་ལྟར་གང་ཟག་ལ་ བདེན་པར་འཛིན་པ་ཅུང་ཟད་ཀྱང་མི་ལྡོག་པས། དེ་འདྲ་བ་དེ་ལ་གང་ཟག་གི་བདག་མེད་པ་རྟོགས་པའི་དོན་མེད་དེ། གང་ཟག་ལ་བདེན་པར་འཛིན་པ་དེ་སྲིད་དུ་གང་ཟག་གི་བདག་འཛིན་ཡང་མི་ལྡོག་པའི་ཕྱིར་དང༌། ཕུང་པོ་ལ་སོགས་པའི་ཆོས་རང་བཞིན་མེད་པར་རྟོགས་ པ་ཆོས་ཀྱི་བདག་མེད་རྟོགས་པའི་དོན་དུ་བཞག་དགོས་པ་ལྟར། གང་ཟག་རང་བཞིན་མེད་པར་རྟོགས་པ་ཡང་གང་ཟག་གི་བདག་མེད་རྟོགས་པའི་དོན་དུ་གཞག་དགོས་པའི་ཕྱིར་རོ། །དེས་ན་ཕུང་པོ་ལ་བདེན་པར་འཛིན་པ་དེ་སྲིད་དུ་གང་ཟག་ལ་ཡང་བདེན་འཛིན་འཇུག་ ལ། དེ་འཇུག་པ་དེ་སྲིད་དུ་ཉོན་མོངས་པ་མ་ལུས་པར་ལྡོག་པ་མེད་པས། ཉན་རང་རྣམས་ཀྱིས་ཇི་ཙམ་འབད་ཀྱང་འཁོར་བ་ལས་མི་གྲོལ་བར་འདོད་དགོས་ན། དེ་ཡང་མི་རིགས་སོ་སྙམ་དུ་དགོངས་ཏེ། དེ་ཉིད་འཕགས་པའི་དགོངས་པར་ཡང་འཆད་དོ། །འདི་ལ་སློབ་ དཔོན་འདི་དང་སངས་རྒྱས་བསྐྱངས་དང༌། ཞི་བ་ལྷ་གསུམ་ག་དགོངས་པ་མཐུན་ནོ། །གཉིས་པ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འདོད་ནས་སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སློབ་པ་ཙམ་ནི། འདིས་འགྲོ་བའི་ཐེག་པ་ཆེན་པོ་པ་ སྤྱིའི་དོན་ཡིན་ཏེ་སྔགས་ཀྱི་ཐེག་པར་ཡང༌། ལམ་འདིས་འགྲོ་བར་རྒྱུད་སྡེ་རྣམས་ནས་ལན་དུ་མར་གསུངས་པས་སོ། །འོན་ཀྱང་ལམ་གཉིས་ལ་མི་འདྲ་བའི་ཁྱད་ཆོས་ནི་མང་དུ་ཡོད་དོ། །གང་ཟག་དེ་དག་གི་ལམ་ནི་རྣམ་མཁྱེན་དུ་བགྲོད་པའི་ཐེག་པ་ཆེན་པོའོ། ། 5-3-6a ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་བ་རྣམས་ལ་ནི། ལམ་གྱི་སྤྱིའི་ལུས་དེ་ཙམ་དུ་ཟད་ལ་དེ་ལ་ཡང་ལྟ་བའི་སྒོ་ནས་ཕྱེ་ན་དབུ་མ་པ་དང་སེམས་ཙམ་པ་གཉིས་སུ་ཡོད་དོ། །དེ་ལྟ་ནའང་དེ་གཉིས་ལ་ཐེག་པ་མི་འདྲ་བའི་རིམ་པ་བཤད་པ་མེད་ པས་གཉིས་ཀ་ཡང་ཐེག་པ་ནི་གཅིག་གོ། དེ་ཁོ་ན་ཉིད་ཀྱི་གཏིང་དཔོག་མི་དཔོག་གི་ཁྱད་ཡོད་པས་སྔ་མ་ནི་དབང་པོ་རྣོ་ལ་ཕྱི་མ་ནི་དབང་པོ་རྟུལ་ལོ། །འདིར་ཡང་གང་གི་དབང་དུ་བྱས་ནས་ཕར་ཕྱིན་གྱི་ཐེག་པ་གསུངས་པའི་ཆེད་དུ་བྱ་བའི་གདུལ་བྱའི་གཙོ་བོ་ནི། དབུ་མ་པ་ཡིན་ལ་སེམས་ཙམ་པ་ནི་ཐེག་པ་དེའི་ཞར་བྱུང་ངམ་ཕལ་པའི་གདུལ་བྱའོ། །ཕར་ཕྱིན་གྱི་ཐེག་པ་པ་འདི་ལའང་མྱུར་བུལ་གྱི་སྒོ་ནས་ཕྱེ་ན་ལྔ་ཡོད་པར་ངེས་པ་དང་མ་ངེས་པ་ལ་འཇུག་པ་ཕྱག་རྒྱའི་མདོ་ལས་གསུངས་ཏེ། ཕྱུགས་དང་གླང་པོ་ཆེའི་ཤིང་རྟ་ལྟ་བུས་ འགྲོ་བ་གཉིས་དང༌། ཟླ་བ་དང་ཉི་མ་ལྟ་བུས་འགྲོ་བ་གཅིག་དང༌། ཉན་ཐོས་དང་སངས་རྒྱས་ཀྱི་རྫུ་འཕྲུལ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་གཉིས་སོ། །དེ་དག་ནི་དཔེ་དེ་དག་དང་འདྲ་བར་ལམ་གྱི་འགྲོས་མགྱོགས་བུལ་ཆེས་ཤིན་ཏུ་ཁྱད་པར་ཆེ་ཡང༌། དེ་དག་ལ་ཐེག་པ་སོ་སོ་བ་མེད་པའི་ཕྱིར་ན་དབང་པོ་རྣོ་རྟུལ་ཙམ་དང་ལམ་བགྲོད་པའི་གཅོད་ཆེ་ཆུང་ཙམ་གྱིས་ཐེག་པ་སོ་སོར་འབྱེད་མི་ནུས་སོ། །དེས་ན་གང་དུ་བགྲོད་པར་བྱ་བའི་འབྲས་བུའི་ཐེག་པ་ལ་མཆོག་དམན་གྱི་ཁྱད་པར་ཆེས་ཆེ་བའམ། ཡང་ན་གང་ གིས་བགྲོད་པའི་རྒྱུའི་ཐེག་པ་ལ་ལུས་མི་འདྲ་བའི་ལམ་གྱི་རིམ་པ་གཞན་ཡོད་ན་ཐེག་པ་སོ་སོ་བར་བཞག་ལ། ལམ་གྱི་ལུས་རགས་པ་ལ་རིགས་མི་འདྲ་བ་ཆེན་པོའི་རྣམ་དབྱེ་མེད་ན། ལམ་གྱི་ནང་གསེས་ཀྱི་དབྱེ་བ་མི་འདྲ་བ་དང་ལམ་དེས་འགྲོ་བའི་གང་ཟག་ 5-3-6b ལ་མཆོག་དམན་ཡོད་པ་ཙམ་གྱིས་ཐེག་པའི་རིམ་པ་ཡོད་པར་གཞག་མི་ནུས་སོ། །བཞི་པ་ནི། ཐེག་པ་དམན་པ་རྣམས་ཀྱིས་སངས་རྒྱས་ཐོབ་པའི་དོན་དུ་དམིགས་ནས་རང་གི་ལམ་ལ་འཇུག་པ་མིན་ཡང༌། དེ་དག་གི་ལམ་ནི་གང་ཟག་དེ་རྣམས་སངས་རྒྱས་ཀྱི་སར་འཁྲིད་པའི་ཐབས་ ཡིན་པས་ན། ཐེག་དམན་གྱི་ལམ་རྣམས་མཐའ་གཅིག་ཏུ་འཚང་རྒྱ་བའི་གེགས་སུ་མི་བཟུང་སྟེ། དམ་ཆོས་པད་དཀར་ལས། སངས་རྒྱས་ཡེ་ཤེས་རབ་ཏུ་རྟོགས་བྱའི་ཕྱིར། །ཐབས་འདི་རང་བྱུང་གིས་ནི་མཛད་གྱུར་གྱི། །དེ་དག་རྣམས་ལ་ཁྱེད་ཅག་སངས་རྒྱས་སུ། །འགྱུར་རོ་ཞེས་ནི་ནམ་ ཡང་མི་གསུང་ངོ༌། །ཅི་ཕྱིར་ཞེ་ན་སྐྱོབ་པ་དུས་ལ་གཟིགས། །ཞེས་པ་དང་བདེན་པ་པོའི་ལེའུ་ལས་ཀྱང༌། འཇམ་དཔལ་ངས་སེམས་ཅན་རྣམས་ལ་ཆོས་གང་དང་གང་བསྟན་པ་དེ་དག་ཐམས་ཅད་ནི་འདི་ལྟ་སྟེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་བྱང་ཆུབ་ལ་གཞོལ་ བ། ཐེག་པ་ཆེན་པོ་ལ་འབབ་པ། ཐམས་ཅད་མཁྱེན་པ་ཉིད་སྒྲུབ་པ། ཡུལ་གཅིག་ཏུ་ཡང་དག་པར་ཕྱིན་པར་བྱེད་པ་སྟེ། དེ་བས་ན་ང་ལ་ཐེག་པ་ཐ་དད་པ་རྣམ་པར་དགོད་པ་མེད་དོ། །ཞེས་དང༌། མཚན་བརྗོད་ལས་ཀྱང༌། ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་ གནས། །ཞེས་དང༌། སཾ་བྷུ་ཊ་ལས་ཀྱང༌། གང་ཕྱིར་ཆོས་ནི་དུ་མས་ནི། །ཆུ་བོའི་རྒྱུན་ནི་རྒྱ་མཚོ་ལྟར། །ཐར་པ་ཉིད་ནི་གཅིག་པུ་ཉིད། །མང་པོ་དམིགས་པར་མི་འགྱུར་རོ། །ཞེས་གསུངས་པ་ལྟར་གོ་དགོས་ཏེ། དེ་ལྟ་མ་ཡིན་ན་དམ་པའི་ཆོས་སྤོང་བའི་སྒོ་ཆེན་པོར་འགྱུར་རོ། །གཉིས་པ་ལ་ གཉིས། ཐེག་པ་ཆེན་པོ་ལ་གཉིས་སུ་དབྱེ་བ་དང༌། རྡོ་རྗེ་ཐེག་པ་ལ་འཇུག་པའི་རྣམ་དབྱེ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གསུམ། ཇི་ལྟར་དུ་ཕྱེ་བའི་གྲངས་དང༌། ཕྱེ་བ་སོ་སོའི་དོན་དང༌། དེ་ལྟར་དུ་འབྱེད་པའི་རྒྱུ་མཚན་ནོ། །དང་པོ་ནི། རྣལ་འབྱོར་བླ་མེད་ཀྱི་རྒྱུད་དོན་ལ་འཇུག་པ་ལས། བྱང་ཆུབ་ 5-3-7a སེམས་དཔའི་ཐེག་པ་ལ་ཡང་གཉིས་ཏེ་ས་དང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང༌། གསང་སྔགས་འབྲས་བུ་རྡོ་རྗེ་ཐེག་པའོ། །ཞེས་ཤྲདྡྷཱ་ཀ་ར་ཝ་རྨས་བཤད་པ་ལྟར་གསང་སྔགས་ཀྱི་ཐེག་པ་དང་འབྲས་བུའི་ཐེག་པ་དང་རྡོ་རྗེ་ཐེག་པ་ཞེས་པ་ནི་སྔགས་ཀྱི་ཐེག་པའི་རྣམ་ གྲངས་ཡིན་ལ་ཐབས་ཀྱི་ཐེག་པ་ཞེས་ཀྱང་འབྱུང་ངོ༌། །རྒྱུ་འབྲས་ཀྱི་ཐེག་པ་ནི་ཐེག་པ་གཉིས་ཀྱི་རྣམ་གྲངས་ཡིན་ཏེ། འཕགས་པ་གསང་བ་ལུང་བསྟན་པའི་མདོ་ལས། རྒྱུ་ལ་སྦྱོར་བ་རྒྱུ་ཡི་ཆོས། །འཁོར་ལོ་རབ་ཏུ་བསྐོར་བྱས་ནས། །འབྲས་བུའི་ཐེག་པ་ཉེ་ ལམ་ཞིག །ཅེས་ཛྙཱ་ན་ཤྲཱིས་མཐའ་གཉིས་སེལ་བར་དྲངས་པ་ལྟར་རོ། །གཞན་ཡང་བཤད་རྒྱུད་ལས་གསུངས་པ་འཆད་པར་འགྱུར་བ་ལྟར། ཆགས་བྲལ་གྱི་ལམ་གྱིས་འཚང་རྒྱ་བའི་ཐེག་པ་དང༌། ཆགས་ཅན་གྱི་ལམ་གྱིས་འཚང་རྒྱ་བའི་ཐེག་པ་གཉིས་ སུའང་བྱའོ། །གཉིས་པ་ནི། གསང་ཞིང་སྦས་པས་འགྲུབ་ལ་སྣོད་མིན་གྱི་ཡུལ་མིན་པས་དེ་ལ་མི་བསྟན་པས་ན་གསང་བའོ། །སྔགས་ཀྱི་སྐད་དོད་མཱནྟྲ་ལ་མཱན་ནི་ཡིད། ཏྲཱ་ཡ་ནི་སྐྱོབ་པས་ན་སྔགས་ཏེ་འདུས་པའི་རྒྱུད་ཕྱི་མ་ལས། དབང་པོ་དང་ནི་ཡུལ་རྣམས་ ཀྱི། །རྐྱེན་གྱིས་གང་དང་གང་བྱུང་ཡིད། །ཡིད་དེ་མཱན་ཞེས་བྱ་བར་བཤད། །ཏྲཱ་ནི་སྐྱོབ་པར་བྱེད་པའི་དོན། །འཇིག་རྟེན་སྤྱོད་ལས་རྣམ་གྲོལ་བར། །གང་བཤད་དམ་ཚིག་སྡོམ་པ་སྟེ། །རྡོ་རྗེ་ཀུན་གྱིས་བསྲུང་བ་ནི། །སྔགས་ཀྱི་སྤྱོད་པ་ཞེས་བཤད་དོ། །ཞེས་སོ། ། རྣམ་གྲངས་གཞན་ཡང་མཱན་དང་ཏྲཱ་ཡའི་སྒྲ་དེ་ཉིད་ཤེས་པ་དང་འགྲོ་བ་སྐྱོང་བའི་སྙིང་རྗེ་ལ་དྲངས་ནས་གསུངས་པ་ལྟར་ཡང་ཤེས་པར་བྱའོ། །ཐེག་པ་ནི་འདིར་འདོད་པ་འབྲས་བུ་དང་འདིས་འདོད་པ་རྒྱུའི་ཐེག་པ་སྟེ་བགྲོད་པས་ན་ཐེག་པའོ། ། 5-3-7b འབྲས་བུ་ནི་གནས་ལུས་ལོངས་སྤྱོད་མཛད་པ་ཡོངས་སུ་དག་པ་བཞི་སྟེ། སངས་རྒྱས་ཀྱི་ཕོ་བྲང་དང་སྐུ་དང་འབྱོར་པ་དང་ཕྲིན་ལས་སོ། །ཚུལ་དེ་དང་རྗེས་སུ་མཐུན་པར་ད་ལྟ་ནས་གཞལ་ཡས་ཁང་དང་ལྷའི་འཁོར་ལོ་དང༌། མཆོད་པའི་ཡོ་བྱད་དང་སྣོད་བཅུད་ སྦྱོང་བ་སོགས་ཀྱི་མཛད་པ་ཅན་དུ་སྒོམ་པས་ན་འབྲས་བུའི་རྣམ་པ་དང་མཐུན་པར་བསྒོམས་ནས་བགྲོད་པའི་ཕྱིར་ཏེ། བླ་མེད་ཀྱི་རྒྱུད་དོན་ལ་འཇུག་པ་ལས། དེ་ནི་སྐུ་དང་ལོངས་སྤྱོད་དང་གནས་དང་མཛད་པ་ཡོངས་སུ་དག་པའི་ཚུལ་གྱིས་འཇུག་པས་ན་འབྲས་ བུ་སྟེ། ཞེས་བཤད་པ་བཞིན་ནོ། །དྲི་མེད་འོད་ལས། རྡོ་རྗེ་ནི་མི་ཕྱེད་པ་དང་མི་ཆོད་པ་ཆེན་པོ་ཡིན་ལ་དེ་ཉིད་ཐེག་པ་ཆེན་པོ་ཡིན་པ་ནི་རྡོ་རྗེ་ཐེག་པ་སྟེ། སྔགས་ཀྱི་ཚུལ་དང་ཕ་རོལ་ཏུ་ཕྱིན་པའི་ཚུལ་འབྲས་བུ་དང་རྒྱུའི་བདག་ཉིད་གཅིག་ཏུ་འདྲེས་པར་གྱུར་ པའོ། །ཞེས་རྡོ་རྗེའི་དོན་སྔགས་ཀྱི་ཚུལ་གྱི་འབྲས་བུ་དང༌། ཕར་ཕྱིན་གྱི་ཚུལ་གྱི་རྒྱུ་གཉིས་དབྱེར་མི་ཕྱེད་པ་ལ་མཛད་ནས་རྡོ་རྗེ་ཐེག་པའི་མིང་དོན་གསུངས་སོ། །དེའི་རྒྱུ་འབྲས་ནི་དབང་མདོར་བསྟན་ལས། སྟོང་ཉིད་གཟུགས་འཛིན་རྒྱུ་ཡིན་ཏེ། ། འབྲས་བུ་སྙིང་རྗེ་མི་འགྱུར་འཛིན། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ཞེས་བྱ་བར་བཤད། །ཅེས་གསུངས་པ་ལྟར་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དང་མཆོག་ཏུ་མི་འགྱུར་བའི་བདེ་བའོ། །དེ་གཉིས་མི་ཕྱེད་པ་དེ་ལ་འདིས་བགྲོད་པ་དང་ འདིར་བགྲོད་པའི་རྒྱུ་འབྲས་ཀྱི་ཐེག་པ་གཉིས་སུ་ཡོད་དོ། །དེ་འདྲ་བའི་རྡོ་རྗེ་ཐེག་པ་ནི་བླ་མེད་ལ་དགོངས་ཀྱི་རྒྱུད་སྡེ་འོག་མའི་སྐབས་སུ་མི་རུང་སྟེ། མཆོག་ཏུ་མི་འགྱུར་བའི་བདེ་བ་ནི་ཏིང་ངེ་འཛིན་གྱི་ཡན་ལག་ཐོབ་པ་ནས་གཞག་དགོས་པས་རྗེས་ 5-3-8a དྲན་མན་ཆད་ཀྱི་ཡན་ལག་གིས་བསྒྲུབ་དགོས་ན། རྒྱུའི་ཡན་ལག་དེ་དག་ཚང་བ་དེ་རྣམས་ལ་མེད་པའི་ཕྱིར་རོ། །དེས་ན་འདིར་རྡོ་རྗེ་ཐེག་པ་སྤྱིའི་དོན་ངོས་འཛིན་པའི་སྐབས་སུ་ཁྱབ་ཆུངས་པ་ཡིན་ལ། ཚུལ་དེས་རྒྱུ་འབྲས་ ཀྱི་ཐེག་པའི་དོན་འཇོག་པ་ཡང་སྤྱིའི་རྣམ་གཞག་ལ་མ་ཁྱབ་པ་ཡིན་ནོ། །དེའི་ཕྱིར་འདིར་ནི་སྙིམ་པའི་མེ་ཏོག་ལས་གསུངས་པ་ལྟར་བྱ་སྟེ། རྡོ་རྗེའི་ཐེག་པ་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་མ་ལུས་པ་བསྡུས་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡིན་ལ། དེ་རྣམས་བསྡུས་པ་ནི་ཐབས་དང་ཤེས་རབ་ཡིན་ཞིང་དེ་དག་ཀྱང་བསྡུས་པ་རོ་གཅིག་པ་དེ་ནི་བྱང་ཆུབ་ཀྱི་སེམས་ཡིན་ཏེ། དེ་ཡང་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཡིན་ལ་དེ་ཉིད་ནི་རྡོ་རྗེ་ཡིན་ནོ། །རྡོ་རྗེ་ཡང་དེ་ཡིན་ལ་ ཐེག་པ་ཡང་ཡིན་པས་ན་རྡོ་རྗེ་ཐེག་པ་སྟེ་སྔགས་ཀྱི་ཐེག་པ་ཞེས་བྱ་བའི་དོན་ནོ། །ཞེས་གསུངས་པ་ལྟར་ཐབས་དང་ཤེས་རབ་དབྱེར་མེད་པར་སྦྱོར་བའི་རྡོ་རྗེ་སེམས་དཔའི་རྣལ་འབྱོར་ནི། རྡོ་རྗེ་ཐེག་པ་ཡིན་ལ་དེ་ལ་ལམ་དང་འབྲས་བུའི་སྐབས་གཉིས་ཀ་ཡོད་དོ། །ཕར་ཕྱིན་གྱི་ཐེག་པ་ ལས་ཐབས་མཁས་པ་ཆེ་བའི་ཕྱིར་ན་ཐབས་ཀྱི་ཐེག་པའོ། །མཐའ་གཉིས་སེལ་བ་ལས་ཀྱང༌། དབྱེར་མེད་པ་དང༌། འབྲས་བུ་ཉིད་ལམ་དུ་གྱུར་པ་དང༌། ཐབས་ཀྱི་ཆེ་བ་དང༌། ཤིན་ཏུ་གསང་བར་བྱ་བའི་ཕྱིར་རྡོ་རྗེའི་ཐེག་པ་དང༌། འབྲས་ བུའི་ཐེག་པ་དང༌། ཐབས་ཀྱི་ཐེག་པ་དང༌། གསང་བའི་ཐེག་པ་ཞེས་བྱའོ། །ཞེས་སོ། །རིག་འཛིན་གྱི་སྡེ་སྣོད་ནི་རིག་སྔགས་འཆང་རྣམས་ཀྱི་བསླབ་པའི་གཞི་དང་གྲུབ་པའི་མཐའ་སྟོན་པ་ལ། དཔུང་བཟང་གིས་ཞུས་པའི་འགྲེལ་པར་བཤད་ 5-3-8b པ་ལྟར་རོ། །བླ་མེད་ཀྱི་རྒྱུད་དོན་ལ་འཇུག་པ་ལས། རིག་འཛིན་གྱི་སྡེ་སྣོད་སྡེ་སྣོད་གསུམ་དུ་མི་གཏོགས་པའི་སྡེ་སྣོད་བཞི་པར་འདོད་པ་དང་སྡེ་སྣོད་གསུམ་དུ་གཏོགས་པའི་ལུགས་གཉིས་བཤད་ཀྱང༌། དཔུང་བཟང་ལས། གསང་སྔགས་མདོ་སྡེའི་ཚུལ་དུ་བཤད་ ཀྱིས་ཉོན། །ཞེས་པ་དང་གཞན་ཡང་རྒྱུད་མང་པོ་ལས་མདོ་དང་མདོ་སྡེར་བཤད་པས། ཤཱནྟི་པས་ཟབ་དོན་བསྡུས་ཏེ་སྟོན་པས་མདོ་སྡེར་བཞེད་པ་ལྟར་ལེགས་ལ། དེ་ལ་ཡང་ནང་གསེས་ཀྱིས་ཕྱེ་ན་སྡེ་སྣོད་གཞན་གཉིས་ཀྱིའང་དོན་སྟོན་པས་ན། ཨ་བྷྱས་ སྡེ་སྣོད་གསུམ་ཀར་གཏོགས་པར་བཞེད་པ་ཡང་འཐད་དོ། །རྒྱུད་ནི་རྒྱུན་ཆགས་པ་ཡིན་ལ་དེ་ལ་ལམ་གྱི་བྱེད་པ་འཇུག་པའི་གཞིའི་རྒྱུད་དང༌། དེ་སྦྱོང་བྱེད་ལམ་གྱི་རྒྱུད་དང༌། སྦྱངས་འབྲས་འབྲས་བུའི་རྒྱུད་གསུམ་དུ་འདུས་པ་ཕྱི་མ་ལས་གསུངས་པ་ ནི་བརྗོད་བྱ་དོན་གྱི་རྒྱུད་ཡིན་ལ། དེ་དག་ཅི་རིགས་པར་བརྗོད་བྱར་བྱེད་པའི་གསུང་རབ་ནི་རྗོད་བྱེད་གཞུང་གི་རྒྱུད་དོ། །སྡེ་ནི་རྒྱུད་དེའི་ཚོགས་སམ་རིས་སོ། །ཕར་ཕྱིན་གྱི་ཐེག་པ་ནི་ཐེག་པ་གང་ལ་སྤྱོད་པའི་རྟེན་སེམས་བསྐྱེད་པ་དང༌། སྤྱོད་པ་ཕྱིན་དྲུག་གིས་ བགྲོད་ཅིང་དེ་ལས་གཞན་པའི་རིམ་གཉིས་ལ་སོགས་པའི་ལམ་མེད་པ་ལ་བྱའི། སེམས་བསྐྱེད་དང་ཕྱིན་དྲུག་གིས་བགྲོད་པ་ཡོད་པ་ལ་བྱེད་ན་རྡོ་རྗེ་ཐེག་པ་ཡང་དེར་འགྱུར་རོ། །རྒྱུའི་ཐེག་པ་ཞེས་པ་ཡང་སྔར་བཤད་པ་ལྟར་གྱི་འབྲས་བུ་བཞི་པོ་དེ་ དག་དང་རྣམ་པ་རྗེས་སུ་མཐུན་པའི་ལམ་མི་བསྒོམ་པར་དེ་དག་གི་རྒྱུ་ཙམ་བསྒོམ་པ་ལ་བྱའོ། །གསུམ་པ་ལ་གཉིས། རྟོག་ལྡན་ལ་སྐྱེ་བའི་དོགས་པའི་གནས་དགོད་པ་དང༌། དེ་ལ་ལན་གདབ་པའོ། །དང་པོ་ནི། གལ་ཏེ་ཐེག་པ་ཆེན་པོ་ལ་ཐེག་པ་གཉིས་ 5-3-9a སུ་འབྱེད་པ་འདི་གང་གི་སྒོ་ནས་ཡིན། སེམས་བསྐྱེད་པའི་སྒོ་ནས་ནི་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་སྔགས་དང་ཕ་རོལ་ཏུ་ཕྱིན་པའི་སྒོ་ནས་སྤྱོད་པ་གཉིས་ཀ་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ ཐོབ་པར་བྱ་བའི་ཕྱིར་དུ་ཞུགས་པར་མཚུངས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དོན་དུ་གཉེར་བྱའི་བྱང་ཆུབ་ལ་ཡང་མཆོག་དམན་མེད་པས་དེའི་སྒོ་ནས་ཀྱང་ཐེག་པ་གཉིས་སུ་དབྱེ་བར་མི་རིགས་སོ། །ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་རྟོགས་པའི་ལྟ་བ་ཡོད་མེད་ཀྱི་སྒོ་ནས་ ཀྱང་མ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ངེས་དོན་གྱི་མདོ་སྡེ་རྣམས་ཀྱི་དགོངས་པ་འཕགས་པ་ཀླུ་སྒྲུབ་ཀྱིས། དབུ་མའི་བསྟན་བཅོས་སུ་གཏན་ལ་ཕབ་པ་ལས་ལྷག་པའི་ལྟ་བ་མེད་པའི་ཕྱིར་དང༌། ཡོད་དུ་ཆུག་ཀྱང་དེས་ཐེག་པ་སོ་སོ་བ་ཡོད་ པར་འཇོག་མི་ནུས་ཏེ། ཕར་ཕྱིན་གྱི་ཐེག་ཆེན་པ་ལ་དབུ་མ་པ་དང་སེམས་ཙམ་པ་གཉིས་ཡོད་ཀྱང་དེ་གཉིས་ལ་ཐེག་པ་སོ་སོ་བ་མེད་པ་བཞིན་ནོ། །ཕྱིན་དྲུག་གི་སྤྱོད་པ་ལ་སྤྱོད་པ་ཡང་གཉིས་ཀ་ལ་ཡོད་དོ། །དེའི་ཕྱིར་སྐུ་གཉིས་སྒྲུབ་པའི་ལམ་ཐབས་དང་ཤེས་ རབ་ཀྱི་གཙོ་བོ་གཉིས་ལ་ཁྱད་མི་སྣང་ཞིང༌། ཕར་ཕྱིན་གྱི་ཐེག་པ་ལ་མེད་པའི་ལམ་གྱི་ཁྱད་པར་འགའ་ཞིག་ཡོད་མོད་ཀྱང་ལམ་གྱི་གཙོ་བོའི་ཁྱད་པར་མ་ཡིན་པས་དེ་ཙམ་གྱིས་ཐེག་པ་སོ་སོ་བར་བཞག་མི་ནུས་ལ། གང་ཟག་ལ་དབང་པོ་རྣོ་རྟུལ་ཡོད་པ་ཙམ་དང་ ལམ་བགྲོད་པ་མྱུར་བུལ་ཡོད་པ་ཙམ་གྱིས་ཀྱང་བཞག་པར་མི་ནུས་ཏེ། ཕར་ཕྱིན་གྱི་ཐེག་པ་ལ་དེ་དག་གི་ཁྱད་པར་དུ་མ་ཡོད་ཀྱང་ཐེག་པ་སོ་སོ་བ་མེད་པ་བཞིན་ནོ། །གཞན་དུ་ན་སྔགས་ཀྱི་ཐེག་པ་ཉིད་ལ་ཡང་ཐེག་པ་སོ་སོ་བ་དུ་མ་གཞག་དགོས་པར་འགྱུར་རོ་ཞེ་ན། 5-3-9b གཉིས་པ་ལ་གཉིས། དངོས་ཀྱི་དོན་བསྟན་པ་དང༌། དེའི་ཁུངས་དགོད་པའོ། །དང་པོ་ནི། འདིར་བགྲོད་པར་བྱ་བ་འབྲས་བུའི་ཐེག་པ་ལ་ནི། སྔགས་དང་ཕར་ཕྱིན་གཉིས་མཆོག་དམན་གྱི་ཁྱད་པར་མེད་དེ། ལམ་གཉིས་ཀའི་ཐོབ་བྱ་ཡང་སྐྱོན་ཀུན་ཟད་དང་ཡོན་ཏན་ ཀུན་རྫོགས་ཀྱི་སངས་རྒྱས་སུ་མཚུངས་པའི་ཕྱིར་རོ། །དེས་ན་འདིས་བགྲོད་པ་རྒྱུའི་ཐེག་པའི་ཁྱད་པར་ཡིན་ལ། དེ་ལ་ཡང་རྟོགས་པ་ལྟ་བ་དང༌། བསམ་པ་སེམས་བསྐྱེད་དང༌། སྤྱོད་པ་ཕྱིན་དྲུག་ལ་སློབ་པ་ཙམ་ལ་ཁྱད་པར་མེད་པས་དེ་དག་གི་སྒོ་ནས་དབྱེ་བར་མི་ནུས་སོ། ། འོ་ན་གང་ནས་འབྱེད་སྙམ་ན། ཐེག་ཆེན་པ་གཉིས་ཀའི་ཡང་མངོན་པར་འདོད་པའི་དོན་གྱི་གཙོ་བོ་ནི་གཞན་དོན་ཡིན་གྱི་རང་གི་ཐོབ་བྱའི་དོན་བྱང་ཆུབ་མིན་ཏེ། སངས་རྒྱས་ཀྱང་གཞན་དོན་སྒྲུབ་པའི་ཐབས་སུ་མཐོང་ནས་དེའི་ཡན་ལག་ཏུ་དོན་དུ་གཉེར་བའི་ཕྱིར་ཏེ། མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་ངག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངས་པའི་ཕྱིར་དང་སེམས་བསྐྱེད་འདྲ་བའི་ཕྱིར་རོ། །གདུལ་བྱ་ལ་དངོས་སུ་སྣང་ནས་དེ་དག་གི་དོན་སྒྲུབ་པའི་སངས་རྒྱས་ནི་ཆོས་ཀྱི་སྐུ་མིན་གྱི་གཟུགས་ ཀྱི་སྐུ་རྣམ་པ་གཉིས་ཡིན་ནོ། །དེ་ལ་ཟབ་མོ་རྟོགས་པའི་ཤེས་རབ་ཀྱིས་ཆོས་ཀྱི་སྐུ་དང༌། རྒྱ་ཆེ་བའི་ཐབས་ཀྱིས་གཟུགས་ཀྱི་སྐུ་སྒྲུབ་པ་དང༌། ཐབས་དང་བྲལ་བའི་ཤེས་རབ་དང་ཤེས་རབ་དང་བྲལ་བའི་ཐབས་ཀྱིས་སྐུ་གཉིས་སྒྲུབ་པར་མི་ནུས་པས། ཐབས་དང་ཤེས་རབ་ཡ་ མ་བྲལ་བར་དགོས་སོ་ཞེས་པ་འདི་ནི་ཐེག་པ་ཆེན་པོ་པ་སྤྱིའི་གྲུབ་པའི་མཐའོ། །གནས་ལུགས་ཀྱི་དོན་མ་རྟོགས་པར་ཉོན་མོངས་པ་ཐམས་ཅད་ཟད་པར་བྱས་ནས་འཁོར་བའི་རྒྱ་མཚོའི་ཕ་རོལ་ཏུ་རྒལ་བར་མི་ནུས་པས། ཟབ་མོ་རྟོགས་པའི་ཤེས་རབ་ནི་འཕགས་ 5-3-10a པ་འོག་མ་གཉིས་དང་ཡང་ཐུན་མོང་བའོ། །དེའི་ཕྱིར་ཐེག་ཆེན་གྱི་ལམ་གྱི་ཁྱད་པར་གྱི་གཙོ་བོ་ནི་གཟུགས་ཀྱི་སྐུ་སྐལ་བ་དང་ལྡན་པའི་གདུལ་བྱ་ལ་སྣང་ནས། འཁོར་བ་ཇི་སྲིད་གནས་ཀྱི་བར་དུ་སེམས་ཅན་རྣམས་ཀྱི་མགོན་སྐྱབས་མཛད་ པའི་རྒྱུར་གྱུར་པའི་ཐབས་ལ་བྱ་དགོས་སོ། །ཕ་རོལ་ཏུ་ཕྱིན་པ་བ་རྣམས་ལ་ནི། ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་སྤྲོས་པ་དང་བྲལ་བ་སྒོམ་པས་ཆོས་ཀྱི་སྐུ་དང་རྣམ་པ་རྗེས་སུ་མཐུན་པའི་ལམ་སྒོམ་པ་ཡོད་ཀྱང༌། གཟུགས་ཀྱི་སྐུ་མཚན་དཔེས་སྤྲས་པ་དང༌། རྣམ་པ་འདྲ་བར་སྒོམ་ པའི་ལམ་མེད་ལ་སྔགས་ལ་ནི་ཡོད་དོ། །དེས་ན་གཞན་དོན་གཟུགས་ཀྱི་སྐུ་སྒྲུབ་པའི་ཐབས་ལ་ལམ་གྱི་ལུས་མི་འདྲ་བའི་ཁྱད་པར་ཆེན་པོ་ཡོད་པས་ཐེག་པ་གཉིས་སུ་མཛད་པ་ཡིན་ཏེ། སྤྱིར་ཐེག་པ་ཆེ་ཆུང་སྟོང་པ་ཉིད་ཀྱི་ཤེས་རབ་ཀྱིས་མི་འབྱེད་པར་ཐབས་ཀྱིས་འབྱེད་ དགོས་ལ། ཁྱད་པར་དུ་ཐེག་པ་ཆེན་པོ་ལ་གཉིས་སུ་ཕྱེ་བ་ཡང་ཟབ་མོ་རྟོགས་པའི་ཤེས་རབ་ཀྱིས་མི་འབྱེད་ཀྱི་ཐབས་ཀྱིས་དབྱེ་དགོས་ཤིང༌། ཐབས་ཀྱི་གཙོ་བོ་ཡང་གཟུགས་སྐུ་སྒྲུབ་པའི་ཆ་ནས་ཡིན་ལ། གཟུགས་སྐུ་སྒྲུབ་བྱེད་ཀྱི་ཐབས་ནི་དེ་དང་རྣམ་པ་འདྲ་བར་སྒོམ་ པའི་ལྷའི་རྣལ་འབྱོར་ཉིད། ཐེག་པ་གཞན་གྱི་ཐབས་ལས་མཆོག་ཡིན་པའི་ཕྱིར་རོ། །གཉིས་པ་ནི། རྡོ་རྗེ་གུར་གྱི་ལེའུ་དང་པོ་ལས། གལ་ཏེ་སྟོང་པ་ཐབས་ཡིན་ན། །དེ་ཚེ་སངས་རྒྱས་ཉིད་མི་འགྱུར། །རྒྱུ་ལས་འབྲས་བུ་གཞན་མེད་ཕྱིར། །ཐབས་ནི་སྟོང་པ་ ཉིད་མ་ཡིན། །ལྟ་བ་རྣམས་ལས་ལོག་རྣམས་དང༌། །བདག་ཏུ་ལྟ་བ་འཚོལ་རྣམས་ཀྱི། །བདག་ཏུ་འཛིན་པ་བཟློག་པའི་ཕྱིར། །རྒྱལ་བ་རྣམས་ཀྱིས་སྟོང་པར་བསྟན། །དེ་ཕྱིར་དཀྱིལ་འཁོར་འཁོར་ལོ་ཞེས། །བདེ་བའི་ཐབས་ཀྱི་སྡོམ་པ་སྡེ། །སངས་རྒྱས་ང་ 5-3-10b རྒྱལ་རྣལ་འབྱོར་གྱིས། །སངས་རྒྱས་ཉིད་ཡུན་རིང་མི་འགྱུར། །སྟོན་པ་སུམ་ཅུ་རྩ་གཉིས་མཚན། །མངའ་བདག་དཔེ་བྱད་བརྒྱད་ཅུར་ལྡན། །དེ་ཕྱིར་ཐབས་དེས་བསྒྲུབ་བྱ་སྟེ། །ཐབས་ནི་སྟོན་པའི་གཟུགས་ཅན་ནོ། །ཞེས་གསལ་བར་གསུངས་སོ། །འདི་དག་གིས་ནི་སྟོང་ ཉིད་སྒོམ་པ་ཙམ་ཞིག་ཐབས་སུ་འདོད་པ་དགག་པ་དང༌། སྟོང་ཉིད་བསྟན་པའི་དགོས་པ་དང༌། ཐུན་མོང་མ་ཡིན་པའི་ཐབས་ཆེ་བ་དང་བཅས་པ་དང༌། ཐབས་དེས་བསྒྲུབ་དགོས་པའི་རྒྱུ་མཚན་རྣམས་བསྟན་ཏེ་ཚིགས་སུ་བཅད་པ་བཞི་དང་གོ་རིམ་བཞིན་ནོ། །དེ་ལ་རྐང་པ་ དང་པོའི་དོན་ནི། གུར་དུ་རང་གི་རྣམ་རྟོག་གི་དྲི་མས་སེམས་སྦགས་པར་བྱས་པས་འབད་པ་ཀུན་གྱིས་སེམས་སྦྱང་བར་བྱའོ། །ཞེས་སྔོན་དུ་བསྟན་པ་ལས་འཕྲོས་ནས། དེ་ལྟ་ན་དྲི་མ་སྦྱོང་བ་ལ་སྟོང་པ་ཉིད་ཙམ་ཞིག་བསྒོམ་པར་བྱ་སྟེ། བདག་མེད་པའི་དེ་ཁོ་ན་ཉིད་ རྟོགས་པའི་ཤེས་རབ་ཉིད་བདག་ཏུ་འཛིན་པའི་རྣམ་རྟོག་དང་རྣམ་པ་འགལ་བ་ཡིན་གྱི་ལམ་གཞན་དང་མི་འགལ་བའི་ཕྱིར་རོ། །དེས་ན་འཚང་རྒྱ་བའི་ཐབས་ནི་སྟོང་ཉིད་སྒོམ་པ་ཙམ་དུ་ཟད་ཀྱི་སྤྲོས་པ་གཞན་གྱིས་ཅི་བྱ་སྙམ་པའོ། །དེའི་ཚེ་ཐབས་དེ་ལ་ཇི་ཙམ་ འབད་ཀྱང་སངས་རྒྱ་བར་མི་འགྱུར་ཏེ། དེ་འདྲ་བ་དེ་ལ་ནི་རྒྱུ་སྟོང་ཉིད་སྒོམ་པ་དེ་ལས་གཞན་འབྲས་བུའི་ཐབས་མེད་པའི་ཕྱིར་ན། ཐབས་ཀྱི་ཡན་ལག་དང་བྲལ་བས་རྒྱུ་མ་ཚང་བའི་ཕྱིར་རོ། །དེའི་ཕྱིར་སྟོང་པ་ཉིད་ཙམ་ལ་གོམས་པར་བྱེད་པ་ནི་ཐབས་ཚང་བ་མ་ཡིན་ ནོ། །ཚུལ་དེ་ནི་སྔགས་སུ་མ་ཟད་ཕར་ཕྱིན་གྱི་ཐེག་པའི་ལུགས་ཀྱང་ཡིན་ནོ་ཞེས་ལྷའི་རིགས་ཀྱི་བློ་གྲོས་ཀྱིས་བཤད་དེ་ལེགས་པ་ཡིན་ནོ། །འོ་ན་སྟོང་ཉིད་བསྟན་པའི་དགོས་པ་ཅི་ཡིན་སྙམ་ན། ཆོས་བདག་མེད་པ་ལ་སོགས་པའི་ལྟ་བ་ལས་ཕྱིན་ཅི་ལོག་པ་དང༌། 5-3-11a བདག་ཏུ་ལྟ་བ་འཚོལ་བ་སྟེ་བདག་ཏུ་འཛིན་པ་ལ་མངོན་པར་ཞེན་པ་རྣམས་ཀྱི་བདག་ཏུ་འཛིན་པ་གཉིས་བཟློག་པའི་ཕྱིར་བདག་མེད་པའི་སྟོང་པ་ཉིད་བསྟན་ནོ། །འདིས་ནི་བདག་གཉིས་སུ་ཀུན་ཏུ་རྟོག་པའི་དྲི་མ་སྦྱོང་བ་ལ་གདོན་མི་ཟ་བར་བདག་ མེད་པའི་དེ་ཁོན་ཉིད་རྟོགས་པའི་ལྟ་བ་བཙལ་ནས་བསྒོམ་དགོས་པར་བསྟན་ཏེ། འདི་དག་གི་ཆ་ནི་ཕ་རོལ་ཏུ་ཕྱིན་པ་དང་འདྲ་བ་ཡིན་ནོ། །སྟོང་ཉིད་སྒོམ་པ་ཙམ་ལ་ཐབས་མ་ཚང་ན་ཐབས་ཁྱད་པར་བ་དེ་གང་ཡིན་སྙམ་ན། སྟོང་ཉིད་སྒོམ་པ་ཙམ་ཐབས་སུ་མི་ འཐད་པ་དེའི་ཕྱིར་ཐབས་ཁྱད་པར་བ་ནི་དཀྱིལ་འཁོར་གྱི་འཁོར་ལོ་ཞེས་གསུངས་པ་དེའོ་ཞེས་སྦྱོར་རོ། །བདག་སྒྲུབ་པའི་ཐབས་ལས་ཀྱང༌། དེ་ནི་དེ་ཁོ་ན་ལྟར་ཡང་མ་ཡིན་ཏེ། རྒྱུ་མི་འདྲ་བ་གོམས་པ་ལས་རྫོགས་པའི་བྱང་ཆུབ་མངོན་དུ་གྱུར་པ་དང་རྗེས་སུ་ མཐུན་པའི་སྒོམ་པ་མེད་པའི་ཕྱིར་རོ། །ཞེས་སོ། །དེའི་དོན་ནི་སྦྱིན་སོགས་ཐབས་སུ་བཤད་པ་དེ་རྣམས་བླ་ན་མེད་པའམ་གོང་ན་མེད་པའི་ཐབས་སུ་གསུངས་པ་དེ་ནི་དེ་ལྟར་མ་ཡིན་ཏེ། །སངས་རྒྱས་ཀྱི་སྐུ་མངོན་དུ་གྱུར་པ་དང་རྣམ་པ་རྗེས་སུ་མཐུན་པའི་ལམ་ སྒོམ་པ་མེད་པའི་ཕྱིར་ཏེ། འབྲས་བུ་དང་རྣམ་པ་ཡེ་མི་འདྲ་བའི་ལམ་ཙམ་ཞིག་གོམས་པར་བྱེད་པའི་ཕྱིར་རོ་ཞེས་པའོ། །གཟུགས་སྐུ་དང་རྣམ་པ་མཐུན་པའི་ལམ་སྒོམ་པ་མེད་ན། སངས་རྒྱས་སྒྲུབ་པའི་ཐབས་གོང་ན་མེད་པ་མ་ཡིན་པ་སྒྲུབ་པ་ནི་དེ་ཉིད་ལས་ བདག་ཉིད་ཀྱི་རང་གི་ངོ་བོ་ཉིད་ཀྱིས་ཟབ་པ་དང་རྒྱ་ཆེ་བའི་བདག་ཉིད་ཅན་གྱི་འབྲས་བུ་ནི་རང་གི་རང་བཞིན་ལས་བསྒྲུབ་པར་བྱ་བ་ཡིན་ལ། ཞེས་པའོ། །དེ་ལ་སྤྱིར་ཐོབ་པར་བྱ་བའི་འབྲས་བུ་ནི་ཟབ་པ་ཆོས་ཀྱི་སྐུའི་བདག་ཉིད་ཅན་དང༌། རྒྱ་ཆེ་བ་མཚན་ 5-3-11b དཔེས་སྤྲས་པའི་བདག་ཉིད་ཅན་ཞིག་སྟེ། དེ་ཡང་ཐུགས་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་དང་རོ་མཉམ་པར་ཞུགས་ནས་དེ་ལས་ནམ་ཡང་ལྡང་བ་མེད་པ་དང༌། དེ་ཉིད་ཀྱི་དུས་སུ་སྐུ་མཚན་དང་དཔེ་བྱད་འབར་བས་བརྒྱན་པ་ནམ་ཡང་རྣམ་པར་འགྱུར་བ་མི་བརྟེན་ པར་བཞུགས་པ། གཉིས་ཀ་ཡང་ངོ་བོར་དབྱེར་མེད་པ་སྟེ་བདག་ཉིད་ཀྱི་རང་གི་ངོ་བོ་ཉིད་ཀྱིས་ཞེས་གསུངས་པའི་དོན་ནོ། །དེ་ལྟར་ན་དེ་སྒྲུབ་པའི་ཐབས་དང་ཤེས་རབ་ཀྱང་དེ་དང་མཐུན་པ་ཞིག་དགོས་ཏེ། དཔེར་ན་རྒྱལ་བའི་ཐུགས་ཆོས་སྐུ་སྒྲུབ་པ་ན་རྣལ་འབྱོར་ པས་ད་ལྟ་ནས། རང་གི་སེམས་དངོས་པོའི་དེ་ཁོ་ན་ཉིད་ཀྱི་དོན་ལ་བཞག་ནས་རྒྱལ་བའི་ཐུགས་དང་རྣམ་པ་རྗེས་སུ་མཐུན་པའི་ལམ་སྒོམ་པ་བཞིན་དུ་གཟུགས་ཀྱི་སྐུ་སྒྲུབ་པ་ནའང་རང་གི་ལུས་མཚན་དཔེའི་རྣམ་པ་ཅན་དུ་སྣང་བའི་སྐུ་དང་རྣམ་པ་རྗེས་སུ་ མཐུན་པའི་ལམ་བསྒོམ་དགོས་ཏེ། འདི་གཉིས་ནི་བྱེད་ན་བྱེད་མཉམ་དང་འཇོག་ན་འཇོག་མཉམ་དུ་ཀུན་ནས་མཚུངས་པའི་ཕྱིར་རོ། །དེ་ལ་དགོངས་ནས་བདག་སྒྲུབ་པ་ལས། དེ་བས་ན་བདག་མེད་པ་དང་འདྲ་བར་རྒྱ་ཆེ་བའི་རང་གི་ངོ་བོ་ཡང་ཐ་མི་དད་པ་ ཉིད་དུ་བསྒོམ་པར་བྱའོ། །ཞེས་གསུངས་ཏེ་འདིའི་ལུགས་ཀྱི་རྒྱ་ཆེ་བ་ནི་ལྷའི་རྣལ་འབྱོར་ཡིན་ནོ། །ལྷན་ཅིག་སྐྱེས་པའི་སྣང་བ་ལས་ཀྱང༌། སྦྱིན་པ་ལ་སོགས་པ་ཐབས་ཀྱི་སྒོ་ནས་དང༌། སྨོན་ལམ་གྱི་སྟོབས་ཀྱིས་འབྱུང་བར་འགྱུར་རོ་ཞེས་བརྗོད་པར་ཡང་ མི་བྱ་སྟེ་གང་གི་ཕྱིར་མ་བསྒོམས་པའི་ལོངས་སྤྱོད་རྫོགས་པ་དང༌། སྤྲུལ་པའི་བདག་ཉིད་དག་ལ་ཡང་ཐེ་ཚོམ་ཟ་བ་ནི་ཇི་ལྟར་སེམས་ངེས་པར་འགྱུར། དེ་ལྟར་ཡང་སྨོན་ལམ་གྱི་སྟོབས་ཀྱིས་འབྱུང་བར་འགྱུར་རོ་ཞེ་ན། བདག་མེད་པ་ཡང་མ་ 5-3-12a བསྒོམས་པ་ཉིད་དུ་མངོན་སུམ་ཉིད་དུ་འགྱུར་བས་དེ་བསྒོམ་པའི་ངལ་བས་ཅི་ཞིག་བྱ། གལ་ཏེ་དེ་ནི་བསྒོམས་པ་ཉིད་ཀྱིས་འབྱུང་བར་འགྱུར་རོ་ཞེ་ན། ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་གཉིས་ཀྱིས་ཉེས་པ་ཅི་ཞིག་བྱས་ན་གང་ གི་ཕྱིར་དེ་དག་བསྒོམ་པར་མི་བྱ། དེའི་ཕྱིར་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་གནས་པས་ཀྱང་སྐུ་གསུམ་གྱི་བདག་ཉིད་ཅན་གྱི་སངས་རྒྱས་ཁས་བླང་བར་བྱའོ། །དེ་ནི་བསྒོམས་པས་གསལ་བར་འགྱུར་རོ། །ཞེས་དང༌། ཐེག་པ་གསུམ་རྣམ་པར་བཞག་ པར་ཡང་གསལ་བར་གསུངས་ཏེ། ཇི་སྐད་དུ། དེའི་ཕྱིར་དོན་དམ་པའི་བདེན་པ་བཅོམ་ལྡན་འདས་དང་ཀླུ་སྒྲུབ་ལ་སོགས་པས་རྣམ་པར་བཞག་པ་ལས་ཁྱད་པར་དུ་གྱུར་པའི་དོན་དམ་པའི་བདེན་པ་གཉིས་པ་ནི་མེད་དོ། །ཀུན་རྫོབ་ཙམ་གྱིས་ཇི་ལྟར་རྒྱ་ ཆེ་བར་འགྱུར་ཞེས་གང་སྨྲས་པ་ནི་འདིར། དམིགས་པ་རྣམ་པར་དག་པ་དང༌། །གྲོགས་ཀྱི་མཐུ་དང་སྤྱོད་པ་ཡིས། །བློ་ལྡན་རྣམས་ཀྱི་ཐེག་པ་ནི། །ཆེན་པོའི་ཆེན་པོ་ཉིད་དུ་བསྒྲགས། ཞེས་རྣམ་པར་དག་པའི་ལྷའི་བདག་ཉིད་དུ་རྟོགས་པ་དང༌། རྒྱལ་བ་རྣམས་ཀྱི་དམ་ཚིག་བཟུང་བས་བྱིན་བརླབ་སྐྱེ་བ་དང༌། རྒྱལ་བ་སྲས་བཅས་ཀྱིས་འགྲོ་བའི་དོན་བྱེད་ཅིང་ཞིང་དག་པར་མཛད་པ་ལྟར་བྱེད་པས། དམིགས་པ་དང་གྲོགས་དང་རྗེས་སུ་སྤྱོད་པ་གསུམ་རྒྱ་ཆེ་བས་ཕ་རོལ་ཏུ་ཕྱིན་པའི་ དབུ་མ་པ་ལས་ཁྱད་པར་དུ་འཕགས་པར་བཤད་ཅིང༌། ཁྱད་པར་དེ་གསུམ་དང་ལྡན་པའི་ཐེག་པ་ལ་བྱ་སྤྱོད་སོགས་ཀྱི་རྒྱུད་སྡེའི་དབྱེ་བ་བཤད་པའི་ཕྱིར་སྔགས་སྤྱིའི་ཁྱད་པར་དུ་འདོད་དོ། །འདི་རྣམས་ཀྱི་སྒྲུབ་བྱེད་རྩོད་སྤོང་དང་བཅས་པ་ 5-3-12b རྒྱས་པར་ནི་རྡོ་རྗེ་འཆང་གི་ལམ་གྱི་རིམ་པར་བཤད་ཟིན་པས་འདིར་མ་སྤྲོས་སོ། །གཉིས་པ་ལ་གསུམ། སྔགས་ལ་འཇུག་པའི་སྒོ་མི་འདྲ་བ་ཅི་ཙམ་ཞིག་ཡོད་པ་དང༌། འཇུག་སྒོ་མི་འདྲ་བར་འཇོག་པའི་ཁྱད་པར་ངོས་གཟུང་བ་དང༌། བྱེ་ བྲག་ཏུ་རྣལ་འབྱོར་བླ་མེད་ཀྱི་རྒྱུད་ཀྱི་དོན་བསྟན་པའོ། །དང་པོ་ནི། གུར་གྱི་བཅུ་གསུམ་པ་ལས། དམན་པ་རྣམས་ལ་བྱ་བའི་རྒྱུད། །བྱ་མེད་རྣལ་འབྱོར་དེ་ལྟག་ལའོ། །རྣལ་འབྱོར་མཆོག་ནི་སེམས་ཅན་མཆོག །རྣལ་འབྱོར་བླ་མེད་དེ་ལྟག་ ལའོ། །ཞེས་གསུངས་པ་ལྟར་རྡོ་རྗེ་ཐེག་པའི་གདུལ་བྱ་ལ་དམན་པ་དང་དེའི་ལྟག་འབྲིང་དང༌། མཆོག་དང་དེའི་ལྟག་མ་ཆེས་མཆོག་ཏུ་གྱུར་པ་བཞི་ལ་རྒྱུད་སྡེ་བཞི་གསུངས་པས་རྒྱུད་སྡེ་བཞིའི་སྒོ་ནས་འཇུག་པའི་སྒོ་བཞིའོ། །བླ་མེད་ཀྱི་ རྒྱུད་དོན་ལ་འཇུག་པ་ལས་ཀྱང༌། གསང་སྔགས་འབྲས་བུ་རྡོ་རྗེ་ཐེག་པ་ལ་ནི་འཇུག་པའི་སྒོ་རྣམ་པ་བཞི་སྟེ། བྱ་བའི་རྒྱུད་དང་སྤྱོད་པའི་རྒྱུད་དང་རྣལ་འབྱོར་གྱི་རྒྱུད་དང་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཅེས་སྤྱིར་གྲགས་པ་ཡིན་ནོ། ། ཞེས་བཤད་དོ། །གཉིས་པ་ལ་གཉིས། དྲི་བ་དང༌། ལན་ནོ། །དང་པོ་ནི། གལ་ཏེ་གདུལ་བྱའི་དམན་མཆོག་གི་སྒོ་ནས་རྒྱུད་སྡེའི་རིམ་པ་མི་འདྲ་བའི་འཇུག་སྒོ་འདི་ཆེད་དུ་བྱ་བ་དང་ཐོབ་བྱ་དམན་མཆོག་གི་སྒོ་ནས་ནི་མ་ཡིན་ཏེ། རྡོ་རྗེ་ཐེག་པ་ ལ་ཞུགས་པ་ཐམས་ཅད་ཀྱང་སེམས་ཅན་ཐམས་ཅད་ཀྱི་ཕྱིར་དུ་བླ་ན་མེད་པའི་བྱང་ཆུབ་དོན་དུ་གཉེར་བའི་ཐེག་ཆེན་གྱི་སེམས་བསྐྱེད་པ་ཅན་དུ་ཁྱད་པར་མེད་པའི་ཕྱིར་རོ། །ཐོབ་བྱ་སྐུ་གཉིས་ཀྱི་རྒྱུའི་གཙོ་བོར་གྱུར་པའི་ལམ་གྱི་སྤྱི་ལ་མི་ 5-3-13a འདྲ་བ་ཡོད་པའི་སྒོ་ནས་ཀྱང་མ་ཡིན་ཏེ། རང་བཞིན་མེད་རྟོགས་ཀྱི་ཤེས་རབ་ཀྱིས་ཆོས་སྐུ་སྒྲུབ་པ་ལ་འདྲ་ཞིང༌། ལྷའི་རྣལ་འབྱོར་བསྒོམས་ནས་གཟུགས་སྐུ་སྒྲུབ་པའི་སྤྱི་ཡང་འདྲ་བའི་ཕྱིར་རོ། །དེའི་ཕྱིར་ཐམས་ཅད་ཀྱང་རྡོ་རྗེའི་ཐེག་པ་ ཞེས་པའི་ཐེག་པ་གཅིག་ཏུ་ཟད་དེ། ལྷའི་རྣལ་འབྱོར་མི་འདྲ་བ་ལ་སོགས་པའི་ལམ་གྱི་ཁྱད་པར་མི་འདྲ་བ་མང་དུ་ཡོད་པ་ཙམ་གྱིས་ཐེག་པ་སོ་སོ་བའམ་རྒྱུད་སྡེའི་རིམ་པ་མི་འདྲ་བའི་འཇུག་སྒོ་སོ་སོར་འཇོག་ན། རྣལ་འབྱོར་བླ་མེད་ཀྱི་རྒྱུད་རེ་རེ་ལ་ཡང་ཐེག་པ་ མི་འདྲ་བ་དུ་མ་གཞག་དགོས་པར་འགྱུར་ལ། གསང་འདུས་ལྟ་བུ་གཅིག་ལ་ཡང་རྒྱུད་སྡེ་མི་འདྲ་བའི་འཇུག་སྒོ་དུ་མ་ཡོད་པར་འགྱུར་ཏེ། པདྨ་དང་ཙནྡན་ལ་སོགས་པའི་གང་ཟག་མཆོག་དམན་ལྔ་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལས་གསུངས་པའི་ཕྱིར་རོ། །དེས་ན་གདུལ་ བྱ་མཆོག་དམན་གྱི་སྒོ་ནས་རྒྱུད་སྡེ་མི་འདྲ་བའི་འཇུག་སྒོ་བཞིར་བྱེད་པ་འདི་རྒྱུ་མཚན་གང་གི་སྒོ་ནས་བཞག་པ་བརྗོད་དགོས་སོ་སྙམ་ན། གཉིས་པ་ནི། རྒྱུད་སྡེའི་སྒོ་ནས་འཇུག་སྒོ་མི་འདྲ་བ་བཞིར་བཞག་པ་ནི་ཐེག་པ་སོ་སོ་བ་ཡང་མ་ཡིན་ལ། ལྷའི་ རྣལ་འབྱོར་སོགས་ལམ་གྱི་ཁྱད་པར་མི་འདྲ་བ་ཙམ་གྱིས་ཀྱང་མ་ཡིན་ནོ། །འོ་ན་ཇི་ལྟར་ཞེ་ན། འདི་ལ་གཉིས་ལས། དང་པོ་རྒྱུད་སྡེ་བཞིའི་མཚན་དོན་བླ་མེད་ཀྱི་གཞུང་ནས་འབྱུང་བའི་སྟེང་ནས་བཤད་ན། ཁ་སྦྱོར་ལས། རྒོད་དང་ལྟ་དང་ལག་བཅངས་ དང༌། །གཉིས་གཉིས་འཁྱུད་དང་རྣམ་པ་བཞི། །སྲིན་བུའི་ཚུལ་གྱིས་རྒྱུད་བཞིར་གནས། །ཞེས་ཤིང་ལས་བྱུང་བའི་སྲིན་བུས་ཤིང་ཟ་བ་བཞིན་དུ། འདོད་ཆགས་ལས་བྱུང་བའི་ལམ་གྱིས་འདོད་ཆགས་ཟད་པར་བྱེད་པའི་རྒྱུད་བཞིར་གསུངས་ཤིང༌། 5-3-13b རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་ཀྱང༌། འདི་ནི་གཉིས་པོ་འཁྱུད་པ་ཡི། །རྒྱུད་ཀྱི་དབྱེ་བ་བསྟན་པའོ། །དེ་བཞིན་དུ་ནི་ལག་བཅངས་དང༌། །རྒོད་དང་བལྟས་པས་ཤེས་པར་བྱ། །ཞེས་རྒྱུད་སྡེ་བཞིའི་མཚན་ལ་རྒོད་པའི་རྒྱུད་དང༌། ལྟ་བའི་རྒྱུད་དང༌། ལག་བཅངས་ སམ་འཁྱུད་པའི་རྒྱུད་དང༌། གཉིས་གཉིས་སྦྱོར་བའི་རྒྱུད་ཅེས་གསུངས་ཏེ་གཞན་ཡང་མང་ངོ༌། །སྔར་བཤད་པ་ལྟར་གཟུགས་སྐུའི་ཐུན་མོང་མ་ཡིན་པའི་རྒྱུ་ལྷའི་རྣལ་འབྱོར་དུ་བཤད་པ་ནི་ཐབས་ཀྱི་གཙོ་བོ་ཡིན་ལ། ཐབས་ཀྱི་ཆ་རྣམས་ཀྱིས་སྟོང་ཉིད་ རྟོགས་པའི་ཤེས་རབ་ཁྱད་ཞུགས་པར་བྱེད་པ་ནི་ཐེག་པ་ཆེན་པོ་གཉིས་ཀའི་ལུགས་སོ། །ལྷའི་རྣལ་འབྱོར་གྱི་སྒོ་ནས་ཤེས་རབ་ཀྱི་ལམ་ཁྱད་ཞུགས་པར་འགྲོ་བའི་ཚུལ་ནི། ཐབས་ཤེས་ཁྱད་པར་ཅན་འདོད་པའི་ལྷ་ཡབ་ཡུམ་མཉམ་པར་སྦྱོར་བའི་རྣམ་པ་ ཅན་དུ་སྣང་བའི་ལྷའི་རྣལ་འབྱོར་ཏེ། བླ་མེད་ལ་ལམ་གྱི་ཁྱད་པར་མང་དུ་ཡོད་ཀྱང་གཉིས་སྦྱོར་གྱི་རྒྱུད་ཅེས་དེའི་སྒོ་ནས་མིང་འདོགས་མཛད་ཅིང༌། རྒྱུད་རང་ནས་ཀྱང་གཉིས་སྦྱོར་གྱི་རྣམ་པ་ཅན་དུ་བཤད་པ་ཤིན་ཏུ་མང་ངོ༌། །དེའི་སྒོ་ནས་ཆགས་པ་ལམ་དུ་བྱས་པས་ བྱང་ཆུབ་ཀྱི་སེམས་གཉིས་ཀྱི་འཕྲོད་འདུའི་གནད་ལ་བརྟེན་ནས་སྟོང་ཉིད་ཀྱི་རྟོགས་པ་ཁྱད་ཞུགས་པར་འགྱུར་རོ། །དེ་འདྲ་བའི་ཆགས་པ་ལམ་བྱེད་ཀྱི་ཐབས་ཁྱད་པར་བ་དང་བྲལ་བས་རྒྱུད་སྡེ་འོག་མ་གསུམ་དུ་ཡན་ལག་བདུན་གྱི་ནང་གི་ཁ་སྦྱོར་གྱི་ཡན་ལག་མ་ གསུངས་སོ། །དེ་ལྟ་ནའང་རྒོད་པ་དང་ལྟ་བ་དང་ལག་བཅངས་སམ་འཁྱུད་པ་ལས་བྱུང་བའི་དགའ་བ་ལམ་དུ་བྱེད་པ་ཡོད་པས་སྤྱིར་འདོད་ཡོན་ལ་ཆགས་པ་ལམ་བྱེད་ཙམ་ཞིག་ཡོད་དེ། ཁུངས་དང་བཅས་པ་རྒྱས་པར་རྡོ་རྗེ་འཆང་གི་ལམ་གྱི་རིམ་པར་བཤད་ 5-3-14a ཟིན་ཏོ། །འདི་ཡང་སྒྲུབ་པ་པོས་སྐབས་ཀྱི་ལྷ་གང་ཡིན་དུ་བསྐྱེད་ནས་ཕར་ལ་ལྟ་བ་སོགས་དང༌། ཚུར་ལ་ལྟ་བ་སོགས་ཀྱི་སྒོ་ནས་ཕན་ཚུན་རྗེས་སུ་ཆགས་པ་ལས་བྱུང་བའི་དགའ་བདེ་ལམ་དུ་བྱེད་པའོ། །དེ་ཡང་རྒྱུད་སྡེ་འོག་མ་ནས་ཕྱི་ རོལ་ཀྱི་ཕྱག་རྒྱ་ལ་དམིགས་ནས་དེ་ལྟར་བྱེད་པ་མ་བྱུང་ཞིང༌། རྒྱུད་སྡེ་གོང་མ་ནས་ཀྱང་རྒྱུད་སྡེ་འོག་མ་པས་དེ་ལྟར་བྱ་བར་མ་གསུངས་པས། རང་གིས་བསྒོམས་པའི་སྤྱན་མ་ལ་སོགས་པའི་ལྷ་མོ་ལ་བྱའོ། །གདུལ་བྱ་སྟོབས་ཆུང་བས་ཆགས་པ་ཆེན་པོ་ལམ་དུ་བྱེད་མི་ ནུས་པ་ལ་དགོངས་ནས་ཆགས་པ་ཆུང་རིམ་ནས་ལམ་དུ་བྱེད་པར་གསུངས་པ་འདི་ནི། ལྷའི་རྣལ་འབྱོར་བརྟན་པར་སོང་ཞིང་སྟོང་ཉིད་ཀྱི་ཏིང་ངེ་འཛིན་རྙེད་པ་ན། རང་གི་རིགས་གང་ཡིན་པའི་ལྷ་མོ་སྤྱན་ལ་སོགས་པ་ལ་དམིགས་ནས་བྱེད་པར་མངོན་ནོ། །རྡོ་རྗེ་ཐེག་པ་ལ་ མོས་པ་དང་དེའི་ལམ་གྱི་ཆ་འགའ་ཞིག་སྒོམ་པ་ལ་ངེས་པ་མེད་ཀྱང་ཐོག་མར་ཐེག་པ་དེ་ལ་འཇུག་པའི་གདུལ་བྱའི་གཙོ་བོ་ནི་འདོད་ཁམས་པ་ཡིན་ལ། དེ་ཡང་སྤྱིར་རིག་མའི་འདོད་ཡོན་ལ་ཆགས་པ་ལམ་དུ་བྱེད་པ་ཙམ་ཞིག་གི་སྒོ་ནས་བྱང་ཆུབ་འཚོལ་བ་ལ་མོས་ པའོ། །འདི་ཡང་བླ་མེད་དུ་ནི་དངོས་དང་བསྒོམས་པའི་རིག་མ་གཉིས་ཀ་ལ་དམིགས་པའི་རྒོད་པ་སོགས་ཀྱི་ཆགས་པ་ལམ་དུ་བྱེད་པ་གསུངས་ལ། རྒྱུད་སྡེ་འོག་མ་གསུམ་ལ་ནི། བསྒོམས་པའི་ཡེ་ཤེས་ཀྱི་རིག་མ་ཁོ་ནའི་འདོད་ཡོན་ལ་དམིགས་པའི་དགའ་བ་ ལམ་བྱེད་ཡིན་ནོ། །དབང་པོ་གཉིས་སྦྱོར་བསྒོམ་པ་ཙམ་ཡང༌། རྣལ་འབྱོར་རྒྱུད་ལའང་མི་རུང་བས་དེ་ལས་གཞན་པའི་ལག་བཅངས་སམ། འཁྱུད་པའི་རེག་བྱ་ལ་དམིགས་པའི་དགའ་བ་ལམ་བྱེད་རྣལ་འབྱོར་རྒྱུད་ལ་སྦྱར་ལ། རེག་བྱ་ལས་གཞན་རྒོད་པ་དང་ 5-3-14b ལྟ་བའི་དམིགས་པ་ལ་བརྟེན་ནས་བྱུང་བའི་དགའ་བ་ལམ་བྱེད་བྱ་སྤྱོད་ལ་སྦྱར་རོ། །དེ་ནི་འདོད་ཡོན་ལ་ཆགས་པ་ལམ་དུ་བྱེད་ཚུལ་མི་འདྲ་བ་བཞི་ཡོད་པས་རྒྱུད་སྡེ་བཞིར་བཞག་པའོ། །ད་ནི་རྒྱུད་སྡེ་བཞིའི་མིང་འདོགས་རྒྱུད་སྡེ་གོང་འོག་རྣམས་ལ་ཐུན་མོང་དུ་གྲགས་ པའི་མཚན་དོན་གྱི་སྟེང་ནས་བཤད་ན། དེ་ལྟ་བུའི་འདོད་ཡོན་ལམ་དུ་བྱེད་པའི་ཐབས་ནི་སྟོང་པ་དང་ལྷའི་རྣལ་འབྱོར་ཡིན་ལ། དེ་གཉིས་མངོན་དུ་བྱེད་པ་ལ་ཕྱིའི་བྱ་བ་ཤིན་ཏུ་མང་པོ་ལ་ལྟོས་པ་ནི་བྱ་རྒྱུད་པའི་གདུལ་བྱའོ། །ཕྱིའི་བྱ་བ་དང་ནང་གི་ཏིང་ངེ་འཛིན་གཉིས་ ཆ་མཉམ་པའི་བྱ་བ་ཧ་ཅང་མི་མང་བ་ལ་ལྟོས་པ་ནི་སྤྱོད་རྒྱུད་པའི་གདུལ་བྱའོ། །ཕྱིའི་བྱ་བ་དང་ནང་གི་ཏིང་ངེ་འཛིན་གཉིས་ལས་ཏིང་ངེ་འཛིན་གཙོ་བོར་གྱུར་ཅིང་ཕྱིའི་བྱ་བ་ཉུང་ཟད་ལ་ལྟོས་པ་ནི་རྣལ་འབྱོར་རྒྱུད་ཀྱི་གདུལ་བྱའོ། །ཕྱིའི་བྱ་བ་ལ་མི་ལྟོས་ཤིང་རྣལ་འབྱོར་ དེ་ལས་གོང་ན་མེད་པའི་རྣལ་འབྱོར་སྐྱེད་ནུས་པ་ནི་རྣལ་འབྱོར་བླ་མེད་ཀྱི་གདུལ་བྱ་སྟེ། བྱ་བ་ཤས་ཆེ་བས་ན་བྱ་རྒྱུད་དང་བྱ་བ་དང་ཏིང་ངེ་འཛིན་ཆ་མཉམ་པར་སྦྱོད་པས་ན་སྤྱོད་རྒྱུད་དང་ནང་གི་རྣལ་འབྱོར་ཤིན་ཏུ་གཙོ་བོར་གྱུར་པས་ན་རྣལ་འབྱོར་རྒྱུད་དང༌། རྣལ་ འབྱོར་དེ་ལས་གོང་ན་མེད་པས་ན་རྣལ་འབྱོར་བླ་མེད་ཀྱི་རྒྱུད་ཅེས་བྱའོ། །དེ་ནི་སྟོང་པ་དང་ལྷའི་རྣལ་འབྱོར་མངོན་དུ་བྱེད་པའི་ནུས་པ་མི་འདྲ་བ་བཞི་ཡོད་པས་རྒྱུད་སྡེ་བཞིར་བཞག་པའོ། །འདི་དག་ཀྱང་རང་རང་གི་གདུལ་བྱའི་གཙོ་བོ་ལམ་ལ་འཇུག་པའི་དབང་ དུ་བྱས་ཀྱི་ངེས་པ་ནི་མ་ཡིན་ཏེ། དེ་ཉིད་བསྡུས་པའི་རྒྱུད་ཕྱི་མའི་ཕྱི་མ་ནི་བསྒོམ་པས་འཇིགས་ཤིང་སྐྲག་པ་ལ་གསུངས་པར་དེ་ཉིད་སྣང་བ་ལས་བཤད་པའི་ཕྱིར་རོ། །དེ་ལྟར་གཟུགས་སྐུའི་རྒྱུ་ཐུན་མོང་མ་ཡིན་པ་ལྷའི་རྣལ་འབྱོར་དུ་བཞག་པ་ནི། རྒྱུད་སྡེ་བཞི་ཀ་ 5-3-15a དང་བླ་མེད་ཀྱི་རིམ་པ་གཉིས་ཀ་ལ་ཐུན་མོང་དུ་རྗེས་སུ་འགྲོ་བའི་དབང་དུ་བྱས་ནས་བཤད་ཀྱི། མཆོག་ཏུ་གྱུར་པའི་གཟུགས་སྐུའི་རྒྱུ་ཐུན་མོང་མ་ཡིན་པ་ནི། རྫོགས་རིམ་པའི་ཡེ་ཤེས་ཀྱི་སྐུ་ཞེས་གྲགས་པ་སྒྱུ་མའི་ལུས་རྒྱུད་ འདིའི་སྐོར་ནས་གསལ་བར་འཆད་པ་ལ་བྱའོ། །གསུམ་པ་ལ་གསུམ། བླ་མེད་ཀྱི་རྒྱུད་ལ་མཚན་གྱི་དབྱེ་བ་བྱུང་ཚུལ། མཚན་དོན་དང་མཐུན་པའི་རྒྱུད་གཉིས་ཀྱི་དབྱེ་བ་བསྟན་པ། ཐབས་ཀྱི་རྒྱུད་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། བླ་ན་མེད་པའི་རྒྱུད་ལ་གཉིས་ སུ་ཕྱེ་བའི་མཚན་གྱི་འདོགས་ལུགས་ནི་མང་སྟེ། སྡོམ་འབྱུང་ལས། རྣལ་འབྱོར་རྒྱུད་རྣམས་ཀྱི་ནི་ཚད། །བྱེ་བ་ཕྲག་ནི་དྲུག་ཏུ་ངེས། །དེ་བཞིན་རྣལ་འབྱོར་མ་རྒྱུད་གྲངས། །བྱེ་བ་ཕྲག་ནི་བཅུ་དྲུག་གྲགས། །ཞེས་རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་ཅེས་གསུངས་ ལ། སངས་རྒྱས་ཐོད་པ་དང་རྡོ་རྗེ་གུར་ལ་སོགས་པར་ཡང་ཐ་སྙད་དེ་བཞིན་དུ་མཛད་དོ། །འདི་ནི་དཔེར་ན་བུ་ནི་བུ་ཕོ་དང་བུ་མོ་གཉིས་ཀའི་དབྱེ་གཞི་ཡིན་ཀྱང༌། བུ་ཕོ་ལ་བུ་ཞེས་སྤྱི་མིང་སྒོས་ལ་བཏགས་པ་ལྟར་རྣལ་འབྱོར་གྱི་རྒྱུད་ནི། ཐབས་ཤེས་གཉིས་ཀ་ལ་ འཇུག་ཀྱང་ཐབས་རྒྱུད་ལ་རྣལ་འབྱོར་རྒྱུད་ཅེས་སྤྱི་མིང་སྒོས་ལ་བཏགས་པའོ། །རྣལ་འབྱོར་མའི་རྒྱུད་ལ་མཁའ་འགྲོ་མའི་རྒྱུད་ཅེས་ཀྱང་མང་པོ་ལས་གསུངས་སོ། །དྲི་མེད་འོད་ལ་སོགས་པ་ལས། ཐབས་ཀྱི་རྒྱུད་དང་ཤེས་རབ་ཀྱི་རྒྱུད་ཅེས་གསུངས་ལ། མ་རྒྱུད་ལ་ཤེས་རབ་ཀྱི་མདོ་ཞེས་ཀྱང་ཀླུ་བྱང་དང་ཟླ་བ་གྲགས་པས་གསུངས་སོ། །བོད་ཀྱི་བླ་མ་རྣམས་ཀྱིས་རྣལ་འབྱོར་མའི་རྒྱུད་ཅེས་པའི་མིང་གི་ཟླས་དྲངས་ནས། ཕ་རྒྱུད་དང་མ་རྒྱུད་ཀྱི་ཐ་སྙད་མཛད་པ་ནི་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། རྡོ་རྗེ་སྙིང་ 5-3-15b པོ་རྒྱན་གྱི་རྒྱུད། །མཁའ་འགྲོ་མ་དང་མཁའ་འགྲོ་ཕ། །རྒྱུད་རྣམས་ཀུན་གྱི་ཕྱི་མོ་སྟེ། །ཞེས་གསུངས་པ་དང་མཐུན་ནོ། །གཉིས་པ་ལ་གཉིས། དོགས་པའི་གནས་དགོད་པ་དང༌། དེ་ལ་སོ་སོའི་འདོད་པ་བཤད་པའོ། །དང་པོ་ནི། གལ་ཏེ་བླ་མེད་ཀྱི་རྒྱུད་ལ་ཐབས་ ཤེས་ཀྱི་རྒྱུད་གཉིས་སུ་འབྱེད་ན། རྒྱུད་གཉིས་པོ་དེ་ཐབས་ཤེས་གཉིས་སུ་མེད་པའི་རྒྱུད་ཡིན་ནམ་མིན། དང་པོ་ལྟར་ན་མི་འཐད་དེ། ཐབས་དང་ཤེས་རབ་ཀྱི་རྒྱུད་ཅེས་བཏགས་པའི་མིང་དོན་ནི། ཐབས་ཤེས་ཕྱོགས་རེ་བའི་རྒྱུད་ཡིན་ལ། གཉིས་སུ་ མེད་པའི་རྒྱུད་ནི་ཐབས་ཤེས་གཉིས་མཉམ་པར་སྦྱོར་བའི་རྒྱུད་ཡིན་པས་སོ། །གཉིས་པ་ལྟར་ཡང་མི་རིགས་ཏེ། རྣལ་འབྱོར་བླ་ན་མེད་ཅེས་པའི་རྣལ་འབྱོར་གྱི་དོན་ནི། འདུས་པ་ཕྱི་མར། ཐབས་དང་ཤེས་རབ་སྙོམས་འཇུག་པ། །རྣལ་འབྱོར་ཞེས་ ནི་བཤད་པ་ཡིན། །ཞེས་གསུངས་པ་ལྟར་ཐབས་ཤེས་གཉིས་མཉམ་པར་སྦྱོར་བའི་དོན་ཡིན་གྱི་ཕྱོགས་རེ་བའི་དོན་མིན་ནོ། །དེའི་ཕྱིར་བླ་ན་མེད་པའི་ཐབས་ཤེས་གཉིས་མཉམ་པར་སྦྱོར་བའི་རྒྱུད་ནི་གཉིས་སུ་མེད་པའི་རྒྱུད་དུ་རིགས་སོ། ། དེ་ལྟར་ན་ཐབས་ཤེས་ཀྱི་རྒྱུད་གཉིས་དང་གཉིས་སུ་མེད་པའི་རྒྱུད་འགལ་མི་འགལ་ཇི་ལྟར་ཡིན་བརྗོད་པར་བྱའོ་སྙམ་ན། གཉིས་པ་ལ་གཉིས། གཞན་གྱི་ལུགས་དང༌། རང་གི་ལུགས་སོ། །དང་པོ་ནི། བོད་ཀྱི་བླ་མ་ཁ་ཅིག་བླ་མེད་ཀྱི་རྒྱུད་ལ་ ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རྒྱུད་སོ་སོ་བ་གསུམ་དུ་འབྱེད་ཅིང༌། ཐབས་དང་ཤེས་རབ་ཀྱི་རྒྱུད་དུ་འཇོག་པའི་འཇོག་བྱེད་ནི་རེ་རེ་བ་དང་དེ་གཉིས་ཀ་སྟོན་པ་གཉིས་མེད་ཀྱི་རྒྱུད་དུ་འདོད་ལ། དེ་ཡང་ཀྱཻ་རྡོར་ལས། ཐབས་ 5-3-16a དང་ཤེས་རབ་བདག་ཉིད་རྒྱུད། །ཅེས་གསུངས་པས། ཀྱཻ་རྡོར་གཉིས་མེད་ཀྱི་རྒྱུད་དུ་བྱེད་ཅིང༌། རྒྱུད་དེ་ལས་ཀྱཻ་རྡོར་རྣལ་འབྱོར་མའི་རྒྱུད་དུ་གསུངས་པ་དང་མི་འགལ་ཏེ། གཉིས་མེད་ཀྱི་རྒྱུད་ལ་ཤེས་རབ་ཀྱི་རྒྱུད་དགོས་པའི་ ཕྱིར་རོ་ཞེས་སྨྲའོ། །དེའི་ལྟར་ན་གཉིས་མེད་ཀྱི་རྒྱུད་ཐབས་རྒྱུད་དུ་ཡང་སྨྲ་དགོས་པས། བླ་མེད་ཀྱི་རྒྱུད་ལ་རྒྱུད་སོ་སོ་བ་གསུམ་དུ་རང་ལུགས་ལ་ཕྱེ་ནས་རྒྱུད་གཉིས་ཀྱི་འཇོག་བྱེད་ནི་སོ་སོ་རེ་རེ་བ་དང༌། གཉིས་མེད་ཀྱི་རྒྱུད་ནི་ཕྱོགས་དེ་གཉིས་ཀ་ ཚོགས་པ་སྟོན་པ་ལ་བཤད་པ་དང་ཇི་ལྟར་མི་འགལ་བ་སྨྲ་དགོས་སོ། །བོད་ཀྱི་བླ་མ་ལ་ལ་ནི་ལུགས་སྔ་མས་འདི་སྐད་བདག་ཐོས་ཀྱི་ཐོག་དྲངས་པ་ཐབས་རྒྱུད་དང༌། གསང་བ་མཆོག་གིས་དགྱེས་པ་ན། །ཞེས་སོགས་ཀྱིས་ཐོག་དྲངས་པ་ མའི་རྒྱུད་དུ་ནག་པོ་སྤྱོད་པས་བཤད་པས། ཀྱཻ་རྡོ་རྗེའི་རྒྱུད་ལས་རྩ་རྒྱུད་ལས་སྔ་མ་དང༌། བཤད་རྒྱུད་གུར་ལས་ཕྱི་མ་གསུངས་ཤིང་སཾ་བྷུ་ཊ་ལས་དེ་གཉིས་ཀ་གསུངས་པས་གཉིས་མེད་ཀྱི་རྒྱུད་དོ་ཞེས་རྗོད་བྱེད་སྒྲའི་ཁྱད་པར་གྱིས། རྒྱུད་གསུམ་ གྱི་ཁྱད་པར་བཞག་པ་ལ་བདེ་མཆོག་གི་རྒྱུད་ལ་རྩ་རྒྱུད་དུ་ཕྱི་མ་དང༌། བཤད་རྒྱུད་མངོན་བརྗོད་བླ་མ་སོགས་ལས་འདི་སྐད་བདག་ཐོས་སྨོས་ཤིང༌། མངོན་བརྗོད་ལས་དེ་གཉིས་ཀ་གསུངས་པ་ལ་བསམས་ནས་དེ་ལྟ་ན་བདེ་མཆོག་ གི་རྒྱུད་ཀྱང་གཉིས་མེད་ཀྱི་རྒྱུད་དུ་འགྱུར་ལ། དེ་འདོད་ན་མའི་རྒྱུད་གང་ཡིན་ཞེས་སོགས་ཀྱི་སྐྱོན་བརྗོད་བྱས་ནས། རང་གི་ལུགས་ནི་རྒྱ་ཆེ་བའི་ཐབས་དང་ཟབ་པའི་ཤེས་རབ་སོགས་རེ་རེ་ནས་གཉིས་ཀ་སྟོན་ཀྱང་གཙོ་ཆེ་ཆུང་གིས་ཡིན་ 5-3-16b པར་སྨྲ་སྟེ། འདིས་ཀྱང་རྒྱུད་གཉིས་དང་གཉིས་མེད་ཀྱི་རྒྱུད་འགལ་བར་བསམས་ཤིང༌། གཉིས་མེད་ཀྱི་ཐབས་ཤེས་དང་རྒྱུད་གཉིས་ཀྱི་ཐབས་ཤེས་རྣམས་ཇི་ལྟར་ཡིན་དཔྱད་པ་མི་སྣང་ངོ༌། །བོད་ཀྱི་མཁས་པ་གཞན་དག་ནི། བླ་མེད་ཀྱི་རྒྱུད་ ལ་ཐབས་ཤེས་ཀྱི་རྒྱུད་དང་གཉིས་མེད་ཀྱི་རྒྱུད་སོ་སོ་བ་གསུམ་དུ་ཕྱེ་བ་དྲང་དོན་དང༌། བླ་མེད་ཀྱི་རྒྱུད་ཐམས་ཅད་གཉིས་མེད་ཀྱི་རྒྱུད་དུ་བྱེད་པ་ངེས་པའི་དོན་དུ་སྨྲ་ཞིང༌། ཐབས་ཤེས་སོ་སོ་བའི་རྒྱུད་དུ་འཇོག་པའི་འཇོག་བྱེད་གཉིས་ཀ འམ། གཉིས་ཀ་མིན་པ་ཞིག་སྟོན་པས་ནི་གཉིས་མེད་ཀྱི་རྒྱུད་དུ་འཇོག་པར་འདོད་དོ། །དེའི་ལྟར་ན་ཡང་བླ་མེད་ཀྱི་ཐབས་ཤེས་ཀྱི་རྒྱུད་གཉིས་ཀ་གཉིས་མེད་ཀྱི་རྒྱུད་ཡིན་པ་ངེས་དོན་དུ་འདོད་བཞིན་དུ། རྒྱུད་གསུམ་པོའི་འཇོག་བྱེད་མི་མཐུན་ པ་གསུམ་དུ་བྱེད་པ་དང༌། གཉིས་མེད་ཀྱི་རྒྱུད་ཀྱི་མཚན་གཞིར་རང་གང་ལ་ཞེན་པ་ཆེ་བའི་རྒྱུད་བྱེ་བྲག་པ་གཅིག་ལ་བྱེད་པ་འགལ་བར་འགྱུར་ཏེ། རང་ལུགས་ལ་ཕ་རྒྱུད་དང་མ་རྒྱུད་གཉིས་ཁས་མི་ལེན་ན་ནི་རང་གིས་ཁས་བླངས་པ་དང་ལུང་ དང་འགལ་བ་སོགས་ཀྱིས་གནོད་ལ། ཁས་ལེན་ན་ནི་དེ་གཉིས་གཉིས་མེད་རྒྱུད་མིན་ན། དེ་གཉིས་གཉིས་མེད་རྒྱུད་ཡིན་པ་ངེས་དོན་དུ་བྱེད་པ་དང་འགལ་ཞིང༌། ཡིན་ན་ནི། རྒྱུད་གསུམ་གྱི་འཇོག་བྱེད་མི་མཐུན་པ་གསུམ་དུ་བྱེད་པ་དང་འགལ་ བར་འགྱུར་རོ། །ཕལ་མོ་ཆེས་ནི་ཕ་རྒྱུད་མ་རྒྱུད་གཉིས་ལས་གཉིས་སུ་མེད་པའི་རྒྱུད་མཆོག་ཏུ་གྱུར་པའོ་སྙམ་དུ་བསམས་ནས། རང་རྒྱུད་གང་ལ་ཞེན་ཆེ་བ་དེ་གཉིས་མེད་ཀྱི་རྒྱུད་དུ་ནན་གྱིས་སྒྲུབ་ཅིང༌། དེ་ལས་ལོགས་སུ་རྒྱུད་གཉིས་རྣམ་པར་འཇོག་ 5-3-17a པར་བྱེད་དོ། །གཉིས་པ་ལ་གཉིས། ཐབས་ཤེས་གཉིས་སུ་མེད་པའི་རྒྱུད་ཀྱི་འཇོག་ཚུལ་དང༌། ཐབས་ཤེས་སོ་སོ་བའི་རྒྱུད་ཀྱི་དོན་བསྟན་པའོ། །དང་པོ་ལ་གཉིས། དངོས་ཀྱི་དོན་དང༌། དོགས་པ་བསལ་བའོ། །དང་པོ་ནི། ཐབས་ཤེས་གཉིས་སུ་མེད་པའི་རྒྱུད་ཅེས་པའི་ཐབས་ཤེས་དང༌། ཐབས་ཤེས་སོ་སོ་བའི་རྒྱུད་ཅེས་པའི་ཐབས་ཤེས་གཉིས། ཐབས་ཤེས་ཞེས་པའི་མིང་གཅིག་ཏུ་བྱུང་བས་དོན་ཡང་གཅིག་ཏུ་འཁྲུལ་པ་ལ་བརྟེན་ནས། ཐབས་ཤེས་གཅིག་ གི་དབང་དུ་བྱས་པའི་ཐབས་ཤེས་གཉིས་མཉམ་པར་སྦྱོར་བའི་རྒྱུད་དང༌། ཐབས་ཤེས་ཕྱོགས་རེ་བའི་རྒྱུད་གཉིས་འགལ་བར་འདུག་སྙམ་དུ་བཟུང་ནས། བླ་མེད་ཀྱི་རྒྱུད་ལ་རྒྱུད་སོ་སོ་བ་གསུམ་དུ་འབྱེད་པར་སྣང་བས་དེ་གཉིས་རྣམ་པར་ དབྱེ་བར་བྱའོ། །དེ་ལ་རྣལ་འབྱོར་མ་བླ་ན་མེད་པ་དང་རྣལ་འབྱོར་ཕ་བླ་ན་མེད་པ་གཉིས་ཀའི་རྣལ་འབྱོར་གྱི་དོན་ནི། ཐབས་ཤེས་ཕྱོགས་རེ་བ་མིན་པར་ཐབས་ཤེས་མཉམ་པར་སྦྱོར་བར་གསུངས་པའི་ཐབས་ནི། ལྷན་ཅིག་སྐྱེས་པའི་བདེ་ བ་ཆེན་པོ་ཡིན་ལ། ཤེས་རབ་ནི་བདག་མེད་པ་སྟོང་པ་ཉིད་ཀྱི་དེ་ཁོ་ན་ཉིད་རྟོགས་པའི་བློ་ཡིན་པར་མང་དུ་གསུངས་ཤིང་གྲགས་ཀྱང་ཆེ་བ་ལྟར་ཡིན་ནོ། །དེ་འདྲ་བའི་བདེ་སྟོང་གི་ཐབས་ཤེས་གཉིས་ཀྱི་ངོ་བོ་དབྱེར་མེད་པར་སྦྱོར་བའི་དབང་ དུ་བྱས་ན་ནི། བླ་མེད་ཀྱི་རྒྱུད་སྡེ་ཐམས་ཅད་དེ་འདྲ་ཞིག་བརྗོད་བྱའི་དོན་མཆོག་ཏུ་བྱེད་པ་ལ་འདྲ་བ་ཡིན་པས། བླ་མེད་ཀྱི་རྒྱུད་ཐམས་ཅད་རང་གི་ངོ་བོའི་གནས་ཚུལ་ནི་གཉིས་སུ་མེད་པའི་རྒྱུད་ཉིད་དུ་གནས་སོ། །དེའི་ཕྱིར་ཐབས་ཤེས་དེ་གཉིས་ཀྱི་ 5-3-17b དབང་དུ་བྱས་ནས་ཐབས་ཤེས་ཕྱོགས་རེ་བའི་རྒྱུད་དུ་འཇོག་པ་མིན་པས། གཉིས་མེད་ཀྱི་རྒྱུད་ནི་ཕ་རྒྱུད་དང་མ་རྒྱུད་གཉིས་ཀྱི་དབྱེ་གཞིར་བྱའི་ཕྱེ་བའི་ཡ་གྱལ་དུ་མི་གཟུང་ངོ༌། །དེ་ལྟར་ཡང་དྲི་མེད་འོད་ལས། རང་གི་ངོ་བོས་ནི་ཐམས་ཅད་ཤེས་རབ་དང་ ཐབས་ཀྱི་བདག་ཉིད་ཅན་རྣལ་འབྱོར་གྱི་རྒྱུད་ཉིད་དེ། དེ་བཞིན་དུ་དགྱེས་པའི་རྡོ་རྗེ་ལས་གསུངས་པ། ཧེ་ཡིག་གིས་ནི་སྙིང་རྗེ་ཆེ། །བཛྲ་ཤེས་རབ་ཅེས་བརྗོད་དེ། །ཤེས་རབ་ཐབས་ཀྱི་བདག་ཉིད་རྒྱུད། །དེ་ནི་བདག་གིས་བཤད་ཀྱིས་ཉོན། །ཞེས་ གསུངས་པའི་ཕྱིར་དགྱེས་པའི་རྡོ་རྗེ་ནི་ཤེས་རབ་ཀྱི་རྒྱུད་དུ་མི་འགྱུར་ཏེ། ཤེས་རབ་ཀྱི་རྒྱུད་ཉོན་ཞེས་གསུངས་པ་མེད་པའི་ཕྱིར་རོ། །དེ་བཞིན་དུ་འདུས་པ་ལས། ཐབས་དང་ཤེས་རབ་སྙོམས་འཇུག་པ། །རྣལ་འབྱོར་ཞེས་པར་མངོན་པར་བརྗོད། ། འདུས་པ་སྦྱོར་བར་རབ་གསུངས་ཏེ། །སངས་རྒྱས་ཐམས་ཅད་མངོན་རྗོད་བྱེད། །ཅེས་གསུངས་པའི་ཕྱིར་འདི་ནི་ཐབས་ཀྱི་རྒྱུད་དུ་མི་འགྱུར་རོ། །དེ་བཞིན་དུ་དང་པོའི་སངས་རྒྱས་ལས་གསུངས་པ། ཐབས་ཀྱི་ལུས་ཀྱིས་རྣལ་འབྱོར་མིན། །ཤེས་རབ་ གཅིག་པུས་འགྱུར་མ་ཡིན། །ཐབས་དང་ཤེས་རབ་སྙོམས་འཇུག་པ། །དེ་བཞིན་གཤེགས་པས་རྣལ་འབྱོར་གསུངས། །ཞེས་སོ། །ཞེས་གསུངས་ཤིང་རྡོ་རྗེ་སྙིང་པོའི་འགྲེལ་པ་ལས་ཀྱང་དེ་བཞིན་དུ་བཤད་དོ། །འདུས་པ་ཐབས་རྒྱུད་དང་ཀྱཻ་རྡོར་ ཤེས་རབ་རྒྱུད་དུ་མི་འགྱུར་རོ་ཞེས་པ་ནི། དེ་གཉིས་བདེ་སྟོང་གི་ཐབས་ཤེས་ལ་ལྟོས་ན་རེ་རེ་བའི་རྒྱུད་ཡིན་པ་འགོག་གི། དེ་གཉིས་རང་ལུགས་ལ་ཕ་རྒྱུད་དང་མ་རྒྱུད་དུ་མི་འདོད་པ་མིན་ནོ། །ཕ་མའི་རྒྱུད་ལ་དེ་གཉིས་གྲགས་ཆེ་བས་སྨོས་ 5-3-18a ཀྱི། དེ་གཉིས་ལས་གཞན་པའི་ཐབས་ཤེས་ཀྱི་རྒྱུད་མི་འདོད་པ་ཡང་མིན་ནོ། །གཉིས་པ་ནི། ཀྱཻ་རྡོར་སོགས་རྣལ་འབྱོར་མའི་རྒྱུད་རྣམས་ལས་བདེ་བ་མང་དུ་བསྟན་པ་ལྟར། འདུས་པའི་སྐོར་ལས་ཚིག་ཟིན་ལ་བདེ་བ་ མི་མང་ཞིང་སྟོང་པ་བཞིའི་སྒོ་ནས་བཤད་པ་མང་བ་ལ་བརྟེན་ནས། བདེ་བ་ཆེན་པོ་མ་རྒྱུད་ཀྱི་ཐུན་མོང་མ་ཡིན་པའོ་སྙམ་པ་དང༌། ཕ་རྒྱུད་ལ་བདེ་བ་ཆེན་པོ་ལམ་གྱི་དངོས་གཞི་མི་བྱེད་དོ་སྙམ་དུ་མི་གཟུང་སྟེ། གྲུབ་ཆེན་ནག་པོ་སྤྱོད་པས། རྣལ་འབྱོར་ གྱི་ནི་རྒྱུད་དག་ཏུ། །འདི་སྐད་ཅེས་སོགས་པས་གསུངས་གང༌། །དེ་ནི་རྣལ་འབྱོར་མ་རྒྱུད་དུ། །མི་སྟེར་གཞན་དག་སོག་མ་འདྲ། །རང་བཞིན་དབྱེ་བ་ཡོད་མིན་ཞེས། །ཐུགས་རྡོ་རྗེ་ཡིས་དེ་སྐད་གསུངས། །ཞེས་ཐབས་རྒྱུད་དུ་གསུངས་པའི་འདི་སྐད་བདག་ ཐོས་སོགས་ཀྱི་གླེང་གཞིའི་དོན་གྱི་དངོས་གཞི་བདེ་སྟོང་དབྱེར་མེད་དུ་སྦྱོར་བ་ལ་བཤད་པ་དེ་ཉིད། རྣལ་འབྱོར་མའི་རྒྱུད་ཀྱི་དོན་ཡང་ཡིན་པས་རྒྱུད་དེ་གཉིས་ཀྱི་བདེ་སྟོང་སྦྱོར་བའི་རང་བཞིན་ལ་དབྱེ་བ་མེད་པར་རྒྱལ་བས་གསུངས་སོ་ཞེས་བཤད་ལ། ཁྱད་པར་དུ་འདུས་པའི་འདི་སྐད་བདག་ཐོས་སོགས་ཀྱི་གླེང་གཞིའི་དོན་གཏན་ལ་འབེབས་པ་གསང་བ་གྲུབ་པ་ལས་ཀྱང༌། སྒྲུབ་པོ་དེ་ཉིད་ལ་གཏད་པས། །བརྟུལ་ཞུགས་མེད་ཀྱང་འགྲུབ་པར་འགྱུར། །བརྟུལ་ཞུགས་བརྒྱ་ཕྲག་ལ་སྤྱད་ཀྱང༌། །དེ་ཉིད་ དམན་ན་འགྲུབ་མི་འགྱུར། །ཞེས་དང༌། དེ་ཉིད་དེ་ཡང་རྒྱུད་གནས་པར། །དཔལ་ལྡན་གསང་བ་འདུས་པར་གསལ། །ཞེས་དང༌། རྒྱུད་མཛད་པ་ནི་ཐུགས་རྡོ་རྗེ། །གསུང་བ་པོའང་བརྗོད་པའང་དེ། །དེ་ལས་གཞན་དག་ཡོད་མིན་པས། །བདེ་ཆེན་ 5-3-18b ལས་གཞན་གསུང་བ་མེད། །འདི་སྐད་ཐོས་པའི་ཚིག་གང་དང༌། །བཞུགས་ཞེས་བྱ་བའི་ཚིག་གནས་པ། །ཐུགས་ཀྱི་རྡོ་རྗེ་བདག་ཉིད་ཀྱིས། །སངས་རྒྱས་ཀུན་ལ་བསྟན་པ་ཡིན། །དཔལ་ལྡན་བདེ་ཆེན་མགོན་པོ་ཡིས། །བཞུགས་ཞེས་བྱ་བའི་ཚིག་བཟང་ པོར། །ཇི་ལྟར་བཟང་པོ་གང་བསྟན་པ། །དེ་བཞིན་བདག་གིས་ཅུང་ཞིག་བརྗོད། །དུས་གཅིག་མཆོག་ཏུ་མདོར་བསྟན་པ། །གང་ཚེ་གཙོ་བོས་གསུངས་པ་ནི། །སངས་རྒྱས་རྣམས་ཀྱི་རྒྱུད་དོན་བདེན། །བདེ་བ་ཆེན་པོའི་བདག་ཉིད་ཡིན། །ཞེས་དེ་ཉིད་ཡོད་ ན་ཡོད་ལ་མེད་ན་མེད་ཅེས་བསྔགས་པའི་དེ་ཉིད་ནི་བདེ་ཆེན་དང་སྟོང་པ་དབྱེར་མེད་དུ་སྦྱོར་བ་ལ་ལན་ཅིག་མ་ཡིན་པར་བཤད་དོ། །འདི་ནི་སློབ་དཔོན་བདེ་བ་ཆེན་པོ་ཞེས་པ་མཚན་གཞན་པདྨ་རྡོ་རྗེ་ཞེས་པས་མཛད་ལ། དེ་ཉིད་སྤྱོད་བསྡུས་སུ་ཡང་ ལན་མང་པོར་ཁུངས་སུ་འདྲེན་པར་མཛད་པས། འཕགས་སྐོར་དང་ཤིན་ཏུ་མཐུན་ལ་བདེ་སྟོང་སྦྱོར་བ་ལམ་གྱི་དངོས་གཞི་ཡིན་པ་འདུས་པའི་དོན་ཡིན་པར་ཡང་དང་ཡང་དུ་འཆད་པས། འཕགས་ལུགས་འཛིན་པ་རྣམས་ཀྱིས་ངེས་པར་ཤེས་དགོས་ པར་ཡོད་དོ། །དེ་ལྟར་བླ་མེད་ཀྱི་རྒྱུད་ཐམས་ཅད་བདེ་སྟོང་གི་ཐབས་ཤེས་གཉིས་ངོ་བོ་དབྱེར་མེད་དུ་སྦྱོར་བ་ཞིག་ལམ་གྱི་དངོས་གཞིར་བྱེད་པ་ལ་ཁྱད་པར་མེད་པར་བསྟན་པ་འདིས་ནི། རྒྱུད་གཉིས་པོ་གང་གི་ལམ་དུ་འཇུག་ཀྱང་བདེ་སྟོང་གི་ཐབས་ཤེས་ གཉིས་ངོ་བོ་དབྱེར་མེད་དུ་རྒྱུད་ལ་སྐྱེད་པ་ཞིག་མེད་མི་རུང་དུ་ཤེས་དགོས་ལ། བདེ་བ་དང་སྟོང་པ་ཡང་འོལ་སྤྱི་ཙམ་རེ་ལ་གོ་བ་མིན་པར་ཐུན་མོང་མ་ཡིན་པའི་བདེ་སྟོང་གི་གནད་ཕྲ་མོ་རྣམས་རྙེད་དགོས་པར་ཤེས་པར་གྱིས་ཤིག །གཉིས་པ་ལ་ 5-3-19a གཉིས། དྲི་མེད་འོད་ལ་སོགས་པ་ལས་གསུངས་པ་དང༌། རྡོ་རྗེ་གུར་ལ་སོགས་པ་ལས་གསུངས་པའོ། །དང་པོ་ནི། ཐབས་ཤེས་གཉིས་སུ་མེད་པའི་རྒྱུད་ཀྱི་ཐབས་ཤེས་སྔར་བཤད་པ་ལྟར་ཡིན་ན། ཐབས་ཤེས་སོ་སོ་བའི་ རྒྱུད་དུ་གསུངས་པའི་ཐབས་ཤེས་གང་ཡིན་ཞེ་ན། དེའི་འཇོག་ཚུལ་རེ་ཞིག་དྲི་མེད་འོད་ལས་གསུངས་པ་ནི། རྒྱུད་གང་ལ་འཇིག་རྟེན་གྱི་ཀུན་རྫོབ་ཏུ་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའི་དབྱེ་བས་ཕུང་པོ་དང་ཁམས་རྣམ་པར་དག་པ་ལས། ཐབས་ དང་ཤེས་རབ་ཀྱི་ཕྱོགས་སུ་དབང་པོ་རྟུལ་པོའི་སེམས་ཅན་གྱི་བསམ་པའི་དབང་གིས་དེ་བཞིན་གཤེགས་པས་གསུངས་སོ། །ཞེས་ཕུང་པོ་དག་པ་ལས་ཐབས་སུ་བཞག་པའི་ལྷ་ཕོ་དང༌། ཁམས་དག་པ་ལས་ཤེས་རབ་ཏུ་བཞག་པའི་ལྷ་མོའི་སྒོ་ནས་ ཐབས་ཤེས་སོ་སོ་བའི་རྒྱུད་དུ་བཞག་ལ། དེ་འདྲ་བའི་ཐབས་ཤེས་ནི་སྔར་གྱི་དོན་དམ་པའི་ཐབས་ཤེས་ལ་ལྟོས་ན་ཀུན་རྫོབ་པ་དང༌། དབང་པོ་རྟུལ་པོའི་བསམ་པའི་དབང་གིས་བཞག་པ་ཡིན་པར་གསུངས་སོ། །ལྷ་ཕོ་མོའི་སྒོ་ནས་ཐབས་ཤེས་ ཀྱི་རྒྱུད་དུ་འཇོག་ཚུལ་ཡང༌། དེ་ཉིད་ལས། ཀུན་རྫོབ་ཀྱིས་གང་དུ་རྣལ་འབྱོར་མ་རྣམས་ཡང་དག་པར་རྒྱུ་ཞིང་གཙོ་བོ་མི་གཡོ་བ་དེ་ནི་རྣལ་འབྱོར་མའི་རྒྱུད་དོ། །གང་དུ་ཐབས་ཡང་དག་པར་རྒྱུ་ཞིང༌། ཤེས་རབ་མི་གཡོ་བ་དེ་ནི་ཐབས་ཀྱི་རྒྱུད་དོ། ། ཞེས་ལྷ་དམ་ཚིག་པ་ལ་ཡེ་ཤེས་པ་དགུག་པ་ལ་སོགས་པའི་བྱ་བ་བྱེད་པ་ལ་ལྷ་མོ་རྣམས་རྒྱུ་ཞིང༌། ལྷ་ཕོ་རྣམས་མི་རྒྱུ་བ་ཤེས་རབ་དང༌། དེ་ལས་བཟློག་སྟེ་བྱེད་པ་ཐབས་ཀྱི་རྒྱུད་དུ་གསུངས་སྟེ། རྡོ་རྗེ་སྙིང་པོའི་འགྲེལ་པར་ཡང་དེ་བཞིན་དུ་བཤད་དོ། ། 5-3-19b དེ་ལྟ་ན་དུས་འཁོར་ཐབས་ཀྱི་རྒྱུད་དུ་འདོད་དགོས་ལ་དེ་འདོད་ན་དྲི་མེད་འོད་ལས། ལོ་གསུམ་གྱི་དབྱེ་བས་རྣལ་འབྱོར་མའི་རྒྱུད་ཀྱི་ངེས་པའོ། །ཞེས་དུས་སུ་འཆི་བའི་ལོ་བརྒྱའི་དབུ་མའི་རླུང་རྒྱུ་བ་ཕྱོགས་གཅིག་ཏུ་བསགས་པའི་ལོ་གསུམ་གྱི་དབུ་མའི་ ཞག་གྲངས་ཀྱི་སྟེང་ནས། རྣལ་འབྱོར་མའི་རྒྱུད་ཀྱི་ལྷ་གྲངས་བསྟན་པའི་སྐབས་སུ་རྣལ་འབྱོར་མའི་རྒྱུད་དུ་བཤད་པ་དང་འགལ་ལོ་ཞེ་ན། རྒྱུད་གཉིས་སུ་འཇོག་ཚུལ་ལྷ་ཕོ་མོའི་སྒོ་ནས་བཞག་པ་དེ་ཡང་ཤས་ཆེ་ཆུང་ལ་དགོངས་ཀྱི་ངེས་པ་ནི་མིན་ཏེ། གསང་ འདུས་འཕགས་ལུགས་ལྟ་བུ་ཐབས་རྒྱུད་ལ། ཡེ་ཤེས་པ་དགུག་གཞུགས་སོགས་ལྷ་ཕོས་མི་བྱེད་པ་ཡང་ཡོད་ལ། དེ་བཞིན་དུ་ལྷ་མོས་དགུག་གཞུགས་སོགས་མི་བྱེད་པའི་མ་རྒྱུད་ཀྱི་གཞུང་ཚད་ལྡན་ཡང་ཡོད་པ་དང༌། རྒྱུད་གཉིས་ཀའི་ཐུན་མོང་ གི་རྣམ་བཞག་སྟོན་པའི་རྒྱུད་འགའ་ཞིག་ལ་དེ་གཉིས་ཀ་སྟོན་པ་ཡང་མི་འགལ་བའི་ཕྱིར་རོ། །དེས་ན་རྡོ་རྗེ་ཕྲེང་བ་རྒྱུད་གཉིས་ཀའི་ཐུན་མོང་གི་བཤད་རྒྱུད་ཡིན་ཀྱང༌། རང་གི་ངོ་བོ་ཐབས་རྒྱུད་དུ་གསུངས་པ་ལྟར། དུས་འཁོར་ལས་ཀྱང་ཚུལ་གཉིས་ ཀ་བཤད་ཀྱང་རང་གི་ངོ་བོ་རྣལ་འབྱོར་མའི་རྒྱུད་དུ་སེམས་སོ། །འདི་འདྲའི་རིགས་ལ་ཁ་ཅིག་ན་རེ། རྒྱུ་མཚན་དེ་ཉིད་ཀྱིས་གཉིས་མེད་ཀྱི་རྒྱུད་དུ་འཇོག་གོ་ཞེས་ཟེར་བ་ནི། གཉིས་མེད་ཀྱི་རྒྱུད་དུ་འཇོག་འདོད་ཀྱང་དྲི་མེད་འོད་ཀྱི་དགོངས་པ་ ལྟར་འཇོག་མ་ཤེས་པ་ཡིན་ཏེ། འདི་ལྟར་དྲི་མེད་འོད་ལས་ནི། གཉིས་སུ་མེད་པའི་རྒྱུད་དུ་སྔར་བཤད་པ་ལྟར་གྱི་དོན་དམ་པའི་ཐབས་ཤེས་ཀྱི་སྒོ་ནས་འཇོག་ལ། ཐབས་ཤེས་གཡོ་མི་གཡོའི་ཐབས་ཤེས་ནི་ཀུན་རྫོབ་པ་དབང་རྟུལ་གྱི་བསམ་ 5-3-20a པའི་དབང་གིས་བཞག་པར་བཤད་པའི་ཕྱིར་རོ། །འདིས་ནི་བསྒོམས་པའི་ལྷ་ཕོ་མོའི་སྒོ་ནས་ཕ་མའི་རྒྱུད་དུ་བཞག་པའི་ཐབས་ཤེས་གཉིས་དབང་པོ་རྟུལ་པོའི་བསམ་པའི་དབང་གིས་བཞག་པར་སྟོན་གྱི་ཕ་རྒྱུད་དང་མ་ རྒྱུད་དུ་འཇོག་པའི་ཐབས་ཤེས་ཐམས་ཅད་དེ་ལྟར་སྟོན་པ་མིན་ནོ། །དྲི་མེད་འོད་ལས། ཐབས་རྒྱུད་ལ་ཉིན་མཚན་མཉམ་པ་དག་པས་ལྷ་ཡབ་ཡུམ་ཞལ་ཕྱག་མཉམ་པ་དང༌། ཤེས་རབ་ཀྱི་རྒྱུད་ལ་སྔ་ཕྱིའི་ཐུན་མཚམས་དག་པས་ལྷ་ཡབ་ཡུམ་ ཞལ་ཕྱག་མི་མཉམ་པར་གསུངས་པ་རྒྱུད་གཉིས་ཀྱི་འཇོག་བྱེད་དུ་བྱས་ནས། དེའི་ཤུགས་ཀྱི་གཙོ་བོ་ཡབ་ཡུམ་ཞལ་ཕྱག་མི་མཉམ་ལ་འཁོར་མཉམ་པ་གཉིས་མེད་ཀྱི་རྒྱུད་དུ་འཐོབ་ཅེས་གསུང་བ་ཡང་ལེགས་པར་མ་མཐོང་སྟེ། དེ་ ནི་རྒྱུད་གཉིས་ལས་ཞལ་ཕྱག་མཉམ་མི་མཉམ་གསུངས་པའི་རྒྱུ་མཚན་བསྟན་པ་ཙམ་ཡིན་གྱི། ཐབས་ཤེས་ཀྱི་རྒྱུད་ཀྱི་དོན་དུ་འཇོག་པ་མིན་པའི་ཕྱིར་ཏེ། དེ་དག་ལ་ཕོ་མོའམ་ཐབས་ཤེས་ཀྱི་དོན་གྱི་ལྡོག་པ་ཅི་ཡང་མི་སྣང་བའི་ཕྱིར་རོ། །གཞན་ཡང་ གཉིས་མེད་ཀྱི་རྒྱུད་དུ་སྒྲུབ་པ་ནི་རྒྱུད་གཞན་ལས་མཆོག་ཏུ་སྒྲུབ་འདོད་པར་སྣང་ལ། རྒྱུ་མཚན་དེས་གཉིས་མེད་ཀྱི་རྒྱུད་དུ་གྲུབ་ཀྱང་ཁྱད་པར་དུ་འཕགས་ཆོས་མེད་དེ། གཙོ་བོ་ཡབ་ཡུམ་ཞལ་ཕྱག་གྲངས་མི་མཉམ་པ་དང༌། འཁོར་གྱི་ལྷ་མཉམ་ པ་གཉིས་ཀ་བྱུང་ཡང་དེའི་ཆ་ནས་ཟབ་གནས་མི་སྣང་བའི་ཕྱིར་རོ། །རིགས་པ་འདི་དེ་འདྲ་བའི་སྒྲུབ་བྱེད་ལྟར་སྣང་གཞན་སྨྲ་བ་ལ་ཡང་ཤེས་པར་བྱའོ། །གཉིས་པ་ལ་གཉིས། གཞན་གྱིས་བརྟགས་པའི་མཐའ་དགག་པ་དང༌། ལེགས་པར་གནས་ 5-3-20b པའི་ཕྱོགས་བཞག་པའོ། །དང་པོ་ལ་གཉིས། གཞན་གྱི་ལུགས་དང༌། དེ་དགག་པའོ། །དང་པོ་ནི། བོད་ཁ་ཅིག །གུར་གྱི་ལེའུ་བཞི་པ་ལས། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །མཁའ་འགྲོ་མ་ཡི་དམ་པའི་ཚོགས། །མཁའ་འགྲོ་ལྔ་པོ་རབ་བསྒྲུབ་ ཕྱིར། །མཁའ་འགྲོ་མ་ཡི་རྒྱུད་བཤད་དོ། །ཞེས་དང༌། སྲོག་ཆགས་གསོད་ལ་འབད་ལྡན་དང༌། །ལྟ་བ་ལས་ནི་ལོག་རྣམས་དང༌། །བཙུན་མོ་རྣམས་ནི་བསྡུ་བའི་ཕྱིར། །བདེ་བའི་ཐབས་ནི་རྒྱས་མིན་ཞིང༌། །གཞུང་ཉུང་བ་ལ་དོན་རྒྱས་པ། །བློ་ དམན་རབ་ཏུ་རྟོགས་བྱེད་པའི། །སྔགས་རྣམས་ཀྱི་ནི་ཁྱད་པར་ཕྱིར། །རྒྱུད་ཀུན་གྱི་ནི་སྙིང་པོ་ཡི། །མཁའ་འགྲོ་མ་ཡི་རྒྱུད་བཤད་དོ། །ཞེས་གསུངས་པའི་དང་པོ་བཞིས་དེ་བཞིན་གཤེགས་པ་མཁའ་འགྲོ་མའི་སྐུར་སྟོན་ཞིང༌། མོས་གཙོ་བོ་བྱས་ པའམ་འཁོར་མོ་ཚོགས་ཤས་ཆེ་བས་བསྐོར་བ་ནི་མ་རྒྱུད་དང༌། དེ་བཞིན་གཤེགས་པ་རིགས་ལྔའི་སྐུར་སྟོན་ཞིང༌། འཁོར་ཕོའི་ཚོགས་ཤས་ཆེ་བས་བསྐོར་བ་ནི་ཕ་རྒྱུད་དུ་བསྟན་པར་འདོད་དེ། ལུང་དེས་དོན་སྔ་མ་དངོས་སུ་བསྟན་པའི་ཤུགས་ཀྱིས་ཕྱི་ མ་བསྟན་པར་བསམས་སོ། །དེ་བཞིན་དུ་ལུང་ཕྱི་མ་རྣམས་ཀྱིས་ཕྱི་རོལ་པའི་གང་ཟག་སྲོག་གཅོད་པ་ལ་དགའ་ཞིང༌། ལྟ་བ་དང་ལམ་ཕྱིན་ཅི་ལོག་ཏུ་གྱུར་པ་རྣམས་འདུལ་བའི་ཕྱིར་མ་རྒྱུད་བསྟན་པའི་གནད་ཀྱིས། རང་སྡེ་ལྟ་བ་ཕྱིན་ཅི་མ་ལོག་ པ་དང་ལྡན་པས་བྱང་ཆུབ་སྒྲུབ་པར་འདོད་པ་འདུལ་བའི་ཕྱིར་ཕ་རྒྱུད་གསུངས་པར་འདོད་ལ། དེ་གཉིས་ཀྱང་རྒྱུད་གཉིས་སུ་འཇོག་པའི་ཁྱད་པར་དུ་འདོད་དོ། །ཡང་གུར་གྱི་ལེའུ་བཅུ་གསུམ་པ་ལས། སྐྱེས་བུ་འདུལ་བར་མཛད་དོན་དུ། །རྣལ་ 5-3-21a འབྱོར་རྒྱུད་རྣམས་རབ་བཤད་ལ། །བཙུན་མོ་རྣམས་ནི་བསྡུ་བའི་ཕྱིར། །རྣལ་འབྱོར་མ་ཡི་རྒྱུད་རབ་བཤད། །ཅེས་གསུངས་པས། དགོས་པ་དེ་གཉིས་ཀྱི་ཕྱིར་རྒྱུད་གཉིས་བསྟན་པ་གཉིས་རྒྱུད་གཉིས་ཀྱི་འཇོག་བྱེད་དུ་འདོད་དོ། ། གསང་བའི་དེ་ཁོ་ན་ཉིད་གསལ་བ་ལས། བསྐྱེད་དང་རྫོགས་འབྱུང་རིམ་པ་ཡིས། །རྣལ་འབྱོར་བསྐྱེད་པར་བསྟན་པ་དང༌། རྫོགས་པ་རྣལ་འབྱོར་མ་རུ་འདོད། །ཅེས་པས་བསྐྱེད་རིམ་གྱི་དེ་ཉིད་སྟོན་པ་ཕ་རྒྱུད་དང༌། རྫོགས་རིམ་གྱི་དེ་ཉིད་སྟོན་ པ་མ་རྒྱུད་དུ་བསྟན་པར་འདོད་དོ། །གཉིས་པ་ནི། ལུང་དང་པོའི་དོན་ནི་སངས་རྒྱས་རིགས་ལྔ་པོ་ཐམས་ཅད་ཀྱི་འཁོར་མཁའ་འགྲོ་མའི་ཚོགས་ཀྱིས་བསྐོར་བའི་མཁའ་འགྲོ་སྡེ་ལྔའི་དཀྱིལ་འཁོར་རབ་ཏུ་བསྒྲུབ་པའི་ཕྱིར། མཁའ་འགྲོ་མ་ རྡོ་རྗེ་གུར་གྱི་རྒྱུད་བཤད་ཅེས་པའི་དོན་ཡིན་པ་དེའི་སྔོན་དུ་གསུངས་པ་ལས་ཤིན་ཏུ་གསལ་བས། མ་རྒྱུད་ཀྱི་རྒྱུད་དོན་ངོས་འཛིན་པའང་མིན་ལ། མཁའ་འགྲོ་སྡེ་ལྔ་ཡང་དེའི་གོང་དུ། དཀྱིལ་འཁོར་རྣམ་པ་ལྔ་གསུངས་ཏེ། །རྡོ་རྗེ་ཅན་དང་ རྟག་པ་དང༌། །དེ་བཞིན་རྡོ་རྗེ་གཟི་བརྗིད་དང༌། །པདྨ་གར་དབང་ཕྱུག་གི་དང༌། །རྟ་ཡི་རྒྱལ་པོ་ལྔ་པའོ། །ཞེས་གསུངས་པའི་དེ་བཞིན་གཤེགས་པ་རིགས་ལྔ་པོ་ཉིད་ཡིན་པས། དཀྱིལ་འཁོར་གྱི་གཙོ་བོ་ལྷ་མོར་སྟོན་པ་ཡང་མིན་པས་ལུང་དང་ པོའི་བཤད་པ་མི་འཐད་དོ། །ལུང་གཉིས་པའི་དོན་བཤད་པ་ཡང་དེའི་དོན་མིན་ཏེ། དེའི་གོང་ཉིད་དུ། མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས། རྡོ་རྗེ་གུར་འདིར་རྣལ་འབྱོར་མ་དང་མཁའ་འགྲོ་མ་རྣམས་ཇི་ལྟར་ 5-3-21b བསྡུ་བར་བྱ་བ་ཡིན། ཞེས་བྱང་སེམས་རྣམས་ལ་དྲིས་པའི་ལན་དུ། བྱམས་པ་ལ་སོགས་པའི་སེམས་དཔའ་རྣམས་ཀྱིས། །ཐོག་མར་རྡོ་རྗེ་འཛིན་པ་ཡིས། །སྒོང་སྐྱེས་ལ་སོགས་མ་ལུས་པ། །བདག་གིས་བསྒྲལ་བར་བྱའོ་ཞེས། །བྱང་ཆུབ་ ཏུ་སྨོན་མངོན་བརྗོད་ན། །ཅི་ཕྱིར་བཙུན་མོ་རྣམས་བོར་བྱ། །སྲོག་ཆགས་གསོད་ལ་འབད་ལྡན་དང༌། །ཞེས་པ་ནས་རྒྱུད་བཤད་དོ། ཞེས་པའི་བར་སྔར་བཞིན་གསུངས་པས། བཙུན་མོ་རྣམས་སྡུད་པའི་ཕྱིར་དུ་མཁའ་འགྲོ་མའི་རྒྱུད་ཀྱི་སྙིང་པོ་གསུངས་ པའི་རྒྱུད་ནི། དྲི་བའི་སྐབས་སུ་རྡོ་རྗེ་གུར་ལ་དྲིས་པས་གུར་ཡིན་ལ། དེ་ལ་རྒྱུད་ཀུན་གྱི་སྙིང་པོ་ཞེས་ཟེར་བ་ནི། དེའི་གོང་དུ། འབུམ་ལྔ་དགྱེས་པའི་རྡོ་རྗེ་ལས། སྙིང་པོ་འདི་ནི་ཡོངས་བསྡུས་པའོ། །ཞེས་གསུངས་པ་ལྟར་ཡིན་པས། མ་རྒྱུད་ སྤྱིའི་འཇོག་བྱེད་མིན་ཏེ། གཞུང་ཉུང་བ་ལ་ཞེས་གསུངས་པས་ཀྱང་ཤེས་སོ། །འོ་ན་རྡོ་རྗེ་གུར་དུ། བུད་མེད་ཇི་ལྟར་བསྡུ་ཞེས་འདྲི་བའི་དྲིས་ལན་གྱི་དོན་གང་ཡིན་སྙམ་ན། གསུང་རབ་གཞན་དུ་བུད་མེད་ཀྱི་རྟེན་གྱིས་དངོས་སུ་འཚར་ རྒྱ་བ་མེད་པར་བསྟན་ལ། བླ་མེད་ཀྱི་རྒྱུད་རྣམས་སུ་རྟེན་དེས་བསྒྲུབས་ན་མཆོག་འགྲུབ་པ་ཡོད་པར་གསུངས་པ་ལ་བརྟེན་ནས་དྲིས་པ་ཡིན་ལ། ལན་གྱིས་ནི་དང་པོར་ཐུགས་བསྐྱེད་པའི་དུས་སུ་སེམས་ཅན་ཐམས་ཅད་སངས་ རྒྱས་ཀྱི་ས་ལ་དགོད་པར་དམ་བཅས་པས་ན། བུད་མེད་རྣམས་ཡལ་བར་དོར་དུ་མི་རུང་ལ། ཁྱད་པར་དུ་རྟེན་དེ་དང་སྲོག་གཅོད་པས་མཚོན་པའི་སྡིག་ཆེ་བ་དང༌། རེ་ཞིག་ལྟ་བ་ལོག་པས་ཀྱང་ལམ་འདི་ལ་བརྟེན་ནས་མཆོག་སྒྲུབ་ 5-3-22a ཏུ་ཡོད་པས། དེ་རྣམས་བསྡུ་བའི་དོན་དུ་རྡོ་རྗེ་གུར་གསུངས་པར་སྟོན་པ་ཡིན་པས། མ་རྒྱུད་དུ་འཇོག་པའི་འཇོག་བྱེད་སྟོན་པ་ག་ལ་ཡིན། སྐྱེས་པ་འདུལ་བ་དང་བུད་མེད་བསྡུ་བའི་ཕྱིར་རྒྱུད་གཉིས་བཤད་ ཅེས་པ་ལ། སྤྱིར་རྒྱུད་འདིར་མ་རྒྱུད་ལ་ཡང་རྣལ་འབྱོར་རྒྱུད་ཅེས་པ་དང༌། བུད་མེད་བསྡུ་བའི་ཕྱིར་དུ་རྡོ་རྗེ་གུར་གསུངས་པ་ལ་བསམས་ནས་རྣལ་འབྱོར་མའི་རྒྱུད་བཤད་ཅེས་གསུངས་པ་ཡོད་དེ། དགྱེས་པའི་རྡོ་རྗེ་རྣལ་འབྱོར་རྒྱུད། ། དང་པོར་རྒྱལ་བ་རྣམས་ཀྱིས་བཤད། །ཕྱི་ནས་རྣལ་འབྱོར་མ་ཡི་རྒྱུད། །དེ་ཉིད་མོ་གཟུགས་བསྡུ་ཕྱིར་རོ། །ཞེས་སྔར་དྲངས་པ་ལྟར་དང་པོར་རྒྱུད་རྒྱས་པ་འབུམ་ལྔ་གསུངས་པའི་ཕྱི་ནས་དེ་ལས་བསྡུས་ནས། རྣལ་འབྱོར་མའི་རྒྱུད་ གུར་གསུངས་པ་དེ་བུད་མེད་བསྡུ་བའི་ཕྱིར་དུ་ཡིན་ཞེས་གསུངས་སོ། །དེ་ལ་གུར་བརྟག་གཉིས་ཀར་ཀྱཻ་རྡོར་མ་རྒྱུད་དུ་བཤད་པས་དེ་ལ་རྣལ་འབྱོར་རྒྱུད་ཅེས་གསུངས་པ་ནི། རྣལ་འབྱོར་ཕ་དང་རྣལ་འབྱོར་མ་གཉིས་ཀའི་ དབྱེ་གཞི་རྣལ་འབྱོར་རྒྱུད་ཡིན་པ་ལ་དགོངས་ཀྱི། རྣལ་འབྱོར་མའི་རྒྱུད་ཀྱི་ཟླས་དྲངས་པའི་རྣལ་འབྱོར་རྒྱུད་མིན་ནོ། །གུར་བུད་མེད་བསྡུ་བའི་ཕྱིར་དུ་གསུངས་ཚུལ་ནི་བཤད་ཟིན་ལ། ལུང་ཕྱི་མ་འདི་ཡང་དེ་ལྟར་བཤད་པར་ བྱ་བའམ། ཡང་ན་ཕ་རྒྱུད་མ་རྒྱུད་གཉིས་ཀའི་དབང་དུ་བྱས་ནས་འཆད་ན། བླ་མེད་ཀྱི་སྒོ་ནས་མཆོག་སྒྲུབ་པའི་རྟེན་གྱི་གཙོ་བོ་རིན་པོ་ཆེ་ལྟ་བུའི་གང་ཟག་ལ་ཕོ་མོ་གཉིས་ཡོད་ཀྱང༌། རྒྱུད་དང་བསྟན་བཅོས་རྣམས་ལས་ཕལ་ཆེར་ 5-3-22b སྒྲུབ་པ་པོ་སྐྱེས་པ་དང༌། དེའི་ཕྱག་རྒྱ་ལ་བུད་མེད་རིགས་བཞི་བཤད་པ་མང་ངོ༌། །དེའི་ཚེ་སྐྱེས་པར་མ་ཟད་རིག་མ་ཡང་ལམ་སྒྲུབ་པ་པོར་ཤེས་པར་བྱ་སྟེ། ཤེས་རབ་ཀྱི་རྐྱེན་གྱིས་ཐབས་གྲོལ་བ་ལྟར་ཐབས་ཀྱི་རྐྱེན་གྱིས་ཤེས་རབ་མ་གྲོལ་ བར་ཡང་ལན་མང་དུ་གསུངས་པའི་ཕྱིར་རོ། །ཚུལ་དེ་ཡང་རྒྱུད་གཉིས་ཀ་ལ་ཡོད་མོད་ཀྱང༌། རིག་མའི་མཚན་ཉིད་དང་དབྱེ་བ་དང་བརྟག་ཐབས་དང་བསྟེན་ཚུལ་དང་དེ་བརྟེན་པ་ལས་ཡེ་ཤེས་སྐྱེ་ཚུལ་རྣལ་འབྱོར་མའི་རྒྱུད་ལས་ འཆད་པ་ལྟར་ཕ་རྒྱུད་རྣམས་ནས་མི་རྒྱས་པས། དེའི་སྒོ་ནས་དེ་གཉིས་འདུལ་བའི་དོན་དུ་རྒྱུད་གཉིས་བཤད་པར་གསུངས་སོ། །དེ་ཡང་རྒྱུད་གཉིས་ཀྱི་དགོས་པ་བཤད་པ་ཙམ་ཡིན་གྱི་ཕ་རྒྱུད་དང་མ་རྒྱུད་དུ་འཇོག་པའི་འཇོག་བྱེད་མིན་ ཏེ། དཔེར་ན་གསང་འདུས་ནི་གཙོ་བོར་རིན་པོ་ཆེ་ལྟ་བུའི་གང་ཟག་གི་དོན་དུ་གསུངས་པ་ཡིན་ཀྱང༌། དེ་ཕ་རྒྱུད་ཀྱི་འཇོག་བྱེད་མིན་པ་བཞིན་ནོ། །དེ་ལྟར་མ་ཡིན་ན་བློ་དམན་གྱིས་རབ་ཏུ་རྟོགས་པའི་ཕྱིར་དུ་མཁའ་འགྲོ་མའི་རྒྱུད་བཤད་ པར་ཡང་དེ་ལས་གསུངས་པས་དེ་ཡང་མ་རྒྱུད་ཀྱི་འཇོག་བྱེད་དུ་འགྱུར་རོ། །གསང་བའི་དེ་ཁོ་ན་ཉིད་གསལ་བའི་ལུང་གི་དོན་བཤད་པ་ཡང་དེའི་དོན་མིན་ཏེ། དེ་ཉིད་ལས། གཉིས་གཉིས་སྤྲོད་དང་རྣམ་པ་བཞི། །འདུས་པའང་རྣམ་ པ་གཉིས་གསུངས་ཏེ། །བསྐྱེད་དང་རྫོགས་འབྱུང་རིམ་པ་ཡིས། །རྣལ་འབྱོར་བསྐྱེད་པར་བསྟན་པ་སྟེ། །རྫོགས་པ་རྣལ་འབྱོར་མ་རུ་བརྗོད། །དབང་པོ་གཉིས་ཀའི་སྙོམས་འཇུག་པ། །འདུས་པ་ཞེས་བྱར་རྣམ་པར་བརྗོད། །ཅེས་ 5-3-23a བལྟས་པ་དང་རྒོད་པ་དང་ལག་བཅངས་དང༌། གཉིས་སྤྲོད་ཀྱི་རྒྱུད་བཞི་ཡི་བཞི་པ་དབང་པོ་གཉིས་འདུས་པའི་རྒྱུད་ལ། རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་གཉིས་གསུངས་པའི་དང་པོ་ནི་བསྐྱེད་པ་འབྱུང་བའི་ རིམ་པ་སྟོན་པ་དང༌། གཉིས་པ་ནི་རྫོགས་པ་འབྱུང་བའི་རིམ་པ་སྟོན་པ་ཡིན་ཞེས་བཤད་ཀྱི། བསྐྱེད་རིམ་དང་རྫོགས་རིམ་སྟོན་པ་ལ་མ་བཤད་པའི་ཕྱིར་དང༌། ལུང་དེའི་གོང་ཉིད་དུ། དཔལ་ལྡན་འདུས་རྗེས་ལམ་གྱིས་ནི། །རིམ་པ་གཉིས་ ཀའི་ངོ་བོ་ལ། །དཔལ་ལྡན་འདུས་པ་ལྷག་ཡིད་འོང༌། །རྒྱུད་རྣམས་ཀུན་སོན་གཙོ་བོ་ཡིན། །ཞེས་གསུངས་པས་རྣལ་འབྱོར་གྱི་རྒྱུད་འདུས་པ་སོགས་ལས་རྫོགས་རིམ་གྱི་དེ་ཉིད་གཙོ་བོར་མི་སྟོན་པར་བསྐྱེད་རིམ་གྱི་དེ་ཉིད་གཙོ་ བོར་སྟོན་པ་འགལ་བའི་ཕྱིར་རོ། །ནག་པོ་སྤྱོད་པས། འདི་སྐད་བདག་ཐོས་སོགས་གླེང་གཞིར་བྱས་པ་ཕ་རྒྱུད་དང་གསང་བ་མཆོག་གིས་དགྱེས་པ་སོགས་གླེང་གཞིར་བྱས་པ་མ་རྒྱུད་ཀྱི་དོན་དུ་བཞེད་ཟེར་བ་ནི་དེའི་བཞེད་པ་མིན་ཏེ། དེས་ནི་རྣལ་འབྱོར་རྒྱུད་དུ་འདི་སྐད་བདག་ཐོས་སོགས་གསུངས་པ་དང༌། མ་རྒྱུད་ཁ་ཅིག་ལ་དེའི་དོད་ལ་གསང་བ་མཆོག་གིས་དགྱེས་པ་སོགས་འབྱུང་བ་གཉིས་བདེ་སྟོང་སྦྱོར་བ་དངོས་གཞིར་བྱེད་པ་ལ་ཁྱད་པར་མེད་པར་གསུངས་ཀྱི། དེ་གཉིས་རྒྱུད་གཉིས་ཀྱི་འཇོག་བྱེད་དུ་མ་གསུངས་པའི་ཕྱིར་ཏེ། དེའི་ལུང་ནི་སྔར་དྲངས་ཟིན་ནོ། །དེ་དག་ལས་གཞན་རྒྱ་གར་བ་ཁ་ཅིག་དང་བོད་རྣམས་ཀྱིས་རྒྱུད་གཉིས་སུ་འཇོག་ཚུལ་བྱས་པ་མང་པོ་ཞིག་སྣང་ནའང༌། ཕལ་ཆེ་བ་ 5-3-23b ལ་ཐབས་དང་ཤེས་རབ་ཀྱི་རྒྱུད་དུ་འཇོག་པའི་ཕོ་མོའམ། ཐབས་ཤེས་ཀྱི་དོན་གྱི་ལྡོག་པ་ཅི་ཡང་མི་སྣང་ལ། ཐབས་དང་ཤེས་རབ་གཙོ་བོར་སྟོན་པ་ཞེས་ཟེར་བ་ལ་ནི་ཐབས་ཤེས་འདི་ལ་བྱེད་དང་གཙོ་བོར་སྟོན་མི་སྟོན་གྱི་ཁྱད་པར་བཤད་ པ་མི་སྣང་ཞིང༌། འཇོག་བྱེད་དུ་བཤད་པ་རྣམས་ཀྱང་རྒྱུད་གཉིས་ཀྱི་མཐུན་ཕྱོགས་ལ་མཐོང་ཙམ་དུ་འདུག་པས་མི་འཐད་པ་རྟོགས་པར་སླ་བའི་ཕྱིར་མ་བྲིས་སོ། །གཉིས་པ་ནི། འོ་ན་ཕ་རྒྱུད་མ་རྒྱུད་གཉིས་སུ་འཇོག་ཚུལ་ཇི་ལྟར་བྱེད་སྙམ་ན། རྒྱུད་འདི་གཉིས་ལ་བསྐྱེད་རིམ་གྱི་སྐོར་ནས་ཀྱང་སོ་སོར་འཇོག་པའི་ཕལ་པའི་ཁྱད་པར་ཡང་འདོད་མོད་ཀྱང༌། གཙོ་བོར་རྫོགས་རིམ་གྱི་སྒོ་ནས་ཁྱད་པར་བཞག་དགོས་སོ། །དེ་ཡང་བདེ་སྟོང་གི་ཐབས་ཤེས་ལ་ལྟོས་ནས་ཐབས་ཤེས་རེ་རེ་བའི་ རྒྱུད་དུ་མི་འཇོག་པར་གཉིས་མེད་ཀྱི་རྒྱུད་དུ་འཇོག་པ་སྔར་བཤད་པ་ལྟར་ཡིན་ལ། དེ་ལ་ལྟོས་ནས་ནི་ཤས་ཆེ་ཆུང་གི་སྒོ་ནས་ཀྱང་གཞག་ཏུ་མི་རུང་སྟེ། ཀྱཻ་རྡོར་སོགས་མའི་རྒྱུད་ལས་བདེ་བ་ཤས་ཆེར་བསྟན་པ་ལྟར་འདུས་པ་ལས་མ་ གསུངས་པས། ཀྱཻ་རྡོར་ཕ་རྒྱུད་དང་འདུས་པ་མ་རྒྱུད་དུ་གཞག་དགོས་པའི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །དེས་ན་རྫོགས་རིམ་གྱི་སྒོ་ནས་ཐབས་ཤེས་སོ་སོའི་རྒྱུད་དུ་གསུངས་པའི་ཐབས་ཤེས་ནི། ཤེས་རབ་དོན་དམ་བདེ་བ་ཆེན་པོའི་ཡེ་ ཤེས་དང༌། ཐབས་ཀུན་རྫོབ་སྒྱུ་མའི་སྐུའོ། །དེ་ལ་དང་པོའི་སྒོ་ནས་རྣལ་འབྱོར་མའི་རྒྱུད་དུ་འཇོག་པ་ནི་གུར་གྱི་ལེའུ་བཅུ་གསུམ་པ་ལས། བཅོམ་ལྡན་འདས་ཇི་ལྟར་ན་རྣལ་འབྱོར་མའི་རྒྱུད་ཀྱི་མཚན་རབ་ཏུ་འཇུག་པ་ལགས། རྡོ་རྗེ་ 5-3-24a འཛིན་གྱིས་གསུངས་པ། ཤེས་རབ་ཕ་རོལ་ཕྱིན་པའི་ཐབས། །འདི་ནི་རྣལ་འབྱོར་མར་བརྗོད་དོ། །ཕྱག་རྒྱ་ཆེན་པོ་རབ་སྦྱོར་བས། །གང་ཕྱིར་དེ་ཉིད་ལ་འཇུག་པ། །རྣལ་འབྱོར་མ་ཡི་རྒྱུད་ཅེས་བྱ། །ཞེས་མ་རྒྱུད་སྤྱིའི་དབང་ དུ་མཛད་ནས་དེར་འཇོག་བྱེད་གསལ་བར་གསུངས་སོ། །དེའི་དོན་ནི་གང་དང་དེ་གཉིས་འབྲེལ་བས་གང་གི་ཕྱིར་དོན་དམ་པའི་དེ་ཁོ་ན་སྟོང་པ་ཉིད་ལ་ཕྱག་རྒྱ་ཆེན་པོའི་སྦྱོར་བས་རབ་ཏུ་འཇུག་པའི་ཚུལ་སྟོན་པ། དེའི་ཕྱིར་གུར་ལ་སོགས་པ་ལ་རྣལ་འབྱོར་ མའི་རྒྱུད་ཅེས་བྱའོ། །རྒྱུ་མཚན་དེས་མ་རྒྱུད་དུ་འགྲུབ་པ་ནི་ཤེས་རབ་ཅེས་པ་གཉིས་ཀྱི་དོན་ནོ། །དོན་དེ་དག་ཞིབ་ཏུ་བཤད་ན། ཀུན་ཏ་ལྟ་བུའི་བྱང་ཆུབ་ཀྱི་སེམས་སྤྱི་བོ་ནས་ནོར་བུའི་བར་དུ་བྱུང་བའི་ཡས་བབས་དང༌། དེ་ནས་སྤྱི་གཙུག་ཏུ་ལོག་པའི་ མས་བརྟན་གྱི་དགའ་བ་བཞི་སྐྱེ་ཚུལ་དང༌། ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པའི་བདེ་བ་དང་སྟོང་པ་གཉིས་དབྱེར་མི་ཕྱེད་པར་སྦྱོར་བའི་སྒོ་ནས། དོན་དམ་པའི་དེ་ཁོ་ན་སྟོང་པ་ཉིད་ལ་རབ་ཏུ་འཇུག་པའི་རྟོགས་པ་གོང་ནས་གོང་དུ་བགྲོད་པའི་རིམ་པ་གཙོ་ བོར་སྟོན་ཞིང༌། བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་བཞོན་པའི་རླུང་འོད་ཟེར་ལྔ་ལས་ཀུན་རྫོབ་སྒྱུ་མའི་སྐུ་སྒྲུབ་ཚུལ་གཙོ་བོར་མི་སྟོན་པ་ནི་རྣལ་འབྱོར་མའི་རྒྱུད་ཅེས་བྱ་སྟེ། ལྷན་སྐྱེས་ཀྱི་ཤེར་ཕྱིན་ཆོས་སྐུ་སྒྲུབ་པའི་ཐབས་འདི་ནི་བདེ་སྟོང་དབྱེར་མེད་དུ་ སྦྱོར་བའི་རྣལ་འབྱོར་ཡང་ཡིན་ལ། གཙོ་བོར་ཆོས་ཀྱི་སྐུའི་སྒྲུབ་བྱེད་སྟོང་ཕྱོགས་ཤེས་རབ་ཀྱི་ཆ་ཡིན་པས་མ་ཞེས་ཀྱང་བརྗོད་པའི་ཕྱིར་རོ། །གཉིས་པའི་སྒོ་ནས་རྣལ་འབྱོར་ཕའི་རྒྱུད་དུ་འཇོག་པ་ནི། མཁའ་འགྲོ་རྒྱ་མཚོ་ལས། རྣལ་འབྱོར་རྣམས་ལ་ 5-3-24b རྒྱུད་རྒྱལ་དུ། །དེ་དང་དེ་ཡི་ཆོག་དབྱེ་ཤེས། །འོད་གསལ་སྒྱུ་མ་བདག་གིས་ནི། །སྒྱུ་མ་འཇིག་རྟེན་ལ་བཤད་དོ། །ཞེས་གསལ་བར་གསུངས་སོ། །དེའི་དོན་ནི་བཤད་དོ་ཞེས་དྲང་ངོ༌། །གང་དུ་ན་རྣལ་འབྱོར་གྱི་རྒྱུད་ཀྱི་རྒྱལ་པོ་རྣམས་སུའོ། །གང་ན་སྒྱུ་མའི་སྐུའོ། ། གང་ལ་ན་འཇིག་རྟེན་ཏེ་དེའི་གདུལ་བྱ་ལའོ། །གང་གིས་ན་སྟོན་པ་བདག་གིས་སོ། །ཇི་ལྟར་ན་སྟོང་པ་སྔ་མ་གསུམ་དང་བཅས་པའི་འོད་གསལ་ཏེ་སྟོང་པ་བཞིའི་རིམ་པས་སྒྱུ་མའི་སྐུ་སྒྲུབ་པའི་ཚུལ་ལོ། །གང་གིས་སྒྲུབ་ན་རྒྱུད་དེར་གསུངས་པའི་དེ་ དང་དེའི་ཆོ་གའི་དབྱེ་བ་སྟེ་ཁྱད་པར་ལེགས་པར་ཤེས་པས་སོ། །དོན་དེ་དག་ཞིབ་ཏུ་བཤད་ན། འོད་གསལ་འཆར་བའི་གནས་སྙིང་ཁར་རླུང་རིམ་གྱིས་སྡུད་པའི་རིམ་པ་ལས་ལུགས་འབྱུང་གི་སྟོང་པ་བཞི་དང༌། དེ་ནས་ཕྱིར་ལ་ལྡང་བའི་རིམ་པ་ལས་ ལུགས་ཟློག་གི་སྟོང་པ་བཞིའི་སྒོ་ནས་སྟོང་པའི་ཡེ་ཤེས་སྐྱེ་ཚུལ་དང༌། འོད་གསལ་གྱི་རླུང་འོད་ཟེར་ལྔ་ལས་ཀུན་རྫོབ་སྒྱུ་མའི་སྐུ་སྒྲུབ་ཚུལ་གཙོ་བོར་སྟོན་པ་ནི་རྣལ་འབྱོར་ཕའི་རྒྱུད་ཅེས་བྱ་སྟེ། དེ་ནི་སྟོང་པའི་ཡེ་ཤེས་དང་རླུང་ལས་བསྒྲུབས་པའི་སྐུ་ གཉིས་ངོ་བོར་དབྱེར་མེད་དུ་སྦྱོར་བའི་རྣལ་འབྱོར་ཡང་ཡིན་ལ། གཅོ་བོར་གཟུགས་ཀྱི་སྐུ་སྒྲུབ་བྱེད་སྣང་ཕྱོགས་ཐབས་ཀྱི་ཆ་ཡིན་པས་ཕ་ཞེས་ཀྱང་བརྗོད་པའི་ཕྱིར་རོ། །དེ་ཁོ་ན་ཉིད་གསལ་བའི་ལུང་གི་དོན་ཡང༌། སྒྱུ་མའི་སྐུ་བསྐྱེད་པ་སྟོང་པ་བཞི་ ལས་འབྱུང་བའི་རིམ་པ་དང༌། གདོད་མ་ནས་རྫོགས་པ་སྟེ་གྲུབ་པའི་དེ་ཁོ་ན་ཉིད་ལ་འཇུག་པ་གོང་ནས་གོང་དུ་འབྱུང་བའི་རིམ་པ་རྒྱུད་གཉིས་ཀྱིས་གཙོ་བོར་སྟོན་པ་ཡིན་པས་སྔ་མ་གཉིས་དང་དོན་འདྲའོ། །གཙོ་བོར་སྟོན་མི་སྟོན་ནི་རྒྱུད་དེས་དེ་ལ་ 5-3-25a རྩལ་དུ་བཏོན་ནས་འཆད་མི་འཆད་ཡིན་གྱི་དེར་བསྟན་མ་བསྟན་ཙམ་མིན་ནོ། །ཁྱད་པར་དེ་གཉིས་ནི་ཕ་རྒྱུད་དང་མ་རྒྱུད་ཀྱི་གཙོ་བོ་རེ་ལ་ཚད་ལྡན་གྱིས་བཀྲལ་བའི་ཚུལ་སྣང་ན། ཐབས་ཤེས་ཀྱི་རྒྱུད་གཞན་རྣམས་དེའི་སྡེར་ གཏོགས་ཀྱི་ཡན་ལག་ཡིན་པས། ཚུལ་དེ་དངོས་སུ་མི་གསལ་བ་རྣམས་ཀྱང་ཕྱོགས་གཉིས་པོ་དེར་དྲངས་ནས་བཤད་དགོས་པས། འཇོག་ཚུལ་དེས་རྒྱུད་གཉིས་པོ་ཀུན་ལ་མ་ཁྱབ་པ་ཡང་མིན་ནོ། །གསུམ་པ་ལ་གཉིས། ཐབས་རྒྱུད་ལ་གསུམ་དུ་དབྱེ་བ། གསང་ འདུས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ཐབས་ཀྱི་རྒྱུད་ལ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་ཐབས་རྒྱུད་གསུམ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་གསུངས་པའི་དང་པོ་ནི། དེ་ཉིད་ལས། དེ་ནས་གཞན་ཡང་བཤད་བྱ་བ། །འདོད་ཆགས་ཐབས་ཆེན་ པོ་ཡི་རྒྱུད། །གང་གིས་ལེགས་པར་ཤེས་ན་ནི། །ཚེ་འདིར་དངོས་གྲུབ་སྦྱིན་པར་བཤད། །གསང་བ་འདུས་པ་སྟོང་ཕྲག་གཅིག །རྡོ་རྗེ་ཕྲེང་བ་འབུམ་ཕྲག་གསུམ། །དགོངས་པ་ལུང་སྟོན་སྟོང་ཕྲག་བཞི། །ལྷ་མོ་བཞིས་ཞུས་བརྒྱ་བདུན་ཅུ། །ཨུ་ རད་ཏནྟ་ཉིས་བརྒྱ་བརྒྱད། །དེ་ཡི་ཉེ་བར་བཤད་པའི་རྒྱུད། །དམ་ཚིག་ཆེན་པོ་ལྔ་བཅུ་ལྔ། །རྡོ་རྗེ་ལྔ་འདུས་སྟོང་ཕྲག་གཅིག །ཀུན་ལས་བཏུས་པ་འབུམ་ཕྲག་གཅིག །མཉམ་ཉིད་རྣམ་རྒྱལ་ཉིས་བརྒྱ་བཅུ། །ཟླ་གསང་ཐིག་ལེ་སྟོང་བདུན་བརྒྱ། ། རྡོ་རྗེ་ས་འོག་བརྒྱ་ཉི་ཤུ། །ཅོད་པན་རྡོ་རྗེ་བདུན་བརྒྱ་ལྔ། །ཁྲོ་ཟླ་ཐིག་ལེ་འབུམ་ཕྲག་ལྔ། །རྡོ་རྗེ་རྣམ་རྒྱལ་བརྒྱ་དགུ་བརྒྱ། །མཉམ་ཉིད་གསང་བ་སྟོང་ཕྲག་ལྔ། །རྡོ་རྗེ་གསང་རྒྱན་སྟོང་ཕྲག་ལྔ། །རྡོ་རྗེ་གསང་མཛོད་སྟོང་ཕྲག་བདུན། །ནོར་བུ་གསང་ 5-3-25b ཐིག་འབུམ་ཕྲག་གཅིག །སྣང་མཛད་སྒྱུ་འཕྲུལ་སྟོང་དང་བརྒྱ། །རྡོ་རྗེ་གསང་རྒྱན་སྟོང་ཕྲག་གཅིག །རྡོ་རྗེ་ཐོད་པ་ཉིས་བརྒྱ་བརྒྱ། །དེ་ཉིད་བརྒྱ་སྟོང་བརྒྱ་སྟོང་བདུན། །དམ་ཚིག་མངོན་རྒྱན་སྟོང་ཕྲག་བདུན། །འཇམ་དཔལ་དཔའ་བོ་འབུམ་ཕྲག་གཅིག ། གསང་ཆེན་བསྡུས་པ་བརྒྱ་ལྔ་བཅུ། །རིན་ཆེན་སྡོང་པོ་དགུ་བརྒྱ་བདུན། །དུས་ཀྱི་ཐིག་ལེ་བརྒྱ་བརྒྱད་ཅུ། །ལྷ་མོ་བསྟན་བཅོས་ལྔ་བརྒྱ་བདུན། །འདི་རྣམས་དགོངས་པའི་བྱེ་བྲག་གིས། །ང་ཡིས་ཡང་དག་བསྟན་པར་བྱ། །འདི་ནི་གཉིས་པོ་འཁྱུད་པ་ཡི། ། རྒྱུད་ཀྱི་དབྱེ་བ་བསྟན་པའོ། །ཞེས་དང་། དེ་བཞིན་ཞེ་སྡང་གཏི་མུག་གི། རྒྱུད་རྣམས་ཀུན་ཀྱང་ཤེས་པར་བྱ། །ཞེས་གསུངས་སོ། །འདོད་ཆགས་ཀྱི་ཐབས་རྒྱུད་ལ་འདིར་མིང་སྨོས་པ་ཉེར་བདུན་དང་བཅས་པའི་ལྔ་བརྒྱ་དང་བདུན་ཡོད་པར་གསུངས་སོ། ། ཞེ་སྡང་གི་ཐབས་རྒྱུད་ནི་གཤིན་རྗེ་གཤེད་ལ་སོགས་པའི་རྒྱུད་དང༌། གཏི་མུག་གི་ཐབས་རྒྱུད་ནི་རྡོ་རྗེ་ཨ་ར་ལི་ལ་སོགས་པའི་རྒྱུད་ཡིན་ཞེས་བོད་ཀྱི་མཁས་པ་དག་གསུང་ངོ༌། །རྒྱུད་གཉིས་སོ་སོའི་སྤྱིའི་གྲངས་སྡོམ་འབྱུང་ལས་གསུངས་པ་ནི་སྔར་ དྲངས་པ་ལས་ཤེས་སོ། །གཉིས་པ་ལ་དྲུག །རྩ་རྒྱུད་དང་རྒྱུད་ཕྱི་མའི་དོན་བཤད་པ་དང༌། བཤད་རྒྱུད་ཀྱི་གྲངས་བསྟན་པ་དང༌། བཤད་པའི་རྒྱུད་ཀྱིས་ཇི་ལྟར་བཤད་པའི་ཚུལ་བསྟན་པ། འདུས་པའི་ཆེ་བ་བརྗོད་པ། དེའི་དགོངས་པ་འགྲེལ་བའི་ རིམ་པ། རྒྱུད་འགྲེལ་གྱི་བཤད་པ་ཇི་ལྟར་འབྱུང་བའི་ཚུལ་ལོ། །དང་པོ་ནི། གསང་བ་འདུས་པ་ལ་རྒྱུད་རྒྱས་པ་ཉི་ཁྲི་ལྔ་སྟོང་པ་གཅིག་དང༌། བསྡུས་པའི་རྒྱུད་སྟོང་བརྒྱད་བརྒྱ་པ་ལེའུ་བཅོ་བརྒྱད་ཀྱི་བདག་ཉིད་ཅན་གཉིས་སུ་རྡོ་རྗེ་ཕྲེང་བའི་འགྲེལ་པས་ 5-3-26a བཤད་དེ། སྟོང་ཕྲག་གི་གྲངས་རྣམས་ནི་ཤོ་ལོ་ཀ་ཡིན་ནོ། །དེས་ན་སྔར་གསང་བ་འདུས་པ་སྟོང་ཕྲག་གཅིག །ཅེས་གསུངས་པ་ནི་བསྡུས་རྒྱུད་ཀྱི་རགས་པའི་གྲངས་ལ་དགོངས་སོ། །འདིར་རྩ་བའི་རྒྱུད་དང་རྒྱུད་ཕྱི་ མ་དང་བཤད་པའི་རྒྱུད་ཅེས་གྲགས་པའི་དོན་གང་ཡིན་སྙམ་ན། རྩ་བའི་རྒྱུད་ཀྱི་དབྱེ་བ་ནི་རྒྱུད་རྒྱས་པ་དང༌། ཉུང་ངུའི་རྒྱུད་དམ་བསྡུས་པའི་རྒྱུད་ཅེས་པ་གཉིས་ཡིན་ཏེ། དང་པོར་རྒྱུད་ཤིན་ཏུ་རྒྱས་པར་གསུངས་པ་ཕྱིས་ཀྱི་གདུལ་བྱ་སྔ་མ་ ལ་ལྟོས་ན། ཚེ་དང་ཤེས་རབ་སོགས་དམན་པས་བདེ་བླག་ཏུ་ཁོང་དུ་ཆུད་མི་ནུས་པའི་དོན་དུ་སྔ་མ་ལས་བསྡུས་ནས་བསྟན་པའོ། །དེ་གཉིས་ནི་རྒྱུད་ཀྱི་ཚིག་རྒྱས་བསྡུས་ཀྱི་དབྱེ་བ་ཙམ་མ་གཏོགས་པ་གཉིས་ཀ་རྩ་རྒྱུད་ཡིན་པས་སྔ་མ་ཕྱི་མའི་རྩ་ རྒྱུད་དུ་འགྲོ་བ་མིན་ནོ། །རྩ་རྒྱུད་ཀྱི་རྩ་བའི་དོན་ནི་ཡལ་ག་ལ་ལྟོས་ནས་ཤིང་སྡོང་པོའི་རྩ་བའི་ཐ་སྙད་བྱེད་པ་ལྟར་ཡན་ལག་ལ་ལྟོས་ནས་བཞག་པ་གཅིག་དང༌། དང་པོའི་བདག་པོ་ལ་རྩ་བའི་བདག་པོ་ཞེས་བརྗོད་པ་ལྟར་དུས་ཀྱི་དབང་དུ་ བྱས་པ། རྒྱུད་ཕྱི་མ་ལ་ལྟོས་ནས་བཞག་པ་གཅིག་དང༌། རྩ་བ་དང་འགྲེལ་པ་ཞེས་བརྗོད་པ་ལྟར་བཤད་རྒྱུད་ལ་ལྟོས་ན་བཞག་པ་གཅིག་སྟེ་གསུམ་སྣང་ངོ༌། །དེ་ལ་དང་པོ་ནི་སྒྲོན་གསལ་ལས། རྒྱུད་སྡེ་གཞན་ཐམས་ཅད་ཀྱི་རྩ་བ་འདུས་པར་ གསུངས་པ་ལྟ་བུ་ཡིན་ཏེ། རྩ་བར་འགྲོ་ཚུལ་འཆད་པར་འགྱུར་རོ། །དེ་ནི་རྩ་བ་ཡང་ཡིན་ལ་རྒྱུད་ཀྱང་ཡིན་པས་རྩ་རྒྱུད་ཅེས་བྱའི། དོན་དེ་ཚང་བ་ཐམས་ཅད་ལ་རྩ་རྒྱུད་ཀྱི་མིང་དངོས་མིང་དུ་འཇུག་པར་མ་ངེས་སོ། །གཉིས་པ་ནི། སྔར་གསུངས་ 5-3-26b པའི་འདུས་པ་ལེའུ་བཅུ་བདུན་པོ་ཕྱིས་གསུངས་པའི་རྒྱུད་ཕྱི་མ་ལེའུ་བཅོ་བརྒྱད་པ་ལ་ལྟོས་ནས་རྩ་རྒྱུད་དུ་མཛད་པ་ལྟ་བུའོ། །ཚུལ་འདི་ལ་དེ་ཉིད་བསྡུས་པ་རྩ་རྒྱུད་དང༌། འདུས་པའི་རྩ་རྒྱུད་དེའི་རྒྱུད་ཕྱི་མ་དང༌། ལེའུ་བཅོ་བརྒྱད་པ་དེའི་ཡང་རྒྱུད་ཕྱི་ མར་ནཱ་རོ་པས་གསུངས་སོ། །ཕྱི་མའི་སྐད་དོད་བླ་མ་འམ་གོང་མ་སྟེ་མཆོག་གི་དོན་དང༌། ཕྱི་མ་གཉིས་ལ་བསྒྱུར་དུ་རུང་བ་ལས། ཁ་ཅིག་གིས་མཆོག་ཏུ་བསྒྱུར་ཡང་ལོ་ཆེན་གྱིས་ཕྱི་མའི་ཕྱི་མར་བསྒྱུར་བ་ལེགས་ཏེ་འགྲེལ་པས་ཀྱང་ཕྱི་མའི་དོན་དུ་ བཤད་དོ། །འདུས་པ་ལ་ལྟོས་ནས་དེ་ཉིད་བསྡུས་པ་རྩ་རྒྱུད་ཡིན་པ་འདི་སྤྱོད་བསྡུས་ཀྱིའང་དགོངས་པར་སྣང་ངོ༌། །འོ་ན་དེ་ཉིད་བསྡུས་པ་འདུས་པ་ལ་ལྟོས་ནས་རྩ་རྒྱུད་དུ་འཇོག་པ་དེ། དུས་སྔ་བ་ཙམ་གྱིས་མི་རུང་བས་དེའི་རྒྱུ་མཚན་གང་ ཡིན་སྙམ་ན། འདུས་པ་རྒྱུད་སྡེ་བཞིར་བྱས་པའི་རྣལ་འབྱོར་རྒྱུད་མིན་མོད་ཀྱང༌། སྤྱིར་དེ་ལ་རྣལ་འབྱོར་རྒྱུད་དུ་མང་དུ་གསུངས་པས། དེ་དང་དེ་ཉིད་བསྡུས་པ་གཉིས་རྣལ་འབྱོར་རྒྱུད་ཅེས་པའི་རྣལ་འབྱོར་གྱི་རྒྱུད་ཀྱི་རྒྱུད་སྡེ་ཚན་པ་གཅིག་ཏུ་ ཡང་བྱུང་བ་དང༌། དེའི་ནང་ནས་ཀྱང་དེ་ཉིད་བསྡུས་པའི་རྒྱུད། ཐབས་ཤེས་ལ་ཡབ་ཡུམ་གཉིས་སུ་བྱས་པའི་ཡབ་ཀྱི་ཕྱོགས་སུ་ཚུལ་བརྒྱ་ལྔ་བཅུ་པའི་འགྲེལ་པ་ལས་བཤད་པ་ལྟར་ཐབས་ཀྱི་རྒྱུད་ཀྱང་ཡིན་ཞིང༌། །ལེའུ་བཅུ་དྲུག་པའི་སྒྲོན་གསལ་ ལས་གསུངས་པ་ལྟར་དབང་གི་སྐོར་ལ་སོགས་པ་འགའ་ཞིག་རྒྱུད་འདི་ཉིད་ནས་དེ་ཉིད་བསྡུས་པ་ལས་ཤེས་པར་བྱ་བར་ཡང་གསུངས་པས། དང་པོའི་གཞི་འཛིན་པ་ལྟ་བུ་ཡིན་པ་ལ་དགོངས་ནས་དེ་ལྟར་འཆད་དམ་བརྟག་གོ། གལ་ 5-3-27a ཏེ་སྔ་མའི་དོན་ཕྱི་མས་འཆད་པ་ལ་རྒྱུད་ཕྱི་མར་འཇོག་ན། འདུས་པའི་ལེའུ་དང་པོས་རྒྱུད་ཀྱི་དོན་མདོར་བསྟན་པ་དེ་ཉིད་ལེའུ་ལྷག་མ་བཅུ་དྲུག་གིས་འཆད་པར་གསུངས་པས་དང་པོ་ཡང་བཅུ་དྲུག་པོ་ལ་ལྟོས་ནས་ རྩ་རྒྱུད་དང༌། བཅུ་དྲུག་པོ་ཡང་དང་པོ་ལ་ལྟོས་ནས་རྒྱུད་ཕྱི་མར་གཞག་དགོས་པ་དང༌། གཞན་ཡང་ལེའུ་རེ་རེའི་སྔ་ཕྱི་ལ་ཡང་དེ་ལྟར་གཞག་དགོས་པ་སོགས་ཀྱི་སྐྱོན་ཡོད་ལ། དེ་ལྟར་མི་འཇོག་ན་ནི་རྒྱུད་ཕྱི་མའི་འཇོག་མཚམས་གང་ ནས་ཡིན་སྨོས་ཤིག་ཅེ་ན། རྒྱུད་ཕྱི་མར་སྤྱིར་འཇོག་ཚུལ་མང་ཡང་འདིར་འདུས་པའི་རྒྱུད་ཕྱི་མར་འཇོག་ཚུལ་བཤད་པར་བྱའོ། །དེ་ལ་ལེའུ་བཅོ་བརྒྱད་པ་འདི་འདུས་པའི་རྒྱུད་ཀྱང་ཡིན་ལ། འདུས་པའི་རྩ་བའི་རྒྱུད་ལས་ཕྱིས་ གསུངས་ཤིང༌། རྩ་རྒྱུད་ལེའུ་བཅུ་བདུན་པོ་ཐམས་ཅད་ཀྱི་ཐུན་མོང་གི་དོན་དང་ལེའུ་སོ་སོའི་དོན་དཀའ་ཞིང་སྦས་པ་རྣམས་གསལ་བར་འབྱེད་པས་འདུས་པ་ཕྱི་མ་ཞེས་ཟེར་བས། རྩ་རྒྱུད་ཀྱི་ལེའུ་ཕྱི་མ་རྣམས་ལེའུ་སྔ་མའི་ རྒྱུད་ཕྱི་མར་འགྱུར་བའི་སྐྱོན་མེད་དོ། །གཉིས་པ་ནི། འདུས་པའི་བཤད་རྒྱུད་དུ་འཕགས་པ་ཡབ་སྲས་ཀྱིས་དངོས་སུ་གསུངས་པ་ནི་ལྔ་སྟེ། རིམ་ལྔ་ལས། ལྷ་མོ་བཞིས་ཞུས་དང༌། དགོངས་པ་ལུང་སྟོན་དང༌། རྡོ་རྗེ་ཕྲེང་བ་ བཤད་རྒྱུད་དུ་གསུངས་ལ། སྤྱོད་བསྡུས་ལས། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ཀྱང་བཤད་རྒྱུད་དུ་གསུངས་ཤིང༌། སྒྲོན་གསལ་ལས། གླེང་གཞིའི་ཡི་གེ་དང་པོ་གཉིས་འཆད་པ་ན་ལྷའི་དབང་པོས་ཞུས་པའི་ཁུངས་ 5-3-27b དངོས་སུ་སྨོས་ཤིང༌། དེ་ནས་དེའི་ལྷག་མ་རྣམས་འཆད་པ་ན། བཤད་པའི་རྒྱུད་ལས་ཞེས་གསུངས་པ་ནི་སྔ་མ་ཉིད་དུ་སྣང་བས། ལྷའི་དབང་པོས་ཞུས་པ་བཤད་རྒྱུད་དུ་གསུངས་ཏེ་འདི་མ་འགྱུར་རོ། །ཡབ་སྲས་ རྣམས་ཀྱིས་ལེའུ་བཅོ་བརྒྱད་པ་རྒྱུད་ཕྱི་མར་གསུངས་པ་མ་གཏོགས་པ་བཤད་རྒྱུད་དུ་གསལ་བར་གསུངས་པ་མི་སྣང་ཡང༌། ཐ་ག་ན་དང་རྒྱལ་བས་བྱིན་གྱིས་རྩ་རྒྱུད་ཀྱི་བཤད་པར་འདོད་པ་ལྟར་བཤད་རྒྱུད་དུ་འདོད་པར་བྱའོ། །ཁ་ ཅིག་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་བཤད་རྒྱུད་དུ་སྤྱོད་བསྡུས་ལས་ཤིན་ཏུ་གསལ་བར་བཤད་ཅེས་ཟེར་བ་ལ། སྤྱོད་བསྡུས་འགྱུར་གསར་གཉིས་ལས། བཤད་པའི་རྒྱུད་ལས་གསུངས་པའི་ཚུལ་དང༌། རིམ་པས་སྨྱོན་པའི་བརྟུལ་ཞུགས་ ཀྱིས་ཀྱང་ཤིན་ཏུ་སྤྲོས་མེད་ལ་སྤྱད་པར་བྱ་ཞེས་འབྱུང་བ་ལ་བསམས་པར་སྣང་ཡང༌། སྤྱོད་བསྡུས་འགྱུར་རྙིང་ལས། ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་སྨྱོན་པའི་བརྟུལ་ཞུགས་བཤད་པའི་མདོ་ལས་གསུངས་པའི་རིམ་ པས་ཀྱང་བཤད་པར་བྱའོ། །ཞེས་གསུངས་ནས་གང་ཚེ་བརྟན་པར་མི་རྟོག་ལ། །ཞེས་སོགས་མང་པོ་ཞིག་དྲངས་པ་ནི། རྒྱུད་དེའི་ལེའུ་བཅུ་དྲུག་པ་ནས་འབྱུང་ངོ༌། །དེའི་དོན་ནི་ལེའུ་དེར་བརྟུལ་ཞུགས་ཀྱི་སྤྱོད་པ་བསྟན་ལ་དེ་ ཡང་སྨྱོན་པའི་བརྟུལ་ཞུགས་སུ་གསུངས་པས་བཤད་ཅེས་པ་ནི་སྨྱོན་པའི་བརྟུལ་ཞུགས་བཤད་ཅེས་པའི་དོན་ཡིན་གྱི་འདུས་པའི་བཤད་རྒྱུད་དུ་སྟོན་པ་མིན་པའི་ཕྱིར་རོ། །སྒྱུ་འཕྲུལ་དྲ་བའི་རྒྱུད་ཀྱང་བཤད་རྒྱུད་ཡིན་ཞེས་ཟེར་ 5-3-28a མོད་ཀྱང༌། འདི་དང་སྔ་མ་གཉིས་ཀ་འདུས་པའི་ཕྱོགས་མཐུན་པའི་རྒྱུད་ཡིན་གྱི་བཤད་རྒྱུད་མིན་ནོ། །ལྷ་མོ་བཞིས་ཞུས་ནི་དེའི་འགྲེལ་པ་ལས་ཐམས་ཅད་གསང་བའི་མཆོག་ཅེས་བྱ་བ་སྟོང་ཕྲག་གཅིག་བཞུགས་ པའི་རྒྱུད་ཕྱི་མ་ཡིན་ཞེས་ཟེར་རོ། །རྡོ་རྗེ་ཕྲེང་བའི་རྒྱུད་ལ་སྟོང་ཕྲག་བཅུ་གཉིས་པ་གཅིག་དང༌། ཉུང་ངུའི་རྒྱུད་གཉིས་དང༌། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལའང་རྒྱུད་ཆེ་ཆུང་གཉིས་ཡོད་པར་རྡོ་རྗེ་ཕྲེང་བའི་འགྲེལ་པར་བཤད་ལ། སྔར་ ལུང་དྲངས་པར་རྡོ་རྗེ་ཕྲེང་བ་ལ་འབུམ་ཕྲག་གསུམ་ཡོད་པར་བཤད་དོ། །དགོངས་པ་ལུང་སྟོན་ནི་རྩ་རྒྱུད་ཀྱི་ལེའུ་བཅུ་གཉིས་པ་ཡན་འཆད་པའི་བཤད་རྒྱུད་ལས་ལྷག་མ་མ་འགྱུར་རོ། །གསུམ་པ་ལ་གཉིས། རྒྱུད་ཕྱི་མ་དང་ དགོངས་པ་ལུང་སྟོན་གྱིས་ཇི་ལྟར་བཤད་པ་དང༌། རྡོ་རྗེ་ཕྲེང་བ་ལ་སོགས་པ་གསུམ་གྱིས་ཇི་ལྟར་བཤད་པའོ། །དང་པོ་ནི། འདུས་པའི་བཤད་རྒྱུད་གཞན་ནི། དེའི་བཤད་རྒྱུད་ཡིན་ཀྱང་འདུས་པའི་རྒྱུད་མིན་ལ། རྒྱུད་ཕྱི་མ་ནི་ དེ་གཉིས་ཀ་ཡིན་ནོ། །འདིས་རྩ་རྒྱུད་འཆད་ཚུལ་ལ་རྒྱུད་ཀྱི་ཐུན་མོང་གི་དོན་འཆད་པ་ནི། དཔལ་གསང་བ་འདུས་པ་རྣལ་འབྱོར་གྱི་རྒྱུད་ཅེས་པའི་མཚན་དོན་དང༌། ཐབས་རྒྱུད་ཀྱི་དབྱེ་བ་དང༌། རྒྱུད་སྤྱིའི་སྡོམ་ལ་དྲིས་ལན་མཛད་པ་ རྣམས་ཡིན་ལ། ལྷག་མ་རྣམས་ནི་ལེའུ་བཅུ་བདུན་པོ་སོ་སོའི་དོན་ལ་དྲིས་ལན་མཛད་པའོ། །རྒྱུད་ཀྱི་འབྲེལ་བ་དྲིས་པའི་འབྲེལ་བ་ནི་གང་བཤད་པས་རྒྱུད་ཀྱི་དོན་ཐམས་ཅད་ཁྲིག་ཆགས་སུ་འབྲེལ་བའི་ཕུན་སུམ་ཚོགས་པ་ཡིན་ལ། དེ་ 5-3-28b ནི་དཔལ་གྱི་དོན་དུ་ནཱ་རོ་པ་བཞེད་དོ། །དེའི་ལན་དུ་ལེའུ་གཉིས་པ་ནས་བཅུ་བདུན་པའི་བར་བཅུ་དྲུག་གི་བཞི་ཚན་རེ་རེས་བསྙེན་བསྒྲུབ་ཡན་ལག་བཞིའི་རེ་རེ་སྟོན་པར་བཤད་པ་ལ། ནཱ་རོ་པས་ལེའུ་དང་པོས་རྒྱུད་དོན་མདོར་བསྟན་པ། ལྷག་མ་ བཅུ་དྲུག་གིས་བསྙེན་བསྒྲུབ་ཡན་ལག་བཞིར་འཆད་ཅིང༌། བཅོ་བརྒྱད་པ་ནི་དེ་ཐམས་ཅད་ཀྱི་གསང་བའི་མན་ངག་སྟོན་པར་གསུངས་སོ། །དེ་དག་གིས་ནི་རིམ་གཉིས་སོ་སོར་མ་ཕྱེ་བར་རིམ་གཉིས་ཐུན་མོང་གི་བསྙེན་བསྒྲུབ་ཡན་ལག་བཞི་ བསྟན་ལ། ཐབས་རྒྱུད་ཀྱི་དབྱེ་བའི་སྐབས་སུ་རིམ་གཉིས་སོ་སོར་ཕྱེ་བའི་བསྙེན་བསྒྲུབ་ཡན་ལག་བཞི་བསྟན་ནོ། །བཤད་རྒྱུད་རྣམས་ལ་ཐུན་མོང་མ་ཡིན་པའི་རྩལ་དུ་འདོན་ཕྱོགས་རེའི་སྒོ་ནས་རྩ་རྒྱུད་འཆད་ཚུལ་རེ་ཡོད་པ་ལ། རྒྱུད་ཕྱི་མ་འདིས་ ནི་རྩ་རྒྱུད་ཀྱི་ལེའུ་བཅུ་གཉིས་པར་གསུངས་པའི་བསྙེན་བསྒྲུབ་ཡན་ལག་བཞིའི་སྒོ་ནས་རྩ་རྒྱུད་འཆད་ལ། འབྲེལ་བའི་དོན་དཔལ་གྱི་དྲིས་ལན་དུ་ལེའུ་བཅུ་དྲུག་གིས་བསྙེན་བསྒྲུབ་བཞི་འཆད་པ་བྱུང་བས། ལེའུ་སོ་སོའི་དྲིས་ལན་རྣམས་ དེར་འདུ་ཞིང༌། ཐབས་རྒྱུད་ཀྱི་དབྱེ་བའི་དྲིས་ལན་ནི་མཚན་དོན་གྱི་དྲིས་ལན་ཉིད་ཡིན་པ་དང༌། སྤྱི་སྡོམ་ཡང༌། མཚན་དོན་གྱི་དྲིས་ལན་དུ་འདུ་བས། རྩ་རྒྱུད་ཀྱི་གཞུང་ནི་གཙོ་བོར་རྒྱུད་ཀྱི་མཚན་གྱི་གཞུང་ཉིད་འཆད་པ་ལ་སྦྱར་ན་ཤིན་ཏུ་ངོ་མཚར་ བསྐྱེད་པར་བྱེད་དོ། །འདི་ལ་ནི་ལེའུ་བཞི་བཞིས་བསྙེན་བསྒྲུབ་ཡན་ལག་རེ་རེ་བསྟན་པར་འགྲོ་ཚུལ་དཀའ་བས་དེ་ལེགས་པར་ཐོན་པ་དང༌། རིམ་གཉིས་སོ་སོའི་ཡན་ལག་བཞིའི་ས་མཚམས་ལེགས་པར་ཕྱེད་པ་དང༌། ཁྱད་པར་དུ་རྫོགས་རིམ་གྱི་ 5-3-29a བསྙེན་པའི་ཡན་ལག་དྲུག་བཤད་པ་རྣམས་ལེགས་པར་རྟོགས་ནས་རྩ་རྒྱུད་འཆད་ཤེས་པ་ཞིག་དགོས་ཏེ། འཕགས་ལུགས་ཀྱིས་རྒྱུད་ཕྱི་མ་དེ་ལྟར་འཆད་ཤེས་པ་ནི་ནཱ་རོ་པའི་འགྲེལ་པ་ཉིད་ལ་རག་ལས་པར་སྣང་ངོ༌། ། དགོངས་པ་ལུང་སྟོན་ནི་རྩ་རྒྱུད་དང་ལེའུ་ཡི་རིམ་པ་རྣམས་མཐུན་ཞིང་ལེའུ་རྣམས་སུ་རྩ་རྒྱུད་ལས་གང་གསུངས་པ་ཕལ་ཆེ་བ་བཀོད་ནས། དེ་ནས་ལེའུ་དེའི་དཀའ་གནས་རྣམས་འཆད་པ་ཞིག་གོ། རྒྱུད་འདིར་ལེའུ་བཅུ་བདུན་པོ་སོ་སོས་དོན་ འདི་སྟོན་པ་བསྡུས་པར་གསུངས་ཤིང༌། འདུས་པའི་རྒྱུད་སྒྲ་ཇི་བཞིན་པར་བཤད་དུ་མི་རུང་བར་བསྟན་ནས། དྲང་དོན་གསུངས་པ་རྣམས་ཀྱི་ངེས་དོན་སྦས་པ་རྣམས་གསལ་བར་མཛད་ཅིང༌། དོན་གཞན་ལ་སྒྲ་འགལ་བ་གཞན་གྱིས་གསུངས་ པའི་དགོངས་བཤད་རྣམས་ཀྱང་ལེགས་པར་བཀྲལ་ལ། ལེའུ་སོ་སོ་ཕལ་ཆེ་བར་རྡོ་རྗེ་བཟླས་པ་རྩ་རྒྱུད་དུ་སྦས་ནས་གསུངས་པ་རྣམས་ཡང་དང་ཡང་དུ་གསལ་བར་སྟོན་པར་མཛད་དོ། །དེས་ན་འདིས་རྩལ་དུ་བཏོན་ནས་རྩ་རྒྱུད་འཆད་པ་ ཡང་རིམ་པ་དེ་དག་གི་སྒོ་ནས་ཡིན་ནོ། །སྒྲོན་གསལ་དུ་བཤད་རྒྱུད་ཁུངས་སུ་དྲངས་པ་ལ། འདི་མང་ཤོས་སུ་ཡོད་དེ་ཤས་ཆེར་ངེས་དོན་གྱི་བཤད་པ་ལ་དྲངས་སོ། །གཉིས་པ་ནི། རྡོ་རྗེ་ཕྲེང་བ་ཉུང་ངུའི་རྒྱུད་འདི་ལ་ལེའུ་བཅུ་དགུ་པ་དང༌། ཉི་ཤུ་པའི་གཞུང་གི་གཅོད་མཚམས་མི་འདྲ་བ་གསུམ་བྱུང་སྟེ། འདི་ལྟར་ལེའུ་བཅུ་དགུ་པའི་ཐོག་མ། དེ་ནས་གཞན་ཡང་བཤད་བྱ་བ། །སྣ་ཚོགས་ལ་སོགས་སྐད་ཅིག་བདག །ཅེས་པ་ནས། རྣམ་པ་སྣ་ཚོགས་མངོན་པར་འདོད། ། 5-3-29b ཅེས་པའི་བར་གྱི་ཚིག་རྐང་དགུ་མ་གཏོགས་པ་དེའི་རྗེས་ནས་ལེའུ་བཅུ་དགུ་པའི་མཐར་ཐུག་པའི་གཞུང་མ་དར་བས་འདི་བཞག་པའོ་ཞེས་འགྲེལ་པར་བཤད་ལ། དེའི་རྗེས་སུ། དེ་ནས་གཞན་ཡང་བཤད་བྱ་བ། །ཞེས་པ་ནས། བླ་མ་བརྒྱུད་པ་ལས་ཤེས་བྱ། ། ཞེས་པའི་བར་ལ་ལེའུ་ཉི་ཤུ་པར་མཛད་ནས་སྤྱིར་ལེའུ་རེ་བརྒྱད་དུ་འགྲེལ་པར་བྱས་སོ། །ལྷ་བླ་མ་ཞི་བ་འོད་ཀྱིས་བསྒྱུར་བ་ལ། རྣམ་པ་སྣ་ཚོགས་མངོན་པར་འདོད། །ཅེས་པ་ཡན་ཆད་སྔར་དང་འདྲ་བ་ལ། དེའི་རྗེས་སུ་བལྟ་དང་འགུགས་དང་དེ་བཞིན་བརྡ། ། ཁ་ལ་ཙུམ་པ་བྱེད་པ་ཡི། དགའ་བ་ཉམས་སུ་མྱོང་བར་ཤེས། །ཞེས་པ་ནས། ལྷན་ཅིག་སྐྱེས་དགའ་ཉམས་མྱོང་བ། །མཚན་ཉིད་དང་བྲལ་སྐད་ཅིག་གོ། ཞེས་པའི་བར་དུ་བཏོན་ནས་དེ་རྣམས་ལ་ལེའུ་བཅུ་དགུ་པ་སྐད་ཅིག་མ་རྣམ་པར་ཕྱེ་བའི་ལེའུར་མཛད་ ཅིང༌། དེ་ནས་གཞན་ཡང་བཤད་བྱ་བ། དགའ་བ་བཞི་ཡི་མཚན་ཉིད་ནི། །ཞེས་པ་ནས། སྤྲུལ་པའི་འཁོར་ལོར་ལྷན་ཅིག་སྐྱེས། །དགའ་བ་ཉམས་སུ་མྱོང་བར་བྱེད། །ཅེས་པའི་བར་དུ་བཏོན་ནས། དེའི་འོག་ཏུ། རྩ་རྣམས་ཀུན་གྱི་ནམ་མཁའ་ཆེ། །ཞེས་པ་ནས། བླ་མ་བརྒྱུད་པ་ལས་ཤེས་བྱ། །ཞེས་པའི་བར་གྱིས་ལེའུ་ཉི་ཤུ་པ་དགའ་བའི་མཚན་ཉིད་རྣམ་པར་ཕྱེ་བའི་ལེའུ་ཞེས་མཛད་དེ། སྤྱིར་ལེའུ་རེ་བརྒྱད་དུ་བྱས་སོ། །ཞི་བ་འོད་ཀྱི་འགྱུར་དར་མ་བརྩོན་འགྲུས་ཀྱིས་བཅོས་པ་ལས། རྣམ་པ་སྣ་ཚོགས་མངོན་ པར་འདོད། །ཅེས་པ་ཡན་ཆད་སྔར་དང་འདྲ་བ་ལ། དེའི་རྗེས་སུ། དེ་ནས་གཞན་ཡང་བཤད་བྱ་བ། །དགའ་བ་བཞི་ཡི་མཚན་ཉིད་ནི། །ཞེས་པ་ནས། སྤྲུལ་པའི་འཁོར་ལོར་ལྷན་ཅིག་སྐྱེས། །དགའ་བ་ཉམས་སུ་མྱོང་བར་བྱེད། །ཅེས་པའི་བར་དུ་འདོན་ནོ། ། 5-3-30a དེའི་འོག་ཏུ། བལྟ་དང་འགུགས་དང་དེ་བཞིན་བརྡ། །ཞེས་པ་ནས། ལྷན་ཅིག་སྐྱེས་དགའ་ཉམས་མྱོང་བ། །མཚན་ཉིད་དང་བྲལ་སྐད་ཅིག་གོ། ཞེས་པའི་བར་དུ་འདོན་ཞིང༌། དེའི་འོག་ཏུ། རྩ་རྣམས་ཀུན་གྱི་ནམ་མཁའ་ཆེ། ། ཞེས་པ་ནས། བླ་མ་བརྒྱུད་པ་ལས་ཤེས་བྱ། །ཞེས་པའི་བར་རྣམས་བཏོན་ཏེ། དེ་རྣམས་ཀུན་དགའ་བའི་མཚན་ཉིད་རྣམ་པར་ཕྱེ་བ་ཞེས་བྱ་བ་ལེའུ་བཅུ་དགུ་པར་བྱས་ནས། སྤྱིར་ལེའུ་རེ་བདུན་དུ་བྱས་སོ། །དེ་ལྟར་མི་མཐུན་པ་མང་དུ་སྣང་ཡང་ པཎྜི་ཏ་མཱན་ཏྲ་ཀ་ལ་ཤའི་རྒྱ་དཔེ་དང༌། སུ་ཛ་ན་ཤྲཱི་ཛྙཱ་ན་དང་ཞི་བ་འོད་ཀྱིས་བསྒྱུར་བའི་ལེའུའི་གཅོད་མཚམས་དེ་ཉིད་གཞུང་གི་དོན་དུ་སྣང་སྟེ། སྐད་ཅིག་མ་བཞི་ལུགས་འབྱུང་དང་ལུགས་ཟློག་ཏུ་བཤད་པའི་ཚན་གཅིག་དང༌། དགའ་བ་བཞི་ལུགས་ འབྱུང་དང་ལུགས་བཟློག་ཏུ་བཤད་པའི་ཚན་པ་གཉིས་གཞུང་ལ་སྣང་བའི་ཕྱིར་དང༌། བལྟ་དང་འགུགས་དང་དེ་བཞིན་བརྡ། །ཞེས་སོགས་ནི། རྣམ་པ་སྣ་ཚོགས་མངོན་པར་འདོད། །ཅེས་པའི་འཕྲོར་ཤིན་ཏུ་གསལ་བའི་ཕྱིར་དང༌། དེ་ནས་ གཞན་ཡང་བཤད་བྱ་བ། །ཞེས་པའི་ཚིག་ནི་ལེའུ་གཞན་དུ་མ་ལ་ཡང་ལེའུ་ཡི་མགོ་འདྲེན་གྱི་ཚིག་ཏུ་གསུངས་པའི་ཕྱིར་རོ། །རྒྱུད་འདིར་ཕྱག་རྡོར་གྱིས། གསང་བ་འདུས་པར་བརྡ་ཙམ་གྱིས་མི་གསལ་བར་གསུངས་པའི་རིམ་གཉིས་ལ། རྡོ་རྗེས་ ཕྲེང་བའི་སྒོ་ནས་འདྲི་འདོད་པས། གཙོ་བོར་རྫོགས་རིམ་གྱི་སྒོ་ནས་བསྟན་དུ་གསོལ་ཞེས་པའི་ངག་སྔོན་དུ་བཏང་ནས། རྡོ་རྗེ་ཕྲེང་བའི་མིང་དོན་ནས། རླུང་གི་མཚན་ཉིད་དང་འཇིག་ཚུལ་གྱི་བར་གྱི་དྲི་བ་མཛད་དོ། །དེ་རྣམས་ཀྱི་ལན་གྱིས་ 5-3-30b ཕལ་ཆེར་འདུས་པའི་དོན་དང༌། །མངོན་བརྗོད་འབུམ་པ་སོགས་རྣལ་འབྱོར་མའི་རྒྱུད་ཀྱི་དོན་མང་པོ་ཡང་བཤད་དེ། དེ་ཡང་ཕལ་མོ་ཆེ་འདུས་པའི་དོན་གྱི་མཐའ་གཅོད་པའི་ཡན་ལག་ཏུ་སྣང་ངོ༌། །དྲིས་ལན་གྱི་གྲངས་ནི་བརྒྱད་ཅུ་གྱ་གཉིས་སུ་འགྲེལ་ པས་བཤད་དོ། །རྒྱུད་འདིས་གསལ་ཁ་བཏོན་ནས་འདུས་པའི་གཞུང་གང་འཆད་སྙམ་ན། རྩ་རྒྱུད་ཀྱི་ལེའུ་གསུམ་པ་དང་དྲུག་པར་སྣ་རྩེར་ཉུངས་ཀར་ཙམ་གྱི་རིན་ཆེན་བསྒོམ་པར་གསུངས་པ་སོགས་མང་པོ་ཞིག་འཆད་མོད་ཀྱང་གཙོ་བོ་ནི། ཨེ་ཝཾ་མ་ཡ་ལ་ སོགས་པའི་ཡི་གེ་བཞི་བཅུའི་གླེང་གཞིས་རྒྱུད་ཀྱི་དོན་ཐམས་ཅད་བསྡུས་པར་སྒྲོན་གསལ་ལས་གསུངས་པ་དེ། རྒྱུད་འདིར་ཨེ་ནི་ཤེས་རབ་དམ་པ་སྟེ། ཞེས་སོགས་ཚིགས་བཅད་རེས་ཡི་གེ་རེའི་དོན་འཆད་པ་འདི་ཡིན་ནོ། །གཞུང་དེ་དག་གིས་ལུས་ དབེན་དང༌། ངག་དབེན་དང༌། སེམས་དབེན་དང༌། སྒྱུ་ལུས་རྣམས་གཙོ་བོར་བསྟན་ལ། སྐབས་གཞན་དུ་འོད་གསལ་དང་ཟུང་འཇུག་ཀྱང་མང་དུ་སྟོན་པས་རྫོགས་རིམ་ཚང་བར་སྟོན་ན། །དེའི་ལམ་གྱི་ཆིངས་ཀྱང་རིམ་ལྔར་མཛད་དེ་དེ་ཉིད་ལས། རྡོ་ རྗེ་བཟླས་པར་རབ་སྦྱོར་བས། །རླུང་གི་མཚན་ཉིད་ཤེས་ནས་ནི། །རྣམ་རྟོག་རླུང་རྣམས་རྣམ་པར་གཅོད། །སེམས་ལ་དམིགས་པ་ཐོབ་པར་འགྱུར། །བདག་ལ་བྱིན་བརླབས་རིམ་པས་ཀྱང༌། །དངོས་གྲུབ་བརྒྱད་ནི་ཐོབ་པར་འགྱུར། །སྣང་བ་ལ་སོགས་ དབྱེ་བ་ཤེས། །མངོན་པར་བྱང་ཆུབ་པ་ནི་འཐོབ། །ཟུང་འཇུག་རིམ་པ་ལ་གནས་པ། །དངོས་གྲུབ་ཐམས་ཅད་བསྡུས་པ་ནི། །ཚེ་འདི་ཉིད་ལ་འགྲུབ་འགྱུར་བར། །རྣལ་འབྱོར་པ་ཡིས་ཐེ་ཚོམ་མེད། །ཅེས་གསུངས་པའི་ཕྱིར་རོ། །མགོན་པོ་ཀླུ་སྒྲུབ་ 5-3-31a ཀྱིས་རྫོགས་རིམ་རིམ་ལྔར་བསྡུས་པ་ནི་རྒྱུད་འདི་ཡི་རྗེས་སུ་འབྲངས་པ་ཡིན་ལ། བསྐྱེད་རིམ་ལ་ཏིང་ངེ་འཛིན་གསུམ་དང༌། རྣལ་འབྱོར་བཞི་དང༌། ལྷ་སོ་གཉིས་སུ་མཛད་པ་ལ་སོགས་པ་ཡང་རྒྱུད་འདིའི་རྗེས་སུ་འབྲངས་ པའོ། །དེས་ན་མདོར་བྱས་ལས། རྗེ་བཙུན་གྱིས་སྲུབ་མཁན་མཛད་ནས། རྡོ་རྗེ་ཕྲེང་བའི་སྲུབ་ཤིང་གིས་གསང་འདུས་སྦས་ཆུའི་རྒྱ་མཚོ་བསྲུབས་པ་ལས། འདུས་པའི་སྒྲུབ་ཐབས་རྙེད་པར་གསུངས་པ་ནི་བསྐྱེད་རིམ་ཙམ་ལ་མི་གཟུང་ངོ༌། ། འདོད་ཆགས་ཆོས་སྦས་ཀྱི་ཕྱིའི་ཕྱག་རྒྱ་དང༌། རྡོ་རྗེ་བཟླས་པ་སོགས་ཀྱི་སྲོག་རྩོལ་ལ་བརྟེན་ནས་སྟོང་པ་བཞི་དང་སྒྱུ་མའི་སྐུ་འདྲེན་པའི་ཕྱི་ནང་གི་སྲོག་རྩོལ་མཐའ་ཆོད་པར་ངེས་པའི་ཡན་ལག་ཏུ། གནས་པ་རྩ་དང་གཡོ་བ་རླུང་དང་བཀོད་པ་བྱང་ཆུབ་ ཀྱི་སེམས་ལས་བརྩམས་ནས། ལུས་ཆགས་པ་དང་འཇིག་པའི་རིམ་པ་དུ་མ་བཤད་ནས། ཐབས་དེ་གཉིས་ལས་མངོན་པར་རྟོགས་པའི་རིམ་པ་འཆར་ཚུལ་སོགས་མཐའ་ཡས་པ་ཞིག་འཆད་དོ། །ལམ་གྱི་སྣོད་རུང་དུ་སྒྲུབ་པའི་དབང་ གི་ཆིངས་རྣམས་ཆོ་ག་ཉི་ཤུར་སྡུད་པ་དང༌། བསྐྱེད་རིམ་སྡུད་པའི་ཆིངས་རྣམས་དང་རིམ་གཉིས་ཀྱི་གོ་རིམ་ངེས་པ་སོགས་མང་པོ་ཡང་གསུངས་ཤིང༌། ཁྱད་པར་དུ་སྲོག་རྩོལ་རྡོ་རྗེ་བཟླས་པས་སྙིང་ཁའི་རྩ་མདུད་འབྱེད་པའི་གནད་ རྣམས་ལེའུ་དྲུག་པ་དང༌། སྙིང་ཁའི་རྩ་མདུད་འགྲོལ་བ་འཁོར་ལོ་ཐམས་ཅད་ཀྱི་རྩ་མདུད་འགྲོལ་བའི་མཆོག་ཡིན་ཚུལ་ལེའུ་ཉེར་གཉིས་པའི་ཡི་གེ་གསུམ་གྱི་ངེས་དོན་གྱི་སྔགས་བཏུ་བ་ལས་འཆད་དེ། ལེགས་པར་ཐོན་པ་ཉུང་ 5-3-31b བར་བྱུང་སྣང་ངོ༌། །རྒྱུད་འདིས་འདུས་པ་རྩལ་དུ་བཏོན་ནས་འཆད་ཚུལ་ནི། གླེང་གཞིའི་ཡི་གེ་རེ་རེའི་དོན་བཤད་པས་འདུས་པར་གབ་པའི་དོན་རྣམས་གསལ་བར་འདོན་ལ། དེ་ཉིད་ཀྱི་མཐའ་གཅོད་པའི་ཡན་ལག་ཏུ་བཤད་རྒྱུད་ཀྱི་གཞུང་ གཞན་རྣམས་འགྲོ་བའི་ཚུལ་འདིར་རིམ་གཉིས་ཀྱི་ཆིངས་བྱས་པ་རྣམས་ཀྱི་སྒོ་ནས་ཤེས་པར་བྱས་ནས་འཆད་པ་ཞིག་དགོས་སོ། །བཤད་རྒྱུད་ལ་འདི་ལས་བཟང་བ་སྔར་མ་འགྱུར་ཞེས་འདིའི་འགྱུར་བྱང་ལས་བྱུང་བ་ནི་ད་དུང་ཡང་དེ་ཁོ་ན་ ལྟར་སྣང་ངོ༌། །ལྷ་མོ་བཞིས་ཞུས་ཀྱིས་ནི་གཙོ་བོར་སྲོག་རྩོལ་གྱི་གནད་རྣམས་རྒྱས་པར་འཆད་ལ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ཀྱིས་ནི། འདུས་པ་གཙོ་བོར་བྱས་པའི་རྣལ་འབྱོར་བླ་མེད་ཀྱི་རྒྱུད་རྣམས་འཆད་པའི་མན་ངག་གི་མཐར་ ཐུག་རྒྱན་བདུན་སྟོན་ཏེ། སྟོང་པ་གསུམ་དང་དེ་ལས་སྒྱུ་མའི་སྐུ་སྒྲུབ་པ་ནི་བཤད་རྒྱུད་གཞན་ལས་འདི་གསལ་ལོ། །རྒྱུད་དེ་གཉིས་ཀྱིས་འདུས་པ་འཆད་ཚུལ་རྒྱས་པར་ནི་དེ་གཉིས་ཀྱི་རྒྱ་ཆེར་བཤད་པ་ལས་བཤད་ཟིན་པས་འདིར་རྒྱས་པར་ མ་སྨོས་སོ། །དེ་ལྟར་རྗེ་བཙུན་ཡབ་སྲས་ཀྱི་མན་ངག་གི་གཞུང་རྣམས་ལ་རིང་དུ་འདྲིས་པས་དོན་གྱི་གནད་ལེགས་པོར་ཐོན་པའི་ལྡེ་མིག་གིས། རྩ་རྒྱུད་ཀྱི་སྒོ་ལ་མཐའ་དྲུག་དང་ཚུལ་བཞིས་རྒྱས་བཏབ་པའི་དོན། བཤད་རྒྱུད་རྣམས་དང་ ལེགས་པར་ཤན་སྦྱར་བས་རྩ་རྒྱུད་ཀྱི་སྒོ་ཕྱེ་བ་ཞིག་བྱུང་ན། རྒྱུད་ཀྱི་གདམས་ངག་ལ་མི་འཇིགས་པ་ཐོབ་པའི་གདམས་ངག་ཅན་དུ་འགྲོ་བ་ཡིན་ལ། དེ་ལྟར་ཤེས་ན་རྒྱུད་གཞན་ལའང་དེའི་རིགས་པ་སྦྱོར་ཤེས་པས་རྒྱུད་སྡེ་ཀུན་ལ་ 5-3-32a མཁས་པར་འགྱུར་རོ། །བཞི་པ་ནི། རྩ་བའི་རྒྱུད་ལས་མཚན་བརྗོད་པའི་སྐབས་སུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་ཀུན་རྒྱུད་འདིར་འདུས་པར་གསུངས་ཏེ། དེས་ནི་རྡོ་རྗེ་ཐེག་ པའི་གསང་བའི་གནད་ཐམས་ཅད་འདིར་འདུས་པར་བསྟན་ནོ། །རྒྱུད་ཕྱི་མ་ལས་ཀྱང༌། ཨེ་མའོ་ཤིན་ཏུ་རྙེད་དཀའ་བ། །བྱང་ཆུབ་བསྒྲུབ་པའི་ཐབས་འདི་ཡིན། །རྒྱུད་ཀྱི་ཕྱི་མའི་ཕྱི་མར་གྱུར། །གསང་བ་འདུས་པ་ཞེས་བྱའི་རྒྱུད། །ཅེས་གསུངས་ སོ། །ཤིན་ཏུ་རྙེད་དཀའ་ཞིང་དོན་ཆེ་བས་འདི་ལ་ཐུན་བཞིའི་རྣལ་འབྱོར་བྱེད་པ་དང༌། ཉན་པ་དང་འདྲི་འདོན་དང༌། མཆོད་པ་བྱེད་པ་ལ་ཡང༌། བྱང་ཆུབ་རྡོ་རྗེ་རྡོ་རྗེ་འཆང་དང་འདྲ་བར་བལྟས་ནས་ཕྱག་བྱ་བར་གསུངས་ཤིང༌། དེར་མ་ཟད་རྒྱུད་དེའི་ སྒྲུབ་པ་པོའི་དབང་པོ་དེ་གང་གིས་མཐོང་ཐོས་དྲན་རེག་དང༌། དད་པར་བྱེད་ཅིང་རྒྱུད་ཀྱི་ཕྱོགས་གཅིག་ཙམ་ཞིག་འཛིན་པ་ཡན་ཆད་ལའང་རྡོ་རྗེ་འཆང་དང་འདྲ་བར་བལྟས་ནས་ཕྱག་བྱ་བར་གསུངས་ཏེ། རྒྱུད་ཕྱི་མ་ལས། གང་ཞིག་ཐུན་ བཞིའི་རྡོ་རྗེ་དག་ནི་སྒྲུབ་བྱེད་ཅིང༌། །མི་སྣང་ལ་སོགས་སྣ་ཚོགས་མཆོག་དང་དམན་གྲུབ་ཅིང༌། །བླ་མའི་དྲིན་གྱིས་འདི་ན་མ་ནོར་ལམ་རྟོགས་པ། །བྱང་ཆུབ་རྡོ་རྗེ་འདྲར་བལྟ་དེ་ལ་རྟག་ཕྱག་འཚལ། །གང་ཞིག་རབ་གསང་འདུས་པའི་རྒྱུད་ འདི་ཉན་པ་དང༌། །འདོན་པར་བྱེད་དང་ཀློག་པ་དང་ནི་སེམས་པ་དང༌། །མཆོད་པར་བྱེད་པ་དང་ནི་འདྲིའམ་འདྲིར་འཇུག་པ། །བྱང་ཆུབ་རྡོ་རྗེ་འདྲར་བལྟ་དེ་ལ་རྟག་ཕྱག་འཚལ། །ཞེས་དང༌། གང་ཞིག་གཙོ་བོ་སྒྲུབ་པ་པོ་མཐོང་རེག་པ་དང༌། ། 5-3-32b ལེགས་པར་དྲན་དང་མིང་ཙམ་ངེས་པར་ཐོས་པ་དང༌། །དད་པར་བྱེད་ཅིང་ཕྱོགས་གཅིག་ཙམ་ཞིག་འཛིན་པ་དག །བྱང་ཆུབ་རྡོ་རྗེ་འདྲར་བལྟ་དེ་ལ་རྟག་ཕྱག་འཚལ། །ཞེས་གསུངས་སོ། །འཇམ་དཔལ་གྱི་ཞལ་གྱི་ལུང་ལས་ཀྱང༌། སངས་རྒྱས་ཀུན་ གྱི་འདུས་པའི་རྒྱུད། །གསང་ཆེན་གསང་བ་ཆེས་གསང་བ། །གོང་ན་མེད་པའི་ལུང་ཆེན་པོ། །ཞེས་བསྔགས་ཤིང༌། བསྟན་པའི་སྙིང་པོ་གནས་མི་གནས་ཀྱང་འདི་ཉིད་ཡོད་མེད་ཀྱི་རྗེས་སུ་བྱེད་པར་དེར་གསུངས་ཏེ། འདི་དོན་རྣ་བར་འཕོ་བྱེད་ པ། །གང་གི་དུས་སུ་གནས་པ་དེར། །སངས་རྒྱས་བསྟན་པ་རིན་ཆེན་ཀྱང༌། །གནས་པར་རབ་ཏུ་བཤད་པ་ཡིན། །རྒྱུད་པའི་རིམ་པ་འདི་ཆད་ནས། །སངས་རྒྱས་བསྟན་པ་ནུབ་པ་རུ། །ཀུན་གྱིས་རབ་ཏུ་ཤེས་པར་བྱ། །ཞེས་སོ། །རྒྱུད་འདིའི་ སྐོར་དུ་དེ་ལྟར་བྱུང་བར་མ་ཟད་རྒྱུད་གཞན་ལས་ཀྱང་བསྔགས་ཏེ། དམར་ནག་གི་རྒྱུད་གཉིས་ལས། རྒྱུད་ཀྱི་མཐར་ཐུག་འདུས་པ་སྟེ། །མ་བྱུང་འབྱུང་བར་མི་འགྱུར་རོ། །ཞེས་གསུངས་སོ། །གསང་བ་གྲུབ་པ་ལས་ཀྱང༌། དཔལ་ལྡན་ འདུས་ལས་མཆོག་གཞན་མེད། །འཇིག་རྟེན་གསུམ་གྱི་རིན་ཆེན་གྱུར། །སྙིང་པོ་ལས་ནི་སྙིང་པོ་མཆོག །རྒྱུད་ཀུན་གྱི་ནི་བླ་མའི་བླ། །བསྟན་དང་བཤད་པ་རྣམ་གནས་ན། །རྫོགས་པའི་རྣལ་འབྱོར་རིམ་པ་ཉིད། །འདུས་པ་གང་གིས་ མི་ཤེས་པ། །དེ་ཡིས་དངོས་གྲུབ་ཇི་ལྟར་འགྲུབ། །ཐེ་ཚོམ་ཐམས་ཅད་གཅོད་བྱེད་ཅིང༌། །མི་ཤེས་རབ་རིབ་སེལ་བྱེད་པ། །སངས་རྒྱས་རིན་ཆེན་ཟ་མ་ཏོག །དཔལ་ལྡན་འདུས་པ་ཡོངས་སྤངས་ནས། །རྣམ་རྟོག་དུ་མས་བརྟགས་ 5-3-33a པ་ཡིས། །རྨོངས་པ་དངོས་གྲུབ་འདོད་གྱུར་པ། །མཁའ་ལ་ཁུ་ཚུར་བརྡེག་པ་དང༌། །སྨིག་རྒྱུའི་ཆུ་ལ་འཐུང་བ་བཞིན། །ཞེས་དང༌། གསང་བའི་དེ་ཁོ་ན་ཉིད་གསལ་བ་ལས་ཀྱང༌། དཔལ་ལྡན་འདུས་རྗེས་ལམ་ གྱིས་ནི། །རིམ་པ་གཉིས་ཀའི་ངོ་བོ་ལ། །དཔལ་ལྡན་འདུས་པ་ལྷག་ཡིད་འོང༌། །རྒྱུད་རྣམས་ཀུན་སོན་གཙོ་བོ་ཡིན། །ཞེས་རིམ་པ་གཉིས་ཀ་ལ་དཔལ་འདུས་པ་ལྷག་པ་དང༌། རྒྱུད་ཀུན་གྱི་གཙོ་བོར་གསུངས་སོ། །སྒྲོན་གསལ་ལས་རྒྱུད་སྡེ་ ཀུན་གྱི་རྩ་བ་དང༌། མདོ་སྡེ་ཀུན་གྱི་སྣོད་དུ་གསུངས་པ་ནི་འཆད་པར་འགྱུར་རོ། །བླ་མེད་ཀྱི་རྒྱུད་རྣམས་ལ་རྒྱུད་སྡེ་འོག་མ་གསུམ་བཞིན་དུ་རྒྱུད་སྡེའི་རིམ་པའི་སྒོ་ནས་མཆོག་དམན་མེད་ཀྱང༌། ཁྱད་པར་འགའ་ཞིག་ལ་ལྟོས་པའི་ མཆོག་དམན་མེད་པ་ནི་མིན་ཏེ། དཔེར་ན་རྒྱུད་སྡེ་གཅིག་གི་རིམ་གཉིས་སྟོན་པའི་གཞུང་ལ་ནང་ཚན་གྱི་མཆོག་དམན་ཡོད་ཀྱང༌། དེ་གཉིས་ལ་རྒྱུད་སྡེའི་རིམ་པའི་སྒོ་ནས་མཆོག་དམན་མེད་པ་བཞིན་ནོ། །ལྔ་པ་ནི། ཨིནྡྲ་བྷཱུ་ ཏི་ཆེན་པོ་དང་ཀླུའི་རྣལ་འབྱོར་མ་དང༌། ས་བདག་བི་སུ་ཀ་ལྤས་གཞུང་མཛད་པ་ནི་འདི་ན་མི་སྣང་ལ། དཔལ་མགོན་པོ་བདེ་བ་ཆེན་པོས་ནི། འདུས་པའི་དོན་གཏན་ལ་འབེབས་པ་གསང་བ་གྲུབ་པ་མཛད་དོ། །འདིས་འདུས་པའི་ གཞུང་ནི་གཙོ་བོར་གླེང་གཞི་གཏན་ལ་འབེབས་ལ་ལམ་གྱི་རིམ་པ་ནི། དང་པོར་ཡི་གེ་འགོད་པའི་བསྐྱེད་རིམ། གཉིས་པ་ལས་རྒྱ་ལ་བརྟེན་ནས་རང་གི་རང་བཞིན་དེ་ཁོ་ན་ཉིད་མཚོན་པར་བྱེད་པ། གསུམ་པ་དེ་བརྟན་པའི་ 5-3-33b དོན་དུ་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་སྒོམ་པ། བཞི་པ་ཕྱག་རྒྱ་ཆེན་པོ་མངོན་པར་བྱང་ཆུབ་པ་སྒོམ་པ་བཞི་སྤྱོད་པ་དང་བཅས་པ་སྟོན་ནོ། །གསང་བ་གྲུབ་པ་འདི་ནི་གྲུབ་སྙིང་ཞེས་གྲགས་པའི་གྲུབ་པའི་སྡེ་གཞན་དྲུག་པོ་ཀུན་གྱི་ཕྱི་མོར་ གྲགས་ལ། སྙིང་པོའི་སྐོར་གྱི་བྲམ་ཟེ་ཆེན་པོའི་དྷོ་ཧའི་ཡང་ཕྱི་མོར་སྣང་སྟེ། བདེ་སྟོང་སྦྱོར་བའི་ལྷན་སྐྱེས་ཀྱི་ཡེ་ཤེས་བླ་མེད་ཀྱི་རྒྱུད་སྡེ་ཀུན་གྱི་སྙིང་པོར་གོ་བ་ལ་ཤིན་ཏུ་གལ་ཆེ་བ་རྣམས་སོ། །སློབ་དཔོན་ས་ར་ཧས་གསང་འདུས་ཀྱི་གཞུང་སྒོས་སུ་ འགྲེལ་པའི་གཞུང་མཛད་པ་ནི་མི་སྣང་ངོ༌། །དེ་ནས་བདག་ཉིད་ཆེན་པོ་ཀླུ་སྒྲུབ་ཀྱིས་འདུས་པའི་དོན་འགྲེལ་པ་ལ་བྱང་ཆུབ་སེམས་འགྲེལ་དང་རྫོགས་རིམ་ལ་རིམ་ལྔ་དང༌། བསྐྱེད་རིམ་ལ་མདོར་བྱས་དང་མདོ་བསྲེ་གཉིས་མཛད་དོ། །འདུས་ པའི་རྒྱུད་ཀྱི་འགྲེལ་པ་འཕགས་པས་མཛད་ཟེར་བ་ད་ལྟ་འདུག་པ་འདི་ནི། བོད་ཀྱི་མཁས་པ་དག་པཎྜི་ཏ་གཅིག་གིས་བོད་དུ་བྱས་པ་ཡིན་ཞེས་གསུངས་ལ། འདི་ན་སྙན་དངགས་མེ་ལོང་དང་རྣམ་བཤད་རིགས་པ་དང་མངོན་པ་མཛོད་ཀྱི་གཞུང་ ལ་སོགས་པ་དྲངས་ཤིང༌། རྒྱལ་བ་མཆོག་གི་བདེར་གཤེགས་ཉིད་བསྒོམས་པས་ནི་སད་གྱུར་པ། །བདག་གི་གནས་ན་རབ་གནས་མགོན་པོ་ཡེ་ཤེས་ཞབས་ལ་སོགས། །ཞེས་འབྱུང་ཞིང༌། རྒྱུད་ཀྱི་བཤད་པ་ལ་ཡང་ཡབ་སྲས་ཀྱི་གཞུང་དང་མི་ མཐུན་པ་མང་དུ་སྣང་བས་འཕགས་པ་ལ་ཁ་གཡར་བ་འབའ་ཞིག་གོ། དེའི་ཕྱིར་སྒྲོན་གསལ་གྱི་འགྲེལ་བཤད་ཁ་ཅིག་ལས། འཕགས་པས་འདུས་པའི་རྒྱུད་ཀྱི་འགྲེལ་པ་མཛད་ཟེར་བ་ནི་མ་བརྟགས་པ་ཆེན་པོའོ། །འཕགས་པ་ལྷས་ 5-3-34a མཛད་པ་ལ་རིམ་ལྔའི་དོན་འགྲེལ་སྤྱོད་བསྡུས་སྒྲོན་མ་ནི་གྲགས་ཤིན་ཏུ་ཆེ་ལ། བདག་བྱིན་གྱིས་བརླབ་པའི་རིམ་པ་ནི་སློབ་དཔོན་ཨ་བྷྱ་ཀ་ར་དང་ནཱ་རོ་པས་ཁུངས་སུ་དྲངས་སོ། །སེམས་ཀྱི་སྒྲིབ་སྦྱོང་ནི་སེམས་དབེན་ སྟོན་པ་ཡིན་གསུང་ཡང༌། སེམས་གཙོ་བོར་སྟོན་པའི་སྔགས་ཀྱི་གཞུང་ཡིན་ཡང་གསང་འདུས་ཀྱི་སྒོས་ཀྱི་གཞུང་མིན་ནོ། །འདི་ཡང་ཨ་བྷྱ་ཀ་རས་ཁུངས་སུ་མཛད་དོ། །མངོན་པར་བྱང་ཆུབ་པའི་རིམ་པ་སློབ་དཔོན་འདིས་མཛད་ཟེར་བ་ལ། བོད་ཀྱི་མཁས་ པ་དག་ཐེ་ཚོམ་གྱི་གཞིར་སྣང་གསུང་བ་ལྟར་སྤྱོད་བསྡུས་དང་མི་མཐུན་པ་ཆེན་པོ་སྣང་བས་ཁ་གཡར་རོ། །ཀླུའི་བློ་འམ་ཀླུའི་བྱང་ཆུབ་ཀྱིས་མཛད་པ་ལ། བསྐྱེད་རིམ་གཙོ་ཆེ་ཞིང་རྫོགས་རིམ་ཡང་སྟོན་པ་རྣམ་གཞག་རིམ་པ་ནི་ཤིན་ཏུ་གྲགས་ ཆེ་ལ། དཀྱིལ་ཆོག་ཆོ་ག་ཉི་ཤུ་པ་ནི་སྒྲ་གཅན་འཛིན་དཔལ་བཤེས་གཉེན་དང༌། ཨ་བྷྱ་ཀ་ར་དང་ཐུགས་རྗེ་དཔལ་ཞབས་དང༌། ཐུབ་པ་དཔལ་བཟང་པོ་སོགས་པཎྜི་ཏ་མང་པོས་ཁུངས་སུ་མཛད་དོ། །སྟོང་པ་བཞི་གཏན་ལ་འབེབས་པ་ལས་མཐའ་ རྣམ་འབྱེད་ནི་སྒྲོན་གསལ་ལས་ཁུངས་སུ་མཛད་དོ། །སློབ་དཔོན་ཤཱཀྱ་བཤེས་གཉེན་གྱིས། རིམ་ལྔའི་རིམ་པ་གཉིས་པ་མཛད་པར་བཤད་པ་ལ། རིམ་པ་གཉིས་པའི་གཞུང་ཡོངས་སུ་རྫོགས་པར་མཛད་མ་མཛད་སོགས་ཀྱི་དཔྱད་པ་དང༌། འཕགས་ པ་ལྷ་དང་ཀླུ་བྱང་ལ་ཁ་གཡར་བྱས་པའི་གཞུང་གཞན་མང་དུ་སྣང་བ་རྣམས་ཀྱི་ཚུལ་ནི་རིམ་ལྔ་གསལ་སྒྲོན་དུ་རྒྱས་པར་བཤད་ཟིན་ཏོ། །སློབ་དཔོན་ཟླ་བ་གྲགས་པས་མཛད་པ་ལ་སྒྲོན་གསལ་ནི་གྲགས་ཤིན་ཏུ་ཆེ་ལ། འདིས་མཛད་པའི་སྦྱོར་བ་ 5-3-34b ཡན་ལག་དྲུག་ནི་ལེའུ་བཅུ་གཉིས་པའི་སྒྲོན་གསལ་ནས་འབྱུང་བ་ལོགས་སུ་བཀོལ་བར་སྣང་ངོ༌། །རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ལ་ནི་ཏ་ཐཱ་ག་ཏ་རཀྵི་ཏ་དང་། ལི་ལ་བཛྲ་གཉིས་ཀྱིས་འགྲེལ་པ་མཛད་ཅིང་མ་གདྷའི་པཎྜི་ཏ་ཐུབ་པ་དཔལ་བཟང་ པོ་སོགས་ཀྱང་ཟླ་གྲགས་ཀྱི་གཞུང་དུ་བཞེད་དོ། །འདུས་པའི་མངོན་རྟོགས་རྒྱན་རྩ་བ་རང་འགྲེལ་དང་བཅས་པ་གཉིས་ཟླ་བ་གྲགས་པས་མཛད་ཟེར་བ་ལ། བོད་ཀྱི་མཁས་པ་དག་བརྟག་པའི་གནས་སོ་ཞེས་གསུང་ངོ༌། །འདི་གཉིས་རྩོམ་མཁན་སློབ་དཔོན་ དེ་དང་མིང་མཐུན་པ་ཙམ་ཡིན་ན་ནི་རུང་ལ། སྒྲོན་གསལ་མཁན་པོ་ལ་གོར་རེ་ན་ནི་ཁ་གཡར་བ་འབའ་ཞིག་པར་སྣང་ངོ༌། །དེ་ལ་འཕགས་པ་ལྷ་དང་ཀླུ་བྱང་དང་ཤཱཀྱ་བཤེས་གཉེན་གསུམ་འཕགས་པའི་སློབ་མར་གྲགས་ཆེ་ལ། ཟླ་བ་གྲགས་པ་ནི་རྗེ་ འགོས་ལ་སོགས་པ་བླ་མ་སྔ་མ་རྣམས་ནི་འཕགས་པའི་སློབ་མར་མཛད་དོ། །བོད་ཀྱི་དབུ་མ་པ་ཁ་ཅིག་ཚིག་གསལ་གྱི་མཇུག་ཏུ་འཕགས་པས་མཛད་པའི་གཞུང་དང་སློབ་མ་རྣམས་དུས་མང་ཞིག་ན་ཉམས་པས་དེང་སང་གཞུང་ལུགས་གསལ་ པོ་མེད་ཅེས་གསུངས་པས། ཟླ་བ་གྲགས་པས་འཕགས་པ་མ་ཟིན་ནོ་ཞེས་སྨྲའོ། །རྒྱུ་མཚན་དེ་ནི་མ་ངེས་ཏེ་ཟླ་བ་གྲགས་པས་རིག་འཛིན་བརྙེས་ནས་ཡུན་རིང་དུ་བཞུགས་པར་རྡོ་རྗེ་གདན་པའི་གསུང་ལས་བྱུང་བ་པ་ཚབ་ལོ་ཙཱ་བའི་གཏམ་རྒྱུད་ལས་ འབྱུང་བ་ལྟར་ཡིན་པས། དེའི་སྐུ་ཚེའི་སྨད་ལ་ཀླུ་སྒྲུབ་ཀྱི་སློབ་གཞུང་བཟང་པོ་རྣམས་ཉམས་པ་དང༌། དེས་ཀླུ་སྒྲུབ་ལ་ཟིན་པ་གཉིས་མི་འགལ་བའི་ཕྱིར་རོ། །དེས་ན་བོད་ཀྱི་མཁས་པ་དག་དཔལ་ལྡན་ཨ་ཏི་ཤས། ཀླུ་སྒྲུབ་སློབ་མ་ཟླ་གྲགས་ 5-3-35a སུ་བཤད་པ་ལྟར་འཕགས་པའི་སློབ་མ་ཡིན་ནོ་གསུང་བ་ལྟར་ཁས་བླང་ངོ༌། །སྒྲོན་གསལ་ལས་ཀྱང༌། སངས་རྒྱས་ཀུན་གྱིས་རིམ་གཉིས་གནས་ཀྱིས་རྒྱས་བཏབ་དེ་ནི་ཀླུ་སྒྲུབ་ལས་རྙེད་པ། །ཁྱབ་བདག་དཔལ་ལྡན་རྡོ་རྗེ་ སེམས་དཔའ་བཏུད་དེ་ཟླ་བ་གྲགས་པས་རིམ་བཞིན་བཤད། །ཅེས་འདུས་པའི་དོན་རྣམས་ཀླུ་སྒྲུབ་ལས་རྙེད་པར་གསུངས་སོ། །འདི་ལ་ཐུགས་རྗེ་ཞབས་ཀྱིས། སློབ་དཔོན་འདིའི་སྒྲུབ་ཐབས་སུ་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱི་རྒྱུད་པ་ལས་ འོངས་པ། ཞེས་བཤད་པས་ཀླུ་སྒྲུབ་ཀྱི་རྒྱུད་པ་ལས་རྙེད་པ་ཡིན་ཟེར་མོད་ཀྱང༌། འཕགས་པ་ལ་ཟིན་པ་དང་འཕགས་པའི་དངོས་སློབ་ཀྱི་སློབ་མ་ཡིན་པ་མི་འགལ་བས། པཎྜི་ཏ་གཞན་གྱིས་དངོས་སློབ་ཏུ་འདོད་པ་ལྟར་བྱ་སྟེ། སྐལ་ལྡན་གྲགས་ པས། དེ་ནི་དཔལ་ལྡན་ཀླུ་སྒྲུབ་ལས་རྙེད་པ། །ཞེས་བྱ་བར་སྨོས་ཏེ། དེས་ནི་དཔལ་ལྡན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱི་དངོས་སུ་སློབ་མ་ཉིད་དུ་སོ་སོར་བསྟན་གྱི་བརྒྱུད་པས་ནི་མ་ཡིན་ནོ། །ཞེས་དང༌། བྲམ་ཟེ་སྒྲ་གཅན་འཛིན་བཟང་པོས་ས་ར་ཧས་ཀླུ་སྒྲུབ་ལ་ བཤད་ཅིང༌། དེས་ཟླ་བ་གྲགས་པ་ལ་བཤད་ཚུལ་ཡོན་ཏན་བརྗོད་པ་དང་བཅས་པ་ཡང་སྒྲོན་མ་རབ་གསལ་ལས། ཀོང་ཀ་ན་ཡི་གྲོང་ཁྱེར་ཏུ། །དཔལ་གྱི་རི་བོའི་རྩེ་མོར་ནི། །སྐྱེ་བོས་དབེན་པའི་གནས་ཉིད་དུ། །དང་པོར་དེ་ལ་གནས་བྱས་ནས། །མི་ དང་ལྷ་ཡི་བདག་པོར་མཚུངས། །མཆོག་ཏུ་གྱུར་པའི་ཆོས་གསུངས་པ། སྒྲ་གཅན་འཛིན་གྱི་ཞལ་སྔ་ནས། །ས་སྟེང་འདི་ལ་རྒྱལ་གྱུར་ཅིག །མཉེས་པ་དེ་ལས་དེ་ཉིད་ནི། །ཐེག་ཆེན་རྣལ་འབྱོར་པས་ཐོབ་པས། །ས་ཐོབ་གཞན་གྱི་དོན་ལ་བརྩོན། ། 5-3-35b དཔལ་ལྡན་ཀླུ་སྒྲུབ་རྒྱལ་གྱུར་ཅིག །དེ་ལས་དེ་ཉིད་རིན་ཆེན་ནི། །ཐོབ་པས་འཇིག་རྟེན་གསུམ་དུ་གྲགས། །འདུས་པའི་རྒྱ་མཚོའི་ཕ་རོལ་ཕྱིན། །ཟླ་གྲགས་གསལ་བྱེད་རྒྱལ་གྱུར་ཅིག །ཅེས་གསུངས་ལ། མཁས་པ་ལཀྵྨཱིཾ་ཀ་རའི་སློབ་མ་པཎྜི་ཏ་ཀུ་མཱ་རས་ ཀྱང༌། འདི་དག་གིས་ནི་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱི་སློབ་མ་ཡིན་པ་ཉིད་ཀྱིས་མན་ངག་དང་ལྡན་པ་ཉིད་དུ་རབ་ཏུ་བསྟན་ཏོ་ཞེས་སོ། །དེས་ན་ཨ་བྷྱ་ཀ་ར་དང༌། ཐུགས་རྗེ་དཔལ་ཞབས་དང༌། ཁ་ཆེ་ལཀྵྨཱིཾ་དང༌། ཐུབ་པ་དཔལ་བཟང་པོ་དང༌། སྐལ་ལྡན་གྲགས་ པ་དང་ཀུ་མ་ར་དང༌། ཀུ་ལ་དྷ་ར་དང༌། ཏ་ཐཱ་ག་ཏ་རཀྵི་ཏ་དང༌། ལི་ལ་བ་སོགས་འཕགས་པ་ཡབ་སྲས་ཀྱི་རྗེས་སུ་འབྲངས་ནས་འདུས་པ་བཤད་པ་ཀུན་གྱིས་ཀྱང༌། ཟླ་བའི་ཞབས་ལ་འཕགས་པ་དང་འདྲ་བར་ཡིད་ཆེས་པའི་གནས་སུ་བྱེད་ཅིང༌། ནཱ་རོ་པས་ ཀྱང༌། ཕྱི་མའི་རྒྱུད་ཀྱི་དོན་གསལ་འདི། །སྒྲོན་མ་གསལ་བའི་རྗེས་འབྲངས་ནས། །ཀླུ་སྒྲུབ་མན་ངག་བཤད་པ་ཡིན། །ཞེས་པ་དང༌། སློབ་དཔོན་ཀླུ་སྒྲུབ་འཕགས་པའི་ལྷ། །ཀླུ་ཡི་བྱང་ཆུབ་ཤཱཀྱའི་བཤེས། །ཟླ་བ་གྲགས་པ་ལ་སོགས་པའི། །མན་ངག་རིམ་ པ་ལ་བརྟེན་ནས། །བདག་གིས་བགྱིས། ཞེས་གསུངས་སོ། །འདི་ནི་མཚུང་གྱི་སློབ་མ་ཁམས་པ་རོ་མཉམ་རྡོ་རྗེའི་རྒྱུད་རྐྱང་གི་ཌཱི་ཀའི་ལུགས་ལ་མཆོག་ཏུ་འཛིན་པ་མང་པོས། སྒྲོན་གསལ་དང་མི་མཐུན་པའི་རྒྱུད་རྐྱང་གི་བཤད་པ་རྣམས་ནཱ་རོ་པའི་ ལུགས་མཆོག་ཏུ་སྨྲ་བ་ཡང་བཀག་པར་ཤེས་པར་བྱའོ། །ཡེ་ཤེས་ཞབས་ལུགས་ཞེས་གྲགས་པའི་ལམ་ལ། རིམ་པ་གཉིས་ལས་བསྐྱེད་པའི་རིམ་པ་ནི། འཇམ་པའི་རྡོ་རྗེས་གཙོ་མཛད་པའི་ལྷ་བཅུ་དགུའི་དཀྱིལ་འཁོར་ཏེ། སྒྲུབ་པའི་ཐབས་ 5-3-36a ཀུན་ཏུ་བཟང་པོ་དང༌། བཞི་བརྒྱ་ལྔ་བཅུ་པར་བཤད་པ་ལྟར་རོ། །རྫོགས་པའི་རིམ་པ་ནི་རྗེ་བཙུན་གྱིས་གསུངས་པའི་ཞལ་ལུང་དང༌། སློབ་དཔོན་ཉིད་ཀྱིས་མཛད་པའི་གྲོལ་བའི་ཐིག་ལེ་ལས་འབྱུང་ངོ༌། །སློབ་དཔོན་ཀུན་དགའ་སྙིང་པོས་ བཤད་ཚུལ་ལ། འདུས་པའི་འགྲེལ་པ་ཆེན་མོ་འདིས་མཛད་པར་བྱས་པ་ནི། འགྲེལ་པ་དེ་ཉིད་ལ་མ་བརྟགས་པར་སྨྲ་བར་འདུག་པས་མི་འཐད་ལ། ལོ་ཆེན་གྱིས་བསྒྱུར་བའི་འགྲེལ་བ་ཀུན་སྙིང་གིས་མཛད་པར་བྱས་པ་ནི། སློབ་དཔོན་དྲི་མེད་སྦས་པའི་ འགྲེལ་པར་ཡང་དེའི་ལེའུ་ལྔ་པའི་བཤད་པ་བཀོད་ཅིང་ཁུངས་མ་ཡིན་ནོ། །འདིས་ནི་ལས་རྒྱ་ལ་བརྟེན་པར་བཤད་པ་ཐམས་ཅད་ཁྱབ་འཇུག་གི་རྒྱུད་ཀྱི་རྗེས་སུ་འབྲང་བ་འདོད་ཡོན་གྱི་ཡུལ་སྤོང་མི་ནུས་པའི་ཆགས་ཅན་རེ་ཞིག་དྲང་བའི་ཕྱིར་དུ་གསུངས་པ་ ཙམ་གྱི་དོན་དང༌། བཤང་གཅི་སོགས་ཀྱི་བཟའ་བའི་དམ་ཚིག་བསྟེན་པར་གསུངས་པ་ཐམས་ཅད་ཀྱང༌། ཕྲ་མེན་མ་དང་འཆོལ་བའི་རྒྱུད་ལ་ཞུགས་པ་རྣམས་ཀྱི་ངོར་མཛད་པ་ཙམ་དུ་བཤད་ནས་གདུལ་བྱ་རབ་ཀྱི་དབང་དུ་བྱས་ནས་དེ་དག་བཤད་པ་མིན་པར་ བཤད་ལ། ནང་གི་རྩ་རླུང་ཐིག་ལེ་སྒོམ་པ་སོགས་ཀྱི་རྣལ་འབྱོར་གཞན་ནས་རྫོགས་རིམ་དུ་བཤད་པའི་རིགས་ཀྱང་མ་བཤད་པས་འདིའི་ལུགས་ལྟར་ན། རྣལ་འབྱོར་གྱི་རྒྱུད་ནས་བཤད་པའི་ལམ་ལས་མཆོག་ཏུ་གྱུར་པའི་ལམ་གཞན་བླ་མེད་ཀྱི་རྒྱུད་ལ་མི་ འདོད་པར་སྣང་སྟེ། ཀ་མ་དྷེ་ནུ་ཡང་དེ་ལྟར་དུ་འདོད་དོ། །འདི་ནི་རྒྱ་གར་བའི་ཆེན་པོ་གཞན་དུ་མས་བཤད་པ་དང་མི་མཐུན་པའི་བླ་མེད་ཀྱི་བཤད་སྲོལ་དུ་སྣང་ངོ༌། །སློབ་དཔོན་ཤཱནྟི་པས་རྩ་རྒྱུད་ཀྱི་ལེའུ་དང་པོས་ཐབས་ལས་བྱུང་བའི་འབྲས་བུའི་རྒྱུད་བསྟན། 5-3-36b དེ་ཐོབ་པར་བྱེད་པའི་ཐབས་རྒྱུད་ལ་བཞི་ཡོད་པ་ལྷག་མ་ལེའུ་བཅུ་དྲུག་གིས་འཆད་དེ། གསུམ་ལྡན་གྱི་ལེའུ་བཞིས་བསྙེན་པ་དང༌གཉིས་ལྡན་གྱི་ལེའུ་བཞིས་ཉེར་སྒྲུབ་དང༌། རྫོགས་ལྡན་གྱི་ལེའུ་བཞིས་སྒྲུབ་པ་དང༌། དགའ་བ་ཅན་གྱི་ལེའུ་བཞིས་བསྒྲུབ་ པ་ཆེན་པོ་བསྟན་ལ། རྒྱུད་ཕྱི་མ་ནི་དེ་རྣམས་གསལ་བར་བྱེད་པའོ་ཞེས་འཆད་དོ། །འདིས་རིམ་པ་དང་པོ་ལ་མི་བསྐྱོད་པས་གཙོ་བྱས་པའི་ལྷ་བཅུ་དགུ་དང༌། བསྐྱེད་རིམ་བརྟན་པའི་འོག་ཏུ་སྒོམ་པའི་རྫོགས་རིམ་ཡན་ལག་དྲུག་གི་ཚུལ་ནི། ཡེ་ཤེས་ ཞབས་ལུགས་དང༌། འཕགས་ལུགས་དང༌། དུས་འཁོར་གྱི་ལུགས་གང་དང་ཡང་མི་འདྲ་བ་ཞིག་རྒྱུད་ཕྱི་མ་ལ་བརྟེན་ནས་ལེའུ་བདུན་པའི་དོན་དུ་འཆད་དོ། །དྲུག་པ་ནི། བཅོམ་ལྡན་འདས་རྡོ་རྗེ་འཆང༌། སྡུད་པ་པོ་ཕྱག་ན་རྡོ་རྗེ། ཨི་ནྡྲ་བྷཱུ་ཏི་ཆེན་ པོ། ཀླུ་ལས་གྱུར་པའི་རྣལ་འབྱོར་མ། རྒྱལ་པོ་བི་སུ་ཀལྤ། བྲམ་ཟེ་ཆེན་པོ་ས་ར་ཧ། མགོན་པོ་ཀླུ་སྒྲུབ། དེས་འཕགས་པ་ལྷ། ཀླུ་བྱང༌། ཤཱཀྱ་བཤེས་གཉེན། ཟླ་བ་གྲགས་པ་བཞི་ལ་གསུངས། དེ་རྣམས་ཀྱིས་སློབ་པའི་རྡོ་རྗེ་ལ་གསུངས། དེས་ གྲུབ་ཆེན་ནག་པོ་སྤྱོད་པ་ལ། དེས་དྲི་མེད་བློ་གྲོས་དང༌། ས་འདྲེས་པ་གཉིས་ལ་གསུངས། དེས་བྷིརྱ་བྷ་ཊ་མངོན་ཤེས་ཅན་དང༌། དེ་བ་ཨ་ཀ་ར་ཙནྟྲ་འམ། ཤཱནྟི་དེ་བ་ཞེས་པ་བཙུན་མོ་ཅན་དང༌། རད་ན་ཨ་ཀ་ར་ཤཱནྟི་དང༌། དཔལ་སྦས་དང༌། མར་མེ་ མཛད་ལྔ་ལ་གདམས། དྲི་མེད་བློ་གྲོས་ཀྱིས་ནུབ་པཀྵེ་ཧྲའི་གཙུག་ལག་ཁང་གི་མཁས་པ་ཡེ་ཤེས་སྙིང་པོ་ལ་གདམས། དེ་ལ་ལྷོ་བྲག་གི་མར་པས་གསན། བླ་མ་མར་པ་ལ་གསང་འདུས་ལུགས་གཉིས་ཀྱི་བཤད་སྲོལ་བདུན་ཡོད་པར་ 5-3-37a གྲགས་ཤིང༌། ནཱ་རོ་པ་ལ་ཁ་ཆེ་ཨ་ཀ་ར་སིདྡྷི་དང་མཉམ་དུ་སྒྲོན་གསལ་བསླབས་སྣང་ནའང༌། བོད་དུ་སྒྲོན་གསལ་གྱི་བཤད་པ་མ་ཚུགས། རིམ་ལྔའི་གདམས་ངག་གི་དར་རྒྱས་ཆེ་བར་བྱུང་ངོ༌། །རྗེ་འགོས་ཀྱིས་རྒྱ་གར་དུ་ ལན་བཅུ་གཉིས་བྱོན་ནས་སྤྱིར་པཎྜི་ཏའི་བླ་མ་བདུན་ཅུ་དང་མཁའ་འགྲོ་མའི་བླ་མ་གཉིས་བསྟེན་ཞིང་། ཁྱད་པར་དུ་འཕགས་ལུགས་ཀྱི་འདུས་པ་རྩད་གཅོད་པ་ལ། བྷ་ངྒ་ལའི་མཁས་པ་མངོན་ཤེས་ཅན། ཟ་ཧོར་གྱི་མཁས་པ་བཙུན་མོ་ཅན། ཀོང་ཀ་ནའི་མཁས་པ་སྤྲིན་གྱི་ཤུགས་ཅན། ཁ་ཆེ་ཁྲི་བརྟན་གྱི་མཁས་པ་ཙནྡྲ་ཧ་རི། འཇམ་པའི་དབྱངས་ཀྱིས་བྱིན་བརླབས་པ་ཛྙཱ་ན་ཀ་ར། བལ་པོ་མཐིལ་གྱི་ཙ་ཧ་དུ། བལ་པོ་རྫོང་གི་ན་ག་ཀོ་ཊི། པཎྜི་ཏ་ས་ར་ཧ་པ། རྡོ་རྗེ་གདན་གྱི་མཁས་པ་ ནག་པོ་དམ་ཚིག་རྡོ་རྗེ། བྷྲི་ཀ་མ་ལ་ཤི་ལའི་མཁས་པ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་རྣམས་བསྟེན་ཏེ་ཕྱི་མ་གཉིས་ལ་བོད་དུ་གསན་ནོ། །དེ་རྣམས་ལ་འཕགས་སྐོར་ལྔའི་གཞུང་ལ་བརྟེན་པའི་གཞུང་བཤད། དབང་མན་ངག་གི་སྐོར་རྣམས་ལེགས་པར་གཏན་ ལ་འབེབས་པ་མཛད་ལ། མངོན་ཤེས་ཅན་དང་བཙུན་མོ་ཅན་དང་ནག་པོ་པ་གསུམ་ལ་མཆོག་གི་བླ་མར་མཛད་ཅིང༌། གཞུང་བཤད་དང་གདམས་པ་ཡང་དེ་གསུམ་གྱི་ལུགས་ལ་གཙོ་བོར་མཛད་དོ། །བླ་མ་འདི་ལ་འདུས་པའི་འཕྲིན་ལས་ཞུགས་པས་སྐུ་ ཚེ་སྟོད་དང་བར་དང་སྨད་ཀྱི་མཁས་པ་བཞི་བཞི་དང༌། དེ་རྣམས་ཀྱི་ནང་ནས་ཀྱང༌། གཞུང་བཤད་ལ་མཁས་པ་མང་ར་སེང་གེ་རྒྱལ་མཚན་དང༌། འབྲེལ་སྒྲིག་ལ་མཁས་པ་འགར་ཆོས་ཀྱི་ཤེས་རབ། རྣམ་གྲངས་ལ་མཁས་པ་རྡོག་དགེ་ 5-3-37b སེར། སྟོང་ཐུན་ལ་མཁས་པ་དབུས་པ་བཟི་དགའ་ལ་སོགས་པ་དུ་མ་ཞིག་བྱུང་ཞིང༌། བཤད་རྒྱུན་ཡང་དེང་སང་གི་བར་དུ་གནས་སོ། །མང་ར་ལ་རྔོག་ཡེ་ཤེས་སེང་གེས་གསན། དེ་ལ་རྔོག་མུ་ནེར་གྲགས་པ་ཉི་མ་སེང་གེ་གསན། དེ་ལ་ཀླན་ཉི་མ་ ལྕམ་གྱིས་གསན། དེ་ལ་ཐང་པེ་བ་འཕགས་པ་སྐྱབས་ཀྱིས་གསན། དེ་ལ་གསེར་སྡིངས་པ་གཞོན་ནུ་འོད་ཀྱིས་གསན། དེ་ལ་བླ་མ་ཆོས་སྐུ་འོད་ཟེར་གྱིས་གསན། དེ་ལ་བླ་མ་འཕགས་པ་འོད་ཀྱིས་གསན། དེ་ལ་པཎྜི་ཏ་ཆེན་པོ་བུ་སྟོན་རིན་ཆེན་གྲུབ་ ཀྱིས་གསན། བླ་མ་འདིས་གསང་སྔགས་ཀྱི་གཞུང་གཞན་དུ་མ་རྒྱས་པ་དང༌། ཁྱད་པར་དུ་འཕགས་སྐོར་གྱི་འདུས་པ་ནུབ་པ་ལ་ཤིན་ཏུ་ཉེ་བར་སླེབས་པའི་དུས་སུ། རྒྱུད་འགྲེལ་དབང་གདམས་ངག་ཕྲན་དང་བཅས་པ་རྣམས་ཀྱི་སྲོལ་རྣམས་ གསོས་ཏེ་མི་ནུབ་པར་མཛད་དོ། །དེ་ལ་ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་བསོད་ནམས་མཚན་ཅན་གྱིས་གསན། དེ་ལ་ལོ་ཙཱ་བ་ཆེན་པོ་ནམ་མཁའ་བཟང་པོས་གསན། དེ་ལ་གསུང་རབ་དགོངས་འགྲེལ་དང་བཅས་པ་རབ་འབྱམས་ལ་བློའི་ སྣང་བ་རྒྱས་པའི་མཁྱེན་པ་དང༌། བརྩེ་བ་ཆེན་པོ་ལ་སོགས་པའི་ཡོན་ཏན་དུ་མས་མངོན་པར་མཐོ་བའི་རྗེ་བཙུན་དམ་པ། ཀུ་མ་ར་མ་ཏིའི་ཞལ་སྔ་ནས་ཀྱིས་གསན། བླ་མ་འདི་དང་གཞན་ཡང་བུ་སྟོན་ཞབས་ཀྱི་སློབ་མ། གསང་སྔགས་ ཀྱི་ཆོས་ཚུལ་མཐའ་ཡས་པ་ལ་མངའ་འབྱོར་བའ་རྗེ་བཙུན་དམ་པ་ཁྱུང་པོ་ལྷས་པའི་ཞལ་སྔ་ནས་དང༌། རྗེ་བཙུན་དམ་པ་ཆོས་ཀྱི་དཔལ་བ་གསུམ་ཀ་བསྡོམས་པ་ལ་བརྟེན་ནས། འཕགས་སྐོར་གྱི་ཆོས་སྐོར་རྣམས་བདག་གིས་ཡོངས་སུ་ 5-3-38a རྫོགས་པར་མནོས་སོ། །རྒྱུད་འགྲེལ་གཉིས་ཀྱི་གཞུང་འཆད་པ་ལ་སླེབ་པའི་ཐོག་མར། འདུས་པའི་རྒྱུད་ཉིད་ལས་གསུངས་པ་ལྟར་ཕྱི་ནང་གི་མཆོད་པས་མཆོད་ནས་བསྟོད་དེ་གསོལ་བ་གདབ་པ་བྱ། དེ་ཡང་བླ་མ་ལྔ་བཅུ་ པ་ནས་གསུངས་པ་ལྟར་ལན་གསུམ་དུ་གསོལ་བ་གདབ་བོ། །ཆོས་ཐུན་རེ་རེ་བཞིན་གྱི་སྔོན་དུ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་དང་གཏོར་མ་དང་མཎྜལ་དབུལ་བ་དམ་པ་སྔ་མ་རྣམས་ཀྱི་ཕྱག་བཞེས་ལ་འདུག་པ་ལྟར་བྱའོ།། ༈ །།གཉིས་པ་ལ་ བཞི་ཡོད་པའི་མཚན་གྱི་དོན་ལ་གཉིས་ཡོད་པའི་རྒྱུད་ཀྱི་མཚན་གྱི་དོན་ལ་ནི། ཐོག་མའི་མཚན་དང༌། ལེའུ་སོ་སོའི་མཚམས་ཀྱི་མཚན་དང༌། རྒྱུད་ཀྱི་མཇུག་གི་མཚན་གསུམ་ལས་ཕྱི་མ་གཉིས་ནི་དཔེ་རྣམས་ཕལ་ཆེར་འདྲ་ལ། དང་ པོ་ནི། འགྱུར་རྙིང་གི་དཔེ་ཁ་ཅིག་ལ། ཤྲཱི་གུ་ཧྱ་ས་མ་ཛ་ཞེས་པ་ལ། ནཱ་མ་ཡོད་མེད་གཉིས་དང༌། ཡང་ཁ་ཅིག་ལ་ས་མ་ཛའི་མཐར་མ་ཧཱ་ཏ་ན་ཏྲ་རཱ་ཛཱ་ཞེས་འབྱུང་ཞིང༌། དེའི་མཐར་ནཱ་མ་ཡོད་མེད་གཉིས་བྱུང་ལ། ཡང་དཔེ་ཁ་ཅིག་ལས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ། དཔལ་གསང་བ་འདུས་པ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ཞེས་ཀྱང་འབྱུང་མོད་ཀྱང༌། པ་ཚབ་ཀྱི་འགྱུར་ལས། རྣལ་འབྱོར་ཆེན་པོའི་རྒྱུད་ དཔལ་གསང་བ་འདུས་པ་ཞེས་བྱ་བ་ཞེས་འབྱུང་བ་དག་སྟེ། ནཱ་རོ་པའི་རྒྱུད་ཕྱི་མའི་འགྲེལ་པ་ལས། རྒྱུད་འདིའི་མིང་ཅི་ཡིན་ཞེ་ན། དཔལ་གསང་བ་འདུས་པ་རྣལ་འབྱོར་གྱི་རྒྱུད་ཅེས་སྟོན་ཏེ། གསང་བ་དང་འདུས་པ་དང༌། དཔལ་གྱི་དོན་འབྲེལ་ 5-3-38b བ་དང༌། རྒྱུད་དང་རྣལ་འབྱོར་ཞེས་ཐེ་ཚོམ་བཞི་ཞུས་ཏེ། ཞེས་གསུངས་པ་ལྟར་རྒྱུད་ཕྱི་མར་མཚན་དོན་ཞུས་པའི་སྐབས་སུ་འབྱུང་བའི་ཕྱིར་རོ། །དེར་དཔལ་གྱི་ཚིག་དངོས་སུ་མ་བྱུང་ཡང་འབྲེལ་བ་ཞུས་པའི་དོན། དཔལ་གྱི་དོན་ཡིན་ནོ། །རྣལ་ འབྱོར་གྱི་དོན་ནི་རྒྱུད་ཕྱི་མ་ལས། ཐབས་དང་ཤེས་རབ་སྙོམས་འཇུག་པ། །རྣལ་འབྱོར་ཞེས་ནི་བཤད་པ་ཡིན། གང་ཞིག་དངོས་མེད་ཤེས་རབ་སྟེ། །ཐབས་ནི་དངོས་པོའི་མཚན་ཉིད་དོ། །ཞེས་ཐབས་ཤེས་གཉིས་མཉམ་པར་སྦྱར་བའི་ དོན་རྣལ་འབྱོར་གྱི་དོན་དུ་གསུངས་པའོ། །དེ་ལ་སྣང་བའི་ཡེ་ཤེས་སྟོང་པ་དང་པོ་ནི་ཤེས་རབ་དང༌། སྣང་བ་མཆེད་པའི་ཡེ་ཤེས་ཤིན་ཏུ་སྟོང་པ་ནི་ཐབས་ཡིན་ལ། དེ་གཉིས་མཉམ་པར་སྦྱོར་བའི་སྙོམས་པར་འཇུག་པ་ནི་སྣང་བ་ཉེར་ ཐོབ་སྟོང་པ་ཆེན་པོ་སྟེ། དེ་ནི་སྦས་དོན་གྱི་རྣལ་འབྱོར་རོ། །ལམ་གྱི་སྣང་བ་དང་མཆེད་པའི་ཡེ་ཤེས་གཉིས་ཀ་དོན་དམ་པ་ལ་དམིགས་ཤིང་སྣང་བ་དང་བཅས་པར་འདྲ་བ་ལ། སྣང་བའི་ཡེ་ཤེས་ལ་དངོས་པོ་མེད་པ་ཞེས་གསུངས་པའི་ དངོས་པོ་མེད་པ་ནི་རང་བཞིན་མེད་པའི་སྟོང་པ་རྟོགས་པ་ཡིན་ལ། འདིར་སྟོང་པ་ཤེས་རབ་ཤས་ཆེ་ཞིང་བདེ་བ་ཤས་ཆུང་བས་དངོས་པོ་མེད་པ་ཞེས་གསུངས་སོ། །མཆེད་པའི་ཡེ་ཤེས་ལ་དངོས་པོ་ཞེས་གསུངས་པའི་དངོས་པོ་ནི་ བདེ་བ་ཡིན་ལ། འདིར་བདེ་བ་ཤས་ཆེ་ཞིང་སྟོང་པ་ཤས་ཆུང་བས་དངོས་པོ་ཞེས་གསུངས་སོ། །ཉེར་ཐོབ་ནི་བདེ་སྟོང་ཆ་མཉམ་པོར་འཇུག་པས་ཐབས་ཤེས་གཉིས་སྙོམས་པར་འཇུག་པའི་རྣལ་འབྱོར་རོ། །ཡང་མཆོག་ཏུ་བདེ་བའི་ 5-3-39a ཡེ་ཤེས་དང་དོན་དམ་བདེན་པ་འོད་གསལ་གཉིས་རོ་གཅིག་ཏུ་ཞུགས་པའི་དོན་དམ་ནི་ཐམས་ཅད་དངོས་པོ་མེད་པའམ་ཐམས་ཅད་སྟོང་པའི་ཤེས་རབ་དང༌། ཡོངས་སུ་དག་པའི་སྒྱུ་མའི་སྐུ་ཀུན་རྫོ་བ་ནི་དངོས་ པོའི་མཚན་ཉིད་ཀྱི་ཐབས་ཡིན་ལ། དེ་གཉིས་ངོ་བོ་གཅིག་ཏུ་སྦྱོར་བའི་གཉིས་སུ་མེད་པའི་ཡེ་ཤེས་ཟུང་འཇུག་ནི་བདེན་གཉིས་ཀྱི་ཐབས་ཤེས་གཉིས་སྙོམས་པར་འཇུག་པའི་མཐར་ཐུག་གི་རྣལ་འབྱོར་རོ། །ཆེན་པོ་ཞེས་པ་ ནི་རྣལ་འབྱོར་བླ་ན་མེད་པ་ལ་རྣལ་འབྱོར་ཆེན་པོར་བྱས་པའི་ཆེན་པོ་ཡིན་གྱི། རྣལ་འབྱོར་ཆེན་པོའི་རྒྱུད་ཡིན་པ་ཙམ་གྱིས་རྣལ་འབྱོར་བླ་མེད་ཀྱི་རྒྱུད་དུ་མི་འགྱུར་ཏེ། རྡོ་རྗེ་རྩེ་མོ་ལས་རྩེ་མོ་ལ་རྣལ་འབྱོར་ཆེན་པོའི་རྒྱུད་དུ་གསུངས་ པ་དང༌། སྤྱོད་བསྡུས་ལས་དཔལ་མཆོག་དང་པོ་ལ་རྣལ་འབྱོར་ཆེན་པོའི་རྒྱུད་དུ་གསུངས་པས་སོ། །རྒྱུད་ལ་རྗོད་བྱེད་གཞུང་དང༌། བརྗོད་བྱ་དོན་གྱི་རྒྱུད་གཉིས་ལས། ཕྱི་མ་ལ་རྒྱུད་གསུམ་དུ་རྒྱུད་ཕྱི་མ་ལས་བཤད་པ་ནི་འཆད་པར་འགྱུར་རོ། །རྒྱུད་ཀྱི་ འབྲེལ་བར་དྲིས་པའི་འབྲེལ་བ་ནི་གང་བཤད་པས་རྒྱུད་ཀྱི་དོན་ཐམས་ཅད་འཁྲིག་ཆགས་སུ་འབྲེལ་བའི་འབྲེལ་ཕུན་སུམ་ཚོགས་པ་ཡིན་ལ། དེ་ནི་དཔལ་གྱི་དོན་ཡིན་ཏེ། འདི་ཡང་འཆད་པར་འགྱུར་རོ། །གསང་བ་དང་འདུས་ པའི་དོན་ཡང་རྒྱུད་ཕྱི་མ་ལས། སྐུ་གསུང་ཐུགས་ནི་རྣམ་པ་གསུམ། །གསང་བ་ཞེས་ནི་བསྟན་པ་ཡིན། །སངས་རྒྱས་ཐམས་ཅད་ཅེས་བྱ་བ། །ཚོགས་པ་འདུས་པ་ཡིན་པར་བཤད་། ཅེས་སྐུ་གསུང་ཐུགས་ཀྱི་གསང་བ་གསུམ་ 5-3-39b ནི་འདུ་རྒྱུ་དང༌། དེ་གསུམ་ཚོགས་པ་ནི་འདུས་པར་གསུངས་སོ། །འོག་ནས་གསང་བ་དང་འདུས་པ་ལ་ཚུལ་བཞིར་བཤད་པའི་དོན་བསྡོམས་ཏེ། རྒྱུད་ཕྱི་མའི་འགྲེལ་པར་རྡོ་རྗེ་གསུམ་དུ་སྐུ་གསུང་ཐུགས་སྣང་བ་དེ་ཉིད། སངས་ རྒྱས་དང་པད་མ་དང་རྡོ་རྗེ་འཆང་གཅིག་ཏུ་གྱུར་པ་ནི་ཡིག་དོན་གྱི་གསང་འདུས་དང༌། ཡི་གེ་གསུམ་ལས་རྡོ་རྗེ་འཆང་དུ་གྱུར་ནས་རིག་མ་དང་རྡོ་རྗེ་དང་པདྨ་གཉིས་འདུས་པ་ནི་སྤྱི་དོན་གྱི་གསང་འདུས་དང༌། སྣང་བ་གསུམ་རླུང་གི་ བཞོན་པ་དང་ལྡན་པ་དེ་ཉིད། ཐབས་ཤེས་ཀྱི་བདག་ཉིད་སྒྱུ་མ་ལྟ་བུའི་སྐུར་གྱུར་པ་ནི། སྦས་དོན་གྱི་གསང་འདུས་དང༌། བདེན་པ་གཉིས་ཟུང་དུ་འཇུག་པ་གཉིས་སུ་མེད་པ་ནི་མཐར་ཐུག་གི་གསང་བ་འདུས་པ་སྟེ། ཞེས་བཤད་དོ། ། དེར་སངས་རྒྱས་ཐམས་ཅད་ཅེས་བྱ་བ་སྤྱི་སྦས་པ། མཐར་ཐུག་གསུམ་གྱི་འདུ་རྒྱུ་ལ་བཤད་ལ། སངས་རྒྱས་ཐམས་ཅད་མངོན་བརྗོད་པའོ། །ཞེས་འདོན་ཞིང༌། དེ་ཡང་གསང་བ་འདུས་པའི་ཚོགས་པ་ལ་འཆད་དོ། ། འདིར་པཎྜི་ཏ་ཁ་ཅིག་སྐུ་གསུམ་ཐུགས་གསུམ་འདུས་པར་བསྟན་པ་ལ། སྐུ་གསུམ་ཙམ་ཞིག་བསྡུས་པས། འདུས་པར་ཐབས་ཀྱི་ཡན་ལག་འབའ་ཞིག་བསྟན་གྱི་ཤེས་རབ་ཀྱི་ཡན་ལག་མ་བསྟན་ལ། ཀྱཻ་རྡོར་ལས། ཐབས་དང་ལྡན་ཞིང་དམིགས་པ་མེད་པའི་ཕྱིར། སྐུ་གསུམ་ལས་འདས་པ་ཤེས་རབ་ཀྱི་ཡན་ལག་གི་སྙིང་པོ་སྟོན་པས། སྙིང་པོ་ཀྱཻ་རྡོ་རྗེ་ཞེས་བྱ་བ་ཉོན་ཅིག་ཅེས་གསུངས་པར་འཆད་དོ། །དེ་ནི་རིགས་པར་མ་མཐོང་སྟེ། 5-3-40a རྒྱུད་ཕྱི་མ་ལས་རྣལ་འབྱོར་གྱི་དོན་ཐབས་ཤེས་དབྱེར་མེད་དུ་སྦྱོར་བ་ལ་བཤད་ཅིང༌། དྲི་མེད་འོད་ལས་ཀྱང༌། དེ་དྲངས་ནས་འདུས་པས་ཐབས་རྐྱང་པ་སྟོན་པ་བཀག་པའི་ཕྱིར་རོ། །སྙིང་པོ་ཞེས་གསུངས་པས་འདུས་ པ་ལས་སྙིང་པོའི་དོན་དམིགས་པ་མེད་པའི་ཤེས་རབ་མི་སྟོན་པར་མི་འགྲུབ་སྟེ། འདུས་པ་ལ་ཡང་དེ་ལྟར་གསུངས་པའི་ཕྱིར་ཏེ། གསང་བ་གྲུབ་པ་ལས། དཔལ་ལྡན་འདུས་ལས་མཆོག་གཞན་མེད། །འཇིག་རྟེན་གསུམ་གྱི་རིན་ ཆེན་འགྱུར། །སྙིང་པོ་ལས་ནི་སྙིང་པོ་མཆོག །རྒྱུད་ཀུན་གྱི་ནི་བླ་མའི་བླ། །ཞེས་གསུངས་པའི་ཕྱིར་རོ།། ༈ །།དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཞེས་པ་ནི་འགྱུར་མཛད་པའི་ཕྱག་ཡིན་ལ། ཕྱག་འཚལ་བའི་དོན་ནི་འདུད་པར་བྱེད་པ་ ཡིན་ཞིང༌། ཕྱག་འཚལ་བའི་ཡུལ་གྱི་དོན་ནི་འཆད་པར་འགྱུར་རོ།། ༈ །།བསྐྱེད་པའི་རིམ་པ་དང་པོ་ཡིན། ཞེས་སོགས་ཀྱིས་རིམ་པ་ལྔ་བསྟན་པ་ལ། ཐོག་མར་རིམ་པའི་གྲངས་ལ་འགལ་བར་འཛིན་པའི་དོགས་པ་གསལ་ན། རིམ་ལྔའི་ མདོར་བསྟན་དུ་རྡོ་རྗེ་བཟླས་པ་དང༌། སེམས་དམིགས་དང༌། སྒྱུ་ལུས་དང༌། འོད་གསལ་དང་ཟུང་འཇུག་གི་རིམ་པ་ལྔར་མཛད་ལ། རྣམ་བཞག་རིམ་པར་ཡང་རྡོ་རྗེ་བཟླས་པའི་རིམ་པས་ཞེས་དེ་ལ་རིམ་པ་གཅིག་ཏུ་མཛད་ཅིང༌། སེམས་ དམིགས་རིམ་པ་གཉིས་པར་གསུངས་པས། རིམ་ལྔའི་གྲངས་འཕགས་པ་དང་འདྲ་བར་བཞེད་པར་མངོན་ནོ། །དེ་གཉིས་དང་སྤྱོད་བསྡུས་སུ་ལུས་དབེན་བསྣན་ནས་རིམ་པ་དྲུག་ཏུ་མཛད་པ་གཉིས། རིམ་པའི་གྲངས་མི་མཐུན་ནོ། ། 5-3-40b ཡང་རིམ་པ་ལྔ་དང་དྲུག་ཏུ་མཛད་པ་གཉིས་དང༌། སྒྲོན་གསལ་ལས་བསྐྱེད་རིམ་རིམ་ལྔའི་རིམ་པ་གཅིག་ལ་བགྲངས་པ་མི་མཐུན་ཞིང༌། རྡོར་བཟླས་ཀྱི་རིམ་པ་བགྲང་དགོས་པ་ཆད་པས། མི་མཐུན་པ་འདི་རྣམས་འགལ་མི་འགལ་ཇི་ལྟར་ཡིན་ སྙམ་ན། འདི་ལ་འགལ་བ་མེད་པའི་ཚུལ། ཐོག་མར་རྒྱུད་ཀྱི་སྟེང་ནས་བཤད་ན། རྩ་རྒྱུད་ལེའུ་དྲུག་པ་ལས། སྔགས་ལ་དམིགས་པའི་ལུས་དང་ནི། །ཞེས་པའི་རྐང་པ་བཞིའི་དོན། འགྲེལ་པས་བཤད་པ་དང་བསྟུན་ན་རྫོགས་རིམ་ལ་རིམ་པ་དྲུག་ ཏུ་འགྱུར་ཞིང༌། བཤད་རྒྱུད་རྡོ་རྗེ་འཕྲེང་བ་ལས། རྡོ་རྗེ་བཟླས་པར་རབ་སྦྱོར་བས། །རླུང་གི་མཚན་ཉིད་ཤེས་ནས་ནི། །རྣམ་རྟོག་རླུང་རྣམས་རྣམ་པར་གཅོད། །སེམས་ལ་དམིགས་པ་ཐོབ་པར་འགྱུར། །བདག་ལ་བྱིན་བརླབས་རིམ་པས་ཀྱང༌། ། དངོས་གྲུབ་བརྒྱད་ནི་ཐོབ་པར་འགྱུར། །སྣང་བ་ལ་སོགས་དབྱེ་བ་ཤེས། །མངོན་པར་བྱང་ཆུབ་པ་ནི་འཐིབ། །ཟུང་འཇུག་རིམ་པ་ལ་གནས་པ། །དངོས་གྲུབ་ཐམས་ཅད་བསྡུས་པ་ནི། །ཚེ་འདི་ཉིད་ལ་འགྲུབ་འགྱུར་བར། །རྣལ་འབྱོར་པ་ཡིས་ ཐེ་ཚོམ་མེད། །ཅེས་རྫོགས་རིམ་ལ་རིམ་ལྔ་ནས་འབྱུང་བ་བཞིན། རིམ་པ་ལྔར་གསུངས་སོ། །རྒྱུད་ཕྱི་མ་ལས། ཐབས་རྒྱུད་ལ་བསྙེན་བསྒྲུབ་ཡན་ལག་བཞིར་གསུངས་ཤིང༌། དེ་ལ་རིམ་པ་གཉིས་རེ་རེ་ལ་བསྙེན་བསྒྲུབ་ཡན་ལག་ བཞི་བཞིར་འགྲེལ་པ་ནས་བཤད་དེ་རྒྱུད་དེའི་དོན་ཡང་དེ་ལྟར་དུ་ཡོད་དོ། །དེའི་ལྟར་ན་རྫོགས་རིམ་ལ་བསྙེན་པ་དང༌། ཉེར་སྒྲུབ་དང༌། སྒྲུབ་པ་དང༌། སྒྲུབ་ཆེན་གྱི་རིམ་པ་བཞིར་འགྱུར་རོ། །ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལས། ཆགས་ 5-3-41a ཅན་གྱི་ལམ་གྱིས་འཚང་རྒྱ་བའི་ཚུལ་རྒྱུད་དང་གླེང་གཞི་སོགས་བཞིར་བསྡུས་ཏེ། དེའི་ལྟར་ན་འདིའི་ལམ་ལ་རིམ་པ་བཞི་ཡིན་ལ། དེ་ཡང་རིམ་པ་གཉིས་ཀའི་དབང་དུ་བྱས་པའོ། །དེ་ལྟར་རིམ་པ་གཉིས་ཀ་དང༌། རྫོགས་རིམ་ཉིད་ཀྱི་དབང་དུ་བྱས་པའི་རིམ་པའི་གྲངས་མི་འདྲ་བ་གཉིས་དང་། རྫོགས་རིམ་ལ་ཡང་གྲངས་ཀྱི་རིམ་པ་མི་འདྲ་བ་མང་དུ་ཡོད་ཀྱང་དགོངས་པ་མི་འགལ་བ་བཞིན་དུ། ཡབ་སྲས་རྣམས་ཀྱི་ཡང་ལམ་གྱི་རིམ་པའི་གྲངས་མི་འདྲ་ བ་འགའ་ཞིག་བྱུང་ཡང་དགོངས་པ་ལ་འགལ་བ་མེད་དེ། འཕགས་པ་དང་ཀླུ་བྱང་གིས་མཛད་པ་ནི། རྡོ་རྗེ་འཕྲེང་བ་ལ་བརྟེན་ནས་ཡིན་ལ། སྤྱོད་བསྡུས་དང་ལེའུ་དྲུག་པའི་འགྲེལ་པ་ལས་རིམ་པ་དྲུག་ཏུ་མཛད་པ་ནི། རྩ་རྒྱུད་ལས་གསུངས་པའི་ གྲངས་ལ་བརྟེན་པའོ། །ཡང་སྤྱོད་བསྡུས་ལས། སྔགས་ཀྱི་དེ་ཁོ་ན་ཉིད་ལ་སོགས་པའི་རིམ་པ་ལྔར་མཛད་པ་ནི་འཕགས་པས་མཛད་པའི་གྲངས་དང་མཐུན་ནོ། །རྒྱུད་འགྲེལ་ལས། བསྐྱེད་རིམ་རིམ་པ་གཅིག་ལ་བགྲངས་པ་ནི། རྩ་རྒྱུད་ཀྱི་ དོན་ཀུན་བསྡུ་བར་བཞེད་ནས་མཛད་དོ། །རིམ་ལྔ་བཞིན་གྱི་རིམ་པའི་གྲངས་ལྔར་མཛད་པ་ན། ལུས་དབེན་རྡོ་རྗེ་བཟླས་པའི་རིམ་པའི་ཁོངས་སུ་བསྡུས་པ་ཡིན་ལ། རྫོགས་རིམ་རིམ་པ་དྲུག་ཏུ་མཛད་པ་ན། ལུས་དབེན་སྤྲོས་ཏེ་བཤད་ པ་ཡིན་ཞིང༌རྫོགས་རིམ་ལ་སེམས་དམིགས་སོགས་རིམ་པ་བཞིར་མཛད་པ་ན། དབེན་གསུམ་གྱི་དང་པོ་གཉིས་སེམས་དམིགས་ཀྱི་རིམ་པར་བསྡུས་པ་ཡིན་ཏེ། འདི་ཡང་རྡོ་རྗེ་འཕྲེང་བའི་དགོངས་པ་ཡིན་པར་གླེང་གཞི་སྦས་བཤད་ཀྱི་ 5-3-41b སྐབས་སུ་འཆད་པར་འགྱུར་རོ། །དེས་ན་རྒྱུད་སོ་སོ་ལ་བརྟེན་པའི་གྲངས་འདྲེན་ལུགས་མི་འདྲ་བ་ཙམ་དང༌། ལམ་གྱི་གྲངས་ཀྱི་དབྱེ་བསྡུ་མི་འདྲ་བ་ཡོད་པ་ཙམ་གྱིས། དགོངས་པ་མི་མཐུན་པར་འགྱུར་བ་མ་ཡིན་ནོ།། ༈ །།རིམ་ལྔའི་ལམ་རྣམས་སྐྱེ་འཆི་ཤི་ བར་དོའི་རིམ་པ་བཞིན་དུ་སྐྱེད་དགོས་པ་འདི། ལུགས་འདི་ལ་ཤིན་ཏུ་གལ་ཆེ་བས། དེའི་ཚུལ་ཅུང་ཟད་བརྗོད་ན། རྣལ་འབྱོར་བླ་མེད་ཀྱི་རྒྱུད་ཀུན་གྱི་དགོངས་པས། རིམ་པ་དང་པོར་རྟེན་དང་བརྟེན་པའི་འཁོར་ལོ་སྐྱེད་པ་སྣོད་བཅུད་ཀྱི་སྲིད་པ་ སྐྱེ་འཇིག་གི་རིམ་པ་དང་མཐུན་པ་ཞིག་མཛད་དེ་རྒྱུད་སྡེ་འོག་མ་ལ་འདི་མེད་དོ། །དེ་ཡང་མར་གྱི་སྦྱང་གཞི་སྐྱེ་འཆི་བར་དོ་གསུམ་དང༌། ཡར་གྱི་འབྲས་བུ་སྐུ་གསུམ་དང་རྣམ་པ་རྗེས་སུ་མཐུན་པར་སྒོམ་པ་ནི་རིམ་པ་གཉིས་ཀ་ལ་ཡོད་ལ། དེ་ ལྟར་མཛད་པ་ནི་ལམ་རྣམས་རིམ་པ་དེ་བཞིན་དུ་སྐྱེད་པའི་ཆེད་དོ། །དེ་ཡང་བསྐྱེད་རིམ་གྱི་སྐབས་སུ་ལྷག་མོས་འོད་གསལ་དུ་སྡུད་པ་ནི་སྦྱང་གཞི་ལ་འཆི་རིམ་དང༌། འབྲས་བུ་ལ་ཆོས་སྐུ་དང་མཐུན་པར་སྒོམ་པས་འཆི་བ་ཆོས་སྐུར་ལམ་ དུ་འཁྱེར་བའོ། །མངོན་བྱང་ལྔ་ལས་དང་པོའི་མགོན་པོ་སྐྱེད་པ་ནི། སྦྱང་གཞི་ལ་བར་དོ་དང༌། འབྲས་བུ་ལ་ལོངས་སྐུ་དང་མཐུན་པར་སྒོམ་པས་བར་དོ་ལོངས་སྐུར་ལམ་དུ་འཁྱེར་བའོ། །དང་པོའི་མགོན་པོ་སྤྲུལ་སྐུར་བསྒྱུར་ནས་ལུས་ དཀྱིལ་སོགས་སྒོམ་པ་ནི་སྦྱང་གཞི་ལ་སྐྱེ་བ་བླངས་པ་དང་འབྲས་བུ་ལ་སྤྲུལ་སྐུ་དང་མཐུན་པར་སྒོམ་པས་སྐྱེ་བ་སྤྲུལ་སྐུར་ལམ་དུ་འཁྱེར་བའོ། །འདི་ཡང་རིམ་པ་དང་པོར་མོས་པ་ཡིད་བྱེད་ཀྱིས་མཐུན་པ་ཡིན་པས། མཐུན་ཚབས་ཆུང་ལ། 5-3-42a རྫོགས་རིམ་གྱི་སྐབས་སུ་སྲོག་དྷཱུ་ཏིར་ཞུགས་གནས་ཐིམ་གསུམ་བྱེད་ནུས་པའི་མཚམས་ནས། ཡར་མར་གཉིས་དང་མཐུན་ཚབས་ཤིན་ཏུ་ཆེ་བ་ཞིག་འབྱུང་ངོ༌། །རིམ་པ་དང་པོར་དེ་ལྟར་སྒོམ་པ་ཡང་རྫོགས་རིམ་གྱི་ རྟོགས་པ་མཐུན་ཚབས་ཆེ་བ་སྐྱེད་པའི་དགེ་རྩ་སྨིན་བྱེད་ཡིན་པས། གཙོ་བོ་ནི་རྫོགས་རིམ་གྱི་ལམ་རྣམས་སེམས་ཅན་སྐྱེ་འཆིའི་རིམ་པ་དང་མཐུན་པར་སྐྱེད་པའི་ཆེད་དོ། །ཚུལ་འདི་གསལ་བར་ནི་འདུས་པའི་སྐོར་རྣམས་ནས་བཤད་དེ། རྒྱུད་རྡོ་རྗེ་འཕྲེང་བ་ལས། ཇི་ལྟར་མེས་བསྲེགས་དངོས་པོ་མེད། །རྒྱུ་མེད་པར་ནི་ཐིམ་ནས་འགྲོ། །སླར་ཡང་སྲོག་གི་རླུང་ཤར་ནས། ལས་ཀྱི་རླུང་ནི་སྣ་ཚོགས་པ། །དེ་ནི་ལྷན་ཅིག་རྣམ་ཤེས་དང༌། །སླར་ཡང་འཇིག་རྟེན་གསུམ་དུ་གནས། །དེ་ ལས་ལས་དང་དེ་ལས་སྐྱེ། །དེ་ལས་ཆགས་སོགས་བག་ཆགས་དང༌། །དེ་ལས་སླར་ཡང་འཆི་དང་སྐྱེ། །དེ་ལྟར་འཁོར་ལོ་བསྐོར་བ་འདྲ། །སྔོན་བཞིན་རྡོ་རྗེ་བཟླས་པ་སོགས། །རིམ་གྱིས་དེ་ཡི་དབྱེ་བར་འགྱུར། །ཞེས་གསུངས་སོ། །འདི་ནི་འཆི་བའི་ དུས་ཀྱི་རླུང་འཇིག་ཚུལ་དྲིས་པའི་ལན་ཡིན་ལ། དེ་ཡང་ཇི་ལྟར་མེས་བསྲེགས་པ་ན་ཤིང་གི་དངོས་པོ་མེད་པར་འགྲོ་བ་བཞིན་དུ། འཆི་བའི་ཚེ་ཡང་རླུང་རྣམས་སྲོག་འཛིན་གྱི་བར་དུ་རིམ་གྱིས་ཐིམ་ནས་འཆི་ཞིང༌། ཡང་ཤི་བའི་འོད་གསལ་ ལས་ལས་ཀྱི་རླུང་ཤར་ཏེ། དེ་དང་རྣམ་ཤེས་གཉིས་ལྷན་ཅིག་ཏུ་འཇིག་རྟེན་གསུམ་དུ་གནས་པའི་སྐྱེ་བ་ལེན་ནོ། །ལས་ཀྱི་རླུང་དེ་ལས་ཀྱང་ཆགས་པ་ལ་སོགས་པའི་ཀུན་རྟོག་རྣམས་སྐྱེ་ལ། དེས་ལས་བཟང་ངན་གཉིས་བསགས་ནས་ཡང་ 5-3-42b འཆི་ཞིང་ཡང་སྐྱེ་བ་འཁོར་ལོ་བསྐོར་བ་བཞིན་དུ་འགྱུར་རོ། །སྔོན་དུ་བཤད་པའི་རྡོ་རྗེ་བཟླས་པ་སོགས་རིམ་པ་ལྔ་ནི་གཞི་དུས་ཀྱི་སྐྱེ་འཆིའི་རིམ་པ་དེའི་དབྱེ་བར་འགྱུར་རོ། །ཞེས་གསུངས་སོ། །འགྱུར་ཚུལ་ནི། རླུང་འབྱུང་འཇུག་རྒྱུན་ལྡན་དུ་བྱེད་པ་ནི་གཞིའི་རྡོ་རྗེ་བཟླས་པ་ཡིན་ཏེ། དེ་ ཉིད་ལས། གང་ཡང་ཁམས་གསུམ་སེམས་ཅན་རྣམས། །སྲོག་དང་རྩོལ་བ་ལ་བརྟེན་པ། །གསང་སྔགས་རྒྱལ་པོ་བཟློས་བཞིན་དུ། །མི་ཤེས་བསམ་གཏན་ཀློག་པ་སྤངས། །ཞེས་སོ། །དེ་ལྟར་ཉིན་མཚན་ཀུན་ཏུ་རླུང་གི་བཟླས་པ་བྱས་པའི་མཐར་འཆི་བ་ན་རླུང་ཕྱི་ནང་ དུ་རྒྱུ་བ་ལོག་ནས་འབྱུང་བ་རྣམས་རིམ་གྱིས་ཐིམ་སྟེ་སྣང་མཆེད་ཐོབ་གསུམ་གྱི་ཉམས་འཆར་བ་ནི་སེམས་དབེན་གྱི་རིམ་པའོ། །ཉེར་ཐོབ་ཀྱི་མཐར་འཆི་བའི་འོད་གསལ་འཆར་བ་ནི་འོད་གསལ་གྱི་རིམ་པ་སྟེ་གཞིའི་ཆོས་སྐུ་ཞེས་བྱའོ། །འཆི་བའི་འོད་གསལ་གྱི་མཐར་ ཕུང་པོ་རྙིང་པའི་ཁྲོད་ན་གནས་པའི་རླུང་སེམས་ཙམ་ལས། ལུས་རྙིང་པ་ལས་ལོགས་སུ་བྱེ་ནས་བར་དོའི་ལུས་གྲུབ་པ་ནི་སྒྱུ་ལུས་ཀྱི་རིམ་པ་སྟེ་གཞིའི་ལོངས་སྐུ་ཞེས་བྱའོ། །གཞི་ལ་དག་མ་དག་གི་སྒྱུ་ལུས་ཀྱི་རིམ་པ་སོ་སོ་བ་གཉིས་མེད་ཀྱང༌། འདིས་ལམ་དུས་ ཀྱི་སྒྱུ་མའི་སྐུ་གཉིས་ཀ་མཚོན་ནུས་སོ། །གཞིའི་བར་དོ་ལོངས་སྐུ་མིག་ཐ་མལ་པ་ཤའི་མིག་གི་ཡུལ་དུ་མི་མཐོང་བ་དེ། སྐྱེ་སྲིད་དུ་སྐྱེ་བ་བླངས་པ་ན་མིག་དེའི་ཡུལ་དུ་འགྱུར་བ་ནི་གཞིའི་སྤྲུལ་སྐུའོ། །ཚུལ་འདི་ལ་རིམ་ལྔ་ལས། ཀུན་རྫོབ་བདེན་པ་སྒྱུ་མ་ཉིད། །ལོངས་ སྤྱོད་རྫོགས་པའི་སྐུ་ཡང་དེ། །དེ་ཉིད་དྲི་ཟའི་སེམས་ཅན་གྱུར། །རྡོ་རྗེའི་སྐུ་ཡང་དེ་ཉིད་ཡིན། །ཞེས་རིམ་པ་གསུམ་པའི་སྒྱུ་མའི་སྐུ་དྲི་ཟའི་སེམས་ཅན་བར་དོར་བཤད་པས། ལམ་གྱི་སྒྱུ་མའི་སྐུ་ལ་བར་དོར་བཏགས་པ་དང༌། གཞིའི་བར་དོ་ལ་ལམ་གྱི་སྒྱུ་མའི་སྐུར་བཏགས་པ་གཉིས་ 5-3-43a ཀ་ཤེས་པར་བྱའོ། །དེ་ལྟར་གསུངས་པ་ནི་ཐབས་ལ་མཁས་པའི་མན་ངག་དང་བྲལ་བ་ལ་བར་དོར་འོང་རྒྱུའི་རླུང་སེམས་དེ་ཉིད་ཐབས་མཁས་ཀྱི་མན་ངག་དང་ལྡན་པ་ལ་སྒྱུ་མའི་ལུས་ལོངས་སྤྱོད་རྫོགས་པའི་སྐུར་འཆར་བའི་རྒྱུ་མཚན་གྱིས་ཡིན་ ཏེ། སྤྱོད་བསྡུས་ལས། དེ་ལྟར་བྱིས་པ་སོ་སོའི་སྐྱེ་བོ་སྲིད་པ་བར་མ་ཞེས་བྱ་བ་ནི་འཁོར་བའི་རྒྱུར་འགྱུར་རོ། །དེ་ཉིད་བླ་མ་བརྒྱུད་པའི་རིམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མན་ངག་ཐོབ་པ་རྣམས་ནི། བདག་ལ་བྱིན་གྱིས་བརླབ་པ་ ཞེས་བྱ་བ་འདི་ལྟར་རྩིག་པའམ་རས་རིས་མེ་ལོང་གི་ནང་དུ་ཉེ་བར་སྣང་བ་དེ་བཞིན་དུ། རྡོ་རྗེའི་སྐུའི་ངོ་བོ་ཉིད་ཀྱིས་བདག་ཉིད་སྤྲུལ་ཏེ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་སྐུ་བལྟ་བས་ཆོག་མི་ཤེས་པ། སྐྱེས་བུ་ཆེན་པོའི་ མཚན་སུམ་ཅུ་རྩ་གཉིས་ལ་སོགས་པས་ལུས་ལ་བརྒྱན་པ་སྟེ། ཞེས་གསུངས་སོ། །ཡབ་སྲས་གཉིས་ཀྱིས་བར་དོ་ལ་དེ་ལྟར་བཤད་པའི་གནད་ཀྱིས་འཆི་བ་དང་སྐྱེ་བ་ཡང་མན་ངག་མེད་པ་ལ་སྐྱེ་འཆི་རང་འགའ་བ་འཁོར་བའི་འཁོར་ ལོ་བསྐོར་བ་དེ་མན་ངག་དང་ལྡན་པ་ལ་འཆི་བར་འོང་རྒྱུ་དེ་ཆོས་སྐུ་དང༌། སྐྱེ་བ་ལེན་པ་རང་དགའ་བར་འོང་རྒྱུ་དེ་སྤྲུལ་སྐུ་རུ་འཆར་བས། གཞི་ལ་ལམ་གྱི་སྐུ་གཉིས་དང༌། ལམ་གྱི་སྐུ་གཉིས་ལ་གཞིའི་ཆོས་གཉིས་ཀྱི་མིང་གིས་བསྟན་ པ་ཡང་འཐོབ་བོ། །རྣམ་གཞག་རིམ་པར་ཡང་རྡོ་རྗེ་བཟླས་པ་ལ་གནས་ནས་སེམས་དམིགས་ཀྱི་རིམ་པ་གཉིས་པ་ཤེས་པར་བྱས་ཏེ། བསམ་གཏན་གཉིས་ཀྱིས་འཆི་རིམ་བཞིན་དུ་འོད་གསལ་མངོན་དུ་བྱེད་པར་བཤད་པས། རྫོགས་ 5-3-43b རིམ་གྱི་ལམ་རྣམས་ཀྱང་འཆི་བའི་རིམ་པ་བཞིན་དུ་རྒྱུད་ལ་སྐྱེད་དགོས་པ་གསལ་བར་གསུངས་སོ། །འགོས་ལུགས་པ་རྣམས་རིམ་པ་གཉིས་ཀའི་སྦྱང་གཞིར་སྲིད་པ་སྐྱེ་འཇིག་གི་རིམ་པ་འཆད་ཀྱང་གཞི་དུས་ལ་སྐུ་གསུམ་དང་རིམ་ལྔའི་རྣམ་ གཞག་མི་བྱེད་ལ། མར་ལུགས་པ་རྣམས་རིམ་ལྔ་བསྡུས་པ་ལས། སྲིད་པ་སྐྱེ་དང་ཉིན་ཞག་གཅིག །སྟན་གཅིག་སྟེང་དུ་སྦྱར་ཏེ་བཤད། །ཅེས་འབྱུང་བ་ལ་བརྟེན་ནས་སྐྱེ་འཆི་བར་དོ་གསུམ་ལ་སྐུ་གསུམ་གྱི་ཐ་སྙད་དང༌། གཞི་དུས་ཀྱི་རྡོར་ བཟླས་སོགས་རིམ་ལྔའི་ཐ་སྙད་བྱེད་པ་ནི་ཤིན་ཏུ་ལེགས་ཏེ། དེ་ལྟར་བྱེད་པ་ནི་གཞིའི་སྲིད་པ་སྐྱེ་འཆིའི་རིམ་པ་ཇི་ལྟ་བ་བཞིན་དུ། ལམ་རྒྱུད་ལ་སྐྱེད་པའི་ཆེད་ཡིན་པས་དེ་དགོས་སོ། །ཐ་སྙད་དེ་ལྟར་བྱེད་ཀྱང་དགོས་པ་དེ་མ་ཤེས་པར་ འཆི་བ་ཆོས་སྐུ་སོགས་ཀྱི་གདམས་ངག་རྣམས་འཆི་བའི་དུས་དང་བར་དོའི་དུས་ཁོ་ནར་ཉམས་སུ་ལེན་རྒྱུ་ལ་འཆད་པ་དང༌། གཞིའི་རིམ་ལྔའི་ཐ་སྙད་སྔར་བཤད་པ་ལས་གཞན་དུ་བྱེད་པ་ནི་ལེགས་པར་མི་སྣང་ངོ༌། །ཞར་ལ་ཞག་གཅིག་ ལ་རིམ་ལྔར་འཇོག་ཚུལ་ནི། ཞག་གཅིག་གི་རླུང་འབྱུང་འཇུག་རྡོ་རྗེའི་བཟླས་པ། གཉིད་ཀྱི་མགོ་བརྩམས་ནས་རྨི་ལམ་མ་ཤར་བའི་བར་ལ་སྟོང་པ་བཞི་འཆར་བའི་དང་པོ་གསུམ་སེམས་དམིགས་དང་བཞི་པ་འོད་གསལ་འདི་ལ་གཉིད་ ཆོས་སྐུ་ཞེས་ཀྱང་བྱའོ། །རྨི་ལམ་འབྱུང་བ་ཙམ་མིན་གྱི་རྨི་ལམ་གྱི་ལུས་ཁྱད་པར་བ་ཞིག་ཡོད་པ་དེ་སྒྱུ་ལུས་ཀྱི་རིམ་པ་ཡིན་ལ། འདི་ལ་རྨི་ལམ་ལོངས་སྐུ་ཞེས་ཀྱང་བྱའོ། །འདིས་རིམ་པ་གསུམ་པ་དང་ལྔ་པའི་སྒྱུ་མའི་སྐུ་ཡང་མཚོན་ནུས་སོ། ། 5-3-44a དེ་ནས་སད་པ་སྤྲུལ་སྐུ་ཡིན་ཏེ། འདི་ལའང་གཉིད་སད་པ་ཙམ་མིན་པའི་སད་ལུགས་ཁྱད་པར་བ་ཞིག་ཡོད་དོ། །ཡབ་སྲས་ལྔའི་རྗེས་འབྲང་སྔར་བཤད་པའི་རྒྱ་གར་བ་གཞན་རྣམས་ཀྱིས་སྲིད་པ་སྐྱེ་འཇིག་གི་རིམ་པ་ལྔ་དང༌། གཞིའི་སྐུ་གསུམ་དང༌། ཞག་གཅིག་གི་རིམ་ལྔ་མ་བཤད་ཀྱང་། ནཱ་རོ་པའི་མན་ངག་ལས་འབྱུང་སྟེ་ལེགས་སོ།། ༈ །།ལམ་གྱི་རིམ་པ་རྣམས་ཀྱི་གོ་རིམ་ངེས་ཚུལ་ནི། རིམ་ལྔར་རིམ་གཉིས་སྐས་ཀྱི་རིམ་པ་ལྟར་གསུངས་པ་ནི། རྫོགས་རིམ་ གྱི་རིམ་པ་ལྔ་ལའང་འདྲ་སྟེ། དེར་རྡོར་བཟླས་ལ་གནས་པས་སེམས་དམིགས་འཐོབ་པ་དང༌། སྒྱུ་ལུས་ཡང་དག་པའི་མཐའ་འོད་གསལ་གྱི་སྦྱོང་བ་དང༌། དེ་ལས་ལངས་ནས་གཉིས་མེད་ཟུང་འཇུག་འཐོབ་པར་གསུངས་ལ། དེས་ནི་སེམས་ དམིགས་ལ་གནས་པས་སྒྱུ་ལུས་འཐོབ་པ་ཡང་གོ་བར་ནུས་པའི་ཕྱིར་རོ། །དེ་ཡང་སྔ་མ་སྔ་མ་ལ་བརྟེན་ནས་ཕྱི་མ་ཕྱི་མ་འབྱུང་བར་སྟོན་པའི་གོ་རིམ་མོ། །རིམ་ལྔར་མི་རྒྱས་པ་དེ་རྒྱས་པར་སྤྱོད་བསྡུས་ལས། སངས་རྒྱས་ཀྱི་ཐེག་ པའི་བསམ་པ་སེམས་བསྐྱེད་གཉིས་དང༌། རགས་པའི་ལྷའི་རྣལ་འབྱོར་དྲན་པ་གཅིག་པ་དང༌། ཕྲ་མོ་རྟོག་པའི་རྣལ་འབྱོར་དང༌། ལུས་དབེན་ནས་ཟུང་འཇུག་གི་བར་ལ་སྔ་མ་སྔ་མ་ལ་ལོབས་ནས་ཕྱི་མ་ཕྱི་མ་ལ་སློབ་པའི་ རྗེས་འགྲོའི་གོ་རིམ་དང༌། ལུས་དབེན་ནས་བཟུང་སྟེ་སྔ་མ་མེད་ན་ཕྱི་མ་མི་འབྱུང་བའི་ལྡོག་པའི་གོ་རིམ་ཀྱང་གསུངས་པས་གོ་རིམ་ངེས་པ་འདོད་དགོས་སོ། །དེ་ལྟར་བཤད་པ་ཙམ་མ་གཏོགས་པ་རྩ་བཤད་ཀྱི་རྒྱུད་ 5-3-44b དང་ཡབ་སྲས་ལྔའི་གཞུང་ནས་གོ་རིམ་དེ་ལྟར་ངེས་པའི་རྒྱུ་མཚན་གསལ་བར་མ་གསུངས་སོ། །ཁ་ཆེ་ལཀྵྨིས། དང་པོར་ཐ་མལ་པའི་ལུས་དག་པར་བྱ་དགོས་པས། དེ་ནི་དང་པོ་སྦྱོར་བ་ནས་རིགས་བརྒྱའི་ལུས་དབེན་ གྱི་བར་གྱི་བསྐྱེད་རིམ་གྱིས་བྱེད་དོ། །དེ་ནས་ངག་དག་པ་ལ་ངག་དབེན་དང༌། དེ་ནས་ཐ་མལ་པའི་སེམས་དག་པ་ལ་སེམས་དབེན་དང༌། དེ་ནས་སྔོན་གྱི་སྨོན་ལམ་འབྲས་བུ་དང་ལྡན་པར་བྱ་བ་དང༌། དབང་ཕྱུག་ཆེན་པོའི་བསྟན་ པ་བཞིན་དུ་ཆད་པའི་ཕྱོགས་སྤང་བ་དང༌། བསྐལ་པའི་བར་དུ་འགྲོ་དོན་མཛད་པ་དང༌། ཉན་ཐོས་ཀྱི་བྱང་ཆུབ་བཞིན་དུ་འགོག་པའི་བདེན་པ་སྤང་བའི་ཕྱིར་དུ་སྒྱུ་ལུས་དང༌། དེ་ལ་ཡང་ཆགས་ན་དམིགས་པ་དང་བཅས་པར་ འགྱུར་བས་དེ་སྦྱང་བའི་དོན་དུ་འོད་གསལ་དང༌། འོད་གསལ་གྱི་ཆད་མཐའ་སྤང་བའི་ཕྱིར་དུ་ཟུང་འཇུག་བསྟན་ཏོ་ཞེས་འཆད་དོ། །འདི་ལ་དབེན་གསུམ་སྔ་མས་ཕྱི་མ་འདྲེན་ལུགས་ཐུན་མོང་མ་ཡིན་པ་སྟོན་དགོས་པ་མི་ འདུག་ཅིང༌། ཆད་མཐའ་སྤང་བའི་ཕྱིར་དུ་བསྟན་པའི་ལམ་རྟག་ལྟ་ཅན་དུ་སྐྱེ་ལ། དེ་སྤོང་བའི་ལམ་ཆད་མཐའ་ཅན་དུ་སྐྱེ་ན་གླང་པོ་ཆེའི་ཁྲུས་དང་འདྲ་བས་ལམ་ཡང་དག་པར་མི་རུང་བའི་ཕྱིར་དང༌། སྤྱོད་བསྡུས་ལས། ཀུན་རྫོབ་ ཀྱི་བདེན་པ་རྟོགས་པ་དང་བྲལ་བས་ནི་དོན་དམ་པའི་བདེན་པ་མངོན་སུམ་དུ་བྱ་བར་མི་ནུས་སོ། །ཞེས་འོད་གསལ་མངོན་སུམ་དུ་བྱེད་པ་ལ་སྔོན་དུ་སྒྱུ་ལུས་རྟོགས་པ་སྟེ་ཐོབ་དགོས་པར་བསྟན་པས། འོད་གསལ་མངོན་ 5-3-45a དུ་བྱེད་པ་ལ་སྒྱུ་ལུས་སྔོན་དུ་སྐྱེ་དགོས་པའི་ཕྱོགས་ནས་རྒྱུ་མཚན་བསྟན་དགོས་ཀྱི། སྒྱུ་མར་ཞེན་པ་སྤོང་བ་ལ་འོད་གསལ་དུ་འཇུག་དགོས་ཞེས་རྒྱུ་མཚན་སྟོན་པ་ག་ལ་ཡིན། སེམས་དབེན་དང་སྒྱུ་མ་དང་ འོད་གསལ་དང་ཟུང་འཇུག་གི་གོ་རིམ་གྱི་རྒྱུ་མཚན་ཡང་དེ་བཞིན་དུ་བསྟན་དགོས་ཀྱི་དེ་ལས་གཞན་སྟོན་པ་ལ་ནི་སྙིང་པོ་མ་མཐོང་ངོ༌།། ༈ །།ལམ་གྱི་རིམ་པ་རྣམས་ཀྱི་གྲངས་ངེས་ཚུལ་ནི། སྤྱོད་བསྡུས་ལས། ལམ་ལ་རིམ་ཅན་དུ་སློབ་ ཚུལ་སྔར་ལྟར་བཤད་ནས། ཟུང་འཇུག་ཐོབ་ཕྱིན་ཆད་གསར་དུ་ལམ་གྱི་རིམ་པ་ལ་བསླབ་ཏུ་མེད་པར་གསུངས་ཤིང༌། རིམ་ལྔ་ལས་ཀྱང༌། ཟུང་འཇུག་ཏིང་འཛིན་ལ་གནས་ནས། །སླར་ཞིང་གང་ལའང་མི་སློབ་བོ། །ཞེས་ གསུངས་པས་ལམ་གྱི་རིམ་པ་དེ་རྣམས་སུ་མི་འདུ་བ་མེད་པ་དང༌། དེ་རྣམས་ལ་སློབ་དགོས་པར་གསུངས་པས། དེར་མ་འདུས་པའི་ལམ་གཞན་མི་དགོས་པའི་ཕྱིར་གྲངས་མང་བ་སེལ་ལ། དེ་རྣམས་མེད་ན་མི་ནུས་པས་གྲངས་ ཉུང་བ་ཡང་སེལ་ལོ། །དེའི་ཕྱིར་གྲངས་ངེས་འདོད་དགོས་སོ། །དེ་ལྟ་ནའང་གྲངས་ངེས་པའི་རྒྱུ་མཚན་གསལ་བ་ནི་རྒྱུད་གཉིས་དང་ཡབ་སྲས་ཀྱིས་དངོས་སུ་མ་གསུངས་སོ། །འདི་ལ་ལཀྵྨིས་ནི། དབེན་པ་གསུམ་གྱིས་ལུས་ ངག་ཡིད་གསུམ་རྣམ་པར་དབེན་པ་སྟེ་དག་པར་བྱེད་ཅིང༌། འོད་གསལ་གྱིས་ཀུན་རྫོབ་དང་དོན་དམ་པའི་བདེན་པ་རྣམ་པར་དབེན་པ་སྟེ་དག་པར་བྱེད་ལ། ཟུང་འཇུག་གིས་བདེན་གཉིས་རོ་གཅིག་པའི་རྡོ་རྗེ་འཆང་འཐོབ་པས་དེ་ཕན་ཆད་ 5-3-45b དུ་བསླབ་པར་བྱ་བ་མེད་པས་རིམ་པ་དྲུག་མི་དགོས་སོ། །སྔར་བཤད་པ་འདི་ཙམ་གྱིས་འདོད་པའི་དོན་འགྲུབ་པས་རིམ་པ་བཞི་ཡང་མ་ཡིན་པས་རིམ་པ་ལྔར་གྲངས་ངེས་སོ་ཞེས་ཟེར་ཡང་ལེགས་པར་མི་སྣང་ངོ༌། །འོ་ན་གང་ལ་ལྟོས་ནས་གྲངས་ ངེས་སྒྲུབ་སྙམ་ན། བསྒྲུབ་བྱ་མཐར་ཐུག་ལ་ལྟོས་ནས་ཏེ། དེ་སྒྲུབ་པ་ལ་འདི་རྣམས་དགོས་ལ་འདིར་མི་འདུ་བ་མི་དགོས་པའི་ཕྱིར་རོ་ཞེས་པའི་ཚུལ་གྱིས་སོ། །དེ་ལ་ཡེ་ཤེས་ཆོས་ཀྱི་སྐུ་དང༌། དེའི་རྟེན་གཟུགས་སྐུ་ཐུན་མོང་མ་ཡིན་པ་ཚོགས་ པའི་ཟུང་འཇུག་གི་འབྲས་བུ་ནི་སྔར་བཤད་ཅིང་འོག་ནས་ཀྱང་འཆད་པར་འགྱུར་བ་ལྟར་རོ། །དེ་འདྲ་བའི་ཟུང་འཇུག་འགྲུབ་པ་ལ་ནི། སློབ་ལམ་དུ་བདེ་བ་ཆེན་པོའི་ཡེ་ཤེས་དེ་ཁོ་ན་ཉིད་ཀྱི་དོན་ལ་མངོན་སུམ་དུ་ཞུགས་པའི་དོན་དམ་འོད་ གསལ་དང༌། ཡེ་ཤེས་ཀྱི་བཞོན་པའི་རླུང་འོད་ཟེར་ལྔའི་རྒྱུ་ལས་བསྒྲུབས་པའི་ཡོངས་སུ་དག་པའི་ཀུན་རྫོབ་སྒྱུ་མའི་སྐུ་གཉིས་ཚོགས་པའི་སློབ་པའི་ཟུང་འཇུག་བསྐྱེད་དགོས་སོ། །བདེན་གཉིས་ཟུང་འཇུག་དེ་ལ་སྔོན་དུ་ཡ་གཉིས་སོ་སོར་ བསྒྲུབ་དགོས་ཏེ། སྤྱོད་བསྡུས་ལས། དོན་དམ་པའི་བདེན་པ་རྟོགས་པ་མེད་པར་ནི་ཟུང་དུ་འཇུག་པའི་རིམ་པ་མངོན་སུམ་དུ་བྱ་བར་མི་ནུས་སོ། །ཞེས་གསུངས་ཤིང༌། ཀུན་རྫོབ་སྒྱུ་ལུས་སྔོན་དུ་མ་ཐོབ་པར་ཡང་འོད་གསལ་མངོན་དུ་བྱ་མི་ནུས་ པར་གསུངས་པའི་ཕྱིར་རོ། །དེའི་ཕྱིར་འོད་གསལ་དུ་མངོན་སུམ་དུ་འཇུག་པའི་རྟེན་ལ་སྔོན་དུ་སྒྱུ་མའི་སྐུ་བསྐྱེད་དགོས་ཏེ། རིམ་པ་གསུམ་པའི་སྒྱུ་ལུས་དང༌། རིམ་པ་བཞི་པའི་འོད་གསལ་གཉིས་ཟུང་འཇུག་གི་དུས་ན་མེད་པས། ཟུང་འཇུག་ 5-3-46a གི་དུས་ཀྱི་ཡ་གཉིས་མིན་ཀྱང༌། སྤྱིར་ཀུན་རྫོབ་སྒྱུ་མ་དང༌། དོན་དམ་འོད་གསལ་གཉིས་སུ་ཟུང་འཇུག་གི་ཡར་འགྲོ་ཞིང༌། སྔ་མ་གཉིས་ཀྱང་དེ་གཉིས་ཡིན་པ་ལ་བསམས་ནས་དེ་ལྟར་བཤད་དོ། །དེ་འདྲ་བའི་སྒྱུ་མའི་སྐུ་གང་ ལས་སྒྲུབ་པའི་གཞིའི་རླུང་དང་སེམས་ནི། ས་ཆུ་ལ་ཐིམ་པ་སོགས་ཀྱི་སྒོ་ནས་རླུང་རིམ་གྱིས་སྙིང་ཁར་བསྡུས་ཏེ། རང་བཞིན་བརྒྱད་ཅུའི་རྟོག་པ་གཡོ་བའི་རླུང་ཐིམ་པ་སོགས་ཀྱི་ཐིམ་རིམ་ལས། སེམས་དབེན་གྱི་ཡེ་ཤེས་གསུམ་བསྐྱེད་ པའི་སེམས་དང༌། དེའི་བཞོན་པའི་རླུང་ཡིན་པས་སྒྱུ་ལུས་ཀྱི་སྔོན་དུ་སེམས་དབེན་འགྲོ་དགོས་སོ། །དེ་འདྲ་བའི་ཐབས་ཀྱིས་སྙིང་ཁར་སྡུད་རིམ་ཁྱད་པར་ཅན་བྱེད་པ་ལ་ནི་ཕྱི་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་དང་། སྦྱོར་བའི་སྲོག་རྩོལ་དང༌། ནང་ རླུང་དང་ཐིག་ལེ་སོགས་སྒོམ་པའི་སྲོག་རྩོལ་སྒོམ་པ་གཉིས་དགོས་པས། སེམས་དབེན་གྱི་སྔོན་དུ་ངག་དབེན་རྡོ་རྗེ་བཟླས་པའི་རིམ་པ་སྒྲུབ་དགོས་སོ། །ངག་དབེན་དང་རྡོ་རྗེ་བཟླས་པ་ཞེས་པ་ནི་སྲོག་རྩོལ་གྱི་ཕྱོགས་གཅིག་གི་མིང་གིས་བཏགས་ པ་སྟེ། རིམ་པ་འདིའི་སྤྱིའི་མིང་ནི། རྒྱུད་ཕྱི་མར་ཡན་ལག་དྲུག་གི་གསུམ་པ་སྲོག་རྩོལ་ཞེས་གསུངས་པའོ། །དེ་ལ་ནི་འོག་གི་སྣ་རྩེར་རྫས་ཀྱི་ཐིག་ལེ་དང༌། སྙིང་ཁའི་སྣ་རྩེར་མི་ཤིགས་པ་སྔགས་ཀྱི་ཐིག་ལེ་དང༌། གདོང་གི་སྣ་རྩེར་འོད་ཀྱི་ཐིག་ ལེ་སྒོམ་པའི་སྲོག་རྩོལ་གསུམ་ཡོད་དོ། །སྙིང་ཁར་རླུང་སྡུད་པའི་སྡུད་རིམ་ཁྱད་པར་ཅན་གྱི་སྲོག་རྩོལ་གྱི་ལམ་འགྲུབ་པ་ལ་སྔོན་དུ། ལུས་ཀྱི་གནད་གཞན་དུ་དམིགས་པ་གཏད་ནས་བསྒོམས་པས། སྤྱིར་དྷཱུ་ཏཱིར་རླུང་གཉིས་ཚུད་ནས་ཐིམ་པ་ 5-3-46b ལས་བྱུང་བའི་ལྷན་སྐྱེས་ཀྱི་བདེ་བ་དྲངས་ཏེ་སྒོམ་པ་དང༌། གང་ཤར་ཐམས་ཅད་དེའི་རྣལ་རོལ་དུ་ལྟ་བ་དང༌། དེ་ཡང་ལྷའི་རྣམ་པར་སྒོམ་པའི་ལུས་དབེན་སྒོམ་དགོས་སོ། །དེ་འདྲ་བའི་ལུས་ཀྱི་གནད་གཞན་ལ་རྩ་འཁོར་བྱེ་བྲག་པའི་ངེས་པ་མེད་ལ། འདིར་ནི་འོག་སྒོར་ཐེག་ལེ་བསྒོམས་ནས་སྡུད་དོ། །དེ་འདྲ་བའི་རྫོགས་རིམ་ཡོངས་སུ་རྫོགས་པ་རྒྱུད་ལ་སྐྱེ་བའི་དགེ་བའི་རྩ་བ་སྨིན་པ་ལ་ནི། སྐྱེ་ཤི་བར་དོ་གསུམ་སྐུ་གསུམ་དུ་འཁྱེར་བའི་སྒོ་ནས་རྒྱུད་སྦྱོར་བའི་རིམ་པ་དང་པོའི་རགས་པའི་རྣལ་ འབྱོར་དྲན་པ་གཅིག་པ་དང༌། ཕྲ་མོའི་དཀྱིལ་འཁོར་རྟོག་པའི་རྣལ་འབྱོར་ཐུན་བཞིར་སྒོམ་པ་སྔོན་དུ་འགྲོ་དགོས་སོ། །རིམ་གཉིས་སྒོམ་པའི་སྣོད་རུང་དུ་སྒྲུབ་པ་ལ་ནི། དབང་རྫོགས་པ་རྣམ་དག་ཅིག་ཐོབ་པ་དང༌། ཁས་བླངས་པའི་དམ་ཚིག་དང་ སྡོམ་པ་རྣམས་ལེགས་པར་བསྲུང་བ་དགོས་སོ། །དབང་དང་དམ་ཚིག་བསྲུང་བའི་སྣོད་ཀྱི་མཚན་ཉིད་ཚང་བ་ལ། བྱང་ཆུབ་ཀྱི་སེམས་གཉིས་ཡན་ལག་དང་བཅས་པ་ལ་སྦྱོང་བའི་ལམ་ཐུན་མོང་བའི་རིམ་པ་ལ་བསླབ་དགོས་སོ། །བོགས་འདོན་ པའི་སྤྱོད་པ་ནི་ཕྱིའི་སྲོག་རྩོལ་གྱིས་མཚོན་ནས་སྟོན་པས་དེ་ལྟ་བུ་ནི་ལམ་ཐམས་ཅད་ཀྱི་གྲངས་ངེས་དང༌། རིམ་པ་གཉིས་ཀྱི་གྲངས་ངེས་དང༌། རིམ་པ་གཉིས་པའི་རིམ་པ་རྣམས་ཀྱི་གྲངས་ངེས་ཡིན་ནོ། །དེས་ནི་གོ་རིམ་ངེས་པ་ཡང་ཤེས་ལ། གང་ཟག་གཅིག་འཚང་རྒྱ་བ་ལ་ཡང་དེ་དག་ཀུན་དགོས་པས། ལཀྵྨི་དང་སྐལ་ལྡན་གྲགས་པ་སོགས་ཀྱིས། གང་ཟག་གཅིག་གིས་ཀྱང་རིམ་པ་ལྔ་ག་བསྒོམ་དགོས་པས། རེ་རེ་གང་ཟག་རྒྱུད་ཐ་དད་པ་རེ་རེའི་དབང་དུ་བྱས་པ་མིན་ཞེས་འཆད་པ་ 5-3-47a ལེགས་ཀྱི། འགྲེལ་པ་ཟླ་འོད་ལས། གང་ཟག་རབ་ལ་རིམ་པ་ཐ་མ་གཉིས་འབྲིང་ལ་རིམ་པ་གསུམ་པ་དང་བཞི་པ་གཉིས། ཆུང་ངུ་ལ་བསྐྱེད་རིམ་དང་རྡོར་བཟླས་གཉིས། ཆུང་ངུའི་ཆུང་ངུ་ལ་དེ་གཉིས་དང་ངག་གི་ བཟླས་པ་གསུམ་བཤད་ནས། རབ་འབྲིང་ཐ་མ་གསུམ་ཡང་རྒྱུད་གཅིག་གི་བློ་རིམ་གྱིས་གོང་ནས་གོང་དུ་འཕོས་པའི་སྐབས་ལ་འཇོག་པ་གཞན་ལུགས་དང༌། རྒྱུད་ཐ་དད་ལ་བྱེད་པར་རང་ལུགས་སུ་མཛད་པ་ནི་འཕགས་པ་ཡབ་སྲས་ཀྱི་གོ་རིམ་སྟོན་ པའི་གཞུང་དང་འགལ་ཞིང༌། རྣལ་འབྱོར་རྫོགས་ཕྲེང་དང་ཡང་འགལ་བས་ལེགས་པ་མ་ཡིན་ནོ།། ༈ །།བསྐྱེད་རིམ་ཇི་ཙམ་ཞིག་བསྒོམ་དགོས་པ་ནི། རྩ་རྒྱུད་ཀྱི་ལེའུ་བཅུ་གཉིས་པར་བསྐྱེད་རིམ་བསྙེན་བསྒྲུབ་ཡན་ལག་བཞིར་བཤད་པའི་དོན་ཡེ་ ཤེས་ཀྱི་ས་སྒོམ་པ་ནས་ལས་རྒྱལ་མཆོག་གི་མཐར་ཐུག་པའི་བར་ལ་སྒྲོན་གསལ་གྱིས་བཤད་དོ། །ཡང་ལེའུ་དེ་ཉིད་ལས། ཡང་ན་རྡོ་རྗེ་བཞི་དག་གིས། །བརྟུལ་ཞུགས་བརྟན་པས་བསྙེན་པ་བྱ། །ཞེས་པས་བསྟན་པའི་བསྐྱེད་རིམ་ དེ་བསྐྱེད་རིམ་མདོར་བསྡུས་སུ་སྒྲོན་གསལ་ལས་གསུངས་ཤིང༌། དེ་ནི་རྒྱུད་ཕྱི་མ་ལས། དང་པོ་སྟོང་ཉིད་བྱང་ཆུབ་སྟེ། །གཉིས་པ་ས་བོན་བསྡུས་པའོ། །གསུམ་པ་གཟུགས་ཉིད་རྫོགས་པ་སྟེ། བཞི་པ་ཡི་གེ་འགོད་པའོ། །ཞེས་གསུངས་ པའི་དོན་དུ་བཤད་དོ། །འདིའི་དོན་ནཱ་རོ་པས་ཡེ་ཤེས་ཀྱི་ས་བསྒོམ་པ་ནས་དཀྱིལ་འཁོར་རྒྱལ་མཆོག་གི་བར་ལ་བཤད་པ་ནི། རྡོ་རྗེ་བཞིས་སྐྱེད་རྒྱས་པ་ལ་དགོངས་ལ། མདོར་བསྡུས་པར་གསུངས་པ་ནི་ཡེ་ཤེས་ཀྱི་ས་ནས་རྡོ་རྗེ་དང་པད་ 5-3-47b མའི་ཡི་གེ་དགོད་པའི་བར་རོ། །དེ་ཡང་དངོས་སུ་གསུངས་པ་ཙམ་ཡིན་པས་དེའི་རྗེས་སུ་ཕྲ་མོ་དང་བཟླས་པ་སོགས་ཀྱང་སྦྱར་དགོས་སོ། །ལེའུ་བཅུ་གཅིག་པའི་སྒྲོན་གསལ་ལས་ཡེ་ཤེས་ཀྱི་ས་སྒོམ་པ་ནས་སེམས་དཔའ་སུམ་རྩེགས་ཀྱི་བར་གྱི་ རིགས་དྲུག་གི་དྲན་པ་གཅིག་པ་བཤད་ནས། དེ་ལ་ཐུན་བཞིར་བསླབས་ན་རྒྱུད་སྨིན་པར་གསུངས་པ་ཡང་སྒྲུབ་ཐབས་མདོར་བསྡུས་འདི་དང་དོན་གཅིག་གོ། སྒྲུབ་ཐབས་ལ་རྒྱས་བསྡུས་གཉིས་སུ་བྱེད་པ་འདི་མ་གཏོགས་པ་འཕགས་པ་ཡབ་སྲས་ཀྱི་ གཞུང་ནས་མ་བཤད་དོ། །མི་བསྐྱོད་པ་ལ་སོགས་པའི་ལྷ་གཞན་མངོན་བྱང་ལྔས་བསྐྱེད་པ་ལ་ཡང༌། སྐྱེ་ཤི་བར་དོ་གསུམ་སྐུ་གསུམ་དུ་འཁྱེར་བའི་ལམ་འཁྱེར་ཡོད་མོད་ཀྱང༌། མངོན་བྱང་ལྔས་དང་པོའི་མགོན་པོ་སྐྱེད་པའི་སྐོར་ལ། སྦྱང་གཞི་ དང་འབྲས་བུ་དང་རྗེས་སུ་མཐུན་པའི་གནད་རྫོགས་པ་འདྲ་བ་གཞན་ལ་མེད་པས། རིགས་དྲུག་པ་རྡོ་རྗེ་འཆང་གི་སྒོ་ནས་དང་པོ་སྦྱོར་བ་བྱེད་པ་མཆོག་ཏུ་གཟིགས་ནས། མདོར་བྱས་དང༌། མདོ་བསྲེ་དང༌། རྣམ་གཞག་རིམ་པ་དང༌། རྡོ་རྗེ་སེམས་ དཔའི་སྒྲུབ་ཐབས་བཞི་ལས། དང་པོ་སྦྱོར་བའི་སྐབས་སུ་མེ་ཏོག་གང་ཕོག་གི་རིགས་ཀྱི་དབང་དུ་མ་བྱས་པར་རྡོ་རྗེ་འཆང་གི་དང་པོ་སྦྱོར་བ་ཉིད་ཀྱི་སྒོ་ནས་མཛད་པས། འདི་ནི་རིམ་པ་དང་པོ་ལ་ཐུན་བཞིའི་རྣལ་འབྱོར་བྱེད་པའི་མཆོག་ཏུ་ཤེས་པར་ བྱའོ། །དེས་ན་མར་ལུགས་པ་ཁ་ཅིག །དཀྱིལ་འཁོར་གྱི་འཁོར་ལོ་སྒོམ་པ་ལས་ཚོགས་སྒྲུབ་པ་ལ་དགོས། རྫོགས་རིམ་གྱི་སྔོན་འགྲོ་ལ་སྟོང་པའི་ངང་ནས་ལྷ་ཡབ་ཡུམ་དཀྲོངས་སྐྱེད་ཙམ་ཞིག་བྱེད་པའི་ཡེ་ཤེས་ཀྱི་སྐུ་སྒོམ་པས་ཆོག་ 5-3-48a ཟེར་བ་དང༌། བསྐྱེད་པའི་རིམ་ལ་ལེགས་གནས་ཤིང༌། ཞེས་པས་ཀྱང་དེ་ཙམ་ཞིག་བསྟན་པ་ཡིན་ཞེས་པ་ནི། འཕགས་སྐོར་གྱི་གཞུང་རྣམ་དག་གང་དང་ཡང་མི་མཐུན་ལ། རྫོགས་རིམ་སྒོམ་པའི་སྔོན་འགྲོར་ཡེ་ ཤེས་ཀྱི་སྐུ་སྐྱེད་ཅེས་པ་ནི་བསྐྱེད་རིམ་ནས་བརྩམས་ཏེ་སེམས་དབེན་གྱི་བར་ལ་ལྷའི་སྐུ་མེད་པས་སྒྱུ་ལུས་ནས་ཡེ་ཤེས་ཀྱི་སྐུ་སྐྱེད་པར་སྤྱོད་བསྡུས་ལས་གསུངས་པ་དང་མི་མཐུན་ཞིང༌། ཁྱད་པར་དུ་བསྐྱེད་རིམ་ལ་སྔགས་ཀྱི་སྐུ་དང་ཡེ་ཤེས་ཀྱི་སྐུ་གཉིས་ སུ་འབྱེད་པ་ནི་ལུགས་འདི་ལ་གནས་མ་ཡིན་པའི་དོགས་པའོ། །མདོར་ན་བསྐྱེད་རིམ་ཅི་ཙམ་ཞིག་བསྒོམས་པས་རྫོགས་རིམ་གྱི་རྟོགས་པ་རྫོགས་པར་སྐྱེ་བའི་རྒྱུད་སྨིན་བྱེད་དུ་འགྲོ་ཚུལ་ཤེས་ནས། བསྐྱེད་རིམ་མ་མཐའ་ཡན་ཆད་ཅིག་སྒོམ་པ་གལ་ཆེ་ ལ། ལེའུ་བཅུ་གསུམ་པ་རྩ་འགྲེལ་ལས་ལས་དང་པོ་པའི་སེམས་གཡེང་བ་བསྲུང་བ་ལ་བསྲུང་འཁོར་ཐུན་བཞིར་བསྒོམ་དགོས་པར་ཡང་གསུངས་སོ།། ༈ །།བསྐྱེད་རིམ་ལ་རིམ་པ་ཇི་ལྟར་སློབ་ཚུལ་ནི། བསྐྱེད་རིམ་ལ་སློབ་པའི་རིམ་པ་ནི། སྤྱོད་བསྡུས་ ལས། སངས་རྒྱས་ཀྱི་ཐེག་པའི་བསམ་པ་ལ་ལོབས་པའི་ཚེ། དྲན་པ་གཅིག་པའི་ཏིང་ངེ་འཛིན་ལ་སློབ། དེ་ལ་ལོབས་ནས་རྟོག་པའི་རྣལ་འབྱོར་ལ་སློབ་བོ། །དེ་ལ་ལོབས་པའི་ཚེ་ལས་དང་པོ་པའི་ཏིང་ངེ་འཛིན་ལ་གནས་པར་གསུངས་པ་འདི་ ཡིན་ནོ། །འདི་ལ་སྤྱོད་བསྡུས་ཀྱི་འགྲེལ་པར། བསྐྱེད་རིམ་ལ་སྐད་ཅིག་མ་གཅིག་གིས་སློབ་པ་དྲན་པ་གཅིག་པ་དང༌། སྐད་ཅིག་མ་མང་པོས་སློབ་པ་རྟོག་པའི་རྣལ་འབྱོར་དུ་བྱེད་པ་ནི་མི་རིགས་ཏེ། སྒྲོན་གསལ་ལས། རྣམ་སྣང་ལ་སོགས་པ་ 5-3-48b མངོན་བྱང་ལྔ་ལས་སྐྱེད་པ་དྲན་པ་གཅིག་པར་བཤད་པའི་ཕྱིར་རོ། །ཡང་ཁ་ཅིག་ལེའུ་བཅུ་གཅིག་པའི་སྒྲོན་གསལ་ལས། རྣམ་སྣང་ལ་སོགས་པ་རེ་རེ་སྐྱེད་པ་དྲན་པ་གཅིག་པར་བཤད་པ་ལ་བརྟེན་ནས། ཐོག་མར་ལྷ་གཅིག་ལ་སློབ་པ་དྲན་ པ་གཅིག་པ་དང༌། དེ་ལ་ལོབས་ནས་སྒྲུབ་ཐབས་ཚང་བ་ལ་སློབ་པ་རྟོག་པའི་རྣམ་འབྱོར་ལ་སློབ་པ་ལ་བྱེད་པ་ཡང་མི་འཐད་དེ། རྣམ་སྣང་ལ་སོགས་པ་དྲན་པ་གཅིག་པར་བཤད་པ་དེ་ལ་ཡང་ལྷག་མོས་ཀྱི་དཀྱིལ་འཁོར་སྒོམ་པར་གསུངས་པའི་ ཕྱིར་རོ། །དེས་ན་དྲན་པ་གཅིག་ཅེས་པ་ལྷ་དྲན་ཐེངས་གཅིག་གམ། ལྷ་གཅིག་ཙམ་དྲན་པ་ལ་མི་ཟེར་གྱི་གཅིག་ཏུ་ལྷ་དྲན་པ་འམ། རང་དང་ལྷ་གཅིག་ཏུ་དྲན་པ་ཡིན་ལ། དེ་ནི་སྤྱིར་ལྷ་ཕྲ་རགས་གཉིས་ཀ་སྒོམ་པ་ལ་འཇུག་ཀྱང༌། འདིར་ནི་རྟེན་དང་ བརྟེན་པ་རགས་པའི་ལྷའི་རྣལ་འབྱོར་ཡིན་ནོ། །དེ་ཡང་སྤྱོད་བསྡུས་ལས་གསུངས་པ་ལྟར། འཕོང་སློབ་པས་ཐོག་མར་འབེན་ཆེན་པོ་ལ་སློབ་ལ། དེ་ལ་བྱང་ནས་ཆུང་བ་ལ་སློབ་པ་དང་འདྲ་བར་ལམ་འདི་ལ་ཡང་བསླབ་པར་གསུངས་པས། བསྐྱེད་རིམ་ལ་སློབ་པ་ན་ཐོག་མར་རགས་པ་གསལ་བར་སྣང་བའི་ཏིང་ངེ་འཛིན་སྐྱེད་པ་ཡིན་ཏེ། དཀྱིལ་འཁོར་རྒྱལ་མཆོག་ཡན་ཆད་དོ། །དེ་ལ་ལོབས་པ་ན་ཐིག་ལེ་ཕྲ་མོའི་ནང་དུ་དཀྱིལ་འཁོར་སྒོམ་པ་ལ་སོགས་པའི་རྟོག་པའི་རྣལ་ འབྱོར་ལ་སློབ་བོ། །རྟོག་པའམ་བརྟགས་པའི་རྣལ་འབྱོར་ནི་བསྐྱེད་རིམ་གྱི་སྤྱི་མིང་ཡིན་ཀྱང༌། འདིར་སྤྱི་མིང་ཕྲ་མོའི་རྣལ་འབྱོར་ལ་ཞུགས་པ་སྟེ། ལེའུ་དྲུག་པའི་སྒྲོན་གསལ་དུ་ཕྲ་མོའི་རྣལ་འབྱོར་སྒོམ་པ་ལ་རྟོག་པའི་རྣལ་འབྱོར་ 5-3-49a ལ་སློབ་པར་གསུངས་པ་བཞིན་ནོ། །ལས་དང་པོ་པའི་ཏིང་ངེ་འཛིན་ནི་རིམ་པ་དང་པོའི་རྣལ་འབྱོར་ཡིན་ལ། དེ་ལ་གནས་པ་ནི་དེ་བརྟན་པའམ་མཐར་ཕྱིན་པའོ། །བསྐྱེད་རིམ་ལ་ནི་རྫོགས་རིམ་གྱི་རྟོགས་པ་རྣམས་ སྐྱེ་བ་དང་རྗེས་སུ་མཐུན་པའི་རྟེན་འབྲེལ་ཟབ་མོ་རེ་རེ་ཡོད་ཅིང༌། རྒྱལ་བ་སྲས་བཅས་ཀྱིས་རྒྱུད་བྱིན་གྱིས་རློབ་ཅིང་ཚེ་རབས་ཀུན་ཏུ་ལྷག་པའི་ལྷས་རྗེས་སུ་འཛིན་པ་དང༌། སངས་རྒྱས་རྗེས་སུ་དྲན་པ་དང་མི་འབྲལ་ཞིང་མཆོད་བསྟོད་ལ་སོགས་ པས་ཚོགས་བདེ་བླག་ཏུ་རྫོགས་པར་བྱེད་པ་དང༌། བགེགས་ཀྱི་གནོད་པས་མི་ཚུགས་ཤིང་ཞི་བ་ལ་སོགས་པའི་དངོས་གྲུབ་མང་པོ་ཚེ་འདི་ཉིད་ལ་སྒྲུབ་ནུས་པ་སོགས་ཀྱི་ཡོན་ཏན་གྱི་ཚོགས་ཆེན་པོ་ཡོད་པས། རྟེན་དང་བརྟེན་པའི་དཀྱིལ་ འཁོར་ཕྲ་རགས་གང་གསལ་བཏབ་ཀྱང༌། འདོད་པ་བཞིན་འཆར་ཞིང་མི་འདོད་པ་མི་འཆར་བ་དང༌། དེ་ལ་སེམས་རྩེ་གཅིག་ཏུ་ཡུན་རིང་དུ་གནས་པ་བྱུང་བྱུང་གི་བར་དུ་སློབ་པ་ཤིན་ཏུ་གལ་ཆེའོ། །སྦྱང་གཞི་དང་སྦྱོར་ཚུལ་རྒྱས་པར་ནི་རྣམ་གཞག་ གི་རྣམ་བཤད་བཤད་ཟིན་ཏོ། །བསྐྱེད་རིམ་ཕྲ་རགས་ལ་མྱོང་བ་འདོན་ལུགས་བསྡུས་པ་ནི་སྒྲུབ་ཐབས་སུ་བཤད་ཟིན་ལ། རྒྱས་པར་ནི་རྡོ་རྗེ་འཆང་གི་ལམ་གྱི་རིམ་པར་བཤད་ཟིན་ནོ།། ༈ །།སེམས་དམིགས་ཀྱི་སྐབས་སུ། སེམས་དམིགས་ ཀྱི་རིམ་པར་བསྡུས་པའི་ལུས་དབེན་དང་ངག་དབེན་ནི་འོག་ཏུ་སྟོན་ནོ། །སྣང་བ་བཤད་པ་ལ་སྣང་བ་གསུམ་གྱི་མིང་གི་རྣམ་གྲངས་ནི། སྤྱོད་བསྡུས་ལས། མིང་གི་རྣམ་གྲངས་གཉིས་གསུངས་པའི་དང་པོ་ཕར་ཕྱིན་གྱི་ཐེག་ཆེན་དང་ཐུན་མོང་ 5-3-49b བའི་མིང་གི་རྣམ་གྲངས་ནི། སྟོན་པས་ཐབས་དང་ཤེས་རབ་ཅེས་གསལ་བར་བསྟན་པའི་ཤུགས་ཀྱིས་མ་ནིང་གི་བརྡ་མི་གསལ་བ་ཡང་འཕངས་ཏེ་དེ་གསུམ་དང༌། སེམས་དང་ཡིད་དང་རྣམ་པར་ཤེས་པ་གསུམ་དང༌། ཀུན་བརྟགས་དང་གཞན་ དབང་དང་ཡོངས་གྲུབ་གསུམ་དང༌། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གསུམ་དང༌། ངོ་བོ་ཉིད་གསུམ་ཞེས་བྱ་བ་ལ་སོགས་པའི་རྣམ་གྲངས་སོ། །དེ་ལ་ཐབས་ནི་མཆེད་པ་དང༌། ཤེས་རབ་ནི་སྣང་བ་དང༌། མ་ནིང་དེ་གཉིས་འདུས་ པ་ནི་ཉེར་ཐོབ་ཡིན་ཏེ། སྣང་བ་ནི་བདེ་སྟོང་གཉིས་ཀྱི་ནང་ནས་སྟོང་པའི་བློ་ཤས་ཆེ་ལ། མཆེད་པ་ནི་དེ་ལས་བཟློག་ཅིང༌། ཉེར་ཐོབ་ནི་དེ་གཉིས་ཆ་མཉམ་པས་དེ་སྐད་ཅེས་བྱའི་ཐབས་ཤེས་དང་དེ་གཉིས་འདུས་པ་གང་ཡིན་ཐམས་ཅད་དེ་ གསུམ་དུ་སྟོན་པ་མིན་ནོ། །དེ་ཡང་ལམ་གྱི་སྣང་བ་གསུམ་གྱི་དབང་དུ་བྱས་ལ། དེ་དང་ཆ་འདྲ་བའི་སྒོ་ནས་གཞིའི་སྣང་བ་གསུམ་ལ་ཡང་ཐ་སྙད་དེ་ལྟར་བྱའོ། །སྣང་བ་ལ་སེམས་དང༌། མཆེད་པ་ལ་ཡིད་དང༌། ཉེར་ཐོབ་ལ་རྣམ་པར་ ཤེས་པ་ཞེས་པ་ཡང༌། སེམས་ཡིད་རྣམ་ཤེས་གསུམ་གང་ཡིན་དེ་གསུམ་དུ་སྟོན་པའང་མིན་ལ། སྣང་བ་གསུམ་འགལ་བ་བཞིན་དུ་སེམས་ཡིད་རྣམ་ཤེས་གསུམ་འགལ་བར་བཞེད་པ་ཡང་མིན་ནོ། །གཞུང་གཞན་དུ་སེམས་ ཀུན་གཞི་དང༌། ཡིད་ཉོན་ཡིད་དང༌། རྣམ་ཤེས་འཇུག་ཤེས་དྲུག་ཏུ་བཤད་པ་ལ་བརྟེན་ནས། སྣང་བ་འཇུག་ཤེས་དང༌། མཆེད་པ་ཉོན་ཡིད་དང༌། ཉེར་ཐོབ་ཀུན་གཞིར་འཆད་པ་ཡང་སྣང་མོད་ཀྱང་འཐད་པར་མ་མཐོང་སྟེ། མཆེད་ 5-3-50a ཐོབ་གཉིས་ཀུན་གཞི་དང་ཉོན་ཡིད་ཡིན་པར་འདོད་ན་ནི། ཚོགས་དྲུག་ལས་ངོ་བོ་ཐ་དད་པའི་ཀུན་གཞི་དང་ཉོན་ཡིད་གཉིས་སོ་སྐྱེས་མངོན་གྱུར་དུ་ངེས་མི་ནུས་པ་བཞིན་དུ། དེ་གཉིས་ཀྱང་དེ་ལྟར་ཐལ་བ་དང༌། སྣང་བའི་དམིགས་རྣམ་བཤད་ པ་དང་དེ་གཉིས་ཀྱི་དམིགས་རྣམ་ཤིན་ཏུ་མི་མཐུན་པ་དང༌། སྣང་བ་རྣམས་ཕྱི་ནང་གི་སྲོག་རྩོལ་གྱི་ལམ་གྱིས་གསར་དུ་སྐྱེད་པར་བཤད་པར་མང་དུ་བཤད་པ་རྣམས་དང་འགལ་བར་འགྱུར་ལ། ཀུན་གཞི་སོགས་ཀྱི་མིང་འཇུག་པའི་རྒྱུ་མཚན་རེ་ཡོད་པ་ ལ་འདོད་ན་ནི། དེ་ཡང་མ་བཤད་པས་མི་འཐད་དོ། །འོ་ན་ཇི་ལྟར་ཡིན་སྙམ་ན། གསུང་རབ་ལས་སེམས་ཡིད་རྣམ་ཤེས་གསུམ་སྤྱིར་ཀུན་བྱང་གི་ཆོས་ཀུན་གྱི་རྩ་བར་གསུངས་པ་ལ། འདིར་ཀུན་བྱང་གི་ཆོས་ཀུན་གྱི་རྩ་བར་འགྱུར་བའི་སེམས་ཡིད་རྣམ་ ཤེས་གསུམ་ཁྱད་པར་བ་ཞིག་བསྟན་པར་བཞེད་ནས་སྣང་བ་གསུམ་ལ་དེ་གསུམ་གྱི་ཐ་སྙད་མཛད་པ་ཡིན་ཏེ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་སྤྱོད་བསྡུས་སུ་དྲངས་པ་ལས། རྣམ་པར་ཤེས་པ་ནི་འོད་གསལ་བ་ལས་བྱུང་བའོ། །དེ་ཉིད་ ནི་སེམས་དང་ཡིད་ཅེས་བྱ་སྟེ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་བདག་ཉིད་ཅན་གྱི་ཆོས་ཐམས་ཅད་ནི་དེའི་རྩ་བ་ཅན་ཡིན་ནོ་ཞེས་དང༌། རྡོ་རྗེ་ཕྲེང་བ་ལས་ཀྱང༌། སྣང་བ་གསུམ་གྱི་མཚན་ཉིད་ཅན། །གང་འདིར་རྣམ་ཤེས་གསུམ་ ཐོས་པ། །སེམས་ཅན་ཁམས་ནི་མ་ལུས་པའི། །རང་བཞིན་རྩ་བ་འདི་ཡིན་ནོ། །ཞེས་སོ། །སྣང་བ་གསུམ་ག་ལ་རྣམ་ཤེས་ཞེས་གསུངས་པ་ནི། སེམས་དང་ཡིད་ལའང་འདྲ་བས་སྣང་བ་གསུམ་རེ་རེ་ལའང་དེ་གསུམ་ཀའི་ཐ་སྙད་འཐོབ་ལ། དེ་ 5-3-50b གསུམ་དང་སྣང་བ་གསུམ་སོ་སོར་སྦྱར་བ་ནི་ཡིད་ཀྱི་ཤེས་པའི་རིགས་འདྲ་སྔ་ཕྱིར་འབྱུང་བ་གསུམ་ལ་བཞག་གོ། སྒྲའི་དོན་ནི་བསགས་པས་ན་སེམས་དང༌། རྟེན་དུ་གྱུར་པས་ན་ཡིད་དང་བརྟེན་པར་གྱུར་པས་ན་རྣམ་ཤེས་ཞེས་གསུངས་པ་ལྟར་ཡིན་ལ། དེ་ ནི་སྣང་བ་གསུམ་པོའི་སེམས་རེ་རེ་ལའང་ཚང་ཞིང་ཤས་ཆེ་ཆུང་ཡང་མེད་པས། ངེས་ཚིག་དེའི་སྒོ་ནས་སོ་སོར་བྱ་བར་མི་ནུས་སོ། །རིམ་ལྔ་ལས། སྣང་བ་གཞན་དབང་དང༌། མཆེད་པ་ཀུན་བརྟགས་དང༌། ཉེར་ཐོབ་ལ་ཡོངས་སུ་གྲུབ་ཏུ་ གསུངས་ལ། དེ་ལྟར་བཤད་པ་ནི་གཟུང་འཛིན་གཉིས་རྒྱངས་ཆད་དུ་སྣང་བའི་སྣང་གཞི་ནི་གཞན་དབང་དང༌། དེ་ལྟར་སྣང་བ་ལ་བརྟེན་ནས་གཟུང་འཛིན་རྫས་ཐ་དད་པར་སྒྲོ་བཏགས་པ་ཀུན་བརྟགས་དང༌། འགྱུར་བ་མེད་པའི་ཡོངས་གྲུབ་ མངོན་དུ་བྱས་པའི་ངོར། ཀུན་བརྟགས་དང་གཉིས་སྣང་གཉིས་ཀས་དབེན་པ་བཞིན་དུ་སྟོང་པ་རྣམས་ཀྱི་ཐོག་མའི་གཞི་སྣང་བ་དང༌། དེ་ལ་བརྟེན་ནས་མཆེད་པ་འབྱུང་བ་དང༌། ཉེར་ཐོབ་ཀྱི་ཚེ་སྔ་མ་གཉིས་ཀ་ལོག་ནས་ཐབས་ཤེས་མཉམ་ པར་འཇུག་པའི་ཆོས་མཐུན་ལ་བརྟེན་ནས་ཡིན་ནམ་སྙམ་སྟེ། དཔྱད་པར་བྱའོ། །སྣང་བ་ལ་ཞེ་སྡང་དང༌། མཆེད་པ་ལ་འདོད་ཆགས་དང༌། ཉེར་ཐོབ་ལ་གཏི་མུག་གི་མིང་གིས་གསུངས་པ་ནི་བདེ་བ་ཆུང་བ་དང༌། ཆེ་བ་དང༌། བར་མར་ འཇུག་པའི་སྒོ་ནས་ཡིན་ཏེ། ལམ་དང་གཞིའི་དུས་ནི་སྔར་བཞིན་ནོ། །ངོ་བོ་ཉིད་གསུམ་གྱི་མིང་ནི་མཚན་ཉིད་གསུམ་སྔར་བཤད་ཟིན་པས་དེ་མིན་ནོ། །དེས་ན་སྟོང་ཕྱོགས་དང་སྣང་ཕྱོགས་དང༌། གཉིས་ཀ་མཉམ་པའི་ངོ་བོ་ཉིད་ཅེས་སྦྱར་ལ་ 5-3-51a སྔར་བཞིན་དུ་བྱའོ། །ཕར་ཕྱིན་གྱི་ཐེག་པ་ནས་སྣང་བ་གསུམ་ལ་མིང་དེ་ལྟར་བཏགས་པ་མེད་པས། གདགས་བྱའི་མིང་ཐུན་མོང་བ་ཡིན་གྱི་མིང་གིས་སྣང་བ་གསུམ་ལ་བཏགས་པ་ཐུན་མོང་བ་མིན་ནོ།། ༈ །།རྡོ་རྗེ་ཐེག་པ་ཉིད་ལ་གྲགས་ པའི་ཐུན་མོང་མ་ཡིན་པའི་མིང་གི་རྣམ་གྲངས་ནི། སྣང་བ་དང་སྣང་བ་མཆེད་པ་དང་སྣང་བ་ཐོབ་པ་དང༌། སྟོང་པ་དང་ཤིན་ཏུ་སྟོང་པ་དང་སྟོང་པ་ཆེན་པོ་དང༌། སེམས་དང་སེམས་ལས་བྱུང་བ་དང་མ་རིག་པ་དང༌། འདོད་ཆགས་དང་བྲལ་བ་དང་འདོད་ཆགས་ དང་འདོད་ཆགས་བར་མ་ཞེས་གསུངས་ཤིང༌། ཨཾ་ཞེས་པ་ངག་གི་སྒོ་ལ་བརྟེན་པའི་ས་བོན་བརྟན་པར་བྱེད་པའི་རྒྱུ་སྟེ། མོས་པ་ཆུང་བའི་སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པ་རྟོགས་པར་མི་འགྱུར་བས། དེ་ཟླ་བའི་ དཀྱིལ་འཁོར་གྱི་གཟུགས་སོ་ཞེས་དམིགས་པར་བྱེད་ཅིང༌། པད་མ་འམ་བུད་མེད་ཀྱི་གཟུགས་སམ། གཡོན་པའི་མིང་ངམ་མཚན་མོའི་མིང་དང༌། འཇམ་པོའི་དངོས་པོར་སེམས་ཀྱི་ཀུན་རྫོབ་ཀྱི་གཟུགས་གསལ་བའོ། །ཞེས་དང༌། ཨཱཿ ཞེས་ པ་ངག་གི་སྒོ་ལ་བརྟེན་པའི་ས་བོན་བརྟན་པར་བྱེད་པའི་རྒྱུ་སྟེ། མོས་པ་ཆུང་བའི་སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པ་རྟོགས་པར་མི་འགྱུར་བས། ཉི་མའི་དཀྱིལ་འཁོར་ལ་བརྟེན་ནས་དམིགས་པར་བྱེད་ ཅིང༌། རྡོ་རྗེ་རྩེ་ལྔ་པའམ། རིན་པོ་ཆེའམ། ཉིན་མོའམ། སྐྱེས་པའི་གཟུགས་སམ། གཡས་པ་ཞེས་བྱ་བའམ། རྩུབ་པའི་རྣམ་པ་ནི་སེམས་ལས་བྱུང་བའི་ཀུན་རྫོབ་ཀྱི་གཟུགས་སོ། །ཞེས་དང༌། ངག་གི་ས་བོན་ལ་བརྟེན་པའི་སྒོ་ཡོངས་སུ་གྲུབ་ 5-3-51b པ་ཞེས་བྱ་བ་འདི་ནི་སྣང་བ་ཐོབ་པ་ཞེས་གསུངས་ལ། ཆག་འགྱུར་ལས། ངག་གི་ས་བོན་ཨཱཿ ལ་བརྟེན་པའི་ཞེས་འབྱུང་ངོ༌། །དེ་ལ་སྣང་བ་གསུམ་ཐིམ་པ་རིམ་པ་བཞིན་དུ་སྟོང་པ་གསུམ་ཡིན་ཞེས་པ་དང༌། སྟོང་པ་གསུམ་སྣང་བ་གསུམ་གྱི་ཆོས་ཉིད་ ལ་བྱས་ནས་སྣང་བ་གསུམ་ལ་མི་བྱེད་པ་ཡང་མི་འཐད་དེ། སྤྱོད་བསྡུས་ལས་སྣང་བ་གསུམ་ཉིད་སྟོང་པ་གསུམ་དུ་གསུངས་པའི་ཕྱིར་དང༌། དེ་ཉིད་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལས་ཀྱང་གསལ་བའི་ཕྱིར་རོ། །དེས་ན་སྣང་བ་གསུམ་ནི་ཀུན་རྟོག་ གཡོ་བའི་རླུང་ཐིམ་ནས་ཟླ་འོད་ལྟ་བུར་སྣང་བའི་སྒོ་ནས་སྣང་བ་ཞེས་བྱ་ལ། དེ་ཉིད་ཀུན་རྟོག་བརྒྱད་ཅུ་རླུང་དང་བཅས་པས་སྟོང་པས་སྟོང་པ་དང༌། ཉི་འོད་བཞིན་དུ་ཆེས་གསལ་བའི་སྒོ་ནས་སྣང་བ་མཆེད་པ་དང༌། སྣང་བ་རླུང་དང་བཅས་པས་སྟོང་ པས་ཤིན་ཏུ་སྟོང་པ་དང༌། ཐུན་མཚམས་ཀྱི་སྨག་བཞིན་དུ། ཤིན་ཏུ་མི་གསལ་བར་སྣང་ཞིང་འོད་གསལ་དང་ཉེ་བས་སྣང་བ་ཉེར་ཐོབ་དང༌། མཆེད་པ་རླུང་དང་བཅས་པས་སྟོང་པས་སྟོང་པ་ཆེན་པོ་དང་མི་གསལ་བས་མ་རིག་པ་ཞེས་ཀྱང་བཏགས་ ཏེ། ཉེར་ཐོབ་ཀྱི་ཕྱོགས་གཅིག་གི་མིང་ངོ༌། །ངག་གི་སྒོ་ནི་ངག་འབྱུང་བའི་ལམ་སྟེ་དེ་ལ་བརྟེན་ནས་སྐྱེས་པའི་ས་བོན་ནི་ཡི་གེ་གསུམ་མོ། །བརྟན་པར་བྱེད་པའི་རྒྱུ་ནི་དེ་གསུམ་གྱི་ཐ་སྙད་ཀྱིས་ཡེ་ཤེས་གསུམ་ངེས་པར་བྱེད་པའོ། །རིམ་ལྔ་ལས་ ཀྱང༌། གཡོན་པའི་མིང་ཡང་དེ་ཉིད་དེ། །ཟླ་བའི་དཀྱིལ་འཁོར་པདྨ་ཅན། །བརྟན་པར་བྱ་བའི་རྒྱུར་གྱུར་པ། །དང་པོའི་ཡི་གེ་ཐིག་ལེར་བཅས། །ཞེས་དང༌། དེ་བཞིན་དུ་ནི་རྡོ་རྗེའི་མིང༌། །ཐིག་ལེ་གཉིས་ཀྱིས་བརྒྱན་པ་ཡི། །ཆ་རུ་དེ་ཉིད་ཤེས་ 5-3-52a པར་བྱ། །ཞེས་གསུངས་པས་སྣང་བ་རྣམས་ཡི་གེ་དེ་དག་གི་མིང་གི་བརྡས་མཚོན་པའི་དོན་ནོ། །མོས་པ་ཆུང་བས་ཟླ་ཉི་ལ་བརྟེན་ནས་དམིགས་པར་བྱེད་པ་ནི། སེམས་དབེན་ཐོབ་པའི་རྫོགས་རིམ་པས་ཡེ་ཤེས་གསུམ་ ལས་སྒྱུ་མའི་སྐུ་སྐྱེད་པ་ལྟར་བྱེད་མི་ནུས་པས་སྐྱེད་རིམ་པས། སྣང་བའི་དོད་ཟླ་བ་དང༌། མཆེད་པའི་དོད་རྡོ་རྗེ་སོགས་ཕྱག་མཚན་དང༌། སྣང་མཆེད་ཀྱི་སེམས་སེམས་བྱུང་གཉིས་མཉམ་པར་སྦྱོར་བའི་ཉེར་ཐོབ་ཀྱི་དོད། ཟླ་བ་དང་རྡོ་རྗེ་སོགས་མཉམ་ པར་སྦྱར་བ་ལས་ལྷའི་སྐུ་སྐྱེད་པའི་དོན་ཡིན་ཏེ། རིམ་ལྔ་ལས། ཤེས་རབ་ངོ་བོ་འདི་ཉིད་ནི། །ཟླ་བའི་དཀྱིལ་འཁོར་དག་ཏུ་བཏགས། །སེམས་ཉིད་རང་གིས་མཐོང་གྱུར་ཏེ། །རང་ཉིད་ཟླ་བའི་གཟུགས་བཞིན་ནོ། །དེ་ནས་ཟླ་བ་ལ་དམིགས་པ། ། རྡོ་རྗེ་མཚན་མ་རབ་ཏུ་བརྟག །འདི་ནི་རྡོ་རྗེ་ལ་སོགས་པ། །རྣལ་འབྱོར་པ་ཡི་ཐབས་མཚོན་བྱེད། །ཟླ་བ་རྡོ་རྗེ་སོགས་མཉམ་སྦྱོར། །སེམས་དང་སེམས་བྱུང་འདུས་པ་སྟེ། །ཤེས་རབ་ཐབས་སུ་འདུས་པ་ལས། །ལྷ་ཡི་གཟུགས་སུ་འབྱུང་བར་འགྱུར། ། ཞེས་གསུངས་ཏེ་རྐང་པ་ལྔ་པ་ལ་ཆག་འགྱུར་ལས། ཟླ་བ་རྫོགས་པ་དམིགས་དེ་ནས། །ཞེས་འབྱུང་བ་ལེགས་སོ། །སྣང་བ་དང་པོ་གཉིས་ལ་ཟླ་ཉི་དང་ཉིན་མཚན་གྱི་སྒྲས་བསྟན་པ་ནི། ནམ་མཁའ་ལ་ཉི་འོད་དང་ཟླ་འོད་ཀྱིས་ཁྱབ་པ་བཞིན་དུ་སྣང་ བའོ། །པདྨ་དང་རྡོ་རྗེ་དང་བུད་མེད་དང༌། སྐྱེས་པ་དང༌། གཡོན་དང་གཡས་པས་བསྟན་པ་ནི་ཐབས་ཤེས་ཀྱི་ཆ་ནས་སོ། །འཇམ་པ་དང་རྩུབ་པ་ཞེས་པ་ནི་བདེ་བ་དམན་མི་དམན་ནམ། ཡུལ་སྣང་རྒྱས་མི་རྒྱས་སོ། །ཀུན་རྫོབ་ཀྱི་གཟུགས་ཞེས་པ་ 5-3-52b ནི་ཡེ་ཤེས་གཉིས་མཚོན་བྱེད་ཀྱི་ཟླ་བ་སོགས་ནི་བཅོས་མའི་མཚན་ཉིད་ཡིན་པའོ། །སྣང་བ་ཉེར་ཐོབ་ནི་མ་ནིང་དང་ཉིན་མཚན་གཉིས་ཀྱི་མཚམས་དང་གཡས་གཡོན་གྱི་དབུས་དང༌། འཇམ་རྩུབ་གཉིས་ཀྱི་བར་མ་དང༌། ཐབས་ཤེས་གཉིས་འདྲེས་པ་དང༌། ཟླ་བ་དང་ཉིན་མཚན་སོགས་འདུས་པའི་མིང་གིས་མཚོན་ནོ།། ༈ །།སྣང་བ་གསུམ་སོ་སོའི་མཚན་ཉིད་ནི། སྤྱོད་བསྡུས་ལས། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལས་སྣང་བ་གསུམ་གྱི་མཚན་ཉིད་མདོར་བསྡུས་ནས་གསུངས་པ་དེ་བླ་མའི་མན་ངག་གིས་ བསྟན་པར་བྱའོ། །ཞེས་གསུངས་པ་ལ་སྣང་བའི་མཚན་ཉིད་གང་ཞེ་ན། རྣམ་པ་མེད་པའི་རང་བཞིན་ལུས་དང་ངག་མེད་པ་སྟེ། ཇི་ལྟར་སྟོན་གྱི་དུས་སུ་ནམ་མཁའ་དྲི་མ་མེད་པ་ལ། ཟླ་བའི་དཀྱིལ་འཁོར་གྱི་འོད་ཟེར་སྣང་བར་བྱེད་པས་ཁྱབ་པར་ བྱེད་པ་དེ་བཞིན་དུ། རང་བཞིན་གྱི་གསལ་བའི་རྣམ་པར་དངོས་པོ་མ་ལུས་པ་ཐམས་ཅད་ལ་དམིགས་པས་ན། འདི་ནི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཤེས་རབ་ཀྱི་སྣང་བ་སྟོང་པ་དང་པོ་སྟེ། ཞེས་དང༌། སྣང་བ་མཆེད་པའི་མཚན་ཉིད་གང་ཞེ་ ན། དེ་ཡང་གཟུང་བ་དང་འཛིན་པ་དང་བྲལ་བའི་གཟུགས་ཅན་ལུས་དང་ངག་མེད་པ་སྟེ། ཇི་ལྟར་སྟོན་གྱི་དུས་སུ་ཉི་མའི་འོད་ཟེར་གྱིས་ཁྱབ་པ་བཞིན་དུ། ཤིན་ཏུ་གསལ་ཞིང་དྲི་མ་མེད་པའི་ངོ་བོ་ཉིད་དུ། དངོས་པོ་མ་ལུས་པ་དམིགས་པ། བྱང་ ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོ་གཉིས་པ་སྟེ། རིམ་པ་གཉིས་པ་ཤིན་ཏུ་སྟོང་པའི་མཚན་ཉིད་ཅན། ཞེས་དང༌། སྣང་བ་ཐོབ་པ་གང་ཞེ་ན། དེ་བཞིན་དུ་ནམ་མཁའི་མཚན་ཉིད་དངོས་པོ་མེད་པའི་གཟུགས་ཅན། ལུས་དང་ངག་མེད་པ་སྟེ། 5-3-53a ཇི་ལྟར་མཚམས་ཀྱི་སྨག་ལ་བབ་པའི་ངོ་བོར་ཁྱབ་པ་ཕྲ་ཞིང་བདག་མེད་པ། སྲོག་དང་རྩོལ་བ་མི་རྒྱུ་བས་རྒྱུ་བ་མེད་པ་སྟེ། སེམས་མེད་པ་དང་མི་གཡོ་བ། །ཞེས་གསུངས་སོ། །ལུགས་འདི་ལ་སྟོང་པ་བཞི་ལེགས་པར་གཏན་ལ་ འབེབ་པ་ཞིག་ཤིན་ཏུ་གལ་ཆེ་ལ། དེ་ཡང་རྩ་རྒྱུད་དང་བཤད་རྒྱུད་གཞན་བཞི་ལས་ནི། དེ་རྣམས་ཀྱི་མིང་ཙམ་ལན་མང་དུ་བྱུང་ཡང༌། ངོས་འཛིན་ཤིན་ཏུ་མི་གསལ་ལ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལས་མ་རིག་པ་མུན་པ་དང༌། སེམས་བྱུང་ཉི་ འོད་དང༌། སེམས་ཟླ་འོད་བཞིན་དུ་སྣང་ཞེས་པ་ཙམ་ལས་གཞན་ངོས་འཛིན་མ་བྱུང་ངོ༌། །ཡབ་སྲས་གཞན་བཞིའི་གཞུང་དུ་ཡང་ངོས་འཛིན་ཤིན་ཏུ་མི་གསལ་བས། སྤྱོད་བསྡུས་ཉིད་ལ་བརྟེན་ནས་ཤེས་དགོས་སོ། །ཡེ་ཤེས་རྡོ་རྗེ་ཀུན་ལས་ བཏུས་ལས་ནི་འཆི་བའི་འོད་གསལ་ལས་ལུགས་ལྡོག་གི་རིམ་པའི་སྟོང་པ་གསུམ་བཤད་ལ། སྤྱོད་བསྡུས་ཀྱིས་ནི་གཞི་དང་ལམ་དུས་ཀྱི་སྟོང་པ་རྣམས་ཐུན་མོང་དུ་བཤད་དོ། །དེ་ལ་སྟོང་པ་བཞི་ནི་ནམ་མཁའ་གཡའ་དག་གི་དཔེས་མཚོན་ནས་སྟོན་ པ་ལ། དབྱར་གྱི་ཆར་གྱི་སའི་རྡུལ་བར་སྣང་ལ་ལྡང་བ་ལེགས་པར་མནན་པ་དང༌། སྤྲིན་གྱི་སྒྲིབ་བྱེད་དང་བྲལ་བ་གཉིས་ཚོགས་པ་མང་དུ་འབྱུང་བ་སྟོན་གྱི་དུས་ཡིན་པས། སྟོན་གྱི་ནམ་མཁའ་དཔེར་བཟུང་ངོ༌། །དེའི་ནམ་མཁའ་གཡའ་དག་པ་ལ་ནི་ ཉིན་པར་ཉི་འོད་ཀྱིས་ཁྱབ་པ་དང༌། ནམ་སྲོས་ནས་སྲོད་ཀྱི་སྨག་འཐུག་པོ་མ་སངས་ཀྱི་བར་གྱི་ཐུན་མཚམས་ལ་སྨག་ནག་པོ་འཐུག་པོས་ཁྱབ་པ་དང༌། དེ་སངས་པའི་འོག་ཏུ་ཟླ་འོད་ཤར་ནས་ཐོ་རངས་ལ་མ་སླེབ་པའི་བར་དུ་ཟླ་འོད་ཀྱིས་ཁྱབ་པ་དང༌། 5-3-53b ཟླ་འོད་ཀྱང་ཡལ་ཉི་འོད་ཀྱིས་ཀྱང་མ་སླེབ་པའི་ཐོ་རངས་ཀྱི་དུས་ནམ་མཁའི་རང་མདོག་ཇི་བཞིན་དུ་མི་ཐོན་པའི་རྒྱུ་གསུམ་དང་བྲལ་བའི་སྐབས་གཅིག་སྟེ་བཞི་ཡོད་དོ། །དེ་ལ་ཕྱི་མ་ནི་སྟོང་པ་བཞི་པ་ཐམས་ཅད་སྟོང་པའི་དཔེ་ཡིན་པས་རེ་ཞིག་བཞག་ལ། དཔེ་སྔ་མ་གསུམ་གྱི་དང་པོ་ནི་མཆེད་པ་དང༌། གཉིས་པ་ནི་ཐོབ་པ་དང༌། གསུམ་པ་ནི་སྣང་བ་དང་དཔེ་དོན་དུ་སྦྱར་ཏེ། ཡེ་ཤེས་གསུམ་པོ་དེ་ཤར་བའི་དུས་སུ་ནམ་མཁའ་གསུམ་པོ་དེ་དང་འདྲ་བའི་ཉམས་ཤིག་འཆར་བའོ། །གསུམ་པའི་སྐབས་སུ་དངོས་ པོ་མེད་པའི་གཟུགས་ཅན་ཞེས་པ་ལ་ཆག་འགྱུར་ལས། རྣམ་པ་མེད་པའི་རང་བཞིན་ཞེས་དང་པོ་དང་མཐུན་པར་བསྒྱུར་བ་ལེགས་ལ། དེ་ནི་བར་པ་ལ་གཟུང་འཛིན་དང་བྲལ་བ་ཞེས་གསུངས་པ་དང་དོན་གཅིག་གོ། དེ་ཡང་སྔར་བཤད་པའི་སྣང་ཚུལ་ གསུམ་བཞིན་འཆར་བ་མ་གཏོགས་པ། གཉིས་སྣང་རགས་པ་གཞན་རྣམས་དེའི་ངོར་ནུབ་པའི་དོན་ནོ། །གསུམ་ག་ལ་ལུས་དང་ངག་མེད་པ་ཞེས་པ་ནི། དེའི་ཚེ་ལུས་ཀྱི་གཡོ་འགུལ་དང་ངག་གི་སྨྲ་བརྗོད་ལོག་པའོ། །ཇི་ལྟར་ནས་བཞིན་དུའི་བར་ནི་ བཤད་ཟིན་ལ། ནམ་མཁའི་མཚན་ཉིད་ཅེས་པ་སྨག་གིས་ནམ་མཁའ་ལ་ཁྱབ་པ་བཞིན་དུ་ཞེས་སྦྱར་རོ། །རང་བཞིན་གྱི་གསལ་བའི་རྣམ་པར་དམིགས་ཞེས་པ་ནི་ཡུལ་སྣང་དེ་གསལ་པོར་བྱུང་བ་ཡིན་ལ། ཤིན་ཏུ་གསལ་ཞེས་པ་ནི་སྔ་མ་ལས་ ཀྱང་ཆེས་གསལ་བའོ། །དངོས་པོ་མ་ལུས་པ་ལ་དམིགས་ཞེས་པ་ནི་ཡུལ་སྣང་དེས་ཕྱོགས་མཚམས་ཀུན་ཏུ་ཁྱབ་པའི་དོན་ཡིན་ཏེ། དམིགས་པ་རྒྱ་ཆེ་ཆུང་ནི་ཅི་རིགས་སུ་འོང་ངོ༌། །དོན་དམ་པའི་བྱང་ཆུབ་ཀྱི་སེམས་དངོས་ནི་ལམ་དུས་ཀྱི་བདེ་ 5-3-54a སྟོང་སྦྱར་བའི་ཡེ་ཤེས་ཡིན་ཏེ། དེ་ལྟར་མིན་པའི་ལམ་དང་གཞི་དུས་ལའང་ཉེ་བར་བཏགས་ནས་སོ། །ཉེར་ཐོབ་དྲན་མེད་དུ་སོང་བ་ལ་ནི་བདེ་སྟོང་སྦྱར་བ་མི་འོང་ཡང༌། སྤྱིར་ཉེར་ཐོབ་ལ་དེ་མེད་པ་མིན་ནོ། །ཕྲ་བ་ནི་རྟོགས་ དཀའ་བ་དང༌། བདག་མེད་པ་ནི་རང་བཞིན་མེད་པའི་རྣམ་པ་ཅན་ཏེ། སྲོག་རྩོལ་མི་རྒྱུ་བ་ནི་རླུང་འབྱུང་འཇུག་མི་བྱེད་པ་སྟེ། དེ་རྣམས་ཀྱང་གསུམ་ག་ལ་ཡོད་མོད་ཀྱང་ཉེར་ཐོབ་ལ་ཤས་ཆེ་བས་སྨོས་སོ། །སེམས་མེད་པ་ལ་ཆག་འགྱུར་དུ། དྲན་པ་ མེད་པ་ཉིད་ཀྱིས་མི་གཡོ་བའི་ཏིང་ངེ་འཛིན་ཞེས་འབྱུང་བདེའོ། །དེ་ལྟར་ན་ཀུན་རྟོག་གཡོ་བའི་རླུང་ཐིམ་པ་ན་མར་མེ་འབར་བ་ལྟ་བུའི་རྟགས་འཆར་ལ། དེའི་རྗེས་སུ་འཆར་བའི་སྣང་བ་ནི། སྟོན་གྱི་ནམ་མཁའ་གཡའ་དག་པའི་ཚེ་མཚན་མོ་ ཟླ་བ་ཤར་བའི་འོད་ཀྱིས་ཁྱབ་པའི་ནམ་མཁའ་བཞིན་དུ། ཤིན་ཏུ་དྭངས་ཤིང་སྟོང་སང་ངེ་བ་ལ། འོད་ཀྱི་སྣང་བ་དཀར་པོའི་རྣམ་པ་གཅིག་འཆར་ལ། དེ་མ་གཏོགས་པའི་གཉིས་སྣང་རགས་པ་གང་ཡང་མི་འཆར་རོ། །དཔེར་ན་ནམ་མཁའ་ལ་ཟླ་ འོད་ཀྱིས་ཁྱབ་ཀྱང༌། དེས་ནམ་མཁའ་མི་སྒྲིབ་པར་མཐོང་བ་བཞིན་དུ། འདིར་ཡང་འོད་སྣང་དཀར་པོའི་རྣམ་པ་ཤར་བ་དེས་ནམ་མཁའ་དག་པ་ལྟ་བུའི་སྟོང་གསལ་དེ་མི་སྒྲིབ་པར་འཆར་བ་ཡིན་ནོ། །དེ་ནས་སྣང་བ་དེ་བསྡུས་པའི་འོག་ཏུ་སྣང་བ་ མཆེད་པ་ཤར་བ་ན། སྟོན་གྱི་ནམ་མཁའ་གཡའ་དག་ལ་ཉི་འོད་ཀྱིས་ཁྱབ་པ་བཞིན་དུ། སྔ་མ་ལས་ཀྱང་ཆེས་དྭངས་པའི་སྟོང་སང་ངེ་བ་ལ་དམར་པོའམ། དམར་སེར་གྱི་རྣམ་པ་འཆར་ཏེ། ལྷག་མ་ནི་སྔ་མ་བཞིན་ནོ། །དེ་ནས་སྣང་བ་དེ་ཡང་ 5-3-54b བསྡུས་པའི་འོག་ཏུ་ཉེར་ཐོབ་ཤར་བ་ན་རླུང་འགག་པ་ཆེར་སོང་བས་ཡུལ་སྣང་ནི། སྟོང་སྣང་ལ་མཚམས་ཀྱི་སྨག་གིས་ཁྱབ་པ་འདྲ་བའི་ནག་པོའི་རྣམ་པ་འཆར་ལ་ཡུལ་ཅན་གྱི་དྲན་པ་ཉམས་ནས་དྲན་མེད་དུ་འགྲོ་སྟེ་སྐྱོན་ཅན་གྱི་དྲན་ པ་ཉམས་པ་མིན་ནོ། །དེ་རྣམས་ནི་འཆི་བའི་དུས་སུ་རྫོགས་པར་འཆར་ལ། གཉིད་ཀྱི་དུས་སུ་སྣ་བུག་གི་རྒྱུ་བ་མི་ལྡོག་པས་ཆ་འདྲ་ཙམ་འཆར་རོ། །ལམ་དུས་སུ་ནི་སྙིང་ཁའི་དྷཱུ་ཏཱིར་རླུང་བཙུད་ནས་ཐིམ་པ་ལ་མཚན་ཉིད་རྣམས་ཚང་བར་ འཆར་ལ། གཞན་དུ་ཐིམ་པ་ལ་དེའི་ཚོད་ཙམ་མི་འཆར་རོ། །དེ་གསུམ་ལ་ཡང་གོམས་པ་ཤས་ཆེ་ཆུང་དང༌། རླུང་འདུ་ཕུལ་དང་ཐིམ་པ་ཤས་ཆེ་ཆུང་གི་དབང་གིས་ཡུལ་སྣང་རྒྱ་ཆེ་ཆུང་དང༌། སྲབ་འཐུག་དང༌། གནས་ཡུན་རིང་ཐུང་སོགས་མི་ འདྲ་བ་དུ་མ་ཞིག་འབྱུང་ངོ༌། །རླུང་སྒོམ་པ་སོགས་ཀྱི་སྐབས་སུ་སྣང་བ་དང་པོ་གཉིས་སྔོན་དུ་མ་ཤར་བར། ནག་ཐུམ་གྱིས་འགྲོ་བའི་དྲན་མེད་འོང་བ་ནི་ཉེར་ཐོབ་མིན་ནོ། །དེ་འདྲ་བའི་སྟོང་པ་གསུམ་གྱི་སྒྱུ་ལུས་ཐོབ་ནས་དོན་གྱི་འོད་གསལ་མངོན་དུ་མ་ བྱས་བར་དང༌། དོན་གྱི་འོད་གསལ་ལས་ལུགས་ལྡོག་ཏུ་ལངས་པའི་སྐབས་དང༌། སློབ་པའི་ཟུང་འཇུག་ཐོབ་ནས་མི་སློབ་པའི་ཟུང་འཇུག་མ་ཐོབ་པའི་བར་དུ་ཡང་འབྱུང་མོད་ཀྱང་སེམས་དབེན་མིན་པ་དེ་བཞིན་དུ། སེམས་དབེན་མ་ཐོབ་པའི་ གོང་དུ་ཡང་སྟོང་པ་གསུམ་གྱི་ཡེ་ཤེས་འབྱུང་བ་ཡིན་པས་སྟོང་པ་གསུམ་གྱི་ཡེ་ཤེས་དང༌། སེམས་དབེན་གྱི་སྟོང་པའི་ཡེ་ཤེས་ཀྱི་ཁྱབ་ཆེ་ཆུང་རྣམས་ཕྱེད་པར་བྱའོ། །བོད་སྔ་མ་འགའ་ཞིག་དབང་ཤེས་ལ་སོགས་པ་རྟོག་མེད་ཀྱི་ཤེས་ 5-3-55a པ་ཐམས་ཅད་སྣང་བ་གསུམ་གང་རུང་དུ་སྨྲ་སྟེ། འདི་ལྟར་ཤེས་པ་དེས་ཡུལ་དང་པོར་བཟུང་བ་ནི་སྣང་བ་དང༌། དེ་ནས་ཡུལ་གྱི་ཁྱད་པར་མཐོང་བ་གསལ་དུ་སོང་བ་མཆེད་པ་དང༌། མཐར་མི་གསལ་བ་འགག་པ་ལ་ཕྱོགས་ པ་ཉེར་ཐོབ་ཏུ་འདོད་དོ། །འདི་ནི་རྩ་བ་དང་བཤད་པའི་རྒྱུད་དང༌། འཕགས་པ་ཡབ་སྲས་ཀྱི་གཞུང་གང་ནས་ཀྱང་མ་བཤད་ལ། སྤྱོད་བསྡུས་ལས། སྣང་བ་གསུམ་གྱི་མཚན་ཉིད་སྔར་བཞིན་བཤད་པ་དང་ཡང་འགལ་བར་སྣང་ངོ༌། །དེ་ལ་སྔར་སེམས་ ཡིད་རྣམ་ཤེས་གསུམ་དང༌། མཚན་ཉིད་གསུམ་ལ་སོགས་པ་སྣང་བ་གསུམ་གྱི་རྣམ་གྲངས་སུ་གསུངས་པ་ནི། སྣང་བ་གསུམ་ལ་དེ་དག་གི་སྒྲ་འཇུག་པའི་རྒྱུ་མཚན་རེ་ཡོད་པའི་སྒོ་ནས་ཡིན་གྱི། དེ་རྣམས་ཐམས་ཅད་སྣང་བ་གསུམ་དུ་སྟོན་པ་ མིན་ཏེ་ཡིན་ན་ནི། རང་བཞིན་བརྒྱད་ཅུ་ཡང་སྣང་བར་འགྱུར་བ་སོགས་ཀྱི་གནོད་པ་མང་ངོ༌། །གལ་ཏེ་ཉེར་ཐོབ་མུན་པའི་རྣམ་པ་ཅན་གྱི་དྲན་མེད་དེ་སངས་མ་ཐག །ཐོ་རངས་ཀྱི་ནམ་མཁའ་གཡའ་དག་ལྟ་བུའི་སྟོང་པ་འཆར་བ་དམའ་མོ་ནས་ ཀྱང་འོང་བ་ཡིན་ན། སེམས་དབེན་གྱི་སྐབས་སུ་ཡེ་ཤེས་གསུམ་སྐྱེ་ཚུལ་བསྟན་གྱི་ཐམས་ཅད་སྟོང་པ་མི་སྟོན་པ་ཅི་ཡིན་སྙམ་ན། བདེན་ཏེ་དེ་ནི་སྒྱུ་ལུས་མན་ཆད་དུ་དོན་གྱི་འོད་གསལ་གྱི་ཡེ་ཤེས་མི་སྐྱེ་བ་ལ་དགོངས་ནས། སྟོང་པ་ གསུམ་དུ་བཤད་ཀྱི་དཔེའི་འོད་གསལ་མི་སྐྱེ་བ་མིན་ནོ། །འོ་ན་ཡེ་ཤེས་གསུམ་དུ་བྱས་པའི་ཚེ་དཔེའི་འོད་གསལ་གང་དུ་སྡུད་སྙམ་ན། ཉེར་ཐོབ་ཏུ་སྡུད་དེ་འདི་ལྟར་ཉེར་ཐོབ་ཀྱི་དང་པོར་མུན་པ་ལྟ་བུའི་རྣམ་པ་ཅན་དྲན་པ་མ་ཉམས་པ་གཅིག་ 5-3-55b དང༌། བར་དུ་དྲན་མེད་དུ་སོང་བ་གཅིག་དང༌། མཐར་དྲན་མེད་སངས་ནས་སློང་བྱེད་ཀྱི་རྐྱེན་གསུམ་དང་བྲལ་བའི་ནམ་མཁའ་གཡའ་དག་འདྲ་བ་གཅིག་འོང་ངོ༌། །དཔེའི་འོད་གསལ་ཐམས་ཅད་སྟོང་པར་བྱས་ནས་སྟོང་པ་བཞི་བྱེད་ན་དང་པོ་གཉིས་ སྟོང་ཆེན་དུ་བྱའོ།། ༈ །།ཡེ་ཤེས་དེ་རྣམས་ཀྱི་སྐྱེད་ཚུལ་ནི། རིམ་ལྔ་ལས། །རྡོ་རྗེ་བཟླས་གནས་རྣལ་འབྱོར་པ། །སེམས་ལ་དམིགས་པ་ཐོབ་པར་འགྱུར། ཞེས་རྡོར་བཟླས་ཀྱིས་སེམས་དབེན་གྱི་སྟོང་པ་འདྲེན་པར་གསུངས་ཀྱང༌། ཇི་ལྟར་འདྲེན་མི་ གསལ་ལོ། །སྤྱོད་བསྡུས་ལས་ཀྱང༌། ངག་དབེན་ལ་གནས་ནས་སེམས་དབེན་འཐོབ་པ་དང༌། ངག་དབེན་མེད་ན་སེམས་དབེན་མི་སྐྱེ་བར་གསུངས་ཀྱང༌། སྐབས་དེར་དེ་ལས་སེམས་དབེན་ཇི་ལྟར་སྐྱེ་མི་གསལ་ལོ། །འོན་ཀྱང་ངག་དབེན་རྒྱས་ བཤད་ཀྱི་སྐབས་སུ་གང་དུ་འཇུག་པ་སོགས་གསུམ་བཤད་པ་དང༌། མཐར་རླུང་རྣམས་མི་ཤིགས་པར་ཞུགས་ནས་འོད་གསལ་འཆར་བར་གསུངས་པ་རྣམས་ལ་དཔྱོད་ཤེས་ན། རྡོར་བཟླས་ཀྱིས་རླུང་རྣམས་མི་ཤིགས་པ་ལ་བསྡུས་ཏེ་ ཐིམ་པ་ལས་སྟོང་པ་རྣམས་འཆར་བ་གོ་ནུས་སོ། །རྡོ་རྗེ་ཕྲེང་བ་ལས་ཀྱང༌། རྡོ་རྗེ་བཟླས་པ་རབ་སྦྱོར་བས། །རླུང་གི་མཚན་ཉིད་ཤེས་ནས་ནི། །རྣམ་རྟོག་རླུང་རྣམས་རྣམ་པར་གཅོད། །སེམས་ལ་དམིགས་པ་ཐོབ་པར་འགྱུར། །ཞེས་ རྡོར་བཟླས་ཀྱིས་རླུང་གི་རྒྱུ་བ་བཀག་པའི་སྒོ་ནས་སེམས་དབེན་གྱི་སྟོང་པ་རྣམས་སྐྱེད་པ་གསལ་བར་མང་དུ་གསུངས་ཏེ། དེ་ནི་ཡེ་ཤེས་གསུམ་འདྲེན་པའི་ནང་གི་རྐྱེན་ནོ། །ཕྱིའི་རྐྱེན་ནི་རིམ་ལྔ་ལས། སྒྱུ་མ་དག་ནི་ཐམས་ཅད་ལས། ། 5-3-56a བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཡེ་ཤེས་གསུམ་གྱི་དབྱེ་བ་ནི། །གསལ་བར་འདི་ལས་མཚོན་པར་འགྱུར། །འདོད་ཆགས་ཉིད་དང་ཆགས་བྲལ་དང༌། །དེ་ཡི་བར་ཏེ་གསུམ་པ་ནི། །དབང་པོ་གཉིས་ནི་མཉམ་ སྦྱོར་བའི། །རྡོ་རྗེ་པདྨ་འདུས་ལས་སོ། །ཞེས་ཕྱིའི་ཕྱག་རྒྱ་ལ་བརྟེན་ནས་ཡེ་ཤེས་སྐྱེད་པར་གསུངས་སོ། །དེ་ལྟར་ཕྱི་ནང་གི་ཐབས་ལ་བརྟེན་ནས་སྣང་བ་གསུམ་གའི་སྐབས་དང༌། ཁྱད་པར་དུ་ཉེར་ཐོབ་ཏུ་བསྡུས་པའི་དཔེའི་འོད་གསལ་གྱི་ སྐབས་སུ་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་དེ་ཁོ་ན་ཉིད་ཀྱི་དོན། ཕྱིན་ཅི་མ་ལོག་པར་ངེས་པའི་ལྟ་བ་དང་སྦྱར་ཏེ་བསྒོམ་པར་བྱའོ། །འདི་རྣམས་ཀྱི་གནད་ཞིབ་པར་ནི་རིམ་ལྔ་གསལ་སྒྲོན་དུ་བཤད་ཟིན་པ་ལས་ཤེས་པར་བྱའོ།། ༈ །།འདིར་ སྒྱུ་ལུས་ཞེས་གསུངས་པ་ནི། ཐེག་ཆེན་གཉིས་ཐུན་མོང་བ་དང༌། རྒྱུད་སྡེ་གོང་འོག་ཐུན་མོང་བའི་སྒྱུ་མའི་རྣམ་བཞག་དང༌། རིམ་གཉིས་ཐུན་མོང་བའི་ལྷའི་སྐུ་སྣང་ལ་རང་བཞིན་མེད་པ་ལ་སྒྱུ་མའི་སྐུ་ཞེས་ཐ་སྙད་བྱས་པ་མ་ཡིན་ གྱི། བླ་མའི་མན་ངག་འབའ་ཞིག་ལས་རྟོགས་པར་བྱ་དགོས་པ་སྟེ། རིམ་ལྔ་ལས། བདག་བྱིན་བརླབས་པའི་རིམ་ཞེས་པ། །ཀུན་རྫོབ་བདེན་པར་བསྟན་པ་སྟེ། །དེ་ནི་བླ་མའི་དྲིན་དག་གིས། །ཐོབ་པར་འགྱུར་གྱི་གཞན་དུ་ མིན། །ཞེས་དང༌། བདག་བྱིན་བརླབས་ལས་ཀྱང༌། རྨི་ལམ་སྒྱུ་མ་ལྟ་བུའི་ཆོས། །སངས་རྒྱས་པ་ཀུན་སྨྲ་བ་ནི། །བདེན་ཡང་དེས་ནི་ཤེས་པ་མིན། །བདག་བྱིན་བརླབས་ལས་ཁ་ཕྱིར་བལྟས། །རྣམ་ཤེས་རླུང་དང་ལྡན་པ་ཡི། ། 5-3-56b ཡིད་ཀྱི་རང་བཞིན་གཞུ་འདྲ་བ། །རང་གི་ཡེ་ཤེས་དེས་མ་མཐོང༌། །སྒྱུ་མའི་དཔེ་ལ་རྨོངས་གྱུར་པས། བསྐལ་པ་དཔག་ཏུ་མེད་པར་ནི། །ཐོས་པའི་ཕ་རོལ་ཕྱིན་པས་ཀྱང༌། །བླ་མའི་བཀའ་མེད་སྒྱུ་མ་ནི། །མངོན་སུམ་བྱ་བར་མི་ནུས་སོ། །ཞེས་གསུངས་ ཤིང་འགྲེལ་པ་འདི་ཉིད་ལས་ཀྱང་དེ་ལྟར་འཆད་པར་འགྱུར་རོ། །དེ་རྟོགས་པའི་ཕན་ཡོན་དང༌། མ་རྟོགས་པའི་ཉེས་དམིགས་ཀྱང་རིམ་ལྔ་ལས། བདག་ལ་བྱིན་གྱིས་བརླབ་པའི་རིམ། །གང་གིས་རྙེད་པར་མ་གྱུར་པ། །མདོ་སྡེ་རྒྱུད་དང་རྟོག་པ་ ལ། །དེ་ཡི་ངལ་བ་དོན་མེད་འགྱུར། །བདག་ལ་བྱིན་བརླབ་རིམ་ཐོབ་པ། །གཙོ་བོ་སངས་རྒྱས་ཀུན་བདག་ཉིད། །ཚེ་འདི་ཉིད་དུ་སངས་རྒྱས་ནི། ཐེ་ཚོམ་མེད་པར་ཐོབ་པར་འགྱུར། །ཞེས་གསུངས་སོ། །སྐུ་འདིའི་སྒྲུབ་ཚུལ་བླ་མ་ལས་མ་རྙེད་ན་ གང་གི་ཕྱིར་དུ་ངལ་བ་བྱས་པའི་དོན་སངས་རྒྱས་མི་འགྲུབ་པ་དང༌། འདི་ཤེས་ཏེ་བསྒྲུབ་པས་གྲུབ་ན་ཚེ་དེ་ལ་ངེས་པར་འཚང་རྒྱ་བར་གསུངས་པ་ལྟར་ཡིན་ནོ། །ཚེ་གཅིག་གིས་སངས་རྒྱས་འགྲུབ་པའི་མྱུར་ཁྱད་མཆོག་ལ་བདེ་སྟོང་དབྱེར་ མེད་ཀྱི་ལམ་དང༌། སྒྱུ་མའི་སྐུ་གཉིས་ལས་ཕྱི་མ་ཆེས་རྟོགས་དཀའ་ལ། དེ་ཡང་ལུགས་མཆོག་ཏུ་གྱུར་པ་འདི་ནས་རྩད་བཅད་ནས་གཞན་ལ་འཁྱེར་ཤེས་དགོས་ཏེ། མཁའ་འགྲོ་རྒྱ་མཚོ་ལས། ལྷ་ཡི་རྣམ་པའི་རྣལ་འབྱོར་བདག །སྐད་ཅིག་མངོན་ སུམ་བྱེད་པ་པོ། །ལུགས་མ་ལ་སོགས་རྣལ་འབྱོར་གྱིས། རྣམ་པར་བྱས་པའི་དབྱིབས་སུ་འགྱུར། །སྟོང་ཉིད་རྣལ་འབྱོར་རང་བཞིན་གཟུགས། །བདག་བྱིན་བརླབ་པའི་མཚན་ཉིད་དོ། །བདག་བྱིན་བརླབ་བྲལ་རྣལ་འབྱོར་པ། །སྦུན་ལྐོགས་དུམ་ 5-3-57a བུ་བཞིན་ཤེས་བྱ། །འདི་འདྲའི་མཚན་ཉིད་མཆོག་གྱུར་པ། །སྐྱེ་བོ་ཕྱུགས་རྣམས་ཀྱིས་མི་ཤེས། །དེ་ཕྱིར་སྒྱུ་འཕྲུལ་འདི་བསྒོམས་ན། །བླ་ན་མེད་པའི་བྱང་ཆུབ་འཐོབ། །ཅེས་སྦས་དོན་གྱི་སྒྱུ་ལུས་བདག་བྱིན་བརླབས་ ནི། རྒྱུད་གཞན་ལས་ཀྱང་ཤིན་ཏུ་བསྔགས་སོ། །འདི་ནི་ཤིན་ཏུ་རྟོགས་དཀའ་བར་སྣང་བས། ཞིབ་པར་རིམ་ལྔ་གསལ་སྒྲོན་དུ་བཤད་ཟིན་ལ། གོ་བ་རགས་པ་འཆགས་པའི་ཡན་ལག་ཏུ་ཅུང་ཟད་བཤད་ན།། ༈ །།སྒྱུ་ལུས་སྒྲུབ་པ་ལ་འདི་སྒྲུབ་པའི་ གཞི་གཞི་ལ་ཇི་ལྟར་གནས་པ་ཤེས་དགོས་ལ། དེ་ཡང་རིམ་ལྔ་ལས། འགྲོ་ཀུན་རང་དབང་མེད་པ་སྟེ། །རང་དབང་དུ་ནི་འབྱུང་མ་ཡིན། །དེ་ཡི་རྒྱུ་ནི་འོད་གསལ་བ། །འོད་གསལ་ཐམས་ཅད་སྟོང་པའོ། །སེམས་གང་གིས་ནི་བྱིས་པ་རྣམས། ། འཁོར་བའི་འཆིང་བས་བཅིངས་གྱུར་པ། །སེམས་དེ་ཉིད་ཀྱིས་རྣལ་འབྱོར་པ། །བདེ་གཤེགས་གནས་སུ་འགྲོ་བར་འགྱུར། །འདི་ནི་གང་ཡང་སྐྱེ་བ་མེད། །གང་ཡང་འཆི་བ་ཡོད་མ་ཡིན། །སེམས་ཀྱི་རང་བཞིན་རྣམ་གནས་པ། །འཁོར་ བ་ཉིད་ནི་ཤེས་པར་བྱ། །ཞེས་གསུངས་སོ། །ཚིགས་བཅད་དང་པོས་ནི་སེམས་ཅན་རྣམས་འཆི་བའི་འོད་གསལ་སྔོན་དུ་སོང་བ་ལ་མ་ལྟོས་པར་རང་དབང་དུ་མི་འབྱུང་བས། འོད་གསལ་ཐམས་ཅད་སྟོང་པ་ལས་སྐྱེ་བར་བསྟན་ནོ། །ཚིགས་ བཅད་གཉིས་པས་ནི་འཆི་བའི་འོད་གསལ་གྱི་རླུང་སེམས་གང་གི་དབང་གིས་སེམས་ཅན་སྐྱེ་བ་བླངས་སྟེ། འཁོར་བར་འཁོར་བའི་རླུང་སེམས་དེ་ཉིད་ཐབས་མཁས་པའི་རྣལ་འབྱོར་པ་ལ་སྒྱུ་མའི་སྐུར་ཤར་ནས་འཚང་རྒྱ་བར་བསྟན་ཏོ། ། 5-3-57b དེས་ན་རྡོ་རྗེ་ཕྲེང་བ་ལས། སྐྱེ་དང་གནས་དང་འཇིག་པ་དང༌། །སྲིད་པ་བར་མར་གནས་པ་སྟེ། །ཇི་སྲིད་འཇིག་རྟེན་གྱིས་བརྟགས་པ། །སེམས་ཀྱི་རླུང་གི་རྣམ་འཕྲུལ་ལོ། །ཞེས་འགྲོ་བ་རྣམས་ཀྱི་སྐྱེ་འཆི་གནས་གསུམ་དང་བར་དོ་རྣམས་རླུང་སེམས་ཙམ་ གྱི་རྣམ་འཕྲུལ་དུ་གསུངས་པ་དང༌། དགོངས་པ་ལུང་སྟོན་ལས་ཀྱང༌། འདུ་ཤེས་ཅན་དང་འདུ་ཤེས་མེད། །སེམས་ཅན་དུ་བརྟགས་འདི་གནས་པ། །དེ་རྣམས་རླུང་ལས་བྱུང་བ་སྟེ། །རླུང་ལས་སླར་ཡང་འགག་པ་ཡིན། །མ་རྟོགས་པ་ཡི་སེམས་ དེ་ནི། །འཁོར་བའི་རྒྱ་མཚོ་གནས་གྱུར་ཀྱང༌། །དེ་ནི་ཕྱིན་ཅི་ལོག་སོང་བས། །ཁྱི་དང་ཅེ་སྤྱང་གླང་པོ་དང༌། །སེམས་དེ་རྟར་ཡང་འགྲོ་བར་འགྱུར། །ཞེས་སོགས་ཀྱིས་རླུང་དང་སེམས་གཉིས་འགྲོ་བ་སྣ་ཚོགས་པར་འགྲོ་བར་གསུངས་ཏེ། འགྲོ་བ་ཐམས་ཅད་ རླུང་སེམས་ཀྱི་ལུས་ཙམ་དུ་བསྟན་པ་ནི། སེམས་ཅན་གྱི་ཐ་སྙད་འདོགས་པའི་གཞིར་གྱུར་པའི་གཉུག་མའི་ལུས་ནི། རླུང་སེམས་ཙམ་གྱི་ལུས་སུ་ཟད་པས་དེ་ལས་ངོ་བོ་ཐ་དད་པའི་གཉུག་མའི་ལུས་མེད་པར་སྟོན་པ་ཡིན་གྱི་ཕྱི་རོལ་མེད་པ་དང༌། རྣམ་ སྨིན་གྱི་ལུས་རགས་པ་རྣམས་སེམས་ཅན་གྱི་ལུས་མིན་ཞེས་སྟོན་པ་མིན་ནོ། །འདི་ལྟར་སེམས་ཅན་གྱི་ལུས་ནི་གཉིས་ཏེ། གནས་སྐབས་བ་དང་གཉུག་མ་བའི་ལུས་སོ། །དེའི་དང་པོ་ནི། རླུང་སེམས་ཙམ་གྱི་ལུས་གཞན་པའི་རྣམ་སྨིན་གྱི་ འབྱུང་ལུས་རགས་པ་ལ་སོགས་པའི་ལུས་སོ། །གཉིས་པ་ནི་རླུང་སེམས་ཙམ་ལས་གྲུབ་པའི་ལུས་སོ། །ལུས་རགས་པ་ནི་དང་པོ་མངལ་དུ་ཉིང་མཚམས་སྦྱར་བ་ལ་སོགས་པའི་སྐབས་སུ་མ་སྐྱེས་ཀྱང༌། སེམས་ཅན་གྱི་ལུས་མེད་པ་མིན་ 5-3-58a ལ། དེ་བཞིན་དུ་ཤི་བའི་ཚེ་འབྱུང་ལུས་རགས་པ་དོར་ཡང༌། སེམས་ཅན་གྱི་ལུས་མི་ལྡོག་པས་གཉུག་མའི་ལུས་མིན་ཏེ། ཆུ་ལ་ཚ་བ་བཞིན་ནོ། །རླུང་སེམས་ཀྱི་ལུས་ནི་གནས་སྐབས་དེ་རྣམས་ཐམས་ཅད་དུ་ཡང་ མི་ལྡོག་པས་གཉུག་མའི་ལུས་ཏེ་ཆུ་ལ་གཤེར་བ་བཞིན་ནོ། །ད་ལྟ་གཟུགས་ལུས་རགས་པའི་སྐབས་སུ་ཡང་གཉུག་མའི་ལུས་ནི་རླུང་སེམས་ཙམ་ཞིག་གི་ལུས་ཡིན་པས། ལུས་རགས་པ་ནི་དེའི་གནས་ཁང་དང་འདྲའོ། །དེ་ལྟར་གསུངས་ པ་ལ་དགོས་པ་གཞན་ཡང་ཡོད་མོད་ཀྱང༌། གཙོ་བོ་ནི་སྒྱུ་མའི་ལྷ་སྐུ་གང་ལས་སྒྲུབ་པའི་གཞི་གཉུག་མའི་ལུས་ངོས་འཛིན་པའི་ཕྱིར་ཡིན་ནོ། །དེའི་སེམས་ནི་དབང་ཤེས་མིན་གྱི་ཡིད་ཀྱི་རྣམ་ཤེས་ཙམ་ཞིག་དང༌། རླུང་ཡང་རྩ་བའི་རླུང་གཞན་ བཞི་དང༌། ཡན་ལག་གི་རླུང་ལྔ་མིན་གྱི་སྲོག་འཛིན་དང༌། །དེ་ལ་ཡང་ཕྲ་རགས་གཉིས་ལས་ཕྲ་བའོ། །དེ་ཙམ་ལས་གྲུབ་པའི་གཞིའི་དུས་ཀྱི་སེམས་ཅན་གྱི་ལུས་རྐང་ལག་ལ་སོགས་པའི་རྣམ་པ་ཅན་ནི་བར་དོ་དང་རྨི་ལམ་གྱི་ལུས་ལོགས་སུ་སྣང་ བ་རྣམས་སོ།། ༈ །།སྒྱུ་མའི་སྐུའི་སྒྲུབ་གཞི་གཞི་ལ་གནས་ཚུལ་དེ་ལྟར་ཡིན་ན། ལམ་གྱི་སྐབས་སུ་སྒྲུབ་གཞི་དེ་ཇི་འདྲ་བ་ཞིག་ཏུ་བསྐྱེད་ནས་སྒྲུབ་པ་ཡིན་སྙམ་ན། རིམ་ལྔ་ལས། དེ་ཉིད་རླུང་དང་ཡང་དག་ལྡན། །རྣམ་ཤེས་གསུམ་པོ་སླར་ ཡང་ནི། །རྣལ་འབྱོར་པ་ཡི་ལུས་སུ་འབྱུང༌། །སྒྱུ་མའི་ལུས་ཞེས་དེ་ལ་བཤད། །དེ་བས་འདི་ལྟར་འགྲོ་བ་ཀུན། །སྒྱུ་མ་ལྟ་བུར་འདིར་བཤད་དེ། །སྒྱུ་མ་ལྟ་བུའི་ཏིང་འཛིན་གནས། །ཐམས་ཅད་དེ་དང་འདྲ་བར་མཐོང༌། །ཞེས་སོ། །ཆག་འགྱུར་ 5-3-58b ལས། རླུང་དང་ཡང་དག་ལྡན་པ་ཡི། །རྣམ་ཤེས་གསུམ་པོ་དེ་ཉིད་སླར། །ཞེས་འབྱུང་བ་བདེའོ། །དེ་ལ་ཚིགས་བཅད་དང་པོས་ནི་ཕྱི་ནང་གི་སྲོག་རྩོལ་བསྒོམ་པའི་ཐབས་ལས། སྒྲུབ་གཞིའི་ཡིད་ཀྱི་ཤེས་པ་སེམས་དབེན་གྱི་སྣང་མཆེད་ཐོབ་གསུམ་ དུ་བསྐྱེད་པའི་སེམས་དང་དེའི་བཞོན་པའི་རླུང་གཉིས་རྣལ་འབྱོར་པའི་ལུས་སུ་འབྱུང་བ་ནི་སྒྱུ་ལུས་སུ་གསུངས་ལ། སླར་ཡང་ཞེས་པ་ནི་རྣལ་འབྱོར་པ་དེ་དང་པོར་སྐྱེ་བ་བླངས་པའི་དུས་སུ་རླུང་སེམས་ཀྱི་ལུས་བླངས་པར་མ་ཟད་ཅེས་པའི་དོན་ནོ། །དེ་ནས་ཚིག་ རྐང་གཉིས་ཀྱིས་ནི་སྒྱུ་མའི་སྐུ་སྒྲུབ་ཚུལ་དེ་ལྟར་བྱེད་པ་དེ་བས་ན། བླ་ན་མེད་པའི་ཐེག་པ་འདིར་འགྲོ་བ་ཀུན་སྒྱུ་མ་ལྟ་བུར་བཤད་པ་ལ་ཕར་ཕྱིན་གྱི་ཐེག་པ་དང༌། རྒྱུད་སྡེ་འོག་མ་དང་བསྐྱེད་རིམ་པ་དང་ཐུན་མོང་དུ་མ་གྱུར་པའི་སྒྱུ་མའི་དོན་ཞིག་ཡོད་དོ་ཞེས་ བསྟན་ཏོ། །སྒྱུ་མ་ལྟར་བཤད་པ་ནི་རྡོ་རྗེ་མཁའ་འགྲོ་ལས། མེ་ལོང་གི་ནི་གཟུགས་བརྙན་དང༌། །རྨི་ལམ་སྒྱུ་མ་ཆུ་བུར་དང༌། །མིག་འཕྲུལ་མཚུངས་པར་གང་གིས་མཐོང༌། །དེ་ནི་གཙོ་བོ་ཡིན་པར་བཤད། །ཅེས་གསུངས་པ་རིམ་ལྔར་བཀོད་ པ་འདྲ་བ་རྣམས་ཡིན་ཏེ། འདིས་ནི་བླ་མེད་ཀྱི་རྒྱུད་གཞན་དུ་ཡང་དེ་ལྟར་བཤད་པ་རྣམས་ཀྱི་དོན་ཐུན་མོང་མ་ཡིན་པ་འདིར་བཤད་པ་བཞིན་དུ་བྱ་དགོས་པར་བསྟན་ཏོ། །དེ་ནས་རྐང་པ་གཉིས་ཀྱིས་ནི། སྒྱུ་ལུས་གྲུབ་པའི་རྣལ་འབྱོར་པས་སེམས་ཅན་ ཐམས་ཅད་ཀྱང་དེ་དང་འདྲ་བར་མཐོང་བ་ནི། སྔར་བཤད་པ་ལྟར་དེ་དག་གི་གཉུག་མའི་ལུས་རྣམས་དེ་ལྟར་མཐོང་བའོ།། ༈ །།རིམ་པ་བཞི་པའི་འོད་གསལ་ལ་ཕྱི་ནང་གི་བྱང་ཆུབ་པ་གཉིས་བཤད་པ་ནི་ལེའུ་བཅོ་ལྔ་པའི་མཐའ་གཅོད་དུ་འཆད་པར་འགྱུར་རོ།། 5-3-59a ། ༈ །།བྱང་ཆུབ་པ་དེ་གཉིས་མངོན་དུ་བྱེད་པའི་ཐབས་བསམ་གཏན་གཉིས་ཅུང་ཟད་བཤད་ན། རིམ་ལྔ་ལས། མན་ངག་ཐོབ་པའི་སློབ་མ་ཡིས། །དེ་ནས་རྣལ་འབྱོར་རྣམ་གཉིས་བསླབ། །རིལ་པོར་འཛིན་པའི་རིམ་པ་དང༌། །དེ་ བཞིན་རྗེས་སུ་གཞིག་པའོ། །མགོ་བོ་ནས་ནི་རྐང་པའི་བར། །ཇི་སྲིད་སྙིང་ཁར་ཕྱིན་པའི་བར། །རྣལ་འབྱོར་ཡང་དག་མཐའ་ལ་འཇུག །རིལ་པོར་འཛིན་པ་ཞེས་བཤད་དོ། །རྒྱུ་བ་དང་ནི་མི་རྒྱུ་ཉིད། །དང་པོ་འོད་གསལ་བར་བྱས་ཏེ། །ཕྱི་ནས་དེ་བཞིན་ བདག་ཉིད་བྱེད། །རྗེས་སུ་གཞིག་པའི་རིམ་པ་ཡིན། །དབུགས་ཀྱི་རླུང་ནི་མེ་ལོང་ལ། །ཇི་ལྟར་ཀུན་ཏུ་ཐིམ་འགྱུར་བ། །དེ་བཞིན་རྣལ་འབྱོར་ཡང་དག་མཐར། །ཡང་དང་ཡང་དུ་འཇུག་པར་བྱེད། །ཅེས་གསུངས་སོ། །དེ་ལ་རིལ་འཛིན་ནི་རང་གི་མགོ་ ནས་མར་སྡུད་པ་དང༌། རྐང་པ་ནས་ཡར་སྡུད་པའི་མཐའ་གཉིས་ཀ་སྙིང་ག་ཡིན་པ་ནི་སྙིང་གར་ཕྱིན་གྱི་བར་ཞེས་པའོ། །དེ་ལྟར་སྙིང་གར་བསྡུས་ནས་རྣལ་འབྱོར་པ་ཡང་དག་པའི་མཐའ་འོད་གསལ་དུ་འཇུག་གོ། དེའི་དཔེ་ནི་དབུགས་ཀྱི་ཞེས་པ་ བཞིས་སྟོན་ཏེ། མེ་ལོང་ལ་ཧས་བཏབ་པའི་ཁ་རླངས་དེ་མཐའ་ཀུན་ནས་དེའི་དབུས་སུ་འདུ་བ་ལྟར། རང་གི་ལུས་ཀྱི་སྟེང་འོག་དང་རྒྱབ་མདུན་དང་གཡས་གཡོན་ཀུན་ནས་སྙིང་གའི་དབུས་སུ་སྡུད་པའོ། །རྗེས་གཞིག་ནི་དང་པོར་སྣོད་བཅུད་ འོད་གསལ་དུ་བསྡུས་པ་དེའི་རྗེས་སུ་རང་ཉིད་འོད་གསལ་དུ་སྡུད་པའོ། །བདག་ཉིད་དེ་བཞིན་ཞེས་པ་ནི་ནག་པོ་པས་རིལ་འཛིན་བཞིན་དུ་བྱེད་པར་བཤད་པ་ལེགས་སོ། །ཡང་དང་ཡང་ཞེས་པ་ནི་དེ་གཉིས་ལན་དུ་མར་དགོས་པའི་དོན་ནོ། ། 5-3-59b རྗེས་གཞིག་གི་དཔེ་ནི་ལྟེང་ཀའི་ཆུ་ལ་ཁ་བའི་གོང་བུ་ལྟ་བུ་གནས་པ་དེ་རིམ་གྱིས་ཞུ་བའོ། །རང་གི་ཕུང་པོར་རིམ་གྱིས་འཇིག་པ་གཉིས་ཀ་ལ་ཡོད་ཀྱང༌། སྔོན་དུ་སྣོད་བཅུད་གཞན་བསྡུས་པ་ཡོད་མེད་ཀྱི་ཁྱད་པར་ཙམ་མོ། །རྗེས་གཞིག་གི་སྒྲ་དོན་ནི་བཤད་པ་ལྟར་ ཡིན་ལ། རིལ་པོ་ནི་རང་གི་ལུས་དང་དེ་སྟོང་པ་ཉིད་ཀྱིས་འཛིན་པ་ནི་རིལ་འཛིན་གྱི་དོན་དུ་ཨ་ས་བཤད་དེ་ལུས་འོད་གསལ་དུ་བཅུག་སྟེ་འཛིན་པའོ། །རིལ་འཛིན་དང་རྗེས་གཞིག་གཉིས་པོ་རེ་རེ་ལའང་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གསུམ་དུ་སྒོམ་པའི་ སྡུད་རིམ་གྱིས། ཡང་དང་ཡང་དུ་འོད་གསལ་དུ་འཇུག་པ་སྤྱོད་པ་ལ་བརྟེན་ནས་གོམས་པར་བྱས་པས། སྒྱུ་མའི་སྐུ་འོད་གསལ་དུ་དག་ནས། དོན་གྱི་འོད་གསལ་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་སྐྱེ་བར་འགྱུར་རོ། །དེའི་ཡུལ་ཅན་གྱི་ ཡེ་ཤེས་ཀྱང་སྲོག་དྷཱུ་ཏིར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་བྱུང་བའི་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་ཡིན་པས། ཐེག་པ་གཞན་དང༌། རྒྱུད་སྡེ་འོག་མའི་ལམ་གྱིས་དེ་ཁོ་ཉིད་མངོན་སུམ་དུ་རྟོགས་པ་དང་ཆེས་ཤིན་ཏུ་མི་འདྲའོ། ། ཞིབ་པར་རིམ་ལྔ་གསལ་སྒྲོན་དུ་བཤད་པ་ལས་ཤེས་པར་བྱའོ།། ༈ །།རིམ་པ་བཞི་པའི་དོན་གྱི་འོད་གསལ་དུ་ཞུགས་པའི་ཚེ་སྔར་གྱི་སྒྱུ་ལུས་ཀྱང་དག་ནས་མེད་པ་ལས། སླར་ཡང་ཟུང་འཇུག་གི་སྐུར་ལྡང་ཚུལ་ཇི་ལྟར་བྱེད་ཅེ་ན། རིམ་ལྔ་ལས། རང་བཞིན་ བཅས་འོད་དེ་དང་དེ། །རྣམ་ཤེས་རླུང་དང་ལྡན་པ་ཡི། །བདག་བྱིན་བརླབ་པའི་རིམ་གྱིས་ཀྱང༌། །སེམས་ཅན་དོན་དུའང་ལན་འགའ་འགྱུར། །ཇི་ལྟར་དང་བའི་ཆུ་ཀླུང་ལས། །ཉ་དག་མྱུར་དུ་ལྡང་བར་འགྱུར། །དེ་བཞིན་ཐམས་ཅད་སྟོང་གསལ་ལས། ། 5-3-60a སྒྱུ་འཕྲུལ་དྲ་བ་འབྱུང་བར་བཤད། །ཅེས་སྐུ་འདི་ཡང་རླུང་སེམས་ཙམ་ལས་བདག་བྱིན་བརླབས་ཀྱི་རིམ་པས་འབྱུང་བ་དང༌། ཆུ་ཀླུང་དྭངས་བ་དང་འདྲ་བའི་འོད་གསལ་ལས། ཉ་གློ་བུར་དུ་འཕར་བ་དང་འདྲ་ བའི་དག་པའི་སྒྱུ་མའི་སྐུ་འབྱུང་བར་བཤད་པའི་དཔེ་དོན་ནི། འོད་གསལ་ལས། གཞན་གྱིས་བར་དུ་མ་ཆོད་པར་ཟུང་འཇུག་གི་སྐུ་བྱུང་བ་ལ་འགྲིག་གོ། སྤྱོད་བསྡུས་ལས། གཉིས་ལོག་པ་ལས་མྱུར་དུ་སད་པའི་དཔེ་གསུངས་པའི་གཉིད་ནི་འོད་གསལ་ གྱི་དཔེ་དང༌། སད་པ་ནི་དེ་ལས་ཟུང་འཇུག་ལོངས་སྤྱོད་རྫོགས་པའི་སྐུ་འབྱུང་བའི་དཔེ་ཡིན་ཏེ། དེ་ལ་ཡང་བར་མ་ཆད་པ་འགྲིག་ལ། སྦྱང་གཞིའི་རིམ་པ་ལ་འཆི་བའི་འོད་གསལ་གྱི་དེ་མ་ཐག་ཉེར་ཐོབ་གྲུབ་པ་དང་མཉམ་དུ་བར་དོ་འགྲུབ་པ་ དང་ཤིན་ཏུ་མཐུན་པས། རིམ་པ་བཞི་པའི་དོན་གྱི་འོད་གསལ་ལས་ལངས་མ་ཐག་ཟུང་འཇུག་གི་སྐུ་གྲུབ་མོད་ཀྱང༌། འོད་གསལ་ལས་ཉེར་ཐོབ་དང་དེ་ལས་མཆེད་པ་དང༌། དེ་ལས་སྣང་བ་རིམ་གྱིས་སྐྱེ་བ་ཡང་མི་འགལ་བས། ཟུང་འཇུག་ འགྲུབ་པའི་སྐབས་སུ་ལུགས་ལྡོག་ཏུ་སྟོང་པ་གསུམ་བྱུང་བར་གསུངས་ཀྱང༌། དེ་ལས་སྐུ་དེ་སྒྲུབ་པའི་ཕྱིར་དུ་གསུངས་པ་མིན་ནོ། །གལ་ཏེ་ཟུང་འཇུག་ནི་དོན་གྱི་འོད་གསལ་གྱི་ཐུགས་དང༌། དག་པའི་སྒྱུ་མའི་སྐུ་གཉིས་དུས་གཅིག་ ཏུ་ཚོགས་པ་མ་ཡིན་ནམ། རིམ་པ་བཞི་པའི་འོད་གསལ་ལས་ལངས་མ་ཐག་དག་པའི་སྒྱུ་མའི་སྐུ་གྲུབ་ཏུ་ཆུག་ཀྱང༌། དེའི་དུས་ན་འོད་གསལ་གྱི་ཡེ་ཤེས་དངོས་སུ་མེད་པས་ཟུང་འཇུག་ཏུ་ཇི་ལྟར་བཞག་ཅེ་ན། འདི་ལ་རིམ་ལྔར་ཟུང་ 5-3-60b འཇུག་ཉེར་གཅིག་བཤད་པའི་ཟུང་འཇུག་གི་གཙོ་བོ་ནི། ཆག་འགྱུར་ལས། དེ་ཉིད་ཤེས་པས་རིམ་པ་བཞིན། །རང་བྱིན་བརླབ་དང་འོད་གསལ་ཤེས། །དེ་དག་ཁོ་ན་འདུས་པ་གང༌། །འདི་ནི་ཟུང་འཇུག་རིམ་པའོ། །ཞེས་རང་བྱིན་བརླབ་དང་འོད་གསལ་གཉིས་ ཟུང་དང༌། དེ་གཉིས་འདུས་པ་ཟུང་འཇུག་ཏུ་བཤད་པ་དང༌། ཀུན་རྫོབ་དང་ནི་དོན་དམ་གྱི། །རྣམ་དབྱེ་སོ་སོར་ཤེས་ནས་ནི། །གང་དུ་ཡང་དག་འདྲེས་གྱུར་པ། །ཟུང་དུ་འཇུག་པར་དེ་བཤད་དོ། །ཞེས་ཀུན་རྫོབ་དང་དོན་དམ་གཉིས་ཟུང་དང༌། དེ་གཉིས་འདྲེས་ པ་ཟུང་འཇུག་ཏུ་གསུངས་པ་འདི་ཡིན་ནོ། །དེ་ལ་དོན་གྱི་འོད་གསལ་མ་ཐོབ་གོང་དུ་རླུང་འོད་གསལ་ལྔ་ལས་བསྒྲུབས་པའི་སྒྱུ་མའི་སྐུ་ཡོད་དུས་སུ། སེམས་དོན་དམ་བདེན་པ་དང་རོ་གཅིག་ཏུ་སོང་བའི་འོད་གསལ་མེད་ལ། ཟུང་འཇུག་མ་ཐོབ་པའི་ གོང་དུ་བདེ་བའི་སེམས་དོན་དམ་དང་རོ་གཅིག་ཏུ་སོང་བའི་འོད་གསལ་ཡོད་དུས་སུ། ལུས་སྒྱུ་མའི་སྐུར་སོང་བའི་ཀུན་རྫོབ་མེད་པས་རེས་འཇོག་ཏུ་གྱུར་པའི་ཕྱིར་ཟུང་འཇུག་མེད་དོ། །ནམ་ཞིག་ལུས་རང་བྱིན་བརླབ་ཅེས་པ་ཀུན་རྫོབ་སྒྱུ་མའི་ སྐུའི་མཐར་སོན་པ་དང༌། སེམས་འོད་གསལ་ཞེས་པ་དོན་དམ་བདེན་པའི་མཐར་སོན་པ་གཉིས་དུས་གཅིག་ཏུ་རྒྱུད་གཅིག་ལ་ཚོགས་པ་ན་རེས་འཇོག་མེད་པར་མཉམ་དུ་འདུས་པས་ན་ཟུང་འཇུག་ཐོབ་བོ། །དེ་འདྲ་བའི་ཟུང་འཇུག་གི་གཙོ་ བོ་དང་པོར་ཐོབ་པ་ན་དེ་གཉིས་དུས་གཅིག་ཏུ་ཚོགས་པ་དགོས་མོད་ཀྱང༌། ཟུང་འཇུག་ཏུ་འཇོག་ཚུལ་གཞན་ཡང་ཡོད་པས། ཟུང་འཇུག་ཐོབ་པ་གང་ཡིན་ལ་འཇོག་ཚུལ་དེས་ཟུང་འཇུག་ཏུ་བཞག་མི་དགོས་སོ། །ཟུང་འཇུག་གི་སྐད་ 5-3-61a དོད་ཡུ་ག་ན་དྭའི་ཡུ་ག་ནི་ཟུང༌། ན་དྭ་ནི་གཉིས་མ་ཡིན་པ་སྟེ་ཡ་གྱལ་གཉིས་རེས་འཇོག་གི་ཚུལ་གྱིས་གཉིས་མིན་པར་དུས་གཅིག་ཏུ་ཚོགས་པ་ནི་སྔར་བཤད་པའི་ཟུང་འཇུག་གོ། འདི་ནི་ལུགས་ལྡོག་གི་སྣང་བ་ཐ་མ་ ལས་ལངས་པའི་འོག་ཏུ་སླར་ཡང་འོད་གསལ་དུ་ཞུགས་པའི་ཚེ་འཐོབ་བོ། །འཁོར་འདས་ལ་སོགས་པའི་གཉིས་ཆོས་རྣམས་ལ། གཉིས་སུ་བདེན་འཛིན་གྱི་ཀུན་རྟོག་སྤངས་ནས། རྟོག་པ་དེས་མི་ཕྱེད་བའི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་ཟུང་ འཇུག་རིམ་ལྔར་མང་དུ་གསུངས་པ་ནི། སྔ་མ་ལས་འཇོག་ཚུལ་གཞན་གྱིས་ཟུང་འཇུག་ཏུ་འཇོག་པའོ། །ཕྱི་མ་འདི་སློབ་པའི་ཟུང་འཇུག་དང་པོར་བྱུང་བ་ནས་འཐོབ་བོ། །ཟུང་འཇུག་འདི་རྒྱུད་ཀྱི་བརྗོད་བྱའི་གཙོ་བོ་ཡིན་ཞིང༌། རྟོགས་དཀའ་ བར་ཡང་ཡོད་པའི་མཐའ་གཅོད་རྒྱས་པར་ནི་རིམ་ལྔ་གསལ་སྒྲོན་དུ་བཤད་ཟིན་པ་ལས་ཤེས་པར་བྱའོ།། ༈ །།དེ་ནི་མ་ལུས་ཐོས་གྱུར་ལ། །ཞེས་པ་ནས། རིན་ཆེན་ཞེས་བྱའི་གང་ཟག་གོ། ཞེས་པའི་བར་གྱིས་སོ་སོའི་མཚན་ཉིད་བསྟན་ པའི་གང་ཟག་ལྔའི་དང་པོ་ནི། དབང་པོ་འབྲིང༌། གཉིས་པ་དང་གསུམ་པ་ནི་དབང་པོ་རབ། བཞི་པ་ནི་དབང་པོ་ཐ་མ་སྟེ་དེ་བཞི་དད་པའི་རྗེས་སུ་འབྲང་བ། ལྔ་པ་ནི་དབང་པོ་ཡང་རབ་ཆོས་ཀྱི་རྗེས་སུ་འབྲང་བར་ལག་སྨིས་བཤད་དོ། །སྔ་མ་ བཞི་བ་དགེ་རྩ་མ་སྨིན་པ་དམན་པ་ལ་མོས་པར་སྒྲོན་གསལ་ལས་བཤད་དོ། །དེ་ལ་ཨུཏ་པ་ལ་དང་པདྨ་དཀར་པོ་ལྟ་བུ་ནི་ཉན་པ་པོར་རུང་སྟེ། ཐོས་པའི་དོན་བརྗེད་ཀྱང༌། སེམས་ལ་བག་ཆགས་བཞག་པས་ཕྱིས་འབྲས་བུ་འབྱུང་བའི་ཕྱིར་རོ། ། 5-3-61b འཆད་པ་པོ་དང་སྒྲུབ་པ་པོར་མི་རུང་སྟེ། ཐོས་པའི་དོན་བརྗེད་པས་ད་ལྟ་ཉིད་དུ་བསྟན་པ་དང་སྒོམ་རྒྱུ་མེད་པའི་ཕྱིར་རོ། །པད་མ་དང་ཙན་དན་ལྟ་བུ་ནི་ཉན་པ་པོ་དང་སྒྲུབ་པ་པོར་རུང་ལ། འཆད་པ་པོར་མི་རུང་སྟེ། ཚིག་གི་ཡོན་ཏན་མེད་པ་དང་གཞན་ གྱིས་གཟུང་བར་མི་ནུས་པའི་ཕྱིར་རོ། །རིན་པོ་ཆེ་ལྟ་བུ་ནི་འཆད་པ་པོར་རུང་ལ། དེ་ཉིད་ཀྱིས་ན་ཉན་པ་པོ་དང་སྒྲུབ་པ་པོར་ཡང་རུང་ངོ༌། །ཞེས་སྔོན་གྱི་འདུས་པ་བོ་རྣམས་གསུང་སྟེ། རྗེས་སུ་གཟུང་བར་མི་ནུས་པ་ནི་དེ་ལས་ཕ་རོལ་པོས་ཆོས་གཟུང་དང་ མི་ནུས་པ་ལ་བྱས་པའི་ལུགས་སོ། །ཨུལ་དང་པདྨ་ལྟ་བུས་ཉན་པའི་ཚེ་བླ་མ་ལས་གང་ཐོས་པའི་ཆོས་རྣམས་ཀྱི་ཚིག་དོན་མི་བརྗེད་པར་འཛིན་མི་ནུས་པར་བཤད་ལ། ཆོས་ཀྱི་གྲྭར་གང་ཐོས་ཀུན་མི་བརྗེད་པར་འཛིན་མི་ནུས་ཀྱང་། སྒྲུབ་ པ་པོ་དང་འཆད་པ་པོར་རུང་བ་མི་འགལ་ལོ།། ༈ །།རྒྱན་ནི་དྲུག་པོ་དེ་རྣམས་ཀྱིས། །ཞེས་པའི་རྐང་པ་བཞིས་བཤད་པའི་བདེན་གཉིས་ངེས་པའི་རྒྱན་གྱི་དོན་ཅུང་ཟད་བཤད་ན། འདུས་པའི་རྩ་རྒྱུད་རྒྱན་བདུན་གྱི་སྒོ་ནས་བཤད་པ་ཐམས་ཅད་ནི། གདུལ་ བྱ་ལ་འཇུག་གི་གོ་བ་སྐྱེད་པའི་ཆེད་ཡིན་པས། དེའི་གནད་ཟིན་པ་ཤིན་ཏུ་གལ་ཆེའོ། །དེ་ཡང་སྔར་བཤད་པ་ལྟར་གཉུག་མའི་ལུས་རླུང་འོད་ཟེར་ལྔ་ལས་འཇའ་ལུས་རྡོ་རྗེ་སེམས་དཔའི་སྐུ་གྲུབ་པའི་ཀུན་རྫོབ་པ་དང༌། ལྷན་ཅིག་སྐྱེས་ པའི་བདེ་བས་དེ་ཁོ་ན་ཉིད་ཀྱི་དོན་མངོན་སུམ་དུ་རྟོགས་པའི་འོད་གསལ་དོན་དམ་པ་གཉིས་དུས་གཅིག་ཏུ་མངོན་དུ་བྱས་པའི་གོ་འཕང་ངོ༌། །དེ་འདྲ་བའི་བདེན་གཉིས་ཟུང་འཇུག་ངེས་པ་ལ་སྔོན་དུ། བདེན་གཉིས་རེ་རེ་བ་ཀུན་རྫོབ་སྒྱུ་ 5-3-62a མའི་ལུས་དང༌། དོན་དམ་འོད་གསལ་གཉིས་ཕྱིན་ཅི་མ་ལོག་པར་ངེས་དགོས་པས། སེམས་དབེན་གྱི་མཐར་རླུང་སེམས་ཙམ་ལས་མ་དག་པའི་སྒྱུ་མའི་སྐུར་ལངས་པའི་བདག་བྱིན་བརླབས་དང༌། རྟེན་དེ་ལ་ གནས་ནས་བསམ་གཏན་གཉིས་ཀྱིས་སྣང་བ་གསུམ་དག་པའི་འོད་གསལ་མངོན་དུ་བྱེད་ཚུལ་རྣམས་ལེགས་པར་ཤེས་པར་བྱའོ། །སྒྱུ་མའི་སྐུ་འདི་གང་ལས་སྒྲུབ་པའི་གཞི་ནི། སེམས་དབེན་གྱི་སྟོང་པ་གསུམ་དང་དེའི་བཞོན་པའི་རླུང་ཡིན་ པས། ནང་གི་རྐྱེན་རྡོ་རྗེ་བཟླས་པ་ལ་སོགས་པའི་སྲོག་རྩོལ་སྒོམ་པ་དང༌། ཕྱིའི་རྐྱེན་ཕྱག་རྒྱ་དང་སྦྱར་བ་ལས། ཐུན་མོང་མ་ཡིན་པའི་སྡུད་རིམ་གྱི་སྒོ་ནས་སེམས་དབེན་གྱི་ཡེ་ཤེས་གསུམ་སྐྱེད་ཚུལ་ཤེས་དགོས་སོ། །འདིར་ཡང་སེམས་དེ་ཁོ་ ན་ཉིད་ཀྱི་དོན་ལ་གནས་པ་དང་ལུས་རླུང་འོད་ཟེར་ལྔ་ལྡན་གཉིས་ཚོགས་པར་ཡོད་པས། འོད་གསལ་དང་སྒྱུ་མའི་སྐུ་གཉིས་ཀྱི་སོ་སོའི་རྒྱུར་བྱས་ཀྱང་ཆོག་སྟེ། བདེན་གཉིས་སོ་སོ་བའི་རྫོགས་རིམ་ཤེས་པ་ལ་སེམས་དབེན་ལེགས་པར་ ཤེས་དགོས་ཚུལ་ལོ། །དེ་ལེགས་པར་ཤེས་ཤིང་ཉམས་སུ་མྱོང་བ་ལ། དེ་འདྲེན་པའི་རྒྱུའི་གཙོ་བོ་སྲོག་རྩོལ་གསུམ་སྒོམ་པ་ལེགས་པར་ཤེས་དགོས་པས། ངག་རྣམ་པར་དབེན་པ་ཤེས་པར་བྱའོ། །ངག་དབེན་གྱིས་གཡས་གཡོན་གྱི་རླུང་སྙིང་ གའི་ཨ་བ་དྷཱུ་ཏཱིའི་དབུས་ཀྱི་མི་ཤིགས་པ་ལ་སྡུད་པ་ལ། འོག་སྒོའི་ཕྲ་མོ་བསྒོམས་པ་ལས་བྱུང་བའི་ལྷན་ཅིག་སྐྱེས་པའི་དགའ་བ་མཉམ་གཞག་དང༌། རྗེས་ཐོབ་ཏུ་གང་ཤར་ཐམས་ཅད་དེའི་རྣམ་རོལ་དུ་ལྟ་བ་དང༌། དེ་ཡང་ལྷར་ལྟ་བའི་ལུས་ 5-3-62b དབེན་སྒོམ་པ་སྔོན་དུ་འགྲོ་བའི་ཚུལ་ལེགས་པར་ཤེས་ནས་སྒོམ་པ་དགོས་སོ། །དེ་འདྲ་བའི་རྫོགས་རིམ་ཡོངས་སུ་རྫོགས་པ་རྒྱུད་ལ་སྐྱེ་བའི་དགེ་བའི་རྩ་བ་སྨིན་པ་ལ་ནི། སྐྱེ་འཆི་བར་དོ་གསུམ་སྐུ་གསུམ་དུ་འཁྱེར་བའི་སྒོ་ནས་རྒྱུད་སྦྱོང་བའི་རིམ་ པ་དང་པོའི་རགས་པའི་རྣལ་འབྱོར་དྲན་པ་གཅིག་པ་དང༌། ཕྲ་མོའི་དཀྱིལ་འཁོར་རྟོག་པའི་རྣལ་འབྱོར་ཐུན་བཞིར་སྒོམ་པའི་ཚུལ་ཤེས་ནས་སྒོམ་པ་དགོས་སོ། །དེ་སྒོམ་པའི་སྣོད་རུང་དུ་སྒྲུབ་པ་ལ་ནི་དབང་ཡོངས་སུ་རྫོགས་པ་རྣམ་པར་དག་པ་ཞིག་ ཐོབ་པ་དང༌། དེའི་དུས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་རྣམས་ཚུལ་བཞིན་དུ་བསྲུང་བ་ཞིག་དགོས་པས། རྒྱུད་ཀྱི་དོན་བཤད་པ་ཐམས་ཅད་ཀྱང་ཟུང་འཇུག་ལ་ངེས་པ་སྐྱེད་པའི་ཆེད་ཡིན་ལ། ལམ་བསྒོམ་པ་ཐམས་ཅད་ཀྱང་སློབ་མི་སློབ་ཀྱི་ ཟུང་འཇུག་རྒྱུད་ལ་སྐྱེད་པའི་ཆེད་ཡིན་ནོ། །དེའི་ཕྱིར་རྒྱན་བདུན་གྱི་བཤད་པས་དགའ་བ་སྐྱེད་པའི་གཙོ་བོ་ནི། བདེན་གཉིས་སོ་སོ་བ་དང་དབྱེར་མེད་པའི་དོན་ངེས་པའི་སྒོ་ནས་ཐབས་ལ་མཁས་པ་དང་བྲལ་བ་ལ་སྐྱེ་འཆི་བར་དོ་གསུམ་དུ་ཤར་ནས་འཁོར་ བའི་འཁོར་ལོ་སྐོར་བ་དེ། ཐབས་མཁས་པའི་མན་ངག་དང་ལྡན་པ་ལ་འཆི་བ་འོད་གསལ་ཆོས་ཀྱི་སྐུ། བར་དོ་ལོངས་སྤྱོད་རྫོགས་པའི་སྐུ། སྐྱེ་བ་སྤྲུལ་པའི་སྐུར་འཆར་བའི་བདེན་པ་གཉིས་ཀྱི་གདམས་ངག་རྙེད་ནས། རྨད་དུ་བྱུང་བའི་དགའ་བདེ་ ཡང་ཡང་དུ་འདྲེན་པ་ལ་བྱའོ།། ༈ །།ལེའུ་རྣམས་ཀྱིས་དོན་འདི་སྟོན་གྱི་བསྡུས་དོན་རྒྱུད་ཕྱི་མ་ལས་གསུངས་པ་ནི། བདུན་པ་དང་ནི་གསུམ་པ་དང༌། །བཅུ་གཅིག་པ་དང་བཅོ་ལྔ་པ། །དངོས་གྲུབ་ཞིང་དང་ལྟས་དང་ནི། །བསྙེན་པ་སྒྲུབ་པའི་སྡོམ་པའོ། ། 5-3-63a ཞེས་ལེའུ་བདུན་པ་ལ་སོགས་པ་བཞི་པོ་དེ་བསྙེན་པའི་ལེའུར་གསུངས་ལ། ལེའུ་བཞི་པོ་དེས། དེ་ཉིད་ལས། བསྐྱེད་པའི་རིམ་དང་འབྲེལ་བ་ཡི། །བསྙེན་པ་རྡོ་རྗེ་ཆོ་ག་བཞི། །ཐུན་མོང་དངོས་གྲུབ་དང་འབྲེལ་བའི། །མཆོག་ ཏུ་གྱུར་པའི་གཞུང་ཉིད་དོ། ཞེས་བསྐྱེད་རིམ་དང་རྫོགས་རིམ་གྱི་རྡོ་རྗེ་ཆོ་ག་བཞི་བསྟན་པས། ཐུན་མོང་དང་མཆོག་གི་དངོས་གྲུབ་སྒྲུབ་པར་བྱེད་པའི་ཕྱིར་དེ་དག་གི་གཞུང་ཉིད་དོ། །ཞེས་གསུངས་སོ། །དངོས་གྲུབ་ཀྱི་ཞིང་ནི། ལེའུ་བཅོ་ལྔ་པའི་ལས་ཀྱི་ ཚོགས་དང༌། ལེའུ་བཅུ་གཅིག་པའི་དངོས་གྲུབ་བོ། །ལྟས་ནི། ལེའུ་བཅོ་ལྔ་པའི་རྨི་ལམ་གྱི་ལྟས་དང༌། སྒྱུ་མ་ལྟ་བུའི་ལྟས་སོ། །དྲུག་པ་དང་ནི་གཉིས་པ་དང༌། །བཅུ་པ་དང་ནི་བཅུ་བཞི་པ། །དྲག་སྤྱོད་རྗེས་སུ་ཆགས་པ་དང༌། །ཉེ་བར་སྒྲུབ་པའི་སྡོམ་པའོ། །ཞེས་ དྲུག་པ་ལ་སོགས་པ་བཞི་པོ་དེ་ཉེར་སྒྲུབ་ཀྱི་ལེའུར་གསུངས་ལ། ལེའུ་བཞི་པོ་དེས། དེ་བཞིན་གཤེགས་པ་ཀུན་གྱི་ལས། །ཚར་གཅོད་ཕན་འདོགས་སྤྱོད་པ་དག །དུལ་དང་གདུལ་དཀའ་ཞི་བ་ཡི། །སེམས་ཅན་རྣམས་ཀྱི་གཞུག་པའོ། །ཞེས་དེ་བཞིན་གཤེགས་ པ་ཐམས་ཅད་ཀྱིས་སེམས་ཅན་ཞི་བ་དང་དུལ་བ་ལ་ཕན་འདོགས་པའི་སྤྱོད་པས་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པར་བྱེད་པ་དང༌། །སེམས་ཅན་གདུལ་དཀའ་བ་རྣམས་ནི་ཚར་གཅོད་པའི་སྤྱོད་པས་བསྟན་པ་ལ་འཇུག་པར་བྱེད་པ་བསྟན་ནོ། །དེ་ཡང་ དྲག་པོར་སྤྱོད་པ་ནི་ལེའུ་བཅུ་པ་དང་བཅུ་བཞི་པ་ལས་ཡིན་ལ། རྗེས་སུ་ཆགས་པ་ནི་ལེའུ་དྲུག་པ་ལས་སོ། །བཞི་པ་དང་ནི་བཅུ་དྲུག་པ། །བརྒྱད་པ་དེ་བཞིན་བཅུ་གཉིས་པ། །སློབ་དཔོན་སྤྱིའི་ལས་དང་ནི། །དངོས་གྲུབ་བརྟུལ་ཞུགས་སྡོམ་པའོ། །ཞེས་ལེའུ་བཞི་པ་ལ་སོགས་པ་བཞི་པོ་དེ་ 5-3-63b སྒྲུབ་པའི་ལེའུར་གསུངས་ལ། ལེའུ་བཞི་པོ་དེས། དཀྱིལ་འཁོར་བརྟུལ་ཞུགས་འབྲལ་བ་ཡི། །གཞུང་ནི་སློབ་དཔོན་ཕུན་ཚོགས་པའོ། །བླ་མས་སྔགས་ཀྱི་ལམ་གྱིས་ནི། །སློབ་མ་ཡོངས་སུ་སྨིན་བྱ་བ། །ཞེས་དཀྱིལ་འཁོར་ལ་བརྟེན་ནས་དངོས་གྲུབ་སྒྲུབ་པའི་ཚེ་རིག་པ་བརྟུལ་ ཞུགས་ཀྱི་སྤྱོད་པ་དང་འབྲེལ་ལ། དཀྱིལ་འཁོར་ལ་བརྟེན་ནས་སློབ་དཔོན་གྱི་ལས་ཀྱི་ཚེ་བླ་མས་སློབ་མ་ཡོངས་སུ་སྨིན་པར་བྱ་བ་དང་འབྲེལ་བ་སྟོན་ནོ། །སློབ་དཔོན་གྱི་སྤྱིའི་འཕྲིན་ལས་ཐམས་ཅད་ནི། དཀྱིལ་འཁོར་བྲིས་ཏེ་དབང་བཞི་བསྐུར་བའོ། ། སྐབས་འདིར་སྒྲུབ་པ་ཞེས་པ་མ་བྱུང་ཡང༌། བསྙེན་པ་སྒྲུབ་པའི་སྡོམ་པའོ། །ཞེས་པའི་སྐབས་ཀྱི་སྒྲུབ་པ་ཞེས་པ་འདིར་བླང་བ་དང༌། སྡོམ་པ་ཞེས་པ་རྣམས་ཀྱི་དོན་གསང་བའི་དོན་དུ་ཤཱནྟི་པས་བཤད་དོ། །ལྔ་པ་དང་ནི་དགུ་པ་དང༌། །བཅུ་བདུན་པ་དང་བཅུ་ གསུམ་པ། །སངས་རྒྱས་བྱང་ཆུབ་སེམས་རྣམས་ཀྱི། །བསྟན་པ་དག་ནི་སྒྲུབ་ཆེན་ཡིན། །ཞེས་ལེའུ་ལྔ་པ་སོགས་བཞི་པོ་དེ་སྒྲུབ་ཆེན་གྱི་ལེའུར་གསུངས་ལ། ལེའུ་བཞི་པོ་དེས། བརྟུལ་ཞུགས་བཟང་དང་དབང་བསྐུར་བ། །རང་གི་སློབ་མ་བདག་ཉིད་ཆེ། ། སངས་རྒྱས་བྱང་ཆུབ་སེམས་རྣམས་ཀྱི། །བསྟན་པས་ཡོངས་སུ་གྲོལ་བ་ཡིན། །ཞེས་དབང་བསྐུར་བས་རང་གི་སློབ་མར་གྱུར་པ་དེས། རྣལ་འབྱོར་གྱི་བརྟུལ་ཞུགས་བཟང་པོ་ལས་སྤྲོས་པའི་སྤྱོད་པ་དང༌། བདག་ཉིད་ཆེན་པོ་སངས་རྒྱས་དང་བྱང་ཆུབ་ སེམས་དཔའི་སྤྱོད་པ་དང༌། རྨད་དུ་བྱུང་བ་དང༌། དམ་ཚིག་དང་སྡོམ་པའི་སྤྱོད་པ་བསྟན་པའི་སྒོར་ཞུགས་པས་རང་གི་སེམས་ཡོངས་སུ་གྲོལ་ཏེ་འོད་གསལ་བ་ཐོབ་པར་འགྱུར་རོ་ཞེས་སྟོན་ཏོ། །ལེའུ་དང་པོ་ནི་བཅུ་གཅིག་པ་ཞེས་པའི་བཅུ་མི་ 5-3-64a མངོན་པར་བྱས་པའི་ནང་དུ་འདུས་སྟེ། བསྙེན་བསྒྲུབ་བཞི་མདོར་བསྟན་པའི་ལེའུ་ཡིན་ནོ། །དེ་དག་ནི་རྒྱུད་ཕྱི་མའི་འགྲེལ་པ་དང་མཐུན་པར་བཤད་པའོ།། ༈ །།ཡང་ལུང་གིས་བཤད་པ་ཞེས་པའི་སྐབས་སུ། །ཨེ་ཝཾ་ནས་བི་ ཛ་ཧཱ་རའི་བར་ལ་ཡི་གེ་མང་ཉུང་གི་ལུགས་གཉིས་སྣང་ཡང༌། བཤད་རྒྱུད་ལས་ཡི་གེ་ཚན་པ་བཞི་བཅུར་བཅད་ནས། ཤོ་ལོ་ཀ་བཞི་བཅུས་བཤད་པས་ན། འདིར་ནི་ཡི་གེ་མང་བའི་ཕྱོགས་ཡིན་ནོ། །རྡོ་རྗེ་འཕྲེང་བ་ལོགས་སུ་བསྒྱུར་བ་ལས། ཚིགས་བཅད་ ལ་མི་གཏོགས་པའི་ཡི་གེ་བཞི་བཅུ་མ་བྱུང་བ་ནི་རྒྱ་དཔེ་མ་དག་པར་གསལ་ཞིང༌། རྒྱུད་འདི་ལ་རྒྱ་དཔེ་མི་འདྲ་བ་མང་དུ་ཡོད་པར་སྣང་ངོ༌། །འདི་འཆད་ཚུལ་ལ་བླ་མ་མངོན་ཤེས་ཅན་གྱིས་ནི། གཞུང་གོང་འོག་མི་དཀྲུག་པར་འཆད་ཅིང༌། བཙུན་མོ་ ཅན་གྱིས་ནི་གཞུང་གོང་འོག་དཀྲུགས་ཏེ་འཆད་ཅེས་སྔ་མ་རྣམས་གསུང་ལ། བོད་ཀྱི་བཤད་པ་བྱེད་པ་རྣམས་ཕྱི་མ་ལྟར་འཆད་ཀྱང་གཞུང་གོང་འོག་དཀྲུག་པ་བཤད་ཤིན་ཏུ་མི་བདེ་བས། འདིར་ནི་གཞུང་མི་དཀྲུག་པར་འཆད་པ་མངོན་ཤེས་ ཅན་ལྟར་བྱའོ། །འོན་ཀྱང་དོན་ཚན་གོང་འོག་འཁྲུགས་པ་རྣམས་སྦས་པ་གསུམ་གྱི་སྐབས་འདི་ཡིན་ཞེས་དོན་གྱི་འཁྲུགས་སྡེབ་དགོས་པ་ནི་མཆན་དུ་གསལ་ལོ། །སྐལ་ལྡན་གྲགས་པ་དང་ཐུགས་རྗེ་ཞབས་ཀྱིས་ཡི་གེ་བསྣན་པའི་ངེས་ ཚིག་གི་བཤད་པ་མི་བྱེད་ཀྱང༌། རྗེ་འགོས་ཀྱི་བཞེད་པས་ཡི་གེ་བསྣན་ནས་འཆད་པ་ནི་རྒྱུད་དང་ཤིན་ཏུ་མཐུན་ལ། པཎྜི་ཏ་ཀུ་ལ་དྷ་རའི་བཤད་སྦྱར་དུ་ཡང་ཡི་གེ་བསྣན་པའི་བཤད་པ་བྱེད་དོ། །དེ་ལྟར་ཨེ་ཝཾ་ནས། བི་ཛ་ཧཱ་རའི་བར་གྱི་དོན་ 5-3-64b སྦས་དོན་དུ་བཤད་པ་ལ། རྡོ་རྗེ་འཕྲེང་བ་ལས། རྒྱུད་དུ་ཐོག་མར་གསུངས་པ་ཡི། །འདི་སྐད་བདག་སོགས་ཇི་ལྟ་བུ། །འདི་སྐད་ཅེས་སོགས་དང་པོའི་ངག །དོན་རྒྱས་པར་ན་ཇི་ལྟར་འགྱུར། །ཞེས་རྐང་པ་དང་པོ་གཉིས་ཀྱིས་འདུས་པ་ལ་སོགས་པའི་རྒྱུད་དུ་ཐོག་ མར་གསུངས་པའི་གླེང་གཞིའི་དོན་ཨེ་ཝཾ་གཉིས་ཀྱི་དོན་དུ་འགྱུར་ཚུལ་དང༌། ཕྱི་མ་གཉིས་ཀྱིས་ཨེ་ཝཾ་ཞེས་སོགས་རེ་རེ་ནས་ཀྱི་དོན་རྒྱས་པར་བཤད་ན་ཇི་ལྟར་འགྱུར་ཞེས་གཉིས་དྲིས་པའི་ཕྱི་མའི་ལན་དུ་ཡི་གེ་རེ་ཚིགས་བཅད་རེས་བཤད་པ་ནི་འགྲེལ་པར་དྲངས་ པ་རྣམས་སོ།། ༈ །།མ་དྲངས་པའི་དང་པོའི་ལན་དུ་ཨེ་ཝཾ་གྱི་དོན་གསུམ་གསུངས་པ་ནི་ཐོབ་བྱ་འབྲས་བུའི་ཨེ་ཝཾ་དང༌། ཐོབ་བྱེད་ལམ་གྱི་ཨེ་ཝཾ་དང༌། དེ་འདྲེན་བྱེད་རྟགས་ཀྱི་ཨེ་ཝཾ་མོ། །དང་པོའི་ཨེའི་དོན་ནི་སྟོན་པ་གང་ལ་བཞུགས་ནས་ཆོས་སྟོན་པར་མཛད་ པའི་རྟེན་རྒྱུད་ལ་ལར་གསང་བ་ཞེས་དང༌། ལ་ལར་མཁའ་དབྱིངས་ཞེས་དང༌། དེ་བཞིན་དུ་བྷ་ག་དང༌ཆོས་འབྱུང་དང༌། པདྨ་དང༌། སེང་གེའི་གདན་ཞེས་གསུངས་པ་རྣམས་སོ། །ཝཾ་གྱི་དོན་ནི། སྟོན་པ་ལ་རྡོ་རྗེ་ཅན་དང༌། རྡོ་རྗེ་སེམས་དཔའ་དང༌། རྡོ་རྗེ་ འཇིགས་བྱེད་དང༌། རྡོ་རྗེ་དབང་ཕྱུག་དང༌། ཧེ་རུ་ཀ་དང༌། དུས་ཀྱི་འཁོར་ལོ་དང༌། དང་པོའི་སངས་རྒྱས་ཞེས་སོགས་ཀྱི་མཚན་ཀྱིས་རྒྱུད་སོ་སོར་གསུངས་པ་རྣམས་ཡིན་ཏེ། ཨེ་ནི་གསང་བ་མཁའ་དབྱིངས་དང༌། །བྷ་ག་ཆོས་འབྱུང་པད་མ་ལ། ། རྣལ་འབྱོར་སེང་གེའི་གདན་ལ་བཞུགས། །མཆོག་ཏུ་རྨད་བྱུང་སྟོན་པར་མཛད། །རྡོ་རྗེ་སེམས་དཔའ་ཝཾ་རྡོ་རྗེ། །རྡོ་རྗེ་འཇིགས་བྱེད་དབང་ཕྱུག་དང༌། །ཧེ་རུ་ཀ་དང་དུས་འཁོར་ལོ། །དང་པོའི་སངས་རྒྱས་ལ་སོགས་མཚན། །ཞེས་སོ། །དེའི་ཡང་ 5-3-65a གསང་བ་ལ་སོགས་པའི་ངེས་དོན་ནི་སྟོང་པ་ཉིད་དང༌། རྡོ་རྗེ་སེམས་དཔའ་ལ་སོགས་པའི་ངེས་དོན་ནི་ཐུགས་རྗེ་ཆེན་པོ་ཡིན་པས་སྟོང་པ་དང་སྙིང་རྗེ་དབྱེར་མེད་པ་སྟོན་པ་ཡིན་ཏེ། ཨེ་ཝཾ་དེ་བཞིན་གཤེགས་པའི་རྒྱ། ། གཉིས་སུ་མེད་པའི་མཚོན་བྱེད་དང༌། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །གང་ལ་དེ་ཉིད་མངོན་པར་བརྗོད། །དེ་ལ་དེ་བཞིན་གཤེགས་པའི་རྒྱ། །གཉིས་མེད་ཡེ་ཤེས་མཚོན་པ་ནི། །རྒྱུད་ཀུན་གྱི་ནི་གླེང་གཞིར་གསུངས་ཞེས་སོ།། ༈ །།གཉིས་པའི་ཨེའི་ དོན་ནི། ཤེས་རབ་སྟོང་པ་ཉིད་དང༌། ཝའི་དོན་ནི་ཐབས་སྙིང་རྗེ་ཆེན་པོ་གཉིས་ཡིན་ལ། ཐིག་ལེའི་དོན་ནི་ཐབས་ཤེས་དེ་གཉིས་དབྱེར་མེད་དུ་སྦྱོར་བ་དང༌། དེ་ཉིད་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལ་ཁྱབ་པའི་དོན་གྱི་གཙོ་བོ་མདོར་བསྡུས་པའི་ ཆོས་ཀྱི་རྒྱལ་པོ་ཆེན་པོའི་རྒྱས་འདེབས་ཀྱི་ཕྱག་རྒྱར་གསུངས་ཏེ། རྡོ་རྗེ་ཕྲེང་བ་ལས། ཨེ་ནི་སྟོང་པ་ཉིད་དུ་གསུངས། །དེ་བཞིན་ཝ་ནི་ཐུགས་རྗེ་དང༌། །ཐིག་ལེ་དེ་གཉིས་སྦྱོར་ལས་བྱུང༌། །དེ་སྦྱོར་བ་ཡི་རྨད་མཆོག་གོ། ཆོས་ཕུང་བརྒྱད་ཁྲི་བཞི་ སྟོང་ཁྱབ། །མདོར་བསྡུས་ཆོས་ཀྱི་ཕྱག་རྒྱའོ། །རྒྱལ་པོ་ཆེན་པོའི་ཕྱག་རྒྱ་ཉིད། །རྒྱུད་རྣམས་སུ་ནི་ཐོག་མར་གསུངས། །ཞེས་སོ། །དེ་འདྲ་བའི་གཉིས་སུ་མེད་པའི་ཡེ་ཤེས་དེ་རྒྱུད་གང་ལས་བརྗོད་པ་དེ་ལ་ནི་དེ་ཉིད་མཆོག་ཡོད་ལ། དེ་མི་ སྟོན་ན་མེད་པ་ཡིན་ཏེ། རྒྱུད་ཀུན་གྱི་ནི་དོན་བསྡུས་པ། །སྟོང་ཉིད་སྙིང་རྗེ་མི་ཕྱེད་པ། །གང་ལ་དེ་ཉིད་མངོན་པར་བརྗོད། །དེ་ནི་དེ་བཞིན་གཤེགས་པའི་རྒྱ། །ཨེ་ཝཾ་ཞེས་བྱའི་ཡི་གེ་གཉིས། །གང་ལ་འདི་གཉིས་མེད་པ་ནི། །དེ་ལ་དེ་ཁོ་ན་མེད་ 5-3-65b ཅེས་གསུངས་སོ། །གསང་བ་གྲུབ་པ་ལས་ཀྱང༌། རྒྱུད་ཀྱི་དང་པོར་རྣམ་གནས་པ། །སྙིང་པོ་ལས་ནི་སྙིང་པོ་མཆོག །དེ་ཉིད་བདེ་ཆེན་མགོན་པོ་ཡིས། །གསང་བ་དེ་ཉིད་ཅེས་བྱར་གསུངས། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །སེམས་ཅན་ཀུན་ གྱི་བདེ་འབྱུང་བ། །གསང་བའི་རྟོག་པའི་རྒྱུད་རྒྱལ་པོ། །དཔལ་ལྡན་འདུས་པར་རྣམ་པར་གནས། །ཨེ་ཝཾ་རྣམ་དག་ཡི་གེ་ལ། །ཁམས་གསུམ་པོ་ཀུན་གུས་ཕྱག་འཚལ། །ཞེས་དང༌། ནམ་མཁའི་ཁམས་ཞེས་བྱ་བ་དེར། །ཏིལ་གྱི་གང་བུ་བཞིན་ དུ་མཐོང༌། །གངྒཱའི་ཀླུང་གི་བྱེ་སྙེད་ཀྱི། །དེ་བཞིན་གཤེགས་པས་ཡོངས་གང་བ། །ཡི་གེ་དེ་ཡི་དེ་ཁོ་ན། །བསྟེན་པར་བྱས་པའི་ཐབས་ཉིད་ཀྱིས། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། བླ་མེད་གོ་འཕང་ཐོབ་པར་འགྱུར། །ཞེས་ཡི་གེ་ གཉིས་ཀྱི་དོན་ཉིད་འཚང་རྒྱ་བའི་ལམ་གྱི་སྙིང་པོར་བསྔགས་སོ། །དེའི་ཕྱིར་དེ་ཉིད་ལས། འདིར་ནི་ཡི་གེ་གཉིས་པོ་ནི། །རྒྱུད་ཀྱི་དང་པོ་མེད་མི་འདོད། །ཅེས་བླ་མེད་ཀྱི་རྒྱུད་ཀུན་གྱི་དང་པོ་གླེང་གཞིའི་སྐབས་སུ་ཡི་གེ་གཉིས་ངེས་པར་དགོས་པར་གསུངས་ པ་ནི། ཨེ་ཝཾ་ཞེས་པའི་ཡི་གེ་དངོས་སུ་མེད་པ་ལ་ཡང་དེའི་ངེས་དོན་ཡོད་དགོས་པ་ལ་དགོངས་སོ།། ༈ །།གསུམ་པའི་ཨེའི་དོན་ནི། ཡུམ་གྱི་བྷ་ག་རྟེན་དང༌། ཝའི་དོན་ནི་དེ་ལ་བརྟེན་པའི་ཡབ་ཀྱི་རྡོ་རྗེ་དང་བརྟེན་པ་རྡོ་རྗེ་ལ་གནས་པའི་ཐིག་ལེ་ནི་སྣ་ ཚོགས་པའི་སྤྲུལ་པ་སྟོན་པར་བྱེད་པའི་རྡོ་རྗེ་སེམས་དཔའ་བདེ་བ་ཆེན་པོ་ལ་སོགས་པའི་བདེ་བ་ཀུན་གྱི་གཞི་ཡིན་ཏེ། ཨེ་ནི་བྷ་གའི་མཚན་ཉིད་དེ། །པདྨ་རྟེན་དུ་ཤེས་པར་བྱ། །བརྟེན་པ་རྡོ་རྗེ་ཞེས་ནི་གསུངས། །བརྟེན་པ་རྡོ་རྗེ་འཆང་བ་ 5-3-66a ཡི། །དེ་ལ་གནས་པའི་ཐིག་ལེའི་གཟུགས། །སྣ་ཚོགས་སྤྲུལ་པ་སྟོན་པར་བྱེད། །བདེ་བ་ཀུན་གྱི་གཞི་ཡི་གནས། །རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །ཞེས་སོ། །དེས་ནི་ཡབ་ཡུམ་གྱི་རྟགས་ཀྱི་ཨེ་ཝཾ་གཉིས་སྦྱར་བ་ལས་ ལམ་གྱི་ཨེ་ཝཾ་འདྲེན་པའི་ཐབས་བསྟེན་ཏོ། །ནང་གི་རང་གི་ལུས་ལ་གནད་དུ་བསྣུན་པ་ལས་ལམ་གྱི་ཨེ་ཝཾ་འདྲེན་པའི་ཐབས་ལུས་ཀྱི་གནད་ཀྱི་རྟགས་ཀྱི་ཨེ་ཝཾ་ཡང་སཾ་བྷུ་ཊ་ལས་གསུངས་ཏེ། སྤྱི་བོ་ལྟེ་བར་སོན་འཁོར་ལོ། །ཨེ་ཡིག་རྣམ་ པར་ཡང་དག་གནས། །སྙིང་ག་མགྲིན་པར་ཡང་དག་གནས། །ཝཾ་གྱི་ཡི་གེ་འདྲ་བར་འདོད། །ཅེས་སྤྱི་བོ་དང་ལྟེ་བའི་རྩ་འཁོར་གྱི་དབྱིབས་ཨེ་གྲུ་གསུམ་གྱི་དབྱིབས་དང༌། སྙིང་ཁ་དང་མགྲིན་པའི་རྩ་འཁོར་གྱི་དབྱིབས་ཝཾ་ཡིག་ཟླུམ་པོའི་དབྱིབས་ སུ་གནས་པ་ཨེ་ཝཾ་གྱི་དོན་དུ་བཤད་དོ། །འདིར་རྟགས་ཞེས་པ་ནི་དབྱིབས་ཀྱི་མཚན་མའི་རྟགས་སོ། །དེ་ལྟར་འབྲས་བུའི་ཨེ་ཝཾ་ལེགས་པར་ཤེས་ནས་དེ་ཐོབ་པར་འདོད་པ་ན། དེའི་ཐབས་ལམ་གྱི་ཨེ་ཝཾ་གཉིས་ཀྱི་སྦྱོར་ཚུལ་རྒྱུད་གཉིས་ནས་ བཤད་པ་ལྟར་ལེགས་པར་ཤེས་ཏེ། དེ་འདྲེན་པའི་ཐབས་ཕྱིའི་རྟགས་ཀྱི་ཨེ་ཝཾ་ཕྱག་རྒྱ་དང་མཉམ་པར་སྦྱོར་བ་དང༌། ནང་གི་རྟགས་ཀྱི་ཨེ་ཝཾ་རྩ་འཁོར་གྱི་གནད་དུ་སྣུན་ཚུལ་ལ་མཁས་པར་བྱས་ནས་ལམ་དེ་འདྲེན་ཐབས་བྱེད་པ་དེར་རྒྱུད་ གཉིས་ཀྱི་གནད་མཐའ་དག་འདུ་བས། ཡི་གེ་གཉིས་ཀྱི་དོན་དང་དེའི་ཡན་ལག་ཏུ་རྒྱུད་མཐའ་དག་འགྲོ་ཚུལ་ལེགས་པར་ཤེས་ན། ཡི་གེ་གཉིས་ཀྱི་དོན་ཡིན་པར་རྒྱུད་རྣམས་ལས་མང་དུ་བསྔགས་པ་རྣམས་ཤེས་པར་འགྱུར་རོ། ། 5-3-66b ༈ །།རྒྱུད་ཀུན་གྱི་གཙོ་བོའི་དོན་ནི་ཨེ་ཝཾ་གྱི་དོན་ཡིན་ལ། དེའི་ངེས་དོན་ཡང་སྟོང་པ་དང་སྙིང་རྗེ་གཉིས་ཡིན་ན། དེ་གཉིས་ཀྱི་དོན་གང་ཡིན་པ་བཤད་དགོས་སོ་ཞེ་ན། ཨེ་ཡིག་དང་ཆོས་འབྱུང་གི་དབྱིབས་གྲུ་གསུམ་དུ་ཡོད་པས་བདག་མེད་པའི་དེ་ བཞིན་ཉིད་མཚོན་པར་བྱེད་ལ། དེའི་ཚེ་གྲུ་གསུམ་གྱིས་ནི་རྣམ་པར་ཐར་པའི་སྒོ་གསུམ་ཡང་མཚོན་པས། ཆོས་རྣམས་ཀྱི་ངོ་བོ་དང་རྒྱུ་དང་འབྲས་བུ་གསུམ་རང་བཞིན་གྱི་གྲུབ་པས་སྟོང་པའི་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་ མེད་པའི་དོན་ཨེ་ཡིག་གི་མཚོན་དོན་ཡིན་པའི་ཕྱིར་རོ། །སྟོང་པ་ཉིད་ཀྱི་ལྟ་བ་ཕུ་ཐག་ཆོད་པ་ཞིག་མེད་ན་ཨེ་ཡིག་གི་དོན་མ་ཚང་ངོ༌། །དེ་ཡོད་ཀྱང་ཕྱི་ནང་གི་ལུས་ལ་གནད་དུ་བསྣུན་པ་ལས་བྱུང་བའི་བདེ་བ་ཆེན་པོ་ཞིག་མེད་ན། ཝ་ཡིག་གི་དོན་མ་ ཚང་ངོ༌། །དེ་གཉིས་ཡོད་ཀྱང་སྟོང་ཉིད་ཀྱི་ལྟ་བ་ཞུ་བདེའི་ངོ་བོར་སྐྱེད་པ་དང༌། སྟོང་ཉིད་ཡུལ་དང༌། བདེ་ཆེན་ཡུལ་ཅན་དུ་བྱས་ནས་དེས་དེ་ཕྱིན་ཅི་མ་ལོག་པར་ངེས་པའི་བདེ་སྟོང་སྦྱོར་མི་ཤེས་ན། ཐེག་ལེའི་དོན་མ་ཚང་བ་ཡིན་པས། བདེ་སྟོང་ དབྱེར་མེད་ཀྱི་ཨེ་ཝཾ་གྱི་དོན་ཤེས་པར་འདོད་ན་དེ་རྣམས་ཤེས་དགོས་སོ། །བདེན་གཉིས་དབྱེར་མེད་ཀྱི་ཨེ་ཝཾ་གྱི་ཨེའི་དོན་ནི་དོན་གྱི་འོད་གསལ་གྱི་ཡེ་ཤེས་སོ། །ཝ་ཡིག་གི་དོན་ནི་ཡོངས་སུ་དག་པའི་སྒྱུ་ལུས་སོ། །དེ་གཉིས་དབྱེར་མེད་ དུ་སྦྱོར་ཚུལ་ནི་སྔ་མ་ཐུགས་དང་ཕྱི་མ་སྐུར་ངོ་བོ་གཅིག་ཏུ་སྦྱོར་བ་ཐིག་ལེའི་དོན་ཏེ། ཨེ་ཝཾ་གྱི་དོན་གཉིས་པ་ཟུང་འཇུག་གི་མཐར་ཐུག་གོ། འདི་རྣམས་རྒྱས་པར་རིམ་ལྔ་གསལ་སྒྲོན་དུ་བཤད་ཟིན་པ་ལས་ཤེས་པར་བྱའོ།། ༈ །།ལམ་གྱི་ 5-3-67a རིམ་པར་ཁྲིག་ཆགས་སུ་བསྡུ་བ་ན། སྔར་ལེའུ་དང་པོས་དོན་འདི་སྟོན་གྱི་བསྡུས་དོན་གྱི་སྐབས་སུ་འགྲེལ་པར་གསུངས་པ་ལྟར་བྱ་བ་ལ། རིམ་པ་དང་པོའི་སྐོར་ལ་སྦྱར་ཏེ་བཤད་ན། ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་ ཕྱུང་བ་ནི་དབང་གི་དཀྱིལ་འཁོར་ལ་གསུངས་པས་དེ་བཤད་པས་མཚོན་ནས་དབང་བསྐུར་བའི་ཆོག་ལྷག་མ་ཁ་བསྐངས་ནས། དབང་གི་དཀྱིལ་འཁོར་དུ་རིག་པའི་དབང་བསྐུར་བ་བྱིན་པ་སྔོན་དུ་བླང་ངོ༌། །དབང་བསྐུར་བ་བཞི་བྱེད་པ་ ནི། དེ་བཞིན་གཤེགས་པ་ཐམས་ཅད་ལ་བྱིན་གྱིས་བརླབས་པར་མཛད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་འབྱུང་བའི་ཚིག་གིས་ཞེས་པ་ལ་ཚུལ་བཞིར་བཤད་པས་སྟོན་ནོ། །དབང་གིས་སྣོད་རུང་དུ་བསྒྲུབས་པ་ལ། རིམ་པ་གཉིས་ཀྱི་ལམ་རིམ་གྱིས་བསྟན་དགོས་པས། དེ་ནི་གླེང་གཞི་དང༌། གཟུངས་དཀྱིལ་དང༌། བསྡུས་དཀྱིལ་གྱི་མདོར་བསྟན་དང༌། རྒྱས་བཤད་ཀྱི་དོན་བཤད་པ་ལས་འབྱུང་ངོ༌། །ཇི་ལྟར་འབྱུང་ན། བསྡུས་དཀྱིལ་གྱིས་རྟེན་གྱི་ དཀྱིལ་འཁོར་དང༌། བརྟེན་པའི་གཙོ་བོ་རྡོ་རྗེ་འཆང་དང༌། ལྷག་མོས་ལུས་ལ་བསྡུ་བ་དང༌། ཟིལ་གནོན་རྡོ་རྗེ་སྤྱི་དོན་དུ་བཤད་པས་ལྷག་མོས་ཀྱི་སྐྱེད་ཚུལ་དང༌། ལྷག་མོས་ཀྱི་དཀྱིལ་འཁོར་ཚང་བར་བཏོན་ནས། དེ་རྣམས་ཀྱི་མཛད་ པ་མཛད་ཚུལ་རྣམས་སྟོན་ནོ། །དེ་ནས་གླེང་གཞིའི་ཡི་གེའི་དོན་རྗེས་འཇུག་གི་ཉམས་ལེན་ལྟར་བཤད་པས་མངོན་བྱང་ལྔ་ལས་རྡོ་རྗེ་འཆང་སྐྱེད་པ་བསྟན་པ་ལ་ས་བོན་དང་ཕྱག་མཚན་གཉིས་ནི། དམ་ཚིག་འབྱུང་བ་རྡོ་རྗེའི་ཏིང་ 5-3-67b ངེ་འཛིན་དྲང་དོན་དུ་བཤད་པའི་ཚེ་ཡི་གེ་གསུམ་དང་རྡོ་རྗེ་ལས་སྐྱེད་པ་བྱུང་བ་དེར་སྦྱར། དེ་ནས་དང་པོའི་མགོན་པོ་རྡོར་སེམས་སྤྲུལ་སྐུར་བསྒྱུར་བ་ནི། ཟིལ་གནོན་རྡོ་རྗེའི་ཡིག་དོན་དང༌། སྦས་བཤད་དང་སྦྱར། བསྒྱུར་བ་ལ་ལུས་དཀྱིལ་ཚང་བར་ འགོད་པ་དང༌། སྐུ་གསུང་ཐུགས་བྱིན་བརླབ་དང༌། སེམས་དཔའ་སུམ་རྩེགས་སུ་བྱ་བའི་བར་ནི་སྐྱེས་བུའི་གཟུགས་འདི་སྔགས་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་པར་བཤད་པ་དྲང་དོན་དུ་བཤད་པས་བསྟན། དེ་ནས་རིག་མ་དང་རྡོ་རྗེ་པདྨ་འདུ་ བྱ་བ་ནི་གླེང་གཞི་སྤྱི་དོན་དུ་བཤད་པའི་སྐབས་དང༌། གཟུངས་དཀྱིལ་གྱི་ལྷ་མོ་སྤྲུལ་པ་དྲང་དོན་དུ་བཤད་པས་བསྟན། སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་དང་ས་བོན་གྱི་སྔགས་ལས་ཡུམ་གྱི་པདྨར་ལྷ་རྫོགས་པར་སྐྱེད་པ་ཡང་ གླེང་གཞི་སྤྱི་དོན་དུ་བཤད་པ་ལས་བསྟན། ཡུམ་གྱི་པད་མར་རྟེན་གྱི་དཀྱིལ་འཁོར་སྐྱེད་པ་ནི་བསྡུས་དཀྱིལ་གྱི་སྐབས་སུ་བཙུན་མོའི་བྷ་ག་ལ་རྟེན་གྱི་དཀྱིལ་འཁོར་སྤྲུལ་པས་བསྟན་པ་ནི་རྣམ་གཞག་གི་དགོངས་པའོ། །འཁོར་ཕུན་ ཚོགས་དྲང་དོན་དུ་བཤད་པ་ལྟར་ན། དངོས་སུ་སྨོས་པ་ཉེར་གཉིས་དང་མ་སྨོས་པ་བཅུ་མངལ་དུ་བསྐྱེད་པ་ཕྱིར་ཕྱུང་ནས་དཀྱིལ་འཁོར་གྱི་གནས་སུ་འགོད་པ་སྟོན་ཏེ། ལྷ་བཅུ་གསུམ་ཕྱུང་བའི་སྐབས་ཀྱི་དྲང་དོན་ལ་བཤད་པའི་སྟེང་ནས་འཁོར་ དྲང་དོན་དུ་བཤད་པ་གསལ་དུ་བཏང་བར་ཤེས་པར་བྱའོ། །ལྷ་བཅུ་གསུམ་ཕྱུང་བ་ནི་དབང་གི་དཀྱིལ་འཁོར་སྒྲུབ་པའི་སྐབས་ཁོ་ན་མིན་གྱི། བསྐྱེད་རིམ་ལ་ཐུན་བཞིར་བྱེད་པའི་སྐབས་ཀྱི་དཀྱིལ་འཁོར་རྒྱལ་མཆོག་ཀྱང་ཤེས་པར་བྱའོ།། 5-3-68a ། ༈ །རྫོགས་རིམ་སྟོན་ཚུལ་ལ་གླེང་གཞིས་བསྟན་ཚུལ་ནི། གླེང་གཞི་སྦས་བཤད་ཀྱི་སྐབས་སུ་ལུས་དབེན་དང༌། ངག་དབེན་ཅུང་ཟད་དང༌། དེ་གཉིས་སྔོན་དུ་བཏང་བ་ལ་བརྟེན་ནས་ཕྱིའི་རྐྱེན་ཕྱག་རྒྱ་དང་སྦྱོར་བ་དང༌། ནང་ གི་རྐྱེན་སྲོལ་རྩོལ་རླུང་གི་རྣལ་འབྱོར་གྱིས་གཞི་ལ་ལུགས་འབྱུང་དང་ལུགས་ལྡོག་གི་སྟོང་པ་བཞི་ཇི་ལྟར་གནས་པ་དེ་བཞིན་དུ་བསྐྱེད་དེ་སེམས་དབེན་རྫོགས་པར་བྱེད། དེ་ལས་སྒྱུ་ལུས་སྒྲུབ་པའི་ཕྱིར་དུ་སྤྱོད་པ་བྱས་ནས་སྒྱུ་ལུས་ སྒྲུབ། དེ་གྲུབ་པ་དང༌། དོན་གྱི་འོད་གསལ་གྱི་ཡེ་ཤེས་བསྐྱེད་པའི་ཕྱིར་དུ་སྤྱོད་པའང་བསྡུ། དེ་ལྟར་སྤྱོད་པ་བྱས་པས་སྒྱུ་ལུས་བསམ་གཏན་གཉིས་ཀྱིས་འོད་གསལ་དུ་བཅུག་པའི་འོད་གསལ་དང་ཟུང་འཇུག་གཉིས་ནི་གླེང་གཞི་མཐར་ ཐུག་ཏུ་བཤད་པ་ལས་འབྱུང་ངོ༌། །ཟུང་འཇུག་ཐོབ་པ་དེས་ཟུང་འཇུག་པའི་དཀྱིལ་འཁོར་རྒྱལ་མཆོག་སྤྲུལ་པ་ནི་འཁོར་ཕུན་ཚོགས་ལ་ངེས་དོན་དུ་བཤད་པའི་དོན་ནོ། །གླེང་གཞིར་རྫོགས་རིམ་བསྟན་པ་ཅུང་ཟད་གསལ་བར་ནི་གཟུངས་དཀྱིལ་ མན་ཆད་གྱི་རྫོགས་རིམ་གྱི་བཤད་པ་རྣམས་ཀྱིས་སྟོན་པ་ལ། གཟུངས་དཀྱིལ་ངེས་དོན་དུ་བཤད་པ་ན་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱའི་རིག་མ་ལ་བརྟེན་ནས་སྲོག་དྷཱུ་ཏཱིར་སྡུད་ནུས་པ་དང༌། གང་ལ་དམིགས་ནས་རྡོར་བཟླས་བྱ་བའི་ཡུལ། རྩ་ བ་དང་ཡན་ལག་གི་རླུང་དགུ་བསྒོམས་པས་སྲོག་དྷཱུ་ཏཱིར་བསྡུས་པ་ལས་ཡེ་ཤེས་གསུམ་སྐྱེད་པར་བསྟན་ལ། ཡེ་ཤེས་གསུམ་རླུང་གི་བཞོན་པ་དང་བཅས་པ་ལས་སྒྱུ་མའི་སྐུ་སྒྲུབ་པ་དང་སྐུ་དེ་འོད་གསལ་དུ་འཇུག་པ་དང་འོད་གསལ་ལས་ 5-3-68b ལངས་པ་ན་ཟུང་འཇུག་གི་ལོངས་སྤྲུལ་གྱི་སྐུ་གཉིས་བསྐྱེད་པ་ནི་བསྡུས་དཀྱིལ་མདོར་བསྟན་པ་ངེས་དོན་དུ་བཤད་པ་ལས་འབྱུང་ངོ༌། །དེ་ནས་ཟིལ་གནོད་རྡོ་རྗེ་མཐར་ཐུག་ཏུ་བཤད་པས་སྟོང་པ་བཞི་རིམ་གྱིས་འོད་གསལ་དུ་འཇུག་པ་དང་དམ་ཚིག་ འབྱུང་བ་ངེས་དོན་དུ་བཤད་པས་འོད་གསལ་ལས་འཁྲུངས་པའི་ཟུང་འཇུག་གི་སྐུ་གཉིས་སྟོན་ནོ། །སྔར་གྱི་འཁོར་ཕུན་ཚོགས་རྗེས་འཇུག་ལ་ངེས་དོན་དུ་བཤད་པ་ནི་ལྷ་བཅུ་གསུམ་ཕྱུང་བའི་དཀྱིལ་འཁོར་ངེས་དོན་དུ་བཤད་པས་གསལ་བར་ བྱེད་དོ། །ལེའུ་དང་པོའི་མཐའ་གཅོད་དོ།། །།ཁྱེད་ཀྱིས་སེམས་ལུས་ལྟ་བུ་དང་ཞེས་སོགས་ཀྱི་ཚིག་གསུམ་པོ་འདི། སྤྱོད་བསྡུས་ལས་གསང་ཆེན་རིགས་གཅིག་གི་ལུས་དབེན་ལ་སྦྱར་རོ། །དེ་ནི་ཡེ་ཤེས་ཀྱི་སྐུ་དངོས་མིན་ལ་འདིར་བཤད་ པའི་དྲང་ངེས་གཉིས་ཀྱི་ནང་ནས་དྲང་དོན་དུ་སྡུད་པའམ་ཡང་ན་སྔགས་ཀྱི་སྐུ་དང་ཁྱད་པར་ཆེ་བས་འདིར་བཤད་པའི་ངེས་དོན་དངོས་མིན་ཀྱང་དེར་བསྡུ་རུང་ངོ༌། །རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ལས་བསྐྱེད་རིམ་པའི་སྐུ་གསུང་ཐུགས་བྱིན་བརླབས་ ལ་སྦྱར་ཏེ། དེ་ལ་ཕྱེ་ན་སྐུ་གསུང་ཐུགས་སོ་སོ་དང་ཐུན་མོང་དུ་བྱིན་གྱིས་རློབ་པ་གཉིས་སུ་འགྱུར་རོ། །སྔ་མ་རྣམས་ལྷག་མོས་ཀྱི་གཙོ་བོ་ལ་སྦྱོར་མོད་ཀྱང་ཁུངས་ཐུབ་ཀྱི་བཤད་པ་དོར་ནས་འོལ་ཚོད་ཀྱིས་འཆད་པའོ།། ༈ །།དངོས་པོ་མེད་པས་སྒོམ་ པ་མེད། །ཅེས་པའི་རྐང་པ་བཞིས་སྣོད་བཅུད་ཀུན་རང་བཞིན་མེད་པར་བསྟན་པ་དང༌། རང་བཞིན་མེད་པའམ་དངོས་པོ་མེད་པ་ཡང་དགག་བྱ་ལ་ཁྱད་པར་མ་སྦྱར་བ་མིན་གྱི་དོན་དམ་པར་ཡོད་པ་མིན་པར་མདོར་བྱས་ལས་གསུངས་ཏེ། ཚིགས་ 5-3-69a བཅད་འདི་ཡིས་རྒྱུ་མི་རྒྱུའི། །བདག་ཉིད་ཅན་རྣམས་སྟོང་པར་བསྒོམ། །ཞེས་དང༌། དམ་པའི་དོན་དུ་དངོས་པོ་རྣམས། སྲིད་གསུམ་དངོས་པོ་མེད་པར་བསྒོམ། །ཞེས་གསུངས་སོ། །རྩ་རྒྱུད་ལས་ཀྱང༌། ཆོས་རྣམས་ རྨི་ལམ་ལྟ་བུ་སྟེ། །ངོ་བོ་ཉིད་ཀྱིས་མ་སྐྱེས་ཤིང༌། །རང་བཞིན་དག་པ་དེ་ཉིད་ལ། །འཁྲུལ་པའི་རྡོ་རྗེ་རབ་ཏུ་གསུངས། །ཞེས་ཆོས་རྣམས་མ་སྐྱེས་པ་ཞེས་སྐྱེ་བ་འགོག་པ་ལ་ངོ་བོ་ཉིད་ཀྱིས་ཞེས་པའི་ཁྱད་པར་སྦྱོར་བ་གསུངས་པ་ནི། ལང་ ཀར་གཤེགས་པ་ལས། རང་བཞིན་གྱིས་མ་སྐྱེས་པ་ལ་དགོངས་ནས་ངས་ཆོས་ཐམས་ཅད་སྐྱེ་བ་མེད་པའོ། །ཞེས་གསུངས་སོ། །ཞེས་གསུངས་པ་དང་ཁྱད་པར་མེད་དོ། །དེས་ན་རྩ་ཤེ་ལས། རྟེན་ཅིང་འབྱུང་བ་གང་ཡིན་ལ། །དེ་ནི་ ངོ་བོ་ཉིད་ཀྱིས་ཞི། །ཞེས་དབུ་མ་ལས་གསུངས་པ་དང་སྔགས་ལས་གསུངས་པ་རྣམས་ལ་མི་འདྲ་བ་མེད་པས། རང་བཞིན་གྱིས་གྲུབ་པར་འཛིན་པ་ནི་རྟག་ལྟ་དང༌། བྱ་བྱེད་གཞག་ས་མེད་པའི་ལྟ་བ་ནི་ཆད་ལྟ་ཡིན་ལ། དེ་ནི་རྨི་ལམ་ གྱི་དཔེས་དངོས་པོའི་ཆོས་རྣམས་ངོ་བོ་ཉིད་ཀྱིས་མ་སྐྱེས་པར་རྟོགས་པས་འཁྲུལ་པའི་རི་བོ་འཇོམས་པ་ལ་རྡོ་རྗེ་ལྟ་བུར་གསུངས་སོ། །ལེའུ་བཅུ་གསུམ་པ་ལས་ཀྱང༌། མ་སྐྱེས་པ་ཡི་ཆོས་རྣམས་ནི། །ཞེས་པ་ནས། ཡེ་ཤེས་འབྱུང་ བ་རབ་ཏུ་བཤད། །ཅེས་གསུངས་པའི་དོན་ལ་འགྲེལ་པར་སྔར་ལྟར་ངོ་བོ་ཉིད་ཀྱིས་མ་སྐྱེས་ཤིང་མ་བརྟག་ན་ཉམས་དགའ་བ་ཙམ་དུ་ཡོད་པའི་ཆོས་རྣམས་ལས་འབྲས་བུ་འབྱུང་བར་བཅོམ་ལྡན་འདས་ཀྱིས་མང་དུ་གསུངས་པ་ནི་ 5-3-69b ངོ་མཚར་ཆེའོ་ཞེས་གསུངས་ཏེ། ངོ་མཚར་ཆེ་ལུགས་ནི། ངོ་བོ་ཉིད་ཀྱིས་གྲུབ་པ་ཅུང་ཟད་ཀྱང་མེད་བཞིན་དུ་རྒྱུ་འབྲས་འཇོག་པ་འཐད་པ་ཡིན་པས་འདི་ཤིན་ཏུ་གལ་ཆེའོ།། ༈ །།དངོས་པོ་མེད་པ་ཞེས་སོགས་སྤྱི་དོན་དུ་བཤད་པའི་སྐབས་སུ་ཕྱི་རོལ་བཀག་ ནས་སེམས་ཙམ་དུ་བཞག་པ་འདྲ་བ་འགའ་ཞིག་བྱུང་བ་དང་སྐབས་གཞན་དུ་ཡང་དེ་ལྟར་བྱུང་བ་རྣམས་ཞིབ་ཏུ་དཔྱོད་མ་ནུས་ཤིང༌། སྤྱིར་འཕགས་པ་ཡབ་སྲས་ཀྱི་བཞེད་པ་དང་ཁྱད་པར་དུ་འགྲེལ་པ་མཛད་པའི་བཞེད་པས། ཐ་སྙད་དུ་ཕྱི་རོལ་ཁས་ ལེན་པའི་རྣམ་བཞག་མཐའ་ཆོད་པར་མ་རྟོགས་པ་ལ་བརྟེན་ནས། ཕྱི་རོལ་ཁས་མི་ལེན་པ་སྒྲོན་གསལ་གྱི་ལུགས་སུ་སྨྲ་བ་བྱུང་སྣང་ནའང༌། དེ་མི་འཐད་པའི་ཚུལ་དང་ལྟ་བ་ལ་རྟག་ཆད་ཀྱི་མཐའ་སྤོང་ལུགས་རྒྱས་པར་གཞན་དུ་བཤད་ཟིན་པས་འདིར་ མ་སྤྲོས་སོ།། ༈ །།ཡང་དངོས་པོ་མེད་པ་ཞེས་སོགས་ཀྱི་སྦས་བཤད་དང་མཐར་ཐུག་གི་བཤད་པའི་སྐབས་ལས་རིམ་ལྔ་ནས་བཤད་པའི་རིམ་པ་ཐ་མ་གསུམ་གཞུང་གཞན་ནས་མི་གསལ་བ་ལུགས་འདིར་ཞིབ་ཏུ་གཏན་ལ་འབེབས་པ་རྣམས་མཐའ་ཆོད་ པར་རྟོགས་ན་ལུགས་འདིའི་ཁྱད་ཆོས་ཆེན་པོར་འགྱུར་ཞིང༌། དེ་ལ་བརྟེན་ནས་ལུགས་གཞན་མང་པོའི་ལམ་ལ་ངེས་པ་ཆེན་པོ་སྟེར་བའི་ཚུལ་ཡང་རིམ་ལྔ་གསལ་སྒྲོན་སོགས་ལས་རྒྱས་པར་བཤད་ཟིན་པས་དེར་ཤེས་པ་ དེ་བཞིན་གཤེགས་ པ་དྲུག་གི་བྱང་ཆུབ་ཀྱི་སེམས་གསུངས་པའི་འོག་ཆེད་བརྗོད་ཀྱི་གོང་གི་བར་འདིར་བཤད་རྒྱུད་ཀྱི་རྩ་རྒྱུད་ཀྱི་བྱང་ཆུབ་ཀྱི་སེམས་ལ་དོགས་པ་བཅད་ནས་གསུངས་པ་འདིར་ཤེས་དགོས་པས། དེ་ནི་ལུང་སྟོན་ལས། དེ་ནས་དཔལ་ལྡན་རྡོ་རྗེ་འཛིན། ། 5-3-70a བྱང་ཆུབ་སེམས་ནི་ཐོས་པ་དང༌། །དགོངས་པའི་དོན་ནི་རབ་བཤད་པར། །རྣམ་པར་སྣང་མཛད་ཆེ་ལ་ཞུས། །དངོས་པོ་མེད་ཅིང་དམིགས་མེད་པ། །བྱང་ཆུབ་སེམས་དཔའ་མཁའ་དང་མཚུངས། །གསང་བའི་ཚུལ་ནི་ འདི་ཐོས་ནས། །དང་པོ་པ་ཡི་རྟོག་པ་སྐྱེ། །ལུས་ལ་སོགས་པ་གསུམ་སྦྱོར་བས། །སེམས་ནི་དེ་རྣམས་སྐྱེད་པར་བྱེད། །ཡང་དག་བྱང་ཆུབ་དུ་མའི་མཐར། །འདི་ལ་སོ་སོ་སྐྱེ་བོ་སྨྲ། །ཐུབ་པའི་གསུང་ནི་དེ་རྣམས་ལ། །རང་གི་སྒྲ་བཞིན་འཛིན་པར་བྱེད། ། བསམ་པའི་དབང་ནི་ཇི་བཞིན་དུ། །འགྲོ་བའི་དོན་དུ་བཀའ་སྩོལ་ཅིག །ཅེས་ཞུས་པའི་དོན་ནི། དམིགས་པ་མེད་པའི་བྱང་ཆུབ་ཀྱི་སེམས་ནམ་མཁའ་དང་མཚུངས་པ་བསྐྱེད་པར་བྱའོ་ཞེས་པའི་ཚུལ་འདི་ཐོས་པ་ན། ལས་དང་པོ་པ་རྣམས་ལ་རྟོག་ པ་སྐྱེའོ། །རྟོག་པ་ཇི་འདྲ་བ་སྙམ་ན། ཐུབ་པའི་གསུང་ལ། གསུང་རབ་རང་ནས་འབྱུང་བའི་སྒྲ་ཇི་བཞིན་པར་བཟུང་ནས། རང་རང་གི་བསམ་པའི་དབང་ཇི་བཞིན་དུ་འཛིན་པའི་རྟོག་པ་སྐྱེ་སྟེ། དེ་ཡང་ལུས་སྐུ་རྡོ་རྗེ་རྣམ་སྣང་དང༌། ངག་གསུང་རྡོ་རྗེ་ འོད་དཔག་མེད་དང༌། ཡིད་ཐུགས་རྡོ་རྗེ་མི་བསྐྱོད་པར་སྦྱོར་བའི་བསྐྱེད་རིམ་པའི་རྡོ་རྗེ་གསུམ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཙམ་ཞིག་ཏུ་འཛིན་པ་དང༌། ཡང་དག་པའི་བྱང་ཆུབ་འོད་གསལ་གྱི་ཡེ་ཤེས་ཇི་བཞིན་དུ་མ་རྟོགས་ པར་མི་མཐུན་པ་དུ་མའི་མཐར་སྨྲའོ། །དེས་ན་དེ་དག་གི་དོན་དུ་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱ་བར་གསུངས་པའི་དོན་བཀའ་སྩོལ་ཅིག་ཅེས་པའོ། ༈ །དེའི་ལན་དུ། ལག་ན་རྡོ་རྗེ་ལ་འདི་གསུངས། །རྣམ་པར་མི་རྟོག་དོན་དེ་ཉིད། ། 5-3-70b རབ་ཏུ་ཕྱེ་སྟེ་བཤད་པར་བྱ། །ཚིག་ཏུ་བརྗོད་དང་དམིགས་པར་བཤད། །བརྡ་དང་དོན་དམ་པ་ཡིན་ནོ། །རྐྱེན་དང་ཉན་ཐོས་རྣམས་ཀྱི་དང༌། །མདོ་དང་གསང་སྔགས་སྤྱོད་རྣམས་ཀྱི། །དེ་བཞིན་གཤེགས་པས་གསུངས་པ་ཡི། །བྱང་ཆུབ་སེམས་འདི་ བླ་ན་མེད། །དེ་བཞིན་ཡང་དག་སྦྱོར་བ་འདི། །དགོངས་པའི་གསང་བ་བླ་ན་མེད། །གཉིས་མེད་དམ་ཚིག་རྡོ་རྗེ་དང༌། །པདྨ་དེ་ལས་སྐྱེད་པར་བྱེད། །ཚིག་ཏུ་བརྗོད་པ་ཐུན་མོང་སྟེ། །སངས་རྒྱས་སྐུ་ནི་དམིགས་ཅན་ཡིན། །གསང་སྔགས་དེ་ཉིད་ཅེས་བྱ་ བརྡ། །དེ་བཞིན་ཉིད་ནི་དོན་དམ་པའོ། །ཞེས་གསུངས་ཏེ། རྣམ་པར་མི་རྟོག་པའི་དོན་ནི་རྫོགས་རིམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་དོན་དེ་ཉིད་དོ། །རབ་ཏུ་ཕྱེད་པ་ནི་བརྗོད་པ་ལ་སོགས་པ་བཞིར་ཕྱེ་བ་མིན་གྱི། རིམ་གཉིས་ཀྱི་བྱང་ཆུབ་ཀྱི་སེམས་སོ་སོར་ མ་ཕྱེ་པ་ལ་སོ་སོར་ཕྱེ་སྟེ་འཆད་ཅེས་པའོ། །རྐྱེན་དང་ཞེས་པ་ནི་རང་རྒྱལ་ལོ། །མདོ་དང་ཞེས་པ་ནི་ཕར་ཕྱིན་གྱི་ཐེག་ཆེན་པའོ། །དེ་བཞིའི་དོན་དུ་དེ་བཞིན་གཤེགས་པས་གསུངས་པའི་བྱང་ཆུབ་ཀྱི་སེམས་བླ་ན་མེད་པ་ནི། དེ་ཁོ་ན་ཉིད་མཐར་ ཐུག་པ་ཁོང་དུ་ཆུད་པའི་བྱང་ཆུབ་ཀྱི་སེམས་ཏེ། དེ་ཁོ་ན་ཉིད་ལ་ལྟོས་ནས་ནི་སྔགས་སུ་ཡང་དེ་ལས་ལྷག་པ་མེད་པས་བླ་ན་སྟེ་གོང་ན་མེད་པ་ཞེས་བྱའོ། །དེ་བཞིའི་དོན་དུ་གསུངས་པའི་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་དང་ཡང་དག་ པར་སྦྱོར་བ་ནི། གཞན་རྣམས་ལ་གསང་བར་བྱ་བ་རྗོགས་རིམ་པའི་བྱང་ཆུབ་ཀྱི་སེམས་བླ་ན་མེད་པའོ། །དེ་ཡང་གཉིས་སུ་མེད་པའི་ཟུང་འཇུག་དང༌། དམ་ཚིག་ནི་ས་མ་ཡ་ལ་ས་མ་ཏའི་ངེས་ཚིག་གིས་བཤད་ན་མཉམ་པ་ཉིད་དེ་དེ་ཁོ་ 5-3-71a ན་ཉིད་དང་རོ་གཅིག་ཏུ་མཉམ་པར་ཞུགས་པའི་འོད་གསལ་ཏེ་བྱང་ཆུབ་ཀྱི་སེམས་གཉིས་ཏེ། འདི་ནི་བསྐྱེད་བྱའི་བྱང་ཆུབ་ཀྱི་སེམས་འགྲེལ་པར་བཤད་པ་རྣམས་སོ། །བྱང་ཆུབ་ཀྱི་སེམས་ཀྱིའང་སྟོང་ ཉིད་རྟོགས་པ་ཐུན་མོང་བ་དང་བདེ་ཆེན་ཐུན་མོང་མིན་པ་ཡིན་ན། དེ་ཐབས་གང་གིས་སྐྱེད་སྙམ་ན་རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བ་དེ་ལས་བདེ་ཆེན་སྐྱེད་པར་བྱེད་དོ། །དེ་ནི་ཕྱག་རྒྱ་ལ་བརྟེན་ནས་སྐྱེད་པ་ཡིན་ལ་ནང་གི་ལུས་ལ་ གནད་དུ་བསྣུན་པའི་ཐབས་ལས་སྐྱེད་པ་ནི་བརྗོད་པ་དང་བརྡ་གཉིས་ཀྱིས་སྟོན་ཏེ་འཆད་པར་འགྱུར་རོ། །བརྗོད་པའི་སྔགས་ནི་སྐྱེ་བོ་ཀུན་གྱི་ངག་ལ་ཐུན་མོང་དུ་ཡོད་པའི་དབྱངས་གསལ་ལས་བཏུས་པའི་སྦྲུལ་ལ་སོགས་པའི་སྔགས་ ཀྱི་སྙེད་པ་ཀུན་རྡོ་རྗེ་གསུམ་གྱི་སྔགས་འབྲུ་གསུམ་དུ་བསྡུས་པའོ། །བརྡ་ཡིས་དེ་ཉིད་གསུམ་གནས་པ། །རང་བཞིན་བཟླས་པའི་མཚན་ཉིད་དོ། །ཞེས་པས་གསལ་དུ་བཏང་སྟེ། བརྡ་ཡིས་ནི་རླུང་གི་དེ་ཉིད་ལྡང་འཇུག་གནས་པ་ གསུམ་དུ་དང་པོ་ནས་གནས་པ་དེ་རང་བཞིན་གྱིས་བཟླས་པའི་མཚན་ཉིད་ཅན་དུ་ཤེས་པར་བྱ་བར་བསྟན་པས་ནང་གི་སྔགས་གསུམ་གྱི་བརྡ་ནི་དེ་ཉིད་གསུམ་གནས་ཡིན་ལ། འཇུག་པའི་དེ་ཉིད་ནི་ཨོཾ་གྱི་བརྡ་ཡིན་དེས་གཞན་ གཉིས་ཀྱང་ཤེས་པར་བྱའོ། །དེ་ལྟར་ན་རྡོར་བཟླས་ཀྱི་བཟླས་བྱའི་སྔགས་བཏུས་པ་ན་ཡི་གེ་གསུམ་བྱུང་བ་དེའི་མིང་གི་བརྡ་བསྟན་པ་ན། རླུང་གི་གདངས་གྱི་ཡི་གེར་ཤེས་ནས་དེ་གཉིས་དབྱེར་མེད་དུ་སྦྱོར་བ་ཡིན་ནོ། །སྔགས་ཀྱི་དོན་ནི་ 5-3-71b སྤྱིར་དུ་མ་ཞིག་ཡོད་ཀྱང༌། འདིར་རྡོར་བཟླས་ཀྱི་ཡི་གེ་གསུམ་གྱི་སྔགས་ཀྱི་དོན་བཤད་དགོས་ལ་དེ་ཡང་ཡི་གེ་གསུམ་གྱི་གདངས་ལ་བྱེད་པ་བཤད་ཟིན་པས་དེ་མིན་ནོ། །འོ་ན་གང་ཞེ་ན། རྫོགས་རིམ་པའི་སྐུ་རྡོ་རྗེ་ལ་སོགས་པ་གསུམ་ཡིན་ ལ་དེ་ནི་དགོངས་པ་ལུང་སྟོན་ལས། དེ་ནི་ཡོངས་སུ་གྱུར་པའི་ལུས། །ལྷ་རུ་ཉེ་བར་དམིགས་པའོ། །ཞེས་གསུངས་པ་དེ་ཡིན་ཏེ། དེ་ཡང་སེམས་ལུས་ལྟ་བུ་དང་ཞེས་སོགས་ཀྱིས་ལུས་ངག་ཡིད་གསུམ་དབྱེར་མེད་པར་སྦྱོར་བའི་སྒྱུ་མའི་སྐུ་སྐྱེད་ ཅིག་ཅེས་གསུངས་པའི་སྐྱེད་ཚུལ་དྲིས་པའི་ལན་ཡིན་པས་རྐང་པ་གཉིས་པོ་དེས་སྒྱུ་མའི་སྐུ་སྐྱེད་པ་བསྟན་ཏོ། །དེ་ལྟར་ན་དེ་ནི་ཞེས་པ་ནི་དངོས་མེད་ངོ་བོ་སྟེ་འོད་གསལ་མི་ཤིགས་པ་ལས་བྱུང་བའི་རླུང་སེམས་སོ། །དེ་ཡོངས་སུ་གྱུར་པ་ལས་ ལྷའི་གཟུགས་སུ་དམིགས་པ་ནི་རླུང་སེམས་ལས་སངས་རྒྱས་ཀྱི་སྐུར་ལངས་པའོ། །དེ་ཉིད་ནི་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པའི་སྒྱུ་མའི་སྐུ་སྟེ་འདི་ལ་སྒྱུ་མའི་སྐུ་གཉིས་ཡོད་དོ། །སྔགས་ཀྱི་དོན་དམ་པ་ནི། འགག་མེད་རབ་ཏུ་ཞི་བ་སྟེ། །རྟག་ དང་ཆད་པ་རྣམ་སྤངས་པ། །དུས་གསུམ་མཁྱེན་པས་མ་བྱས་པ། རྟོག་པ་ནམ་མཁའ་དབྱེར་མེད་མཚན། །འདི་ཉིད་ཁོ་ན་དོན་དམ་སྟེ། །སོ་སོ་རང་རིག་མཚན་ཉིད་དོ། །ཞེས་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ནམ་མཁའ་ལྟ་བུ་སངས་རྒྱས་ རྣམས་ཀྱིས་མ་བྱས་པ་དེ་དང༌། རྟོག་པ་སྟེ་ཤེས་པ་གཉིས་རོ་གཅིག་ཏུ་སོང་བ་དབྱེར་མེད་པའི་འོད་གསལ་གྱི་བྱང་ཆུབ་ཀྱི་སེམས་ནི་སྔགས་ཀྱི་དེ་ཁོ་ན་ཉིད་དམ་སྔགས་ཀྱི་དོན་དམ་པར་བསྟན་ཏོ། །དེ་ལྟར་ན་སྔགས་བཏུ་བའམ་བརྗོད་ 5-3-72a པའི་སྔགས་དང༌། སྔགས་ཀྱི་བརྡ་གཉིས་ཀྱིས་རྡོར་བཟླས་བྱེད་ཚུལ་བསྟན་ལ་དེ་བྱས་པས་བདེན་པ་གཉིས་ཀྱི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ནི་སྔགས་ཀྱི་དོན་ནམ་སྔགས་ཀྱི་དམིགས་པ་དང༌། སྔགས་ཀྱི་དོན་དམ་ པ་གཉིས་ཀྱི་བསྟན་པ་འདི་བཤད་རྒྱུད་ཀྱི་དོན་དུ་ཟུངས་ཤིག །ལེའུ་གཉིས་པའི་མཐའ་གཅོད་དོ།། །།གཙོ་བོ་འཕོ་བའི་སྐབས་སུ། སྐུ་གསུང་ཐུགས་ནི་རྡོ་རྗེ་ཡི། །ཞེས་པའི་རྐང་པ་གཉིས་པ་ལ། དཔེ་ཁ་ཅིག་ལས། ཕྱག་ རྒྱའམ་ཡང་ན་བསྒོམ་པར་བྱ། །ཞེས་པ་དང༌། ཁ་ཅིག་ལས། ཕྱག་རྒྱ་དེ་ནས་བསྒོམ་པར་བྱ། །ཞེས་པ་དང༌། ཡང་ཁ་ཅིག་ལས། ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱ། །ཞེས་འགྱུར་རྙིང་ལ་མི་འདྲ་བ་གསུམ་བྱུང་ངོ༌། །པ་ཚབ་ཀྱིས་བསྒྱུར་བའི་ རྒྱུད་ལས། རྣམ་པར་སྣང་མཛད་ཕྱག་རྒྱ་ཆེ། །སྐུ་གསུང་ཐུགས་ཀྱི་མཚན་མ་འམ། །ཡང་ན་སྐུ་གསུང་རྡོ་རྗེའི། །ཕྱག་རྒྱ་རྣམ་པར་བསྒོམ་པར་བྱ། །ཞེས་འབྱུང་ངོ༌། །དེ་ལྟར་བྱུང་བ་ལ། འགྱུར་རྙིང་ལས་འབྱུང་བའི་གསུམ་པ་དག་ པར་བྱ་སྟེ། རྐང་པ་གཉིས་པོ་དེ། གཟུགས་ནི་དབུས་སུ་བསྒོམ་པར་བྱ། །ཞེས་གསུངས་པའི་གཟུགས་ཀྱི་དོན་རྡོ་རྗེ་འཆང་སྒོམ་པ་ལ་འཆད་པར་སྣང་བས་ཡང་ནའི་སྒྲ་མི་འཐད་པའི་ཕྱིར་དང༌། རྣམ་སྣང་ལ་སོགས་པ་ལྷ་གཞན་ དཀྱིལ་འཁོར་གྱི་དབུས་སུ་སྒོམ་པ་འདིར་མི་གསལ་ཡང༌། དེ་ལྟར་སྒོམ་པ་རུང་བར་ལེའུ་བཅུ་དྲུག་པའི་གཞུང༌། རྡོ་རྗེ་འཛིན་མཆོག་གང་ཡིན་པའི། །ཞེས་སོགས་ཀྱི་ལུང་དྲངས་ནས་བསྒྲུབས་པའི་ཕྱིར་རོ། །རྡོ་རྗེ་འཆང་དཀྱིལ་འཁོར་ 5-3-72b པའི་གཙོ་བོར་བཤད་པ་ནི་ལྷག་མོས་ཀྱི་སྐབས་དང་ལས་སྒྲུབ་པའི་སྐབས་འགའ་ཞིག་ལ་དགོངས་སོ། །ཚོགས་གཉིས་དང་ནི་ལྡན་པ་ཡིས། །ཞེས་པ་པ་ཚབ་ཀྱི་འགྱུར་ལ་མེད་པ་ལྟར་བྱ་བའམ། འགྱུར་རྙིང་ལྟར་ཡོད་པ་བྱེད་ན་རིགས་ ལྔ་ཀ་ལ་སྦྱར་རོ། །རྡོ་རྗེ་འཛིན་མཆོག་ཞེས་སོགས་ཀྱི་ལུང་འདྲེན་ལ་རྒྱ་དཔེ་ལ་རྐང་པ་གསུམ་ལས་མེད་ཟེར་བ་ནི། པ་ཚབ་ཀྱི་འགྱུར་ལས། རྡོ་རྗེ་འཛིན་མཆོག་གང་ཡིན་པའི། །སྐུ་ནི་དབུས་སུ་ཡང་དག་བྲི། །དཀྱིལ་འཁོར་དེ་ཡི་ དབུས་སུ་འགྱུར། །ཞེས་པ། ལེའུ་བཅུ་དྲུག་པ་དང་མཐུན་ཏེ། འོན་ཀྱང་ཚིག་ཐ་མ་ལ། དེ་ཡི་དཀྱིལ་འཁོར་གནས་སུ་འགྱུར། །ཞེས་འབྱུང་བ་ལེགས་སོ། །འདིར་གཙོ་བོ་འཕོ་ཚུལ་ལ། རྣམ་སྣང་གཙོ་བོར་སོང་བའི་དུས་སུ་ རྣམ་སྣང་ཡུམ་བཅས་དབུས་སུ་དང༌། མི་བསྐྱོད་པ་ཡུམ་མེད་ཤར་དུ་འགོད་པ་དང༌། སྣང་མཐས་གཙོ་བོ་བྱེད་ན་ཡང་ཡུམ་དང་བཅས་པ་དབུས་སུ་འགོད་པར་རྒྱུད་འགྲེལ་དུ་གསུངས་པ་མ་གཏོགས་པ། གཞན་འགྲེལ་ པར་གསལ་བར་མ་བཤད། སྙིམ་པའི་མེ་ཏོག་ལས། གལ་ཏེ་རྒྱལ་གཞན་དབུས་མར་གྱུར། །དེ་ཡི་གནས་ལ་མི་བསྐྱོད་འགྱུར། །གང་ཚེ་འཁོར་གཙོ་སངས་རྒྱས་གྱུར། །ཕྱུང་བ་དེར་ནི་བསྟིམ་པར་བྱ། །བྱང་ཆུབ་ སེམས་དཔའི་འཁོར་གཙོར་འགྱུར། །དེ་ཡི་རིགས་བདག་བསྟིམ་པར་བྱ། །རྒྱལ་བ་ལས་གཞན་དཀྱིལ་འཁོར་པ། །གལ་ཏེ་འཁོར་ལོའི་གཙོ་བོར་བྱེད། །དབུས་མ་དེ་ཡང་གཞན་དེ་ཉིད། །རང་གནས་སུའང་ 5-3-73a གཞན་ཉིད་ཡིན། །ཞེས་གསུངས་སོ། །དེའི་རྐང་པ་དང་པོ་གཉིས་ཀྱི་དོན་ནི། འཁོར་གྱི་དེ་བཞིན་གཤེགས་པ་བཞི་གང་དབུས་སུ་སོང་བའི་གནས་སུ་མི་བསྐྱོད་པ་འགྲོ་བའོ། །དེ་ནས་གཉིས་ཀྱི་དོན་ནི། དེ་བཞིན་གཤེགས་པ་ལས་གཞན་པའི་འཁོར་རྣམས་གཙོ་བོར་སོང་ན་སངས་རྒྱས་འཁོར་ནས་ཕྱུང་བ་དེ་གཙོ་བོར་སོང་བ་དེར་ནི་བསྟིམ་མོ། །དེ་ནས་གཉིས་ཀྱིས་ནི། སྔ་མ་དེ་ལ་བསྟིམས་པའི་སངས་རྒྱས་དེ་ཡང་དེའི་རིགས་ བདག་ཡིན་ནོ་ཞེས་སྔ་མ་གསལ་དུ་བཏང་བའོ། །དེ་ནས་གཉིས་ཀྱི་དོན་ནི། སངས་རྒྱས་ལས་གཞན་པའི་འཁོར་གཙོ་བོར་སོང་བ་ན། དེའི་གནས་སུ་རང་འདྲ་གཉིས་པ་ཞིག་བཞག་ཅེས་པའོ།། ༈ །།རྗེ་འགོས་ཀྱིས་ནི། འཁོར་གྱི་དེ་ བཞིན་གཤེགས་པ་བཞི་སྙིམ་ཏོག་དང་འདྲ་བར་བཞེད། འདིར་གཙོ་བོ་ཡུམ་བཅས་དང་ལྷ་གཞན་རྣམས་རེ་རེ་བ་ཡིན་པས། རྣམ་སྣང་སོགས་བཞི་ལ་ནི་སྤྱན་སོགས་བཞི་ཡུམ་གང་དབུས་སུ་སོང་བའི་གནས་སུ་རེག་རྡོ་རྗེ་མ་ བཞག་གོ། སངས་རྒྱས་སྤྱན་གྱིས་གཙོ་བོ་བྱེད་ན་སྦྱོར་བ་དང་པོ་སྤྱན་མའི་ཏིང་ངེ་འཛིན་ལ་གནས་ནས་མཚན་བསྒྱུར། ཡུམ་ཡང་སྤྱན་མར་བསྐྱེད་ལ་རང་སྤྱན་མ་ལ་རྣམ་སྣང་བཅུག་ལ། སྤྱན་མའི་རྣམ་པ་ལ་རྣམ་སྣང་གི་ང་རྒྱལ་གྱིས། ལྷ་རྣམས་གདོན་ནོ། །རྣམ་སྣང་གི་གོ་སར་མི་བསྐྱོད་པ་བཞག་སྤྱན་གྱི་གོ་སར་སྤྱན་མ་གཉིས་པ་བཞག །ལྷ་མོ་གཞན་གསུམ་ཡང་དེ་བཞིན་ནོ། །གཟུགས་རྡོ་རྗེ་མས་གཙོ་བོ་བྱེད་ན་སྦྱོར་བ་དང་པོ་གཟུགས་རྡོ་རྗེ་མའི་ཏིང་ངེ་འཛིན་ 5-3-73b ལ་གནས་ནས་མཚན་བསྒྱུར། །ཡུམ་སྤྱན་མ་མདུན་དུ་བཞག་པ་ལ་སྙོམས་པར་ཞུགས་པ་ལས་རྣམ་སྣང་བསྐྱེད་ནས་རང་ལ་བཅུག་པས། རྣམ་སྣང་གི་ང་རྒྱལ་ལས་གཟུགས་རྡོ་རྗེའི་རྣམ་པས་ལྷ་རྣམས་གདོན། མི་བསྐྱོད་པ་རྣམ་སྣང་གི་གོ་སར་ བཞག །གཟུགས་རྡོ་རྗེ་མའི་གནས་སུ་གཟུགས་རྡོ་རྗེ་མ་གཉིས་པ་བཞག་སེམས་མ་གཞན་གསུམ་ཡང་དེ་བཞིན་ནོ། །བྱམས་པས་གཙོ་བོ་བྱེད་ན་དང་པོ་སྦྱོར་བའི་སྐབས་སུ་བྱམས་པར་གནས་པ་ལ་ཡུམ་སྤྱན་མར་བསྐྱེད་དེ་སྙོམས་ པར་ཞུགས་པ་ལས་རྣམ་སྣང་བསྐྱེད་ནས་བྱམས་པ་ལ་གཞུག་ལ། ང་རྒྱལ་རྣམ་སྣང་གི་ང་རྒྱལ་ལ་སྐུའི་རྣམ་པ་བྱམས་པའི་རྣམ་པར་བྱ་བྱམས་པ་རང་གི་གནས་སུ་རང་འདྲ་གཉིས་པ་ཞིག་བཞག །མི་བསྐྱོད་པ་ཤར་དུ་བཞག ། སེམས་དཔའ་གཞན་བདུན་ལའང་དེ་བཞིན་དུ་བྱ་རྣམ་སྣང་ནས་ཀུན་བཟང་གི་བར་གཙོ་བོར་སོང་བ་ལ་རྡོ་རྗེ་འཆང་ཡབ་ཡུམ་དབུ་རྒྱན་དུ་མཛད་དོ། །གཤིན་རྗེ་གཤེད་ཀྱིས་གཙོ་བོ་བྱེད་ན་སྦྱོར་བ་དང་པོ་གཤིན་རྗེ་གཤེད་ཀྱི་ཏིང་ངེ་འཛིན་ ལ་གནས་པ་ལ་ཡུམ་སངས་རྒྱས་སྤྱན་ཅིག་མདུན་དུ་བཞག་སྔ་མ་བཞིན་དུ་རྣམ་སྣང་རང་ལ་བཅུག་སྟེ། རྣམ་སྣང་གི་ང་རྒྱལ་ལ་གཤིན་རྗེ་གཤེད་ཀྱི་རྣམ་པས་ལྷ་རྣམས་གདོན་པར་བྱའོ། །རྣམ་སྣང་གི་ཤུལ་དུ་མི་བསྐྱོད་པ་བཞག་ ཅེས་སྟོང་ཐུན་ཆེན་མོར་གསུངས་སོ།། ༈ །།དེ་བཞིན་གཤེགས་པ་ལས་གཞན་གཙོ་བོར་སོང་ན་འཁོར་དུ་དེ་བཞིན་གཤེགས་པ་ལྔ་འོང་ས་མེད་པས། གཙོ་བོར་སོང་བ་དེའི་རིགས་བདག་གི་དེ་བཞིན་གཤེགས་པ་གང་ཡིན་པ་ཅིག་ 5-3-74a གཙོ་བོར་སོང་བ་དེ་ལ་བསྟིམ། གཙོ་བོར་སོང་བ་དེའི་ཤུལ་དུ་ལྷ་གཞན་ཅིག་མ་བཞག་ན་ལྷ་སོ་གཉིས་མི་ཚང་བས་གཞན་ཅིག་བཞག་གོ། དེ་ཡང་ཡུམ་བཞི་གཙོ་བོར་སོང་བ་ན་རང་རང་གི་ཡབ་དེ་ བཞིན་གཤེགས་པ་བཞི་གང་རུང་གིས་འཁྱུད་པ་བྱས་ནས་ཡབ་བཞི་གང་རུང་གི་གནས་སུ་མི་བསྐྱོད་པ་བཞག །ཡུམ་བཞི་གང་རུང་གི་གནས་སུ་རེག་བྱ་རྡོ་རྗེ་མ་བཞག །རེག་བྱ་རྡོ་རྗེ་མ་གཙོ་བོར་སོང་ན། དེ་ལ་མི་བསྐྱོད་པས་འཁྱུད་ པ་མ་གཏོགས་པ་མི་བསྐྱོད་པ་གཙོ་བོར་སོང་བའི་སྐབས་དང་འདྲ། གཟུགས་རྡོ་རྗེ་མ་ལ་སོགས་པ་བཞི་གཙོ་བོ་སོང་ན་ས་སྙིང་སོགས་བཞིས་འཁྱུད་པ་བྱས་ལ། རང་གི་རིགས་བདག་གི་དེ་བཞིན་གཤེགས་པ་གང་ཡིན་པ་དེ་ལ་བསྟིམ་ དགོས་ཏེ། དེའི་ཚེ་དཀྱིལ་འཁོར་ལ་དེ་བཞིན་གཤེགས་པ་བཞི་ལས་མེད་པའི་ཕྱིར་རོ། །རྡོ་རྗེ་མ་གཞན་བཞི་གང་དབུས་སུ་སོང་བའི་གནས་སུ་རེག་བྱ་རྡོ་རྗེ་མ་བཏང༌། ས་སྙིང་སོགས་བཞིའི་གནས་སུ་རང་འདྲ་གཉིས་པ་རེ་བཞག་ གོ། བྱམས་པ་དང་ས་སྙིང་གཉིས་གཙོ་བོར་སོང་ན། གཟུགས་རྡོ་རྗེ་མས་འཁྱུད་པ་བྱ། དེ་གཉིས་ཀྱི་རིགས་བདག་རྣམ་སྣང་དེ་གཉིས་ལ་བསྟིམ། རྣམ་སྣང་གི་གནས་སུ་མི་བསྐྱོད་པ་བཞག །གཟུགས་རྡོ་རྗེ་མའི་གནས་སུ་རེག་བྱ་ རྡོ་རྗེ་མ་དང་ས་སྙིང་དང་བྱམས་པའི་གནས་སུ་རང་འདྲ་རེ་བཏང་སྟེ། ཕྱོགས་གཞན་གསུམ་གྱི་སེམས་དཔའ་གཉིས་གཉིས་ལའང་དེའི་རིགས་པ་སྦྱར་རོ། །གཤིན་རྗེ་གཤེད་དང་མི་གཡོ་བ་གཉིས་གཙོ་བོར་སོང་ན་གཟུགས་རྡོ་རྗེ་མས་ 5-3-74b འཁྱུད་པ་བྱ། རྣམ་སྣང་དེ་གཉིས་ལ་བསྟིམ་རྣམ་སྣང་གི་གནས་སུ་མི་བསྐྱོད་པ་བཞག། གཟུགས་རྡོ་རྗེ་མའི་གནས་སུ་རེག་བྱ་རྡོ་རྗེ་མ་དང་གཤིན་རྗེ་གཤེད་དང་མི་གཡོ་བའི་གནས་སུ་རང་འདྲ་རེ་བཞག་སྟེ། ཕྱོགས་གཞན་གསུམ་གྱི་ཁྲོ་བོ་ གཉིས་གཉིས་ལའང་དེའི་རིགས་པ་བསྒྲེ། སྟེང་འོག་གི་ཁྲོ་བོ་གཉིས་གཙོ་བོར་སོང་ན། དེ་གཉིས་ལ་རེག་བྱ་རྡོ་རྗེ་མས་འཁྱུད་པ་བྱ། མི་བསྐྱོད་པ་དེ་གཉིས་ལ་བསྟིམ། ཁྲོ་བོ་གཉིས་ཀྱི་གནས་སུ་རང་འདྲ་རེ་བཞག་གོ། ལྷ་མོ་རྣམས་གཙོ་བོར་སོང་ བའི་ཚེ་མཚན་བསྒྱུར་བ་དང༌། ང་རྒྱལ་འཕོ་བ་བྱས་ན་དེ་བཞིན་གཤེགས་པ་ལས་གཞན་པའི་ལྷ་རྣམས་གཙོ་བོ་མ་སོང་འདུག་པས་མི་འཐད་དམ་སྙམ་པ་སྣང་ཞིང༌། སྔར་བཤད་པ་དེ་སྙིམ་པའི་མེ་ཏོག་དང་ཡང་མཐུན་པར་སྣང་ངོ༌།། ༈ །།རྩ་ རྒྱུད་ལས། རིན་ཆེན་ཁ་དོག་སྣ་ལྔ་པ་ཉུངས་ཀར་གྱི་འབྲུ་ཚད་ཙམ་སྣའི་རྩེ་མོར་སྒོམ་པར་གསུངས་པའི་དོན་འཆད་པ་ན། སྣ་རྩེ་གསུམ་དང་དེར་བསྒོམ་རྒྱུའི་ཐིག་ལེ་གསུམ་རྡོ་རྗེ་ཕྲེང་བ་ལས་གསུངས་ཏེ། སྣ་རྩེ་གསུམ་གྱི་མཚན་ཉིད་ནི། ། གསང་བ་སྙིང་ཁ་གདོང་སྣའི་མིང༌། །ཞེས་དང༌། རླུང་དང་སྔགས་དང་རྫས་རྣམས་ཀྱི། །ཐིག་ལེ་གསུམ་སྟེ་བླ་ན་མེད། །ཅེས་གསུངས་སོ། །གསང་བའི་སྣ་རྩེར་རྫས་ཀྱི་ཐིག་ལེ་སྒོམ་པ་ནི། རྒྱུད་དེར་ཡབ་ཡུམ་གྱི་རྡོ་རྗེ་དང་པད་མའི་རྩེར་སྒོམ་པར་ བཤད་དེ། འགྲེལ་པ་འདིར་བྱང་ཆུབ་ཀྱི་སེམས་ཡུངས་ཀར་གྱི་ཚད་ཙམ་རྡོ་རྗེའི་ཁར་སྒོམ་པར་བཤད་པ་དང་འདྲའོ། །འདི་སྒོམ་པ་ལ་རིམ་པ་གཉིས་ཀྱི་ཆ་ཡོད་པའི་བསྐྱེད་རིམ་པའི་སྒོམ་ཚུལ་ནི། ཐིག་ལེ་ཡུམ་གྱི་པད་མར་དམིགས་པས་ 5-3-75a ཕྱུང་བའི་ནང་དུ་དཀྱིལ་འཁོར་སྒོམ་པར་ལེའུ་འདིར་བཤད་པའོ། །རྫོགས་རིམ་པའི་ཐིག་ལེ་ཕྲ་མོ་སྒོམ་པ་ནི་ལེའུ་དྲུག་པའི་འགྲེལ་པར་འཆད་པར་འགྱུར་བས་དེ་གཉིས་ལེགས་པར་ཕྱེད་དགོས་སོ། །སྙིང་ཁའི་ སྣ་རྩེར་སྔགས་ཀྱི་ཐིག་ལེ་སྒོམ་པ་ནི། སྙིང་ཁའི་པད་མའི་ལྟེ་བ་ལ། །དབུས་སུ་ཧཱུཾ་ནི་བཀོད་ནས་ནི། །ཞེས་སོགས་གསུངས་པའི་མཐར། འདི་ནི་སྔགས་ཀྱི་ཐིག་ལེར་བཤད། །ཅེས་གསུངས་ལ། དེ་ཡང་ཕྲ་མོ་སྣ་རྩེར་སྒོམ་པ་འདིར་མཐར་ཐུག་ཏུ་བཤད་ པའི་སྐབས་ལས་འབྱུང་བ་ལྟར། སྙིང་ཁའི་པད་མའི་དབུས་སུ་མི་ཤིགས་པའི་ཐིག་ལེ་བསྒོམ་པའོ། །གདོང་གི་སྣ་རྩེར་རླུང་གི་ཐིག་ལེ་སྒོམ་པ་ཡང༌། རླུང་གི་ཐིག་ལེ་རྣལ་འབྱོར་མཆོག །ཁ་དོག་རྣམ་ལྔ་གསལ་བ་ཆེ། །སྣ་རྩེར་སྦྱོར་བའི་ རྣལ་འབྱོར་གྱིས། །ཀུན་ནས་ཀྱང་ནི་བསྒོམ་པར་བྱ། །འདི་ལྟ་བུ་ཡི་སྔགས་ཀྱི་མཆོག །རྣལ་འབྱོར་པ་ཡིས་བཟླས་པར་བྱ། །ཞེས་པས་བསྟན་ནོ། །འོད་ཀྱི་ཐིག་ལེ་སྒོམ་པ་ནི་སྣ་རྩེར་རླུང་འགྲོ་འོང་གི་རྡོ་རྗེ་བཟླས་པ་ལ་གསུངས་ཏེ། སྐབས་ འདིར་འགྲེལ་པས་སྙིང་ཁའི་མི་ཤིགས་པ་ལས་ལྡང་འཇུག་གནས་གསུམ་གྱི་རྡོར་བཟླས་བྱ་བར་གསུངས་པ་དེ་ཉིད་དོ། །དེ་ལ་སྐབས་འདིར་འགྲེལ་པས་མཐར་ཐུག་གི་བཤད་པར་གསུངས་པ་ལ། སྔ་མ་རྣམས་མཐར་ཐུག་ཟུང་འཇུག་ པའི་རྟེན་གྱིས་རྡོར་བཟླས་བྱེད་པ་ཁོ་ན་ལ་སྦྱོར་བ་མི་འཐད་དེ། རིན་ཆེན་ཁ་དོག་སྣ་ལྔ་པ། །ཞེས་པའི་རྐང་པ་བཞི་པོའི་སྤྱོད་བསྡུས་སུ་ངེས་དོན་ལ་སྦྱར་ཏེ་བཤད་པས། རྫོགས་རིམ་པའི་ངག་དབེན་གྱི་སྐབས་སུ་དཀྱིལ་འཁོར་བཞིའི་ 5-3-75b རླུང་ལ་རྡོར་བཟླས་བྱེད་ཚུལ་སྟོན་པ་ལ་བཤད་པའི་ཕྱིར་རོ། །དེས་ན་ལེའུ་བཅུ་བདུན་པའི་འགྲེལ་པར་སྟོང་པ་གསུམ་མཐར་ཐུག་ཏུ་བཤད་པ་བཞིན་དུ། རྡོར་བཟླས་འདིས་ཟུང་འཇུག་སྐྱེད་པ་རྡོར་བཟླས་ཀྱི་ལས་སུ་བྱ་བའི་སྒོ་ནས་མཐར་ཐུག་ཏུ་གསུངས་ པའམ། ཡང་ན་ཟུང་འཇུག་གི་སྐབས་སུ་ཡང་ངག་དབེན་གྱི་སྐབས་དང་འདྲ་བའི་རྡོར་བཟླས་བྱེད་པ་ཕྱོགས་གཅིག་ལ་དགོངས་ནས་དེ་ལྟར་བཤད་དོ། །རྡོ་རྗེ་འཕྲེང་བར་ཡི་གེ་མ་གཏོགས་པའི་ཐིག་ལེ་སྙིང་ཁར་སྒོམ་པ་དངོས་སུ་མ་གསུངས་ཀྱང༌། འགྲེལ་པར་མི་ཤིགས་པ་ཐིག་ལེའི་གཟུགས་ཅན་དུ་སྒོམ་པར་བཤད་པ་མི་འགལ་ཏེ། ཐིག་ལེ་དེའི་ནང་དུ་སྔགས་ཀྱི་ཐིག་ལེ་ཧཱུཾ་ངམ་ཨ་སྒོམ་པ་ཡིན་པའི་ཕྱིར་རོ། །སྙིང་ཁར་སྔགས་ཀྱི་ཐིག་ལེ་སྒོམ་པ་དང་དེ་ལ་བརྟེན་ནས་རླུང་ལྡང་འཇུག་གནས་གསུམ་གྱི་ རྡོར་བཟླས་བྱེད་ཚུལ་འགྲེལ་པར་བཤད་པ་འདི་དག་ལ་བཤད་རྒྱུད་རྡོ་རྗེ་ཕྲེང་བ་དང་ལྷ་མོ་བཞིས་ཞུས་ལ་སོགས་པའི་གཞུང་མང་པོ་དང་སྦྱར་ནས་ཤེས་དགོས་པར་ཡོད་པ་རྣམས། འདིའི་མན་ངག་བོད་ཀྱི་བླ་མས་བཤད་པ་མང་པོར་ཇི་བཞིན་མ་ ཐོན་པར་སྣང་བ་ནི་རིམ་ལྔ་གསལ་སྒྲོན་དང༌། ལྷ་མོ་བཞིས་ཞུས་ཀྱི་རྣམ་བཤད་དུ་ལེགས་པར་བཏན་ལ་ཕབ་ཡོད་པ་ལས་ཤེས་པར་བྱའོ། །ལེའུ་གསུམ་པའི་མཐའ་གཅོད་དོ།། །།རྣམ་པར་མི་རྟོག་དོན་ལས་བྱུང༌། །ཞེས་པ་ ནས། གསོད་དོན་དོན་གཉེར་སེམས་པ་རྣམས། །ཞེས་པའི་བར་འགྲེལ་པས་སྒྲ་ཇི་བཞིན་པར་བཤད་པ་དང༌། དགོངས་པ་ལུང་སྟོན་ལས། མི་རྟོག་དོན་ལས་ཡང་དག་བྱུང༌། །ཞེ་སྡང་ལས་འཇུག་མཚན་ཉིད་ཡིན། །དངོས་མེད་ལ་གནས་ 5-3-76a གཏི་མུག་སྟེ། །འདོད་ཆགས་འདོད་ཆགས་ལས་བྱུང་བ། །འདོད་ཆགས་ལྡང་བའི་མིང་ཅན་ཡིན། །ཐེག་པ་མཆོག་ནི་བླ་མེད་པ། །འདོད་ཆགས་ཞེ་སྡང་གཏི་མུག་སྟེ། །འདི་དག་རིགས་སུ་ཡང་དག་བཤད། །དངོས་ གྲུབ་དེ་ནི་འདིར་སྒྲུབ་པའོ། །རིགས་ངན་མྱུར་བར་ཤེས་པར་བྱ། །སྨིག་མ་མཁན་ནི་དལ་བ་ཡིན། །མཚམས་མེད་བྱེད་པ་གཉིས་ཀ་སྟེ། །གསོད་པ་དོན་གཉེར་གྱི་སེམས་པའོ། །ཐེག་པ་ཆེན་པོ་བླ་མེད་པའི། །ཐེག་མཆོག་འདི་ལ་འགྲུབ་པར་འགྱུར། ། ཞེས་གཞུང་དེ་རྣམས་ལ་ངེས་དོན་རྡོར་བཟླས་ཀྱི་བཤད་པ་མཛད་པ་དང་འགལ་བར་འགྱུར་ཏེ། སྒྲ་ཇི་བཞིན་པ་ལ་ནི་དོན་གཉིས་པ་མེད་ལ། སྒྲས་ཟིན་གྱི་དོན་ལས་གཞན་པའི་ངེས་དོན་གྱི་བཤད་པ་ཡོད་ན་དོན་གཉིས་པ་ཡོད་པའི་ཕྱིར་རོ་ སྙམ་ན་སྐྱོན་མེད་དེ། ཐེག་པ་འདིར་རྟེན་གཞན་གྱིས་ཚེ་གཅིག་ལ་འགྲུབ་ཏུ་ཆུག་ཀྱང༌། འདོད་ཆགས་ཞེས་སོགས་དང་རིགས་ངན་ཞེས་སོགས་ཀྱིས་བསྟན་པའི་རྟེན་རྣམས་ཀྱིས་དེ་ལྟར་མི་འགྲུབ་བམ་སྙམ་པ་དང༌། ཡང་ཐེག་པ་འདིར། ཚེ་ གཅིག་གིས་དངོས་གྲུབ་རབ་མཆོག་སྒྲུབ་པར་བྱེད། ཅེས་གསུངས་པ་རྣམས་ནི། སངས་རྒྱས་ཞེས་བཤད་པ་རྣམས་སྐབས་སྟོབས་ཀྱིས་དོན་དེ་མིན་པ་དུ་མ་ལ་འཆད་དགོས་པར་སྣང་བས་སྒྲ་ཇི་བཞིན་དུ་གཟུང་དུ་མི་རུང་ངོ་སྙམ་ པ་མང་བས་དེ་རྣམས་དགག་པའི་ཕྱིར་སྒྲ་ཇི་བཞིན་པར་བཤད་ཀྱི་དོན་གཉིས་པ་མེད་པའི་སྒྲ་ཇི་བཞིན་པ་ལ་དགོངས་པ་མིན་པའི་ཕྱིར་དང་སྒྲའི་དངོས་ཟིན་ལྟར་གཟུང་དུ་རུང་བ་ལ་དྲང་ངེས་ཀྱི་བཤད་པ་བྱེད་པ་ཡང་མི་འགལ་བའི་ 5-3-76b ཕྱིར་རོ། །ཚིག་གི་དོན་ཅུང་ཟད་བཤད་ན། ཞེ་སྡང་ལས་ཏེ་ནི་རླུང་ནང་དུ་འཇུག་པའི་མཚན་ཉིད་ཅན་ཡིན་ལ་དངོས་མེད་དེ་མི་ཤིགས་པ་ལ་ནང་དུ་གནས་པ་ནི་གཏི་མུག་གོ། འདོད་ཆགས་ནི་རླུང་ཕྱིར་ལྡང་བའི་མིང་ཅན་ནོ། །དཔེ་ཁ་ཅིག་ལས་ལྡན་པའི་ མིང་ཅན་ཞེས་འབྱུང་ཡང་སྔ་མ་དག་གོ། འདོད་ཆགས་ལས་བྱུང་བ་ཞེས་པ་ནི། རྡོར་བཟླས་ཀྱིས་སེམས་དབེན་སྐྱེད་པའི་གྲོགས་ཕྱིའི་ཕྱག་རྒྱ་དང་སྦྱོར་བའི་ཡབ་ཡུམ་གྱི་འདོད་ཆགས་གཉིས་ལས་སེམས་དབེན་འབྱུང་བར་སྟོན་པའོ། །ཁ་ཅིག་ མྱུར་བ་རླུང་ནང་དུ་སྡུད་པ་དང༌། དལ་བ་ཕྱིར་འབྱུང་བ་དང༌། མཚམས་མེད་བྱེད་པ་ནང་དུ་གནས་པ་ལ་འཆད་པ་ནི་རིགས་པ་མ་ཡིན་ཏེ། ལུང་སྟོན་ལས། འཇུག་པ་ཡིས་ནི་སྤྱན་དྲངས་ཏེ། །མྱུར་བ་ཡིས་ནི་གཤེགས་སུ་གསོལ། །དལ་བ་ཡིས་ ནི་དེ་བཞུགས་འགྱུར། །ཞེས་མྱུར་བ་རླུང་ཕྱིར་ལྡང་བ་དང༌། དལ་བ་རླུང་ནང་དུ་གནས་པ་ལ་གསལ་བར་བཤད་པའི་ཕྱིར་རོ། །དེས་ན་རིགས་ངན་དང་སྨིན་མ་མཁན་གཉིས་ཀྱི་དོན་དེ་བཞིན་དུ་ཤེས་པར་བྱ་ལ། མཚམས་མེད་བྱེད་པ་ནི་རླུང་ ཕྱིར་སོང་བ་དང་ནང་དུ་གནས་པ་གཉིས་ཀའི་བར་ཏེ་རླུང་ནང་དུ་འཇུག་པའོ། །དཔེ་ཁ་ཅིག་ལས་གཉིས་པ་སྟེ་ཞེས་འབྱུང་བ་ལྟར་ན་ལྡང་འཇུག་གནས་གསུམ་གྱི་གཉིས་པའོ། །འདོད་ཆགས་ཞེ་སྡང་ཞེས་པའི་ཚིགས་བཅད་གཉིས་ཀའི་ངེས་ དོན་རྡོར་བཟླས་ལ་བཤད་པ་ནི་རྟེན་དེ་རྣམས་ཀྱིས་ཚེ་གཅིག་གིས་འགྲུབ་པ་ཡང༌། བདེ་བ་ཆེན་པོས་དེ་ཁོ་ན་ཉིད་ཀྱི་དོན་བསྒོམས་པའི་མཐུས་ཡིན་ལ། དེ་འདྲེན་པའི་ནང་གི་ཐབས་མཆོག་ཏུ་གྱུར་པ་ནི་རླུང་གི་རྣལ་འབྱོར་ཁྱད་པར་ཅན་འདི་ཉིད་ 5-3-77a དོ་ཞེས་བསྟན་པའི་ཕྱིར་ཡིན་ནོ། །དེ་ལྟར་ན་ཐེག་པ་འདིར་ཚེ་གཅིག་གིས་མཆོག་འགྲུབ་པ་ལ་འཕགས་པ་ངེས་པར་དགོས་པ་མིན་ཏེ། རྟེན་དེས་མཚམས་མེད་དང་རྩ་ལྟུང་བཞི་བྱེད་མི་སྲིད་པའི་ཕྱིར་ན་ སོ་སོ་སྐྱེ་བོའི་དབང་དུ་བྱས་པའོ།། ༈ སྙིང་ལ་གནས་པའི་ལྷ་མོ་ཆེ། །ཞེས་པའི་རྐང་པ་བཞི་ནི་ཐམས་ཅད་གསང་བའི་རྒྱུད་ལས་དྲངས་པ་ཡིན་ལ་རྒྱུད་འདི་སློབ་དཔོན་ཀུན་དགའ་སྙིང་པོས་རྣལ་འབྱོར་རྒྱུད་དུ་འདོད་དོ། །ཁོང་གི་ལུགས་ལ་ སྔར་བཤད་པ་ལྟར་ཕྱག་རྒྱ་དང་མཉམ་པར་སྦྱོར་བར་བཤད་པའི་རྒྱུད་རྣམས་དེ་ཉིད་བསྡུས་པའི་རྒྱུད་ལས་མཆོག་ཏུ་གྱུར་པའི་རྒྱུད་སྡེ་གོང་མར་མི་འདོད་པར་སྣང་བས་དེའི་ལུགས་ཡིན། རྒྱུད་དེ་ཉིད་ལས་ཀྱང་རྡོ་རྗེ་དབྱིངས་ཀྱི་རྩ་བའི་ལྷ་ཚང་ བའི་མིང་བཤད་མོད་ཀྱང༌། རྣལ་འབྱོར་རྒྱུད་དང་རྣལ་འབྱོར་བླ་མེད་ཀྱི་རྒྱུད་གཉིས་ལ་ལྷའི་མིང་ཐུན་མོང་བ་མང་དུ་བྱུང་བས་རྒྱུ་མཚན་དེས་རྣལ་འབྱོར་རྒྱུད་དུ་སྒྲུབ་མི་ནུས་སོ། །རྒྱུད་འདི་ན་འདུས་པའི་རྒྱུད་དང་གཞུང་ཐུན་མོང་བ་མང་ དུ་ཡོད་ཅིང་ཕྱག་རྒྱ་ལ་བརྟེན་ཚུལ་ཡང་མང་དུ་བཤད་ལ། དེ་ཡང་འགྲེལ་པ་འདིར་བཤད་པ་བཞིན་གང་ཟག་མཆོག་གི་དབང་དུ་བྱས་པ་ཡིན་ལ། སྤྱོད་བསྡུས་སུ་རྒྱུད་འདི་ཁུངས་སུ་དྲངས་པ་རྣམས་ཀྱི་སྐབས་དང་སྦྱར་ན། འཕགས་པ་ཡབ་སྲས་ཀྱི་བཞེད་པས་རྣལ་འབྱོར་བླ་ མེད་ཀྱི་རྒྱུད་དུ་བཞེད་པ་ཡིན་ནོ། །ལེའུ་ལྔ་པའི་མཐའ་གཅོད་དོ།། །།རྗེས་ཆགས་ཀྱི་ང་རྒྱལ་འཛིན་པའི་སྐབས་སུ་བཤད་རྒྱུད་མ་དྲངས་པ་འདིར་དྲངས་ན། དེ་ནས་དཀོན་མཆོག་དཔལ་འདི་ཡང༌། །སྒྲོན་མ་རྡོ་རྗེ་ཞེས་བྱ་བའི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ཏེ། །དེ་ནས་གསང་སྔགས་འདི་ 5-3-77b གསུངས་སོ། །ཨོཾ་ནི་ཟུང་གི་དང་པོར་ལྡན། །སརྦ་ཏ་ཐཱ་ག་ཏ་ཟུང༌། །དེ་བཞིན་ཉིད་ནི་ཡེ་ཤེས་ཚོགས། །ཐམས་ཅད་མེ་ལོང་མིང་ཅན་ནོ། །ཨ་ནུ་རཱ་ག་སྐྱེ་མེད་དོ། །དེ་ནི་གསུམ་པ་ཡིན་པར་གསུངས། །རྐྱེན་དང་ཉན་ཐོས་ཀྱིས་གཞིག་དཀའི། །བཛྲ་ཡང་ནི་བཞི་པར་འགྱུར། ། དངོས་མེད་བདག་ཉིད་ཅན་ཡེ་ཤེས། །སྭ་བྷཱ་བ་ཨཱདྨ་ཀ་ཞེས་བཤད། །ཡེ་ཤེས་ལྔ་པོ་ཉིད་ཀྱི་མིང༌། །ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད། །ཨ་ཧཾ་སོ་སོར་རྫོགས་ལོངས་སྤྱོད། །དངོས་པོ་མེད་པའི་རང་བཞིན་ཅན། །བདེ་བ་ཆེན་པོའི་མིང་འགྱུར་པ། །མཚོན་པ་དྲུག་པའི་ མིང་ཅན་ནོ། །དངོས་མེད་གནས་ཀྱི་བདག་ཉིད་ཅན། །དེ་ཡིས་རྗེས་སུ་མཉེས་བྱ་མཆོག །དེ་ལྟའི་ཆགས་པས་དེ་བཞིན་བཤེགས། །མགོན་པོ་ཐམས་ཅད་མཉེས་པར་བྱ། །ཞེས་གསུངས་སོ། །དེ་ལ་སྔགས་འདི་སྔོན་བྱུང་ལ་དཀོན་མཆོག་ དཔལ་ཞེས་པ་རིན་འབྱུང་གིས་གསུངས་པ་བཞིན་དུ་རྗེས་འཇུག་ལ་ཡང་རྗེས་ཆགས་རིན་འབྱུང་གི་ང་རྒྱལ་གྱིས་བྱ་སྟེ། མདོ་བསྲེ་གཉིས་ལས་ཀྱང་རིན་འབྱུང་གི་ང་རྒྱལ་གྱིས་བྱ་བར་གསུངས་སོ། །ཟུང་གི་དང་པོ་ནི་གཅིག་ཡིན་ལ་དེ་ཡང་ མཉམ་ཉིད་ཡེ་ཤེས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་དེ་བཞིན་ཉིད་ལ་དམིགས་པའི་ཡེ་ཤེས་ཀྱི་ཚོགས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་མིང་ཅན་ནོ། །ཨ་ནུ་རཱ་ག་སྟེ་རྗེས་སུ་ཆགས་པ་ནི་རང་བཞིན་གྱིས་སྐྱེ་བ་མེད་པའི་དོན་ལ་ཆགས་ པ་སྟེ་དེ་ནི་ཡེ་ཤེས་གསུམ་པོ་སོ་སོར་རྟོག་པའོ། །བཛྲ་ཞེས་པ་རྡོ་རྗེ་ལྟར་རྐྱེན་རྟོགས་རང་རྒྱལ་དང་ཉན་ཐོས་ཀྱི་བློས་འཕྲོགས་པར་དཀའ་བ་ནི་བཞི་པ་བྱ་བ་སྒྲུབ་པའོ། །དངོས་པོ་མེད་པ་འོད་གསལ་གྱི་བདག་ཉིད་དམ་ངོ་བོ་ཅན་གྱི་ཆོས་ཀྱི་དབྱིངས་ 5-3-78a ཀྱི་ཡེ་ཤེས་ནི། སྭ་བྷཱ་བ་ཨཱདྨ་ཀ་ཞེས་པ་རང་བཞིན་གྱི་བདག་ཉིད་ཅེས་པའོ། །དེ་ལྔ་ནི་བསམ་གཏན་གཉིས་དང་ཕྱག་རྒྱ་ལ་བརྟེན་ནས་དོན་གྱི་འོད་གསལ་དུ་ཞུགས་པའི་ཡེ་ཤེས་ལ་ལྡོག་པའི་སྒོ་ནས་སློབ་ལམ་པའི་ཡེ་ ཤེས་ལྔར་ཕྱེ་བའོ། །ཨ་ཧཾ་ནི་གདུལ་བྱ་རྣམས་ཀྱིས་ཆོས་ལ་རྫོགས་པར་ལོངས་སྤྱོད་པའི་རྒྱུད་དག་པའི་སྒྱུ་མའི་སྐུའོ། །དངོས་པོ་མེད་པ་ནི་ཟུང་འཇུག་གི་སྐབས་ཀྱི་འོད་གསལ་ལོ། །རང་བཞིན་ཅན་ནི་སྒྱུ་མའི་སྐུ་དང་ངོ་བོ་གཅིག་པའོ། །དེ་ལ་ ནི་བདེ་བ་ཆེན་པོའི་སྐུ་ཞེས་ཀྱང་གྲགས་སོ། །མཚོན་པ་དྲུག་པའི་མིང་ཅན་ནི། ཨ་ཧཾ་གིས་མཚོན་པ་དྲུག་པ་རྡོ་རྗེ་འཆང་གི་མིང་ཅན་ནོ། །དྲུག་གི་མིང་ཅན་ཞེས་པ་ལྟར་ན། སྔགས་ཚན་པ་དྲུག་གིས་མཚོན་པའི་འོད་གསལ་གྱི་ཡེ་ཤེས་ ལྔ་དང་ཟུང་འཇུག་གི་མིང་ཅན་དྲུག་གོ། དངོས་མེད་ཀྱི་གནས་ནི་གང་ལ་རྒྱལ་བ་རྣམས་གནས་པའི་འོད་གསལ་ལོ། །དེའི་བདག་ཉིད་ཅན་ནི་ཟུང་འཇུག་གི་སྐུའོ། །དེ་ནི་སངས་རྒྱས་རྣམས་རྗེས་སུ་མཉེས་པར་བྱེད་པའི་མཆོག་གོ། འདིར་རྗེས་ཆགས་ ཀྱི་སྔགས་འདི་ལ་ཚན་པ་གསུམ་དུ་བཅད་པ་རྒྱུད་ན་མི་གསལ་ཡང༌། སྔགས་ཀྱི་ང་རྒྱལ་འཛིན་པ་གཞན་བཞི་ལ་གསུམ་དུ་བཅད་པ་འདི་ལའང་འདྲ་བས། གསུམ་དུ་བཅད་ལ་དེའི་དོན་ཟུང་འཇུག་པའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ གསུམ་ལ་བྱའོ།། ༈ མཆོད་པའི་སྔགས་ཀྱིས་ང་རྒྱལ་འཛིན་པའི་ངེས་དོན་ཀྱང་ལུང་སྟོན་ལས། ཨོཾ་ཞེས་བྱ་བ་དང་པོར་ལྡན། །སརྦ་ཏ་ཐཱ་ག་ཏ་གཉིས། །པུ་ཙྪ་རྣམ་པར་ཐར་པའི་མིང༌། །བཛྲ་སེམས་ནི་རྣམ་སྒོམ་པ། །སྭ་བྷཱ་བ་ 5-3-78b ཨཱདྨ་ཀ་ཞེས་བཤད། །ཨ་ཧཾ་ཕ་རོལ་ཕྱིན་ཞེས་བྱ། །ལྔ་པོ་དྲུག་དང་གསུམ་དུ་བཤད། །གཟུགས་དང་སྒྲ་དང་དྲི་དང་རོ། །རེག་བྱ་དང་ནི་ཆོས་ཀྱི་དབྱིངས། །དེ་དག་དངོས་མེད་གྱུར་བྱས་པ། །དེ་ནི་སངས་རྒྱས་མཆོད་མཆོག་ཡིན། །ཞེས་གསུངས་ སོ། །སྔོན་བྱུང་ལ་མཆོད་པའི་སྔགས་དོན་གྲུབ་ཀྱིས་གསུངས་པ་བཞིན་དུ། རྗེས་འཇུག་ལ་ཡང་དོན་གྲུབ་ཀྱི་ང་རྒྱལ་གྱིས་བྱེད་པ་མདོ་བསྲེ་གཉིས་ཀྱི་དགོངས་པའོ། །རྣམ་པར་ཐར་པ་ནི་རྣམ་ཐར་སྒོ་གསུམ་ཞེས་པས་གསུམ་པའི་མིང་ངོ༌། ། སེམས་ནི་རྣམ་བསྒོམས་ཞེས་པ་སྣང་མཆེད་ཐོབ་གསུམ་གྱི་སེམས་གསུམ་དང་འོད་གསལ་གྱི་སེམས་བཞི་བསྒོམ་པར་གསུངས་པ་བཞིའི་གྲངས་སོ། །སྭ་བྷཱ་བ་ཨཱདྨ་ཀ་ཞེས་པ་སྔར་འདོད་པ་ཞེས་བསྟན་པས་གྲངས་ལྔ་པའོ། ། ཨ་ཧཾ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཅེས་པས་དྲུག་པའོ། །དྲུག་དུ་བཤད་པ་ནི་ཡུལ་དྲུག་འོད་གསལ་དུ་ཞུགས་པའི་ཡེ་ཤེས་ཀྱི་ལྡོག་པ་དྲུག་གོ། ཡང་སྔགས་ཚན་པ་གསུམ་དུ་བཅད་པ་ལྟར་ན་འོད་གསལ་གྱི་ཡེ་ཤེས་ཉིད་ལ་རྡོ་རྗེ་ གསུམ་དུ་ཕྱེ་བའོ། །ཡང་དྲུག་དུ་འཆད་ཚུལ་ལ་འགྲེལ་པར་དྲངས་པའི་དོན་བཤད་པ་ལྟར་འོད་གསལ་ལས་ལངས་པའི་སྐབས་ཀྱི་དབང་ཤེས་ལྔས་ཡུལ་ལྔ་ལ་ལོངས་སྤྱོད་པའི་སྟེང་དུ། ཡིད་ཀྱི་ཤེས་པས་ཡུལ་དྲུག་པ་ ཆོས་ལ་བདེ་སྟོང་གི་ངོ་བོར་བལྟས་ནས་ལོངས་སྤྱོད་པ་བསྟན་ཏོ།། ༈ །།སྔགས་ལ་དམིགས་པའི་ལུས་དང་ནི། ཞེས་པའི་རྐང་པ་བཞི་པོ་འདི་སྤྱོད་བསྡུས་སུ་རིགས་གཅིག་གི་ལུས་དབེན་གྱི་སྐབས་སུ་དྲངས་ནས་དེའི་དོན་སྐུ་རྡོ་རྗེར་ 5-3-79a གྱུར་ནས། རྐན་དང་ལྕེ་དང་མཆུ་ཚོགས་པ་ལས་གསུང་རྡོ་རྗེ་ལ་འཇུག་ལ། ཐུགས་རྡོ་རྗེ་ནི་དེ་ལ་སྐུལ་བར་བྱེད་པ་ཡིན་ཏེ་དེ་ལྟར་གསུམ་ཚོགས་པ་ལས་ཡིད་དགའ་ཞིང་ཚིམ་པར་བྱེད་པའི་དངོས་གྲུབ་བསྒྲུབ་པར་ བྱའོ། །ཞེས་བཤད་པ་དང༌། འདིར་རིམ་པ་དྲུག་ལ་བཤད་པ་གཉིས་མི་འགལ་ཏེ་རྡོ་རྗེའི་ཚིག་རེ་ལ་བཤད་པ་མི་འདྲ་བ་མང་པོ་འཇུག་ཏུ་རུང་བར་སླར་ཡང་འཆད་པར་འགྱུར་བའི་ཕྱིར་རོ།། ༈ །།འདིར་ངག་དབེན་གྱི་སྒྲུབ་བྱེད་དུ་གསུངས་པའི་ལུས་ དབེན་ནི་རིམ་གཉིས་གང་དུ་འཇོག་པ་ལ་མི་མཐུན་ཏེ། འདི་ལྟར་ཨ་བྷྱ་དང༌། ཐུབ་པ་དཔལ་དང༌། ལཀྵྨི་དང༌། སྐལ་ལྡན་གྲགས་པ་སོགས་མང་པོས་ལུས་དབེན་བསྐྱེད་རིམ་དུ་བཤད་ལ། བླ་མ་བཙུན་མོ་ཅན་དང་མངོན་ཤེས་ཅན་གཉིས་ རྫོགས་རིམ་དུ་བཞེད་ཅིང༌། ནག་པོ་དམ་ཚིག་རྡོ་རྗེས་རིགས་བརྒྱ་དང༌། རིགས་ལྔ་དང་རིགས་གསུམ་གྱི་ལུས་དབེན་བསྐྱེད་རིམ་དང༌། རིགས་གཅིག་གི་ལུས་དབེན་རྫོགས་རིམ་དུ་བཞེད་ཅིང་རྗེ་འགོས་ཀྱིས་སྟོང་ཐུན་ལས་བཤད་དོ། །དེ་ལྟར་ མི་མཐུན་པ་འོང་བ་ནི། སྤྱོད་བསྡུས་ལས། དྲན་པ་གཅིག་པ་དང་རྟོག་པའི་རྣལ་འབྱོར་ལ་ལོབས་པ་ན་ལས་དང་པོ་པའི་ཏིང་ངེ་འཛིན་ལ་གནས་པ་དང༌། དེ་ལ་གནས་ཟིན་པའི་འོག་ཏུ་ལུས་དབེན་ལ་སློབ་པར་གསུངས་པ་དང༌། བསྐྱེད་པའི་རིམ་ པ་ནས་བརྩམས་ཏེ་ལུས་རྣམ་པར་དབེན་པའི་མཐར་ཐུག་པའི་བར་དུ་ཞེས་དེ་གཉིས་སོ་སོར་གསུངས་པ་ལ་བརྟེན་ནས་རྫོགས་རིམ་དུ་འཇོག་གོ། ལས་དང་པོ་པ་ནི་འདི་པའི་ལུགས་ཀྱིས་བསྐྱེད་རིམ་ཐོག་མར་སྒོམ་པ་ནས་དེ་མཐར་ཕྱིན་པའི་བར་ 5-3-79b ལ་བཞེད་དེ། རིམ་ལྔར། དང་པོ་ལས་ཀྱི་སྦྱོར་བ་ཡིས། །ས་བརྒྱད་པ་ནི་ཐོབ་པར་འགྱུར། །ཞེས་གསུངས་ཤིང༌། སྤྱོད་བསྡུས་ལས། རྡོ་རྗེ་ཐེག་པ་འདི་ལ་བསྐྱེད་པའི་རིམ་པ་ལ་བསླབས་ནས་ས་བརྒྱད་པ་འཐོབ་སྟེ། ཞེས་གསུངས་པ་བཞིན་ནོ། །ཡང་ སྤྱོད་བསྡུས་ལས། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་བཤད་མ་ཐག་པ་ནི་ལུས་རྣམ་པར་དབེན་པ་སྟེ་དེ་ལ་ལྷ་རྣམ་པར་འགོད་པ་ནི་ཐམས་ཅད་ཀྱི་ཐུན་མོང་སྟེ་རགས་པའི་རྣལ་འབྱོར་ཡིན་པའི་ཕྱིར་རོ། །ཞེས་གསུངས་ཤིང༌། དེའི་འཕྲོ་ནས་ངག་ དབེན་བསྐྱེད་རིམ་པའི་ཡུལ་མིན་ཏེ་ཤིན་ཏུ་ཕྲ་བའི་ཕྱིར་རོ། །ཞེས་བཤད་པའི་ཤུགས་ཀྱིས་ཐམས་ཅད་ཀྱི་ཐུན་མོང་ཞེས་པ་རིམ་གཉིས་ཀྱི་ཐུན་མོང་དུ་བསྟན་པ་ལ་བརྟེན་ནས་རིམ་པ་གཉིས་ཀའི་ཆར་མཛད་དོ། །བསྐྱེད་རིམ་དུ་འཇོག་པ་རྣམས་ ཀྱིས་ནི་ཕུང་སོགས་ལྷར་བསྒོམ་ཚུལ་བསྐྱེད་རིམ་པའི་ལྷ་སོ་སོའི་རྣམ་དག་སྒོམ་པ་དང་དོན་གཅིག་ཏུ་འདུག་སྙམ་དུ་བསམས་པ་འདྲའོ། །འོ་ན་ལུས་དབེན་བསྐྱེད་རིམ་དུ་འདོད་པ་རྣམས་ཀྱིས་དེའི་སྐབས་གང་དུ་ལུས་དབེན་བསྟན་པར་འདོད་ཅེ་ན། ཨ་བྷྱ་ནི། བསྐྱེད་པའི་རིམ་པས་གྲུབ་པའི་རྡོ་རྗེ་འཆང་གི་སྐུ་ལྷག་པར་མོས་པ་ཙམ་ལུས་དབེན་དུ་བསྐྱེད་རིམ་གྱི་སྐབས་སུ་གསུངས་པར་བཞེད་པས་ལྷག་མོས་ཀྱི་གཙོ་བོ་ལྟ་བུ་ལ་བྱེད་དོ། །གཞན་གསལ་བར་མ་བཤད་ཀྱང་ལྷག་མོས་ཀྱི་ལྷ་ གཞན་ལུས་ལ་བཀོད་པ་ན་ཕུང་སོགས་དང་དབྱེར་མེད་དུ་མོས་དགོས་པས་དེ་རྣམས་ལུས་དབེན་དུ་བྱེད་པ་འདྲའོ། །ལྷག་པར་མོས་པ་ཙམ་གྱིས་སྐྱེད་པར་བཤད་པས་ས་བོན་ལས་བསྐྱེད་པའི་ལུས་དཀྱིལ་ལུས་དབེན་དུ་མི་འདོད་པ་འདྲའོ། །ཐུབ་ 5-3-80a པ་དཔལ་གྱིས་ཀྱང་མདོར་བྱས་སུ་གསུངས་པའི་བསྐྱེད་རིམ་གྱི་ལུས་དབེན་བསྟན་ཞེས་པ་ཙམ་མ་གཏོགས་པ་ལུས་དབེན་བསྟན་ཚུལ་མི་གསལ་ལོ། །པཎྜི་ཏ་ཕྱི་མ་གཉིས་ཀྱིས་ནི་མདོར་བྱས་ཀྱི་ཏིང་ངེ་འཛིན་གསུམ་ ལ་བསླབས་ཟིན་པའི་འོག་ཏུ་ལུས་དབེན་ལ་སློབ་པར་བཤད་པས་དེ་བསྐྱེད་རིམ་དུ་འདོད་ཀྱང༌། མདོར་བྱས་སུ་བཤད་པའི་བསྐྱེད་རིམ་དུ་མི་འདོད་དོ། །བོད་ཀྱི་འགོས་ལུགས་པ་ཕལ་མོ་ཆེ་ལུས་དབེན་རྫོགས་རིམ་དུ་འདོད་ལ། གླན་གྱིས་ཕུང་པོ་ སོགས་ལ་ལྔ་ལྔར་ཞིབ་ཏུ་མ་ཕྱེ་བའི་རགས་པའི་ལུས་དབེན་རྟོག་པ་དང༌། རིགས་བརྒྱ་ནས་གཅིག་གི་བར་ཞིབ་ཏུ་དཔྱོད་པའི་ལུས་དབེན་དཔྱོད་པར་བྱེད་ཅིང་སྔ་མ་བསྐྱེད་རིམ་དང་ཐུན་མོང་བའི་ལུས་དབེན་ཡིན་ཏེ། བསྐྱེད་རིམ་པས་ཀྱང་ཤིན་ཏུ་རྣལ་འབྱོར་ གྱི་སྐབས་སུ་དེ་ལྟར་སྒོམ་པར་བཤད་པས་སོ། །ཕྱི་མ་ནི་རྫོགས་རིམ་པའི་ཐུན་མོང་མ་ཡིན་པའི་ལུས་དབེན་དུ་འདོད་དོ། །དེ་ལྟར་ལུགས་ཐ་དད་པ་དེ་དག་ལས་གང་གཟུང་ཞེ་ན། ལུས་དབེན་རིལ་པོ་མདོར་བྱས་སུ་གསུངས་པའི་བསྐྱེད་རིམ་དུ་ འདོད་ན། སྤྱོད་བསྡུས་ལས། ལས་དང་པོ་པའི་ཏིང་ངེ་འཛིན་ལ་བསླབས་ཟིན་པའི་འོག་ཏུ་ལུས་དབེན་ལ་སློབ་པར་གསུངས་པ་དང་འགལ་བ་སྤང་མི་ནུས་ལ། ལུས་དབེན་མདོར་བྱས་སུ་གསུངས་པའི་ཏིང་ངེ་འཛིན་གསུམ་དུ་མི་འདུ་བར་བསྐྱེད་རིམ་ ལོགས་པར་བྱེད་པ་ཤིན་ཏུ་མི་འཐད་དེ། མདོར་བྱས་ཀྱི་ཏིང་ངེ་འཛིན་ཀྱིས་ལས་སྒྲུབ་པའི་དུས་ཀྱི་བསྐྱེད་རིམ་འགའ་ཞིག་མ་གཏོགས་པ། རྫོགས་རིམ་གྱི་སྔོན་དུ་བཏང་དགོས་པའི་བསྐྱེད་རིམ་ཐམས་ཅད་བསྡུས་པའི་ཕྱིར་དང༌། མདོར་བྱས་ 5-3-80b ཀྱི་བསྐྱེད་རིམ་ཕྲ་རགས་གཉིས་ཀ་མཐར་ཕྱིན་པའི་རྗེས་སུ་སྔ་མར་མྱོང་བ་མ་ཐོན་པ་ལུས་དབེན་གྱི་བསྐྱེད་རིམ་གྱི་ལྷའི་རྣམ་པ་འཆར་བ་ལ་སློབ་ཚུལ་འདི་ཡིན་ནོ་ཞེས་བཞག་པར་མི་ནུས་པའི་ཕྱིར་དང༌། ལྷའི་སྐུའི་རྣམ་པ་སྒོམ་པ་ལས་གཞན་པའི་ ལུས་དབེན་གྱི་སྒོམ་ཚུལ་ཡང་དེ་དག་ལ་མི་སྣང་བའི་ཕྱིར་རོ། །ལུས་དབེན་རིལ་པོ་རྫོགས་རིམ་དུ་འཇོག་པ་ཡང་མི་འཐད་དེ། ལུས་དབེན་ལ་ཐམས་ཅད་ཀྱི་ཐུན་མོང་ཡིན་ཞེས་གསུངས་ཤིང་ངག་དབེན་ལ་དམིགས་ཀྱིས་བཀར་ནས་བསྐྱེད་ རིམ་པའི་ཡུལ་མིན་ཞེས་གསུངས་པའི་ཕྱིར་དང༌། ཐུན་མོང་ཡིན་མིན་གྱི་སྒྲུབ་བྱེད་དུ་རགས་པ་དང་ཕྲ་བར་གསུངས་པས་ཀྱང་ཤེས་པའི་ཕྱིར་རོ། །དེས་ན་དེ་ལ་ལྷ་དགོད་པ་ནི་ཞེས་པ་ཕུང་སོགས་ལ་ལྷ་དགོད་པ་རིམ་པ་གཉིས་ཀའི་ཐུན་མོང་ དུ་སྟོན་པ་ཡིན་གྱི་ལུས་དབེན་ཐུན་མོང་བར་སྟོན་པ་མིན་ཞེས་ཀྱང་བཤད་པར་མི་ནུས་པས་ལུས་དབེན་ལ་རིམ་པ་གཉིས་ཀྱི་ལུས་དབེན་གཉིས་སུ་དབྱེ་བར་བྱའོ། །དེ་ལྟར་ནའང་དམ་ཚིག་རྡོ་རྗེ་ལྟར་ནི་མི་བྱེད་དེ་རིགས་བརྒྱ་ནས་གསུམ་གྱི་བར་ གྱི་ལུས་དབེན་རྣམས་རིགས་གཅིག་གི་ལུས་དབེན་དུ་སྡུད་པར་སྤྱོད་བསྡུས་ལས་གསུངས་པས། བསྡུ་རྒྱུ་བསྐྱེད་རིམ་དང་དེ་རྣམས་བསྡུས་པ་རྫོགས་རིམ་དུ་མི་རུང་བའི་ཕྱིར་རོ། །ལུས་དབེན་གྱི་ཕུང་སོགས་ལྷར་སྒོམ་པ་འདི་ ལྷའི་རྣམ་པ་འཆར་བ་སྒོམ་པ་ཡིན་ན་ནི། བསྐྱེད་རིམ་ཡུངས་འབྲུ་ཙམ་གྱི་ནང་དུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་རྫོགས་པ་ལ་གསལ་སྣང་ཤིན་ཏུ་བརྟེན་པ་རྙེད་ནས། དེ་ནས་འདི་སྒོམ་པར་བཤད་པས་སྔ་མར་མྱོང་བ་མ་ཐོན་པ་ 5-3-81a འདིར་གདོན་རྒྱུ་མི་འདུག་པས། དེ་ལ་ལོབས་ནས་འདི་ལ་སློབ་པའི་ལམ་གྱི་རིམ་པ་གཞན་དུ་བཤད་པ་མི་འཐད་དོ། །ཕུང་སོགས་ལ་ལྔ་ལྔར་ཕྱེ་བ་འདིའི་རིམ་པ་དང་པོའི་སྐབས་སུ་གསལ་བར་མ་བཤད་ཀྱང་བསྐྱེད་ རིམ་ཕྲ་རགས་མཐར་ཕྱིན་པ་ན་གང་ཤར་ཤར་ལ་ཡིད་གཏད་པས་དེ་མ་ཐག་ཏུ་ལྷར་འཆར་བའི་གསལ་སྣང་བརྟན་པོ་སྐྱེད་ནུས་པས། ཞིབ་ཏུ་ཕྱེ་བ་ལ་སྐྱེད་མི་ནུས་ཞེས་སྨྲ་མི་ནུས་པས། གླན་གྱིས་ལུས་དབེན་ལ་རིམ་པ་གཉིས་ཀྱི་འབྱེད་ཚུལ་ བྱས་པ་ཡང་འཐད་པར་མ་མཐོང་ངོ༌། །ཁ་ཅིག་བསྐྱེད་རིམ་པས་ནི་གསར་དུ་ལྷར་སྐྱེད་པ་ཡིན་ལ་ལུས་དབེན་གྱི་ཕུང་སོགས་ལྷར་སྒོམ་པ་ནི་གདོད་མ་ནས་ལྷར་གྲུབ་པ་ཡིན་ནོ་སྙམ་དུ་ལྟ་བའི་རྫོགས་རིམ་པའི་ལྷ་སྒོམ་ལུགས་སོ་ཞེས་ ཟེར་བ་ནི་རིམ་པ་གཉིས་ལ་སྔགས་ཀྱི་སྐུ་དང་། ཡེ་ཤེས་ཀྱི་སྐུའི་ལྷ་སྐྱེད་ཚུལ་གཉིས་ཡོད་པ་ལེགས་པར་མ་ཕྱེད་པའི་གཏམ་དུ་སྣང་ལ། རྫོགས་རིམ་གྱི་སྐབས་སུ་ཡང་ཐིག་ལེ་དང་ཡི་གེ་སོགས་བློས་དམིགས་པ་ལྟར་མེད་ བཞིན་དུ་དམིགས་པ་ཡོད་མོད་ཀྱང༌། དེ་དག་གིས་དམིགས་པ་རིགས་མི་མཐུན་གཞན་བར་དུ་བརྒྱུད་མི་དགོས་པར་མ་བཅོས་པའི་རྫོགས་རིམ་སྐྱེད་པས་རྫོགས་རིམ་དུ་སྡུད་པ་ལྟར། ཕུང་སོགས་གདོད་མ་ནས་ལྷ་ཡིན་ནོ་སྙམ་དུ་སེམས་ པས་ནི་དེ་ལྟར་ཡང་མི་ནུས་ལ། ལྷར་སྒོམ་ལུགས་དེ་ནི་བློས་བཅོས་པ་དང་བཏགས་ལུགས་བསྐྱེད་རིམ་པ་ལས་ཀྱང་ཆེ་བར་སྣང་བས། དེ་འདྲ་བའི་ལྷར་ལྟ་ལུགས་གཉིས་པོ་དེས་རིམ་གཉིས་ཀྱི་ཁྱད་པར་དབྱེ་མི་ནུས་སོ། །དེ་བཞིན་ 5-3-81b དུ་སྟོང་པ་ཉིད་རྟོགས་པའི་བློ་གཟུང་རྣམ་ལྷར་འཆར་བ་ལ་བྱས་ནའང༌། དེས་བསྐྱེད་རིམ་ལས་དབྱེ་བར་མི་ནུས་ཏེ་དེ་ནི་བསྐྱེད་རིམ་གྱི་སྐབས་ནས་ཀྱང་འོང་བའི་ཕྱིར་ཏེ། ལྷ་སྐྱེད་པའི་སྔ་རོལ་དུ་ཤཱུ་་ཏཱ་ལ་སོགས་པས་སྟོང་པར་སྦྱང་པར་གསུངས་ ལ། དེའི་དོན་ཀྱང་སྟོང་ཉིད་ཀྱི་ལྟ་བ་ལེགས་པར་མ་གོ་བའི་སྣང་བ་བསྡུས་པ་ཙམ་ལ་བྱར་མི་རུང་བའི་ཕྱིར་རོ།། ༈ །།འོ་ན་ལུས་དབེན་ལ་རིམ་གཉིས་སུ་འབྱེད་ཚུལ་ཇི་ལྟར་ཡིན་སྙམ་ན། ཕུང་སོགས་ལྷར་སྒོམ་པའི་ལུས་དབེན་འདི་ལ་སྟོང་ཉིད་རྟོགས་ པའི་གཟུང་རྣམ་ལྷར་ཤར་མ་ཤར་གྱི་སྒོམ་ཚུལ་གཉིས་དང༌། ཤར་བ་ལ་ཡང་ཐུན་མོང་མ་ཡིན་པའི་བདེ་བས་སྟོང་ཉིད་རྟོགས་པ་ཡིན་མིན་གཉིས་དང༌། བདེ་བས་སྟོང་ཉིད་རྟོགས་པ་ལ་ཡང་རོ་རྐྱང་གི་རླུང་གཉིས་དྷཱུ་ཏཱིར་བཙུད་ནས་ཐིམ་པ་ལས་བྱུང་ བའི་བདེ་བ་ཡིན་མིན་གཉིས་ཡོད་དོ། །དེ་ལ་བསྐྱེད་རིམ་ལ་ནི་དང་པོ་གཉིས་ཀྱི་ཕྱི་མ་དང་ཞུ་བ་དེས་སྟོང་ཉིད་རྟོགས་པ་མིན་པས་སྟོང་ཉིད་རྟོགས་པ་དང༌། ཐ་མ་གཉིས་ཀྱི་གཉིས་པའི་སྒོ་ནས་ཕུང་སོགས་ལྷར་སྒོམ་པའི་ལུས་དབེན་ཡོད་ལ་ཐ་མ་ གཉིས་ཀྱི་དང་པོའི་སྒོ་ནས་ཕུང་སོགས་ལྷར་སྒོམ་པའི་ལུས་དབེན་ནི་རྫོགས་རིམ་ཉིད་ལ་འཇོག་གོ། ཕུང་སོགས་ལྷར་སྒོམ་པའི་བསྐྱེད་རིམ་གྱི་ལུས་དབེན་ནི་ལྷག་མོས་དང་ལུས་དཀྱིལ་དང་དཀྱིལ་འཁོར་ཉེ་བར་བསྡུ་བའི་སྐབས་དང་ ཡུལ་སྣང་ཐམས་ཅད་རྡོ་རྗེ་འཆང་དུ་ལྟ་བའི་སྐབས་སུ་གསུངས་སོ། །དེ་ན་དེ་འདྲ་བའི་ལུས་དབེན་ལ་སློབ་པ་ནི་བསྐྱེད་རིམ་ལ་སློབ་པའི་སྐབས་ཉིད་དུ་འབྱུང་བས་ལས་དང་པོ་པའི་ཏིང་ངེ་འཛིན་ལ་བསླབས་ཟིན་པའི་འོག་ཏུ་ལུས་དབེན་ལ་ 5-3-82a སློབ་པར་གསུངས་པ་ནི་རྫོགས་རིམ་པའི་ལུས་དབེན་ནོ། །འདི་རྒྱུད་ལ་སྐྱེད་ཚུལ་ཤིན་ཏུ་རྟོགས་དཀའ་ཞིང་གལ་ཆེ་བར་ཡོད་པས་རིམ་ལྔ་གསལ་སྒྲོན་དུ་རྒྱས་པར་བཤད་ཟིན་པ་ལས་ཤེས་པར་བྱའོ།། ༈ དེ་དག་གིས་ནི་རྡོ་རྗེ་བཟླས་པའི་ཕན་ཡོན་གསུངས་པ་ཡིན་ནོ་ཞེས་པའི་དོན་ཅུང་ཟད་བཤད་ན། པ་ཚབ་ཀྱི་འགྱུར་ལས། སྔགས་ལ་ངེས་རྟོག་ལུས་དང་ནི། །ངག་གིས་ཡིད་ལ་བསྐུལ་གྱུར་པས། །བསྒྲུབ་བྱ། ཞེས་ལུས་དབེན་གྱི་བསྒྲུབ་ པའི་སྔགས་ལ་ངེས་པར་རྟོག་པའི་ངག་དབེན་གྱིས་ཡིད་ལ་སྟེ་སྙིང་ཁའི་རྡོ་རྗེ་སེམས་དཔའ་ཞེས་གྲགས་པའི་མི་ཤིགས་པའི་ཐིག་ལེ་ལ་བསྐུལ་བས། རིམ་པ་ལྷག་མ་བཞི་བསྒྲུབ་པར་བྱ་བར་གསུངས་པའི་རྒྱུད་ཀྱི་ཚིག་འདི་ དག་གིས་ནི་རིམ་པ་ལྷག་མ་བཞི་རྡོ་རྗེ་བཟླས་པའི་ཕན་ཡོན་ཡིན་པར་གསུངས་སོ་ཞེས་བཤད་པས། ལུས་དབེན་ནི་ངག་དབེན་གྱི་སྔོན་དུ་འགྲོ་བའི་སྒྲུབ་བྱེད་ཡིན་ལ། དེ་སྔོན་དུ་སོང་བའི་ངག་དབེན་ཉིད་རྫོགས་རིམ་གྱི་ལམ་ལྷག་མའི་ ཐབས་ཐུན་མོང་མ་ཡིན་པར་བསྟན་ནོ། །དེ་ལ་ལུས་དབེན་ངག་དབེན་གྱི་སྒྲུབ་བྱེད་དུ་འགྲོ་ཚུལ་ནི། རྡོ་རྗེ་འཕྲེང་བ་ལས་དབུ་མའི་རྩ་མདུད་རྣམས་ཀྱི་ནང་ནས་སྙིང་ཁའི་རྩ་མདུད་ཤིན་ཏུ་དབྱེ་བར་དཀའ་བར་གསུངས་པས་རྡོར་བཟླས་ཀྱིས་སྙིང་ ཁའི་རྩ་མདུད་འགྲོལ་བ་ལ་དེའི་སྔོན་དུ་སྨད་ཀྱི་འཁོར་ལོ་གཞན་གཅིག་གི་དབུས་སུ་སེམས་བཟུང་བ་ལ་བརྟེན་ནས། གནས་དེར་རོ་རྐྱང་གི་རླུང་སྡུད་ནུས་པ་ཞིག་བྱས་ན་སྙིང་ཁའི་རྡོར་བཟླས་གནད་དུ་འགྲོ་ཚབས་ཆེ་བར་སླ་བ་ 5-3-82b ཞིག་འོང་ངོ༌། །དེའི་ཕྱིར་འོག་སྒོའི་རྡོ་རྗེ་ནོར་བུའི་རྩ་འཁོར་གྱི་དབུས་སུའམ་དེའི་རྩེ་མོ་དྷཱུ་ཏིའའི་མར་སྣར་རྫས་ཀྱི་ཐིག་ལེ་མན་ངག་བཞིན་དུ་བསྒོམས་པ་ལ་བརྟེན་ནས་རྫོགས་རིམ་གྱི་ལུས་དབེན་སྐྱེད་པ་སྔོན་དུ་བཏང་ནས་ངག་དབེན་ལ་འཇུག་པ་ནི། ལུས་དབེན་གྱིས་ངག་དབེན་སྒྲུབ་ལུགས་ཡིན་ཏེ་རྒྱས་པར་རིམ་ལྔ་གསལ་སྒྲོན་ལས་ཤེས་པར་བྱའོ། །དེ་ནས་རྡོ་རྗེ་བཟླས་པ་ཉིད་ཐབས་དམ་པར་གསུངས་པའི་དགོངས་པ་ནི་ཟུང་འཇུག་འགྲུབ་པ་ལ་རིམ་པ་བཞི་པའི་འོད་གསལ་སྔོན་དུ་བཏང་ དགོས་ཤིང༌། དེ་ཡང་རིམ་པ་གསུམ་པའི་སྒྱུ་ལུས་འོད་གསལ་དུ་ཞུགས་པ་མིན་པའི་འོད་གསལ་དུ་འཇུག་ཚུལ་གཞན་གྱིས་ཞུགས་པའི་འོད་གསལ་གྱིས་ཟུང་འཇུག་མི་འགྲུབ་ཅིང༌། རིམ་པར་གསུམ་པའི་སྒྱུ་མའི་སྐུ་གང་ལས་སྒྲུབ་པའི་བསྒྲུབ་ གཞི་ཐུན་མོང་མ་ཡིན་པ་ནི་སེམས་དབེན་གྱི་རིམ་པ་ཉིད་ཡིན་ལ། དེ་འདྲེན་པའི་ཐབས་ལ་ཡང་ཕྱི་ནང་གི་རྐྱེན་མང་དུ་ཡོད་ཀྱང་གཙོ་བོ་ནི། སྙིང་ཁའི་རྡོ་རྗེ་སེམས་དཔའ་ཞེས་པ་མི་ཤིགས་པ་ལ་ལྡང་འཇུག་གནས་གསུམ་གྱི་ཚུལ་གྱིས་སྐུལ་ བའི་རྡོ་རྗེ་བཟླས་པ་ཉིད་ཡིན་པས་རིམ་པ་ལྷག་མ་བཞི་ག །རྡོ་རྗེ་བཟླས་པའི་ཕན་ཡོན་དུ་གསུངས་པ་འདི་ལེགས་པར་ཤེས་པར་བྱའོ། །ཡེ་ཤེས་ཀྱི་རང་བཞིན་གྱི་སྐུ་ལ་གནས་པ་མི་དམིགས་ཀྱང༌། ཞེས་སོགས་ཀྱི་དོགས་པ་སྐྱེ་ལུགས་ ནི་མཆན་དུ་བཤད་པ་ལྟར་བྱ་དགོས་ཏེ། དེའི་ལན་ནི། སྔགས་ཀྱི་ལུས་སུ་སྦྱོར་བ་ལ། །བྱང་ཆུབ་མེད་ཅེས་པ་ཡིན་པའི་ཕྱིར་དང༌། སྔར་སྔགས་ལ་དམིགས་པ་ཞེས་སོགས་ཀྱི་མཚམས་སྦྱོར་དུ་རྫོགས་རིམ་དང་བྲལ་བས་བྱང་ཆུབ་ 5-3-83a མྱུར་དུ་མི་འཐོབ་བོ། །ཞེས་བསྟན་པའི་ཕྱིར་ཞེས་པའི་སྟོན་བྱེད་ནི་སྔགས་ཀྱི་ལུས་སུ་ཞེས་པའི་རྐང་པ་གཉིས་པོ་ཡིན་པའི་ཕྱིར་རོ། །དོགས་པ་དེ་དང་དེ་སེལ་ཚུལ་ཅུང་ཟད་བཤད་ན་བསྐྱེད་པའི་རིམ་པ་ཕྲ་ རགས་གཉིས་བརྟན་པ་ན་རེག་མཐོང་གི་མཚན་མ་མ་རྙེད་ཀྱང༌། རྡོ་རྗེའི་རྩེའི་ཨོཾ་ཡིག་དང་ཕཊ་ཡིག་ལ་སོགས་པལ་བསྒོམས་པའི་སྣང་བ་ཤིན་ཏུ་བརྟན་པོ་འོང་བའི་གནད་ཀྱིས་ལས་རྒྱ་ལ་བརྟེན་ཡང་བྱང་སེམས་ཕྱིར་འཕོ་བ་འགོག་ནུས་ ན། ཕྲ་མོའི་སྐབས་སུ་བཤད་པ་ལྟ་བུའི་མཚན་མ་ཕྲ་མོ་ལ་རེག་མཐོང་གི་མཚན་མ་བརྟན་པོ་རྙེད་ན། བྱང་སེམས་ཕྱིར་འཕོ་བ་དམིགས་པ་དེས་ངེས་ཅན་དུ་འགོག་ནུས་ལ། དེའི་རྗེས་སུ་སྤྱོད་པ་བྱས་པ་ལ་བརྟེན་ནས་མཁའ་འགྲོ་མའི་ཕྱག་རྒྱ་ཁྱད་ པར་ཅན་མང་པོ་ལས་ཚོགས་ཀྱི་སྐབས་ནས་བཤད་པ་ལྟར་དངོས་སུ་འགུགས་པར་ནུས་སོ། །དེའི་ཚེ་ཕྱག་རྒྱ་གཉིས་ལ་བརྟེན་ནས་རྡོ་རྗེ་ནོར་བུའི་རྩེར་བྱང་ཆུབ་ཀྱི་སེམས་ཕབ་པ་ཕྱིར་མི་འཕོ་བར་གནས་པ་ལ་བརྟེན་ནས་སྐྱེས་པའི་ལྷན་ཅིག་ སྐྱེས་པའི་བདེ་བ་ཆེན་པོ་དང༌། དེ་ཁོ་ན་ཉིད་ཀྱི་ལྟ་བ་ཕུ་ཐག་ཆོད་པ་གཉིས་སྦྱར་ནས་སྒོམ་པའི་བདེ་སྟོང་དབྱེར་མེད་ལ་གོམས་པར་བྱས་ན་ཆོས་ཀྱི་སྐུའི་རྒྱུ་ཐུན་མོང་མ་ཡིན་པ་ཚང་ཞིང༌། སྔར་བསྒོམས་པའི་ཤུགས་ཀྱིས་ད་ལྟ་རྟོག་པས་ ལན་དུ་མར་བརྟགས་ནས་མ་བསྒོམས་ཀྱང༌། ཡིད་གཏད་པ་ཙམ་གྱིས་མཚན་དཔེའི་རྣམ་པ་ཅན་གྱི་ལྷའི་སྐུ་ཡིད་ཀྱིས་བཏགས་པ་ཙམ་མ་ཡིན་པར་སྒྲུབ་པ་པོའི་མིག་གིས་མཐོང་བ་དང༌། ལུས་ཀྱི་རེག་ཏུ་རུང་བའི་རྣལ་འབྱོར་གྱིས་གཟུགས་ 5-3-83b ཀྱི་སྐུ་སྒྲུབ་པར་ནུས་སོ། །དེ་ལྟ་ན་ཆོས་གཟུགས་གཉིས་ཀའི་རྒྱུའི་གཙོ་བོ་འཁོར་དང་བཅས་པ་ཚང་བས་དེ་ཉིད་ལ་གོམས་པར་བྱས་ན་ཡེ་ཤེས་ཀྱི་སྐུ་ཞེས་པ་སྒྱུ་མའི་སྐུ་མ་བསྒྲུབས་ཀྱང་ཅིའི་ཕྱིར་འཚང་རྒྱ་བར་མི་ནུས་སྙམ་པའོ།། ༈ །།དོགས་ པ་དེ་སེལ་ཚུལ་ནི། བདེ་སྟོང་སྦྱར་བས་ཚེ་འདིར་མཆོག་འགྲུབ་པའི་བདེ་བ་ནི་ཕྱག་རྒྱ་ལ་བརྟེན་པའི་བྱང་སེམས་ཕྱིར་མི་འཕོ་བ་ཙམ་གྱི་བདེ་བས་མི་ཆོག་གི་སྲོག་དྷཱུ་ཏཱིར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་བྱུང་བའི་ལྷན་སྐྱེས་ཀྱི་བདེ་ཆེན་ དགོས་པའི་ཕྱིར་དང༌། དེ་ཡང་བསྐྱེད་རིམ་སྐོར་བཅས་རྐྱང་པའི་ལམ་གྱིས་སྒྲུབ་པར་མི་ནུས་པའི་ཕྱིར་རོ། །བདེ་ཆེན་གྱི་གཙོ་བོ་འདྲེན་པ་ལ་ཐབས་དེ་ལྟ་བུ་དགོས་ན། དེའི་ཚེ་ཆོས་སྐུའི་ཐུན་མོང་མ་ཡིན་པའི་རྒྱུའི་གཙོ་བོ་རླུང་རིམ་གྱིས་དྷཱུ་ ཏཱིར་ཐིམ་པའི་ཐིམ་རིམ་ལ་བརྟེན་ནས། འཆི་རིམ་ཇི་ལྟ་བ་བཞིན་དུ་ཞུགས་པའི་བདེ་སྟོང་སྦྱར་བ་དགོས་པས། གཟུགས་སྐུའི་ཐུན་མོང་མ་ཡིན་པའི་རྒྱུའི་གཙོ་བོ་ལ་ཡང་འཆི་བའི་འོད་གསལ་གྱི་རླུང་སེམས་ཙམ་ལས། དབང་པོ་ཀུན་ཚང་ གི་བར་དོ་འགྲུབ་པ་ཇི་འདྲ་བ་དེ་འདྲ་བའི་རླུང་སེམས་ཙམ་ལས་གྲུབ་པའི་སྒྱུ་མའི་སྐུ་མཚན་དཔེས་བརྒྱན་པ་གྲུབ་པ་དགོས་པས། བསྐྱེད་རིམ་གྱི་ལྷའི་སྐུ་ཁྱད་པར་བས་མི་ཆོག་པས་ཡེ་ཤེས་ཀྱི་སྐུ་ཞེས་པ་སྒྱུ་མའི་སྐུ་ངེས་པར་སྒྲུབ་དགོས་ སོ། །གལ་ཏེ་བསྐྱེད་རིམ་ཤིན་ཏུ་བརྟན་པ་དེ་ལ་ཕྱག་རྒྱ་སྲོག་རྩོལ་དུ་འགྲོ་བའི་གནད་ཇི་བཞིན་དུ་ཤེས་པ་འོང་བ་ཡང་མི་འགལ་བས། དེ་འདྲ་བ་དེས་ལས་ཀྱི་ཕྱག་རྒྱ་ཁྱད་པར་བ་ལ་བརྟེན་པ་ན། དེའི་མཐུས་རོ་རྐྱང་གི་རླུང་དབུ་མར་ཞུགས་ 5-3-84a གནས་ཐིམ་གསུམ་བྱས་པ་ལས་བྱུང་བའི་སྟོང་པ་བཞི་འདྲེན་ནུས་པས། བསྐྱེད་རིམ་ཙམ་གོམས་པས་མཆོག་ཚེ་འདིར་འགྲུབ་ནུས་སོ་སྙམ་ན། དེ་ནི་མི་རིགས་ཏེ་འདིར་བསྐྱེད་རིམ་ཡན་ལག་དང་བཅས་པ་ ཙམ་ལ་གོམས་པས་ཚེ་འདིར་མཆོག་འགྲུབ་མི་འགྲུབ་དཔྱོད་པ་ཡིན་པའི་ཕྱིར་དང༌། ཕྱག་རྒྱ་སྲོག་རྩོལ་དུ་འགྲོ་བའི་སྒོ་ནས་སྟོང་པ་བཞི་འདྲེན་པ་ནི། སྐབས་བསྐྱེད་རིམ་པའི་སྐབས་སུ་བྱུང་དུ་ཆུག་ཀྱང་རྫོགས་རིམ་ཉིད་ཡིན་པའི་ཕྱིར་དང༌། ནང་ གི་ལུས་ལ་གནད་དུ་བསྣུན་པའི་ཐབས་ཟབ་མོ་ལ་བརྟེན་ནས་སྲོག་དྷཱུ་ཏཱིར་ཞུགས་གནས་ཐིམ་གསུམ་བྱེད་པར་ནུས་པའི་ལམ་མ་ཐོབ་པར་ཕྱིའི་ཕྱག་རྒྱ་སྲོག་རྩོལ་དུ་འགྱུར་བ་ཙམ་གྱི་རླུང་གི་སྡུད་རིམ་ལ་བརྟེན་ཀྱང་ཚེ་འདིར་མཆོག་འགྲུབ་མི་ ནུས་པའི་ཕྱིར་རོ། །འདི་རྣམས་ཀྱི་གནད་ཀྱི་གཞིར་རགས་པ་ཤེས་བྱེད་དང་བཅས་པ་ཞིག་རིམ་ལྔ་གསལ་སྒྲོན་དུ་བཤད་པ་ལས་ཤེས་པར་བྱའོ། །རླུང་དྷཱུ་ཏཱིར་སྡུད་པའི་སྡུད་རིམ་ལ་བརྟེན་པའི་བདེ་ཆེན་དྲངས་ནས་བདེ་སྟོང་སྦྱོར་བ་དང༌། དེའི་ འོད་གསལ་གྱི་ངང་ནས་སྒྱུ་མའི་སྐུར་ལྡང་བ་གཉིས་ཀྱི་གནད་རྒྱུད་སྡེ་འོག་མ་གསུམ་ལས་ཅུང་ཟད་ཀྱང་མི་སྟོན་པས། ད་ལྟའི་ཚེ་གཅིག་གིས་མཆོག་འགྲུབ་པ་ནི་རྣལ་འབྱོར་བླ་མེད་ཉིད་དང་དེའི་ནང་ནས་ཀྱང་རྒྱུད་དེའི་རྫོགས་རིམ་གྱི་ ཁྱད་ཆོས་སུ་ཤེས་པར་བྱའོ། ༈ །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཉི་མའི་དཀྱིལ་འཁོར་བསྒོམས་པར་བྱ། །ཞེས་སོགས་ཀྱི་སྐབས་སུ་རྡོར་བཟླས་བཤད་པའི་དོན་ཅུང་ཟད་བཤད་ན། རྡོ་རྗེ་བཟླས་པ་ལ་བཟླས་བྱའི་སྔགས་ 5-3-84b ཀྱི་སྒོ་ནས་ཕྱེ་ན་ཡི་གེ་གསུམ་གྱི་རྡོར་བཟླས་དང༌། ཧཱུཾ་ཧོའི་ཡི་གེ་གཉིས་ཀྱི་རྡོར་བཟླས་གཉིས་སུ་བཤད་རྒྱུད་རྡོ་རྗེ་འཕྲེང་བ་ལས་གསུངས་ཏེ་རྒྱུད་དེར་ཡི་གེ་གཉིས་ཀྱི་རྡོར་བཟླས་གཙོ་བོར་གསུངས་སོ། །དགོངས་པ་ལུང་སྟོན་དང༌། རྒྱུད་ཕྱི་མ་དང༌། ལྷ་ མོ་བཞིས་ཞུས་ལས་ཡི་གེ་གསུམ་གྱི་རྡོར་བཟླས་ཉིད་གསུངས་པ་ལ་འཕགས་པ་ཡབ་སྲས་ཀྱི་གཞུང་ལས་ཡི་གེ་གསུམ་གྱི་རྡོར་བཟླས་ཉིད་བཤད་དོ། །འོན་ཀྱང་ཡི་གེ་གཉིས་ཀྱི་རྡོར་བཟླས་རྡོ་རྗེ་བཟླས་པ་མཚན་ཉིད་པར་མི་བཞེད་པ་ནི་མིན་ནོ། །དམིགས་ ཡུལ་རླུང་གི་སྒོ་ནས་ཕྱེ་ན་རྩ་བ་དང་ཡན་ལག་གི་རླུང་གི་རྡོར་བཟླས་གཉིས་ཡོད་ལ་སྔ་མ་ལ་ཕྱེ་ན་དཀྱིལ་འཁོར་བཞིའི་རྡོར་བཟླས་བཞི་དང༌། ཕྱི་མ་ལ་ཕྱེ་ན་རྒྱུ་བ་ལ་སོགས་པའི་རྡོར་བཟླས་ལྔའོ། །དེ་ལ་རྫོགས་རིམ་པས་ཞི་རྒྱས་དབང་དྲག་གི་ལས་ སྒྲུབ་པའི་དོན་དུ་རྡོར་བཟླས་བྱེད་པ་ན་རྩ་བའི་རླུང་བཞི་ལ་བྱེད་ལ། ཡང་རྫོགས་རིམ་པས་མིག་གི་མངོན་ཤེས་སོགས་ལྔ་སྒྲུབ་པའི་དོན་དུ་རྡོར་བཟླས་བྱེད་པ་ན་ཡན་ལག་གི་རླུང་ལྔ་ལ་བྱེད་ཅིང་ལུས་དབེན་སྔོན་དུ་སོང་ནས་སེམས་དབེན་གྱི་སྟོང་པ་རྣམས་བསྐྱེད་ པའི་དོན་དུ་རྡོར་བཟླས་བྱེད་པ་ན་ཐོག་མར་རྩ་བའི་རླུང་བཞི་དང༌། དེ་ལ་ནུས་པ་རྙེད་པའི་མཚམས་ཤིག་ནས་ཡན་ལག་གི་རླུང་ལྔ་ལ་བྱེད་དེ། རྡོར་བཟླས་བྱེད་པའི་སྐབས་གསུམ་གསུངས་པ་ལས་འདིར་ནི་ཕྱི་མའོ། །རླུང་གང་ལ་རྡོར་བཟླས་བྱེད་པའི་ ཚུལ་དེ་ལྟར་ཡིན་ན། ལུས་ཀྱི་གནད་ཀྱི་གནས་འདི་ནས་བྱེད་ཅེས་པའི་གནས་ངེས་པ་ཡོད་དམ་མེད་ཅེ་ན། འདི་ལ་ཕལ་མོ་ཆེས་ལུས་ཀྱི་ཁོང་པ་ནས་སྣ་བུག་ཏུ་འབྱུང་འཇུག་བྱེད་པ་ཙམ་མ་གཏོགས་པ་ལུས་ཀྱི་རྩ་འཁོར་གྱི་གནས་འདི་ནས་བྱེད་ཀྱི་ 5-3-85a ངེས་པ་མི་བྱེད་པ་དང༌། ཡང་ཁ་ཅིག་རྩ་བ་རླུང་བཞིའི་གནས་མགྲིན་པ་སོགས་བཞི་ནས་དཀྱིལ་འཁོར་བཞི་སོ་སོ་ལ་བྱེད་ཟེར་རོ། །དེའི་དང་པོ་ལ་ནི་རླུང་གི་ལྡང་འཇུག་གནས་གསུམ་ཡི་གེ་གསུམ་དང་སྦྱར་བ་ ཡོད་དུ་ཆུག་ཀྱང༌། ལུས་ཀྱི་རྩ་འཁོར་གྱི་གནད་འདིར་བྱེད་ཅེས་པའི་མན་ངག་དང་བྲལ་བས། ཇི་ཙམ་འབད་ཀྱང་དྷཱུ་ཏཱིར་རླུང་ཚུད་ནས་ཐིམ་པ་ལས་སྟོང་པ་བཞི་འདྲེན་པ་མི་འོང་སྟེ། གཞན་དུ་ན་ཉན་སར་བཤད་པའི་རླུང་འབྱུང་འཇུག་བགྲངས་པས་ཀྱང༌། དེ་ལྟར་ བྱེད་པར་འགྱུར་བ་བཟློག་མི་ནུས་སོ། །ཕྱོགས་གཉིས་པ་ལ་ལུས་ཀྱི་རྩ་འཁོར་གྱི་གནད་དུ་བསྣུན་པ་ཙམ་ཞིག་ཡོད་ཀྱང༌། ལུགས་འདིའི་རྡོར་བཟླས་ཀྱིས་ལུས་ལ་གནད་དུ་བསྣུན་པའི་གནད་ཀྱི་དོན་རྙེད་པ་འབྱུང་བ་མིན་ནོ། །སྐབས་འདིར་ནམ་མཁའི་ དབྱིངས་ཀྱི་དབུས་ན་གནས་པར་ཉི་མ་དང་། གསལ་བ་དང༌། རིན་ཆེན་དང༌། འོད་ཀྱི་དཀྱིལ་འཁོར་བཞི་བསྒོམ་པར་གསུངས་པའི་དོན་འགྲེལ་པར། ནམ་མཁའི་དབྱིངས་མི་ཤིགས་པ་དང༌། དབུས་ན་གནས་པ་དེ་ལས་བྱུང་བ་དང༌། བྱུང་བའི་ དཀྱིལ་འཁོར་བཞི་རིམ་པ་བཞིན་དུ་འབྱུང་བ་བཞིའི་རླུང་ལ་བཤད་ནས། དེ་རྣམས་ལ་ཡི་གེ་གསུམ་གྱི་རྡོར་བཟླས་བྱེད་པར་བཤད་ལ། ཡང་ལེའུ་གསུམ་པ་ལས། ནམ་མཁའི་དབྱིངས་ཀྱི་དབུས་གནས་པ་ཟླ་བའི་དཀྱིལ་འཁོར་བྲི་བ་དང༌། གསལ་བའི་དཀྱིལ་འཁོར་གྱི་དབུས་གནས་འཁོར་ལོའི་དཀྱིལ་འཁོར་དང་པད་མོའི་དཀྱིལ་འཁོར་འདྲ་བ་དང༌། རིན་ཆེན་གྱི་དཀྱིལ་འཁོར་དང་འདྲ་བ་བསྒོམས་པ་དང༌། སྦྱོར་བའི་དཀྱིལ་འཁོར་བྲི་བར་བྱ་བར་གསུངས་པའི་ངེས་དོན་འཆད་པ་ན་ 5-3-85b ནམ་མཁའི་དབྱིངས་འོད་གསལ་དང༌། ཟླ་བ་དང་གསལ་བའི་དཀྱིལ་འཁོར་ནི་མི་ཤིགས་པ་དང་དབུས་གནས་ནི་དེ་ལས་བྱུང་བ་སྟེ། དེ་ལྟར་བྱུང་བའི་དཀྱིལ་འཁོར་བཞི་ནི་རིམ་པ་བཞིན་དུ་ཆུ་དང་མེ་དང་དབང་ཆེན་དང་རླུང་གི་དཀྱིལ་འཁོར་གྱི་རླུང་བཞི་ འབྱུང་བར་ཤེས་པར་བྱ་བ་ལ་བཤད་པ་དང༌། ལེའུ་གསུམ་པར་རིན་ཆེན་ཁ་དོག་སྣ་ལྔ་པར། ཞེས་སོགས་ཀྱི་དོན་མཐར་ཐུག་ཏུ་བཤད་པ་ན་ཡང་མི་ཤིགས་པའི་ཐིག་ལེ་སྙིང་ཁའི་པད་མའི་དབུས་སུ་སྒོམ་པ་དང༌། དེ་ལས་རླུང་ལྡང་འཇུག་གནས་གསུམ་གྱི་ བཟླས་པ་བྱེད་པ་ལ་བཤད་ཅིང༌། སྤྱོད་བསྡུས་ལས་ཀྱང་རྡོར་བཟླས་ཀྱི་ཡི་གེ་གསུམ་གྱི་སྐབས་སུ། དེ་ལ་སྦྲུལ་ལ་སོགས་པའི་སྔགས་རྣམས་ནི་ཨཱ་ལི་ཀཱ་ལི་ལས་བྱུང་བ་རྣམས་སོ། །དེ་རྣམས་ཀྱི་དེ་ཁོ་ན་ཉིད་ནི་མི་ཤིགས་པ་ལས་བྱུང་བའི་ཡི་གེ་གསུམ་སྟེ། ཞེས་གསུངས་པས་རྡོར་བཟླས་ཀྱི་སྔགས་གསུམ་ཟློ་བ་ནི་མི་ཤིགས་པ་ལས་བྱུང་བའི་ཚུལ་གྱི་ཟློ་བའི་དོན་ཡིན་པས། འཁོར་ལོ་བཞིའི་གནས་ནས་འབྱུང་འཇུག་བྱེད་པའི་ཚུལ་གྱིས་ཟློ་བ་མིན་ནོ། །རྡོ་རྗེ་ཕྲེང་བ་ལས། ལྐོག་མ་སྙིང་ཁ་ལྟེ་བ་དང༌། །གསང་ བའི་པད་མར་འགྲོ་འོང་སྟོན། །ཞེས་རླུང་བཞི་གནས་དེ་བཞི་ནས་འགྲོ་འོང་བྱེད་པར་གསུངས་པ་ལ་དོགས་པ་བཅད་ནས། སྙིང་ཁའི་མི་ཤིགས་པ་ལས་རླུང་འགྲོ་འོང་བྱེད་པའི་ཚུལ་ལྷ་མོ་བཞིས་ཞུས་པ་ལས་གསུངས་པ་ནི་དེའི་རྣམ་བཤད་དུ་རྒྱས་པར་གཏན་ ལ་ཕབ་པ་ལས་ཤེས་པར་བྱའོ། །འདི་དག་ལ་རྩ་བཤད་ལེགས་པར་སྦྱོར་བ་དང༌། རྒྱུད་འགྲེལ་དང༌། ཡབ་སྲས་གཞན་གྱི་གཞུང་དང་ལེགས་པར་སྦྱར་ཏེ་མན་ངག་ཏུ་གནད་རྣམས་ལེགས་པར་ཐོན་པ་མ་བྱུང་འདུག་པས་འདིར་བཤད་པ་དང་རིམ་ལྔ་ 5-3-86a གསལ་སྒྲོན་དུ་རྒྱས་པར་བཤད་པ་ལ་བརྟེན་ནས་ལེགས་པར་ཤེས་པར་བྱའོ།། ལ་མཐིང་ཁ་ཞེས་བྱ་བ་ལ་སོགས་པས། རྣལ་འབྱོར་པ་ཕོ་མོ་གཉིས་ཀའི་གསང་བའི་སྣ་རྩེར་ཕྱག་མཚན་ཕྲ་མོ་བསྒོམས་པ་ལ་བརྟེན་ ནས། ཡེ་ཤེས་གསུམ་བསྐྱེད་དེ་འོད་གསལ་དུ་འཇུག་པར་གསུངས་པའི་དགོངས་པ་ནི། ནོར་བུའི་དབུས་ན་རྩ་འཁོར་ཡོད་པའི་དབུས་ཀྱི་དྷཱུ་ཏིའི་ནང་དང་རྡོ་རྗེ་དང་པདྨའི་རྩེ་ན་དབུ་མའི་མར་སྣ་ཡོད་པས་དེར་མན་ངག་བཞིན་བསྒོམས་པ་ལ་བརྟེན་ནས། རླུང་དབུ་ མར་ཞུགས་གནས་ཐིམ་གསུམ་བྱས་པའི་སྟོབས་ཀྱིས་སྟོང་པ་བཞི་འདྲེན་པ་ལ་གོ་དགོས་ཏེ། འདི་ཡང་རྫོགས་རིམ་གྱི་ལུས་དབེན་དངོས་གཞི་འདྲེན་པའི་ཐབས་ཐུན་མོང་མ་ཡིན་པར་ཤེས་པར་གྱིས་ཤིག །དོན་འདི་ཉིད་རྡོ་རྗེ་གུར་ལས་ཀྱང་ཤིན་ཏུ་གསལ་ བར་གསུངས་ཏེ། མཁའ་འགྲོ་མ་ཡི་སྣ་རྩེར་ནི། །ཡུངས་ཀར་གནས་པར་རྣམ་པར་བསྒོམ། །ཁམས་གསུམ་བརྒྱུ་དང་མི་རྒྱུ་བའི། །འགྲོ་བ་མ་ལུས་ཡུངས་ཀར་དུའོ། །དེ་ལྟ་བུར་ནི་བསྒོམས་གྱུར་ན། །རང་བྱིན་རློབ་པར་རབ་ཏུ་འགྲུབ། །གཟུགས་དང་སྒྲ་དང་ དེ་བཞིན་དྲི། །རོ་དང་རེག་བྱར་མངོན་ལྡན་ཞིང༌། །རྣལ་འབྱོར་ཉིད་ཀྱིས་དེར་བསམས་ན། །དེ་ནས་བདག་དང་གཞན་མེད་པར། །རྡོ་རྗེ་པདྨ་ལས་བྱུང་བཞིན། །ཡང་དག་བདེ་བ་དངོས་མཆོག་དེ། །རྦ་རླབས་མེད་ཅིང་སྣང་བ་མེད། །རྣམ་པར་རྟོག་མེད་འགྱུར་ བ་མེད། །ཉུང་ཟད་ཆང་ལ་རབ་ཞུགས་ཏེ། །བདག་མེད་མ་ལ་རང་རིག་བཞག །བྲལ་བའི་དགའ་བ་དག་གི་མཐའ། །རྟོག་པའི་དྲ་བ་རྣམ་བྲལ་ཞིང༌། །མི་གཡོ་རྣམ་པར་འཁྲུལ་མེད་པ། །དགྱེས་རྡོར་ཞེས་བྱའི་དངོས་པོ་གསལ། །ཞེས་གསུངས་སོ། །མཁའ་འགྲོ་ 5-3-86b མ་ནི་མཁའ་འགྲོ་གདོང་ཞེས་གྲགས་པ་རྩ་དབུ་མའོ། །དེའི་སྣ་རྩེ་ནི་མར་སྣ་སྟེ། །འབྲོག་འགྱུར་ལས། མཁའ་འགྲོ་སྣ་ཡི་མཐར་གནས་པ། །ཞེས་འབྱུང་ངོ༌། །ཡུངས་ཀར་ཞེས་པ་གཅིག་གིས་ནི་གནས་དེར་རྫས་ཀྱི་ཐིག་ལེ་སོགས་སྒོམ་པ་བསྟན་ནོ། །ཁམས་གསུམ་ ཞེས་པ་གཉིས་ཀྱིས་ནི་ཐིག་ལེའི་ནང་དུ་རྟེན་བརྟེན་པའི་དཀྱིལ་འཁོར་བསྒོམ་པ་བསྟན་ཏེ་འདི་ལ་རིམ་གཉིས་ཀྱི་ཆ་གཉིས་ཡོད་དོ། །དེ་ལྟ་བུར་ནི་ཞེས་པ་གཉིས་ཀྱིས་ནི་དངོས་སུ་ལྷན་ཅིག་སྐྱེས་པའི་བདེ་བ་དང་། བརྒྱུད་ནས་རང་བྱིན་བརླབ་སྒྱུ་ལུས་འགྲུབ་པར་བསྟན་ནོ། །གཟུགས་ དང་ཞེས་པ་གསུམ་གྱིས་ནི། །འདོད་ཡོན་ལ་ལོངས་སྤྱོད་པ་དང་མ་བྲལ་བར་རྫས་ཀྱི་ཐིག་ལེ་སྒོམ་པ་བསྟན་ལ། དེ་ལྟར་བསྒོམས་ན་ཉམས་མྱོང་ཇི་ལྟར་སྐྱེ་བ་ནི། དེ་ནས་བདག་དང་ཞེས་སོགས་རྐང་པ་བཞིས་རྡོ་རྗེ་དང་པདྨ་སྙོམས་པར་ཞུགས་པ་ལས་ལྷན་ཅིག་སྐྱེས་པའི་དགའ་ བ་འདྲེན་པ་བཞིན་དུ། ཡང་དག་པའི་བདེ་བའི་དངོས་པོ་མཆོག་ལྷན་སྐྱེས་ཀྱི་བདེ་ཆེན་འདྲེན་ཞིང༌། དེའི་ཚེ་བདག་དང་གཞན་དུ་སྣང་བའི་སྤྲོས་པའི་རྦ་རླབས་མེད་ཅིང༌། རྣམ་པར་རྟོག་པས་གཞན་དུ་འགྱུར་བ་མེད་པ་འབྱུང་བར་བསྟན་ནོ། །ཉུང་ཟད་ཅེས་པ་གཅིག་གིས་ ནི་ཕྲ་མོ་ལ་དམིགས་པའི་མཐུས། ཆང་སྟེ་བདེ་བའི་རྟེན་ཀུནྟ་ལྟ་བུའི་མྱོས་བྱེད་ལ་རབ་ཏུ་ཞུགས་པར་བསྟན་ཏོ། །བདག་མེད་མ་ཞེས་པ་གཅིག་གིས་ནི་ལྷན་སྐྱེས་ཀྱི་བདེ་ཆེན་དྲངས་པ་ན་བདག་མེད་པའི་དོན་ལ་རང་གིས་རིག་པའི་བདེ་བ་ཆེན་པོ་བཞག་སྟེ་བདེ་ སྟོང་དབྱེར་མེད་དུ་བསྐྱང་བར་བསྟན་ཏོ། །སྔར་བཤད་པའི་ཡང་དག་བདེ་བ་ཞེས་པ་དེ་གང་ཡིན་སྙམ་པ་ལ། བྲལ་བའི་ཞེས་པ་གཅིག་གིས་ཁྱད་པར་གྱི་དགའ་བའི་མཐར་སྐྱེས་པའི་ལྷན་ཅིག་སྐྱེས་དགའ་ཡིན་པར་བསྟན་ནོ། །རྟོག་པའི་དྲ་བ་ཞེས་པ་གཉིས་ 5-3-87a ཀྱིས་ནི་དེ་ཉིད་ཀྱི་ཁྱད་པར་སྟོན་ཏེ་གོ་སླའོ། །དགྱེས་རྡོར་ཞེས་པ་གཅིག་གིས་ནི་བདེ་སྟོང་དབྱེར་མེད་དུ་སྦྱར་བའི་ལྷན་ཅིག་སྐྱེས་དགའ་དེ་ཉིད་ཧེ་ཡིག་གི་དོན་སྙིང་རྗེ་དང༌། བཛྲའི་དོན་སྟོང་པ་ཉིད་རྟོགས་པའི་ཤེས་རབ་ཏུ་སྟོན་ཏེ་ངེས་དོན་གྱི་ཧེ་ བཛྲའོ།། ལེའུ་དྲུག་པའི་མཐའ་གཅོད་དོ།། །།འདོད་པའི་ལོངས་སྤྱོད་ཐམས་ཅད་ལ་ཞེས་སོགས་ཀྱིས་སྤྱོད་པ་གསུམ་བསྟན་པར་གསུངས་པའི་སྐབས་སུ། སྤྱོད་པའི་མཐའ་ཅུང་ཟད་དཔྱད་པ་ལ་སྤྱོད་པའི་རྣམ་གྲངས་དང་དབྱེ་བ་ནི། རྩ་རྒྱུད་ཀྱི་ལེའུ་ལྔ་པ་ དང༌། བདུན་པའི་མཚན་གྱི་སྐབས་སུ་རིམ་པ་བཞིན་ཀུན་ཏུ་སྤྱོད་པ་མཆོག་དང་། སྔགས་སྤྱོད་པ་མཆོག་ཅེས་གསུངས་པའི་དོན་རྒྱུད་འགྲེལ་ལས། རང་གཞན་གྱི་དོན་ཀུན་སྒྲུབ་པའི་སྤྱོད་པ་ཕུལ་དུ་བྱུང་བ་དང༌། སྔགས་ཟློས་པ་པོའི་སྤྱོད་པ་གསུམ་ལ་བཤད་ དོ། །སྔ་མ་ཡང་སྤྱོད་པ་གསུམ་གྱི་སྤྱི་མིང་ངོ༌། །ལེའུ་དགུ་པ་ལས། བྱང་སེམས་དང་དེ་བཞིན་གཤེགས་པའི་སྤྱོད་པ་གཉིས་གསུངས་པའི་དོན་རྒྱུད་འགྲེལ་ལས། འཇིག་རྟེན་དང་འགལ་ལམ་མི་འགལ་ཡང་རུང༌། གང་དང་གང་གིས་སེམས་ཅན་གྱི་དོན་ རྫོགས་པར་འགྱུར་བའི་རྣམ་པ་དེ་དང་དེས་སྔགས་པ་རྣམས་ཅི་ནུས་པར་རབ་ཏུ་འཇུག་པ་ནི་དང་པོ་དང༌། རིན་པོ་ཆེ་ལྟ་བུའི་སྔགས་པས་རྫོགས་རིམ་རྟོགས་ནས་མཉམ་པར་མ་བཞག་པའི་སྦྱོར་བའི་སྤྱོད་པས། ཚེ་འདི་ཉིད་ལ་རང་གི་ངོ་བོ་བརྗེ་བའི་སྤྱོད་པ་ནི་གཉིས་པར་བཤད་དོ། ། དེའི་དང་པོ་ནི་བྱང་སེམས་ཀྱི་སྤྱོད་པ་སྤྱི་དང༌། གཉིས་པ་ནི་རྫོགས་རིམ་ལ་གསུངས་པ་ནི་མཚོན་པ་ཙམ་དང༌། རིན་པོ་ཆེ་ལྟ་བུའི་གང་ཟག་ནི་གཙོ་བོ་ཡིན་པ་ལ་དགོངས་པས། བླ་མེད་ཀྱི་འདོད་ཡོན་ལ་སྤྱོད་པའི་སྤྱོད་པ་ཁྱད་པར་ཅན་ཐམས་ཅད་དོ། །ལེའུ་བཅུ་དྲུག་པ་ 5-3-87b ལས། རིག་པའི་བརྟུལ་ཞུགས་ཡང་དག་པར་ལེན་པའི་སྤྱོད་པ་ཞེས་གསུངས་པའི་དོན་ནི་རྒྱུད་འགྲེལ་ལས། རང་དང་རིག་མ་ལྷའི་འདྲ་འབག་ཏུ་ཆ་ལུགས་བསྒྱུར་ནས་སྤྱོད་པ་བྱེད་པ་ལ་བཤད་དོ། །ལེའུ་དྲུག་པའི་འགྲེལ་པར་སྤྱོད་པ་གསུམ་གྱི་མཆོག་ནི། ལོངས་སྤྱོད་ པ་དང་གྲོལ་བའི་སྤྱོད་པར་འགྱུར་རྙིང་གཉིས་དང་པ་ཚབ་ཀྱི་འགྱུར་ལས་འབྱུང་ཡང༌། ཆག་འགྱུར་ལས་སྤྱོད་པ་དེ་རྣམས་ཀྱི་མཆོག་ནི་བྷུ་སུ་ཀུའི་སྤྱོད་པའོ་ཞེས་བསྒྱུར་བ་ལྟར་ལེགས་པས་སྤྱོད་པ་གཞན་སྟོན་པ་མིན་ནོ། །རྒྱུད་ཕྱི་མ་ལས་ཀུན་ཏུ་སྤྱོད་པ་དང་སྔགས་ ཀྱི་སྤྱོད་པ་གཉིས་གསུངས་པའི་དང་པོ་ནི་སྤྱོད་པ་གསུམ་གྱི་སྤྱི་མིང་ཡིན་ལ། གཉིས་པ་ནི་ལེའུ་བཅུ་བདུན་པར་བཤད་པའི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དམ་ཚིག་དང་སྡོམ་པ་བསྲུང་བ་ཡིན་ནོ། །འདོད་ཆགས་ལས་བྱུང་བའི་བྱང་སེམས་ཀྱི་སྤྱོད་ པ་ལ་སྤྲོས་བཅས་དང་སྤྲོས་མེད་དང་ཤིན་ཏུ་སྤྲོས་མེད་གསུམ་གྱི་དབྱེ་བ་སྤྱོད་བསྡུས་ལས་གསུངས་ཏེ། རིམ་པ་གཉིས་པ་དང་རྒྱུད་འགྲེལ་ལས་ཀྱང་གསུམ་དུ་བཤད་དོ། །གང་ལ་སྤྱོད་པའི་འདོད་ཡོན་གྱི་གཙོ་བོ་ནི་རིག་མའི་འདོད་ཡོན་ཡིན་ལ། དེ་ལ་ནི་དངོས་ཀྱི་རིག་ མ་དང་བསྒོམས་པའི་ཡེ་ཤེས་ཀྱི་ཕྱག་རྒྱའི་རིག་མ་གཉིས་སོ། །དེའི་དང་པོ་ལ་སྤྱོད་པ་ལ་སྤྱོད་པ་དང་པོ་གཉིས་དང༌། གཉིས་པ་ལ་སྤྱོད་པ་ལ་སྤྱོད་པ་གསུམ་པ་བཞག་གོ། དེ་ལ་ཡང་སྤྱོད་བསྡུས་དང་རིམ་པ་གཉིས་པ་ལ་རྫོགས་རིམ་པའི་སྤྱོད་པ་གསུམ་གསུངས་ པ་ནི་མཚོན་པ་ཙམ་ཡིན་པས། རིམ་གཉིས་རེ་རེ་ལའང་སྤྱོད་པ་གསུམ་གསུམ་ཡོད་པར་ལེའུ་བཅུ་པ་ལས་འཆད་པར་འགྱུར་རོ། །ལེའུ་འདིའི་འགྲེལ་པར་སྤྱི་དོན་གྱི་སྤྱོད་པ་སྤྲོས་བཅས་དང༌། སྦས་དོན་གྱི་སྤྱོད་པ་སྤྲོས་མེད་དང་མཐར་ཐུག་གི་སྤྱོད་པ་ཤིན་ཏུ་སྤྲོས་ 5-3-88a མེད་དུ་གསུངས་པ་ནི། སྤྱོད་པ་ལ་འཇུག་པའི་བསྒོམ་བསམ་ལ་དགོངས་ཀྱི། སྤྱི་དོན་གྱི་སྤྱོད་པ་ལ་སྤྱོད་པ་གཞན་མི་བཞེད་པ་མིན་ཏེ། ལེའུ་བཅོ་ལྔ་པའི་འགྲེལ་པར། བསྐྱེད་རིམ་པའི་དེ་བཞིན་གཤེགས་པ་ལྔའི་སྤྲོས་མེད་ཀྱི་སྤྱོད་ པ་གསུངས་པའི་ཕྱིར་དང༌། ཤིན་ཏུ་སྤྲོས་མེད་ཀྱང་བསྒོམ་བསམ་གྱི་སྒོ་ནས་བསྐྱེད་རིམ་པ་ལ་མི་འཇོག་ཀྱང༌། བྱ་བ་ལ་སོགས་པའི་ཤིན་ཏུ་སྤྲོས་མེད་གཞག་ཏུ་ཡོད་པའི་ཕྱིར་རོ།། ༈ །།སྤྱོད་པ་བྱེད་པའི་དུས་ཀྱི་དབྱེ་བ་ནི། སྤྱིར་འདོད་ཡོན་ལ་ཆགས་པ་ལམ་བྱེད་ཀྱི་སྤྱོད་པ་ལ་གཉིས་ཏེ། རིམ་པ་ གཉིས་སྒོམ་པའི་སྣོད་རུང་དུ་བྱེད་པའི་དབང་གི་དུས་དང༌། སྣོད་དུ་རུང་ནས་ལམ་སྒོམ་པའི་དུས་ཀྱི་སྤྱོད་པའོ། །ཕྱི་མ་ལ་ཡང་གཉིས་ཏེ། ལམ་མ་སྐྱེས་པ་སྐྱེད་པའི་ཕྱིར་དུ་སྤྱོད་པ་དང༌། སྐྱེས་ཟིན་གྱི་ལམ་ལ་བོགས་འབྱིན་པའི་སྤྱོད་པའོ། །དེའི་དང་པོ་ནི་ལམ་ཐོག་མར་སྒོམ་ པ་ནས་བཟུང་སྟེ་མི་སློབ་པའི་གོ་འཕང་མ་ཐོབ་ཀྱི་བར་དུ་འཇུག་སྟེ། མདོར་བྱས་ལས། འདོད་པ་ལྔ་ནི་ཡོངས་སྤངས་ནས། །དཀའ་ཐུབ་ཀྱིས་ཀྱང་མ་གདུངས་པས། །རྣལ་འབྱོར་རྒྱུད་ཀྱི་རྗེས་འབྲང་ལ། །བདེ་བས་བྱང་ཆུབ་བསྒྲུབ་པར་བྱ། །ཞེས་བསྐྱེད་ རིམ་ལ་འཇུག་པ་ནས་དེ་ལྟར་བྱ་བར་གསུངས་པའི་ཕྱིར་རོ། །གཉིས་པ་ལ་ནག་པོ་དམ་ཚིག་རྡོ་རྗེས་ནི་བསྐྱེད་རིམ་ཕྲ་རགས་མཐར་ཕྱིན་ནས་ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་བོགས་འབྱིན་པ་དང༌། དབེན་པ་གསུམ་བདེན་པ་གཉིས་ཀྱི་རྫོགས་རིམ་དང་ བཅས་པ་གྲུབ་ནས་མཆོག་གི་དངོས་གྲུབ་འགྲུབ་པ་ལ་བོགས་འབྱིན་པའི་སྐབས་གཉིས་ལས་མེད་པས་དུས་གཉིས་སུ་སྤྱོད་པ་བྱེད་ཟེར་རོ། །བཙུན་མོ་ཅན་ནི། རང་བཞིན་སྣང་བའི་དབྱེ་ཤེས་ནས། །ཞེས་སོགས་ལ་བརྟེན་ནས་སྒྱུ་ལུས་ཐོབ་ནས་ 5-3-88b དང་སློབ་པའི་ཟུང་འཇུག་ཐོབ་པ་ནས་སྤྱོད་པ་བྱེད་པས་རྫོགས་རིམ་ལ་སྤྱོད་པ་བྱེད་པའི་སྐབས་གཉིས་ཏེ་སྤྱིར་གསུམ་དུ་བཞེད་དོ། །རང་གི་ལུགས་ནི་རིམ་གཉིས་ལ་བོགས་འབྱིན་པའི་སྤྱོད་པ་བྱེད་པའི་སྐབས་བཞི་སྟེ། འདི་ལྟར་བསྐྱེད་རིམ་གྱི་སྐབས་སྔར་ ལྟར་དང༌། རྫོགས་རིམ་ལ་སེམས་དབེན་ཐོབ་ནས་སྒྱུ་ལུས་འགྲུབ་པའི་དོན་དུ་སྤྱོད་པ་བྱེད་དགོས་པ་ནི་གཞན་དུ་བསྒྲུབ་ཟིན་ཏོ། །སྒྱུ་ལུས་ཐོབ་ནས་ནི་ཐོབ་བྱ་སློབ་པའི་ཟུང་འཇུག་ཐོབ་པའི་ཕྱིར་དང་སྤང་བྱ་ཉོན་མོངས་ཟད་པའི་ཕྱིར་དུ་སྤྱོད་པ་བྱ་དགོས་པ་ནི། ལེའུ་བཅུ་དྲུག་པར་རིགས་གསུམ་གྱི་སྤྲོས་མེད་ཀྱི་སྤྱོད་པ་སྤྱད་པའི་ཕན་ཡོན་གྱི་སྐབས་ལས་ཤེས་སོ། །སློབ་པའི་ཟུང་འཇུག་ཐོབ་ནས་སྤྱོད་པ་བྱེད་པ་ནི། རིམ་ལྔ་ལས། ཟུང་འཇུག་གོ་འཕང་ལ་གནས་པའི། །སློབ་བཞིན་པ་ཡི་རྣལ་འབྱོར་ཆེ། །ཟུང་དུ་འཇུག་ པ་བསྒོམས་གྱུར་པས། །སྤྱོད་པའང་དེ་དང་གཉིས་སུ་མེད། །ཅེས་གསུངས་པས་ཤེས་པར་ནུས་ལ། སྤྱོད་བསྡུས་ལས་སྤྱོད་པ་བྱེད་པའི་སྒྲུབ་པ་པོ་ཀུན་རྫོབ་ཀྱི་བདེན་པར་གཏོགས་པར་བཤད་པས་ཀྱང་ཤེས་ཏེ། དེ་ནི་རིམ་པ་གསུམ་པ་དང་ལྔ་པའི་ཀུན་རྫོབ་སྒྱུ་ མའི་སྐུའི་རྟེན་གཉིས་ཀ་དང་སྦྱར་རོ། །གཞན་ཡང་སྤྱོད་བསྡུས་ལས། ཡང་བརྟུལ་ཞུགས་ཀྱི་སྤྱོད་པ་མེད་པར་ཐོག་མ་མེད་པའི་ཉོན་མོངས་པའི་བག་ཆགས་ཟད་པར་བྱ་བར་ནི་མི་ནུས་སོ། །ཞེས་གསུངས་པས་ཉོན་མོངས་ཀྱི་བག་ཆགས་དངོས་ཤེས་སྒྲིབ་མ་ ལུས་པ་ནི་བརྟུལ་ཞུགས་ཀྱི་སྤྱོད་པ་མེད་པར་ཟད་མི་ནུས་ལ། ཚེ་འདི་ཉིད་ལ་དེ་ཟད་པ་ཡང་སྤྱོད་པ་དེ་མེད་པར་མི་ནུས་སོ། །ཉོན་མོངས་ཀྱི་ས་བོན་ལ་བག་ཆགས་སུ་བཏགས་པ་ཆེས་མྱུར་བར་ཟད་པ་ཡང་དེ་ལ་རག་ལས་པས། སློབ་པ་དང་མི་སློབ་པའི་ཟུང་ 5-3-89a འཇུག་གི་དོན་དུ་སྤྱོད་པ་གཉིས་བྱ་དགོས་པར་ཤེས་སོ།། ༈ །།སྤྱོད་པ་ལ་རྩོད་པ་སྤང་བ་ནི། གལ་ཏེ་དབང་གི་དུས་ནས་བཟུང་སྟེ། འདོད་ཡོན་ལ་ཆགས་པ་ལམ་བྱེད་ཡོད་ན། སྤྱོད་པ་གསུམ་གྱི་གཙོ་བོ་ཡང་དེ་ཙམ་དུ་ཟད་པས་དེ་རྣམས་ ལས་ལོགས་སུ་སྤྱོད་པ་སྤྱད་ཀྱང་ཅི་དགོས་སྙམ་ན། དེ་ལ་རྫོགས་རིམ་པའི་བོགས་འབྱིན་གྱི་སྤྱོད་པ་ནི་ཚེ་འདིར་བྱང་ཆུབ་ཐོབ་པའི་ཕྱིར་ཡིན་ཏེ། རིམ་པ་གཉིས་པ་ལས། རང་བཞིན་སྣང་བའི་དབྱེ་ཤེས་ཤིང༌། །དེ་ཉིད་བཞི་པ་ལ་བརྟེན་ལ། །གང་ཞིག་རྣམ་གསུམ་ ལ་མི་སློབ། །དེས་ནི་འབྲས་བུ་མྱུར་ཐོབ་མིན། །ཇི་ལྟར་ཤིང་ལ་མེ་གནས་པ། །མ་གཙུབས་བར་དུ་འབྱུང་མི་འགྱུར། །དེ་བཞིན་བྱང་ཆུབ་བསླབ་བྲལ་བས། །ཚེ་འདི་ཉིད་ལ་འབྱུང་མི་འགྱུར། །ཞེས་གསུངས་ཤིང༌། སྤྱོད་བསྡུས་དང་སྒྲོན་གསལ་ལས་ཀྱང༌། སྤྱོད་པ་བྱས་པས་ཚེ་འདི་ཉིད་ལ་མཆོག་འགྲུབ་པར་བཤད་དོ། །དེའི་ཚུལ་ནི་རླུང་གི་རྣལ་འབྱོར་མཐར་ཕྱིན་པའི་དབང་གིས་ཡེ་ཤེས་གསུམ་སྐྱེད་ནུས་པ་ན། ཕྱིའི་ཕྱག་རྒྱ་གྲོགས་སུ་མེད་ན་སེམས་དབེན་གྱི་ཡེ་ཤེས་མཚན་ཉིད་ཚང་བ་སྐྱེད་མི་ནུས་ པས་དེའི་དོན་དུ་བསྟེན་དགོས་སོ། །དེ་ལྟ་ན་ནང་གི་ལུས་ལ་གནད་དུ་བསྣུན་པའི་མཐུས་རླུང་སྡུད་པ་དང༌། གཏུམ་མོ་འབར་ནས་བྱང་སེམས་བཞུ་བའི་ནུས་པ་མཐར་སོན་ཀྱང༌། དེ་འདྲ་བ་ལ་ད་དུང་ཕྱག་རྒྱའི་སྒོ་ནས་དེ་རྣམས་ལ་ཁྱད་པར་ཆེན་ པོ་ཐོབ་པའི་སྒོ་ནས་དེ་ཁོ་ན་ཉིད་ཀྱི་རྟོགས་པ་རབ་ཏུ་གྱུར་པར་བགྲོད་པའི་རིམ་པ་ཡོད་པར་གསལ་ལོ། །དེའི་ཕྱིར་ནང་གི་ལུས་ལ་གནད་དུ་བསྣུན་པའི་ཐབས་ཀྱི་ནུས་པ་མཐར་སོན་པ་ན་ཕྱག་རྒྱའི་འདོད་ཡོན་ལོངས་སྤྱོད་པ་ཡན་ལག་དང་བཅས་ 5-3-89b པ་ཉིད་ལ་དྲིལ་ནས་དེ་ཁོ་ན་ཉིད་སྒོམ་པ་ནི། རྫོགས་རིམ་གྱི་བོགས་འབྱིན་གྱི་སྤྱོད་པ་ལ་སྤྱོད་པའི་དོན་ནོ། །ཇི་ལྟར་ནང་གི་འཁོར་ལོ་རྣམས་ལ་གནད་དུ་བསྣུན་པ་ལས་བདེ་བའི་ཁྱད་པར་དུ་མ་འབྱུང་བ་ལྟར་ཕྱག་རྒྱའི་ངོ་བོ་དང་གྲངས་དང་འགྲོ་བའི་ཁྱད་པར་དང་ ནུས་པ་ཆེ་ཆུང་གི་བྱེ་བྲག་ལས་ཀྱང་རྣལ་འབྱོར་པ་ལ་བདེ་བའི་ཁྱད་པར་སྣ་ཚོགས་པ་སྐྱེ་ལ། དེའི་ཚེ་དེས་སྟོང་ཉིད་སྒོམ་པའི་རྟོགས་པ་ཁྱད་ཞུགས་པར་འགྲོ་ཚུལ་ཡང་དུ་མར་ཤེས་པར་བྱའོ། །གལ་ཏེ་འདིའི་སྤྱོད་པ་མ་བྱས་པར་ཐུན་མོང་གི་དངོས་གྲུབ་མི་ འགྲུབ་ན། རྒྱུད་སྡེ་འོག་མ་གསུམ་ལས་ཐུན་མོང་གི་དངོས་གྲུབ་མཐའ་ཡས་པ་ཞིག་དེ་ལས་བསྟན་པའི་ལམ་གྱིས་སྒྲུབ་པར་བཤད་པ་དང་འགལ་ལ་ཐུན་མོང་གི་དངོས་གྲུབ་ཀྱི་དོན་དུ་ཡིན་དུ་ཆུག་ཀྱང་སྤྱོད་པ་དེ་སྤྱད་པས་དེ་འགྲུབ་པ་ལ་ཕན་ལུགས་ ཇི་ལྟར་ཡིན་སྙམ་ན་ཐུན་མོང་གི་དངོས་གྲུབ་ཕྲན་ཚེགས་མང་པོ་འགྲུབ་པ་ལ་སྟོང་ཉིད་སྒོམ་པ་མི་དགོས་ཀྱང༌། རྒྱུད་སྡེ་འོག་མར་བྱུང་བའི་དངོས་གྲུབ་ཁྱད་པར་ཅན་མང་པོ་འགྲུབ་པ་ལ་སྟོང་ཉིད་སྒོམ་དགོས་པར་བཤད་དེ། ཁ་ཅིག་ནི་དེ་མེད་ན་ མི་འགྲུབ་ལ་ཁ་ཅིག་ནི་དེའི་རྟོགས་པ་ཡོད་ན་འགྲུབ་སླ་བའོ། །བླ་མེད་ཀྱི་བསྐྱེད་རིམ་པས་ཐུན་མོང་གི་དངོས་གྲུབ་སྒྲུབ་པ་ལ་ནི། སྔ་མས་མི་འགྲུབ་པ་མང་པོ་ཡོད་ལ་ཐུན་མོང་གི་དངོས་གྲུབ་ཀྱི་མཐར་ཐུག་པ་རྣམས་དང༌། གཞན་མང་པོ་ཡང་ དབང་པོ་གསུམ་གྱི་རིམ་པས་ཞག་བདུན་དང་ཟླ་ཕྱེད་དང༌། ཟླ་བ་གཅིག་གམ་ཕྱེད་དང་གཉིས་ཚུན་ལ་འགྲུབ་པར་གསུངས་པ་ལྟ་བུ་དུས་ཤིན་ཏུ་ཉེ་བ་ལ་བདེ་བླག་ཏུ་འགྲུབ་པའི་ཐབས་སུ་སྤྱོད་པ་བྱེད་པ་ཡིན་ཏེ། བསྐྱེད་རིམ་མཐར་ཕྱིན་པ་ན་རེག་ 5-3-90a མཐོང་གི་མཚན་མ་རྙེད་པས། གསང་གནས་ཀྱི་སྒོར་ཕཊ་ཡིག་སྒོམ་པ་སོགས་ཀྱིས་ཀྱང་བྱང་སེམས་ཕོ་བ་དགག་ནུས་ལ། ཕྱག་རྒྱ་དང་སྦྱར་བ་ལས་བདེ་བ་བསྐྱེད་དེ་དེས་སྟོང་ཉིད་བསྒོམས་པས། ནུས་པ་ཁྱད་པར་ ཅན་སྐྱེས་ན་དངོས་གྲུབ་འགྲུབ་པརསླའོ། །དེ་ཙམ་གྱི་བདེ་སྟོང་བསྒོམ་པ་བསྐྱེད་རིམ་གྱི་ལམ་ལའང་ཡོད་དོ། །གལ་ཏེ་གང་ཟག་ཁ་ཅིག་གིས་བསྐྱེད་རིམ་ཕྲ་མོ་མཐར་ཕྱིན་པ་ན་རླུང་དྷཱུ་ཏཱིར་ཚུད་པའང་སྲིད་པ་དང༌། ཕྱིའི་ཕྱག་རྒྱ་དང་སྦྱོར་བ་སྲོག་ རྩོལ་ཏུ་འགྲོ་བའི་གནད་ཤེས་པས། དེ་ལ་བརྟེན་ནས་ཀྱང་རླུང་དྷཱུ་ཏཱིར་ཐིམ་པའི་དགའ་བ་བཞི་སྐྱེད་པར་ནུས་ན་ནི་དེ་གཉིས་བསྐྱེད་རིམ་གྱི་སྐབས་སུ་བྱུང་ཡང་ལམ་དུ་འཇོག་ན་རྫོགས་རིམ་གྱི་ལམ་དུ་བྱ་དགོས་ཏེ། ལམ་སྒོམ་པའི་སྔོན་དུ་དབང་ གི་སྐབས་སུ་དེ་ལྟ་བུ་བྱུང་བའི་ལྷན་སྐྱེས་རྫོགས་རིམ་དུ་ཞལ་ལུང་ལས་བཤད་པ་བཞིན་ནོ། །བསྐྱེད་རིམ་གྱི་སྐབས་སུ་ཐུན་མོང་གི་དངོས་གྲུབ་ཀྱི་དོན་དུ་སྤྱོད་པ་བྱེད་པ་འདི་རིན་པོ་ཆེ་ལྟ་བུའི་གང་ཟག་མཆོག་མིན་གྱི། པད་དཀར་ལ་སོགས་ པའི་གང་ཟག་དབང་པོ་དམན་པ་ཐུན་མོང་གི་དངོས་གྲུབ་ཀྱིས་ཡིད་དྲངས་པ་འགའ་ཞིག་ཡིན་ནོ།། ༈ །།སྤྱོད་པ་རྣམས་རྒྱུད་གང་ལས་གསུངས་པ་དང་སོ་སོའི་མཚན་ཉིད་ནི། སྤྱོད་བསྡུས་ལས་དེ་བཞིན་གཤེགས་པ་དང་རྡོ་རྗེ་འཆང་གིས་དབུགས་ དབྱུང་ཇི་སྐད་བསྟན་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཨ་ར་ལི་རྒྱས་པ་ནི་སྤྲོས་བཅས་དང༌། རྟག་ཏུ་ཁྱབ་པ་ལས་དགོས་པའི་དབང་དུ་འགའ་ཞིག་ལ་རོལ་བ་ནི་སྤྲོས་མེད་དང༌། འདུ་འཛི་ཐམས་ཅད་སྤངས་ནས་བསམ་ 5-3-90b གཏན་གྱི་ཟས་འབའ་ཞིག་གིས་གནས་པ་ཞིག་ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་འཇུག་པས་གོམས་པར་བྱེད་པ་ནི་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་དང༌། ཤིང་དང་ཏ་ལའི་ལོ་མ་དང་རས་བལ་གསུམ་ཚིག་པས་ཐལ་བར་འགྲོ་བ་ལ་ཁྱད་པར་མེད་ པ་བཞིན་དུ། སྤྱོད་པ་གསུམ་ཆར་གྱིས་ཀྱང་རྡོ་རྗེ་འཆང་གི་གོ་འཕང་འགྲུབ་པ་དང༌། ཆུང་འབྲིང་ཆེན་པོའི་དབྱེ་བ་དང༌། ན་ཚོད་དང་མཐུན་པར་སྤྱོད་པ་གསུམ་ལ་སློབ་པར་བཤད་དོ། །ཨ་ར་ལི་ནི་རྩེད་མོ་འམ་རོལ་པར་བསྒྱུར་རོ། །དེ་ནི་སྤྱོད་བསྡུས་ལས་ གསུངས་པའི་ཕྱག་རྒྱ་དང་དེའི་ལན་ལ་སོགས་པ་ཡིན་ནོ། །སྤྲོས་མེད་ཀྱི་སྤྱོད་པ་ནི་སྤྱིར་བཏང་ལ་བྱ་བ་དེ་རྣམས་རྟག་ཏུ་བྱ་དགོས་པ་ཡིན་ཀྱང༌། དགོས་པའི་དབང་གིས་རེས་འགའ་དེ་རྣམས་གཞག་ནས་བྱེད་པའོ། །འོན་ཀྱང་འདི་ལ་གནས་ ཁང་ཁྱད་པར་ཅན་གདན་དང་བཅས་པ་དང་ཆོ་ག་སྒྲུབ་པའི་གྲོགས་དང༌། དེ་དག་གི་ཆས་འབག་དང་བཟའ་བཏུང་སོགས་ཀྱི་སྤྲོས་པ་མང་པོ་ཞིག་ཡོད་པ་རྣམས་ཀྱང་ཤིན་ཏུ་སྤྲོས་མེད་པ་ལ་འཇོག་པས་དེ་ལ་ནི་བྱ་བའི་སྤྲོས་པ་ཤིན་ཏུ་ཆུང་ངོ༌། ། དཔེ་གསུམ་གྱིས་ནི་སྤྱོད་པ་གསུམ་གྱི་རེ་རེས་ཀྱང་འབྲས་བུ་འགྲུབ་པས་གསུམ་ག་ལ་སྤྱད་མི་དགོས་པ་བསྟན་ཏོ། །ཆུང་འབྲིང་ཆེན་པོ་ལ་འཆད་ཚུལ་མང་དུ་ཡོད་ཀྱང༌། ཡོ་བྱད་ཆེ་འབྲིང་ཆུང་གསུམ་དང་ཤེས་རབ་ཆུང་འབྲིང་ཆེ་གསུམ་ ལ་འཆད་ལ། ལ་ལ་འདོད་ཆགས་ཆེ་འབྲིང་ཆུང་གསུམ་ལ་འཆད་ཀྱང་ཡོ་བྱད་ཆེ་འབྲིང་ཆུང་གསུམ་དང༌། ན་ཚོད་ཆུང་འབྲིང་ཆེ་གསུམ་དང་སྤྲོས་པ་ལ་དགའ་བའི་བསམ་པ་ཆེ་འབྲིང་ཆུང་གསུམ་གྱི་དབང་དུ་བྱས་པའོ། །དེ་ལ་སྤྱོད་པ་དང་པོ་ནི་མཉམ་ 5-3-91a སྦྱོར་ལས་གསུངས་ལ། འདུས་པ་ལས་སྤྱོད་པ་ཕྱི་མ་གཉིས་འབའ་ཞིག་གསུངས་པར་ནི་སྤྱོད་བསྡུས་ལས་བཤད་དོ། །སྔར་བཤད་པའི་བྱ་བའི་སྤྲོས་པ་རྒྱས་པ་རྣམས་འདུས་པར་མ་གསུངས་པ་ལ་དགོངས་ནས། འདུས་ པ་ལས་སྤྱོད་པ་ཐ་མ་གཉིས་འབའ་ཞིག་བསྟན་པར་གསུངས་ལ། སྒྲོན་གསལ་ལས་འདུས་པའི་གཞུང་གིས་སྤྱོད་པ་དང་པོ་བསྟན་པར་གསུངས་པ་ནི། སྤྲོས་བཅས་པས་ཇི་ལྟར་འདོད་པ་བཞིན་འདོད་པ་ལ་སྤྱོད་པ་དང༌། བསྐྱེད་རིམ་པས་སྤྲོས་བཅས་ཀྱི་ སྤྱོད་པ་ལ་འཇུག་པའི་བསྒོམ་བསམ་ཙམ་ཞིག་བསྟན་པ་ཡིན་པས་མི་འགལ་ལོ། །འདིར་སྔ་མ་རྣམས་འགྲེལ་པར་འདོད་པའི་ལོངས་སྤྱོད་ཞེས་པའི་ཚིགས་བཅད་དང་པོའི་རྐང་པ་དང་པོ་གཉིས་སྤྲོས་བཅས་ཀྱི་སྤྱོད་པ་དང༌། ཚིགས་བཅད་ གཉིས་པ་སྤྲོས་མེད་ཀྱི་སྤྱོད་པ་དང༌སློངས་མོ་ཟ་ཞིང་མི་བཟླ་སྟེ། །ཞེས་པ་བཞི་ཤིན་ཏུ་སྤྲོས་མེད་ཀྱི་སྐབས་ལ་སྦྱར་བ་ལ་བརྟེན་ནས་སྤྱོད་པ་གསུམ་གྱི་འདོད་ཡོན་ལ་ལོངས་སྤྱོད་པའི་འཇུག་བསམ་མི་འདྲ་བ་གསུམ་བྱ་དགོས་པར་བཟུང་ཞིང༌། དང་པོའི་སྐབས་སུ། དབང་པོ་དང་ཇི་ལྟར་རྗེས་སུ་མཐུན་པར་ལོངས་སྤྱོད་པས་སྟེན་པར་བྱེད། ཅེས་དང༌། གཉིས་པའི་སྐབས་སུ་རང་གི་ལྷའི་ཏིང་ངེ་འཛིན་གྱིས་སོ་ཞེས་གསུངས་པ་ལ་བརྟེན་ནས་སྤྱོད་པ་དང་པོའི་སྐབས་སུ་བརྐམ་ཆགས་ ཤས་ཆེ་བས་དབང་པོ་ཁོ་ནའི་ངོར་དང༌། གཉིས་པའི་སྐབས་སུ་དེ་དང་ཏིང་ངེ་འཛིན་གཉིས་ཀའི་ངོར་དང་གསུམ་པའི་སྐབས་སུ་ཏིང་ངེ་འཛིན་འབའ་ཞིག་གི་ངོར་བྱས་ནས་འདོད་ཡོན་ལ་སྤྱོད་པའི་བསམ་པས་འཇུག་པ་ཡིན་ཞེས་ཟེར་མོད་ཀྱང༌། 5-3-91b འདིར་གཙོ་བོར་གཉིས་མེད་ཟུང་འཇུག་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་དོན་དུ་དམིགས་ནས་འདོད་ཡོན་ལ་འཇུག་པ་ནི་སྤྱོད་པ་གསུམ་ག་ལ་འདྲ་བར་སྔར་བཤད་ཅིང་རྩ་བའི་རྒྱུད་ལས་ཀྱང༌། ཆགས་ཅན་ཡེ་ཤེས་འདོད་པ་ཡིས། །རྟག་ཏུ་འདོད་པའི་ ཡོན་ཏན་བསྟེན། །ཞེས་གསུངས་པས་ཀྱང་ཤེས་པས་དབང་པོ་ཁོ་ན་དང་དེ་དང་ཏིང་ངེ་འཛིན་ཁོ་ནའི་ངོར་སྤྱོད་པ་མིན་ནོ། །གང་ལ་སྤྱད་པས་བྱང་ཆུབ་ཀྱི་སེམས་སྔར་མེད་གསར་དུ་སྐྱེ་བ་དང༌། མི་ཉམས་པར་གནས་པ་དང་གོང་དུ་འཕེལ་བའི་ཐབས་ སུ་གྱུར་པའི་འདོད་ཡོན་ཡིན་ན་ནི། འདོད་བཞིན་དུ་འགོག་པ་མིན་པར་དབང་པོ་དང་རང་གི་འདོད་པ་དང་མཐུན་པར་ལོངས་སྤྱོད་པ་ནི་སྤྱོད་པ་གསུམ་ག་ལ་འདྲ་བས། འདོད་པ་ཞེས་པའི་ཚིག་རྐང་པ་གཉིས་གཉིས་དང་འདོད་པ་ཀུན་ལ་ལོངས་སྤྱོད་ ཅིང་ཞེས་འདྲ་བར་གསུངས་ཏེ། དེ་ལྟ་ནའང་ཟློས་པར་མི་འགྱུར་བར་བསྟན་པའི་ཕྱིར་ཚུལ་དེས་སྤྱོད་པ་གསུམ་ལ་སྤྱོད་པ་སྟོན་པར་གསུངས་སོ། །ལུས་གནས་པར་འགྱུར་བ་ཙམ་གྱིས་ཆོག་ཤེས་པས་ཞེས་པ་ནི། ཁམས་རྒྱས་པ་ལ་མི་གནོད་ པའི་ལུས་གནས་པ་ཡིན་གྱི་སྲོག་འཚོ་བ་ཙམ་ལ་ཟེར་བ་མིན་ནོ། །ཚུལ་དེ་སྤྱོད་པ་གསུམ་པའི་ཁྱད་ཆོས་མིན་པ་ནི་ལེའུ་བཅུ་དྲུག་པའི་སྤྲོས་མེད་ཀྱི་ཁ་ཟས་བསྟེན་པའི་སྐབས་ལས་ཀྱང་ཤེས་ལ་སྲོག་འཚོ་བ་ཙམ་ལ་མི་བྱེད་པ་ནི། འདོད་ པའི་ལོངས་སྤྱོད་ཐམས་ཅད་ལ། །བསྟེན་ན་མྱུར་དུ་འགྲུབ་པར་འགྱུར། །ཞེས་དང༌། འདོད་པ་ཀུན་ལ་ལོངས་སྤྱོད་ཅིང༌། །ཞེས་དང༌། ལུས་དང་ངག་དང་ཞེས་པ་གཉིས་དང༌། སངས་རྒྱས་བྱང་ཆུབ་སེམས་དཔའ་ཞེས་པ་དྲུག་དང༌། བྱང་ཆུབ་ 5-3-92a སེམས་དཔའ་མཉེས་པར་བྱ། །ཞེས་པའི་རྐང་པ་གཉིས་ལ་སོགས་པ་དུ་མ་ཞིག་ལས་ཤེས་སོ། །སྤྱོད་པའི་ཆོ་ག་ཇི་ལྟར་བྱ་བ་དང༌། སྤྱོད་པ་ལ་བརྟེན་པའི་ཚེ་ཉོན་མོངས་པ་ལམ་དུ་བྱེད་ཚུལ་ལ་སོགས་པའི་སྤྱོད་པའི་གནད་ རྒྱས་པར་ནི་རིམ་ལྔ་གསལ་སྒྲོན་དུ་བཤད་པ་ལས་ཤེས་པར་བྱའོ།། ༈ གཟུགས་ལ་རྣམ་གསུམ་ཤེས་བྱས་ནས། །ཞེས་བྱ་བ་ལ་སོགས་པ་རྣམས་སྤྱི་དང་སྦས་པ་དང༌། མཐར་ཐུག་གསུམ་དུ་བཤད་པ་སྤྱོད་པ་གསུམ་དང་སྦྱར་བ་ནི། སྤྱོད་པ་གསུམ་གྱི་ སྒོམ་བསམ་གསུམ་སྟོན་པའི་དོན་ཅུང་ཟད་བཤད་པར་བྱའོ། །དེ་ལ་སྤྱི་དོན་གྱི་བསྒོམ་བསམ་ནི། རྒྱུད་འགྲེལ་ལས། ཡུལ་ལྷར་སྒོམ་པ་དེ་ལ་ཉིན་མཚན་རྟག་ཏུ་སེམས་ཀྱི་མངོན་པར་འདུ་བྱེད་པ་བསྐྱེད་པར་བྱ་བ་དང༌། འདི་ནི་སངས་རྒྱས་ཀྱི་གོ་འཕང་ ཐོབ་པར་བྱེད་པའི་ཐབས་སྦ་བར་བྱ་བ་ཡིན་པས་སྙིང་པོ་བསྡུས་པ་ཡིན་པར་བཤད་པས་ཡུལ་ལྔ་ལྷར་བསྒོམས་ནས། ལྷ་རྣམས་ཀྱི་གཟུགས་ལྟ་བ་སོགས་བྱེད་པ་ལ་དགོས་སུ་རྒྱུན་ལྡན་དུ་བསྒོམས་ནས་མྱོང་བ་བརྟན་པ་ཞིག་སྔོན་དུ་བསྐྱེད་དགོས་སོ། ། དེ་ཡང་ཕྱི་ནང་གི་གཟུགས་ཀྱི་སྐྱེ་མཆེད་ཐམས་ཅད་ཡོངས་སུ་གྱུར་པ་ལས། གཟུགས་རྡོ་རྗེ་མ་ལག་པའི་པད་མ་འཇམ་པས་མེ་ལོང་བཟུང་ནས་ཞི་བའི་མིག་གིས་ལྟ་ཞིང་མུ་ཏིག་གི་ཆུན་པོ་འཆང་བ། ནུ་མ་རྒྱས་ཤིང་འབུར་ལ་བར་དོག་པ། གོས་ ཅུང་ཟད་གྲོལ་ཞིང་རོ་སྨད་མཛེས་པ་སྟོན་པ་བསམས་ནས་དེའི་གཟུགས་ལ་རྒྱུན་དུ་བལྟས་པ་ལས་བདེ་བ་ཆེན་པོ་བྱུང་བར་བསམ་མོ། །དེ་བཞིན་དུ་སྒྲ་རྣམས་སྒྲ་རྡོ་རྗེ་མ་གླུ་སྙན་པ་ལེན་ཅིང་པི་ཝཾ་གི་སྒྲ་སྒྲོགས་པར་བསྐྱེད་པ་དང༌། དྲི་ 5-3-92b རྣམས་དྲི་རྡོ་རྗེ་མ་གར་བྱེད་ཅིང་ནོར་བུའི་སྣོད་དུ་གུར་ཀུམ་དང༌། ཨ་ཀ་རུ་དང༌། ཙན་དན་སྦྲུལ་གྱི་སྙིང་པོ་དང༌། ག་བུར་ལ་སོགས་པའི་དྲིས་བཀང་བ་ཕྱོགས་བཅུར་དྲི་བཟང་པོས་ཁྱབ་པར་བྱེད་པར་བསྐྱེད་པ་དང༌། རོ་རྣམས་རོ་རྡོ་རྗེ་མ་གསེར་དངུལ་ལ་སོགས་ལ་རིན་ པོ་ཆེའི་སྣོད་རོ་སྣ་ཚོགས་པས་གང་བ་དང༌། ལྷའི་བདུད་རྩིས་བཀང་བ་གཟུང་བར་བསྐྱེད་པ་དང༌། རེག་བྱ་རྣམས་རེག་རྡོ་རྗེ་མ་མཚན་ཐམས་ཅད་ཀྱིས་བརྒྱན་པ། ཁྲེམ་གཉེར་གསུམ་གྱིས་མཛེས་པ། སྐེད་པ་ཤིན་ཏུ་ཕྲ་བ་ལྟེ་བ་ཡངས་ཤིང་གཡས་སུ་འཁྱིལ་བ། རོ་སྨད་དང་འདོམས་སྟུག་པ། འགྲོས་དལ་ཞིང་སྒེག་པ། ཐམས་ཅད་ཀྱང་བཞིན་འཛུམ་ཞིང་ཆགས་པའི་མིག་གིས་བལྟ་བར་བསྐྱེད་ནས། སྒྲ་དྲི་རོ་ལ་ལོངས་སྤྱོད་པ་དང་ཕན་ཚུན་འཁྱུད་དེ་རེག་བྱ་ལ་སྤྱད་པས་བདེ་བ་ཆེན་པོ་རྒྱས་པར་བསམ་མོ། །སྒོམ་ཚུལ་ དེ་རྣམས་ནི་སྤྱན་མ་ལ་སོགས་པ་ལ་ཡང་སྦྱར་ལ་རྣམ་སྣང་ལ་ནི་གཟུགས་ཤིན་ཏུ་མཛེས་པ་དང་བར་པ་གསུམ་ལའང་ཕྱག་མཚན་སྔ་མ་ལྟར་དང༌། ལྔ་པས་གོས་མཆོག་གི་རེག་བྱ་བཟུང་བར་བསྒོམ་དགོས་སམ་དཔྱད་པར་བྱའོ། །འདི་ལ་ཡུལ་ལྔ་ལྷར་ བསྒོམས་ནས་རིགས་མཐུན་མང་པོར་སྒོམ་པ་ཡང་རུང་ངོ༌། །དེ་ལྟར་གོམས་པ་ན་ཐོག་མར་ཡིད་ལ་བདེ་བ་སྐྱེ་ལ་དེ་རིམ་གྱིས་བརྒྱུད་ནས་དབང་པོ་རྟེན་བཅས་ཀྱི་ལུས་ཀྱང་རྒྱས་པར་འགྱུར་ཏེ། རིགས་པའི་དབང་ཕྱུག་གིས། འདི་འགྱུར་ན་ནི་དེ་དག་ཀྱང༌། ། འགྱུར་བ་དག་ཏུ་མཐོང་བ་ཡིན། །ཞེས་གསུངས་པ་ལྟར་སེམས་ཤིན་ཏུ་བདེ་བ་ན་ལུས་མདངས་བཟང་བར་མཐོང་ཞིང༌། ཏིང་ངེ་འཛིན་ལུས་ཀྱི་འབྱུང་བ་རྒྱས་པའི་རྒྱས་བྱུང་གི་རྒྱུར་གསུངས་པའི་ཕྱིར་རོ། །དེ་འདྲ་བས་ལུས་རྒྱས་ན་ནི་བྱང་ཆུབ་ 5-3-93a ཀྱི་སེམས་ཀུན་ཏ་ལྟ་བུ་འཕེལ་ནས་ཞུ་བདེའི་ཏིང་ངེ་འཛིན་འཕེལ་བར་འགྱུར་ལ། དེས་སྟོང་ཉིས་བསྒོམས་པས་རྫོགས་རིམ་གྱི་རྟོགས་པ་མཆོག་རྣམས་རྫོགས་པར་སྐྱེ་བའི་དགེ་རྩ་སྨིན་པར་འགྱུར་རོ། །དེ་འདྲ་བའི་ཏིང་ངེ་ འཛིན་བརྟན་ན་དབང་པོས་ཡུལ་ལྔ་ལ་དངོས་སུ་ལོངས་སྤྱོད་པའི་ཚེ་སྔར་བསྒོམས་པ་ལྟར་གྱི་ཏིང་ངེ་འཛིན་མངོན་དུ་འགྱུར་བས། བདེ་ཆེན་གྱི་མི་མཐུན་ཕྱོགས་ཀྱི་ཐ་མལ་གྱི་ཡིད་བྱེད་སྡོམ་པས་ལམ་འདིའི་ལུགས་ཀྱི་དབང་པོའི་སྒོ་སྡོམ་པའི་ཚུལ་ཁྲིམས་ མཆོག་ཏུ་གསུངས་སོ། །འདི་ནི་ཐོག་མར་ལམ་སྒོམ་པ་ནས་བཟུང་སྟེ་ལུས་ལ་གནད་དུ་བསྣུན་པ་བསྒོམས་སྟོབས་ཀྱིས་རླུང་དྷཱུ་ཏཱིར་ཐིམ་པས་སྟོང་པ་རྣམས་འདྲེན་མི་ནུས་ཚུན་ཆད་ཀྱི་འདོད་ཡོན་ལ་སྤྱོད་པའི་བསྒོམ་བསམ་ཡིན་ལ། དེ་ཡང་བསྒོམས་ སྟོབས་ཀྱིས་རླུང་དྷཱུ་ཏཱིར་ཐིམ་པ་ལས་བྱུང་བའི་བདེ་སྟོང་སྦྱར་བས། མཚན་འཛིན་གྱི་སྤྲོས་པ་ཟིལ་གྱིས་གནོན་པ་ལྟར་མི་ནུས་པས་སྤྲོས་བཅས་ཀྱི་བསམ་པ་ཞེས་བྱའོ། །བསྐྱེད་རིམ་པ་ལ་བསྒོམ་བསམ་གྱི་སྒོ་ནས་སྤྱོད་པ་ཕྱི་མ་གཉིས་མེད་ཀྱང་ཡུལ་དང་ བྱ་བ་ལ་སོགས་པའི་སྤྲོས་པ་ཆེ་ཆུང་གི་སྒོ་ནས་སྤྱོད་པ་གསུམ་ཡོད་དོ།། ༈ །།སྦས་དོན་གྱི་བསྒོམས་བསམ་ནི། བསྒོམས་སྟོབས་ཀྱིས་རླུང་ཐིམ་པའི་སྟོང་པ་རྣམས་འདྲེན་ནུས་པ་ནས་བཟུང་སྟེ། རིམ་པ་བཞི་པའི་འོད་གསལ་མ་ཐོབ་ཚུན་ཆད་དུ་སྔར་མཉམ་ གཞག་གི་སྟོང་པ་རྣམས་དྲན་ནས་རྗེས་ཀྱི་སྐབས་སུ་རང་རྡོ་རྗེ་འཆང་དུ་བསྐྱེད་པ་དང༌། འདོད་ཡོད་ལ་སྤྱོད་པ་གཉིས་ཀ་ལ་སྟོང་པ་གསུམ་གྱི་རྒྱས་བཏབ་ནས་རྡོ་རྗེ་འཆང་ལ་འབུལ་བའི་ཚུལ་གྱིས་ལོངས་སྤྱོད་པ་ནི། སྔ་མ་ལ་ལྟོས་ན་མཚན་འཛིན་ 5-3-93b གྱི་སྤྲོས་པ་ཆུང་ལ་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པ་མིན་པས་སྤྲོས་མེད་ཀྱི་སྤྱོད་པ་ལ་སློབ་པའི་བསྒོམ་བསམ་མོ། །དེ་ལ་ཡང་བསྒོམ་བསམ་གྱི་སྒོ་ནས་སྤྲོས་བཅས་དང་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་གཉིས་མེད་ཀྱང༌། བྱ་བ་ལ་སོགས་པའི་སྒོ་ནས་ཡོད་པས་སྤྱོད་པ་གསུམ་ ཡོད་དོ།། ༈ །།མཐར་ཐུག་གི་བསྒོམ་བསམ་ནི། སློབ་པའི་ཟུང་འཇུག་ཐོབ་པ་ནས་བཟུང་སྟེ། མི་སློབ་པའི་ཟུང་འཇུག་མ་ཐོབ་པའི་བར་དུ་རྗེས་ཀྱི་སྐབས་སུ་འདོད་ཡོན་ལ་སྤྱོད་པ་ན་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པ་དྲན་ནས་རྒྱས་བཏབ་སྟེ་སྤྱོད་པ་ནི་བདེན་ཞེན་གྱི་ མཚན་འཛིན་གྱི་སྤྲོས་པའི་ས་བོན་ལས་གྲོལ་བས་ཤིན་ཏུ་སྤྲོས་མེད་པའི་བསྒོམ་བསམ་མོ། །འདི་དང་སྔ་མ་གཉིས་ལའང་འདོད་ཡོན་ལྷར་འཆར་བའི་བསྒོམ་བསམ་ནི་ཡོད་དོ། །འདི་ལ་བསྒོམ་བསམ་གྱི་སྒོ་ནས་སྤྱོད་པ་སྔ་མ་གཉིས་མེད་ཀྱང༌། བྱ་བ་ལ་སོགས་ པའི་སྒོ་ནས་འཇོག་པ་ནི་སྔར་དང་འདྲའོ།། ༈ བདག་གི་རྡོ་རྗེ་པད་མར་ལྡན། །ཞེས་པའི་སྐབས་སུ་བཤད་པའི་ལྕེ་ཆུང་བའི་བདུད་རྩི་འཐུང་བ་ལ། ཐོ་རངས་རས་སྲབ་མོ་ཆུར་བཅུག་པས་ལྕེ་དྲིལ་ཏེ་དལ་བུས་རིམ་གྱིས་འཐེན་པ་མང་དུ་བྱ་ལ། ལྕེ་རྩེས་སྣའི་རྩེ་མོར་ སླེབ་སླེབ་ཀྱི་བར་དུ་སྦྱང་བར་བྱའོ། དེ་ནས་ལྕེ་རྩེ་གྱེན་དུ་བཟློག་སྟེ་ལྕེ་ཆུང་བ་དལ་བུས་བསྐྱོད་པ་མང་དུ་བྱ་ཞིང༌། རང་གི་ཀླད་རྒྱ་ནས་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩི་འཛགས་པ་རིམ་གྱིས་ལྕེ་ཆུང་བ་ལ་བརྒྱུད་ནས་ལྕེ་གཞུང་དུ་འབབ་པར་བསམ་མོ། །དེ་ ལྟར་བསམས་པས་ཀླད་རྒྱ་ནས་འཛགས་པའི་བྱང་སེམས་ལྕེ་ཆུང་གི་ལམ་ནས་ལྕེའི་གཞུང་དུ་འབབ་པར་བཤད་པ་དེའི་སྟོབས་རྒྱས་ནས་ཁའི་ནང་མེར་གྱིས་ཁེངས་པ་འབྱུང༌། དེ་ལྟ་བུ་ཡང་ཡང་འཐུངས་པས་ལེའུ་འདིར་བཤད་པ་ལྟར་གཟུགས་ 5-3-94a ལུས་དང་སེམས་སེམས་བྱུང་རྣམས་ཚིམ་ནས་བདེ་བར་གནས་པ་སྐྱེ་བ་དང༌། ལེའུ་བཅུ་བདུན་པར་གསུངས་པ་ལྟར། རླུང་ལ་སོགས་པའི་ནད་གཞི་རྣམས་འཁྲུགས་པས་ཟིལ་གྱིས་མི་ནོན་པ་དང་དེའི་འགྲེལ་པར་ཤེས་རབ་ ཀྱི་མདོ་དྲངས་པ་ལས་འབྱུང་བ་ལྟར་རྒ་བ་དང་འཆི་བ་འཇིག་པ་དང་སྟོབས་ཆེན་པོས་འཚོ་བར་གསུངས་པའི་ཕན་ཡོན་རྣམས་འབྱུང་སྟེ། འདི་ནི་རང་གི་བྱང་ཆུབ་ཀྱི་སེམས་རྒྱས་པར་བྱེད་པ་དང༌། དེ་ལས་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོ་འདྲེན་པའི་བཅུད་ ལེན་གྱི་མཆོག་ཏུ་གྱུར་པའོ། །འདི་ལ་རྒྱུད་གཞན་དང་བསམ་མི་ཁྱབ་ཀྱི་རིམ་པར་ཡང་བསྔགས་པ་ཆེའོ། །བདུད་རྩི་དེ་དང་པོར་འཐུང་བ་ན་རོ་མི་ཞིམ་ཡང་དེ་ནས་རིམ་གྱིས་རོ་ཤིན་ཏུ་ཞིམ་པར་འགྱུར་ཟེར་རོ།། ༈ །།དམ་ཚིག་ཁུ་ཕྱུང་ཆོ་ག་བཞིན། །ཞེས་པའི་ ཚིགས་བཅད་ཀྱི་རྡོ་རྗེའི་ཚིག་གི་གཞུང་གཅིག་ཀྱང་མདོར་བྱས་དང་མདོ་བསྲེ་དང་སྤྱོད་བསྡུས་དང་རྣམ་གཞག་རིམ་པར་སྐབས་མི་འདྲ་བ་དུ་མ་ཞིག་ལ་དྲངས་པ་ནི་མཆན་དུ་བྲིས་པ་ལྟར་ཡིན་པས་དེས་མཚོན་ནས་རྡོ་རྗེའི་ཚིག་རེ་རེ་ལ་ཡང་ཡབ་སྲས་ཀྱི་ གཞུང་སོ་སོ་ལས་དོན་མི་འདྲ་བ་དུ་མར་བཤད་པ་རྣམས་འགལ་བ་མེད་ལ། འགྲེལ་པ་མཛད་པ་ཉིད་ཀྱིས་ཀྱང༌། རྩ་རྒྱུད་ཀྱི་ཚིགས་བཅད་དེ་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་སུ་ལྷག་མོས་འོད་གསལ་དུ་བསྡུས་པ་ལ་སྦྱར་ཞིང་འདིར་བར་དོར་འཚང་རྒྱ་བ་ ལ་བཤད་པ་དང༌། དེ་བཞིན་དུ་རྡོ་རྗེ་འཕྲེང་བ་ལས། གཟུགས་ཕུང་གཏོགས་དང་མེ་ལོང་དང༌། །ཞེས་སོགས་ཀྱི་གཞུང་རྣམས་ཀྱང་སྐབས་འདིར་བར་དོར་འཚང་རྒྱ་བ་ལ་སྦྱར་ཞིང༌། ལེའུ་བཅུ་གཅིག་པའི་འགྲེལ་པར། ཚེ་འདིར་སྒྱུ་ལུས་འོད་གསལ་ 5-3-94b དུ་འཇུག་པའི་སྐབས་ལ་སྦྱར་ལ། མདོར་བྱས་དང་མདོ་བསྲེ་ལས་ལྷག་མོས་འོད་གསལ་དུ་སྡུད་པའི་སྐབས་ལ་སྦྱར་བ་དང༌། རྣམ་གཞག་ལས་གཞིའི་འཆི་རིམ་གྱི་སྐབས་དང་རྫོགས་རིམ་གྱི་ལམ་གྱི་སྐབས་གཉིས་ཀ་ལ་སྦྱར་རོ།། ༈ རྡོ་རྗེ་འཕྲེང་བ་ལས་གསུངས་ པའི་དོན་དམ་པའི་དཀྱིལ་འཁོར་ལ་འཇུག་པའི་ཆོ་གས་རང་བཞིན་ཉི་ཤུ་རྩ་ལྔའི་རིམ་གྱིས་གཞུག་པ་ནི། ཞེས་འགྲེལ་པར་གསུངས་པའི་དོན་རྒྱས་པར་བཤད་ན། རྡོ་རྗེ་འཕྲེང་བ་ལས། གཟུགས་ཕུང་གཏོགས་དང་མེ་ལོང་དང༌། ས་ཁམས་མིག་གི་དབང་པོ་དང༌། ། གཟུགས་དང་རྣམ་ལྔར་གྱུར་པ་སྟེ། །ཁྲོ་བོ་གཉིས་དང་ཡང་དག་ལྡན། །ཚོར་བའི་ཕུང་པོ་མཉམ་ཉིད་དང༌། །ཆུ་ཁམས་རྣ་བའི་དབང་པོ་དང༌། །སྒྲ་དང་རྣམ་ལྔར་གྱུར་པ་སྟེ། །ཁྲོ་བོ་གཉིས་དང་ཡང་དག་ལྡན། །འདུ་ཤེས་སོ་སོར་རྟོག་པ་དང༌། །བྱིན་ཟ་སྣ་ཡི་དབང་པོ་དང༌། །དྲི་དང་ རྣམ་ལྔར་གྱུར་པ་སྟེ། །ཁྲོ་བོ་གཉིས་དང་ཡང་དག་ལྡན། །འདུ་བྱེད་བྱ་བ་སྒྲུབ་པ་དང༌། །རླུང་ཁམས་ལྕེའི་དབང་པོ་དང༌། །རོ་དང་རྣམ་ལྔར་གྱུར་པ་སྟེ། །ཁྲོ་བོ་གཉིས་དང་ཡང་དག་ལྡན། །སྟེང་འོག་ཁྲོ་བོར་ཤིན་ཏུ་བཅས། །རང་བཞིན་གྱི་ནི་སྣང་བ་ཉིད། །རྣམ་ཤེས་ཕུང་ པོར་ཞུགས་པ་སྟེ། །རྣམ་ཤེས་ཀྱང་ནི་འོད་གསལ་བར། །མྱ་ངན་འདས་བཅས་ཀུན་སྟོང་དང༌། །ཆོས་ཀྱི་སྐུ་ཡང་བཤད་པ་ཡིན། །ཞེས་གསུངས་སོ། །དེ་ལ་གཟུགས་ཕུང་གཏོགས་ཞེས་པ་ནི་འདི་རྣམ་སྣང་གི་རིགས་ཅན་ཡིན་པའི་དོན་ཏེ། གཞན་ལ་ ཡང་ཚོར་ཕུང་གཏོགས་ཞེས་སོགས་ཀྱི་དོན་སྦྱར་རོ། །དེ་ཡང་གཟུགས་ཕུང་ཐིམ་པ་ན་ཡན་ལག་ཐམས་ཅད་སྔར་ལས་ཕྲ་རུ་སོང་བ་དང་ལུས་ཉམས་ཆུང་བ་དང་ནུས་པ་མེད་པར་འགྱུར་རོ། །མེ་ལོང་ཡེ་ཤེས་ནི་མེ་ལོང་ལ་གཟུགས་བརྙན་ཤར་བ་བཞིན་དུ་ཡུལ་རྣམས་ 5-3-95a ཅིག་ཅར་སྣང་བ་ལ་སྤྱོད་བསྡུས་སུ་གསུངས་སོ། །དེ་ཐིམ་པ་ན་མི་གསལ་བར་རབ་རིབ་ཏུ་འགྱུར་རོ། །སའི་ཁམས་ཐིམ་པ་ན་ལུས་ཐམས་ཅད་སྐམ་པར་འགྱུར་རོ། །མིག་དབང་ཐིམ་པ་ན་མིག་འབྱེད་འཛུམ་མི་ཤེས་སོ། །ཡུལ་ གཟུགས་ནི་རྒྱུད་ཀྱིས་མ་ཟིན་པའི་ཕྱི་རོལ་གྱི་གཟུགས་མིན་གྱི། རང་གི་ལུས་ཀྱི་གཟུགས་ཡིན་ལ་དེ་ཐིམ་པ་ན་ལུས་ཀྱི་མདངས་ཡལ་བ་དང་ཉམས་སྟོབས་ཟད་པར་འགྱུར་རོ། །རྣམ་པ་ལྔ་ནི་ཕུང་པོ་དང་ཁམས་དང་དབང་པོ་དང་ཡུལ་དང་ཡེ་ཤེས་རེ་ རེ་བགྲངས་པ་སྟེ་ཐམས་ཅད་ལ་དེ་བཞིན་དུ་སྦྱར་རོ། །དེ་ཙམ་དུ་ཟད་དམ་སྙམ་ན་ལག་པ་དང་དཔུང་པ་གཡས་པ་ལ་བཀོད་པའི་ཁྲོ་བོ་གཉིས་དང་ཡང་དག་པར་ལྡན་པ་སྟེ་དེ་དག་དང་བཅས་པ་ནི་རྣམ་སྣང་གི་རིགས་ཅན་ནོ། །དེ་བཞིན་དུ་འོག་ཏུ་ཡང་ཤེས་ པར་བྱའོ། །བྱམས་པ་སོགས་རྣམ་སྣང་ལ་སོགས་པའི་རིགས་ཀྱི་ཆ་ཤས་ལ་གནས་པ་དེ་དག་གི་འོད་གསལ་དུ་འཇུག་ཚུལ་རྒྱུད་འདིར་གསལ་བར་མེད་ཀྱང༌། རྣམ་སྣང་ལ་སོགས་པའི་རིགས་གཞན་རྣམས་བསྟན་པའི་ཟླ་སྟོབས་ཀྱིས་དེ་དག་ཀྱང་འོད་ གསལ་དུ་འཇུག་པར་ཤེས་པར་བྱའོ། །ཚོར་བའི་ཕུང་པོ་ཐིམ་པ་ན་རླུང་དང་མཁྲིས་པ་དང་བད་ཀན་དང་འདུས་པ་ལ་སོགས་པ་ལ་བརྟེན་པའི་དབང་ཤེས་ཀྱི་ཚོར་བ་ཉམས་སུ་མྱོང་བར་མི་འགྱུར་རོ། །མཉམ་ཉིད་ཡེ་ཤེས་ནི་རྐང་མེད་དང་རྐང་གཉིས་ལ་ སོགས་པའི་སེམས་ཅན་རྣམས་སེམས་ཙམ་མོ་ཞེས་རྣམ་པ་གཅིག་ཏུ་རྟོགས་པ་ལ་སྤྱོད་བསྡུས་ལས་གསུངས་ལ། དེ་ཐིམ་པ་ན་ཡིད་ཤེས་ཀྱི་ཚོར་བ་གསུམ་དྲན་པར་མི་འགྱུར་རོ། །ཆུའི་ཁམས་ཐིམ་པ་ན་རང་གི་ལུས་ལ་ཁ་ཆུ་དང་རྔུལ་དང་ 5-3-95b གཅིན་དང་ཁྲག་དང་ཁུ་བ་སོགས་སྐམ་པར་འགྱུར་རོ། །རྣ་བའི་དབང་པོ་ཐིམ་པ་ན་ཕྱི་དང་ནང་དུ་བཅས་པའི་སྒྲ་ཐོས་པར་མི་འགྱུར་རོ། །ཡུལ་སྒྲ་ཐིམ་པ་ན་རང་གི་ལུས་ཀྱི་རྣ་བའི་ནང་གི་འུར་སྒྲ་གྲག་པར་མི་འགྱུར་རོ། །རྐང་གཉིས་ལ་སོགས་པའི་སེམས་ ཅན་གྱི་དོན་རྣམས་སོ་སོར་དཔྱོད་པ་ལ་སྤྱོད་བསྡུས་སུ་འདུ་ཤེས་སུ་གསུངས་ལ། དེ་ཐིམ་པ་ན་སེམས་ཅན་དེ་རྣམས་དྲན་པར་མི་འགྱུར་རོ། །སོར་རྟོག་ཀྱང་མིང་ལ་སོ་སོར་རྟོག་པ་སོགས་ལ་བྱེད་ལ་དེ་ཐིམ་པ་ན་མིང་མི་དྲན་ནོ། །ལུས་ཀྱི་མེ་ཐིམ་པ་ན་བཟའ་ བཏུང་འཇུ་བའི་ནུས་པ་ཉམས་སོ། །སྣའི་དབང་པོ་ཐིམ་པ་ན་སྣ་སྒོའི་རླུང་ནང་དུ་སྡུད་པ་ཞན་ཅིང་ཕྱིར་དྲག་ལ་རིང་དུ་འགྲོའོ། །དྲི་ཐིམ་པ་ན་རང་གི་ལུས་ཀྱི་དྲི་མི་ཚོར་རོ། །འདིར་འོད་དཔག་མེད་ཀྱི་རིགས་ཀྱི་སྤྱན་རས་གཟིགས་དང་འཇམ་དབྱངས་གཉིས་ཆད་ ལ་སྣ་ནམ་སྙིང་རིན་འབྱུང་གི་རིགས་ལྷག་གོ་སྙམ་ན། གཟུགས་ནས་རྣམ་ཤེས་ཀྱི་ཕུང་པོའི་བར་ནི་གཙོ་བོ་ཡིན་ལ་དེ་དག་ཀྱང་སྔ་མ་སྔ་མ་རགས་ཤིང་ཕྱི་མ་ཕྱི་མ་ཕྲ་བས་རགས་རིམ་ནས་འགག་གོ། དེས་ན་ཕུང་པོ་རེ་རེ་ཐིམ་པ་ན་ཁམས་དང་དབང་པོ་ དང་ཡུལ་གང་ཐིམ་པར་འགྱུར་བ་རྣམས་ཕྱོགས་གཅིག་ཏུ་མཛད་པས་ན། ཚོར་བ་ཐིམ་པ་ན་སྣ་དབང་མི་ཐིམ་ཞིང་འདུ་ཤེས་ཐིམ་པ་ན། དེ་ཐིམ་པར་འགྱུར་བས་ནམ་སྙིང་རིན་འབྱུང་གི་རིགས་ཡིན་ཡང༌། ཐིམ་རིམ་གྱི་དབང་དུ་མཛད་ནས་པད་ མའི་རིགས་སུ་གསུངས་ཏེ་གཞན་རྣམས་ལ་ཡང་དེ་ལྟར་རོ། །འདུ་བྱེད་ཀྱི་ཕུང་པོ་ཐིམ་པ་ན་ལུས་ཀྱི་བྱ་བ་བསྒུལ་བསྐྱོད་སོགས་ཐམས་ཅད་ལ་འཇུག་པར་མི་འགྱུར་རོ། །བྱ་བ་སྒྲུབ་པའི་ཡེ་ཤེས་ནི་གཞི་དུས་ཀྱི་རང་གི་དགོས་པ་སྒྲུབ་པའི་ཤེས་ 5-3-96a པ་ཡིན་ལ་དེ་ཐིམ་པ་ན། འཇིག་རྟེན་པའི་ཕྱིའི་བྱ་བ་དང་དགོས་པ་དྲན་པར་མི་འགྱུར་རོ། །རླུང་གི་ཁམས་ཐིམ་པ་ན་སྲོག་ལ་སོགས་པའི་རླུང་བཅུ་རང་གི་གནས་ནས་འཕོའོ། །འདིར་ལུས་དབང་ཐིམ་དགོས་ཤིང་རེག་བྱའི་བྱ་བ་བྱེད་ པའི་ངེས་པར་རྒྱུ་བའི་རླུང་ཐིམ་པར་གསུངས་པས་མིག་ལ་སོགས་པ་བཞི་ཐིམ་པའི་དུས་དེར་ཡུལ་བཞི་ཐིམ་པར་གསུངས་པ་ལྟར་རེག་བྱ་ཡང་ཐིམ་དགོས་སོ། །ལྕེའི་དབང་པོ་ཐིམ་པ་ན་ལྕེ་སྦོམ་པ་དང་ཐུང་བ་དང་ལྕེའི་རྩ་བ་སྔོན་པོར་འགྱུར་རོ། །རོའི་ཡུལ་ ཐིམ་པ་ན་རོ་དྲུག་ཉམས་སུ་མི་མྱོང་ངོ༌། །སྟེང་འོག་ཅེས་སོགས་ཀྱིས་རྡོ་རྗེའི་རིགས་རྣམ་ཤེས་ཀྱི་ཕུང་པོའི་འོད་གསལ་དུ་འཇུག་ཚུལ་སྟོན་ལ། སྟེང་འོག་གི་ཁྲོ་བོ་ནི་སྤྱི་གཙུག་དང་རྐང་མཐིལ་ལ་བཀོད་པ་གཉིས་ཏེ་ཤིན་ཏུ་དང་བཅས་པ་གཉིས་ནི་སྐབས་ གཞན་དུ་ཡང་དག་པ་དང་ལྡན་པར་གསུངས་པ་དང་དོན་འདྲ་བ་ཡིན་གྱི་བཅས་པའི་སྒྲས་རེག་རྡོ་རྗེ་མ་སྟོན་པ་མིན་ནོ། །རང་བཞིན་གྱི་ནི་སྣང་བ་ཉིད་ཅེས་པ་ནི་རྟོག་པ་རང་བཞིན་བརྒྱད་ཅུ་དང་རྟོག་མེད་ཀུན་དུ་སྣང་བ་གསུམ་མོ། །རྣམ་ཤེས་ཕུང་པོར་ཞུགས་ པ་ནི་རང་བཞིན་སྣང་བ་ལ་ཐིམ་ཞིང་སྣང་བ་གསུམ་ཡང་རིམ་པ་བཞིན་སྔ་མ་ཕྱི་མ་ལ་ཐིམ་པའོ། །དེར་མ་ཟད་རྣམ་ཤེས་ཉེར་ཐོབ་ཀྱང་འོད་གསལ་བར་འཇུག་གོ། དེའི་མིང་གི་རྣམ་གྲངས་སྟོན་པ་ནི་མྱ་ལས་འདས་པ་དང་ཀུན་ཏེ་ཐམས་ ཅད་སྟོང་པ་དང་ཆོས་ཀྱི་སྐུར་ཡང་རྒྱུད་ལས་བཤད་པ་ཡིན་ནོ། །བཅས་པའི་སྒྲས་ནི་ཐམས་ཅད་སྟོང་པ་ཙམ་གྱི་སྒྲ་འཇུག་པ་མ་ཡིན་པར་སྟོན་པའོ། །འོ་ན་རྣམ་ཤེས་ཀྱི་སྐབས་སུ་སྐབས་གཞན་བཞིན་དུ་ཕུང་པོ་ལ་སོགས་པ་ལྔ་མི་སྟོན་ 5-3-96b པ་ཅི་ཞེ་ན། ནམ་མཁའ་ལ་གཉིས་ལས་བུ་ག་ནམ་མཁའ་ནི་གཟུགས་ཀྱི་སྐྱེ་མཆེད་ཡིན་པས་ལྔ་ཚན་དང་པོའི་སྐབས་ཡིན་ལ་འདུས་མ་བྱས་ཀྱི་ནམ་མཁའ་ནི་ཐིམ་ནས་འགྲོ་རྒྱུའི་ཁོངས་སུ་མི་གཏོགས་པས་འདིར་མ་བཤད་དོ། །ཆོས་ཀྱི་སྐྱེ་ མཆེད་ཀྱི་ཕུང་པོ་བར་པ་གསུམ་ནི་སྐབས་གོང་མར་བཤད་ཟིན་ལ་ནམ་མཁའ་ལ་སོགས་པའི་འདུས་མ་བྱས་ནི་སྔར་བཤད་པ་ལྟར་ཡིན་པས་ཆོས་ཀྱི་ཁམས་ནི་འོད་གསལ་དུ་ཐིམ་པར་གྱུར་པའི་ཁོངས་སུ་མ་བགྲངས་སོ། །ཆོས་ཀྱི་དབྱིངས་ ཀྱི་ཡེ་ཤེས་ནི་སྒོ་གསུམ་གྱི་སྒྲིབ་པ་དག་ཅིང་ལས་ཉོན་ལས་གྲོལ་ཏེ་དགེ་མི་དགེའི་རྣམ་རྟོག་གི་བག་ཆགས་སྦྱངས་པ་ལ་སྤྱོད་བསྡུས་སུ་གསུངས་པ་ཚང་བ་སྐབས་འདིར་མེད་ཀྱང་ལས་དང་ཉོན་མོངས་ཡོངས་སུ་སྦྱོང་བའི་རྣམ་ཤེས་ཡོད་པས་ ཚང་ལ་ཡིད་ཀྱི་དབང་པོ་ནི་འདིར་སྣང་བ་གསུམ་པོའོ། །འདིར་གཞིའི་འཆི་རིམ་དང་རྫོགས་རིམ་གྱི་འོད་གསལ་དུ་འཇུག་ཚུལ་གཉིས་ཐུན་མོང་དུ་བཤད་པ་ནི། རེ་རེ་ཟུང་རེ་ཙམ་མ་གཏོགས་པ་སེམས་ཅན་ཐ་མལ་པས་འཆི་བའི་འོད་གསལ་མངོན་ དུ་བྱེད་པའི་སྐབས་ཀྱི་འཆི་རིམ་ཇི་འདྲ་བ་ཞིག་དེ་འདྲ་བ་རྣལ་འབྱོར་གྱི་སྟོབས་ཀྱིས་མངོན་དུ་བྱས་པའི་སྐབས་སུ་འོད་གསལ་མངོན་དུ་བྱེད་པ་རྟོགས་པར་བྱ་བའི་ཕྱིར་ཡིན་ལ། འདི་ནི་འཕགས་པ་ཡབ་སྲས་ཀྱི་ཆོས་སྐད་ཐུན་མོང་མ་ཡིན་པ་སྟེ། དེའི་གནད་ཀྱིས་སྒྱུ་མའི་ལོངས་སྐུ་སྒྲུབ་པ་ཡང་བར་དོ་ཇི་བཞིན་དུ་སྒྲུབ་པ་ཡིན་ནོ། །གཞུང་འདི་དག་ལྷག་མོས་འོད་གསལ་དུ་སྡུད་པའི་སྐབས་སུ་ཡང་གསུངས་པས། རྫོགས་རིམ་གྱི་ནུས་པ་སྟོབས་ཅན་མ་ཐོབ་པས་ཀྱང་སྒྲུབ་ཐབས་ 5-3-97a ཐུན་བཞིར་བསྒོམས་པ་ལ་བརྟེན་ནས་འཆི་བ་ལ་ཉེ་བའི་ཐིམ་རིམ་རྣམས་བྱུང་བའི་ཚེ་དེ་རྣམས་ངོ་ཤེས་པར་བྱས་ནས་ལྷག་མོས་འོད་གསལ་དུ་སྡུད་པའི་གདམས་ངག་གོམས་པར་བྱས་ནའང་ཁྱད་པར་ཤིན་ཏུ་ཆེ་ བར་ཤེས་པར་གྱིས་ཤིག །ལེའུ་བདུན་པའི་མཐའ་གཅོད་དོ།། །།དགོངས་པ་ལུང་སྟོན་ལས། བྱོལ་སོང་ལས་ཀྱང་རབ་ཏུ་བརྟག །ཅེས་པ་མི་འབྱུང་བར། རྙེད་ནས་མི་ཡི་སྐྱེ་གནས་བརྟག །ཅེས་འབྱུང་བ་ནི་འདི་ལ་རྒྱ་དཔེ་མ་ དག་པ་ལས་བསྒྱུར་བའི་འགྱུར་སྐྱོན་མང་དུ་ཡོད་པས་མ་དག་པ་འདྲའོ།། ༈ འགྲེལ་པར་སྒྲུབ་པའི་ཐབས་ལས་འབྱུང་བའི་རིམ་གྱིས་ཞེས་སོགས་ཀྱི་སྐབས་སུ་རྣལ་འབྱོར་དང་པོ་གསུམ་དང་ཕྱག་རྒྱ་འདུ་བྱས་ནས་སྙོམས་པར་ཞུགས་ཏེ། དཀྱིལ་ འཁོར་རྒྱལ་མཆོག་སྐྱེད་པ་མཆོད་པ་དང་བཅས་པ་བྱ་བར་གསུངས་པ་ནི། སྔར་དཀྱིལ་འཁོར་དངོས་སུ་བྲི་བར་གསུངས་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་སྒྲུབ་པའི་སྔོན་དུ་སྒྲུབ་ཐབས་ཇི་ཙམ་ཞིག་བསྒོམ་པར་བྱ་བ་སྟོན་པ་ཡིན་ལ། དེ་ཡང་དཀྱིལ་ འཁོར་རྒྱལ་མཆོག་ཡན་ཆད་མཆོད་བསྟོད་དང་བཅས་པ་བྱས་ནས་དཀྱིལ་འཁོར་སྒྲུབ་པའོ། །འདི་ལྟར་བཤད་པ་འདི་འགྲེལ་པའི་སྐབས་གཞན་དང་འདི་སྐོར་གྱི་གཞུང་ཁུངས་ཐུབ་གཞན་དུ་ཡང་གསལ་བར་མི་འབྱུང་བས་རྡུལ་ཚོན་དང་ བསམ་གཏན་གྱི་དཀྱིལ་འཁོར་སྒྲུབ་པའི་སྐབས་གཞན་དུ་ཡང་ཤེས་པར་བྱའོ། ༈ །འཕགས་པའི་མདོ་བསྲེ་ལས། ནམ་མཁའི་དབྱིངས་ཀྱི་དབུས་གནས་ན། །ཞེས་པ་ལྷག་མོས་འོད་གསལ་དུ་བསྡུས་པ་ལ་སྦྱར་ཞིང༌། ཡེ་ཤེས་རྒྱ་མཚོ་བསྒོམ་ 5-3-97b པར་བྱ། །ཞེས་པ་ཡེ་ཤེས་རྒྱ་མཚོའི་གཟུགས་ཡོངས་སུ་གྱུར་པ་ལས། ཉི་མའི་དཀྱིལ་འཁོར་བསྒོམ་པར་བྱ་བ་ལ་སྦྱར་བ་དང༌། ཡང་བསྡུ་བ་དག་ཀྱང་རབ་ཏུ་བྱ། །ཞེས་པ་འབྱུང་བཞིའི་དཀྱིལ་འཁོར་འདྲེས་པ་ལས་རྡོ་རྗེའི་ས་བསྐྱེད་པ་ལ་སྦྱར་བ་དང༌། གཞུང་དེ་རྣམས་ཀྱི་འགྲེལ་པའི་བཤད་པ་གཉིས་སྦྱར་ས་མི་མཐུན་པ་ཡོད་ཀྱང༌། རྡོ་རྗེའི་ཚིག་རེ་ལ་དོན་མི་འདྲ་བ་མང་དུ་ཡོད་པས་མི་འགལ་ལོ། །ས་ཕྱོགས་གཙང་ཞིང་ཞེས་པ་ནས་ཁུ་བ་བླངས་ནས་བཟའ་བར་བྱ། །ཞེས་པའི་བར་ལ་ལུང་སྟོན་ ལས་ངེས་དོན་གྱི་བཤད་པ་མང་དུ་གསུངས་པ་རྣམས་ལ། གང་ཞིག་རླུང་ནི་བཅུར་བསྒྲགས་པ། །ཞེས་སོགས་དྲངས་པ་མ་གཏོགས་པ། གཞན་རྣམས་ཀྱི་ངེས་དོན་གྱི་བཤད་པ་འགྲེལ་པར་མ་མཛད་པ་ནི་ཁ་ཅིག་གོ་སླ་བ་དང༌། ཁ་ཅིག་ལ་ ཚིག་དངོས་སུ་མ་དྲངས་ཀྱང་དོན་བཤད་འདུག་པ་དང༌། མེ་ཏོག་གི་ངེས་དོན་གྱི་བཤད་པ་དྲངས་པའི་ནང་དུ་གཞན་མང་པོ་ཞིག་འདུས་སྣང་བ་ལ་དགོངས་ནས་མ་དྲངས་ཤིང་ལོགས་སུ་མ་བཤད་དོ། །ལེའུ་བརྒྱད་པའི་མཐའ་གཅོད་དོ།། །།གཙུབ་ ཤིང་དང་གཙུབ་སྟན་ཞེས་སོགས་ཀྱི་སྐབས་སུ་བཤད་རྒྱུད་ལུང་སྟོན་ལས། དེ་ནས་མེ་ཡང་འབྱུང་མོད་ཀྱི། །གཙུབ་ཤིང་ལ་སོགས་རེ་རེ་ནས། །འདི་ལྟར་སོ་སོར་བརྟགས་ན་ཀོ། མེ་དེ་གང་ནའང་མི་གནས་སོ། །བྲག་ཆ་དང་ནི་གཟུགས་བརྙན་དང༌། ། སྒྱུ་མ་དང་ནི་སྨིག་རྒྱུ་དང༌། །དེ་བཞིན་ཆུ་ཟླ་རྨི་ལམ་སྟེ། །ཆོས་རྣམས་ཐམས་ཅད་དེ་དང་འདྲ།། མགོན་པོ་པི་ཝཾ་སྒྲ་ལྟ་བུར། །རྐྱེན་དོན་ལས་གཅིག་ཡང་དག་བྱུང༌། །དེ་བཞིན་འགྲོ་འོང་གནས་པ་རྣམས། །ཅུང་ཟད་ཙམ་ཡང་ཡོད་མ་ཡིན། །གནས་ 5-3-98a མེད་གནས་པའི་སྦྱོར་བ་ཡིས། །གནས་པ་ནམ་མཁའི་མཚན་ཉིད་ཡིན། །དེས་ན་ཁྱོད་ཀྱིས་རྡོ་རྗེ་ཡི། །དམ་ཚིག་རྗེས་སུ་རིག་པར་བྱ། །དེ་ལྟར་ཆོས་རྣམས་དངོས་མེད་ཅེས། །གསང་བའི་དེ་ཉིད་དོན་མཁས་པས། ། རྣམ་པར་སྨིན་པ་ལྡོག་བྱའི་ཕྱིར། །ཕུང་པོ་དེ་བཞིན་གཤེགས་པར་གསུངས། །ཞེས་སྒྱུ་མ་ལ་སོགས་པའི་དཔེ་ལ་བརྟེན་ནས་ཆོས་ཐམས་ཅད་ཀྱང་རང་གང་ལ་བརྟེན་པའི་རྒྱུ་དང་རྐྱེན་ལ་བརྟེན་ནས་འབྱུང་བ་དང༌། དེ་ཁོ་ན་ཉིད་ཀྱི་དོན་ལ་སྤྱོད་པའི་རིགས་པས་ དཔྱད་ན་ཅུང་ཟད་ཀྱང་མི་རྙེད་པར་གསུངས་ལ། དེ་ཡང་མགོན་པོ་ཞེས་པའི་རྐང་པ་བཞིས། པི་ཝཾ་གི་སྒྲ་ལ་སོགས་པའི་འབྲས་བུ་གཅིག་རྒྱུ་དང་རྐྱེན་ལ་བརྟེན་ནས་འབྱུང་བའི་གཏན་ཚིགས་དང༌། སྒྱུ་མ་ལ་སོགས་པའི་དཔེ་ལ་བརྟེན་ནས་འགྲོ་བ་དང་འོང་ བ་དང་གནས་པ་རྣམས་ཅུང་ཟད་ཙམ་ཡང་ངོ་བོ་ཉིད་ཀྱིས་གྲུབ་པ་ཡོད་པ་མ་ཡིན་ནོ་ཞེས་བསྟན་ཏོ། །གནས་མེད་གནས་པ་ཞེས་པའི་རྐང་པ་གཉིས་ཀྱིས་ནི་མཚན་མར་འཛིན་པའི་དམིགས་གཏད་ཀྱི་ཚུལ་གྱིས་གནས་པ་མེད་པའི་མཚན་མེད་ལ་གནས་པའི་ རྣལ་འབྱོར་ལ། གནས་པ་ནི་ནམ་མཁའ་ལྟ་བུའི་སྟོང་པ་ཉིད་སྒོམ་པར་བསྟན་ཏོ། །དེ་ལྟར་ཆོས་རྣམས་ཞེས་པའི་རྐང་པ་བཞིས་ནི་ཐེག་པ་བླ་ན་མེད་པའི་གསང་བའི་དེ་ཁོ་ན་ཉིད་ཀྱི་དོན་ལ་མཁས་པས་ཆོས་རྣམས་དངོས་པོ་སྟེ་རང་བཞིན་མེད་པའི་འོད་ གསལ་སྒོམ་པ་ནི། རྣམ་པར་སྨིན་པའི་ལུས་ཐ་མལ་པ་ལོག་ནས་རླུང་སེམས་ཙམ་ལས་གྲུབ་པའི་དག་པའི་སྒྱུ་མའི་སྐུ་སྒྲུབ་པའི་ཕྱིར་དུ་ཡིན་ལ། ཕུང་པོ་ལྔ་དེ་བཞིན་གཤེགས་པ་ལྔར་གསུངས་པའི་ངེས་དོན་ཡང་དེ་ལ་བརྟེན་ནས་ཤེས་པར་བྱ་བར་བསྟན་ 5-3-98b ཏེ། །འདིས་ནི་འགྲེལ་པར་ཐེག་པ་གཞན་དང་ཐུན་མོང་དུ་མ་གྱུར་པའི་རྡོ་རྗེའི་སྐུ་སྒྲུབ་པའི་ཐབས། གཙུབ་ཤིང་དང་ཞེས་སོགས་ཀྱིས་སྟོན་པར་གསུངས་པ་གསལ་བར་བསྟན་ཏོ། །ལེའུ་དགུ་པའི་མཐའ་གཅོད་དོ།། ༈ །།སྒྲུབ་པ་མཆོག་དང་ཐ་མལ་པ་ལ་གནས་ ཤིང་ཞེས་པའི་སྐབས་སུ། རྫོགས་རིམ་པས་སྤྱོད་པ་བྱས་ཀྱང་དངོས་གྲུབ་མ་རྙེད་ན་སྙིང་པོ་བསྐུལ་བའི་ཚུལ་ནི་འོག་ཏུ་འཆད་པར་འགྱུར་བས་འདིར་བསྐྱེད་རིམ་པས་སྤྱོད་པ་བྱས་ཀྱང་དངོས་གྲུབ་མ་གྲུབ་པའི་ཚུལ་བཤད་པར་བྱའོ། །འདི་ལ་བླ་མ་སྔ་མ་རྣམས་ ན་རེ་བསྐྱེད་རིམ་པའི་ནང་དང་། སྔགས་ལ་མཆོག་ཏུ་གཞོལ་བས་འབྲུ་གསུམ་ངག་ཏུ་ཟློས་པའི་རྡོར་བཟླས་བྱེད་པ་ལ་དངོས་གྲུབ་མི་འགྲུབ་པ་མི་སྲིད་པས་སྙིང་པོ་བསྐུལ་བ་མི་དགོས་སོ། །དེས་ན་དྲན་པ་གཅིག་པའི་ཏིང་ངེ་འཛིན་མཐར་ཕྱིན་ནས་རྟོག་ པའི་རྣལ་འབྱོར་གྱིས་འཕྲེང་སྔགས་སམ། མཚན་སྔགས་ཀྱི་བཟླས་པ་མཐར་ཕྱིན་པར་བྱས་ཤིང༌། སྤྱོད་པ་གསུམ་གང་རུང་ལ་གོམས་པ་ཉམས་འོག་ཏུ་ཚུད་པའི་རྣལ་འབྱོར་པས་ཞི་སོགས་ཀྱི་དངོས་གྲུབ་དབང་པོ་རྣོན་པོས་ཞག་བདུན་དང༌། འབྲིང་པོས་ ཟླ་ཕྱེད་དང་། ཐ་མས་ཟླ་བ་ཕྱེད་དང་གཉིས་ཀྱི་བར་བསྒྲུབས་ཀྱང་འགྲུབ་པར་མ་གྱུར་ན། ཆོ་ག་དེ་ཉིད་ཀྱིས་ལན་བདུན་དུ་སྤོགས་པའི་ཆོ་ག་བྱ། དེས་ཀྱང་མ་གྲུབ་ན་སྙིང་པོ་བསྐུལ་བ་བྱའོ། །དེ་ཡང་ཕྱོགས་གཅིག་ལ་མཚོན་ན་རྣམ་སྣང་གི་རྣལ་འབྱོར་ པས་དྲན་པ་གཅིག་པའི་ཏིང་ངེ་འཛིན་ཉམས་འོག་ཏུ་ཚུད་པར་བྱས་ཏེ། མཚན་སྔགས་སམ་རུ་རུ་སྤུ་རུ་ལ་སོགས་པའི་ཕྲེང་སྔགས་འབུམ་ཕྲག་གཅིག་ཟླ་ཞིང༌། སྔགས་དེས་སྦྱིན་བསྲེགས་ཁྲི་ཕྲག་གཅིག་བྱས་པས་ལྷ་མཉེས་ཤིང་ཚིམ་པར་བྱས་ 5-3-99a ནས། ཟླ་བ་དྲུག་ཏུ་སྤྱོད་པ་བྱས་པའི་མཐར་རྣམ་སྣང་གི་རྣལ་འབྱོར་གྱིས་ལེའུ་བཅུ་བཞི་པ་ནས་བཤད་པ་ལྟར་སྤྱན་མའི་སྒོ་ནས་ནད་ཞི་བའི་ལས་བསྒྲུབ། དེས་མ་གྲུབ་ན་ཆོ་ག་དེ་ཉིད་ལན་བདུན་གྱི་བར་དུ་བསྐྱར་བའི་སྤོགས་ ཆོག་བྱ། དེས་ཀྱང་མ་གྲུབ་ན་སྙིང་པོ་བསྐུལ་བ་བྱ་ཟེར་རོ།། ༈ རང་གི་ལུགས་ནི་རྒྱུད་འགྲེལ་དུ་བསྐྱེད་རིམ་པ་ལ་ནང་ལ་གཞོལ་བ་དང༌། སྔགས་ལ་གཞོལ་བའི་ལས་སྒྲུབ་ཚུལ་གཉིས་བཤད་པ་ནི། ཨ་བ་ཏ་ར་ལས། དེ་བས་ན་ཁྱད་པར་དུ་ཏིང་ངེ་འཛིན་ལས་བྱུང་ བའི་དངོས་གྲུབ་འདོད་པའི་རྣལ་འབྱོར་པས་དང་པོར་རྡོ་རྗེ་ཕྲ་མོ་བསྒོམ་པར་བྱ་བར་ངེས་སོ། །ཞེས་གསུངས་པ་ལྟར། ཕྱིའི་བཟླས་བརྗོད་སོགས་ལ་མི་ལྟོས་པར་ནང་གི་ཏིང་ངེ་འཛིན་ཉིད་ཀྱིས་དངོས་གྲུབ་ཆེན་པོ་རྣམས་འགྲུབ་པ་ནི་རགས་པའི་ལྷའི་རྣལ་འབྱོར་མཐར་ ཕྱིན་པའི་སྟེང་དུ་ཕྲ་མོའི་རྣལ་འབྱོར་མཐར་ཕྱིན་པ་ལ་ལྟོས་སོ། །དེས་ན་ཕྲ་མོའི་རྣལ་འབྱོར་མཐར་མ་ཕྱིན་ཞིང་རགས་པའི་རྣལ་འབྱོར་མཐར་ཕྱིན་པས་དངོས་གྲུབ་སྒྲུབ་པ་ལ། སྔགས་ལ་གཞོལ་བའི་སྒོ་ནས་དངོས་གྲུབ་སྒྲུབ་པ་བཞག་གོ། དེ་ལ་འདིར་བསྐྱེད་རིམ་ པས་སྤྱོད་པ་ཉམས་འོག་ཏུ་ཆུད་པར་བྱས་ཀྱང་དངོས་གྲུབ་མ་གྲུབ་ན་སྙིང་པོ་བསྐུལ་དགོས་པ་ནི་རྣལ་འབྱོར་པ་སྔ་མ་མིན་གྱི་ཕྱི་མ་སྔགས་ལ་གཞོལ་བ་ཡིན་ལ། དེ་ཡང་དེ་ཐམས་ཅད་ལ་མིན་གྱི་དེའི་ཁྱད་པར་འགའ་ཞིག་ལ་དགོངས་ཏེ། ལེའུ་འདི་ཉིད་ ཀྱི་འགྲེལ་པར་ཡང༌། སྙིང་པོ་བསྐུལ་བ་དེ་སྔགས་ལ་གཞོལ་བ་ལ་གསལ་བར་གསུངས་སོ། །ལེའུ་བཅུ་བཞི་པ་ལས། འགོག་པ་རྡོ་རྗེའི་རྒྱལ་པོ་ནི། །ཞེས་པའི་རྐང་པ་བཞིས་སྔགས་ཀྱི་བཟླས་པའི་དངོས་གྲུབ་ཀུན་ཡི་གེ་གསུམ་བཟླས་པས་འགྲུབ་ཅེས་ 5-3-99b པ་ནི་ངག་གི་བཟླས་པ་མིན་ཞིང་རླུང་གི་རྡོར་བཟླས་ལ་འགྲེལ་པར་ཤིན་ཏུ་གསལ་ཞིང་བསྐྱེད་རིམ་པའི་རྡོར་བཟླས་ཀྱང་ངག་བཟླས་མིན་གྱི་རྡོ་རྗེའི་ཚིག་སྒྲ་སྤངས་པའི་ཡིད་བཟླས་ལ་བྱེད་པ་ཡིན་ནོ། །དེས་ན་སྔ་མ་རྣམས་ཀྱིས་བསྐྱེད་རིམ་པས་སྙིང་པོ་ བསྐུལ་དགོས་མི་དགོས་ཀྱི་རྣམ་དབྱེ་བྱས་པ་ནི་འཐད་པར་མ་མཐོང་ངོ༌།། ༈ །།སྤྱོད་པ་བྱས་ཀྱང་མ་གྲུབ་པའི་ཚུལ་ནི། རྒྱུད་ཕྱི་མ་ལས། ཇི་སྲིད་མཐོང་བ་དེ་སྲིད་དུ། །རྣམ་གཉིས་ཟླ་བ་དྲུག་ཏུ་བསྒོམ། །འདོད་པ་ཀུན་ལ་ལོངས་སྤྱོད་པས། །ཐམས་ཅད་དུ་ནི་རྟག་ཏུ་ བྱ། །གལ་ཏེ་ཟླ་བ་དྲུག་གིས་ནི། །ཇི་སྐད་གསུངས་པ་མ་མཐོང་ན། །ཇི་སྐད་བཤད་པའི་ཆོ་ག་དང༌། །སྡོམ་པ་ལན་གསུམ་བརྩམ་པར་བྱ། །དེ་ལྟར་བྱས་ཀྱང་སྒྲུབ་པ་པོས། །མཐོང་བ་འབྱུང་བར་མ་གྱུར་ཅིང༌། །གང་ཚེ་བྱང་ཆུབ་མ་གྲུབ་ན། །དྲག་ཤུལ་སྦྱོར་ བས་བསྒྲུབ་པར་བྱ། །དེ་ཚེ་དེ་ཡི་ཡེ་ཤེས་ནི། །འགྲུབ་པ་ངེས་པར་ཉེ་བར་འགྱུར། །རིགས་ཀྱི་དབྱེ་བའི་སྦྱོར་བས་ནི། །རྡོ་རྗེ་ཕུར་བུས་ཕུར་བུ་གདབ། །དེ་ནས་དབང་དུ་བྱ་བ་དང༌། །བསྲུང་བའི་སྦྱོར་བ་དག་ཀྱང་བྱ། །ཞེས་གསུངས་པ་ལྟར་ཤེས་དགོས་སོ། ། དེ་ལ་ཇི་སྲིད་རྣམ་གཉིས་མཐོང་བ་དེ་སྲིད་དུ་ཞེས་སྦྱར་ཏེ། རྣམ་གཉིས་ནི་རིགས་ལྔའི་སོ་སོའི་དངོས་གྲུབ་བོ། །འདོད་པ་ཀུན་ལ་ཞེས་པ་གཉིས་ཀྱིས་ཟླ་བ་དྲུག་ཏུ་སྤྱོད་པར་བྱ་བ་བསྟན་ཏོ། །ཇི་སྐད་གསུངས་པ་ནི་རྒྱུད་ནས་བཤད་པའི་དངོས་གྲུབ་གཉིས་ སོ། །ཇི་སྐད་བཤད་པའི་ཆོ་ག་ནི་སྤྱོད་པ་བྱེད་ཚུལ་ཇི་སྐད་བཤད་པའོ། །སྡོམ་པ་ཞེས་པ་ནི་དེའི་སྐད་དོད་སཾ་བ་རའི་སཾ་མཾ་ཤཾ་བདེ་བ་དང༌། བ་ར་མཆོག་གོ། དེ་ཆོ་ག་ཞེས་པའི་ཁྱད་པར་དུ་སྦྱར་བ་ནི་སྤྱོད་པ་ལ་བརྟེན་ནས་བདེ་སྟོང་སྒོམ་པའོ། །ལན་ 5-3-100a གསུམ་བརྩམ་པར་བྱ་ཞེས་པ་ནི་ཟླ་བ་དྲུག་པ་ལན་གསུམ་དུ་བྱ་ཞེས་པའོ། །སྔར་སྤྱོད་པ་ཟླ་བ་དྲུག་བྱས་པའི་རྗེས་སུ་སྤོགས་ཆོག་ཟླ་དྲུག་པ་གཉིས་ཏེ། སྤྱོད་པ་ཟླ་བ་བཅོ་བརྒྱད་དུ་བྱེད་པ་ནི་རྣམ་གཉིས་ཞེས་གསུངས་པས་ན། རིམ་ པ་གཉིས་ཀ་ལ་རྒྱུད་ཕྱི་མའི་འགྲེལ་པས་སྦྱར་བ་ལྟར་བྱ་དགོས་ལ། འགྲེལ་པས་ལེའུ་འདིའི་མཚམས་སྦྱོར་དུ་གསུངས་པ་ཡང་རྒྱུད་འདིའི་དགོངས་པའོ། །སྤོགས་ཆོག་བྱེད་ཚུལ་དེ་ལྟར་ཡིན་པས་ན་སྔ་མ་རྣམས་ནད་ཞི་བ་སོགས་སྒྲུབ་པའི་ཆོ་ག་ དེ་ཉིད་ལན་བདུན་དུ་སྐྱོར་བ་སྤོགས་ཆོག་ཏུ་འདོད་པ་ནི་དོན་མ་གོ་བའི་བཤད་པའོ། །དེ་ལྟར་བྱས་ཀྱང་སྒྲུབ་པ་པོ་ལ་མཐོང་བ་བྱུང་བར་མ་གྱུར་པ་ནི་བསྐྱེད་རིམ་གྱི་དངོས་གྲུབ་ཡིན་ལ། བྱང་ཆུབ་མ་གྲུབ་ན་ཞེས་པའི་བྱང་ཆུབ་ལ་གནས་སྐབས་དང་ མཐར་ཐུག་གི་བྱང་ཆུབ་གཉིས་ཡོད་དོ། །སྤྱོད་པ་བྱེད་ཐེབས་གསུམ་གྱིས་མ་གྲུབ་པ་ལ་དྲག་ཤུལ་གྱི་སྦྱོར་བ་བྱས་ན། དེའི་ཚེ་སྒྲུབ་པ་པོ་དེའི་དངོས་གྲུབ་ཀྱི་ཡེ་ཤེས་ནི་འགྲུབ་པ་ངེས་པར་ཉེ་བར་འགྱུར་རོ། །དྲག་ཤུལ་གྱི་སྦྱོར་བ་ཇི་ལྟར་བྱ་བ་ནི་རིགས་ ཀྱི་ཞེས་པའི་རྐང་པ་གཉིས་ཀྱིས་སྟོན་ཏེ། འདི་ནི་ལེའུ་བཅུ་བཞི་པ་ལས་རྣལ་འབྱོར་པས་ཕྱག་རྒྱ་གསུམ་གྱི་ཆོས་འབྱུང་དུ་བསམ་གཏན་གྱི་ཕུར་གདབ་བྱ་བར་གསུངས་པ་ལྟར། ལྷ་ལ་བྱེད་པ་ཡིན་པར་བཤད་དོ། །རྒྱུད་ཕྱི་མའི་འགྲེལ་པར་དྲག་ཤུལ་ གྱི་སྦྱོར་བ་དེ་ཙམ་ཞིག་ལས་མ་བཤད་ཀྱང་ལེའུ་འདིར་ཡེ་ཤེས་སེམས་དཔའ་རྣམས་ཀྱི་ཐུགས་ཀར་ལྕགས་ཀྱུས་བརྡབས་ནས་དེ་དག་གི་ནུས་པ་འགུགས་པ་ཡང་དྲག་ཤུལ་གྱི་སྦྱོར་བར་བྱས་ན་སྒྲོན་གསལ་གྱི་དགོངས་པ་དང་མཐུན་ 5-3-100b ཞིང་ཤིན་ཏུ་ལེགས་སོ། །དེ་ནས་དབང་དུ་ཞེས་པ་གཉིས་ཀྱིས་ནི་སྙིང་པོ་བསྐུལ་བའི་འོག་ཏུ་ལས་ཚོགས་རྣམས་བྱ་བར་བསྟན་ནོ། །བསྐྱེད་རིམ་པའི་དངོས་གྲུབ་མ་གྲུབ་པའི་ཚུལ་ནི་ནད་ལ་སོགས་པ་ཞི་བ་ལ་སོགས་པའི་དངོས་གྲུབ་ཕྲན་ཚེགས་ལ་མི་ བྱའི་ཐུན་མོང་གི་དངོས་གྲུབ་ཆེན་པོ་རྣམས་དབང་པོའི་རིམ་པས་ཞག་བདུན་ལ་སོགས་པར་འགྲུབ་པར་གསུངས་པ་བཞིན་དུ་མ་གྲུབ་པ་ལ་བྱའོ།། ༈ སྤྱན་རས་ཀྱི་མི་འཚོ་སྟེ། ཞེས་སོགས་ཀྱི་སྐབས་སུ་གསུངས་པའི་སྤྱན་རས་ཀྱིས་འཚོ་མི་འཚོ་ནི། ལྷ་ མངོན་དུ་ཕྱོགས་པ་དང་། རྒྱབ་ཀྱིས་ཕྱོགས་པ་ཞེས་གྲགས་པ་ཡིན་ལ་དེ་གཉིས་ཀྱི་དོན་ཡང་དངོས་གྲུབ་ཁྱད་པར་ཅན་རྣམས་ཇི་སྐད་གསུངས་པ་ལྟར་འགྲུབ་པར་རང་གི་ལྷས་མངོན་སུམ་དུ་བྱིན་གྱིས་རློབ་པ་དང་མི་རློབ་པ་ཡིན་ནོ། །དེ་ཡང་རང་གི་ལྷས་ཐུགས་ བརྩེ་བ་ཆེན་པོས་མི་དགོངས་པ་མིན་མོད་ཀྱང༌། དེ་ལྟར་དུ་བྱིན་གྱིས་རློབ་པའི་རྒྱུར་གྱུར་པའི་རང་གི་རྒྱུད་ལ་མངོན་པར་རྟོགས་པའི་ཡོན་ཏན་སྐྱེས་པ་དང་མ་སྐྱེས་པ་ལ་རག་ལས་སོ། །དེས་ན་འགྲེལ་པ་ལས་སྔགས་ཀྱི་སྤྱོད་པའི་ཚུལ་གྱི་ཆོས་རྫོགས་ པར་གྱུར་པ་ནི་ཕྱིར་བྱུང་བར་གྱུར་པའོ། །ཞེས་སྤྱན་རས་ཀྱིས་མི་འཚོ་བའི་རྒྱུ་མཚན་དུ། དེ་ཁོ་ན་ཉིད་ཀྱི་ཆོས་ལས་ཕྱིར་བྱུང་བར་གསུངས་ལ། ཀྱེ་མ་དཔའ་བོ་བཅོམ་ལྡན་འདས། །རང་གཙོ་གསང་སྔགས་སྤྱོད་ཚུལ་མཆོག །ཆོས་བདག་མེད་པའི་ རང་བཞིན་ཅན། །འདི་དག་རྫོགས་པར་གྱུར་སྙམ་ནས། །སྤྱན་རས་ཀྱིས་ནི་འཚོ་མི་མཛད། །ཅེས་ལུང་སྟོན་ལས་ཀྱང་ཆོས་ཀྱི་བདག་མེད་པ་རྟོགས་པའི་ཆོས་ལ་གསུངས་སོ། །དེ་ལས་ཕྱིར་བྱུང་ཚུལ་ནི་འདུས་པ་བ་མང་པོས་བདག་དང་ལྷ་དང་སྔགས་ 5-3-101a ཐ་དད་དུ་ཞེན་པས། མོས་པ་ལས་བྱུང་བའི་མི་དམིགས་པས་མ་ཟིན་པར་དངོས་གྲུབ་བསྒྲུབས་པ་ཡིན་ཞེས་ཟེར་བ་ནི། འདི་སྔར་བཤད་པ་ལྟར་སྤྱོད་པ་བྱས་ཀྱང་མ་གྲུབ་པ་ལ་གསུངས་པའི་སྤྱོད་པ་བྱེད་པའི་དོན་མ་ཤེས་ པར་སྣང་སྟེ། སྤྱོད་པ་བྱེད་པ་ནི་ཕྱག་རྒྱ་ལ་བརྟེན་ནས་དྲངས་པའི་ལྷན་སྐྱེས་ཀྱི་བདེ་བ་དང༌། དེ་ཁོ་ན་ཉིད་ཀྱི་ལྟ་བ་གཉིས་གཅིག་དྲིལ་དུ་བྱས་ནས་སྐྱོང་བ་ཡིན་པའི་ཕྱིར་རོ། །དེ་འདྲ་བའི་བསྐྱེད་རིམ་པར་མ་ཟད་རྒྱུད་སྡེའི་དགོངས་པ་བཞིན་དུ་ཤེས་ནས་བསྐྱེད་ རིམ་སྒོམ་པ་ཞིག་ཡིན་ན། བསྐྱེད་རིམ་གྱི་ཏིང་ངེ་འཛིན་དང་པོར་རྒྱུད་ལ་བསྐྱེད་པའི་སྐབས་ནས་ཀྱང༌། ལྷའི་སྐུ་སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུར་ལན་དུ་མར་སྒོམ་པར་བྱེད་པ་ཡིན་ཏེ། སྤྱོད་བསྡུས་ལས། བསྐྱེད་པའི་རིམ་པ་ལ་གནས་པའི་ སྒོམ་པ་པོ་རྣམས་ཀྱང༌། ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་དང་རྨི་ལམ་ལྟ་བུ་དང༌། གཟུགས་བརྙན་ལྟ་བུ་ཞེས་དཔེར་བརྗོད་ཅིང་ལྷག་པར་མོས། ཞེས་གསུངས་པའི་ཕྱིར་དང༌། ལྷ་སྒོམ་པའི་སྔ་རོལ་ཏུ། སྭ་བྷཱ་བ་ལ་སོགས་པས་སྟོང་པར་སྦྱོང་བ་ཡང༌། དངོས་པོ་མེད་པས་སྒོམ་པ་མེད། །ཅེས་པའི་རྐང་པ་བཞིའི་དོན་ཡིག་དོན་དང་སྤྱི་དོན་དུ་བཤད་པ་ལྟར་དབུ་མའི་ལྟ་བ་ལེགས་པར་གཏན་ལ་ཕབས་པའི་དོན་སྒོམ་པ་ཡིན་གྱི། དེ་ལྟ་བུ་མེད་པར་ཐ་མལ་གྱི་སྣང་བ་དག་པར་སྒོམ་པ་ཙམ་ལ་བྱེད་པ་མིན་ པའི་ཕྱིར་རོ། །དེས་ན་སྤྱིར་བསྙེན་པའི་དུས་སུ་སྟོང་ཉིད་སྒོམ་པ་དང༌། ཁྱད་པར་དུ་སྤྱོད་པའི་དུས་སུ་བདེ་སྟོང་སྦྱོར་བ་མང་དུ་བསྒོམས་ཀྱང་གང་ཟག་གི་རྒྱུད་ཀྱི་ནུས་པ་ཆུང་བའི་སྟོབས་ཀྱིས་རང་གི་ལྷས་དངོས་གྲུབ་ཁྱད་པར་ཅན་རྣམས་བདེ་བླག་ཏུ་ 5-3-101b འགྲུབ་པར་དངོས་སུ་བྱིན་གྱིས་རློབ་པའི་རྒྱུད་ཚོད་དུ་སླེབ་པའི་བདེ་སྟོང་གི་ཏིང་ངེ་འཛིན་ལས་ཕྱིར་བྱུང་བ་ལ་བྱའི་ལྷ་སྐུ་དང་འབྲེལ་བའི་སྣང་སྟོང་གི་ཏིང་ངེ་འཛིན་དང་བདེ་སྟོང་གི་ཏིང་ངེ་འཛིན་ཙམ་ལས་ཕྱིར་བྱུང་བ་གཏན་མིན་ནོ། །སྤྱན་རས་ཀྱིས་གཟིགས་ མི་གཟིགས་འདི་ལ་ལུང་སྟོན་ལས། མི་བསྐྱོད་ལ་སོགས་པར་བརྟགས་རྣམས། །དངོས་མེད་གནས་ལ་གནས་པས་ན། །སྒྲུབ་པ་པོ་རྣམས་གཟིགས་མི་འགྱུར། །གསང་སྔགས་རྐྱེན་གྱི་སྦྱོར་བ་ཡིས། །དེ་ནི་རྫོགས་ལོངས་སྤྱོད་གཟིགས་འགྱུར། ། ཞེས་རིགས་ལྔའི་ངོ་བོར་བརྟགས་པའི་ཕུང་པོ་རྣམས་དངོས་མེད་ཀྱི་གནས་འོད་གསལ་དུ་ཞུགས་ཏེ་དེར་གནས་པ་ན་མི་གཟིགས་པ་དང༌། གསང་སྔགས་འོད་གསལ་གྱི་རྐྱེན་གྱི་ཟུང་འཇུག་ལོངས་སྐུ་བཞེངས་པ་སྤྱན་རས་ཀྱིས་གཟིགས་པར་ བཤད་པའི་ངེས་དོན་གྱི་བཤད་པ་གསུངས་ཀྱང་འདིར་མ་དྲངས་པ་ནི་རྩ་བཤད་སྦྱོར་བ་སླ་བ་ལ་དགོངས་སོ།། ༈ །།སྙིང་པོ་བསྐུལ་བའི་སྔགས་ཡི་གེ་གསུམ་གསུངས་པ་དང༌། དེ་གསུངས་པ་ཙམ་གྱིས་སངས་རྒྱས་སྲས་བཅས་ཀུན་འདར་ཞིང་བརྒྱལ་བར་གྱུར་ ཞེས་གསུངས་པ་ལ༌། ལུང་སྟོན་ལས། ཧཱུཾ་ཨོཾ་ཨཱཿདང་སྭཱཧཱ་ཞེས། །དེ་ནས་འདི་ནི་གསུངས་གྱུར་པས། །སངས་རྒྱས་སྲས་དང་བཅས་པ་ཀུན། །དེ་ནས་རབ་འདར་བརྒྱལ་གྱུར་ཅིང༌། །རྡོ་རྗེ་སེམས་དཔའ་རྗེས་སུ་དྲན། །ཐུབ་ཆེན་འདིར་དེ་ཇི་ལྟ་བུ། ། ཞེས་དེའི་ངེས་དོན་དྲིས་པའི་ལན་དུ་བདག་ཉིད་རང་བཞིན་གྱིས་དག་ཅིང༌། །རང་བཞིན་དྲི་མ་མེད་བྱས་ལ། །དལ་དང་མྱུར་དང་གནས་པ་ཡི། །སྣ་ཚོགས་དེ་གཅིག་དག་ལ་བཞུགས། །ཞེས་དང༌། གང་ཕྱིར་རང་ནི་ཟློས་གྱུར་པ། །ཡི་གེ་ཧཱུཾ་གི་གསང་ 5-3-102a སྔགས་ལྔ། །དེ་ཚེ་སྙིང་ལས་འདར་སྐྱེས་ཞིང༌། །དབང་པོ་ཐམས་ཅད་བརྒྱལ་བར་གྱུར། །གང་ཡང་ཕུང་སོགས་ཡན་ལག་ནི། །སྲས་བཅས་སངས་རྒྱས་ཐམས་ཅད་དེ། །དེ་ཉིད་ཀྱིས་ནི་གྲངས་མཉམ་པའི། །རྣལ་འབྱོར་པ་ཡི་ལུས་ལ་ འདར། །ཞེས་ཡི་གེ་གསུམ་གྱི་བཟླས་པ་ནི། དལ་དང་ཞེས་སོགས་ཀྱི་རླུང་འཇུག་གནས་ལྡང་གསུམ་གྱི་བཟླས་པ་ལ་བཤད་ཅིང༌། རྩ་རྒྱུད་ལས་ཡི་གེ་གསུམ་ལས་མ་བྱུང་ཡང༌། སྭཱ་དང་ཧཱ་གཉིས་བསྣན་ནས་སྔགས་ཀྱི་ཡི་གེ་ལྔ་གསུངས་ལ། གསང་ སྔགས་ལྔ་བཟླས་ཞེས་པ་ནི་ཡི་གེ་གསུམ་གྱི་བཟླས་པ་ཉིད་རིན་པོ་ཆེ་དང་དོན་ཡོད་པའི་བཟླས་པ་ཡིན་པ་ལ་དགོངས་ཀྱི་ཡི་གེ་གཉིས་བསྣན་ནས་རྡོར་བཟླས་བྱེད་པ་མིན་ནོ། །ཧཱུཾ་གིས་མཚོན་པའི་ཡི་གེ་ལྔ་གང་ཕྱིར་ཏེ་གང་གི་ཚེ་རང་ཉིད་ཟློས་པར་གྱུར་ པ་དེའི་ཚེ་སྙིང་ལས་འདར་བ་སྐྱེ་བ་ནི་རླུང་དེར་བསྡུས་པའི་མཐུས་འདར་བའོ། །དབང་པོ་ཐམས་ཅད་བརྒྱལ་བ་ནི་རྣམ་རྟོག་འགགས་པའི་འོད་གསལ་ཐོབ་པའོ། །དེའི་ཚེ་སངས་རྒྱས་ལྔའི་གྲངས་དང་མཉམ་པའི་ཕུང་པོ་དང༌། སྲས་བྱང་སེམས་ཀྱི་ གྲངས་དང་མཉམ་པའི་མིག་སོགས་ཀྱི་དབང་པོ་རྣལ་འབྱོར་པའི་ལུས་ལ་ཡོད་པ་རྣམས་འདར་བ་དང་འོད་གསལ་དུ་ཞུགས་ཏེ་བརྒྱལ་ལོ་ཞེས་བཤད་དོ། །སྭཱ་ནི་རིན་འབྱུང་གི་ས་བོན་ཡིན་ལ་ཡི་གེ་གསུམ་གྱི་རྡོར་བཟླས་དེ་ཉིད་ལེའུ་བཅུ་གསུམ་ པ་ལས་རིན་པོ་ཆེའི་བཟླས་པར་བཤད་དེ་མི་ཤིགས་པའི་རིན་པོ་ཆེ་ལས་འབྱུང་བའི་ཚུལ་གྱིས་ཟློ་བ་དང་འདོད་པའི་དོན་སྟེར་བའི་ཕྱིར་རོ། །ཧཱ་ནི་དོན་གྲུབ་ཀྱི་ས་བོན་ཏེ་དེ་ཡང་བཅུ་གསུམ་པའི་འགྲེལ་པར། རྡོ་རྗེ་བཟླས་པ་ནི་དོན་ཡོད་པའི་བཟླས་ 5-3-102b པའོ། །ཞེས་གསུངས་པ་ལྟར་གང་གི་དོན་བཟླས་པའི་དོན་དེ་དེས་འགྲུབ་པར་བྱེད་པས་དེ་ལ་དགོངས་ནས་ཧཱ་ཞེས་གསུངས་སོ། །འགྲེལ་པར་སྙིང་པོ་བསྐུལ་བའི་སྔགས་གསུམ་རྡོར་བཟླས་ཡིན་མིན་གསལ་བར་མ་བཤད་ཀྱང་དགོངས་པ་ལུང་སྟོན་དང༌། རིམ་ལྔར་ཡི་གེ་གསུམ་པོ་འདི་རྡོར་བཟླས་ཀྱི་ཡི་གེ་གསུམ་ལ་བཤད་པ་ལྟར། བསྐྱེད་རིམ་པའི་སྙིང་པོ་བསྐུལ་བའི་སྐབས་སུ་ཡང་ཡི་གེ་གསུམ་ཟློ་བ་རྡོར་བཟླས་ལ་བྱས་ན་ལེགས་ཏེ། འགོག་པ་རྡོ་རྗེ་རྒྱལ་པོ་ནི། །ཞེས་པའི་འགྲེལ་པར་ཡི་གེ་ གསུམ་གྱི་རྡོར་བཟླས་ཀྱིས་སྤྱན་མ་དང༌། གཤིན་རྗེ་གཤེད་ལ་སོགས་པའི་སྔགས་ཐམས་ཅད་ཀྱིས་དངོས་གྲུབ་སྒྲུབ་པ་རིང་པོ་མི་ཐོགས་པར་འགྲུབ་པར་གསུངས་པའི་ཕྱིར་དང༌། ལེའུ་བཅུ་གསུམ་པ་ལས་ཀྱང༌། རྡོ་རྗེ་བཟླས་པའི་སྦྱོར་བ་ཡིས། ། སངས་རྒྱས་ཀུན་གྱིས་བྱིན་གྱིས་རློབ། ཅེས་གསུངས་ཤིང༌། ངག་གིས་སྔགས་བཟླས་པ་ཐམས་ཅད་ཀྱི་བོགས་འདོན་པའི་མཆོག་ཡིན་པའི་ཕྱིར་རོ།། ༈ འགྲེལ་པར་མཛད་པའི་མདོ་བསྲེ་ལས། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཞེས་པའི་ རྐང་པ་བཞི་དང༌། འཕགས་པའི་མདོ་བསྲེ་ལས། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཞེས་པ་ནས། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་འཛིན། །ཞེས་པའི་བར་རྣམས་སྒྲུབ་ཐབས་ཀྱི་མཇུག་ཏུ། སེམས་ཅན་ཐམས་ཅད་རྡོ་རྗེ་འཆང་ དུ་བྱས་པ་རང་ལ་ཉེ་བར་བསྡུ་བ་ལ་སྦྱར་བ་དང༌། འགྲེལ་པའི་བཤད་པ་གཉིས་དོན་གཅིག་ཏུ་མ་བྱུང་ཡང་མི་འགལ་བ་ནི་སྔར་ལྟར་ཤེས་པར་བྱའོ།། ༈ རྫོགས་རིམ་པས་སྤྱོད་པ་ཉམས་འོག་ཏུ་ཆུད་པར་བྱས་ཀྱང་དངོས་གྲུབ་མ་གྲུབ་ 5-3-103a ན་སྙིང་པོ་བསྐུལ་བར་གསུངས་པ་ལ་སྙིང་པོ་བསྐུལ་དགོས་པའི་རྫོགས་རིམ་པ་གང་ཡིན། སྤྱོད་པ་བྱས་ཀྱང་དངོས་གྲུབ་མ་གྲུབ་པའི་ཚུལ་ཇི་ལྟར་ཡིན་སྙམ་ན། རྫོགས་རིམ་པའི་སྤྱོད་པ་བྱེད་པ་འདི་ལ་སྐབས་གསུམ་ ཡོད་པ་ལས། སེམས་དབེན་ཐོབ་ནས་སྒྱུ་ལུས་སྒྲུབ་པའི་སྐབས་སུ་སྙིང་པོ་བསྐུལ་བ་མིན་ལ། རིམ་པ་གསུམ་པའི་སྒྱུ་ལུས་ཐོབ་ནས་སློབ་པའི་ཟུང་འཇུག་སྒྲུབ་པའི་སྐབས་སུ་སྤྱོད་པ་བྱས་ཀྱང་ཟུང་འཇུག་མ་གྲུབ་ན་སྙིང་པོ་བསྐུལ་བ་ནི་ལེའུ་ འདིའི་སྐབས་སུ་གསལ་ལ་རྒྱུད་ཕྱི་མའི་འགྲེལ་པར་ནཱ་རོ་པས་སྡོམ་པ་ལན་གསུམ་བརྩམ་པར་བྱ་ཞེས་པ་ནི་ཟླ་བ་བཅོ་བརྒྱད་དུ་སྤྲོས་པ་གསུམ་གྱི་སྤྱོད་པ་སྤྱད་པར་བྱའོ། །དེས་ཀྱང་བླ་ན་མེད་པའི་བྱང་ཆུབ་མ་གྲུབ་ན་དྲག་ཤུལ་གྱི་ཆོ་ག་ བསྟན་པའི་ཕྱིར། ཞེས་གསུངས་ཤིང༌། རྒྱུད་ཕྱི་མ་ཉིད་ལས་ཀྱང༌། གང་ཚེ་བྱང་ཆུབ་མ་གྲུབ་ན། །དྲག་ཤུལ་སྦྱོར་བས་བསྒྲུབ་པར་བྱ། །ཞེས་ཀྱང་གསུངས་པས། སློབ་པའི་ཟུང་འཇུག་ཐོབ་ནས་མི་སློབ་པའི་ཟུང་འཇུག་གི་དོན་དུ་སྤྱོད་པ་བྱས་ ཀྱང་མཆོག་མ་གྲུབ་ན་སྙིང་པོ་བསྐུལ་བ་ཡིན་ནོ།། ༈ །།དངོས་གྲུབ་མ་གྲུབ་པའི་ཚུལ་ནི། སྤྱོད་བསྡུས་ལས། སྤྱོད་པ་རྣམ་པ་གསུམ་ཟླ་བ་ཕྱེད་དམ། ཟླ་བ་གཅིག་གམ། ཟླ་བ་དྲུག་བསླབས་པར་གྱུར་པས། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པའི་ མཚན་མ་ཉེ་བར་འབྱུང་བར་འགྱུར་ཏེ་ཞེས་དབང་པོའི་རིམ་པས་དུས་ཚིགས་གསུམ་པོ་དེར་སྤྱོད་པ་བྱས་པས་གཟུགས་ཕྲ་བ་དང༌། རེག་པ་ཡང་བ་ལ་སོགས་པ་དབང་ཕྱུག་གི་ཡོན་ཏན་བརྒྱད་ཀྱི་མཚན་མ་འབྱུང་བར་གསུངས་པ་ལ་དེ་ལྟར་དུ་མ་ 5-3-103b བྱུང་ན་སྙིང་པོ་བསྐུལ་བ་ཡིན་ནོ། །སྒྱུ་ལུས་ཀྱི་སྐབས་སུ་ནི་རྒྱུད་ཕྱི་མ་ལས་གསུངས་པ་ལྟར་སྤྱོད་པ་ཟླ་བ་དྲུག་བྱས་ཀྱང་སློབ་པའི་ཟུང་འཇུག་མ་གྲུབ་ན་སྙིང་པོ་བསྐུལ་དགོས་སོ། །དེའི་ཚུལ་ནི་སྤོགས་ཆོག་ཟླ་བ་དྲུག་ཚན་གཅིག་གམ་ཡང་ན་དྲུག་ཚན་གཉིས་སུ་ སྤྱད་པ་ལ་བརྟེན་ནས་བསམ་གཏན་གཉིས་ཀྱིས་སྒྱུ་མའི་སྐུ་འོད་གསལ་དུ་འཇུག་པ་ལ་གོམས་པར་བྱེད་པ་དང༌། ལྷ་ལ་དྲག་ཤུལ་གྱི་སྦྱོར་བ་བྱེད་པ་ཉིད་སྙིང་པོ་བསྐུལ་བར་མངོན་ནོ། །འདི་ལ་ནི་ཟུང་འཇུག་མ་གྲུབ་པས་ཟུང་འཇུག་སྒོམ་པའི་སྙིང་པོ་བསྐུལ་ བ་འོང་དོན་མེད་པས། སྔགས་ཀྱི་སྐྱེས་བུ་ཇི་སྙེད་པ། །ཞེས་པའི་རྐང་པ་བཞིས། གང་གི་དོན་དུ་སྙིང་པོ་སྐུལ་བའི་སློབ་པའི་ཟུང་འཇུག་བསྟན་པ་ཡིན་ཏེ། ལེའུ་འདི་ཉིད་ཀྱི་འགྲེལ་པ་ལས། དེ་ནས་གྲུབ་པར་གྱུར་ན་ཅི་ཞིག་བྱ་ཞེ་ན་ཞེས་པའི་ལན་ དུ། དོན་དམ་པའི་བདེན་པ་ལ་ཞུགས་པའི་འོག་ཏུ། བདེན་པ་གཉིས་ཀྱིས་བདག་ཉིད་ཅན་གྱི་རང་གི་ཕྱག་རྒྱ་ཆེན་པོ་བསྐྱེད་ལ། ཞེས་པ་དང༌། རྡོ་རྗེ་གསུམ་པོ་མཁའ་འདྲ་བའི། །བྱང་ཆུབ་འདི་ཡིས་འཐོབ་པར་འགྱུར། །ཞེས་པའི་འགྲེལ་པར་ཟུང་ འཇུག་གི་སྦྱོར་བ་འདི་ཡིས་བྱང་ཆུབ་འཐོབ་པར་འགྱུར་བར་གསུངས་པའི་ཕྱིར་རོ། །དེས་ན་འགྲེལ་པ་ལས། རིག་མའི་དབང་ཕྱུག་ཞེས་བྱ་བ་ལ་སོགས་པས་ནི་དབང་པོ་གཉིས་ཀྱི་སྦྱོར་བའི་ཐབས་གསུངས་པ་ཡིན་ཏེ། ཞེས་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་འོད་གསལ་དུ་ཞུགས་པས། ཕུང་སོགས་མི་སྣང་བར་བྱས་པ་འདི་ཉིད་ཟུང་འཇུག་སྒྲུབ་པའི་ཐབས་སུ་གསུངས་ཤིང༌། དེ་ཡང་སྤོགས་ཆོག་གི་སྤྱོད་པ་ལ་བརྟེན་ནས་བྱེད་པ་ཡིན་ལ་དེ་ཉིད་སྙིང་པོ་བསྐུལ་བར་བཤད་པའི་ཕྱིར་ཏེ། རྒྱུད་ཕྱི་ 5-3-104a མའི་འགྲེལ་པ་ལས། སེམས་ཏེ་ཡེ་ཤེས་གཟུགས་ཞེས་པ་ནི་རྫོགས་པའི་རིམ་པས་རང་གིས་ལྷ་བསྐུལ་བ་སྟོན་ཏོ། །ཕུང་པོ་ལ་སོགས་པ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་མི་སྣང་བར་བྱས་ནས་ཐ་མར་ཀུན་རྫོབ་དང་ དོན་དམ་པའི་བདེན་པས་གཅིག་ཏུ་བྱས་ལ་ཟུང་དུ་འཇུག་པ་སྒོམ་པར་བྱ་བ་ནི་ཉེ་བར་སྒྲུབ་པ་སྟེ་ལེའུ་བཅུ་པའི་དོན་སྟོན་པ་ཡིན་ནོ། །ཞེས་འོད་གསལ་དུ་འཇུག་པ་རང་གི་ལྷ་བསྐུལ་བ་དང་དེ་བྱས་པའི་མཐར་ཟུང་འཇུག་བསྐྱེད་པ་ཤིན་ཏུ་གསལ་བར་བསྟན་ནོ། །སློབ་པའི་ཟུང་འཇུག་ཐོབ་ནས་སྙིང་པོ་བསྐུལ་ཚུལ་ནི། ཟླ་བ་དྲུག་ཚན་གཅིག་གམ་ཡང་དྲུག་ཚན་གཉིས་སུ་སྤྱོད་པ་བྱས་པ་ལ་བརྟེན་ནས་འོད་གསལ་ཐམས་ཅད་སྟོང་པ་ཡང་ཡང་དྲངས་ནས་སྒོམ་པ་ཡིན་ཏེ། དག་པའི་སྒྱུ་མའི་སྐུ་ནི་དུས་ཐམས་ཅད་དུ་ ཡོད་པས་གསར་དུ་བསྐྱེད་མི་དགོས་ལ། འོད་གསལ་མངོན་དུ་གྱུར་པ་ན་ལུས་སྒྱུ་མའི་སྐུར་སོང་བ་དང༌། ཐུགས་དོན་དམ་བདེན་པ་ལ་མངོན་སུམ་དུ་ཞུགས་པའི་འོད་གསལ་གྱི་ཡེ་ཤེས་གཉིས་ངོ་བོ་གཅིག་ཏུ་སྐྱེ་བས་ཟུང་འཇུག་ལོགས་སུ་སྒོམ་མི་ དགོས་པའི་ཕྱིར་རོ། །དེར་མ་ཟད་ལྷ་ལ་དྲག་ཤུལ་གྱི་སྦྱོར་བ་བྱེད་པ་ཡང་འདིར་སྙིང་པོ་སྐུལ་བ་ཡིན་ནོ། །དེས་ན་བོད་ཁ་ཅིག་རྫོགས་རིམ་པ་ལ་དངོས་གྲུབ་བསྒྲུབས་ན་མི་འགྲུབ་པ་མི་སྲིད་པས་སྙིང་པོ་བསྐུལ་མི་དགོས་སོ་ཞེས་པ་དང༌། ཁ་ཅིག་ གིས་དེ་བཀག་ནས་རྫོགས་རིམ་པའི་སྙིང་པོ་བསྐུལ་བ་ཟུང་འཇུག་སྒོམ་པ་ཁོ་ན་ལ་བྱེད་པ་གཉིས་ཀས་ཀྱང༌། རྒྱུད་ཕྱི་མ་དང༌། ལེའུ་འདིའི་འགྲེལ་པའི་དོན་ལེགས་པར་མ་རྟོགས་པར་སྣང་བས་ཞིབ་ཏུ་བཤད་པ་ཡིན་ནོ། །འཕགས་པའི་མདོ་བསྲེ་ 5-3-104b ལས། སྔགས་ཀྱི་སྐྱེས་བུ་ཇི་སྙེད་པ། །ཞེས་པའི་རྐང་པ་བཞི་ཞི་སོགས་ཀྱི་ལས་ཐམས་ཅད་སྒྲུབ་པའི་སྐབས་སུ་རྡོ་རྗེ་དང་པདྨ་ཡང་དག་པར་སྦྱོར་བའི་སྒོ་ནས་བསྒྲུབ་པར་བྱའོ་ཞེས་བཤད་པ་དང་འགྲེལ་པའི་བཤད་པ་གཉིས་དོན་གཅིག་ཏུ་མ་བྱུང་ཡང་ མི་འགལ་བ་ནི་སྔར་བཤད་པ་བཞིན་ནོ། །འགྲེལ་པས་ཚིགས་བཅད་དེ་ལ་དགོངས་བཤད་མཛད་པ་ནི་དགོངས་པ་ལུས་སྟོན་གྱི་དོན་དུ་སྣང་ངོ༌།། ལེའུ་བཅུ་པའི་མཐའ་གཅོད་དོ།། །།རྡོ་རྗེ་གསུམ་ཡིག་སྔགས་ཀྱི་མཆོག །ཕྱག་རྒྱ་ཆེན་པོ་རྣམ་ བསྒོམས་པ། །བྱང་ཆུབ་ཐམས་ཅད་ཐོབ་བྱའི་ཕྱིར། །ཡེ་ཤེས་རྡོ་རྗེ་དག་གིས་བྱ། །ཞེས་ཡི་གེ་གསུམ་གྱིས་ལྷའི་སྐུ་ཕྱག་རྒྱ་ཆེན་པོ་བསྐྱེད་ནས་སྒོམ་པ་སྒྲུབ་པ་པོས་བྱ་བར་གསུངས་པ་ལ། རིམ་པ་གཉིས་ཀྱི་ཚུལ་གཉིས་ཡོད་པ་ལ་བསྐྱེད་རིམ་པས་ཡི་གེ་ གསུམ་གྱིས་སྔགས་ཀྱི་སྐུ་སྐྱེད་ཚུལ་ནི་དཀྱུས་ན་གསལ་ལོ། །རྫོགས་རིམ་པས་ཡི་གེ་གསུམ་གྱིས་ཡེ་ཤེས་ཀྱི་སྐུའི་ཕྱག་རྒྱ་ཆེན་པོ་སྐྱེད་ཚུལ་ནི། ལུང་སྟོན་ལས། དེ་ནི་འཇུག་སོགས་གནས་ཉིད་དང༌། །ལྡང་བ་དག་ཏུ་རབ་བཤད་པ། །ཉི་ཤུ་ལྔ་སོགས་ མིང་ཅན་གྱི། །སྐྱེས་བུའི་གཟུགས་སུ་འདི་འགྱུར་རོ། །དེ་བས་རེ་རེའང་གསུམ་ཉིད་དེ། །རྡོ་རྗེ་གསུམ་སྔགས་ཉིད་དུ་འགྱུར། །བརྗོད་མེད་ས་བོན་བརྒྱད་པ་ལས། །དེ་ཡི་ནམ་མཁའ་ལས་བརྒྱར་འགྱུར། །བརྒྱ་ཕྱེད་རླུང་ནི་གཅིག་པུ་ལས། །དེ་ལས་ངེས་ པར་ཉི་ཤུ་ལྔ། །སྐྱེས་བུ་ཉིད་དུ་བྱུང་བ་ནི། །མགྲིན་བཅུ་ཞེས་པའི་མིང་ཅན་དང༌། །སྒྲ་སྒྲོག་གསོད་པ་དགའ་བྱེད་འགྱུར། །དེ་ནས་ཚངས་པ་གཅིག་ཉིད་འགྱུར། །ཚངས་པ་ཁྱབ་འཇུག་དྲག་པོ་སྟེ། །འཇུག་པ་ལ་སོགས་རིམ་དུ་བཤད། །འདི་དག་བསྙེངས་ 5-3-105a མེད་དེ་གཅིག་པུ། །དེ་ནི་ཞི་བ་དངོས་མེད་ཉིད། །དེ་ལས་ཀྱང་ནི་ཡང་དག་བྱུང༌། །ལོངས་སྤྱོད་རྫོགས་སྐུ་དམ་པའོ། །དེ་ལས་སྔགས་གཅིག་སྤྲུལ་པ་ལས། །འགྲོ་བའི་དོན་གྱི་བྱ་བར་འགྱུར། །ཞེས་པ་འདི་རྣམས་ཀྱིས་གསལ་བར་ སྟོན་ནོ། །དེ་ལ་རྐང་པ་དང་པོ་གཉིས་ཀྱི་དོན་ནི་ལྷའི་སྐུ་སྐྱེད་པ་དང་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་ཐོབ་བྱེད་དུ་བཤད་པའི་ཡི་གེ་གསུམ་པོ་དེའི་ངེས་དོན་ནི། རླུང་གི་རྡོ་རྗེའི་བཟླས་པར་བཤད་པའོ། །སོགས་ལ་བསྡུ་རྒྱུ་གཞན་མེད་ཅིང༌། དེའི་སྐད་དོད་དང་པོ་ ལའང་བསྒྱུར་དུ་རུང་བས། དང་པོ་རླུང་ནང་དུ་འཇུག་པའི་ཨོཾ་གྱི་གདངས་སྟོན་ནོ། །དེ་ནས་གཉིས་ཀྱི་དོན་ནི་འོག་ཏུ་འཆད་དོ། །དེ་བས་ཞེས་པ་གཉིས་ཀྱི་དོན་ནི་ཡི་གེ་གསུམ་རྡོར་བཟླས་ལ་སྦྱར་བ་དེ་བས་ན་དཀྱིལ་འཁོར་བཞིའི་རླུང་རེ་རེ་ལའང་ལྡང་འཇུག་ གནས་པ་གསུམ་ཉིད་དུ་བྱས་པ་དེ་ནི། རྡོ་རྗེ་གསུམ་གྱི་སྔགས་ཡི་གེ་གསུམ་དང་དབྱེར་མེད་པ་ཉིད་དུ་འགྱུར་རོ། །དེ་ནས་བརྗོད་མེད་ནི་སྙིང་ཁའི་མི་ཤིགས་པའོ། །ས་བོན་བརྒྱད་པ་ནི་ཡ་ནས་བགྲངས་པའི་ཧ་སྟེ་དེ་ནི་མི་ཤིགས་པའི་མཚོན་བྱེད་དོ། །སྙིང་ ཁའི་མི་ཤིགས་པ་དེ་ལས་བརྒྱར་འགྱུར་བ་ནི་རླུང་དང་ཡི་གེ་རྣམས་དེ་ལས་སྐྱེ་བ་སྟེ། རླུང་བཅུ་ལ་འོད་ཟེར་ལྔ་ལྔ་དང་ལྡན་པས་ལྔ་བཅུ་དང་དབྱངས་གསལ་གྱི་ཡི་གེ་ལྔ་བཅུའོ། །དེའི་ནམ་མཁའ་ལས་ཞེས་པ་ནི་མི་ཤིགས་པ་དེ་གནས་པའི་རྩའི་ཁོང་སྟོང་ གི་ནམ་མཁའ་ལས་འབྱུང་བའོ། །བརྒྱ་ཕྱེད་རླུང་ནི་གཅིག་པུ་ལས། །ཞེས་པ་ནི་ཡི་གེ་ལྔ་བཅུ་དོར་བའི་རླུང་གཅིག་པུ་འཛིན་པ་སྟེ། གང་ལ་རྡོར་བཟླས་བྱ་བའི་ཡུལ་གྱི་རླུང་ཤེས་པའི་དོན་ཏེ། ཁྱབ་བྱེད་ལ་ཡང་རླུང་ལ་དབང་ཐོབ་པའི་སྐབས་དང༌། འཆི་ 5-3-105b བ་ལ་ཉེ་བར་ཕྱོགས་པའི་ཚེ་མན་ངག་དང་ལྡན་པས་རྡོར་བཟླས་བྱེད་དོ། །དེ་ལྟར་རྡོར་བཟླས་བྱས་པ་དེ་ལས་སྐྱེས་བུ་ཉིད་དུ་འབྱུང་བ་ནི་ལྷའི་སྐུ་སྟེ་དེ་ཡང་སྔགས་ཀྱི་སྐྱེས་བུའི་སྐུ་མ་ཡིན་གྱི་ལེའུ་འདིའི་འགྲེལ་པའི་མཚམས་སྦྱོར་དུ་ལྷའི་སྐུ་རྣམ་པ་གཉིས་ གསུངས་པའི་ཡེ་ཤེས་ཀྱི་སྐུའི་སྐྱེས་བུའོ། །ཉི་ཤུ་རྩ་ལྔ་ཞེས་པ་ནི་གྲངས་ཀྱི་བརྡ་ཚིག་སྟེ་གྲངས་ཅན་གྱིས་ཤེས་བྱ་ཉི་ཤུ་རྩ་ལྔར་བྱས་པའི་རྩ་ལྔ་པ་ནི་སྐྱེས་བུ་ཡིན་པས་དེ་དང་མཐུན་པར་མཛད་པའོ། །དེས་ན་རྩ་རྒྱུད་ལས། སྐྱེས་བུ་མཆོག་ཅེས་བྱ་བའི་ཏིང་ངེ་ འཛིན་ལ་སྙོམས་པར་ཞུགས་པ་ལ། རྒྱུད་འདིར་ཉི་ཤུ་རྩ་ལྔ་མཆོག་ཅེས་བྱའི། ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །ཞེས་ཀྱང་གསུངས་སོ། །ཉི་ཤུ་ལྔ་སོགས་ཞེས་པའི་སོགས་ཀྱིས་བསྡུས་པ་ནི་མགྲིན་བཅུ་ཞེས་པ་དང༌། སྒྲ་སྒྲོགས་སམ་འབོད་སྒྲོགས་ ཞེས་པ་གསོད་པའི་དགའ་བྱེད་ར་མ་ཞེས་པ་དང༌། ཚངས་པ་ཞེས་སོགས་ཀྱིས་མིང་གིས་བཏགས་པ་སྟེ། དེ་ཡང་ཟུང་འཇུག་གི་སྐྱེས་བུ་ཉིད་ལ་དེ་དག་གི་མིང་གིས་གསུངས་པའོ། །ཚངས་པ་དང་ཁྱབ་འཇུག་དང་དྲག་པོའི་མིང་ཅན་གྱི་ངེས་དོན་ཡང་འཇུག་པ་ སོགས་ཀྱི་རྡོར་བཟླས་སུ་བཤད་པ་འདི་དག་གོམས་པར་བྱས་པ་ལས། བསྙེངས་པ་མེད་པ་སྟེ་འཇིགས་པ་ཐམས་ཅད་དང་བྲལ་བའི་ཟུང་འཇུག་གི་སྐུ་སྟེ་གཅིག་པུ་འགྲུབ་ཅིང༌། དེའི་འགྲུབ་ཚུལ་ནི་ཐོག་མར་སྤྲོས་པ་ཐམས་ཅད་ཞི་བའི་དངོས་མེད་འོད་ གསལ་འགྲུབ་ལ། དེ་ལས་ཀྱང་ནི་ཟུང་འཇུག་གི་ལོངས་སྐུ་དམ་པ་ཡང་དག་པར་འབྱུང་ངོ༌། །ལོངས་སྐུ་དེ་ལས་སྔགས་ཏེ་ཡིད་སྐྱོབ་པ་གཅིག་པུའི་སྤྲུལ་སྐུ་འབྱུང་བ་ལས་འགྲོ་བའི་དོན་གྱི་བྱ་བ་འགྲུབ་པར་འགྱུར་རོ་ཞེས་སྔགས་ཀྱི་ཡི་གེ་ལས་ལྷའི་ 5-3-106a སྐུ་སྐྱེད་པ་ཐམས་ཅད་ཀྱི་ངེས་དོན་མཐར་གཏུགས་ན། སྙིང་གའི་མི་ཤིགས་པ་ལ་བརྟེན་ནས་ཡི་གེ་གསུམ་གྱི་ཟབ་མོ་རྡོ་རྗེའི་བཟླས་པ་བྱས་པས་སྒྱུ་མའི་སྐུ་སྐྱེད་པ་ལ་བཤད་ཅིང༌། ཡང་རྒྱུད་དེའི་ལེའུ་འདི་ཉིད་ལས། གསེར་འགྱུར་ རྩི་ཡི་རྣམ་པ་ཡིས། །ལྕགས་ནི་གསེར་དུ་བྱེད་པ་ཡིན། །དེ་བཞིན་སྔགས་ཀྱི་དེ་ཉིད་ཀྱིས། །མི་ནི་བདེ་གཤེགས་བྱེད་པ་ཡིན། །ཞེས་སོགས་རྣམ་པ་དུ་མར་རྡོ་རྗེ་བཟླས་པ་ལ་ཤིན་ཏུ་བསྔགས་ཏེ། སྔགས་ཀྱི་དེ་ཉིད་ནི་རྡོར་བཟླས་སོ།། ༈ །།གཞལ་ཡས་ཁང་ སྐྱེད་པའི་སྐབས་སུ། དཀྱིལ་འཁོར་བརྒྱན་པ་ཞེས་བཤད་པ། །ཡི་གེ་་ནི་དེར་བསམ་མོ། །རྡོ་རྗེ་སྤྲིན་ནི་འཕྲོ་སྐྱེད་པའི། །དེ་བཞིན་གཤེགས་པ་དྲུག་གི་སྐུ། །དེ་དབུས་གནས་པའི་རྣལ་འབྱོར་པ། །བསྒོམ་པའི་བདག་ཉིད་ཅན་གྱིས་བསྒོམ། །ཞེས་པས་ དེ་བཞིན་གཤེགས་པ་དྲུག་ལྷག་མོས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་སྒོམ་པར་སྟོན་པ་མིན་གྱི་རྒྱུད་འགྲེལ་ལས། བྷྲུཾ་ཡིག་ལས་དེ་བཞིན་གཤེགས་པའི་ཚོགས་འཕྲོ་བར་བསྒོམ་པར་གསུངས་པ་ལྟར། དེ་བཞིན་གཤེགས་པ་དྲུག་འོད་ཟེར་ལས་ འཕྲོ་བར་སེམས་པའི་དོན་ནོ།། ༈ རྡོ་རྗེ་འཆང་གི་དྲན་པ་གཅིག་པའི་སྐབས་སུ་རྩ་བཤད་ཀྱི་རྒྱུད་གཉིས་ཀ་ལས། བྱང་ཆུབ་ཚུལ་མཆོག་འདི་ཡིན་ཏེ། །ཞེས་གསུངས་པ་ལ། འགྲེལ་པར་མངོན་བྱང་ལས་རྡོ་རྗེ་འཆང་དུ་བསྐྱེད་པ་ནི་རིགས་ཐམས་ཅད་ ཀྱི་མཆོག་ཏུ་གསུངས་སོ། །དེ་ལ་དགོངས་ནས་འཕགས་པ་ཡབ་སྲས་རྣམས་ཀྱིས་ལས་དང་པོ་པས་ཐོག་མར་ཐུན་བཞིའི་རྣལ་འབྱོར་བྱེད་པའི་སྒྲུབ་ཐབས་ཀྱི་དང་པོ་སྦྱོར་བའི་སྐབས་སུ། མངོན་བྱང་ལས་ལྷའི་སྐུར་སྐྱེད་པ་ཡང་ལོངས་སྐུ་རྡོ་རྗེ་ 5-3-106b འཆང་དུ་མཛད་ལ། དེ་སྤྲུལ་སྐུར་བསྒྱུར་བ་ཡང་སྤྲུལ་སྐུ་རྡོ་རྗེ་འཆང་ཉིད་དུ་བྱས་ནས་དེ་ལ་ལུས་དཀྱིལ་འགོད་པར་མཛད་དེ། མེ་ཏོག་གང་ལ་ཕོག་པའི་ལྷ་མངོན་བྱང་ལས་སྐྱེད་པ་མ་མཛད་དོ། །ལེའུ་འདིར་རྒྱུད་ལས། རྡོ་རྗེ་འཆང་དང་རྣམ་སྣང་དང་སྣང་ མཐའ་དང་མི་བསྐྱོད་པ་བཞིའི་མངོན་བྱང་ལས་སྐྱེད་པ་གསལ་བར་གསུངས་ལ། རིན་འབྱུང་དང་དོན་གྲུབ་མངོན་བྱང་ལས་སྐྱེད་པ་ནི་མི་གསལ་བར། ཚིག་གི་དམ་ཚིག་ལྔའི་མཆོག །ཅེས་པ་དང༌། དམ་ཚིག་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ་ཞེས་པའི་ སྐབས་གཉིས་སུ་གསུངས་སོ། །དེ་ལ་རྡོ་རྗེ་འཆང་མངོན་བྱང་ལས་སྐྱེད་པའི་སྒྲུབ་ཐབས་ལྟར་ན། སྐྱེ་འཆི་བར་དོ་གསུམ་གྱི་སྦྱང་གཞི་དང་སྦྱོར་ཚུལ་རྣམ་གཞག་རིམ་པའི་རྣམ་བཤད་དུ་རྒྱས་པར་བཤད་ཟིན་པ་ལྟར་ཤེས་པར་བྱ་ལ། རྣམ་སྣང་ལ་སོགས་པ་ མངོན་བྱང་ལས་སྐྱེད་པའི་སྒྲུབ་ཐབས་ལྟར་ན། འཆི་བ་ཆོས་སྐུར་འཁྱེར་བའི་ལམ་འཁྱེར་ནི་སྔ་མ་དང་འདྲ། སྦྱང་གཞི་བར་དོ་དང་སྦྱོར་ཚུལ་ནི། དེ་བཞིན་ཉིད་ལས་བྱང་ཆུབ་པའི་མཇུག་ཐོགས་སུ་ཉི་མ་ཟླ་བ་པད་མ་གསུམ་སྐྱེད་པ་ནི། འཆི་བའི་ འོད་གསལ་གྱི་མཇུག་ཐོགས་སུ་ལུགས་ལྡོག་གི་སྣང་བ་གསུམ་འཆར་བ་དང་འདྲ། དེ་གསུམ་སྐྱེད་པའི་ཡི་གེ་གསུམ་ནི་སྣང་བ་གསུམ་གྱི་བཞོན་པའི་རླུང་དང་འདྲ། པད་མའི་སྟེང་གི་ཡི་གེ་གསུམ་ནི་བར་དོའི་ལུས་ངག་ཡིད་གསུམ་མཚོན་ བྱེད་ལ་བྱ་དགོས་པས། བར་དོ་མཚོན་པའི་ལོངས་སྐུ་དངོས་སུ་སྒོམ་པ་མེད་པའི་གནད་ཀྱིས། བར་དོ་ལྟ་བུའི་སྒྱུ་མའི་ལོངས་སྐུའི་རྫོགས་རིམ་སྐྱེད་པའི་དགེ་རྩ་སྨིན་བྱེད་དུ་འགྲོ་བ་ལ། རིགས་དྲུག་པའི་སྒྲུབ་ཐབས་ 5-3-107a དང་སྒྲུབ་ཐབས་གཞན་གཉིས་ཁྱད་པར་ཆེའོ། །ཉི་ཟླ་པདྨ་ཡི་གེ་གསུམ་དང་བཅས་པ་གཅིག་ཏུ་འདྲེས་ནས་ཟླ་བར་གྱུར་པ་ནི། བར་དོས་མངལ་དུ་ཉིང་མཚམས་སྦྱར་བའི་རླུང་སེམས་ཙམ་དང་འདྲ་སྟེ། རིགས་དྲུག་པའི་སྒྲུབ་ཐབས་ དང་པོའི་མགོན་པོ་ལོངས་སྐུ་སྤྲུལ་སྐུར་བསྒྱུར་བའི་དོད་དོ། །འདི་ཡང་སྒྲུབ་ཐབས་གཉིས་ལ་ཁྱད་པར་ཆེའོ། །ཟླ་བས་ཡི་གེ་གསུམ་སྐྱེད་ཅིང༌། དེས་ཕྱག་མཚན་ཡི་གེས་མཚན་པ་དང་དེ་ལས་འོད་ཟེར་གྱི་སྤྲོ་བསྡུ་དང༌། དེ་ནས་སྐུ་རྫོགས་པ་རྣམས་ནི་བར་ དོས་ཉིང་མཚམས་སྦྱར་བའི་རླུང་སེམས་ཀྱིས་མངལ་དུ་ངག་ཡིད་ལུས་རྣམས་ཁྱད་པར་ཅན་དུ་སྐྱེད་པ་དང་འདྲ་སྟེ། ཆོས་དང་དམ་ཚིག་དང་ལས་དང་སྐུ་ཕྱག་རྒྱ་ཆེན་པོ་བཞིས། ཐ་མལ་པའི་ལུས་ངག་ཡིད་གསུམ་བྱ་བ་དང་བཅས་པ་བཞི་སྦྱོང་བའོ། ། འདིར་འགྲེལ་པར་རིགས་ལྷག་མ་ལྔ་མངོན་བྱང་ལས་སྐྱེད་པར་གསུངས་པ་ནི་མེ་ཏོག་གང་ཕོག་གི་ལྷའི་མཚོན་བྱེད་ཙམ་ཡིན་པས་ལྷ་ལྷག་མ་རྣམས་ལའང་ཤེས་པར་བྱའོ། །རིགས་གཞན་གྱི་ལྷའི་སྐུ་རྫོགས་པ་ནི་སྤྲུལ་སྐུ་ཉིད་ཡིན་པས་སྤྲུལ་སྐུར་ བསྒྱུར་མི་དགོས་ལ། ལུས་དཀྱིལ་འགོད་པའི་གཞི་ཡང་དེ་ཉིད་དོ། །འདི་དག་གི་སྦྱང་གཞི་དང་སྦྱོར་ཚུལ་བཤད་དགོས་པར་སྣང་ན་ཡང་སྔ་མ་རྣམས་ཀྱིས་གསལ་བར་མ་བཤད་འདུག་པས་འདིར་བཤད་པ་ཡིན་ནོ། །ལེའུ་འདི་ལ་བཤད་རྒྱུད་ཀྱིས་ངེས་དོན་ མང་དུ་གསུངས་པའི་དཀའ་གནས་འགའ་ཞིག་ནི་བཤད་ཟིན་ལ། དཀའ་གནས་གཞན་འགའ་ཞིག་ནི་རྣམ་གཞག་གི་རྣམ་བཤད་དུ་རྒྱས་པར་བཤད་དོ།། རྡོ་རྗེ་འོད་ཟེར་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ་ཞེས་པའི་འོག་དང༌། ཆོས་ཀྱི་དཀྱིལ་ 5-3-107b འཁོར་ཞེས་པའི་གོང་གི་བར་གྱི་སྐབས་དང༌། སྟོན་པ་རྡོ་རྗེའི་ཐུགས་འདྲ་བ། །ཞེས་པའི་རྐང་པ་བཞིའི་མཇུག་ཐོགས་ཀྱི་སྐབས་སུ་ངེས་དོན་གྱི་བཤད་པ་འགའ་ཞིག་གསུངས་པ་ནི་ཤིན་ཏུ་རྟོགས་དཀའ་བར་སྣང་བས་བཤད་རྒྱུད་ཀྱི་གནད་འཚོལ་བའི་རྣམ་དཔྱོད་ཅན་ གྱི་དོན་དུ་ཅུང་ཟད་བཤད་ན་སྐབས་གོང་མར། ཨ་དང་ཀུ་ནི་ལྐོག་མའི་དབུས། །རྐན་གྱི་སྟེང་གི་མིང་ཅན་ནོ། །ཨི་དང་ཙ་ནི་ལག་གཡོན་ཉིད། །ཨུ་དང་མུ་གཉིས་གཡས་པར་བརྟག །རི་ཛུ་གཉིས་ནི་གཡས་པར་བརྟག །ལི་ཏ་རྐང་པ་གཅིག་ཤོས་ལ། །དཀྱིལ་འཁོར་ གཅིག་ནི་དེ་ཉིད་དོ། །དཀྱིལ་འཁོར་ལྔ་ལས་རྒྱལ་གྱུར་པ། །ཧ་ནི་ལུས་སྐྱེས་གཙུག་ཏོར་དང༌། །གཅོད་ནི་གསུམ་པོའི་ཅོད་པན་ཅན། །ཡོན་ཏན་བཞི་ཡི་བཞི་པོ་དེ། །ལྔ་པོའི་ལྔ་པ་དེ་འགྱུར་རོ། །ནམ་མཁའ་རྡོ་རྗེ་གཅིག་ཕྱེད་སྦྱོར། །དེ་ནི་འོད་ཟེར་ལྔར་འགྱུར་རོ། ། ཞེས་དང༌། སྐབས་ཕྱི་མར། ལྐོག་མ་རྐན་དང་དེ་བཞིན་མཆུ། །སྤྱི་བོ་སོ་ཡི་མིང་ཅན་ཏེ། །རྡོ་རྗེ་གསུམ་ཐུགས་གསང་བ་གཅིག །དེ་ནི་ཧཾ་ལ་བཞུགས་པ་ཡིན། །ཞེས་གསུངས་སོ། །བཤད་པ་འདི་འོང་བའི་འབྲེལ་ནི། ལེའུ་འདིར་རྣམ་སྣང་ལ་སོགས་ པ་ལྔའི་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་ལྔ་བཤད་པའི་ངེས་དོན་འཆད་པ་ཡིན་ནོ། །དེ་ཡང་དཀྱིལ་འཁོར་གཅིག་ནི་དེ་ཉིད་དོ། །ཞེས་པས་ཡི་གེ་ཚན་པ་ལྔ་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་ལྔར་བཤད་པ་དེ་ཉིད་དོ། །ཞེས་པ་ལས་ཤེས་སོ། ། ཨ་དང་ཀུ་ཞེས་པའི་དོན་ནི་དུས་འཁོར་འགྲེལ་ཆེན་ལས། ཨ་ཀུ་ཧ་རྣམ་པར་བཅད་པ་ནི་མགྲིན་པ་ལས་སོ་ཞེས་གསུངས་པ་ལྟར་ཡིན་ལ། ཙནྡྲ་པ་ལས། ཨུ་ཏས་སྡེ་དང་བཅས་པའོ་ཞེས་གསུངས་པས། ཀུའི་ཁོང་གི་ཨུས་ཀ་སྡེ་མཚོན་པས་ 5-3-108a ཨ་དང་ཀ་སྡེའི་ཡི་གེ་ལྔ་དང༌། དྲོ་བའི་སྡེ་ཚན་གྱི་མཐའི་ཡི་གེ་ཧ་དང་རྣམ་བཅད་ཚེག་དྲག་རྣམས་མགྲིན་པ་ནས་འབྱུང་བར་སྟོན་ཏེ། དེ་ནི་ཁམས་ཀྱི་དབང་དུ་བྱས་ན་ནམ་མཁའི་ཁམས་ཡིན་ལ། དེས་ནི་ཁྱབ་བྱེད་ནམ་མཁའི་ ཁམས་རྣམ་སྣང་གི་རླུང་མཚོན་ནོ། །ཨི་ཙ་ནི་འགྲེལ་ཆེན་ལས། ཨི་ཙུ་ཡ་ཤ་ནི་རྐན་ལས་སོ། །ཞེས་གསུངས་ཤིང་སྔ་མ་ལ་ཨ་ཀུ་ཞེས་འབྱུང་བའི་གནད་ཀྱིས་ཙུ་འོང་རྒྱུར་སྣང་ངོ༌། །ཙུས་རང་གི་སྡེ་པ་ཙ་སྡེ་མཚོན་པ་ནི་སྔར་དང་འདྲ་ལ། ཡི་གེ་དེ་རྣམས་སྟེང་གི་རྐན་ ལས་འབྱུང་བ་རྐང་པ་གཉིས་པས་སྟོན་རྒྱུ་ཡིན་པ་ལ། མིང་ཅན་ནོ་ཞེས་ཡར་ལ་བཅད་པ་ནི་དཔེ་གཉིས་གང་རུང་མ་དག་པའོ། །འདི་རླུང་གི་ཁམས་ཡིན་ལ་དེས་རླུང་གི་རླུང་མཉམ་གནས་དོན་གྲུབ་ཀྱི་རླུང་མཚོན་ནོ། །ཨུ་དང་མུ་ནི་ཨུ་པུ་ཝ་ནི་མཆུ་ལས་སོ། ། ཞེས་གསུངས་པ་ལྟར་པུ་ཞེས་འོང་རྒྱུར་སྣང་བ་ལ་མུ་ཞེས་པ་མ་དག་པའམ། ཡང་ན་པ་སྡེའི་ཐ་མ་ལ་ཨུ་ཡིག་བྱིན་པས་རང་གི་སྡེ་པ་པ་སྡེ་མཚོན་ནོ། །དེ་ནི་ཆུའི་ཁམས་ཡིན་ལ། དེས་ནི་ཆུ་རླུང་སྲོག་འཛིན་མི་བསྐྱོད་པའི་རླུང་མཚོན་ནོ། །གཡས་པར་ བརྟག་ཅེས་པ་ནི་ལག་པའོ། །རི་ཛུ་ན། རི་ཊུ་ར་ཥ་ནི་སྤྱི་བོ་ལས་སོ། །ཞེས་གསུངས་པ་ལྟར་འོང་རྒྱུ་ལ་ཛུ་ཞེས་པའི་ཛ་ནི་ཊ་སྡེའི་སྡེ་ཚན་གྱི་ཡི་གེ་གང་ཡང་མིན་པས་མ་དག་པར་མངོན་ནོ། །དེ་ནི་མེའི་ཁམས་ཡིན་ལ་དེས་མེ་རླུང་གྱེན་རྒྱུ་སྣང་མཐའི་རླུང་ མཚོན་ནོ། །གཡས་པར་བརྟག་ཅེས་པ་ནི་རྐང་པའོ། །ལི་ཏ་ཡང༌། ལི་ཏུ་ལ་ས་ནི་སོ་ལས་སོ། །ཞེས་གསུངས་པ་ལྟར་འོང་རྒྱུ་སྣང་བ་ལ་མ་བྱུང་ཡང༌། ཏ་ཞེས་པས་རང་གི་སྡེ་པ་མཚོན་ལ། དེ་ནི་སའི་ཁམས་ཡིན་ཞིང་དེས་ས་རླུང་ཐུར་སེལ་རིན་འབྱུང་གི་ 5-3-108b རླུང་མཚོན་ནོ། །གཅིག་ཤོས་ལ་ཞེས་པ་ནི་རྐང་པ་གཡོན་པའོ། །ཕྱི་མ་གསུམ་ལའང་ཁོང་ན་ཡོད་པའི་ཨུ་ཡིག་གིས་རང་གི་སྡེ་པ་མཚོན་པ་ནི་སྔར་དང་འདྲའོ། །ཡི་གེ་ཚན་པ་ཕྱི་མ་གསུམ་གྱི་འབྱུང་བའི་གནས་གསུམ་གོང་དུ་མ་བྱུང་ཡང་འོག་ཏུ། དེ་བཞིན་ མཆུ། སྤྱི་བོ་སོ་ཡི་མིང་ཅན་ཏེ་ཞེས་པས་བསྟན་ནོ། །དཔེ་ཁ་ཅིག་ལས། རི་ཛུ་འདི་ནི་གསང་བར་དགོད། །ཅེས་འབྱུང་བ་ནི། དེར་ཡང༌། ལི་ཏ་རྐང་པ་གཅིག་ཤོས་ལ་ཞེས་བསྒྱུར་བས། ལི་ཏ་ཞེས་པའི་གོང་དུ་རྐང་པ་གཉིས་གང་རུང་གཅིག་མ་བྱུང་ན་གཅིག་ཤོས་ཞེས་པ་ མི་འགྲིག་པས། རི་ཛུ་འདི་ནི་གཡས་པར་བརྟག་ཅེས་འབྱུང་བ་ལྟར་ལེགས་སོ། །རྐང་ལག་གཡས་གཡོན་ནི་ལེའུ་བཅུ་གསུམ་པ་ལས་ལག་པ་གཡས་པས་འདི་བྱའོ། །ཞེས་པའི་འགྲེལ་པར་ལག་པ་གཡས་པ་སྟེ་གཡས་ལོགས་སུ་ཞེས་འབྱུང་བ་ལྟར་རྐང་ལག་གི་ ཕྱོགས་དེའི་ལུས་ཀྱི་གཡས་གཡོན་ནོ། །དེ་ཡང་མཉམ་གནས་ཀྱི་རླུང་གིས་གཙོ་བོ་བྱས་ནས་རྒྱུ་ན་སྣ་བུག་གཡོན་པ་ནས་དང༌། གྱེན་རྒྱུས་གཙོ་བོ་བྱས་ནས་རྒྱུ་ན་སྣ་བུག་གཡས་པ་ནས་རྒྱུ་སྟེ། གཡས་གཡོན་གྱི་སྣ་བུག་རྐྱང་པ་རེ་རེ་ནས་རྒྱུ་བའོ། །དེ་ལ་དགོངས་ནས་ ཨི་ཙ་ལག་གཡོན་དང༌། རི་ཊུ་གཡས་པར་བརྟག །ཅེས་གསུངས་སོ། །སྲོག་འཛིན་དང་ཐུར་སེལ་གྱིས་གཙོ་བོ་བྱས་ནས་རྒྱུ་ན་སྣ་བུག་གཉིས་ཀ་ལས་རྒྱུ་བས། ཨུ་མུ་ལག་པ་གཡས་པར་བརྟག་པ་དང༌། ལི་ཏ་རྐང་པ་གཡོན་པར་བརྟག་པ་ནི་ཕྱོགས་གཅིག་ཙམ་ལ་ དགོངས་པ་སྟེ། གཡས་རྐྱང་པ་དང་གཡོན་རྐྱང་བ་ལས་རྒྱུ་བ་མིན་ནོ། ཁྱབ་བྱེད་མ་བཤད་པ་ནི། ད་ལྟ་དེ་ལ་རྡོར་བཟླས་མི་བྱེད་པ་ལ་དགོངས་སོ། །ཡི་གེ་དེ་རྣམས་ཀྱིས་རླུང་མཚོན་པ་ནི། ལུས་ཀྱི་ཁོང་པའི་ནང་གི་རླུང་རྣམས་རྩ་འཁོར་གྱི་གནས་སོ་སོ་དང་ཕྲད་པ་ན། 5-3-109a དབྱངས་གསལ་གྱི་ཡི་གེའི་རྣམ་པ་ཅན་གྱི་གདངས་མི་གསལ་བར་སྒྲོག་ལ། ལྕེ་རྐན་གྱི་རྩོལ་བས་བསྐྱོད་པ་ནི་ཡི་གེའི་གདངས་གསལ་པོར་སྒྲོག་པར་བཤད་པ་ལ་བརྟེན་ནས་ཤེས་པར་བྱའོ། །གཅོད་ཅེས་པ་ནི། ཨ་ཀུ་ཧ་རྣམ་པར་བཅད་ པ་ནི། ཞེས་པའི་རྣམ་བཅད་ལ་བྱས་ན་མི་འགྲིག་པར་སྣང་བས་འདིར་མི་བསྐྱོད་པ་ལ་སོགས་པ་ནི་རླུང་ཡིན་ལ། དེ་རྣམས་ཀྱི་ཅོད་པན་ནམ་ཅོད་པན་གྱི་རིགས་བདག་གིས་དབུ་བརྒྱན་པ་ནི་དཀྱིལ་འཁོར་བཞིའི་རླུང་རེ་རེའི་ལྡང་འཇུག་གནས་གསུམ་ལ་སྔགས་གསུམ་ གསུམ་གྱིས་བརྒྱན་པའོ། །འདིའི་དཔེ་ཁ་ཅིག་ལས། གཅོད་ནི་གཏུམ་པོའི་མིང་ཅན་ནོ། །ཞེས་འབྱུང་ཡང་སྔར་དྲངས་པ་ལྟར་ལེགས་སོ། །ཡོན་ཏན་བཞི་ནི་འབྱུང་བ་བཞི་ཡིན་ལ། དེའི་བཞི་པོ་དེ་ནི་དཀྱིལ་འཁོར་བཞིའི་རླུང་ངོ༌། །རླུང་དེ་རིགས་ལྔ་པོའི་ལྔ་པ་མི་ བསྐྱོད་པར་འགྱུར་རོ། །ཞེས་པ་ནི་རྡོ་རྗེ་གསུམ་ཐུགས་ཞེས་པ་གཉིས་ཀྱིས་སྟོན་ཏེ། རྡོ་རྗེ་གསུམ་གྱི་སྔགས་དང་དབྱེར་མེད་པར་བྱས་པའི་རླུང་དེ་ནི་མི་བསྐྱོད་པས་མཚོན་པའི་ཐུགས་ཀྱི་གསང་བ་གཅིག་པུ་ཧཾ་ཡིག་གིས་མཚོན་པའི་སྙིང་ཁའི་མི་ཤིགས་པ་དེ་ལ་བཞུགས་ པ་སྟེ་དེར་གནས་པ་ཡིན་ནོ། །ནམ་མཁའི་རྡོ་རྗེ་ནི་སྙིང་ཁའི་མི་ཤིགས་པའོ། །ཕྱེད་ཅེས་པ་ནི་སྲོག་མེད་ཀྱི་ཡི་གེ་ཡི་གེ་ཕྱེད་དུ་བཤད་ལ་རྡོ་རྗེ་འཕྲེང་བ་ལས། དེ་ནས་དབྱངས་མེད་ཡི་གེ་ཧ། །ཞེས་གསུངས་པ་ལྟར། དབྱངས་སྲོག་ཏུ་མེད་པའི་ཡི་གེ་ཧའམ་ཨ་ཐུང་ ངོ༌། །དེ་དང་གཅིག་ཏུ་སྦྱོར་བ་ནི་རྡོར་བཟླས་ཀྱི་མཐུས་མཐར་རླུང་རྣམས་དེར་ཐིམ་པའོ། །དེ་ནི་འོད་ཟེར་ལྔར་འགྱུར་ཞེས་པ་ནི་རྡོར་བཟླས་བྱེད་པ་ན་མི་ཤིགས་པ་དེ་ལས་ནི་འོད་ཟེར་ལྔ་པ་ཅན་གྱི་རླུང་ལྡང་བ་དང་འཇུག་པ་དང་གནས་པར་བྱེད་པའོ། །དེ་ལྟར་ན་ཕྱག་རྒྱ་ 5-3-109b གཅིག་པའི་ལྷ་བསྒོམས་པས་རྣམ་སྣང་དང་རྡོ་རྗེ་ཆོས་དང་རྡོ་རྗེ་ཐུགས་དང་འདྲ་བར་འགྱུར་བར་གསུངས་པའི་ངེས་དོན་ནི་རྡོར་བཟླས་བྱ་བའི་ཡུལ་རླུང་བཞི་དང༌། གཞི་གང་ལ་བརྟེན་ནས་རྡོར་བཟླས་བྱེད་པ་སྙིང་ཁའི་མི་ཤིགས་པ་དང་ཇི་ལྟར་བྱེད་པའི་ཚུལ་ཡི་གེ་གསུམ་དང་ སྦྱར་ཏེ་བྱས་པའི་མཐུས། མཐར་རླུང་རྣམས་མི་ཤིགས་པ་ལ་སྡུད་པར་གསུངས་པས་ཟབ་མོ་རྡོ་རྗེའི་བཟླས་པ་ལ་ངེས་པ་ཤིན་ཏུ་བརྟན་པར་བྱེད་པའི་ཐབས་སུ་ཤེས་པར་གྱིས་ཤིག། ༈ འོད་ཟེར་འབར་བའི་ཡི་གེ་ཐླཱིཾ་ཞེས་སོགས་ཀྱི་སྐབས་སུ་བསྐྱེད་རིམ་པས་མངོན་ཤེས་ སྒྲུབ་པའི་ཚུལ་གཉིས་བཤད་པ་ནི་བསྐྱེད་རིམ་ཕྲ་རགས་གཉིས་ཀ་མཐར་ཕྱིན་ནས་སྤྱོད་པ་བྱས་པའི་འོག་ཏུ་ལས་སྒྲུབ་པ་ཡིན་ནོ། །འདི་རྒྱས་པའི་ལས་སུ་བྱ་དགོས་པར་མངོན་པས་ལས་དེའི་སྒྲུབ་ཚུལ་དང་ཕལ་ཆེར་མཐུན་པར་བྱ་ལ། ལྷའི་རྣལ་འབྱོར་ནི་རང་གི་ལྷའི་རྣལ་འབྱོར་ ལ་འདོད་པ་ཡོད་ཀྱང༌། རྡོ་རྗེ་འཆང་གི་རྣལ་འབྱོར་གྱིས་སྒྲུབ་པ་འགྲེལ་པའི་དགོངས་པའོ། །ས་གང་ལ་བརྟེན་ནས་མངོན་ཤེས་སྒྲུབ་པ་ནི། མཛོད་རྩ་འགྲེལ་ལས། བསམ་གཏན་དང་པོའི་ཉེར་བསྡོགས་དང༌། དང་པོའི་དངོས་གཞི་ཁྱད་པར་ཅན་ལ་བརྟེན་ནས་དབང་ པོ་རྟུལ་པོས་མངོན་ཤེས་སྒྲུབ་ན་ལམ་ཡང་དཀའ་ལ་མངོན་ཤེས་ཀྱང་བུལ་བ་དང༌། ཡང་ས་དེ་གཉིས་ལ་བརྟེན་ནས་དབང་པོ་རྣོན་པོས་མངོན་ཤེས་སྒྲུབ་ན་ལམ་དཀའ་ལ་མངོན་ཤེས་མྱུར་བ་དང༌། དང་པོའི་དངོས་གཞི་ཙམ་པོ་དང༌། བསམ་གཏན་གཞན་གསུམ་ གྱི་དངོས་གཞི་ལ་བརྟེན་ནས་དབང་པོ་རྟུལ་པོས་མངོན་ཤེས་སྒྲུབ་ན་ལམ་སླ་ལ་མངོན་ཤེས་བུལ་བ་དང༌། ཡང་ས་དེ་བཞི་ལ་བརྟེན་ནས་དབང་པོ་རྣོན་པོས་མངོན་ཤེས་སྒྲུབ་ན་ལམ་ཡང་སླ་ལ་མངོན་ཤེས་ཀྱང་མྱུར་བའི་མུ་བཞི་བཤད་ཅིང༌། མངོན་ཤེས་ཀྱང་ 5-3-110a མངོན་པ་ནས་སྣ་ལྕེ་ལུས་གསུམ་གྱི་ཤེས་པས་ཕྲད་ནས་ཡུལ་འཛིན་པས་དེ་གསུམ་ལ་མངོན་ཤེས་མི་སྒྲུབ་པས། མིག་རྣའི་ཤེས་པ་ལ་བརྟེན་ནས་མིག་དང་རྣ་བའི་མངོན་ཤེས་སྒྲུབ་པར་བཤད་དོ། །སྔགས་ཀྱི་གཞུང་ཚད་ལྡན་དུ་མ་ནས་དབང་ཤེས་ ལྔ་ཀའི་མངོན་ཤེས་སྒྲུབ་པར་གསུངས་སོ། །དེ་ལྟར་མི་མཐུན་པ་གཉིས་འོང་བ་ནི་ལམ་འདིར་བསྐྱེད་རིམ་མཐར་ཕྱིན་པ་དང༌། སྤྱོད་པ་བྱས་པའི་མཐུས་ལྷ་རྣམས་ཀྱིས་ལས་དེ་ལྟར་འགྲུབ་པའི་ནུས་ལྡན་དུ་བྱིན་གྱིས་རློབ་པ་ཡོད་ལ། མངོན་པ་བ་སོགས་ལ་དེ་མེད་ པས་རྒྱུ་ཁྱད་པར་ཅན་ཚང་མ་ཚང་གི་དབང་གིས་མི་མཐུན་པར་བྱུང་ངོ༌། །རྫོགས་རིམ་ལ་ཡང་རླུང་འབྱོངས་བ་ལ་སོགས་པའི་དབང་གིས་མངོན་ཤེས་ལྔ་སྒྲུབ་པ་ཡིན་པས་རྒྱུ་ལ་མཆོག་དམན་གྱི་ཁྱད་པར་ཤིན་ཏུ་ཆེའོ། །སོ་སོ་སྐྱེ་བོའི་སྐབས་སུ་བསམ་གཏན་ གྱི་དངོས་གཞི་རྒྱུད་ལ་སྐྱེད་ན་འདོད་པའི་ཉོན་མོངས་མངོན་གྱུར་སྤངས་པ་དགོས་ལ། དེ་ཡང་ཞི་རགས་ཀྱི་རྣམ་པ་ཅན་གྱི་ལམ་སྒོམ་པ་མེད་ན་མི་འགྲུབ་པ་ནི་འདིར་ཡང་འདྲ་ལ། རྒྱུད་སྡེ་བཞི་ཀའི་ལམ་དུ་ཞི་རགས་ཀྱི་རྣམ་པ་ཅན་གྱི་ལམ་བསྒོམས་ནས་འདོད་ ཡོན་ལ་ཆགས་པ་དང་བྲལ་བར་བྱེད་ཚུལ་མ་བཤད་ལ། ཁྱད་པར་དུ་དབང་པོ་གཉིས་སྦྱོར་གྱི་ཆགས་པ་ལམ་དུ་བྱེད་པ་བླ་མེད་ཀྱི་སྐབས་འདིར་ཞི་རགས་ཀྱི་རྣམ་པ་ཅན་གྱི་ལམ་སྒོམ་པ་གོལ་ས་ཡིན་པས་མི་འདོད་དོ། །དེ་ལྟ་ནའང་སྒོམ་བྱུང་གི་མངོན་ཤེས་མཚན་ ཉིད་པ་རྒྱུད་ལ་སྐྱེད་པ་ལ། སྔོན་དུ་བསམ་གཏན་དང་པོའི་ཉེར་བསྡོགས་ཀྱིས་བསྡུས་པའི་ཞི་གནས་མཚན་ཉིད་ཚང་བ་ཞིག་ཐོབ་དགོས་མོད་ཀྱང༌། དེ་ནི་ལམ་འདིའི་རིམ་པ་དང་པོའི་ཏིང་ངེ་འཛིན་ཤིན་ཏུ་བརྟན་པ་ཐོབ་པའི་སྐབས་སུ་སྐྱེ་བས་དེ་ལ་རྟེན་ནས་ 5-3-110b མངོན་ཤེས་སྒྲུབ་པ་ཡིན་ཏེ། དང་པོའི་ཉེར་སྡོགས་ཀྱིས་བསྡུས་པའི་ཞི་གནས་ཀྱི་ཏིང་ངེ་འཛིན་རྫོགས་པར་སྐྱེད་ཚུལ་དང༌། ཞི་གནས་གྲུབ་པའི་ཚད་རྣམས་ཐེག་པ་ཐུན་མོང་གི་ལམ་གྱི་རིམ་པར་རྒྱས་པར་བཤད་ཟིན་ཏོ། །མདོ་སྡེ་རྒྱན་ལས། ཇི་ལྟར་རྣམ་གནས་ཡིད་ ལ་བྱེད་པ་ལས། །མཐུ་འགྲུབ་པ་ཡི་དམ་པ་ཐོབ་པར་འགྱུར། །ཞེས་མཐུ་སྟེ་མངོན་ཤེས་འགྲུབ་པ་ལ་རང་རང་གི་རྣམ་གནས་དགོས་པར་གསུངས་པ་ནི། བསྐྱེད་རིམ་པའི་མངོན་ཤེས་སྒྲུབ་པ་དང་རྫོགས་རིམ་པས་ཡན་ལག་གི་རླུང་གི་རྡོར་བཟླས་ཀྱིས་མངོན་ཤེས་ སྒྲུབ་པ་གཉིས་ཀ་ལ་ཡང་དགོས་ལ་དེ་ཡང་རྒྱུད་འགྲེལ་གྱི་མཚན་དུ་བཤད་ཟིན་ཏོ།། ༈ རྡོ་རྗེ་ཆེན་པོ་རྩེ་ལྔ་པ་ཞེས་སོགས་ཀྱི་སྐབས་སུ་རྫོགས་རིམ་པས་དབང་པོ་སྒོ་ལྔའི་མངོན་ཤེས་ལྔ་ཡན་ལག་གི་རླུང་གི་རྡོར་བཟླས་ཀྱིས་སྒྲུབ་པར་བཤད་པའི་སྐབས་ནི་ཁ་ ཅིག་སློབ་པའི་ཟུང་འཇུག་ཐོབ་པ་ལ་འཆད་མོད་ཀྱང༌། ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་དང་དེ་ཁོ་ན་ཉིད་ཀྱི་ལྟ་བ་གཉིས་དབྱེར་མེད་དུ་བསྐྱངས་པ་ལ་གོམས་པ་ཉིད་ཀྱི་མཐུས་མངོན་ཤེས་ལྔ་འདྲེན་པར་གཞུང་ཚད་ལྡན་མང་པོ་ནས་གསུངས་པ་ནི་དོན་ གྱི་ལྷན་སྐྱེས་མངོན་དུ་གྱུར་པའི་མཇུག་ཐོགས་སུ་ངེས་པར་བཞག་དགོས་པས། ལམ་འདིའི་ས་ཐོབ་པ་དེས་མངོན་ཤེས་ལྔ་ལོགས་སུ་སྒྲུབ་མི་དགོས་པར་སེམས་སོ། །དེས་ན་སྒྱུ་ལུས་ཐོབ་པ་ནས་རླུང་གི་བཟླས་པའི་མཐུས་མངོན་ཤེས་རྣམས་སྒྲུབ་ནུས་ པར་མངོན་ནོ། ༈ །རྡོར་སེམས་ཀྱི་སྒྲུབ་ཐབས་ལས། སངས་རྒྱས་དཀྱིལ་འཁོར་དབུས་གནས་པར། །རྡོ་རྗེ་མི་བསྐྱོད་རབ་ཏུ་བསྒོམ། །སྙིང་ཁར་ཡི་གེ་ཧཱུཾ་བསྒོམས་ནས། །སེམས་ནི་ཐིག་ལེར་གྱུར་པར་གཞག །ཅེས་པ་བཞི་བསྐྱེད་རིམ་པའི་སེམས་དཔའ་གསུམ་རྩེགས་ 5-3-111a ཀྱི་སྐབས་ཀྱི་ཏིང་ངེ་འཛིན་སེམས་དཔའ་ལ་སྦྱར་བ་དང༌། འཕགས་པའི་མདོ་བསྲེ་ལས། རྐང་པ་ཕྱི་མ་གཉིས་བསྐྱེད་རིམ་པའི་ཏིང་ངེ་འཛིན་སེམས་དཔའ་ལ་སྦྱར་བ་དང༌། འགྲེལ་པར་ཚིགས་བཅད་དེ་རྫོགས་རིམ་པའི་རིལ་འཛིན་ གྱི་བསམ་གཏན་གྱི་སྐབས་དང༌། ཧཱུཾ་ཡིག་ཡེ་ཤེས་སེམས་དཔའ་དང༌། དེའི་ཐིག་ལེ་ཏིང་ངེ་འཛིན་སེམས་དཔའ་དང༌། དེའི་ཚེ་རང་མི་བསྐྱོད་པར་སྒོམ་པར་བཤད་ཅིང༌། བསྒྲུབ་ཐབས་ཀྱི་སེམས་དཔའ་སུམ་རྩེགས་ཀྱི་སྐབས་སུ་རང་རྡོ་རྗེ་འཆང་དུ་སྒོམ་ པར་བཤད་པ་ཡང་མི་འགལ་བ་ནི་སྔར་མང་དུ་བཤད་པ་བཞིན་དུ་ཤེས་པར་བྱ་ཞིང༌། རྐང་པ་དང་པོ་གཉིས་ཀྱི་དོན་ནི་རང་དང་ཁམས་གསུམ་པའི་སེམས་ཀྱི་རང་བཞིན་དབྱེར་མེད་པར་ཤེས་པར་བྱེད་པ་ཡིན་ལ། དེ་ཉིད་སྒྲུབ་ཐབས་ཀྱི་སྐབས་སུ་མི་ འགལ་ལ་དེ་ལྟར་སྒོམ་པ་དེ། མི་བསྐྱོད་པ་ཞལ་ཕྱག་གི་རྣམ་པ་ཅན་དུ་སྒོམ་པ་མིན་ཡང༌། དེའི་མཚོན་དོན་ཐུགས་ཀྱི་རྡོ་རྗེ་ཡིན་པ་ལ་དགོངས་ནས་དེ་ལྟར་གསུངས་སོ། །ལེའུ་བཅུ་གཅིག་པའི་མཐའ་གཅོད་དོ།། །།ཆོས་རྣམས་རང་བཞིན་ དག་པ་ལས། །རོལ་མོ་འདི་དག་རབ་ཏུ་བསྒོམ། །ཞེས་པའི་འོག་ཏུ། ལུང་སྟོན་ལས། མ་འོངས་པའི་སྐྱེ་བོ་རྒྱུད་དོན་མ་རྟོགས་པར་རྒྱུད་ཀྱི་དོན་ལ་ལོག་པར་འཇུག་པ་རྣམས་ཀྱི་ཀུན་སྤྱོད་མང་དུ་ཞུས་པའི་ལན་དུ། རྡོ་རྗེ་ཐལ་མོ་ལས་བརྩམས་པའི་ངེས་དོན་ མང་དུ་གསུངས་པའི་གཙོ་བོ་རྣམས་ནི་རྣམ་གཞག་གི་རྣམ་བཤད་དུ་རྒྱས་པར་བཤད་ཟིན་ཏོ། །དབྱངས་གསལ་གྱི་ཡི་གེ་ལས་བརྩམས་པའི་དགོངས་བཤད་དང་ངེས་དོན་གྱི་བཤད་པ་མང་དུ་འབྱུང་བ་རྣམས་ནི་ཁ་ཅིག་གོ་སླ་ཞིང་ཁ་ཅིག་ཞིབ་ 5-3-111b ཏུ་མ་བཤད་ན་མི་རྟོགས་ལ། ཞིབ་ཏུ་བཤད་ན་ཚིག་ཧ་ཅང་མངས་བས་འཇིགས་ནས་མ་བྲིས་སོ། །རྒྱུད་འདིར་འོད་གསལ་འདྲེན་པའི་ནང་གི་ཐབས་ལ་ལེའུ་འགའ་ཟུང་མ་གཏོགས་པ། ལེའུ་ཐམས་ཅད་དུ་ཡི་གེ་གསུམ་གྱི་རྡོ་རྗེ་བཟླས་པ་ཤིན་ཏུ་མང་བར་གསུངས་ པའི་གནད་རྣམས་ཁོང་དུ་ཆུད་པར་བྱའོ། །ལེའུ་འདིར་རྒྱུད་འགྲེལ་དུ་ཡང་བཤད་རྒྱུད་འདི་ཆེར་མ་དྲངས་ལ། རྒྱུད་ཕྱི་མའི་སྦྱོར་དྲུག་གི་སྐོར་རྣམས་སུ་མང་དུ་དྲངས་ཤིང་བཤད་པ་ཡང་ཞིབ་ཏུ་མཛད་པའི་སྐབས་སུ་བསྐྱེད་རིམ་གྱི་བསྙེན་བསྒྲུབ་ཡན་ལག་བཞི་དང་ རྫོགས་རིམ་གྱི་བསྙེན་བསྒྲུབ་ཡན་ལག་བཞི། བསྙེན་པ་མ་གཏོགས་པ་གསལ་བར་མ་གསུངས་ཤིང༌། རྒྱུད་ཕྱི་མ་ཉིད་ལས་ཀྱང་རྟོགས་དཀའ་བར་ཡོད་པ་གནད་ཆེ་བར་མཐོང་ནས་ནཱ་རོ་པའི་འགྲེལ་པ་ལ་བརྟེན་ཏེ་མཆན་དུ་གསལ་བར་བཤད་དོ། །འཕགས་ ལུགས་ལ་རྡོ་རྗེ་འཕྲེང་བ་ལ་བརྟེན་པའི་རིམ་ལྔ་དང་ལུས་དབེན་གྱི་རྫོགས་རིམ་ནི་གཞུང་ཕྲན་རྣམས་ལས་གསལ་བར་འཆད་པས་རྟོགས་སླ་བར་སྣང་ལ། རྒྱུད་ཕྱི་མ་ལ་བརྟེན་པའི་རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་ནི་རྒྱུད་འགྲེལ་འདིར་བཤད་པ་མ་གཏོགས་ པ། ཡབ་སྲས་ཀྱི་གཞུང་གཞན་ནས་མི་འབྱུང་ཞིང༌། ལུས་དབེན་སོགས་རིམ་པ་དྲུག་ཏུ་སྦྱོར་བ་ཡན་ལག་དྲུག་འདུ་ཚུལ་ཡང་རྟོགས་དཀའ་བར་ཡོད་པས་འདིར་ཅུང་ཟད་ཅིག་བཤད་པར་བྱའོ། །འདིར་སྡུད་བྱེད་ནི་ལུས་དབེན་དང་བཅས་པའི་རིམ་པ་དྲུག་གོ ། བསྡུ་བྱ་ནི་སྦྱོར་བ་ཡན་ལག་དྲུག་ཡིན་ལ། དེ་ལ་ཡང་བྱང་ཆུབ་སེམས་དཔའི་འགྲེལ་པ་སྐོར་གསུམ་གྱི་ལུགས་དང༌། འཇམ་དཔལ་ཞལ་ལུང་རྗེས་འབྲང་དང་བཅས་པའི་ལུགས་དང༌། སྙིམ་པའི་མེ་ཏོག་གི་ལུགས་དང་མན་ངག་སྙེ་མའི་ལུགས་དང༌། བདེ་ 5-3-112a མཆོག་ལུ་ཨི་པའི་དབང་དུ་བྱས་ནས་དེ་བཞིན་གཤེགས་པའི་རྡོ་རྗེས་བཤད་པའི་སྦྱོར་དྲུག་ལ་སོགས་པ་ནི་མིང་འདྲ་ཡང་དོན་མི་མཐུན་པ་དུ་མ་ཞིག་ཡོད་པས་འདིར་དེ་རྣམས་ཀྱི་སྡུད་ཚུལ་སྟོན་པ་མིན་གྱི། རྒྱུད་ཕྱི་མའི་གཞུང་ གི་དོན་སྒྲོན་གསལ་ལས་བཤད་པའི་ཡན་ལག་དྲུག་གི་སྡུད་ཚུལ་སྟོན་པ་ཡིན་ནོ། །འདི་ལ་འགྲེལ་པ་ཟླ་འོད་ལས་མདོར་བསྡུས་ཀྱི་རིམ་པ་བསྐྱེད་རིམ་གྱིས་སོར་བསམ་གཉིས་བསྡུས་པའི་སོར་སྡུད་ནི་ལྷ་བསྒོམ་པ་སྟེ། དེ་ཀུན་རྫོབ་དང་དོན་དམ་པའི་ཚུལ་གྱིས་ བརྟག་པ་ལ་རྟོག་དཔྱོད་དང༌། དེ་ནས་དེ་ཁོ་ན་ཉིད་ལ་འཇུག་པ་ལ་མངོན་པར་ཕྱོགས་པས་དགའ་བདེ་དང༌། སྟོང་ཉིད་གཅིག་པུ་ལ་སེམས་གཏད་པ་ནི་སེམས་རྩེ་གཅིག་པ་སྟེ་བསམ་གཏན་གྱི་ཡན་ལག་ལྔའོ། །གཞོམ་དུ་མེད་པ་ལ་རླུང་བསྡུས་པ་སྲོག་ རྩོལ་དུ་བཤད་ནས་རིམ་ལྔའི་འདིས་བསྡུས་མ་བཤད་ཀྱང་རྡོར་བཟླས་སུ་བསྡུའོ། །སྒྱུ་མའི་རང་བཞིན་རྡོ་རྗེ་འཛིན་པའི་སྐུ་འོད་གསལ་གྱི་བདག་ཉིད་ནི་འཛིན་པའོ་ཞེས་བཤད་པས་འཛིན་པ་ནི་སྒྱུ་ལུས་དང་འོད་གསལ་དུ་བསྡུའོ། །འོད་གསལ་གྱི་རྗེས་སུ་ སྐད་ཅིག་གིས་རྡོ་རྗེ་འཛིན་པའི་སྐུར་རྫོགས་པ་ནི་རྗེས་དྲན་དང༌། དེ་ཉིད་ཟུང་འཇུག་གི་བདག་ཉིད་དུ་སྒོམ་པ་ནི་ཏིང་ངེ་འཛིན་ཏེ་ཡན་ལག་ཐ་མ་གཉིས་ཟུང་འཇུག་ཏུ་བཤད་དོ། །འདི་ནི་སྒྲོན་གསལ་གྱི་རྗེས་སུ་འབྲང་བ་བསྡུས་ཤིང་སྙིང་པོར་གྱུར་པའི་བཤད་ པ་ཡིན་ཞེས་གསུང་ངོ༌། །སྒྲོན་མ་རབ་གསལ་ལས། སོར་བསམ་གཉིས་སེམས་དབེན་དང་སྲོག་རྩོལ་རྡོར་བཟླས་དང༌། འཛིན་པ་འོད་གསལ་དང༌། རྗེས་དྲན་དང་ཏིང་ངེ་འཛིན་ཟུང་འཇུག་ཏུ་འདུས་པར་བཤད་དེ། སྙིང་གི་མེ་ལོང་ཡང་དེ་དང་འདྲའོ། ། 5-3-112b དེ་གཉིས་ཀྱང་སྒྲོན་གསལ་གྱིས་བཤད་པའི་སྦྱོར་དྲུག་རིམ་ལྔར་སྡུད་ལུགས་སོ།། ༈ སྔོན་གྱི་འགོས་ལུགས་པ་མཁས་པ་གླན་གྱིས། ཡན་ལག་དྲུག་ནི་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་དང་དེ་དང་རྗེས་སུ་མཐུན་པའི་སྤྱོད་པ་གཉིས་སུ་འདུ་ལ། སོར་སྡུད་ ཀྱི་སྒྱུ་ལུས་ཀྱི་སྐབས་ཀྱི་སྤྱོད་པ་དང༌། ཡན་ལག་ལྷག་མ་ལྔས་ཏིང་ངེ་འཛིན་སྟོན་ནོ། །དེ་ལ་བསམ་གཏན་གྱི་ཡན་ལག་རྟོག་དཔྱོད་གཉིས་ཀྱིས་ལུས་དབེན་དང༌། དགའ་བས་ལུས་དབེན་གྱི་ཕན་ཡོན་དང༌། སྲོག་རྩོལ་གྱིས་ངག་དབེན་དང༌། བདེ་བས་ དེའི་ཕན་ཡོན་དང༌། སེམས་རྩེ་གཅིག་པས་སེམས་དབེན་དང༌། སངས་རྒྱས་ཀུན་དངོས་ཞེས་པ་བསམ་གཏན་གྱི་ཕན་ཡོན་གྱིས་སྒྱུ་ལུས་དང༌། འཛིན་པས་འོད་གསལ་དང༌། རྗེས་དྲན་དང་ཏིང་ངེ་འཛིན་གྱིས་ཟུང་འཇུག་བསྟན་པར་འདོད་དེ། འདི་ཡང་སྒྲོན་གསལ་གྱི་བཤད་པའི་སྦྱོར་དྲུག་གི་སྡུད་ལུགས་སོ། །བོད་ཀྱི་ཕྱིས་ཀྱི་མཁས་པ་ཁ་ཅིག །ཨ་བྷྱས་སོར་བསམ་གཉིས་བསྐྱེད་རིམ་དུ་བཤད་པ་མི་འཐད་དེ། རྒྱུད་ཕྱི་མ་ལས། བསྐྱེད་རིམ་དང་འབྲེལ་བའི་བསྙེན་པ་རྡོ་རྗེ་བཞི་ཐུན་ མོང་གི་དངོས་གྲུབ་སྒྲུབ་བྱེད་དུ་བཤད་ལ། ཡན་ལག་དྲུག་གིས་བསྒྲུབས་པ་ལས་གཞན་དུ་བསྒྲུབས་ན་མཆོག་མི་འགྲུབ་ཅེས་གསུངས་པས། ཡན་ལག་དྲུག་མཆོག་སྒྲུབ་བྱེད་ཀྱི་བསྙེན་པ་ཐུན་མོང་མ་ཡིན་པ་དང༌། བསྐྱེད་རིམ་ མཆོག་སྒྲུབ་བྱེད་མ་ཡིན་པར་བཤད་པ་དང་འགལ་ལོ། །གླན་གྱིས། སོར་སྡུད་ཀྱིས་སྤྱོད་པ་དང་བསམ་གཏན་གྱིས་ལུས་དབེན་བསྟན་ཞེས་པ་ཤིན་ཏུ་མི་འཐད་དེ། མཆོག་སྒྲུབ་པའི་དང་པོ་ཉིད་དུ་སྤྱོད་པ་འོང་བ་གོ་རིམ་འགལ་ 5-3-113a བའི་ཕྱིར་དང༌། ལུས་དབེན་ལ་ཤེས་དང་ཤེས་བྱ་བྱུང་ཟད་ཀྱི་ཕན་ཡོན་མི་འོང་བའི་ཕྱིར་རོ། །དེས་ན་དྲི་མེད་འོད་ལས། བདག་བྱིན་བརླབ་པ་དག་ནི་སྟོང་པ་ལ། །ཁམས་གསུམ་པོ་ནི་མཐོང་བར་འགྱུར་བའི་མཚན། ། ཞེས་དང༌། ཕྱག་རྡོར་བསྟོད་འགྲེལ་ལས། འདིར་རང་བྱིན་གྱིས་བརླབ་བ་ཞེས་བྱ་བ་ནི། །སོ་སོར་སྡུད་པས་དུ་བ་ལ་སོགས་པ་ཀུན་རྫོབ་ཀྱི་བདེན་པ་མཐོང་བའོ། །ཞེས་གསུངས་པས། སོར་བསམ་གཉིས་སྒྱུ་ལུས་སུ་འདུ། སྲོག་རྩོལ་ནི་རྡོ་རྗེ་བཟླས་པ། འཛིན་པ་ནི་འོད་གསལ། རྗེས་དྲན་ནི་སྔར་སོར་སྡུད་ཀྱི་སྐབས་སུ་མཐོང་བ་དང་འདྲ་བར་དག་པའི་གཟུགས་བརྙན་མཐོང་བའི་ཆ་ནས་སྒྱུ་ལུས། དེའི་དུས་སུ་ཞུ་བདེ་ཉམས་སུ་མྱོང་བའི་ལམ་གྱི་ཆ་ནས་སེམས་དབེན་སྟེ། སེམས་དབེན་ནི་སྣང་མཆེད་ ཐོབ་གསུམ་ལམ་དུ་བྱེད་པ་ཡིན་ལ། དེ་ནི་དགའ་བ་གསུམ་དང་རྣམ་གྲངས་ཡིན་པའི་ཕྱིར་རོ། །ཏིང་ངེ་འཛིན་ནི་ཟུང་འཇུག་གོ་ཞེས་འཆད་དོ། །འདིས་ནི་དུས་འཁོར་བའི་སྦྱོར་དྲུག་རིམ་ལྔ་སྡུད་ལུགས་བཤད་དོ།། ༈ ལུགས་དེ་དག་གི་འཐད་མི་འཐད་དཔྱད་ པ་ལ། འགྲེལ་བྱེད་རྣམས་ཀྱི་ལུགས་འཐད་མི་འཐད་དཔྱད་ན། ཟླ་འོད་ལས་སོར་བསམ་གཉིས་བསྐྱེད་རིམ་དུ་བསྡུས་པ་འགོག་པ་ལ། བསྐྱེད་རིམ་ཐུན་མོང་གི་དངོས་གྲུབ་དང་ཡན་ལག་དྲུག་མཆོག་གི་སྒྲུབ་བྱེད་དུ་གསུངས་པས་མི་གནོད་དོ། །གནོད་ན་ ལམ་གཅིག་གིས་དངོས་གྲུབ་གཉིས་ཀ་སྒྲུབ་པ་འགལ་བར་འགྱུར་ལ། དེ་ལྟ་ན་རྫོགས་རིམ་གྱི་ལམ་གྱིས་ཐུན་མོང་གི་དངོས་གྲུབ་མི་འགྲུབ་པར་འགྱུར་རོ། །ཡན་ལག་དྲུག་གིས་བསྒྲུབས་པ་ལས་གཞན་དུ་བསྒྲུབས་ན་མཆོག་མི་འགྲུབ་ཅེས་པས་ནི། 5-3-113b ཡན་ལག་དྲུག་མཆོག་གིས་བསྒྲུབས་པ་ལས་གཞན་དུ་སྟེ་དེས་མ་བསྒྲུབས་ན་མཆོག་མི་འགྲུབ་པར་སྟོན་པ་ཡིན་གྱི། ཡན་ལག་དྲུག་ལས་གཞན་པའི་ལམ་མཆོག་སྒྲུབ་བྱེད་མིན་པར་སྟོན་པ་གཏན་མིན་ནོ། །བསྐྱེད་རིམ་གཅིག་པུས་བསྒྲུབས་པས་མཆོག་ མི་འགྲུབ་ཀྱང༌། བསྐྱེད་རིམ་མཆོག་གི་དངོས་གྲུབ་ཀྱི་རྒྱུར་འགྱུར་བ་ཅི་ཞིག་འགལ་ཏེ་གཞན་དུ་ན་རྫོགས་རིམ་ལའང་མཚུངས་པ་དང༌། རྫོགས་རིམ་གྱི་ཡན་ལག་དྲུག་རེ་རེས་ཀྱང་མི་འགྲུབ་པས། དེ་རྣམས་ཀྱང་མཆོག་སྒྲུབ་པའི་ལམ་མ་ཡིན་པར་འགྱུར་རོ། ། བསྐྱེད་རིམ་མཆོག་སྒྲུབ་བྱེད་དུ་གཏན་མི་རུང་ན་བསྙེན་པ་ལ་ཐུན་མོང་དང་མཆོག་གི་བསྙེན་པ་གཉིས་གསུངས་པའི་ཐུན་མོང་གི་དོན་ལ་རྒྱུ་ཐུན་མོང་བ་དངོས་གྲུབ་གཉིས་ཀའི་རྒྱུར་རང་གིས་བཤད་པ་དང་ཡང་ཇི་ལྟར་མི་འགལ་ལ། བཅོམ་ལྡན་འདས་མི་བསྐྱོད་ པ་དང་འཁོར་ལོ་བདེ་མཆོག་སོགས་ཀྱི་སྒྲུབ་ཐབས་སུ་བཤད་པའི་དོན་ཀྱང་མ་ངེས་པ་དང༌། དེ་དག་བསྒོམས་པའི་ཕན་ཡོན་གྱི་སྐབས་སུ་སངས་རྒྱས་འཐོབ་པའི་ཐབས་སུ་གསུངས་པ་ཐམས་ཅད་དང་འགལ་བར་འགྱུར་རོ། །གལ་ཏེ་ལམ་གཉིས་ཀ་དངོས་གྲུབ་ གཉིས་ཀའི་ཐབས་ཡིན་ན། དེ་གཉིས་ལ་ཐུན་མོང་དང་མཆོག་སྒྲུབ་བྱེད་སོ་སོར་གསུངས་པ་ཅི་ཡིན་སྙམ་ན། རྫོགས་རིམ་ལ་མ་ལྟོས་པར་ཡང་བསྐྱེད་རིམ་གྱིས་ཐུན་མོང་གི་དངོས་གྲུབ་འགྲུབ་པས་ཐུན་མོང་གི་དངོས་གྲུབ་སྒྲུབ་བྱེད་དང༌། བསྐྱེད་རིམ་རྫོགས་ རིམ་གྱི་རྟོགས་པ་སྐྱེ་བའི་དགེ་རྩ་སྨིན་བྱེད་ཡིན་གྱི་མཆོག་སྒྲུབ་པའི་ལམ་གྱི་གཙོ་བོ་རྫོགས་རིམ་ཡིན་པས་དེ་ལ་མཆོག་སྒྲུབ་བྱེད་དུ་གསུངས་ཀྱི་སྒྲུབ་བྱེད་གཉིས་འགལ་བ་མིན་ནོ། །སོར་བསམ་ནི་ཚད་ལྡན་གཞན་གྱི་རྫོགས་རིམ་གྱི་སྒོ་ནས་བཤད་ལ། 5-3-114a ཞལ་ལུང་གི་དགོངས་པས་བསྐྱེད་རིམ་ལའང་བཤད་དགོས་པར་སྣང་བས། སྤྱིར་སོར་བསམ་རིལ་པོ་བསྐྱེད་རིམ་མམ་རྫོགས་རིམ་དུ་མི་བྱའི་ཆ་གཉིས་ཀ་ཁས་བླང་ངོ༌། །བྱེ་བྲག་ཏུ་རང་གི་གཞུང་གང་ནས་རིམ་གཉིས་ གང་གི་ཆ་བཤད་པ་དེ་བཞིན་དུ་བྱ་སྟེ། དེ་ལྟར་ན་འཕགས་ལུགས་ལྟར་ན་རྫོགས་རིམ་གྱི་ཆ་བཤད་པར་བྱས་ན་ལེགས་པས། ལུགས་འདི་ལ་སོར་བསམ་གཉིས་བསྐྱེད་རིམ་དུ་འཇོག་པ་མིན་ནོ། །འཛིན་པས་སྒྱུ་ལུས་བསྟན་པ་དང་འོད་གསལ་གྱི་རྗེས་སུ་སྐད་ ཅིག་གིས་རྡོ་རྗེ་འཛིན་པའི་སྐུ་རྫོགས་པ་རྗེས་དྲན་དང༌། རྗེས་དྲན་དེ་ཉིད་ཟུང་འཇུག་གི་བདག་ཉིད་དུ་སྒོམ་པ་ཏིང་ངེ་འཛིན་གྱི་ཡན་ལག་ཏུ་འཆད་པ་ནི་སྒྲོན་གསལ་དང་མི་མཐུན་ནོ། །སྒྲོན་མ་རབ་གསལ་ལས། ཡུལ་ལ་སྤྱོད་པའི་དུས་སུ་དབང་པོ་སོགས་ གསུམ་རིགས་ལྔའི་བདག་ཉིད་དོ་ཞེས་རྟོག་པ་རྟོག་པ་དང༌། དེ་རྣམས་ཡེ་ཤེས་ལྔའི་བདག་ཉིད་དོ་ཞེས་རྟོག་པ་དཔྱོད་པ་དང༌། དེ་ཁོ་ན་ཉིད་ལ་མངོན་དུ་གྱུར་པ་ནི་བདག་ཡིན་ནོ་ཞེས་བསམས་པས་དགའ་བའི་ཁྱད་པར་སྐྱེས་པ་དགའ་བ་དང༌། སེམས་ ཀྱི་བདེ་བ་དེ་ཐོབ་ནས་ལུས་ཤིན་སྦྱངས་སུ་གྱུར་པ་བདེ་བར་བཤད་ཅིང༌། རྟོག་དཔྱོད་གཉིས་སྣང་བ་དང༌། དགའ་བ་མཆེད་པ་དང༌། བདེ་བ་ཉེར་ཐོབ་ཏུ་བཤད་དེ་སེམས་དབེན་གྱི་ཡེ་ཤེས་གསུམ་ལ་འདོད་པར་སྣང་ངོ༌། །འདི་ནི་ཡེ་ཤེས་གསུམ་ཡེ་ཤེས་རྡོ་རྗེ་ ཀུན་ལས་བཏུས་ལས་གསུངས་པའི་དོན་སྤྱོད་བསྡུས་སུ་སེམས་དབེན་གྱི་སྐབས་སུ་བཤད་པའི་དམིགས་པ་གང་ཡིན་པ་དང༌། དེ་ལ་འཛིན་སྟངས་ཀྱི་རྣམ་པ་ཇི་འདྲ་ཞིག་གིས་བཟུང་བའི་ཚུལ་ལེགས་པར་མ་ངེས་པའི་སྐྱོན་ནོ། །སློབ་དཔོན་སྒྲ་དབྱངས་བཅུ་གཅིག་ 5-3-114b པས། སོར་སྡུད་ལུས་དབེན་གྱི་གཞིར་བཤད་པ་ནི། སྒྲོན་གསལ་ལས། སོར་སྡུད་སྦྱང་བྱ་དང་བསམ་གཏན་དེ་སྦྱོང་བྱེད་དུ་བཤད་པའི་དོན་དུ་བསམས་སོ། །རང་དབང་ཞེས་པ་གཉིས་ཀྱིས་བསྟན་པའི་འཛིན་པ་སེམས་དབེན་དང༌། སོ་སོར་སྣང་བ་ཞེས་པས་སྒྱུ་ ལུས་དང་ཡན་ལག་ཐ་མ་སྟོན་པའི་རྐང་པ་གསུམ་གྱི་བསམ་གཏན་གཉིས་དང༌། ཟུང་འཇུག་ཏིང་ངེ་འཛིན་གྱི་ཡན་ལག་ལས་ཟུར་དུ་འཆད་ཅིང༌། ཟུང་འཇུག་ལས་ལོགས་སུ་ལྷུན་གྲུབ་ཀྱི་ལམ་རྐང་པ་ཐ་མ་གསུམ་གྱིས་བསྟན་པར་འདོད་པ་རྣམས་མི་རིགས་ པ་ནི་གཞུང་དེ་རྣམས་ཀྱི་བཤད་པ་འགྲེལ་པ་ལས་གསུངས་པའི་དོན་མཆན་དུ་ཞིབ་ཏུ་བཤད་པ་ལས་ཤེས་ཏེ། སློབ་དཔོན་འདིས་ཀྱང་སྒྲོན་གསལ་ལ་བརྟེན་ནས་བཤད་པར་སྣང་ངོ༌།། ༈ བོད་ཀྱི་བླ་མ་རྣམས་ཀྱི་སྡུད་ཚུལ་འཐད་མི་འཐད་དཔྱད་ན། མཁས་ པ་ཁ་ཅིག་གིས་གླན་གྱིས་སོར་སྡུད་ཀྱིས་སྤྱོད་པ་བསྟན་པར་འདོད་པ་འགོག་པ་ན། མཆོག་སྒྲུབ་པའི་ཐོག་མར་སྤྱོད་པ་འོང་བ་གོ་རིམ་འགལ་ཞེས་པ་ནི་རང་ལུགས་ལ་ཡང་མཚུངས་པ་ཡིན་ཏེ། དེ་ལྟར་ན་སོར་བསམ་གཉིས་སྒྱུ་ལུས་སུ་སྟོན་པ་ཡང་མི་འཐད་ དེ། མཆོག་སྒྲུབ་པའི་ཐོབ་མར་སྒྱུ་ལུས་འོང་བ་དེ་ལས་ཀྱང་འགལ་བའི་ཕྱིར་རོ། །ཐོག་མར་བཤད་པས་ཐོག་མར་འོང་མི་དགོས་ཞེས་སྨྲ་ན་ནི་སྤྱོད་པ་ལ་ཡང་མཚུངས་སོ། །གོ་རིམ་འགལ་བའི་སྐྱོན་སྟོན་ན་ནི་སྦྱོར་དྲུག་དང་རིམ་ལྔ་གཉིས་འདྲ་བས། སྲོག་རྩོལ་ རྡོ་རྗེ་བཟླས་པའི་སྔོན་དུ་སོར་བསམ་སྒྱུ་ལུས་སྐྱེ་བ་དང༌། འཛིན་པ་འོད་གསལ་གྱི་མཇུག་ཏུ་རྗེས་དྲན་གྱི་སེམས་དབེན་དང༌། རིམ་པ་གསུམ་པའི་སྒྱུ་ལུས་སྐྱེ་བ་ཤིན་ཏུ་ཡང་འགལ་ལོ། །གཞན་ཡང་རིམ་ལྔ་ལ་སྲོག་རྩོལ་གྱི་ལམ་དང་སེམས་དབེན་ 5-3-115a དང་སྒྱུ་ལུས་སྔ་ཕྱིར་རིམ་ཅན་དུ་སྐྱེ་བར་ངེས་པས་དུས་འཁོར་གྱི་ལུགས་ལའང་སྲོག་རྩོལ་གྱི་རྡོར་བཟླས་དང༌། རྗེས་དྲན་གྱི་སེམས་དབེན་གཉིས་སོར་བསམ་གྱི་སྒྱུ་ལུས་ཀྱི་སྔོན་དུ་འགྲོ་དགོས་པར་འགྱུར་ཞིང༌། རྗེས་དྲན་གྱི་ ཆ་གཅིག་འཛིན་པའི་སྔོན་དུ་སྐྱེ་དགོས་པར་འགྱུར་ཏེ། དེ་རྣམས་དོན་གཅིག་ཏུ་ཁས་བླངས་པའི་ཕྱིར་རོ། །འདི་འདྲ་བའི་སྐྱོན་ནི་དོན་གཅིག་ཏུ་བཤད་དུ་མི་རུང་བ་རྣམས་ནན་གྱིས་གཅིག་ཏུ་བཤད་པའི་སྐྱོན་ནོ། །དེ་བཞིན་དུ་སྒྱུ་ལུས་ས་བཅུ་གཅིག་པ། འོད་གསལ་ས་བཅུ་གཉིས་པ། དེ་ཉིད་མོས་སྤྱོད་ཀྱི་ས་ནས་བགྲངས་པས་བཅུ་གསུམ་པར་རང་ཉིད་བཞེད་པས་ས་བཅུ་གཉིས་འཕགས་པའི་ས་ཡིན་ལ། དེ་ལྟ་ནའང་འཕགས་པའི་ས་བཅུ་གཅིག་པའི་སྒྱུ་ལུས་མཆོག་སྒྲུབ་པའི་ཐོག་མ་སོར་སྡུད་ནས་ འཐོབ་པ་སོགས་དང༌། དུས་འཁོར་བའི་ཏིང་ངེ་འཛིན་གྱི་ཡན་ལག་སོ་སྐྱེའི་ས་ནས་ཀྱང་འཐོབ་པ་དང་དེ་ཟུང་འཇུག་ཏུ་མཛད་པ་སོགས་ཀྱང་འགལ་བར་མཐོང་ངོ༌། །བསམ་གཏན་གྱིས་ལུས་དབེན་བསྟན་པ་མི་འཐད་པའི་རྒྱུ་མཚན་དུ། ལུས་དབེན་ ལ་ཤེས་དང་ཤེས་བྱ་བྱུང་ཟད་ཀྱི་ཕན་ཡོན་མི་འོང་བའི་ཕྱིར་རོ་ཞེས་གསུངས་པ་ནི། ཕྱོགས་སྔ་མ་སྨྲ་བས་ཤེས་དང་ཤེས་བྱ་བྱུང་ཟད་ཀྱི་སེམས་རྩེ་གཅིག་པ་སེམས་དབེན་དུ་འདོད་པར་སྣང་བས་དེ་ལ་སྐྱོན་དེ་མི་འཇུག་གོ། དེའི་ཕྱིར་འཕགས་པ་ཡབ་ སྲས་ཀྱིས་བཤད་པ་དང༌། དུས་འཁོར་གྱི་སྐོར་ནས་བཤད་པའི་བདག་བྱིན་བརླབས་དང་ཀུན་རྫོབ་བདེན་པ་ཞེས་པ་གཉིས་མིང་གཅིག་ཀྱང་དོན་མི་གཅིག་སྟེ། དཔེར་ན་དྲིལ་བུ་ཞབས་ཀྱི་རིམ་ལྔར་སྙིང་ཁར་ཐིག་ལེ་བསྒོམ་པ་ 5-3-115b བདག་བྱིན་བརླབས་སུ་བཤད་པ་བཞིན་ཏེ་དེ་འདྲ་མང་ངོ༌། །དེས་ན་རྒྱུད་ཕྱི་མའི་སྦྱོར་དྲུག་གི་གཞུང་རྣམས་ནཱ་རོ་པས་ཀྱང་རྒྱུད་ཕྱི་མའི་འགྲེལ་པར་སྒྲོན་གསལ་ཇི་བཞིན་དུ་བཤད་ལ། དབང་མདོར་བསྟན་གྱི་འགྲེལ་པར་དུས་འཁོར་བཞིན་དུ་བཤད་དེ། དེ་ལྟར་དོན་གཅིག་ཏུ་བཤད་དུ་མི་རུང་ཡང་དེའི་དོད་ཐུབ་ཇི་ལྟར་ཡིན་དཔྱོད་ན་ནི་ལེགས་ཏེ། དེ་ལྟར་བྱས་ན་རྒྱུད་སོ་སོའི་མན་ངག་གི་མཐའ་ཆོད་པར་འགྱུར་བའི་ཕྱིར་རོ། །འདི་ལ་ཡང་དུས་འཁོར་གྱི་ཡན་ལག་དྲུག་གི་གནད་ཞིབ་ཏུ་བཤད་དགོས་པར་སྣང་ ན་ཡང་ཚིག་མངས་པས་འཇིགས་ཤིང་དོན་རགས་པ་བཤད་ནའང་རྒྱུད་སྡེ་མང་པོ་ལ་གོ་བ་ཆེ་བར་སྣང་བས་ཅུང་ཟད་བཤད་ན། དུས་འཁོར་བའི་ལུགས་ཀྱི་སོར་བསམ་ནི་རླུང་གཉིས་དབུ་མར་འཛུད་པའི་སྲོག་རྩོལ་བུམ་པ་ཅན་ལ་སོགས་པའི་སྔོན་དུ་འགྲོ་ བ་རྩ་དབུ་མ་སྦྱོང་བྱེད་ཡིན་པས་དེ་ནས་བཤད་པ་ཇི་ལྟ་བ་བཞིན་དུ་མི་སྒོམ་ཡང་རྩ་དབུ་མ་སྦྱོང་བྱེད་དུ་འགྲོ་བར་སྣང་ན་དེའི་དོད་ཡིན་ནོ། །དེ་བཞིན་དུ་དུས་འཁོར་བའི་སྲོག་རྩོལ་བུམ་པ་ཅན་ལ་སོགས་པ་ནི། རླུང་ལ་དངོས་སུ་དམིགས་པའི་རླུང་གི་ རྣལ་འབྱོར་གྱིས་སྲོག་དབུ་མར་འཛུད་བྱེད་ཡིན་ལ། བཙུད་པ་དེ་འཁོར་ལོ་རྣམས་ཀྱི་ལྟེ་བར་གཡོ་མེད་དུ་འཛིན་པ་ནི་འཛིན་པ་ཡིན་པས། དེ་ནས་བཤད་པ་ཇི་མ་ཇི་བཞིན་གྱི་སྲོག་རྩོལ་དང་འཛིན་པ་སྒོམ་པ་མ་ཡིན་ཀྱང༌། དགོས་པ་དེ་སྒྲུབ་པའི་ ཐབས་སུ་སྣང་ན་དེ་གཉིས་ཀྱི་དོད་དང་དེ་བཞིན་དུ་ཐབས་དེ་དག་ལ་བརྟེན་ནས་སྒོམ་པའི་ཐབས་ཀྱིས་གཏུམ་མོ་སྦར་ཏེ་བྱང་སེམས་བཞུས་པས་གསང་གནས་ཀྱི་རྩེའི་བར་དུ་འབེབས་པའི་དགའ་བ་མྱོང་བ་ནི་རྗེས་དྲན་དང༌། བྱང་སེམས་འཕོ་མེད་དུ་ 5-3-116a བཟུང་བའི་འགྱུར་མེད་ཀྱི་བདེ་བ་ནི་ཏིང་ངེ་འཛིན་ཡིན་པས། དེ་ནས་བཤད་པ་ཇི་མ་ཇི་བཞིན་དུ་མི་སྒོམ་ཡང་དགོས་པ་དེ་སྒྲུབ་ནུས་པའི་ལམ་དུ་འདུག་ན། དེ་གཉིས་ཀྱི་དོད་ཐུབ་ཏུ་འོང་ངོ༌། །དེས་ན་དགོས་པ་དེ་སྒྲུབ་ནུས་ཀྱི་ངོས་ནས་ རིམ་ལྔ་སོགས་ལམ་གཞན་ལ་དཔྱད་དེ་ལམ་ཕན་ཚུན་དུ་སྡུད་ཚུལ་བྱེད་ན་ནི་དེ་རྣམས་དོན་གཅིག་ཏུ་མ་བཤད་ཀྱང་སྐབས་དོན་འགྲུབ་པས། རྒྱུད་སོ་སོའི་ལམ་གྱི་གནས་གང་དུ་སོང་ལ་མི་འཇིགས་པ་འཐོབ་པར་འགྱུར་ཏེ་རིགས་པ་དེ་ལམ་གཞན་ལ་ ཡང་ཤེས་པར་བྱའོ། །འདི་ནི་བློ་གྲོས་ཆེན་པོ་རྣམས་ཀྱི་དཔྱོད་ཚུལ་ཐུན་མོང་མ་ཡིན་པར་ཟུངས་ཤིག །གླན་གྱིས་སོར་སྡུད་སྤྱོད་པ་ལ་སྦྱར་བ་ནི་མཚན་ཉིད་མཚུངས་པ་ཙམ་ཡོད་ཀྱང༌། རྒྱུད་ཕྱི་མ་ལས་ཡན་ལག་དྲུག་ལས་ལོགས་སུ་སྤྱོད་པ་གསུངས་ པས་མི་འགྲིག་ཅིང༌། སངས་རྒྱས་ཀུན་དངོས་ཞེས་པའི་རྐང་པ་གཉིས་ཀྱིས་སེམས་རྩེ་གཅིག་པ་སྟོན་པར་འགྲེལ་པ་ལས་གསལ་བས། དེ་དག་གིས་རིམ་པ་སོ་སོའི་ལམ་སྟོན་པར་འདོད་པ་ཡང་མི་འཐད་དོ།། ༈ རང་གི་ལུགས་ཀྱིས་རྫོགས་རིམ་ གྱི་རིམ་པ་དྲུག་ལ་ཡན་ལག་དྲུག་སྦྱོར་ན། སོར་བསམ་གཉིས་ལུས་དབེན་ལ་སྦྱོར་བ་སྒྲ་དབྱངས་བཅུ་གཅིག་པ་ལྟར་ལེགས་སོ། །སྒྲོན་གསལ་ནས་བཤད་པ་ལ་སྣ་རྩེ་གསུམ་དུ་སྒོམ་པའི་སྲོག་རྩོལ་གསུམ་ཡོད་པས། ངག་དབེན་དང་རྡོར་བཟླས་དངོས་ མིན་པའི་སྲོག་རྩོལ་ཡོད་ཀྱང༌། དེ་གཉིས་སྲོག་རྩོལ་གྱི་གཙོ་བོའི་སྒོ་ནས་ཀྱི་མིང་འདོགས་སུ་བྱས་ན་དེ་གཉིས་སུ་འདུའོ། །སེམས་དབེན་ནི་བསམ་གཏན་གྱི་རྩེ་གཅིག་པ་དང་འོད་གསལ་དུ་འཇུག་པའི་སྔོན་གྱི་སྟོང་པ་གསུམ་དང་མཚན་ཉིད་མཚུངས་ 5-3-116b པའི་སྒོ་ནས་གོ་ས་ཡོད་པ་མ་གཏོགས་པ་ཚིག་ཟིན་ལ་མེད་དོ། །འཛིན་པ་ནི་འོད་གསལ་དང་དོན་གཅིག་ཏུ་སྒྲོན་གསལ་ལས་བཤད་པས་དེས་སེམས་དབེན་དང་སྒྱུ་ལུས་སྟོན་པ་མི་འགྲིག་གོ། རྗེས་དྲན་ནི་འོད་གསལ་ལས་ལུགས་ལྡོག་ཏུ་ལངས་པའི་སྣང་བ་ རྣམས་ཀྱི་འཆར་ཚུལ་དང༌། ཏིང་ངེ་འཛིན་ནི་ཟུང་འཇུག་ཡིན་པ་སྒྲོན་གསལ་ལས་ཤིན་ཏུ་གསལ་བས་དེ་ལས་གཞན་དུ་འཆད་པ་དོན་མིན་ནོ། །རིམ་པ་གསུམ་པའི་སྒྱུ་ལུས་ནི་ཟུང་འཇུག་གི་སྒྱུ་མའི་སྐུ་དང་མཚན་ཉིད་མཚུངས་པའི་སྒོ་ནས་གོ་ས་ཡོད་ པ་མ་གཏོགས་པ་ཡན་ལག་དྲུག་གི་གཞུང་འགྲེལ་པས་བཤད་པའི་དངོས་ཀྱི་ཚིག་ཟིན་ལ་མེད་དོ། །ཡན་ལག་དྲུག་པོ་དེ་དག་གི་དོན་རྒྱས་པར་བཤད་ན་སྒྱུ་ལུས་དང་སེམས་དབེན་ཡང་ཐོན་པར་འགྱུར་བས་ཡན་ལག་དྲུག་གི་ལམ་དུ་རྫོགས་རིམ་གྱི་མཆོག་ སྒྲུབ་པའི་ལམ་གལ་ཆེ་བ་རྣམས་མ་འདུས་པའི་སྐྱོན་ཡང་མེད་དོ། །མདོར་ན་བསྐྱེད་རིམ་གྱི་སྒྲུབ་ཐབས་ཕལ་མོ་ཆེ་དང་པོ་སྦྱོར་བ་ལ་སོགས་པའི་ཏིང་ངེ་འཛིན་གསུམ་གྱིས་བསྡུས་པར་འདྲ་མོད་ཀྱང༌། དེ་གསུམ་གྱི་དོན་དུ་ཇི་ཙམ་ཞིག་བྱ་དགོས་ པ་མི་མཐུན་པ་དུ་མ་ཡོད་པ་བཞིན་དུ། རྫོགས་རིམ་ལ་ཡང་ཡན་ལག་དྲུག་གི་རྣམ་གཞག་བྱ་དགོས་པར་མཚུངས་ཀྱང༌། དོན་མི་འདྲ་བ་དུ་མ་ཞིག་འོང་བས་སོར་སྡུད་ལ་སོགས་པའི་མིང་འདྲ་བས་དོན་གཅིག་ཏུ་བྱ་དགོས་པ་མ་ཡིན་ཏེ། མིང་ གཅིག་ལ་དོན་དུ་མ་དང་དོན་གཅིག་ལ་མིང་དུ་མ་འཇུག་པ་ནི་མདོ་སྔགས་ཀྱི་ཕྱོགས་རྣམས་ལ་མཐའ་ཡས་པ་ཅིག་སྣང་བའི་ཕྱིར་རོ། །དེས་ན་ཁུངས་ཐུབ་ཀྱི་ལུགས་མི་འདྲ་བ་དུ་མ་བྱུང་བ་ལ་བཤད་པ་གཅིག་ཚད་མར་བཟུང་ནས་གཞན་རྣམས་ 5-3-117a འདོར་བ་དང་མི་འགྲིག་བཞིན་དུ་དེ་དག་གི་དོན་གཅིག་ཏུ་འཆད་པ་ནི་ལུགས་སོ་སོའི་གནད་ཐུན་མོང་མ་ཡིན་པ་སོ་སོར་བཤད་པ་རྣམས་བློའི་ནུས་པས་མ་རྟོགས་ཤིང༌། རྒྱུད་སྡེ་དུ་མ་ལ་སྦྱངས་པ་ཆུངས་བའི་སྐྱོན་ཡིན་པས་ རྣམ་དཔྱོད་ཆེན་པོ་དང་ལྡན་པས་དེ་གཉིས་ཀ་སྤང་བར་བྱའོ། །ལེའུ་བཅུ་གཉིས་པའི་མཐའ་གཅོད་དོ།། ༈ །།བརྗོད་ནས་རྡོ་རྗེ་སྤྲོ་བ་ནི། །རྫོགས་ནས་རབ་ཏུ་བསྡུ་བར་བྱ། །ཞེས་པ་འདི་འཕགས་པའི་མདོ་བསྲེ་ལས། ངག་གི་བཟླས་བརྗོད་རྫོགས་པའི་ མཇུག་ཏུ། བསྡུ་བ་ལ་སྦྱར་བ་དང་འགྲེལ་པའི་བཤད་པ་གཉིས་དོན་གཅིག་ཏུ་མ་བྱུང་ཡང་མི་འགལ་བ་ནི་སྔར་བཞིན་ནོ།། ༈ རིག་པ་ཆེན་མོ་སྤྱན་ལ་སོགས། །ཞེས་པའི་སྐབས་སུ་པད་མ་ཅན་ལ་སོགས་པའི་བུད་མེད་རིགས་བཞིས་འདོད་པའི་ ལོངས་སྤྱོད་ཇི་ལྟར་བདེ་བར་བརྟེན་ན་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་འགྲུབ་པ་དང༌། བཤད་པ་དེ་ཡང་སྒྲ་ཇི་བཞིན་པར་གསུངས་པས་ཚེ་འདི་ལ་མཆོག་འགྲུབ་པའི་རིན་པོ་ཆེ་ལྟ་བུའི་གང་ཟག་ནི་སྐྱེས་པ་ཁོ་ནར་མ་ཟད་བུད་མེད་ལ་ཡང་ཡོད་དོ། ། འོ་ན་བསྐྱེད་རྫོགས་ཀྱི་ལམ་རྒྱུད་ལ་སྐྱེད་པའི་གཞུང་ཚད་ལྡན་རྣམས་སུ་སྐྱེས་པའི་རྟེན་ལ་བཤད་པ་བཞིན་དུ། སྒྲུབ་པ་པོ་བུད་མེད་གྱི་རྟེན་གྱི་དབང་དུ་བྱས་ནས་ཀྱང་རིམ་པ་དང་པོ་དང༌། རིམ་པ་གཉིས་པའི་ཏིང་ངེ་འཛིན་རྫོགས་པར་སྐྱེད་ཚུལ་ གསལ་བར་མི་འཆར་བ་ཇི་ལྟར་ཡིན་སྙམ་ན། འདི་ལ་རྣམ་དཔྱོད་ཅན་ལ་དོགས་པ་དེ་ལྟ་བུ་སྐྱེ་བ་ནི་ཤིན་ཏུ་ལེགས་སོ། །འདི་ལ་ལེའུ་དྲུག་པ་རྩ་འགྲེལ་དུ། བུད་མེད་ཀྱི་རྟེན་གྱིས་པདྨའི་སྣ་རྩེར་ཕྲ་མོ་སྒོམ་པར་བཤད་པ་ལྟ་བུ་ལམ་གྱི་ 5-3-117b ཆ་ཕྱོགས་རེ་བའི་སྒོམ་ཚུལ་བཤད་པ་མང་དུ་ཡོད་ཀྱང༌། གཞུང་རྣམས་ནས་བུད་མེད་ཀྱི་རྟེན་གྱིས་མཆོག་སྒྲུབ་པའི་རིམ་པ་གཉིས་རྫོགས་པར་སྐྱེད་ཚུལ་ཕལ་ཆེར་མི་གསལ་བའི་དགོངས་པ་ནི། གྲུབ་ཆེན་མཚོ་སྐྱེས་ཀྱི་ཀྱཻ་རྡོར་གྱི་སྒྲུབ་ཐབས་ ལས། དགྱེས་པའི་རྡོ་རྗེ་སྒྲུབ་པར་འདོད་པས་རིག་མ་དང་ལྷན་ཅིག་དུ་དུར་ཁྲོད་ལ་སོགས་པ་ཡིད་དུ་འོང་བའི་གནས་སུ་འདུག་ནས། ཞེས་གསུངས་པ་ལྟར་སྒྲུབ་པ་པོ་གཞུང་ནས་བཤད་པའི་མཚན་ཉིད་ཚང་བས་ནི། རིམ་པ་དང་པོ་ལ་ སློབ་པ་ནས་ཀྱང་རིག་མའི་གྲོགས་དང་ལྷན་ཅིག་ཏུ་སློབ་ལ། བུད་མེད་ལམ་སྒྲུབ་པའི་རྟེན་གྱི་མཚན་ཉིད་ཚང་བས་ཀྱང༌། ཐབས་ཀྱི་གྲོགས་དང་ལྷན་ཅིག་ཏུ་གནས་ནས་རིམ་པ་གཉིས་ཀྱི་ལམ་ལ་དམིགས་བསལ་ཅན་འགའ་ཞིག་མ་གཏོགས་ པ་མཚུངས་པར་སློབ་བོ། །དེའི་ཕྱིར་ཐབས་ཀྱི་སྒྲུབ་པ་པོའི་དབང་དུ་བྱས་པའི་ལམ་ལ་སྦྱོང་ཚུལ་ཉིད་ཤེས་རབ་མའི་ཡང་སྦྱོང་ཚུལ་དུ་འགྱུར་བས་ལམ་བསྒྲུབ་ཚུལ་རྒྱས་པ་ལོགས་སུ་མ་མཛད་དོ། དེ་ལ་ལྷན་སྐྱེས་ཀྱི་བདེ་ཆེན་འདྲེན་ པའི་ཐབས་རང་གི་ལུས་ཀྱི་ནང་གི་གནད་ཆེ་ས་རྣམས་སུ་ཐིག་ལེ་ལ་སོགས་བསྒོམ་པ་རྣམས་ལ་རྡོ་རྗེའི་སྣ་རྩེར་སྒོམ་པར་བཤད་པ་ལྟ་བུ། པད་མའི་སྣ་རྩེ་ལ་འདོན་པ་སྤོ་བ་ལ་སོགས་པ་འགའ་ཟུང་མ་གཏོགས་པ་ཐབས་ཀྱིས་ སྒོམ་པ་དང་འདྲ་ལ། རྡོ་རྗེ་བཟླས་པ་དང་བུམ་ཅན་ལ་སོགས་པའི་རླུང་སྦྱོར་སྒོམ་པ་ཡང་ཐབས་དང་འདྲའོ། །རང་ཉིད་མི་བསྐྱོད་རྡོ་རྗེ་དང་བདེ་དགྱེས་སོགས་སུ་བསྒོམས་ནས། ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་བདེ་ཆེན་ 5-3-118a བསྐྱེད་པ་ཡང་འདྲའོ། །འདི་ལ་ཀྱཻ་རྡོ་རྗེ་ལས། བདག་མེད་རྣལ་འབྱོར་ལྡན་པ་ཡིས། །ཕྱག་རྒྱ་ཉིད་ཅེས་ཇི་ལྟར་བརྗོད། །ཕྱག་རྒྱ་ཕྱག་རྒྱ་གཉིས་དག་གིས། །ཕྱག་རྒྱའི་དངོས་གྲུབ་ཇི་ལྟར་འགྱུར། །ཞེས་རྟེན་ གཉིས་པོ་གང་ཡིན་ཀྱང་བདག་མེད་མས་དཀྱིལ་འཁོར་གྱི་གཙོ་བོ་བྱས་པའི་རྣལ་འབྱོར་དང་ལྡན་པ་ཡིས། ལམ་དེ་བསྒོམས་པས་ཕྱག་རྒྱའི་དངོས་གྲུབ་ཏུ་ཇི་ལྟར་འགྱུར། ཞེས་པའི་དོགས་གཅོད་རྒྱས་པ་ལུ་ཨི་པའི་སྒྲུབ་ཐབས་ཀྱི་ འགྲེལ་པར་གཏན་ལ་ཕབ་ཟིན་པས་འདི་ཚིག་མངས་སུ་དོགས་པས་མ་བྲིས་སོ། །སྐྱེས་པའི་རྟེན་གྱིས་ལས་རྒྱ་ལ་བརྟེན་ནས་དགའ་བ་བཞི་བསྐྱེད་པའི་དོན་ནི། བུད་མེད་ཀྱི་རྟེན་གྱི་སྒྲུབ་པ་པོས་རང་གི་ཡབ་ལ་བརྟེན་ནས་དགའ་ བ་བཞི་སྐྱེད་པ་ཡིན་ལ། དེ་ལ་ཡང་ཡས་བབས་དང་མས་བརྟན་གྱི་དགའ་བཞི་དང༌། ལུགས་མཐུན་དང་ལུགས་ལྡོག་གི་སྟོང་པ་བཞི་རྣམས་སྐྱེས་ཚུལ་དང༌། དགའ་བ་བཞི་པ་དང་ལུགས་མཐུན་གྱི་སྟོང་པ་བཞི་པའི་དུས་ སུ་བདེ་སྟོང་སྦྱར་ནས་སྒོམ་ཚུལ་སོགས་ཀྱང་འདྲ་བ་ཡིན་ནོ།། ༈ །།ཡུམ་ལ་བརྟེན་ནས་ཡབ་ཀྱི་རྒྱུད་ལ་དགའ་བ་བཞི་སྐྱེད་པ་བཞིན་དུ། ཡབ་ལ་བརྟེན་ནས་ཀྱང་ཡུམ་གྱི་རྒྱུད་ལ་དགའ་བཞི་སྐྱེ་བ་ལ་ཁུངས་ཅི་ཞིག་ཡོད་ སྙམ་ན། འདི་ནི་དཔལ་ཀྱཻ་རྡོ་རྗེ་ལས། རྡོ་རྗེ་དང་པདྨ་བྱིན་གྱིས་རློབ་པའི་སྔགས་གསུངས་པ་ལས་ཤིན་ཏུ་གསལ་བར་ཤེས་པ་ཡིན་པས་དེ་བཤད་པར་བྱའོ། །དེ་ལ་པདྨ་བྱིན་གྱིས་རློབ་པའི་སྔགས་ནི། ཨོཾ་པདྨ་སུ་ཁ་དྷ་ར་མཧཱ་རཱ་ག་སུ་ 5-3-118b ཁ་ད་དྷ། ཙ་ཏུར་ཨཱ་ནནྟ་བྷ་ག་བི་ཤྭ་ཧཱུཾ་ཧཱུཾ་ཧཱུཾ་ཀ་རྱཾ་ཀུ་རུ་ཤྭ་མེ། ཞེས་པའོ། །སྔགས་ཀྱི་དོན་ནི་པདྨ་ནི་ཡུམ་གྱི་པདྨ་དང༌། སུ་ཁ་ནི་བདེ་བ་དང༌། དྷ་ར་ནི་འཛིན་པ་དང༌། མཧཱ་ཆེན་པོ་དང༌། རཱ་ག་ནི་ཆགས་པ་དང༌། སུ་ཁ་ནི་བདེ་བ་དང༌། ད་དྷ་ནི་སྟེར་ བའམ་སྦྱིན་པ་དང༌། ཙ་ཏུར་ནི་བཞི་དང༌། ཨཱ་ནནྟ་ནི་དགའ་བ་དང༌། བྷ་ག་ནི་ཡུམ་གྱི་པདྨ་དང༌། བི་ཤྭ་ནི་སྣ་ཚོགས་པ་དང༌། ཀརྱཾ་ནི་བྱ་བ་དང༌། ཀུ་རུ་ནི་མཛོད་ཅིག་པ་དང༌། ཤྭ་མེ་ནི་བདག་གི་ཞེས་པའོ། །དེ་ལ་ཀརྱཾ་ཀུ་རུ་ཤྭ་མེ་ཞེས་བདག་གི་ བྱ་བ་མཛོད་ཅིག་ཅེས་པའི་བྱ་བ་ནི་དགའ་བཞི་སྐྱེད་པའི་བྱ་བ་ཡིན་ཏེ། དེ་ནི་ཙ་ཏུར་ཨནྟ་ནས་བསྟན་ནོ། །དེ་ཡང་མ་ཧཱ་ར་ག་སུ་ཁ་ད་དྷ་ཞེས་ཆགས་པ་ཆེན་པོས་བདེ་བ་སྦྱིན་པ་ཚུལ་གྱིས་མཛོད་ཅིག་ཅེས་པའོ། །པདྨ་སུ་ཁ་དྷ་རའི་པདྨ་དང་བྷ་ག་ནི་ དོན་གཅིག་ལ། དེས་བདེ་བ་འཛིན་པ་ནི་ཕྱག་རྒྱ་རིགས་བཞིའི་པདྨའི་ཁྱད་པར་གྱིས། བདེ་བའི་རྟེན་ཡབ་ཀྱི་བྱང་སེམས་མི་འཕོ་བར་བྱེད་པ་ཡིན་ཏེ། རྡོ་རྗེ་མཁའ་འགྲོ་ལས། རྩུབ་ཅེས་བྱ་བ་ནི་བ་ལང་གི་ལྕེ་ལྟར་རྩུབ་པའོ། །འཇམ་པ་ནི་པདྨ་ ཅན་ཞེས་བྱ་བའོ། །སྲ་བ་ནི་ཁུ་བ་སྲ་བ་སྟེ་གང་གི་ཁུ་བ་འཐས་པར་གྱུར་པའོ། །འཛེར་པ་ཅན་ནི་དུང་ཅན་མ་སྟེ་པདྨ་ལ་ཤ་འཛེར་ཡོད་པའོ། །བུད་མེད་འདི་དག་ནི་བཅུད་བཅིང་བ་ལ་དབང་བར་གྱུར་པ་ཡིན་ནོ། །ཞེས་གསུངས་པས་ཤེས་ཏེ། བཅུད་ནི་ ཡབ་ཀྱི་བྱང་སེམས་ཀུནྟ་ལྟ་བུའོ། །ཡང་དེ་ཉིད་ལས། དྲུག་པོ་དེ་དག་ནི་སྐལ་བཟང་མ་སྟེ་སུ་བྷ་ག་ཡིན་ལ། དེ་དག་ནི་སྒྲུབ་པ་པོ་ལ་མཆོག་སྟེར་བ་ཡིན་ནོ། །ཞེས་རུས་སྦལ་གྱི་རྒྱབ་ལྟར་མཐོ་བ་སོགས་ཀྱི་མཚན་ཉིད་དྲུག་ཚང་བའི་བྷ་ག་དང་ལྡན་ 5-3-119a པ་ནི་སྐལ་བཟང་མ་སྟེ། དེ་དང་འདུས་པས་སྒྲུབ་པ་པོ་ལ་མཆོག་སྟེར་བས། སུ་བྷ་ག་ཞེས་པ་སྐལ་བཟང་མའམ་བྷ་ག་བཟང་པོ་མ་ཞེས་པའི་དོན་ནོ། །བི་ཤྭ་ནི་བྷ་གར་རྩོལ་བའི་བྱ་བ་སྣ་ཚོགས་པ་དགའ་བའི་བསྟན་ ཆོས་ལས་བཤད་པ་སྟེ་ཐབས་དེས་སོ། །ཧཱུཾ་རྣམས་ནི་དོན་དེ་ལ་སྐུལ་བར་བྱེད་པའོ། །བདག་གི་བྱ་བ་མཛོད་ཅིག་ཅེས་པའི་སྨྲ་བ་པོ་ནི་ཡབ་ཡིན་ལ་སྨྲ་བའི་ཡུལ་ནི་ཡུམ་མོ། །རྡོ་རྗེ་བྱིན་གྱིས་རློབ་པའི་སྔགས་ནི། ཨོཾ་བ་མཧཱ་དྭེ་ཥ་ཙ་ཏུར་ཨཱ་ནནྟ་ ད་ཡ་ཀ་ཀཱ་མུ་ཁ་ཨེ་ཀ་ར་སོ་ནཱ་ཐ། ཧཱུཾ་ཧཱུཾ་ཧཱུཾ་ཀ་རྱཾ་ཀུ་རུ་ཤྭ་མེ་ཞེས་པའོ། །འདི་ལ་ཡང་ཀརྱཾ་ཀུ་རུ་ཤྭ་མེ་ནི་བདག་གི་བྱ་བ་མཛོད་ཅིག་ཅེས་པའོ། །བྱ་བ་ནི་ཙ་ཏུར་ཨཱ་ནནྟ་ད་ཡ་སྟེ་དགའ་བ་བཞི་སྦྱིན་པའི་བྱ་བའོ། །གང་གིས་ན་བ་མ་ཧཱ་དྭེ་ཥ་ནི་ཞེ་སྡང་ཆེན་པོའི་ རྡོ་རྗེ་སྟེ། ཡབ་ཧེ་རུ་ཀར་བྱས་པའི་གསང་བའི་རྡོ་རྗེས་སོ། །དེ་ལྟར་ཡུམ་གྱིས་ཡབ་ལ་དགའ་བ་བཞི་སྟེར་བ་དང༌། ཡབ་ཀྱིས་ཡུམ་ལ་དགའ་བཞི་སྟེར་བའི་ཚུལ་ནི། ཀ་ཀཱ་མུ་ཁ་ཨེ་ཀ་ར་སོ་ནཱ་ཐ་ཞེས་པས་སྟོན་པའི་ཀ་ཀཱ་ན་བྱ་རོག་གོ། མུ་ཁ་ནི་གདོང་ སྟེ་བྱ་རོག་གདོང་དང༌། བྱ་གདོང་མ་དང་མཁའ་འགྲོ་གདོང་ཞེས་གྲགས་པ་སྟེ་གཉིས་ཀའི་དབུ་མའི་མར་སྣའོ། །ཨེ་ཀ་ནི་གཅིག་པ་སྟེ་དེ་ཡང་ར་སོ་འམ་ར་ས་ཞེས་པས་རོ་གཅིག་པའོ། །དེའི་དོན་ནི་རྩ་གཉིས་པོ་ཕན་ཚུན་ཕྲད་པས་དམ་དུ་བཅིངས་ ཏེ་གཅིག་ཏུ་བྱས་པའི་མཐུ་ལས། ནཱ་ཐ་སྟེ་མགོན་པོ་བདེ་བ་ཆེན་པོ་བསྐྱེད་པའོ། །ཕྱི་མ་འདིར་བདག་གི་བྱ་བ་མཛོད་ཅིག་ཅེས་པའི་སྨྲ་བ་པོ་ནི་ཡུམ་ཡིན་ལ། གང་ལ་སྨྲ་བའི་ཡུལ་ནི་ཡབ་བོ། །དེའི་ཕྱིར་རྗེ་བཙུན་མར་པའི་རྒྱུད་འཛིན་རྣམས་ 5-3-119b ཡབ་ཀྱིས་ཡུམ་གྱི་པདྨ་བྱིན་གྱིས་རློབ་ཅིང༌། ཡུམ་གྱིས་ཡབ་ཀྱི་རྡོ་རྗེ་བྱིན་གྱིས་རློབ་པ་ཡིན་ཞེས་སྨྲ་བ་ཡང་འཐད་པར་སྣང་ངོ༌། །འདིར་ཤེས་བྱེད་ཀྱི་ཁུངས་དངོས་ནི་སྔགས་ཕྱི་མའོ། །འདི་ལེགས་པར་ཤོད་པ་ཉུང་བར་བྱུང་སྣང་བས་ཞིབ་ཏུ་བཤད་དེ། འདི་ནི་ཕྱག་རྒྱ་སྲོག་རྩོལ་དུ་འགྲོ་བའི་གནད་ལེགས་པར་ཤེས་པ་ལ་བརྟེན་ནས་ཤེས་དགོས་པར་ཡོད་དོ། །རྡོ་རྗེ་མཁའ་འགྲོ་ལས་ཀྱང༌། བུད་མེད་ཀུན་གྱི་སྒྱུ་མའི་རྒྱ། །འདི་ནི་གཉིས་མེད་ཡེ་ཤེས་མཆོག །རྙེད་དང་བདེ་བ་ཀུན་མོས་པས། །ངན་པར་སྤྱོད་ པའང་འགྲུབ་པར་འགྱུར། །ཞེས་གསུངས་པའི་འགྲེལ་པ་ལས། ངན་པར་སྤྱོད་པ་སྟེ་སྒྲུབ་པ་པོ་གང་གི་རང་བཞིན་ཉོན་མོངས་པ་བདོ་བ་ཡིན་ཡང་དེ་དག་ལ་རྣལ་འབྱོར་མ་རྣམས་ཀྱིས། དོན་དམ་པའི་ཡེ་ཤེས་ཀྱི་དངོས་གྲུབ་སྟེར་བར་འགྱུར་བའོ། ། འང་ཞེས་བྱ་བའི་སྒྲས་ནི་རྣལ་འབྱོར་མ་རྣམས་ལ་ཡང་དེ་དག་གི་དོན་དམ་པའི་ཡེ་ཤེས་སྟེར་བར་འགྱུར་རོ་ཞེས་ལྟ་བར་བྱ་སྟེ། དེ་ལྟར་ན་ལམ་འདིས་སྐྱེས་པ་དང་བུད་མེད་དག་ཀྱང་ཚེགས་མེད་པར་འགྲུབ་པར་འགྱུར་རོ་ཞེས་བྱ་བར་དགོངས་ སོ། །ཞེས་གསལ་བར་གསུངས་སོ། ༈ །ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད། །ཅེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་བཅུ་གོ་སླར་བཞག་པ་རྣམས་ཅུང་ཟད་གསལ་བར་བཤད་ན། དྲག་པོའི་འོད་བཟང་བ་ནི་འོད་ཟེར་གྱི་འཕྲེང་བ་ཅན་ནོ། །རབ་ཏུ་གཏུམ་པས་ ན་རྣོན་པོའོ། །འཇིགས་པའང་ནི་གཤིན་རྗེའོ། །འོད་ཟེར་མང་པོ་རབ་ཏུ་འཕྲོ་བ་ནི་གཟི་བརྗིད་དང་ལྡན་པའོ། །སྦྱོར་བ་སྟེ་རྣལ་འབྱོར་ཅན་གྱིས་རྟག་ཏུ་བསྒོམ་མོ། །རྡོ་རྗེ་མི་འཆི་ནི་བདུད་རྩི་ཐབས་སྦྱོར་རོ། །འོད་ཟེར་འཕྲོ་བ་རབ་ཏུ་འཁྲུགས་དྲག་པོ་ཞེས་ 5-3-120a པ་ནི་བགེགས་འཇོམས་པ་མྱུར་བའི་དཔེ་སྟེ། དྲག་པོའི་འཁོར་ལོ་འབར་བ་འདྲ་བའི་འོད་ཟེར་གྱིས་བསྐོར་བའོ། །འཇིགས་པ་དག་ཀྱང་ཞེས་པ་ནི་གནོད་སྦྱིན་དང་ལོག་འདྲེན་གྱི་གདོན་ནོ། །ཊཀྐི་ནི་འདོད་པའི་དོན་ཡིན་ལ། དེ་འགུགས་པའི་ཕྱིར་འདོད་པའི་རྒྱལ་པོའོ། །དེའི་དེ་ཁོ་ན་ཉིད་ཡིད་ཀྱིས་འཛིན་པ་ནི་འདོད་པའི་ཡེ་ཤེས་སོ། །འགྱུར་རྙིང་ལས་ཞལ་གསུམ་པ་ནི་འཇིགས་པར་བྱེད། །ཅེས་པ་ལ་པ་ཚབ་ཀྱི་འགྱུར་ལས། ཞལ་གསུམ་འཇིགས་པ་གསུམ་སྟེར་བ། །ཞེས་ འབྱུང་ལ། དེའི་ལྟར་ན་སྐུ་གསུང་ཐུགས་གསུམ་གྱི་སྒོ་ནས་གདུག་པ་རྣམས་ལ་འཇིགས་པ་གསུམ་སྟེར་བའོ། །ཕྱག་བཞི་པ་ལ་ཤཱནྟི་པའི་འགྲེལ་པར། ལོངས་སྤྱོད་བཞི་དང་ཡང་དག་ལྡན། །ཞེས་འབྱུང་ལ། རྒྱལ་བས་བྱིན་གྱིས་ཡུམ་ ལ་འཁྱུད་པའི་ཕྱག་གཉིས་མ་གཏོགས་པ་ལ་བཤད། ཙི་ལུ་པས་ཕྱག་མཚན་འཛིན་པའི་དབང་དུ་བྱས་ནས་བཤད་མོད་ཀྱང༌། འདིར་ནི་རྩ་ཕྱག་གཉིས་ཀྱིས་འཇིག་རྟེན་གསུམ་རྒྱལ་གྱི་ཕྱག་རྒྱ་མཛད་པ་དོར་བའི་ཕྱག་ལྷག་མའི་དབང་དུ་བྱས་ ནས་ཕྱག་བཞི་ཞེས་གསུངས་པར་བྱའོ། །དེ་ནི་བདེན་བྲལ་གྱི་གདོན་འཇིགས་པར་བྱེད་པའི་མཆོག་གོ། ཁྲོ་བོ་ཆེན་པོ་ཡིན་པས་རྡོ་རྗེ་ཆེའོ། །འཇིག་རྟེན་གསུམ་གྱི་མི་ཤེས་པའི་མུན་པ་སེལ་བ་དང་གདུག་པ་དབང་ལྡན་གྱི་གདོན་ལ་ སོགས་པ་གདོན་ཐམས་ཅད་འཇོམས་པར་བྱེད་པའོ། །ས་འོག་ས་སྟེང་ས་བླའི་ཁམས་གསུམ་གྱི་རླུང་ལྷའི་གདོན་ལ་སོགས་པ་འཇིགས་པར་བྱེད་པ་དང༌། རྡོ་རྗེ་གསུམ་དབྱེར་མི་ཕྱེད་པ་རྡོ་རྗེ་འཆང་ལས་བྱུང་བ་དང༌། འོད་ཟེར་རྣོན་པོ་འབར་ 5-3-120b བས་རབ་ཏུ་བསྐོར་བའོ། །ཁྲོ་བོ་ཡིན་པས་ན་རྡོ་རྗེ་དང༌། ཐུགས་རིན་པོ་ཆེ་མི་གཡོ་བར་འཛིན་པའི་རྣལ་འབྱོར་གྱིས་བརྟན་པར་བྱེད་པའི་ཕྱིར་མི་གཡོ་བའོ། །རྡོ་རྗེ་སེམས་དཔའ་ལས་བྱུང་བས་ན་རྡོ་རྗེ་ལས་བྱུང་བའོ། །མི་གཡོ་བ་ཞེས་པ་གཉིས་པ་ ལ་ཤཱནྟི་པའི་འགྲེལ་པར་ཟུར་གྱིས་བལྟ། ཞེས་བྱ་བ་ནི་ཤིན་ཏུ་ཆགས་པས་ཡོན་པོར་བལྟ་བའི་ཕྱིར་རོ། །ཞེས་འབྱུང་ཡང༌། འདིར་ནི་སྤྱན་གཡོ་བ་ཞེས་པ་ཚབ་ཀྱིས་བསྒྱུར་བ་ལྟར་བྱའོ། །ཞི་བ་ནི་རྒྱལ་བས་བྱིན་ལ་སོགས་པས་འདི་སྒེག་ པའི་ཁྲོ་བོར་འདོད་པ་ཡིན་ཀྱང་འཕགས་ལུགས་ལ་ཁྲོ་བོ་བཅུ་པོ་ཐམས་ཅད་མི་སྡུག་པའི་ཁྲོ་བོ་ཡིན་པས་ཤིན་ཏུ་གཞོན་ཤ་ཆགས་པ་ལ་བཤད་པ་ལྟར་བྱའོ། །གཙུག་ཏོར་ཆེན་པོ་ནི་གཙུག་ཏོར་འཁོར་ལོས་སྒྱུར་རྒྱལ་ཡིན་ལ། ཡི་གེ་གཅིག་ ནི་ཙི་ལུ་པ་ལ་སོགས་པས་་ཡིག་ལས་བསྐྱེད་པ་ལ་འདོད་ཀྱང༌། འདིར་་ཡིག་གི་ངོ་བོར་བཤད་པ་བཞིན་དུ་བྱའོ། །འཁོར་ལོ་ཅན་ཞེས་པ་ནི་ལུགས་གཞན་ལས་ཕྱག་ན་འཁོར་ལོ་བསྣམས་པ་ལ་བཤད་ཀྱང༌། འདིར་ནི་འཁོར་ལོ་བསྒྱུར་ བ་ཞེས་པའི་མཚན་ཅན་ལ་བྱའོ། །གནོད་མཛེས་ནི་ཡེ་ཤེས་མཆོག་སྟེ་ཡེ་ཤེས་ལྔའི་བདག་ཉིད་ཀྱི་རྡོ་རྗེ་འཛིན་པར་བྱེད་པའོ། །པ་ཚབ་ཀྱི་འགྱུར་ལས། གནོད་མཛེས་ཡེ་ཤེས་འཛིན་དྲག་པོ། །འཇིགས་པའི་རྒྱ་མཚོ་མཚུངས་འོད་ ཅན། །ཞེས་པ་ལྟར་ན་ཤིན་ཏུ་འཇིགས་པའི་རྒྱ་མཚོའི་ཁ་དོག་ལྟར་མཐིང་ནག་གི་འོད་ཅན་ནོ། །འདི་དང་གཙུག་ཏོར་གཉིས་ཀའི་མཐར། །བསམ་གཏན་དཀྱིལ་འཁོར་ལ་བསྒོམ་བྱ། །ཞེས་འབྱུང་ངོ༌། ༈ །གཟི་བརྗིད་ཕུང་པོ་གཙུག་ 5-3-121a ཏོར་རྒྱལ། །ཞེས་པའི་རྐང་པ་བཞིའི་དོན་གསང་འདུས་ལུགས་གཞན་ལས་བཤད་ཚུལ་ནི། ཤཱནྟི་པ་དང་རྒྱལ་བས་བྱིན་གྱིས་རྒྱུད་གཞན་ལས་གསུངས་པའི་ལྷ་གང་ཡིན་པ་དེ་དག་ཀྱང་འདིར་བསྒོམས་ན་འགྲུབ་པར་ འགྱུར་བས་དེའི་ཏིང་ངེ་འཛིན་རྐང་པ་བཞི་པོ་འདིས་སྟོན་པར་བཤད་དོ། །དེ་ཡང་སྙིམ་པའི་མེ་ཏོག་ལས། གང་གཞན་ནི་འདིར་གསུངས་པ་ལས་གཞན་པའོ། །སྔགས་ཀྱི་འཁོར་ལོ་ཅན་ཞེས་པའི་སྔགས་ནི་དཔའ་བོ་གཅིག་པུའོ། །འཁོར་ལོ་ ཅན་ནི་དཀྱིལ་འཁོར་གྱི་བདག་པོ་རྣམས་ཏེ། དེ་ཡང་གཙུག་ཏོར་གྱེན་དུ་འབྱུང་བ་དང༌། ཆེར་འབྱུང་བ་ལ་སོགས་པའི་ཁྲོ་བ་རྣམས་དང་བློ་གྲོས་མི་ཟད་པ་དང༌། སྤོབས་པ་བརྩེགས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ དང༌། འོད་ཟེར་ཅན་དང་རི་ཁྲོད་ལོ་མ་ཅན་ལ་སོགས་པའི་ལྷ་མོ་རྣམས་སོ། །དེ་དག་ཐམས་ཅད་ཀྱང་དམ་ཚིག་ལོངས་སྤྱོད་འདི་རྣམས་ཀྱིས་ཏེ། ཇི་སྐད་དུ་བཤད་པའི་ཞལ་གསུམ་ཕྱག་དྲུག་ལ་སོགས་པ་འཆད་པར་འགྱུར་བས། ཆོས་འབྱུང་ བའི་གཞལ་ཡས་ཁང་དུ་རྡོ་རྗེ་འཆང་ཡོངས་སུ་གྱུར་པ་ལ་སོགས་པ་ཏིང་ངེ་འཛིན་འཁོར་དང་བཅས་པ་རྣམས་ཀྱིས་སོ། །སོ་སོ་དག་ཏུ་ཞེས་བྱ་བ་ནི་གང་ཇི་ལྟར་རིགས་པ་དང༌། གང་ཞིག་གང་གི་སྔགས་དང་མཚན་མ་ལ་སོགས་པ་རང་ རང་གི་རྒྱུད་དང་འགལ་བ་མེད་པར་བླང་བར་བྱ་སྟེ་རྒྱུད་སྣ་ཚོགས་ལས་གསུངས་པ་རྣམས་དང༌། ཉེ་བའི་རྒྱུད་ལས་གསུངས་པ་འདིར་མ་གསུངས་པ་འགལ་བ་མེད་པ་བཟུང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །ཞེས་འདུས་པ་འདིར་མ་བཤད་ 5-3-121b པ་རྒྱུད་གཞན་ནས་གསུངས་པའི་ཁྲོ་བོ་དང་བྱང་སེམས་དང༌། ལྷ་མོ་རྣམས་དཀྱིལ་འཁོར་གྱི་བདག་པོར་བསྒོམ་པར་བྱ་ཞིང༌། དེ་ཡང་ཞལ་གསུམ་ཕྱག་དྲུག་པའི་རྣམ་པ་ཅན་དུ་བྱ་བ་དང༌། སྔགས་དང་ཕྱག་མཚན་ལ་སོགས་རྒྱུད་གཞན་ལས་གསུངས་ པ་དང་མི་འགལ་བར་བྱ་ཞེས་བཤད་དོ། །གཙོ་བོར་བྱས་པའི་ཚེ་ཡབ་ཡུམ་ཅན་དུ་བྱ་དགོས་ལ། མཚན་མའི་སོགས་ཁོངས་ནས་སྐུ་མདོག་འདོན་པ་འདྲའོ། །འདིར་ནི་རྒྱུད་འགྲེལ་ལས། རྒྱུད་གཞན་དུ་གསུངས་པའི་ཁྲོ་བོ་རྣམས་དང་བྱམས་པ་ལ་སོགས་ པའི་ལྷ་ལྷག་མ་རྣམས་རང་རང་གི་རིགས་ཀྱིས་ཕྱེ་བའི་ཕྱག་མཚན་བསྣམས་པའི་སྒོ་ནས་སོ་སོར་ཐ་དད་དུ་བསྒོམ་པར་གསུངས་ཏེ། བྱམས་པ་ནི་འདིར་བཤད་པ་ལྟར་མིན་པའི་གཞན་དུ་མི་འདྲ་བར་བཤད་པ་ལ་བྱ་དགོས་པར་མངོན་དེ་དེས་གཞན་ རྣམས་ཀྱང་མཚོན་ནོ། །འདིར་བཤད་པའི་ཆོ་གས་སྒོམ་པ་ཡིན་ཡང་དཔའ་བོ་གཅིག་པ་དང་དཀྱིལ་འཁོར་གྱི་འཁོར་ལོའི་བདག་པོ་དང་འཁོར་དུ་སྒོམ་པ་གང་ཡིན་མི་གསལ་ཡང༌། དཔའ་བོ་གཅིག་པ་དང་བདག་པོ་སྒོམ་པ་གཉིས་ལ་བྱ་ དགོས་པ་འདྲའོ། །ལྷ་རྣམས་ཀྱི་ཏིང་ངེ་འཛིན་དཔག་ཏུ་མེད་པར་འགྲེལ་ཚུལ་ནི་ཁྲོ་བོ་རེ་རེ་ལ་ཡང་བྲན་ཕོ་མོ་ལ་སོགས་པའི་འཁོར་གྱིས་ཕྱེ་བ་ལ་བཤད་དོ། །དེས་ན་ཁྲོ་བོ་དང་སེམས་དཔའ་ལ་སོགས་པ་ནང་ཚན་རིགས་མི་འདྲ་བ་མང་པོའི་ སྒོ་ནས་མང་པོར་འབྱེད་པ་ནི་གཞུང་སྔ་མས་བསྟན་ལ། འཁོར་གྱི་སྒོ་ནས་མང་པོར་འབྱེད་པ་ཁྲོ་བོ་ལ་གསུངས་པ་ནི་མཚོན་པ་ཙམ་དུ་མངོན་ནོ། །ལེའུ་བཅུ་གསུམ་པའི་མཐའ་གཅོད་དོ།། །།ཞི་བ་དང་ནི་རྒྱས་པ་དག་ཅེས་སོགས་ 5-3-122a ཀྱི་སྐབས་སུ། ཞི་སོགས་ཀྱི་ལས་སྒྲུབ་པར་བསྟན་པ་ལ། འཇིག་རྟེན་པའི་དངོས་གྲུབ་ནི་གཉིས་ཏེ། ཞི་སོགས་བྱ་བའི་ཆོ་ག་དང༌། །དེ་བཞིན་གྲུབ་པ་བརྒྱད་དང་ནི། །ཞེས་གསུངས་པའི་དངོས་གྲུབ་འབྲིང་པོ་གྲུབ་པ་བརྒྱད་ དང༌། དངོས་གྲུབ་ཆུང་ངུ་ཞི་བ་ལ་སོགས་པའི་དངོས་གྲུབ་བོ། །འདི་ལ་སྤྱོད་བསྡུས་ལས། འཇིག་རྟེན་པའི་དངོས་གྲུབ་ཕྲ་མོ་དང༌། གྲུབ་པ་ཆེན་པོ་བརྒྱད་དོན་དུ་གཉེར་བར་མི་བྱ་སྟེ། རྣམ་པར་གཡེང་བར་འགྱུར་བ་དང༌། ཕྱིར་ལྡོག་པར་ འགྱུར་བའི་ཕྱིར་རོ་ཞེས་གསུངས་པ་ནི་རྫོགས་རིམ་པ་ལ་དགོངས་པ་ཡིན་ལ། འགྲེལ་པར་རྫོགས་རིམ་པས་ཞི་བ་ལ་སོགས་པའི་དངོས་གྲུབ་ཐུན་མོང་བ་མང་པོ་སྒྲུབ་པར་གསུངས་པ་གཉིས་མི་འགལ་བའི་ཚུལ་ནི། བསྐྱེད་རིམ་གྱི་ བསྙེན་པ་མཐར་ཕྱིན་པའི་མཚམས་ནས་སློབ་པའི་ཟུང་འཇུག་མ་ཐོབ་ཀྱི་བར་དུ་རྫོགས་རིམ་གྱི་རྟོགས་པ་སྐྱེད་པའི་ཡན་ལག་ཏུ་ངེས་པར་དགོས་པ་འགའ་ཞིག་མ་གཏོགས་པར་རྫོགས་རིམ་ཉིད་ལ་འདྲིལ་བ་ནི་ལུང་སྔ་མའི་དོན་ཡིན་ ལ། ལུང་ཕྱི་མའི་དོན་ནི་གཙོ་བོར་སློབ་པའི་ཟུང་འཇུག་ཐོབ་པའི་རྗེས་སུ་བྱེད་པ་ཡིན་པས་དེ་གཉིས་ཀྱི་ཁྱད་པར་ཕྱེད་པར་བྱའོ། །དེ་ལ་ཙན་དན་ལྟ་བུ་ལ་སོགས་པའི་གང་ཟག་བཞིས་ནི་ཕུགས་སུ་མཆོག་གི་དངོས་གྲུབ་དོན་དུ་གཉེར་ བ་ཡིན་མོད་ཀྱང༌། འཕྲལ་དུ་བསྐྱེད་རིམ་མཐར་ཕྱིན་པ་ལ་བརྟེན་ནས་རྫོགས་རིམ་གཙོ་བོར་མི་བྱེད་པར་འགྱུར་བས་དེ་རྣམས་ཀྱི་དོན་དུ་བསྐྱེད་རིམ་ལ་བརྟེན་ནས་ལས་ཚོགས་སྒྲུབ་པ་མང་དུ་གསུངས་པ་ཡིན་ནོ། །དེ་ལྟར་བསྐྱེད་ 5-3-122b རིམ་ལ་བརྟེན་ནས་ལས་ཚོགས་སྒྲུབ་པ་རྣམས་ལ་ཐུན་མོང་དུ་རྗེས་སུ་འགྲོ་བའི་ཁྱད་པར་བརྒྱད་ཡོད་དེ། གང་དུ་ཁ་ལྟ་བའི་ཕྱོགས་ཀྱི་ཁྱད་པར་དང༌། དུས་ནམ་གྱི་ཚེ་བྱེད་པའི་དུས་ཀྱི་ཁྱད་པར་དང༌། ལྷ་དང་ཆས་གོས་ལ་སོགས་པའི་ ཁ་དོག་ཇི་ལྟར་བྱེད་པའི་ཁ་དོག་གི་ཁྱད་པར་དང༌། ལས་གང་བསམ་པ་གང་གིས་བྱེད་པའི་བསམ་པའི་ཁྱད་པར་ཏེ། ཁྱད་པར་བཞི་ནི་འདིར་དྲངས་པའི་རྡོ་རྗེ་འཕྲེང་བ་ལས་གསུངས་སོ། །ཁྱད་པར་གཞན་བཞིའི་གནས་ཀྱི་ཁྱད་པར་ ལ་དྲག་ལས་ཀྱི་གནས་ནི། བཅུ་བཞི་པ་ལས། མ་མོའི་གནས་སམ་དུར་ཁྲོད་དང༌། །ཞེས་པའི་རྐང་པ་བཞིས་བསྟན་ཏོ། །ཞི་སོགས་གསུམ་སྒྲུབ་པའི་གནས་ནི་བཅུ་གཅིག་པ་ལས། རྣམ་པར་དབེན་པའི་རི་བོ་དང༌། །ཞེས་པའི་རྐང་པ་བཞི་དྲང་ དོན་དུ་བཤད་པས་བསྟན་ཏོ། །གང་ལ་ལས་བྱ་བའི་ཡུལ་གྱི་ཁྱད་པར་བཅུ་གསུམ་པ་ལས། མ་དད་སྨྲ་བའི་སེམས་ཅན་དང༌། །ཞེས་སོགས་ཀྱིས་མངོན་སྤྱོད་བྱ་བའི་ཡུལ་བསྟན་ལ་དེས་མཚོན་ནས་ལས་གཞན་གང་ལ་བྱ་བའི་ཡུལ་ ཡང་ཤེས་པར་བྱའོ། །ལས་སྒྲུབ་དུས་སུ་ཟ་བའི་ཁ་ཟས་ཀྱི་ཁྱད་པར་ནི། དྲག་པོའི་ལས་ཀྱི་རིགས་སོ་སོ་ལ་ཤ་ཆེན་ལ་སོགས་པ་བཟའ་བར་ལེའུ་དྲུག་པའི་འགྲེལ་པ་ལས་གསུངས་ཏེ། དེས་གཞན་ཡང་མཚོན་ནོ། །ལས་རྣམས་ཇི་ལྟར་བྱེད་ པའི་ཆོ་གའི་ཁྱད་པར་ནི། སྒྲུབ་གྲོགས་ཕྱག་རྒྱ་མ་ལ་བརྟེན་ནས་རང་རང་སོ་སོའི་ཆོ་ག་བཤད་པ་བཞིན་དུ་བྱེད་པ་སྟེ། བཅུ་གཉིས་པ་ལས། ལམ་གྱི་བཞི་མདོའམ་ཤིང་གཅིག་དྲུང༌། །ཞེས་པ་བཞིས་དེ་ལྟར་གསུངས་ཤིང༌རྣམ་པར་དབེན་པའི་ 5-3-123a རི་བོ་དང༌། །ཞེས་པ་བཞི་ངེས་དོན་དུ་བཤད་པ་ལ་གསུངས་ལ། འཕགས་པའི་མདོ་བསྲེ་ལས། ཞི་སོགས་ཀྱི་ལས་སྒྲུབ་པ་ཐམས་ཅད་ལ། དབང་པོ་གཉིས་ཀྱི་སྦྱོར་བ་ཡིས། །དངོས་པོ་ཐམས་ཅད་བརྟག་པར་བྱ། །ཞེས་ པའི་ཚིག་ཟིན་ལྟར་བྱ་བར་གསུངས་སོ། །དེ་ལ་རྒྱུད་འདིར་དབུ་ཞབས་སུ་དངོས་གྲུབ་དང་ལས་ཚོགས་སྟོན་པའི་གཞུང་བརྒྱ་ལྔ་བཅུ་ང་ལྔ་ལེའུ་དགུ་པའི་དམ་ཚིག་ལྔ་ལ་དྲང་ངེས་གཉིས་སུ་ཕྱེ་བའི་དྲང་དོན་གྱི་ལྔ་དང་བཅས་པས་བརྒྱ་དྲུག་ཅུར་འགྱུར་རོ་ཞེས་ བོད་ཀྱི་མཁས་པ་དག་གསུང་ངོ༌། ༈ །སྤྱན་མའི་སྔགས་ཀྱིས་ལས་སྒྲུབ་པའི་སྐབས་སུ་ནད་ཞི་བ་དང༌། རྒྱས་པ་སོགས་ཀྱི་ལས་རྣམས་ཀྱང་སྒྲུབ་པར་འགྱུར་ཚུལ་མཆན་དུ་བཤད་ཟིན་ལ། ཤི་བ་སོས་པར་བྱེད་པར་གསུངས། །ཞེས་པ་ལ་ཤི་བ་ སློང་བ་དང་འཆི་བར་ཕྱོགས་པའི་སྲོག་ཀྱང་འཛིན་པར་བྱེད་པའི་ལས་སྦྱོར་ཤེས་པར་འདོད་ན་སྙིམ་པའི་མེ་ཏོག་ལས་ཤེས་པར་བྱའོ། ༈ །གོས་དཀར་མོའི་སྐབས་སུ་གཞན་འདྲ་བ་ལ་འོད་ཟེར་གྱིས་ལུས་ཉམས་པ་དང་སྤྲོ་བ་ཉམས་པ་བསྲེགས། དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་སྟོབས་དང་བརྩོན་འགྲུས་འོད་ཟེར་སེར་པོའི་ཚུལ་དུ་བསྡུས་ནས་གང་བར་བསམས་ཏེ་སྔགས་ལ། ཆེ་གེ་མོའི་ཀ་ཡ་བ་ལ་པུཥྚིཾ་ཀུ་རུ་བཽ་ཥ་ཊ་ཞེས་བཟླས་ན་ལུས་དང་སྤྲོ་བ་རྒྱས་པར་འགྱུར་རོ། །དེ་རྣམས་རང་དོན་དུ་བྱེད་ ན། ཆེ་གེ་མོ་ཞེས་པའི་སྐབས་སུ་མེ་ཞེས་གཞུག་ཅིང་དབང་བསྐུར་བ་ལ་སོགས་པ་རྣམས་རང་ལ་བྱའོ། ༈ །ཕན་ཚུན་དཀྲི་བའི་ཚུལ་དུ་བྱ། །ཞེས་བྱ་བ་ལ་སོགས་པའི་སྐབས་སུ་བསྐྱེད་རིམ་པའི་ཕུར་གདབ་གསུམ་གསུངས་པའི་ཕུར་གདབ་དང་པོ་ལ་ 5-3-123b ལྷའི་རྣལ་འབྱོར་མི་བསྐྱོད་པ་ཡབ་ཡུམ་གྱིས་བྱ་བར་གསུངས་ཤིང༌། ཕུར་གདབ་གཞན་གཉིས་ལ་ལྷའི་རྣལ་འབྱོར་མི་གསལ་ཡང༌། དང་པོ་དང་འདྲ་བར་བྱ་བ་འགྲེལ་པའི་དགོངས་པའོ། །འདི་ལ་རྫོགས་རིམ་པའི་ཕུར་གདབ་གསུམ་ཡང་ཡོད་ལ། དེ་ཡང་རྒྱུད་ཕྱི་མ་ལས། རིགས་ཀྱི་དབྱེ་བའི་སྦྱོར་བས་ནི། །རྡོ་རྗེ་ཕུར་བུས་ཕུར་བུ་གདབ། །ཞེས་གསུངས་པའི་དོན་འགྲེལ་པར་རྣམ་པར་སྣང་མཛད་ཀྱི་སྦྱོར་བ་དང་ལྡན་པས། སངས་རྒྱས་སྤྱན་མདུན་དུ་བཞག་ལ། ལག་པ་ཕན་ཚུན་འཁྱུད་པ་དང་ དཀྲི་བ་ལ་སོགས་པ་བྱ་བ་ནི་སྐུའི་ཆོ་གའོ། །སྣང་བ་མཐའ་ཡས་ཀྱི་སྦྱོར་བ་དང་ལྡན་པས་གོས་དཀར་མོ་མདུན་དུ་བཞག་ལ། སྣང་བ་དང་སྣང་བ་མཆེད་པ་དང་སྣང་བ་ཐོབ་པ་གསུམ་འབྱུང་བའི་པདྨ་ལྷ་མོའི་བྷ་ག་ལ་རྡོ་རྗེ་རྩེ་ལྔ་པ་བསྒོམས་ལ་ཆོས་ འབྱུང་ཡོད་པའི་ནང་དུ་ཆུད་པར་བྱའོ། །མི་བསྐྱོད་པའི་སྦྱོར་བ་དང་ལྡན་པས་མཱ་མ་ཀཱི་མདུན་དུ་བཞག་ལ་རང་གི་རྡོ་རྗེ་རྩེ་མོ་ལྔ་པར་བསྒོམས་ལ། རང་གི་ཕྱག་རྒྱའི་ཆོས་འབྱུང་གི་ནང་དུ་ཆུད་པའི་མེའི་དཀྱིལ་འཁོར་དང་ལྡན་པར། རང་གི་རྡོ་རྗེས་གདན་བརྡབས་ ཤིང་བརྡུངས་ན་འོད་གསལ་བ་འཐོབ་པར་འགྱུར་རོ། །ཞེས་ལྷའི་རྣལ་འབྱོར་རིགས་གསུམ་གྱི་དབྱེ་བས་རྡོ་རྗེ་དང་པདྨ་སྦྱོར་བའི་ཕུར་གདབ་གསུམ་བཤད་པ་ནི། རིགས་ཀྱི་དབྱེ་བའི་སྦྱོར་བ་ཞེས་གསུངས་པའི་དོན་ཡིན་ལ། དེ་ཡང་རྫོགས་རིམ་པའི་དབང་དུ་ བྱས་པ་སྟེ། བསྐྱེད་རིམ་པའི་ལྷ་ལ་ཕུར་གདབ་བྱེད་ན་བསྒྲུབ་བྱ་མ་གཏོགས་པ་འགྲེལ་པར་བཤད་པ་བཞིན་ཡིན་ནོ། །ཕུར་གདབ་བྱེད་ཚུལ་ནི་ཐུགས་ཀའི་འོད་ཟེར་གྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་ལྷ་སོ་སོའི་ཡུམ་གྱི་པད་མའི་ནང་གི་མེའི་དཀྱིལ་ 5-3-124a འཁོར་གྱི་སྟེང་དུ་བཀུག་ནས་ལིང་ག་ཕུར་བུའི་རྣམ་པ་ཅན་དུ་བསམས་ཏེ། སྙོམས་པར་འཇུག་བཞིན་པའི་ངང་ནས་ལྷ་རྣམས་ཀྱི་སྐུ་ལ་ཕུར་བུས་བཏབ་པར་བསྒོམ་པའོ། །དེ་ལྟར་བྱས་ན་འོད་གསལ་བ་ཐོབ་པར་འགྱུར་རོ་། ། ཞེས་པའི་འོད་གསལ་ནི་དོན་གྱི་འོད་གསལ་ཡིན་ལ། དེ་ཐོབ་ན་དེའི་མཇུག་ཐོགས་ཉིད་དུ་སློབ་པའི་ཟུང་འཇུག་ཐོབ་པར་འགྱུར་བས་འདིར་ཕུར་འདེབས་བྱེད་པ་པོ་ནི་སྒྱུ་ལུས་ཐོབ་ནས་སྤྱོད་པ་བྱས་པའོ། །དེ་ནི་སློབ་པའི་ཟུང་འཇུག་ཐོབ་པའི་རྗེས་སུ་ཡང་སྤྱོད་ པ་བྱས་པས་དུས་འདི་ཙམ་ན་དབང་ཕྱུག་གི་ཡོན་ཏན་གྱི་མཚན་མ་འབྱུང་ཞེས་པ་དང༌། མཆོག་འགྲུབ་ཅེས་གསུངས་པ་ལྟར་དུས་ཚིགས་དེ་ལ་མ་གྲུབ་ན་ལྷ་ལ་དྲག་ཤུལ་བྱ་བ་ཡང་མཚོན་པར་ཤེས་པར་བྱ་སྟེ། གང་ཚེ་བྱང་ཆུབ་མ་གྲུབ་ན། །དྲག་ཤུལ་ སྦྱོར་བས་བསྒྲུབ་པར་བྱ། །ཞེས་གསུངས་པའི་དོན་ཡིན་པའི་ཕྱིར་རོ། །ལེའུ་བཅུ་བཞི་པའི་མཐའ་གཅོད་དོ།། །།རྡོ་རྗེ་ཉི་མ་ནུབ་ནས་ནི། །བསྒྲུབ་པ་ཀུན་ཏུ་བརྩམ་པར་བྱ། །ཞེས་པའི་རྐང་པ་བཞི་ཕྱི་ནང་གི་མངོན་པར་བྱང་ཆུབ་པ་གཉིས་ ལ་སྦྱར་ཏེ་འགྲེལ་པར་བཤད་ལ། ཕྱི་ནང་གི་བྱང་ཆུབ་པ་གཉིས་རིམ་ལྔ་ལས་བཤད་ཚུལ་ནི། མཚན་མོ་སྣང་བའི་ཆ་སྟེ་གསལ་བ་ཉི་མའི་ཟེར་འགྱེད་སྣང་བ་མཆེད་པ་ཡིན། །མཚམས་ནི་སྣང་བ་ཐོབ་པར་རང་གི་རང་བཞིན་རྣམས་ཀྱིས་ལན་ ཅིག་མིན་པར་འགྲོ། མཚན་མིན་ཉིན་པར་མ་ཡིན་མཚམས་མིན་གང་ཞིག་རང་བཞིན་རྣམས་དང་རྣམ་བྲལ་བ། །དེ་ནི་བྱང་ཆུབ་སྐད་ཅིག་ཡིན་པར་བླ་མ་མཆོག་བཤད་རྣལ་འབྱོར་པ་ཉིད་ཡུལ། །མཚམས་ཀྱི་མཐའ་ན་འཇིག་མེད་མུན་ནག་ 5-3-124b ཚོགས་ནི་མ་ལུས་གང་དུ་འདས་པ་དང༌། །ཇི་སྲིད་ཉི་མ་མ་ཤར་སྐད་ཅིག་འདིར་ནི་དྲི་མེད་ཡང་དག་མཐའ་རུ་བཤད། །སློབ་དཔོན་མཆོག་ནི་རབ་རིབ་བྲལ་བས་སློབ་མ་ལ་ནི་ཕྱི་རོལ་བྱང་ཆུབ་བསྟན། །ནང་གི་བདེ་བ་རྙོག་བྲལ་སངས་རྒྱས་བྱང་ཆུབ་སྐད་ཅིག་དག་ གིས་ཐོབ་པར་འགྱུར། །ཞེས་གསུངས་སོ། །དེའི་རྐང་པ་ཐ་མས་ནང་གི་མངོན་བྱང་བསྟན་ལ་ལྷག་མ་རྣམས་ཀྱིས་ཉིན་ཞག་གཅིག་ལ་བཞི་ཆར་བྱས་པ་སྟོང་པ་བཞི་དང་སྦྱར་ནས་ཕྱིའི་མངོན་བྱང་བསྟན་ནོ། །མཚན་མོ་སྣང་བའི་ཆ་སྟེ་ཞེས་པ་ནི་མཚམས་ཀྱི་ སྨག་འཐུག་པོ་ཡལ་བ་ནས་བཟུང་སྟེ། ཐོ་རངས་ལ་མ་སླེབས་པའི་བར་གྱི་མཚན་མོ་ནམ་མཁའ་གཡའ་དག་ལ་ཟླ་བ་ཤར་བའི་དུས་ལ་སྣང་བ་བཞག་པའོ། །གསལ་བ་ཉི་མའི་ཟེར་འགྱེད་སྣང་བ་མཆེད་པ་ཡིན། ཞེས་པ་ནི་ནམ་མཁའ་གཡའ་དག་ ལ་ཉི་འོད་དང་པོ་ཤར་ནས་མ་ནུབ་ཀྱི་བར་གྱི་དུས་ལ་སྣང་བ་མཆེད་པར་བཞག་པའོ། །མཚམས་ནི་སྣང་བ་ཐོབ་པ་ཞེས་པ་ནི་ཉི་འོད་ཕྲ་མོ་ཡང་འདས་ནས་སྨག་འཐུག་པོ་མ་སངས་ཀྱི་བར་གྱི་མཚམས་ཀྱི་མུན་པས་ནམ་མཁའ་གཡའ་དག་ལ་ཁྱབ་པའི་དུས་ ལ་ཉེར་ཐོབ་བཞག་པའོ། །རང་གི་རང་བཞིན་རྣམས་ཀྱིས་ཞེས་པ་ནི་སྣང་བ་གསུམ་པོ་རང་རང་གི་རང་བཞིན་གྱི་རྟོག་པ་སྡེ་ཚན་གསུམ་དུ་བཅད་པ་རྣམས་སོ། །ལན་ཅིག་མིན་པར་འགྲོ་བ་ནི་ཡང་དང་ཡང་དུ་སྣང་བ་གསུམ་ལ་ཀུན་རྟོག་རྣམས་སྐྱེ་བ་དང་ ཐིམ་པའི་རིམ་གྱིས་འཇུག་པའོ། །མཚན་མིན་ནས་རྣམ་བྲལ་བ་ཞེས་པའི་བར་ནི། སྣང་བ་གསུམ་དང་རང་བཞིན་བརྒྱད་ཅུའི་རྟོག་པ་དང་བྲལ་བ་ཡིན་ལ། དེ་ནི་མངོན་པར་བྱང་ཆུབ་པའི་སྐད་ཅིག་མ་ཡིན་པར་བླ་མ་མཆོག་རྣམས་ཀྱིས་བཤད་ཅིང་ 5-3-125a རྣལ་འབྱོར་པ་མཆོག་ཉིད་ཀྱི་ཡུལ་ལ། །དེ་གང་ལ་བཞག་པའི་དུས་ནི་མཚམས་ཀྱི་མཐའ་ནི་ཉེར་ཐོབ་གང་ལ་བཞག་པའི་དུས་སོ། །འགྱུར་རྙིང་ལས། འཇིག་མིན་ཞེས་འབྱུང་ཡང༌། ཆག་འགྱུར་ལས། དེ་ལ་རྣམ་པར་ཟད་ཅེས་ འབྱུང་བ་ལྟར་དུས་དེ་དང་སྣང་བ་གང་ལ་བཞག་པའི་དུས་མུན་ནག་གི་ཚོགས་གཉིས་པོ་མ་ལུས་པར་འདས་པ་ནས་ཇི་སྲིད་དུ་ཉི་འོད་དང་པོ་མ་ཤར་བའི་དུས་འདི་ནི་ཡང་དག་པའི་མཐའ་འོད་གསལ་དུ་བཤད་པའི་ཕྱིའི་བྱང་ཆུབ་འདི་ནི་སློབ་དཔོན་གྱིས་སློབ་མ་ལ་བསྟན་ ཞེས་པའོ། །སྤྱོད་བསྡུས་ལས་གསུངས་ཚུལ་གྱི་ཕྱིའི་མངོན་བྱང་ནི་ཐོ་རངས་ཀྱི་ཐུན་མཚམས་སུ་མ་རིག་པའི་སྣང་བ་འདས་ནས་ཇི་སྲིད་ཉི་མ་གསལ་བར་མ་གྱུར་བ་སྟེ་འདི་ལ་ནི་འོད་གསལ་ཐམས་ཅད་སྟོང་པའོ། །ཞེས་པའི་དོན་ནི་རིམ་ལྔ་ལས། ཐོབ་ པ་དང་སྣང་བའི་མཚན་གྱི་དུས་གཉིས་འདས་ཤིང་ཉི་མ་མ་ཤར་བའི་བར་ལ་བཤད་པའི་ཐོ་རངས་སོ། །ཉི་མ་ཤར་བ་ན་སྣང་བ་མཆེད་པ་དང་ཉི་མ་ནུབ་པའི་མཚམས་སུ་མ་རིག་པ་དང་ཟླ་བ་ཤར་བའི་ཚེ་སྣང་བའོ་ཞེས་བཤད་དེ་འདི་རིམ་ལྔ་དང་སྦྱར་བ་ལ་ བརྟེན་ནས་ཤེས་པར་ནུས་སོ། །ནང་གི་མངོན་བྱང་སྟོན་པ་ན་དང་པོར་སྨིག་རྒྱུ་ལྟ་བུ་ལ་འོད་ཟེར་ལྔའི་ཚོགས་དང་ལྡན་པར་མཐོང་ངོ༌། །གཉིས་པ་ནི་སྣང་བ་སྟེ་ཟླ་བའི་འོད་ཟེར་ལྟ་བུའོ། །གསུམ་པ་ནི་སྣང་བ་མཆེད་པ་སྟེ་ཉི་མའི་འོད་ཟེར་ལྟ་བུའོ། ། བཞི་པ་ནི་སྣང་བ་ཐོབ་པ་སྟེ་མུན་པ་ལྟ་བུའོ། །དེ་ནས་མུན་པ་དང་བྲལ་བའི་སྐད་ཅིག་ལ་འོད་གསལ་སྟེ་ཤིན་ཏུ་གསལ་བ་རྟག་ཏུ་སྣང་བའི་མཚན་ཉིད་ཅན། དོན་དམ་པའི་བདེན་པའི་རང་གི་མཚན་ཉིད་ཡེ་ཤེས་ཀྱི་མིག་གིས་མཐོང་བ་ཞེས་གསུངས་སོ། ། 5-3-125b འདི་ལ་དཔྱད་པར་བྱ་སྟེ་སློབ་མ་ལ་བླ་མས་ཕྱི་ནང་གི་བྱང་ཆུབ་པ་གཉིས་སྟོན་པའི་དང་པོ་ནི། ཕྱིའི་ཞག་གཅིག་ལ་བཞི་ཆ་བྱས་ནས་སྟོང་པ་བཞི་བཤད་པ་སོར་བཞག་ཏུ་བྱེད་ན་སྟོང་པ་བཞི་པ་བྱང་ཆུབ་ཀྱི་སྐད་ཅིག་ཡིན་པ་དང༌། རྣལ་འབྱོར་པ་ཉིད་ཀྱི་ཡུལ་ཡིན་ པ་སོགས་མི་འཐད་ལ། དེའི་དུས་ཀྱི་ནམ་མཁའ་བཞི་དཔེར་བྱས་ནས་སྟོང་པ་བཞི་སྟོན་པ་ལ་བྱེད་ན་ནི་ནང་གི་སྟོང་པ་བཞི་ཡང་དེ་ལྟར་ཡིན་པས། ཕྱི་ནང་གི་ཁྱད་པར་དབྱེ་མི་ནུས་ཏེ། ནང་གི་སྐབས་སུ་ཡང་ཟླ་ཉི་དང་མུན་པ་དཔེར་བཀོད་ནས་བསྟན་པའི་ ཕྱིར་རོ། །དུས་དེ་བཞི་རེ་རེའི་དུས་ལ་སྟོང་པ་བཞིའི་ཡེ་ཤེས་རེ་རེ་སྐྱེ་བ་ལ་བྱེད་ན་དུས་དེ་བཞིའི་རེ་རེའི་དུས་ལ་སྟོང་པ་བཞི་ཚང་བ་སྐྱེ་བ་མེད་པར་འགྱུར་བས། ཕྱི་ནང་གི་བྱང་ཆུབ་གཉིས་ཀྱི་ཁྱད་པར་གང་ནས་འབྱེད་པ་ཡིན་སྙམ་ན། འདི་ལ་རྗེ་འགོས་ ཀྱིས་ནཱ་རོ་པའི་བཞེད་པ་དང༌། བཙུན་མོ་ཅན་དང་ནག་པོ་དམ་ཚིག་རྡོ་རྗེ་གཉིས་ཀྱི་བཞེད་པ་སྟེ་ལུགས་གཉིས་བཀོད་པའི་དང་པོ་ནི། ཞག་གཅིག་གི་བཞི་ཆ་སྟོང་པ་བཞིར་བཤད་པ་ནི། ཆོས་ཉིད་ཀྱི་དཔེ་དང་དུས་དང་རྟགས་དང་མཚོན་བྱེད་ཡིན་པས་དྲང་དོན་ཏེ་ ཕྱིའི་མངོན་བྱང་དང་ངེས་དོན་ནི་ནང་གི་མངོན་བྱང་ཡིན་ཏེ། ལས་རྒྱ་དང་སྙོམས་པར་ཞུགས་པས་བྱང་སེམས་རྡོ་རྗེ་རྩ་བ་དང་རྐེད་པ་དང་རྡོ་རྗེའི་བུམ་པར་སླེབ་པ་ན། བདེ་བ་དེ་གསུམ་ལ་སྟོང་པས་རྒྱས་བཏབ་སྟེ་བསྒོམས་པ་ན། ལམ་གྱི་སྣང་བ་ གསུམ་དང་ཐིག་ལེ་གཉིས་ཤོར་གཉིས་གནས་ཀྱི་དུས་སུ་ངོ་བོ་ཉིད་ཀྱི་རྟོག་པ་ལོག་པའི་བདེ་བའི་ཡེ་ཤེས་ནི་ཐམས་ཅད་སྟོང་པ་འོད་གསལ་ལོ། །གཉིས་པ་ནི། ཕྱིའི་དཔེ་བཞིས་དགག་བྱ་གློ་བུར་བའི་རྟོག་པ་དང་བྲལ་བ་བཞིའི་ཆ་ནས་མཚོན་པ་ནི་ 5-3-126a ཕྱིའི་བྱང་ཆུབ་དང་བསམ་གཏན་གཉིས་ཀྱིས་སྒྱུ་མ་འོད་གསལ་དུ་བཅུག་པའི་ཉམས་མྱོང་གི་ཆ་ནས་བསྟན་པ་ནི་ནང་གི་མངོན་བྱང་དུ་བཤད་དོ། །ལཀྵྨ་མཱིས་ནི། ཞག་གི་ཆ་སྟོང་པ་བཞིར་བཤད་པ་ནི། དེ་དག་གི་ མིང་ཅན་གྱི་ནང་གི་སྟོང་པ་བཞི་ལ་འདོད་ཅིང༌། ལས་ཀྱི་ཕྱག་རྒྱ་ལ་བརྟེན་པའི་སྟོང་པ་བཞི་པ་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་པའམ་སྨིག་རྒྱུ་ལ་སོགས་པའི་མཚན་མ་ལྔའི་རིམ་གྱིས་ཐོབ་པའི་སྟོང་པ་བཞི་པ་ནི་ནང་གི་མངོན་བྱང་དུ་བཤད་དོ། ། འགྲེལ་པ་ཟླ་འོད་དང་དོན་གསལ་དང་དམ་ཚིག་རྡོ་རྗེའི་འགྲེལ་པ་དང་ཐུབ་པ་དཔལ་གྱིས་ཀྱང་ཕྱིའི་སྐབས་སུ་བཤད་པའི་སྟོང་པ་བཞི་ནང་གི་སྟོང་པ་བཞི་ལ་བཤད་ཅིང༌། ཕྱི་ནང་གི་ཁྱད་པར་གསལ་བར་མ་ཕྱེའོ། །སྔར་བཤད་པ་ལྟར་དཔྱད་ན་ ནི་ཕྱི་ནང་གི་ཁྱད་པར་ཕྱེ་བ་དེ་རྣམས་ཀྱིས་ལན་མི་ཐེབས་ཤིང༌། ཁྱད་པར་མ་ཕྱེ་བ་རྣམས་ཀྱི་བཤད་པས་ཀྱང་ལན་ཐེབས་པར་མི་སྣང་ལ། གནས་འདི་ཤིན་ཏུ་རྟོགས་དཀའ་ཞིང་གལ་ཡང་ཆེ་བར་སྣང་བས་དཔྱད་དགོས་སོ། །དེ་ལ་མངོན་པར་ བྱང་ཆུབ་པ་གཉིས་ནི་དོན་གྱི་འོད་གསལ་ལ་བྱའོ། །དེ་ཉིད་ལ་ཕྱི་ནང་གི་བྱང་ཆུབ་པ་གཉིས་སུ་འཇོག་ཚུལ་ནི་རྒྱུད་འགྲེལ་ལས། ཕྱིའི་མངོན་བྱང་ལ་སྦྱར་བའི་དུས་སུ་སྐྱ་རེངས་འཆར་བའི་དུས་སུ་ནི། །སྒོམ་པ་མཆོག་གིས་འགྲུབ་པར་འགྱུར། ། ཞེས་གསུངས་པའི་སྐྱ་རེངས་འཆར་བའི་དུས་སུ་ཞེས་པ་ཐོ་རངས་ཀྱི་དུས་ལ་བཤད་ཅིང༌། ནང་གི་མངོན་བྱང་དང་སྦྱར་བའི་ཚེ་དུས་ཚིགས་དེའི་དོན། ཉེར་ཐོབ་འདས་པའི་དུས་སུ་འགྲུབ་པ་ལ་བཤད་པས། དོན་གྱི་འོད་གསལ་མངོན་དུ་ 5-3-126b འགྱུར་བ་ཐོ་རངས་ཀྱི་དུས་ཁྱད་པར་ཅན་ལ་ལྟོས་པའི་སྒོ་ནས་ཕྱིའི་མངོན་བྱང་ཞེས་བྱ་ལ། དེ་ཡང་ནང་གི་སྟོང་པ་བཞིའི་རིམ་གྱིས་མངོན་དུ་བྱས་པའི་ཆ་ནས་ནང་གི་མངོན་བྱང་ཞེས་བྱའོ། །དེའི་ཕྱིར་ཞག་གཅིག་གི་དུས་ཚིགས་གཞན་གསུམ་སྟོང་པ་ གསུམ་དུ་བྱས་པ་ནི་སྔར་སེམས་དབེན་དུ་བཤད་པ་ལྟར་དེའི་དུས་ཀྱི་ནམ་མཁའི་དཔེ་མཚོན་པ་ཡིན་ཀྱང་ཕྱི་ནང་གི་ཁྱད་པར་དབྱེ་མི་ནུས་པའི་སྐྱོན་མེད་དོ། །མི་སློབ་པའི་ཟུང་འཇུག་ཀྱང་རིམ་ལྔ་དང་སྤྱོད་བསྡུས་དང་གྲོལ་བའི་ཐིག་ལེ་ལས་ཐོ་རངས་ ཀྱི་དུས་སུ་འཐོབ་པར་གསུངས་ཏེ། དུས་འདིར་འཐོབ་པ་ནི་སློབ་པའི་ཟུང་འཇུག་ལ་ཡང་འདྲའོ། །རྡོ་རྗེ་གུར་ལས་ཀྱང༌། བསམ་གཏན་གནས་སུ་རབ་འདུག་སྟེ། །ཕྱག་རྒྱར་ལན་གཅིག་རབ་ཞུགས་ནས། །རྡོ་རྗེ་སྦྱོར་བ་ཡང་དག་བརྩམ། །རྡོ་རྗེ་ཉི་མ་ ནུབ་ནས་ནི། །སྦྱོར་བ་འདི་ནི་རབ་བརྩམས་ན། །སྐྱ་རེངས་འཆར་བའི་དུས་སུ་ནི། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་འདུས་པ་ནས་བཤད་པ་དང་མཐུན་པར་གསུངས་སོ།། ༈ །།མཆོག་འགྲུབ་པའི་ཚེ་སྒྲུབ་པ་པོ་རང་ཉིད་ཁོ་ནར་མ་ཟད། ཕྱག་རྒྱ་ མས་ཀྱང་མཆོག་འགྲུབ་པར། །མི་སྣང་བདག་པོ་དཔལ་དང་ལྡན། །ཞེས་པའི་ལེའུ་འདི་ཉིད་ཀྱི་འགྲེལ་པར་བཤད་དོ། །རྣམ་པར་སྣང་མཛད་འོད་འདྲ་ཞིང༌། །ཞེས་པའི་རྐང་པ་གསུམ་འཕགས་པའི་མདོ་བསྲེ་ལས། བསྲུང་འཁོར་གྱི་དབུས་ སུ་རྡོ་རྗེ་འཆང་དཀར་པོ་སྒོམ་པ་ལ་སྦྱར་ཞིང༌། རྡོར་སེམས་ཀྱི་སྒྲུབ་ཐབས་ལས། རྐང་པ་དང་པོ་གཉིས་མངོན་བྱང་ལྔ་སྐྱེད་ཀྱི་སྐབས་སུ་དང་པོའི་མགོན་པོ་བསྐྱེད་པ་ལ་སྦྱར་བ་དང་འགྲེལ་པར་དེ་གསུམ་གྱི་དོན། སྤྱོད་པ་བྱས་པས་རིགས་ལྔ་དང་ 5-3-127a མཉམ་པར་འགྱུར་བ་ལ་བཤད་པ་རྣམས་དོན་གཅིག་ཏུ་མ་བྱུང་ཡང་མི་འགལ་བ་ནི་སྔར་བཞིན་ནོ། །ལེའུ་བཅོ་ལྔ་པའི་མཐའ་གཅོད་དོ།། ༈ །།ལེའུ་བཅུ་དྲུག་པ་འདིར་སློབ་དཔོན་གྱི་ལས་དང༌། དངོས་གྲུབ་སྒྲུབ་པ་ དང་བརྟུལ་ཞུགས་ཀྱི་སྤྱོད་པ་རྣམས་བསྟན་ལ། སློབ་དཔོན་གྱི་ལས་ཀྱི་སྐབས་སུ་དཀྱིལ་འཁོར་བྲི་བ་ལ་རྒྱུད་ཕྱི་མ་ལས། བཞི་པ་དང་ནི་བཅུ་དྲུག་པ། །བརྒྱད་པ་དེ་བཞིན་བཅུ་གཉིས་པ། །སློབ་དཔོན་སྤྱི་ཡི་ལས་དང་ནི། །དངོས་གྲུབ་བརྟུལ་ཞུགས་སྡོམ་ པ་ཡིན། །ཞེས་པའི་དོན། དེའི་འགྲེལ་པར། བདག་གི་དོན་དུ་དཀྱིལ་འཁོར་བྲིས་ཏེ། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པས་དངོས་གྲུབ་སྒྲུབ་པར་བྱ་ཞིང༌། གཞན་གྱི་དོན་དུ་དཀྱིལ་འཁོར་བྲིས་ཏེ་སློབ་མ་གཞུག་པའི་ཆོ་གས་བཅུགས་ལ་དབང་རྣམས་ བཞི་སྐུར་བར་བྱེད་པ་ནི་སྒྲུབ་པ་ཡིན་ནོ་ཞེས་གསུངས་ཏེ། དེ་ལྟར་ན་ལེའུ་འདིར་དཀྱིལ་འཁོར་གཉིས་བྲིས་པར་གསུངས་པ་ལ། དཀྱིལ་འཁོར་ལ་བརྟེན་ནས་དངོས་གྲུབ་བསྒྲུབ་པའི་ཚེ་བརྟུལ་ཞུགས་ཀྱི་སྤྱོད་པ་དང་འབྲེལ་ལ། སློབ་དཔོན་གྱི་ལས་ ཀྱི་ཚེ་སློབ་མ་ཡོངས་སུ་སྨིན་པ་དང་འབྲེལ་བའི་ཚུལ་གཉིས་སུ་ཤེས་པར་བྱའོ། །གཞན་ཡང་ལེའུ་འདིར་གསུངས་པའི་རི་ལུ་ཐོད་པ་ཁ་སྦྱོར་གྱི་ནང་དུ་འཇོག་པ་དང༌། བཅུ་གཉིས་པ་ནས་གསུངས་པའི་ཕྱིའི་རྫས་ལས་བྱས་པའི་འཁོར་ལོ་ ལ་སོགས་པ་ཡང་དཀྱིལ་འཁོར་གྱི་དབུས་སུ་བཞག་ནས་སྒྲུབ་པ་ཡང་ཡོད་དོ། །རྒྱུད་འདིར་བླ་མ་ལ་ལྟོས་པར་བྱ་བའི་ཕྱིར་ཡེ་ཤེས་དབབ་པ་དང་དཀྱིལ་འཁོར་དུ་ཞུགས་པའི་འོག་ཏུ། སངས་རྒྱས་ཀུན་གྱིས་ནམ་མཁའི་ཁམས། ། 5-3-127b ཡོངས་སུ་གང་བར་རབ་ཏུ་བསྒོམ། །ཞེས་པའི་འགྲེལ་པར་དཀྱིལ་འཁོར་པའི་ལྷ་དམ་ཚིག་པ་རྣམས་ལ་ཡེ་ཤེས་པ་གཞུག་པའི་དཀྱིལ་འཁོར་སྒྲུབ་པ་དང༌། བྱང་ཆུབ་རྡོ་རྗེས་གསོལ་བ་བཏབ་པའི་འོག་ཏུ་ལྷ་ངོ་སྟོན་པ་སོགས་གོ་རིམ་འཁྲུགས་ པ་མང་ངོ༌། །དེ་ལ་འཁྲུགས་སྡེབ་པ་དང་དཀྱིལ་འཁོར་བྲི་བར་གསུངས་པ་སོགས་ཀྱི་གཞུང་ལ་བརྟེན་ནས་དཀྱིལ་འཁོར་སྒྲུབ་པའི་ཚུལ་ལེའུ་འདིར་བཤད་དགོས་ཏེ། ལེའུ་འདིའི་མཚམས་སྦྱོར་དུ། དཀྱིལ་འཁོར་གྱི་སྒྲུབ་པའི་ཐབས་བསྟན་པར་ བྱ་བའི་ཕྱིར་ཞེས་གསུངས་པས་སོ། །དེ་ལ་སྐུ་དཀྱིལ་གྱི་སྐབས་སུ། དབུས་སུ་རྣམ་པར་སྣང་མཛད་གནས། །མི་བསྐྱོད་པ་ལ་སོགས་པའང་བྲི། །ཞེས་པ་ནས། ཁྲོ་བོ་རྣམས་ཀྱང་སྒོར་བྲིའོ། །ཞེས་པ་དང༌། གསུང་དཀྱིལ་གྱི་སྐབས་སུ། མདོར་ ན་ཕྱག་རྒྱ་ཐམས་ཅད་ནི། །ཆོ་ག་བཞིན་དུ་བྲི་བར་བྱ། །ཞེས་གསུངས་པ་ལ་བྲི་བ་ལ་འགྲེལ་པའི་སྐབས་གཞན་དུ་ལག་པས་བྲི་བ་དང་ཡིད་ཀྱིས་བྲི་བ་གཉིས་ཀ་ལ་བཤད་པ་ཡོད་པས། བྲི་ཞེས་པ་ལག་པས་ལྷའི་མཚན་མ་བྲི་བ་ དང་ཡིད་ཀྱིས་ལྷ་རྣམས་སྒོམ་པ་གཉིས་ཀ་ལ་བཤད་ནས་ཡིད་ཀྱིས་བྲི་བ་དམ་ཚིག་པ་རྣམས་སྐྱེད་པ་ལ་བྱ་སྟེ། འགྲེལ་པར་སངས་རྒྱས་ཐམས་ཅད་ཅེས་པ་རྫོགས་པར་གྱུར་པ་འདུས་ནས་ནམ་མཁའི་དཀྱིལ་འཁོར་ལ་བཞུགས་ པ་བཀུག་ནས། གནས་ཇི་ལྟ་བ་བཞིན་བཞུགས་པ་ལ་བསྟིམ་ལ་མཆོད་པར་བྱའོ། །ཞེས་དང༌། བདག་ཉིད་ཀྱིས་བྲིས་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་བསྒོམ་པར་བྱ་ཞིང་རིམ་པ་ཇི་ལྟ་བ་བཞིན་དུ་བསྟིམ་པར་བྱའོ།། ཞེས་ 5-3-128a གསུངས་པས་སྔོན་དུ་དམ་ཚིག་པ་རྣམས་བསྐྱེད་ནས་ཕྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་བསྟིམ་པར་གསུངས་ལ། དེ་ཡང་སྔར་བཤད་པའི་གཞུང་གི་འཆད་ཚུལ་ལྟར་མ་བྱས་ན། དམ་ཚིག་པ་བསྐྱེད་པ་རྒྱུད་ ཀྱི་གཞུང་འདིས་བསྟན་ཞེས་བཞག་ཏུ་མེད་པའི་ཕྱིར་རོ། །དེ་ནས་སྐུ་དཀྱིལ་གྱི་སྐབས་སུ། རྡོ་རྗེ་གསང་བ་རབ་བསྒོམས་པས། །ཆོ་ག་སྔགས་ཤེས་པ་ཡིས་བྱ། །ཞེས་དང༌། གསུང་དཀྱིལ་ཀྱི་སྐབས་སུ། ཡོངས་སུ་གསལ་བར་ཆོ་ག་བཞིན། ། དཀྱིལ་འཁོར་དམ་པ་བྱས་ནས་ནི། །དེ་ནས་གསང་བའི་མཆོད་པ་བྱ། །ཞེས་པའི་འགྲེལ་པར་སྔ་མ་ལ་དཀྱིལ་འཁོར་གྱི་དབུས་སུ་ཡབ་ཡུམ་སྙོམས་པར་ཞུགས་ནས་གསང་མཆོད་བྱ་བར་བཤད་པ་ནི་ཕྱི་མ་ལ་ཡང་འདྲ་ལ། དེ་ཡང་ ཀླུ་བྱང་གི་དཀྱིལ་ཆོག་གི་དགོངས་པས། རང་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་དུ་བྱས་སྟེ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ལས་དཀྱིལ་འཁོར་པའི་ལྷ་རྣམས་བསྐྱེད་པར་བཤད་པ་ལྟར། ཡུམ་གྱི་པད་མར་ དཀྱིལ་འཁོར་པའི་ལྷ་སྐྱེད་པ་དང༌། དཀྱིལ་འཁོར་བསྒྲུབས་ཟིན་པའི་འོག་ཏུ་གསང་མཆོད་ཀྱི་མཆོད་པ་བྱེད་ལ། གཉིས་ཀ་གཟུང་བར་བྱའོ། །པད་མར་སྐྱེད་པའི་ལྷ་ཕྱིར་སྤྲོས་པ་རྣམས་ཀྱིས་རང་རང་གི་མཛད་པ་སོགས་མཛད་པའི་མཐར། རང་རང་གི་སངས་རྒྱས་ཀྱི་ཞིང་དུ་གཤེགས་ཏེ་སོ་སོའི་ཡེ་ཤེས་པ་དང་གཅིག་ཏུ་གྱུར་ནས། སླར་འབྱོན་པར་བཞེད་པའི་སྒོ་ནས་བཞུགས་པར་བསམ་མོ། །དེ་ནས་གནོད་མཛེས་ལ་བཀའ་བསྒོས་པའི་རང་འདྲའི་ཡེ་ཤེས་པ་དེ་རྣམས་སྤྱན་དྲངས་ 5-3-128b ནས་རང་འདྲའི་དམ་ཚིག་པ་སོ་སོ་ལ་ཐིམ་པར་བསམ་པ་ནི་སྔར་འགྲེལ་པ་དྲངས་པ་ལས་ཡེ་ཤེས་པ་ལ་དམ་ཚིག་པ་གཞུག་པར་བཤད་པ་སྔ་མ་ཡིན་ནོ། །དེ་ནས་སླར་ཡང་ཡེ་ཤེས་པ་རྣམས་སྤྱན་དྲངས་ཏེ་ནམ་མཁར་བཞུགས་པ་ལ་མཆོད་ནས་དམ་ཚིག་ པ་སོ་སོ་ལ་བསྟིམ་པ་ནི་འགྲེལ་པར། དམ་ཚིག་པ་ལ་ཡེ་ཤེས་པ་གཞུག་པར་བཤད་པ་ཕྱི་མའི་དོན་ནོ། །འདི་རྣམས་ལེའུ་འདི་རྩ་འགྲེལ་དང་ཀླུ་བྱང་གི་དཀྱིལ་ཆོག་གཉིས་བསྒྲིགས་ནས་ཤེས་པར་བྱ་བའི་དཀའ་གནས་སུ་སྣང་བས་བཤད་ཀྱི། ཆོ་ག་ལྷག་མ་ རྣམས་ནི་དཀྱིལ་འཁོར་གྱི་ཆོ་ག་ཞིབ་ཏུ་བཤད་པ་ལས་ཤེས་པར་བྱའོ།། ༈ གསང་བ་སྦྱིན་པ་བརྩམ་པར་བྱ། །ཞེས་པའི་རྐང་པ་ལྔ་སྙིམ་ཏོག་ལས་གསང་དབང་བསྐུར་བ་ལ་སྦྱར་ལ། འདིར་ཡང་གསང་དབང་བསྐུར་བ་ལ་ཤིན་ཏུ་གསལ་བས་གསང་ དབང་ལ་སྦྱར་རོ། །འདིར་འགྲེལ་པར་བདུད་རྩི་ལྔ་ཡི་གེ་གསུམ་གྱིས་བསྔགས་ནས། སྦྱང་བ་ལ་སོགས་པའི་ཆོ་གས་བདུད་རྩིར་བྱས་པ་སློབ་མ་ཟར་གཞུག་པར་གསུངས་པས་ནི། ཡབ་ཡུམ་གྱི་བྱང་སེམས་གཉིས་ཀྱི་བདུད་རྩི་ལྕེ་ཐོག་ཏུ་འཇོག་པའི་གསང་ དབང་ཡང་མཚོན་པས་ན། སྔར་བཤད་པའི་གསང་དབང་གཉིས་ཀ་ཤེས་པར་བྱའོ།། ༈ །།རྣམ་པ་འདི་བཞི་གསང་ཆེན་ཏེ། །ཞེས་པ་བཞི་སྙིམ་ཏོག་ལས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ལ་སྦྱར་ལ། འདིར་རྩ་འགྲེལ་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ལ་ སྦྱར་བའི་མིང་འདོགས་དངོས་སུ་མ་མཛད་ཀྱང༌། དབང་གསུམ་པ་ལ་ངེས་པར་སྦྱར་དགོས་ལ། གསང་ཆེན་ཞེས་པའི་དོན་ཡང་གསང་དབང་ལས་ཀྱང་དབང་འདི་ཤིན་ཏུ་གསང་བའི་དོན་ནོ། །དབང་འདི་བསྐུར་བའི་ཚེ་སློབ་མ་དང་རིག་མ་དྲིས་ལན་བྱ་ 5-3-129a བ་སོགས་ཀྱི་ཆོ་ག་རྣམས་ནི་འདིའི་བཤད་རྒྱུད་རྡོར་འཕྲེང་ལས་གསུངས་པ་རྣམས་དཀྱིལ་ཆོག་ཏུ་བཤད་ཟིན་ཏོ། །དབང་འདི་བསྐུར་བའི་ཚེ་སློབ་མ་ཡབ་ཡུམ་ལྷ་གང་དུ་བསྒོམ་པའི་ཚུལ་ནི། འདུས་པ་ཕྱི་མ་ལས། བླ་ མས་དེ་ནི་བྱིན་བརླབས་ཏེ། །སྒྲུབ་པ་པོ་ལ་སྦྱིན་པར་བྱ། །རྨོངས་པའི་གཏི་མུག་བདག་ཉིད་སྦྱོར། །གཏི་མུག་དགའ་དང་ཡང་དག་ལྡན། །གཏི་མུག་རྒྱུན་གྱིས་དབང་བསྐུར་ན། །གཏི་མུག་རྡོ་རྗེ་བདག་ཉིད་འགྱུར། །ཞེ་སྡང་སྡང་བའི་བདག་ཉིད་སྦྱོར། ། ཞེ་སྡང་དགའ་དང་ཡང་དག་ལྡན། །ཞེ་སྡང་རྒྱུན་གྱིས་དབང་བསྐུར་ན། །ཞེ་སྡང་རྡོ་རྗེ་བདག་ཉིད་འགྱུར། །ཆགས་ལ་འདོད་ཆགས་བདག་ཉིད་སྦྱོར། །འདོད་ཆགས་དགའ་དང་ཡང་དག་ལྡན། །འདོད་ཆགས་རྒྱུན་གྱིས་དབང་བསྐུར་ན། །འདོད་ཆགས་ རྡོ་རྗེ་བདག་ཉིད་འགྱུར། །ཤེས་རབ་ཡེ་ཤེས་བདག་ཉིད་སྦྱོར། །རྡོ་རྗེ་དགའ་དང་ཡང་དག་ལྡན། །ཡེ་ཤེས་རྒྱུན་གྱིས་དབང་བསྐུར་ན། །ཤེས་རབ་ཡེ་ཤེས་བདག་ཉིད་འགྱུར། །ཞེས་སློབ་མ་རྣམ་སྣང་དང༌། མི་བསྐྱོད་པ་དང་སྣང་མཐའ་དང༌། ཤེས་རབ་ཀྱི་ཡེ་ཤེས་འཛིན་པ་དོན་གྲུབ་ཏུ་སྒོམ་པ་དང༌། རིག་མ་ནི་རིམ་པ་བཞིན་དུ། གཏི་མུག་དགའ་མ་དང༌། ཞེ་སྡང་དགའ་མ་དང༌། འདོད་ཆགས་དགའ་མ་དང༌། རྡོ་རྗེ་དགའ་མར་བསྒོམས་ནས་དབང་བསྐུར་བར་བཤད་དེ། སྐུ་དཀྱིལ་དང༌། ཐུགས་དཀྱིལ་དང༌། གསུང་དཀྱིལ་དང༌། དོན་གྲུབ་ཀྱིས་གཙོ་བོ་བྱས་པའི་དཀྱིལ་འཁོར་ལ་བརྟེན་ནས་དབང་གསུམ་པ་བསྐུར་བའི་ཚུལ་ལོ། །དེ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ཚུལ་བཞི་བཤད་པ་འདི་ནི། རྩ་རྒྱུད་ལས། རྣམ་པ་འདི་ 5-3-129b བཞིའི་གསང་ཆེན་ཏེ། །ཞེས་གསུངས་པའི་དོན་བཤད་པ་ཡིན་པར་ཤེས་པར་བྱའོ། །སྔགས་ཀྱི་དཀྱིལ་འཁོར་བུད་མེད་གཟུགས། །ཞེས་པའི་དོན་ནི། སྔར་ལེའུ་དང་པོའི་གཟུངས་དཀྱིལ་དུ། རྣམ་སྣང་ལ་སོགས་པས་སྐྱེས་པའི་སྐུ་མི་སྣང་བར་མཛད་ ནས། སྤྱན་མ་ལ་སོགས་པའི་ལྷ་མོའི་གཟུགས་སུ་མཛད་པ་བཞིན་དུ་འགྲེལ་པ་བཤད་དོ། །དེ་འདིར་སྟོན་པའི་རྒྱུ་མཚན་ནི། སྔར་ལེའུ་དང་པོར་དེ་ལྟར་མཛད་པ་དེ་མཆོག་ཏུ་དགའ་བའི་ཡེ་ཤེས་རྣལ་འབྱོར་པའི་རྒྱུད་ལ་སྐྱེད་པའི་དོན་དུ་ཡིན་ པར་གསུངས་པ་དེ་ཡིན་ལ། དེ་འགྲེལ་པས་སྐབས་འདིར་དངོས་སུ་མ་བཤད་ཀྱང་སྔར་བསྟན་ཟིན་པས་འདིར་ཤེས་དགོས་སོ། །དེ་ལྟར་བྱས་ན་སྤྱན་མ་སོགས་ཀྱི་རིགས་ཀྱི་བུད་མེད་བཞི་དང༌། ཕྱག་རྒྱ་མ་སྤྱན་མ་སོགས་སུ་བསྒོམས་པ་བཞིན་ ལ་བརྟེན་ནས་དབང་གསུམ་པ་བསྐུར་བ་འདི་ཡང༌། སློབ་མའི་རྒྱུད་ལ་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་སྐྱེད་པའི་དོན་དུ་ཡིན་ནོ་ཞེས་ཤེས་པའི་ཕྱིར་དུ་དེ་ལྟར་གསུངས་སོ། །བདེ་བ་ཆེན་པོ་དེ་ལྟར་བསྐྱེད་པ་དེའི་དགོས་པ་ནི་མྱུར་དུ་རྡོ་རྗེ་ འཆང་གི་གོ་འཕང་ཐོབ་ནས། སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པའི་ཕྱིར་ཡིན་ནོ་ཞེས་པ་ནི་སེམས་ཅན་དོན་སྤྱོད་ཕྱིར་གནས་པའོ། །ཞེས་གསུངས་པའི་དོན་ཡིན་པས་གཟུངས་དཀྱིལ་གྱི་སྐབས་སུ་གསུངས་པ་དང་འདིར་གསུངས་ པའི་དགོས་པ་གཉིས་ཀ་ཤེས་པར་བྱའོ། །སློབ་མ་མི་བསྐྱོད་པར་བསྐྱེད་པའི་ཚེ་ནི། རིག་མ་མཱ་མ་ཀཱི་དང་རེག་རྡོ་རྗེ་མར་བསྐྱེད་པ་གདམ་ང་ཅན་ནོ།། ༈ དབང་བཞི་པ་ནི་འདི་ལྟར་ཡིན་ཞེས་རྩ་རྒྱུད་ལས་གསལ་བར་མ་གསུངས་ཤིང༌། 5-3-130a བཤད་རྒྱུད་གཞན་དུ་ཡང་མི་གསལ་ལ། རྡོ་རྗེ་འཕྲེང་བ་ལས། བཞི་པ་དོན་ནི་དམ་པའོ། །ཞེས་དང༌། བཞི་པ་འབྲས་བུར་ཤེས་པར་བྱ། །ཞེས་དོན་གྱི་དབང་བཞི་པ་རིམ་ལྔ་ནས་གསུངས་པ་ལྟར་དོན་དམ་པའི་བྱང་ ཆུབ་ཀྱི་སེམས་ལ་བཤད་པ་དང༌། འདུས་པ་ཕྱི་མ་ལས། དེ་ཡང་བཞི་པ་དེ་བཞིན་ནོ། །ཞེས་དབང་གསུམ་པ་དང་དཔེ་དོན་དུ་བྱས་ནས་གསུངས་པའི་ཚུལ་ནི་དཀྱིལ་ཆོག་ཏུ་རྒྱས་པར་བཤད་ཟིན་ཏོ། །ཡང་རྡོར་འཕྲེང་ལས། དབང་བཞི་པའི་ སྐབས་སུ། བསྐྱེད་པའི་རིམ་པ་བསྒོམ་པ་ཡི། །འདི་ནི་མན་ངག་ལས་ནི་ཤེས། །ཞེས་དབང་བཞི་པ་འདི་ནི་བསྐྱེད་རིམ་སྒོམ་པའི་མན་ངག་ལས་ཤེས་པར་བྱ། ཞེས་གསུངས་པའི་དོན་ནི་དབང་གསུམ་པའི་དུས་སུ་རང་དང་རིག་མ་འདོད་ལྷ་ ཡབ་ཡུམ་དུ་སྒོམ་པའི་བསྐྱེད་རིམ་དཔེར་བྱས་ནས། ཟུང་འཇུག་རྡོ་རྗེ་འཆང་ཡབ་ཡུམ་དོན་གྱི་དབང་བཞི་པ་ཤེས་པར་བྱེད་པ་ཡིན་ཏེ། བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་པའི་དོན་ཡང་དེའོ། །དྲིལ་བུ་པའི་དབང་ཆོག་ལས་ཀྱང༌། རིམ་པ་ གསུམ་པོ་དེའི་བླ་མ། །མན་ངག་གིས་ནི་འདིར་ཤེས་བྱ། །ཞེས་བུམ་པ་དང༌། གསང་བ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་གསུམ་པོ་དེའི་བླ་མ་སྟེ་གོང་མ་དབང་བཞི་པ་མན་ངག་གིས་ཤེས་པར་བྱ་བའི་མན་ངག་ཀྱང༌། རིམ་པ་ལྔར་བསམ་མི་ ཁྱབ་ཀྱི་རིམ་པའི་དེ་ཁོ་ནའི་མན་ངག་ལས་ཤེས་པར་བྱ་བར་གསུངས་ཏེ་ལུགས་དེའི་བསམ་མི་ཁྱབ་ཀྱི་རིམ་པ་དང༌། གསང་འདུས་པའི་ཟུང་འཇུག་གི་རིམ་པ་གཉིས་དོན་གཅིག་ཏུ་ཡོད་པས་དོན་གྱི་དབང་བཞི་པ་ཟུང་འཇུག་གི་རིམ་པའི་ 5-3-130b གོ་བ་བསྐྱེད་པ་ལ་བརྟེན་ནས་སྣོད་རུང་དུ་སྒྲུབ་པའི་དུས་ཀྱི་ཚིག་དབང་རིན་པོ་ཆེའི་དབང་བཞི་པ་བསྐུར་བའོ། །རྒྱུད་འདིར་དཀྱིལ་འཁོར་བྲི་སྒྲུབ་དང༌། སྟ་གོན་དང༌། དབང་བསྐུར་བའི་ཆོ་ག་རྣམས་འགའ་ཞིག་མ་བཤད་ཅིང༌། འགའ་ཞིག་དོན་མདོར་ བསྡུས་པ་དང༌། འགའ་ཞིག་གིས་ཕྱོགས་རེ་ཙམ་ལ་མ་བཤད་པ་ནི། རྩ་བཤད་ལེགས་པར་སྦྱོར་ཤེས་པའི་བླ་མ་ལ་རག་ལས་པར་བྱ་བའི་ཕྱིར་ཡིན་པས་བཤད་རྒྱུད་གཉིས་ལ་སོགས་པའི་རྒྱུད་རྣམས་དང་ཀླུ་བྱང་གི་དཀྱིལ་འཁོར་གྱི་ཆོ་ག་རྣམས་ ལེགས་པར་བསྒྲིགས་ནས་རྩ་བའི་རྒྱུད་ཀྱི་དོན་རྒྱས་པར་ཤེས་དགོས་པར་ཡོད་དོ།། ༈ སྔགས་རྣམས་ཀུན་གྱི་ཡི་གེ་ཨོཾ། །བསྒོམས་ན་དེ་མ་ཐག་ཏུ་འབར། །ཞེས་པའི་སྐབས་སུ་བདུད་རྩི་ལྔ་དང་ཤ་ལྔ་སྦྱང་སྦར་རྟོགས་པར་བྱས་ནས་རྟེན་ཚུལ་རྩ་རྒྱུད་ ལས་གསུངས་པ་རྒྱུད་ཕྱི་མ་ལས་བཤད་པ་ནི། ཐ་མལ་ལུས་ཀྱི་ཆོས་ལ་ནི། །དྲི་མ་ལྔ་རྣམས་སྣང་བ་ནི། །ཡེ་ཤེས་ལྔ་ཡིས་བྱིན་བརླབས་པས། །བདུད་རྩི་ལྔ་ཞེས་བྱ་བར་བཤད། །སྦར་དང་དེ་བཞིན་བསྲེགས་པ་དང༌། །སྣང་བར་བྱ་དང་གཟུགས་སྣང་བ། ། སྔགས་ཀྱི་ལུས་སུ་རབ་སྦྱོར་བས། །བདུད་རྩི་ལྔ་ནི་བཟའ་བར་བྱ། །རྡོ་རྗེ་ཧཱུཾ་ལས་བྱུང་བ་ནི། །བར་སྣང་ལ་གནས་བསམ་པར་བྱ། །ཨཱཿལས་བྱུང་བའི་པདྨ་ནི། །དེ་ཡི་འོག་ཏུ་བསྒོམ་པར་བྱ། །ཨོཾ་གྱིས་མཚན་པའི་བདུད་རྩི་ནི། །དེ་ཡི་དབུས་ སུ་བཞག་པར་བྱ། །རྡོ་རྗེ་པདྨ་མཉམ་སྦྱོར་བས། །འབར་བས་རྣལ་འབྱོར་ཚིམ་པར་བྱ། །ཤེལ་དང་མཚུངས་པར་སྣང་གྱུར་ཅིག །ཡེ་ཤེས་ཉི་མ་གཉིས་པར་འགྱུར། །ཕྱོགས་བཅུའི་འཇིག་རྟེན་ཁམས་རྣམས་ཀྱི། །མཚོན་ཆ་མཆོག་ 5-3-131a གིས་དྲངས་ནས་ནི། །བདུད་རྩི་དེ་རུ་ཕབ་ནས་ཀྱང༌། །བཟའ་བའི་སྦྱོར་བས་བཟའ་བར་བྱ། །བསྒྲུབ་བྱའི་དངོས་གྲུབ་ཆོ་ག་ཡིས། །དེ་བཞིན་དཔའ་བོ་ལྔ་རྣམས་བཟའ། །ཡིག་གསུམ་ས་བོན་ལས་བསྐྱེད་བྱ། ། གཞན་དུ་དེ་ནི་འགྲུབ་མི་འགྱུར། །ཞེས་གསུངས་པའོ། །རྐང་པ་དང་པོ་གཉིས་ཀྱི་དོན་ནི། ལུས་ལས་བྱུང་བའི་བདུད་རྩི་ལྔའོ། །འདིར་བདུད་རྩི་ལྔ་པ་མཆིལ་མ་ལ་རྒྱུད་ཕྱི་མའི་འགྲེལ་པར་བཤད་དོ། །དེ་ལྔ་ཐ་མལ་པ་དྲི་མ་ཅན་ཡིན་ ཡང༌། ཡེ་ཤེས་ལྔའི་ངོ་བོར་བྱིན་གྱིས་བརླབས་པས་བདུད་རྩི་ལྔ་བཤད་དེ། འདིས་ནི་ཡེ་ཤེས་ཡེ་ཤེས་ལྔ་སྟེ་རིགས་ལྔའི་ས་བོན་ལས་བདུད་རྩི་ལྔ་བསྐྱེད་པར་བསྟན་ཏོ། །ཐུབ་པ་དཔལ་གྱི་ཀྱང༌། བྲུཾ་ཨཾ་ཛྲིཾ་ཁཾ་ཧཱུཾ་ལས་ཤ་ལྔ་དང་བདུད་ རྩི་ལྔ་བསྐྱེད་ཅིང༌། དེ་ཡང་སྔོན་དུ་ཤ་ལྔ་བསྐྱེད་པར་བཤད་པ་ནི། ལེའུ་དྲུག་པའི་འགྲེལ་པར་ཤ་ལྔ་དེ་བཞིན་གཤེགས་པ་ལྔའི་རིགས་སུ་བཤད་ཅིང༌། རྡོར་འཕྲེང་ལས། བདུད་རྩི་ལྔ་ཡང་དེ་བཞིན་གཤེགས་པ་ལྔར་བཤད་ པ་དང་མཐུན་ནོ། །དེས་ན་ལུགས་འདི་ལ་ཤ་དང་བདུད་རྩི་གང་རུང་གཅིག་ཕྱོགས་དང༌། གང་རུང་གཅིག་མཚམས་སུ་བྱེད་པ་མིན་པར་དེ་བཞིན་གཤེགས་པ་ལྔ་དབུས་དང་ཕྱོགས་ཉིད་དུ་བཞུགས་པ་དང་མཐུན་པར་ལྔ་ཚན་གཉིས་ཀ་ དབུས་དང་ཕྱོགས་ཉིད་དུ་བསྐྱེད་དོ། །ཧཱུཾ་ལས་བྱུང་བའི་རྡོ་རྗེ་ནི་ཐུབ་པ་དཔལ་གྱིས་དཀར་པོ་དང་ཤཱན་ཏི་པས་སྔོན་པོ་གྱེན་དུ་འགྲེང་བར་བཤད་ལ། རྡོ་རྗེ་ཉི་གདན་ལ་གནས་པར་རྒྱུད་ཕྱི་མའི་འགྲེལ་པར་བཤད་དོ། །ཨཱ་ལས་ 5-3-131b བྱུང་བའི་པདྨ་ནི་ཐོད་པའོ། །དེའི་དབུས་སུ་ཨོཾ་གྱིས་མཚན་པའི་བདུད་རྩི་ནི་བདུད་རྩི་ལྔ་ག་ལ་ཐུན་མོང་དུ་མཚན་པའོ། །ཐོད་པའི་འོག་ཏུ་རླུང་མེ་གཉིས་སྒོམ་པ་ནི་འདིར་མ་བཤད་ཀྱང་རྒྱུད་ཕྱི་མའི་འགྲེལ་པར་བཤད་ལ། དེའི་སྐྱེད་ཆོག་ནི་ ཐུབ་པ་དཔལ་གྱིས། ཧཱུཾ་ཡཾ་ཧཱུཾ་དང༌། ཧཱུཾ་རཾ་ཧཱུཾ་ལས་སྐྱེད་པར་བཤད་དོ། །དེ་ནས་གོང་གི་སྦར་བ་ནི། རྡོ་རྗེའི་ལྟེ་བའི་ཧཱུཾ་ཡིག་གི་འོད་ཟེར་གྱིས་གཡོས་པའི་རླུང་གིས་མེ་སྦར་བའོ། །མེ་དེས་ཐོད་པ་གདུངས་ཤིང་རྫས་རྣམས་བསྐོལ་ བ་ནི་བསྲེག་པའོ། །དེ་ནས་རྡོ་རྗེ་ཉི་གདན་དང་བཅས་པ་ཐོད་པར་ལྷུང་ནས་དཀྲུགས་པས་རྫས་རྣམས་རོ་མཉམ་དུ་གྱུར་ཏེ་ཤེལ་དང་མཚུངས་པར་སྣང་བ་ནི་སྣང་བར་བྱའོ། །དེ་ནས་ཐོད་པའི་ནང་གི་པད་མ་དང་ཨཱཿ ཡིག་ཞུ་བས་ ཡེ་ཤེས་ཀྱི་བདུད་རྩི་ཉི་མ་གཉིས་པ་ལྟར་གྱུར་པ་ནི་དམར་སེར་གྱི་གཟུགས་སུ་སྣང་བའོ། །བར་སྣང་གི་རྡོ་རྗེ་ཐོད་པར་ལྷུང་ནས་རོ་མཉམ་དུ་གྱུར་པ་རྡོ་རྗེ་པདྨ་མཉམ་སྦྱོར་གྱི་དོན་དུ་ཐུབ་པ་དཔལ་བཞེད་ལ། རང་ཡབ་ཡུམ་གྱི་ སྦྱོར་མཚམས་ནས་འོད་ཟེར་མཚོན་ཆ་མཆོག་སྟེ་ལྕགས་ཀྱུའི་རྣམ་པ་ཅན་འཕྲོས་པ་དང༌། ཨོཾ་ཡིག་གི་འོད་ཟེར་དེ་ལྟ་བུས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་གནས་པའི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ བདུད་རྩི་བཀུག་ནས་དམ་ཚིག་གི་བདུད་རྩི་ལ་བཅུག་པ་ནི་འབར་བར་བྱས་པ་སྟེ་མང་པོར་སྤེལ་བའོ། །དེ་གསུམ་ནི་ཡི་གེ་གསུམ་གྱིས་སྦྱང་བ་དང་རྟོགས་པ་དང་སྦྱར་བར་བྱས་པའོ། །མཐར་ཡི་གེ་གསུམ་ལན་བདུན་དུ་བརྗོད་ 5-3-132a པས་བྱིན་གྱིས་བརླབ་པར་བྱའོ་ཞེས་ཐུབ་པ་དཔལ་གྱིས་བཤད་དོ། །བསྒྲུབ་བྱའི་དངོས་སྒྲུབ་པའི་བདུད་རྩི་བྱིན་གྱིས་བརླབ་པའི་ཆོ་ག་ཡིས། དཔའ་བོ་ལྔ་སྟེ་ཤ་ལྔ་ཡང་དེ་ལྟར་བྱ་བ་ནི་དེ་བཞིན་ ཞེས་པའི་དོན་ནོ། །བདུད་རྩི་དང་ཤ་རྣམས་ཟ་བ་ན་སྔགས་ཏེ་ལྷའི་ལུས་སུ་རབ་སྦྱོར་བ་སྟེ་བསྒོམས་ནས་བཟའ་སྟེ་དེས་ནི་ལྕེའི་སྐྱེད་ཆོག་དང་སྙིང་ཁ་དང་ལྐོག་མ་སྦྱང་བ་ཡང་ཤེས་པར་བྱའོ། །ཡིག་གསུམ་ཞེས་པ་གཉིས་ཀྱི་དོན་ནི། ས་བོན་གྱི་ཡི་གེ་གསུམ་ལས་ཁ་ཟས་ཀྱི་དྲི་མ་སྦྱང་བ་དང༌། བདུད་རྩིར་བྱ་བ་དང་མང་པོར་སྤེལ་བ་བསྐྱེད་པར་བྱའོ། གཞན་དུ་སྟེ་དེ་ལྟར་མ་བྱས་པར་ཟོས་ན་ཕན་ཡོན་བཤད་པ་རྣམས་འགྲུབ་པར་མི་འགྱུར་ཞེས་པའོ། །ལེའུ་ བཅུ་དྲུག་པའི་མཐའ་གཅོད་དོ།། །།ཁམས་གསུམ་དག་གི་ལམ་མཆོག་ན། །བུད་མེད་ཇི་སྙེད་ཡོད་པ་རྣམས། །ཐམས་ཅད་ཆོ་ག་བཞིན་དུ་སྤྱད། །གསུང་གི་རྡོ་རྗེ་མི་སྨད་དོ། །ཞེས་པའི་སྐབས་སུ། ངག་གི་རྡོ་རྗེ་སྟེ་རོ་འཛིན་ གྱི་བྱ་བས་བསྐྱོད་ལ། ཞེས་རྩ་གསུམ་པོ་ལྕེས་བསྐྱོད་པར་གསུངས་ལ། གླུས་བསྐུལ་བ་ལས་བཞེངས་པའི་སྐབས་སུ་རྩ་སྦུབས་གསུམ་སོར་མོ་གསུམ་གྱིས་བསྐྱོད་ཅིང་ཞེས་སོར་མོས་བསྐྱོད་པ་དང་གཉིས་བཤད་དོ། །འདི་ལ་རྡོ་ རྗེ་མཁའ་འགྲོ་ལས། ཆགས་པ་སྲ་བ་དང་རྒན་པ་སོགས་ལ་ནི་སོར་མོ་རིང་པོ་གསུམ་སྦྲུལ་གྱི་མགོ་ལྟར་བྱས་ནས་དྲུད་པར་བྱ་བ་དང༌། གཞོན་ཞིང་ཆགས་པ་མཉེན་པ་རྣམས་ལ་ནི་འོད་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་འབབ་པའི་ 5-3-132b རྩར། རྡོ་རྗེ་ལྕེའི་ཐུར་མ་བཅུག་སྟེ་བསྐྱོད་པར་གསུངས་ཏེ། ཡུལ་སོ་སོར་མཛད་པ་ནི་སོར་མོ་གསུམ་གྱིས་བྱེད་པ་ལ་དགོངས་སོ། །དཀྱིལ་ཆོག་རྡོ་རྗེ་འཕྲེང་བ་ལས། མཛུབ་མོ་དང་ལྕེའི་རྩེ་མོ་ལ་ཡི་གེ་ཧྲཱིཿ དམར་པོ་བཀོད་པས་རྩ་བསྐུལ་བར་བཤད་ པ་ལྟར་ན། ཡུལ་གཅིག་ལ་ཡང་སོར་མོ་དང་ལྕེ་གཉིས་ཀས་བསྐུལ་བ་ནི་སོར་མོ་གཅིག་གི་ཁྱད་པར་རོ། །དུས་ཇི་ཙམ་དུ་བསྐུལ་བ་ནི། པ་ཚབ་ཀྱི་འགྱུར་ལས། རོ་འཛིན་གྱི་བྱ་བ་དག་གིས་མ་ཕྱིན་གྱི་བར་དུ་བསྐྱོད་པར་བྱ་ཞིང་ཞེས་འབྱུང་བ་ ལྟར་ན། ཡུམ་གྱི་དབུ་མའི་མར་སྣ་བྱེ་ནས་བདུད་རྩི་འཛགས་པ་མ་བྱུང་གི་བར་དུའོ། །རྡོ་རྗེ་མཁའ་འགྲོ་ལས། ཡུལ་ལ་སིད་ཅེས་བྱ་བའི་སྔགས་འབྱུང་གི་བར་དུ་དྲུད་པར་གསུངས་ལ། དེ་ནི་ཡུལ་དེས་ཆེད་དུ་བྱས་ནས་སྔགས་སྟོན་པ་ མིན་པར་རང་ཤུགས་ཀྱིས་སྔགས་དེ་ཟློས་པར་བྱུང་བའོ། །དེ་ཡང་རྡོ་རྗེ་མཁའ་འགྲོ་ལས། དེ་ལྟར་སྒྲུབ་པ་པོས་ཡང་དང་ཡང་དུ་བསྐུལ་བས་སྙིང་འདར་བ་དང་དགའ་བས་མྱོས་ཤིང་སེམས་ཀྱི་རྡུལ་ཕྲ་མོའི་ཆུ་འཛག་ལ། ངོ་ཚ་ལ་སོགས་ པ་དང་བྲལ་སྟེ་བ་སྤུ་ལངས་ནས་ཤིན་ཏུ་ཆགས་པས་ལྟ་ཞིང་འཁྱུད་པ་ལ་གུས་པར་གྱུར་ཅིང་སིད་ཅེས་ཟེར་བ་དང་ཞེས་གསུངས་པ་ལྟར་ཡིན་ལ། དེ་རྣམས་ནི་སོར་མོ་དང་ལྕེས་བསྐུལ་བས་རྩ་ཁ་བྱེ་བའི་རྟགས་སོ། །སེམས་ཀྱི་རྡུལ་ཕྲ་མོའི་ ཆུ་ནི་བྱང་ཆུབ་ཀྱི་སེམས་ཀུནྡ་ལྟ་བུའི་ཆུའོ། །རྡོ་རྗེ་གུར་ལས་ཀྱང༌། རྡོ་རྗེ་སེར་མོའི་རབ་སྦྱོར་གྱིས། །རྡོ་རྗེའི་ས་གཞི་རབ་བསྐུལ་ཏེ། །རྡོ་རྗེའི་སེམས་སུ་རབ་ཕྱུང་ལ། །རྡོ་རྗེ་ལྕེ་ཡིས་བཟའ་བར་བྱ། །ཕྱི་ནས་དེ་ཡིས་བདེ་ལྡན་དུ། །རྡོ་རྗེ་ 5-3-133a སེམས་དཔའ་རབ་བཅུག་སྟེ། །རྡོ་རྗེ་བཅིང་པའི་སྦྱོར་བ་ཡིས། །རྡོ་རྗེ་མཆོད་པ་རབ་ཏུ་བརྩམ། །ཞེས་གསུངས་ཏེ། རྡོ་རྗེ་ས་གཞི་ནི་གསང་གནས་ཀྱི་རྡོ་རྗེའི་རྟེན་ཡུམ་གྱི་པདྨའོ། །རྡོ་རྗེའི་སེམས་སུ་ཞེས་པ་ནི་ཀུནྟ་ལྟ་ བུའོ། །ཕྱི་ནས་ཞེས་པ་ནི་རྩ་སད་པར་བྱས་པའི་རྗེས་སུའོ། །རྡོ་རྗེ་སེམས་དཔའ་ནི་ཡབ་ཀྱི་གསང་བའི་རྡོ་རྗེའོ། །རྡོ་རྗེ་བཅིང་བ་ནི་རྩ་གཉིས་མི་འབྲལ་བར་བཅིངས་པའོ། །འདོད་པའི་བསྟན་བཅོས་རྣམས་ལས་པདྨ་ཅན་དང་དུང་ཅན་མ་ལ་ སོགས་པའི་བུད་མེད་ཀྱི་མཚན་ཉིད་སྟོན་པ་ཡོད་པར་སྣང་ནའང་མན་ངག་འདི་ནི་དེ་དག་ལ་གཏན་མེད་པར་ཤེས་པར་བྱའོ།། ༈ གང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྗོགས་པའི་སངས་རྒྱས་ མར་མེ་མཛད་འདས་པ་ནས་ཞེས་སོགས་ཀྱི་སྐབས་སུ། གསང་འདུས་ཀྱི་འགྲེལ་པ་རྣམས་ལས་སྒྲ་སོར་བཞག་ལས་གཞན་པའི་བཤད་པ་མ་བྱུང་ལ། འགྲེལ་ཆེན་དྲི་མེད་འོད་ལས། མཚན་བརྗོད་ལས། འདས་པའི་སངས་ རྒྱས་རྣམས་ཀྱིས་གསུངས། །མ་འོངས་རྣམས་ཀྱང་གསུང་འགྱུར་ལ། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །ཡང་ཡང་གསུངས་པ་གང་ཡིན་དང༌། །ཞེས་སོགས་ཁུངས་སུ་མཛད་ནས། མཚན་ཡང་དག་པར་བརྗོད་པ་ གསོལ་བ་འདེབས་པའི་ཚིག་འདིའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྔགས་ཀྱི་ཐེག་པ་གསུངས་པ་ཡིན་ནོ། །འདིར་འདུས་པ་ལས། དེ་བཞིན་གཤེགས་པ་མར་མེ་མཛད་ནས་ཤཱཀྱ་ཐུབ་པའི་བར་དུ་ 5-3-133b དེ་བཞིན་གཤེགས་པ་གང་གིས་ཀྱང་སྔགས་ཀྱི་ཐེག་པ་མ་གསུངས་སོ་ཞེས་པ་གང་ཡིན་པ་དེ་ནི་དེའི་ཚེ་དེའི་དུས་ན་ཞེས་པ་སྟེ་འཕགས་པའི་ཡུལ་དུ་ཆོས་སྟོན་པའི་དུས་ན། རིགས་བཞིའི་མངོན་པའི་ང་རྒྱལ་དང་ལྡན་ཞིང་སྐལ་བ་མེད་པའི་སེམས་ ཅན་རྣམས་ཀྱི་བསམ་པའི་དབང་གིས་འཕགས་པའི་ཡུལ་དུ་འཁོར་རྣམས་ལ་མ་བསྟན་ཏེ། དུས་གཞན་དུ་ཡུལ་གཞན་གྱི་འཇིག་རྟེན་གྱི་ཁམས་ཀྱི་འཁོར་ལ་ཡང་མ་བསྟན་པ་ནི་མ་ཡིན་ནོ། །དེ་བཞིན་གཤེགས་པའི་གསུང་འདིའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཐེག་པ་གསུམ་སྟོན་པར་བྱེད་པ་པོ་ཡིན་ནོ། །རྣམ་པ་གཞན་དུ་ན་ཐམས་ཅད་མཁྱེན་པ་ཉིད་དུ་མི་འགྱུར་ཏེ་རྡོ་རྗེ་ཐེག་པ་སྟོན་པར་བྱེད་པ་པོ་ཉིད་མ་ཡིན་པའི་ཕྱིར་རོ། །ཞེས་ཡུལ་དུས་ཁྱད་པར་བ་འཕགས་ པའི་ཡུལ་དུ་ཆོས་སྟོན་པའི་དུས་དང་གདུལ་བྱ་ཁྱད་པར་བ་རིགས་བཞིའི་གང་ཟག་མངོན་པའི་ང་རྒྱལ་ཅན་ལ་མ་གསུངས་པ་ཡིན་གྱི། ཡུལ་དུས་གཞན་དང་སྐལ་བ་དང་ལྡན་པའི་གདུལ་བྱ་གཞན་ལ་མ་གསུངས་པ་མིན་པར་བཤད་དོ། ། དེ་ལྟར་གདུལ་བྱ་དེ་དག་ལ་འཆད་མི་འཆད་ཀྱི་རྒྱུ་མཚན་ནི། དེའི་དུས་ན་སེམས་ཅན་རྣམས་ལ་སྐལ་བ་མེད་པའི་ཕྱིར་རོ་ཞེས་གསུངས་པའི་སྐལ་བ་ཡོད་མེད་ཀྱི་དོན་ནི། དབང་པོ་ཤིན་ཏུ་རྣོ་བ་དབང་པོ་གཉིས་སྦྱོར་གྱི་ཆགས་པ་ལམ་ དུ་བྱེད་པ་ལ་མོས་ཤིང་དེ་ལས་བཟློག་པ་ལ་མི་མོས་པ་དང༌། འདོད་ཡོན་ལ་ཆགས་པ་ལམ་དུ་བྱེད་པ་དང་བྲལ་བའི་ལམ་གྱིས་བྱང་ཆུབ་སྒྲུབ་པ་ལ་མོས་ཤིང༌། འདོད་ཡོན་ལ་ཆགས་པ་ལམ་དུ་བྱེད་པ་ལ་མི་མོས་པ་སྔ་མ་ལ་ལྟོས་ན་ 5-3-134a དབང་པོ་བརྟུལ་པའོ། །འདུས་པ་ཕྱི་མ་ལས་ཀྱང༌། རིག་མའི་བརྟུལ་ཞུགས་སྟེར་བ་ན། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རིག་པའི་བརྟུལ་ཞུགས་བླ་མེད་པའོ། །རྨོངས་པ་གང་ཞིག་འདས་གྱུར་ན། །དེ་ཡིས་དངོས་གྲུབ་ མཆོག་མི་འགྲུབ། །ཅེས་དང༌། རྡོ་རྗེ་གུར་ལས་ཀྱང༌། འདོད་ཆགས་ཀྱིས་བསྐྱེད་འཇིག་རྟེན་པ། །འདོད་ཆགས་སྤངས་པས་བརླག་པར་འགྱུར། །རྡོ་རྗེ་ཆགས་པ་ཡོངས་ཤེས་ན། །ཡིད་ནི་རྡོ་རྗེ་སེམས་དཔར་འགྱུར། ཞེས་དང༌། ཆགས་དང་བྲལ་ བའི་བྱང་ཆུབ་ནི། །ཆགས་པ་མཆོག་ལྡན་རྣམས་ཀྱིས་སྨད། །ཅེས་གསུངས་པས་ད་ལྟ་ནས་ལམ་འདིའི་རིགས་ནུས་ཁྱད་པར་ཅན་འཇོག་པའི་མོས་པ་སྦྱོང་ལུགས་ཁྱད་པར་ཅན་རྣམས་ལེགས་པར་ཤེས་པར་བྱས་ནས་ལམ་འདིའི་རིགས་ ངེས་པའི་ཐབས་ལ་འབད་པར་བྱའོ།། ༈ གསང་བ་འདུས་པ་འདི་ལ་སྐད་ཅིག་ཐང་ཅིག་ཡུད་ཙམ་གྱིས་སངས་རྒྱས་ཀྱི་བྱང་ཆུབ་རྫོགས་པར་བྱེད་དོ་ཞེས་པས་ནི་ལམ་འདིས་བྱང་ཆུབ་ཏུ་བགྲོད་པའི་དུས་སྟོན་པ་མིན་གྱི། འགྲེལ་པར་ བཤད་པ་ལྟར་ལམ་གྱི་མཐར་ལམ་དུས་ཀྱི་འོད་གསལ་ལ་བརྟེན་ནས་མི་སློབ་པའི་ཟུང་འཇུག་མངོན་དུ་བྱེད་པའི་ཡུན་ཚད་སྟོན་པ་ཡིན་ནོ། །ལམ་འདིས་བྱང་ཆུབ་ཏུ་བགྲོད་པའི་ཡུན་ནི་གསང་བ་འདུས་པ་ལ་མངོན་པར་དགའ་བའི་བྱང་ཆུབ་ སེམས་དཔའ་ཚེ་འདི་ཉིད་ལ་ཞེས་པས་སྟོན་ནོ། །གང་གཱའི་ཀླུང་གི་བྱེ་མ་དུ་མ་སྙེད་ཀྱི་བསྐལ་པར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འབད་ཅིང་བཙལ་ཀྱང་བྱང་ཆུབ་ཐོབ་པར་མི་འགྱུར་བ་དེ། །ཞེས་པ་ནི་ཕར་ཕྱིན་གྱི་ཐེག་པས་བྱང་ཆུབ་ཏུ་ 5-3-134b བགྲོད་པའི་བྱང་སེམས་སོ། །འོ་ན་ལམ་དེར་གྲངས་མེད་གསུམ་གྱིས་བྱང་ཆུབ་འཐོབ་པར་གསུངས་པ་རིང་མཐའ་མ་ཡིན་ནམ། གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བསྐལ་པར་ཞེས་པ་ཇི་ལྟར་རིགས་སྙམ་ན། འདི་ལ་ངེས་པ་དང་མ་ངེས་པ་ལ་འཇུག་པའི་ཕྱག་ རྒྱའི་མདོ་བསླབ་བཏུས་སུ་དྲངས་པ་ལས། ཕྱུགས་ཀྱི་ཤིང་རྟ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་གང་ཞེ་ན། འདི་ལྟ་སྟེ་དཔེར་ན། སྐྱེས་བུ་ལ་ལ་ཞིག་སངས་རྒྱས་ཀྱི་ཞིང་ལྔའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདའ་བར་འདོད་ནས་ དེ་ཕྱུགས་ཀྱི་ཤིང་རྟ་ལ་བཞོན་ཏེ་ལམ་དུ་ཞུགས་ནས་དེ་ཡུན་རིང་པོས་ལམ་རིང་པོར་དཔག་ཚད་བརྒྱར་ཕྱིན་པ་ལས། དེ་དེར་རླུང་གི་དཀྱིལ་འཁོར་ཆེན་པོས་བཟློག་ནས་དཔག་ཚད་ཁྲིར་དེད་དེ་ཕྱིར་ཕུལ་ན། སྐྱེས་བུ་དེ་ཕྱུགས་ཀྱི་ཤིང་རྟས་འཇིག་རྟེན་གྱི་ཁམས་ དེ་དག་འདའ་བའམ་བསྐལ་པ་ནས་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བསྐལ་པར་འཇིག་རྟེན་གྱི་ཁམས་གཅིག་ཀྱང་འདའ་བར་ནུས་སམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་དུ་གང་ ལ་ལ་ཞིག་གིས་བྱང་ཆུབ་ཏུ་སེམས་བསྐྱེད་ལ་ཐེག་པ་ཆེན་པོ་མི་འཛིན་མི་ཀློག་པར། ཉན་ཐོས་ཀྱི་ཐེག་པ་བ་རྣམས་ལ་བསྙེན་ཅིང་དེ་དག་དང་ལྷན་ཅིག་ཏུ་བརྟེན་པར་བྱེད། ཉན་ཐོས་ཀྱི་ཐེག་པ་ཀློག་ཅིང་ཁ་ཏོན་བྱེད་དཔྱོད་ཅིང་ཁོང་དུ་ཆུད་པར་བྱེད་ལ། གཞན་དག་ཀྱང་ཀློག་ཏུ་འཇུག་པ་ནས་ཁོང་དུ་ཆུད་པར་བྱེད་པའི་བར་དུ་བྱེད་ན་དེ་ནི་དེས་ཤེས་རབ་རྟུལ་པོར་འགྱུར་ཏེ། བླ་ན་མེད་པའི་ཡེ་ཤེས་ཀྱི་ལམ་ལས་སླར་དྲངས་ནས་ཕྱིར་ལྡོག་གོ། བྱང་ཆུབ་སེམས་དཔའ་འདིའི་བྱང་ཆུབ་ཀྱི་སེམས་བསྒོམས་ 5-3-135a པ་ལས་བྱུང་བའི་ཤེས་རབ་ཀྱི་དབང་པོ་དང་ཤེས་རབ་ཀྱི་མིག་གང་ཡིན་པ་དེ་ཡང་རྟུལ་པོར་སྒྱུར་ཞིང་ཉམས་པར་བྱེད་དེ། འདི་ནི་ཕྱུགས་ཀྱི་ཤིང་རྟ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའོ་ཞེས་གསུངས་པ་ལྟ་བུའི་བྱང་ཆུབ་ སེམས་དཔའི་ལམ་བགྲོད་ཚུལ་ཡང་ཡོད་པས་བསྐལ་པ་ཆེན་པོ་གྲངས་མེད་པ་གསུམ་གྱིས་འཚང་རྒྱ་བར་གསུངས་པ་ནི་ཕར་ཕྱིན་གྱི་ཐེག་པའི་ལམ་གྱི་རིང་མཐའ་མ་ཡིན་ནོ། །དེ་བཞིན་དུ་མདོ་དེ་ལས། གླང་པོ་ཆེའི་ཤིང་རྟ་ལྟ་བུས་འགྲོ་བ་དང་། ཉི་མ་དང་ཟླ་བ་ལྟ་བུས་འགྲོ་བ་དང་ཉན་ཐོས་ཀྱི་རྫུ་འཕྲུལ་ལྟ་བུས་འགྲོ་བ་དང༌། དེ་བཞིན་གཤེགས་པའི་རྫུ་འཕྲུལ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་ཡང་གསུངས་པས། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་བརྟེན་ནས་ལམ་བགྲོད་པའི་མྱུར་བུལ་ མཐའ་གཅིག་ཏུ་མ་ངེས་སོ། །འོན་ཀྱང་འདུས་པར་སྔར་བཞིན་དུ་གསུངས་པས་ནི་གྲངས་མེད་གསུམ་གྱིས་འཚང་རྒྱ་བ་ཡང་མཚོན་པར་བྱའོ། །འོ་ན་ཕར་ཕྱིན་གྱི་ཐེག་པ་རྐྱང་པས་འབད་ཅིང་བཙལ་ཡང་འཚང་རྒྱ་བར་མི་ནུས་པར་གསུངས་ལ་ལམ་ དེ་ཇི་ཙམ་ཞིག་གི་བར་དུ་བགྲོད་པ་དང༌། ལམ་དེ་ལ་སྣོན་པ་གདབ་རྒྱུའི་སྔགས་ཀྱི་ལམ་ཅི་ཙམ་ཞིག་ཡིན་སྙམ་ན་འདི་ལ་ཐེག་པ་ཆེན་པོ་དབུ་མ་པས་ཐེག་པ་གསུམ་དུ་གསུངས་པ་དྲང་དོན་དང་ཐེག་པ་གཅིག་ཏུ་གསུངས་པ་ངེས་དོན་དུ་བཞེད་ པས་མཐར་ཐུག་ལ་ལྟོས་པའི་རིགས་སོ་སོར་ངེས་པ་མེད་ཀྱང་གནས་སྐབས་སུ་ཉན་རང་གི་ཐེག་པར་ཞུགས་ནས་རང་རང་གི་བྱང་ཆུབ་མ་ཐོབ་བར་དུ་ལམ་གཞན་དུ་མི་འཇུག་པར་རང་གི་ཐེག་པ་དེ་ཉིད་ཀྱིས་བགྲོད་པའི་རིགས་ངེས་པ་འདོད་པ་མི་ 5-3-135b འགལ་བ་བཞིན་དུ། འདིའི་ལུགས་ཀྱིས་ཀྱང༌། མཐར་ཐུག་བླ་ན་མེད་པའི་ཐེག་པ་འདི་ལ་ལྟོས་དགོས་པར་འདོད་ཀྱང༌། གནས་སྐབས་སུ་ཕར་ཕྱིན་གྱི་ཐེག་པ་འདིས་ཅི་ཙམ་ཞིག་ཏུ་བགྲོད་པ་ཡིན་ཞེས་པའི་གནས་སྐབས་ཀྱི་རིགས་ངེས་པ་འདོད་དགོས་སོ། ། དེ་ལྟར་བྱས་ན་ཕར་ཕྱིན་གྱི་ཐེག་པའི་གདུལ་བྱ་རང་གི་ཐེག་པ་དེ་ཉིད་ཀྱིས་ས་བཅུ་པའི་བར་བགྲོད་པས་དེའི་དབང་དུ་བྱས་ནས་གནས་སྐབས་ཀྱི་རིགས་ངེས་པ་བཞག་ལ། ས་བཅུ་པ་བ་སྲིད་པ་ཐ་མ་པའི་མཇུག་ཏུ་ཐེག་པ་བླ་ན་མེད་པའི་ལམ་འོད་ གསལ་དང་ཟུང་འཇུག་བསྣན་ནས་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བའི་ཚུལ། རིམ་ལྔ་དང་སྤྱོད་བསྡུས་དང༌། ལས་མཐའ་རྣམ་འབྱེད་དང་གྲོལ་བའི་ཐིག་ལེ་དང་མན་ངག་སྙེ་མ་སོགས་ཀྱི་གཞུང་མང་པོ་ལ་བརྟེན་ནས་རིམ་ལྔ་གསལ་སྒྲོན་དུ་རྒྱས་ པར་བཏན་ལ་ཕབ་ཡོད་པས་རྒྱས་པར་ཤེས་པར་འདོད་ན་དེ་ལས་ཤེས་པར་བྱའོ།། ༈ རྒྱུད་གཏད་པའི་སྐབས་སུ། འཁོར་གྱི་སངས་རྒྱས་བྱང་སེམས་སྤྱི་ལ་རྒྱུད་འདི་ཕྱོགས་ཀུན་ཏུ་གཞན་ལ་སྟོན་ཅིག་ཅེས་བསྒོ་བ་དང༌། ཁྱད་པར་དུ་རྡོ་རྗེ་ཆོས་ལ་ གཏད་པ་ནི་སྔོན་བྱུང་ཙམ་དུ་མ་ཟད་རྗེས་འཇུག་ལ་ཡང་སྦྱར་དགོས་པས་སྦྱར་ན་མ་འོངས་པའི་རྟེན་འབྲེལ་ཁྱད་པར་ཅན་འགྲིག་པའི་རྒྱུར་འགྱུར་རོ། །དེས་ན་རྒྱུད་ཀྱི་བཤད་པ་རྫོགས་པའི་མཇུག་ཏུ། གནས་དེ་སྔོན་བྱུང་ལྟར་གྱི་རྟེན་གྱི་དཀྱིལ་འཁོར་ དུ་མོས་པ་བྱ། འཆད་པ་པོ་རང་ཉིད་རྒྱུད་ཀྱི་སྟོན་པ་རྡོ་རྗེ་འཆང་གི་ང་རྒྱལ་དུ་བྱ། ཉན་པ་པོའི་འཁོར་རྣམས་ཀྱང་སྔོན་བྱུང་བཞིན་དུ་དཀྱིལ་འཁོར་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔར་མོས་པ་བྱས་ལ། འཆད་པ་པོས་རིགས་ཀྱི་བུ་ཁྱེད་རྣམས་ 5-3-136a ཀྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་དང་ཐུགས་རྡོ་རྗེ་འདི་བསྒོ་བར་གྱིས་ཤིག །དེ་ཅིའི་ཕྱིར་ཞེ་ན། ཕྱོགས་བཅུ་ན་བཞུགས་པའི་བྱང་ཆུབ་སེམས་དཔའ་དེ་རྣམས་ ཆོས་ཀྱི་རྣམ་གྲངས་འདི་ལ་སྐལ་བ་ཡོད་པའི་ཕྱིར་རོ། །ཁྱེད་རྣམས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི་དེ་ཁོ་ན་ཉིད་འདི་ཟུངས་ཤིག་ཅེས་བཀའ་བསྒོ། དེ་ནས་འཁོར་རྣམས་ཀྱིས་ཀྱང༌། རྡོ་རྗེ་འཆང་དངོས་ཀྱིས་བཀའ་བསྒོས་ པར་མོས་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ང་རྒྱལ་གྱིས་དེ་བཞིན་དུ་བགྱིའོ་ཞེས་ཁས་བླང་ངོ༌། །རྩ་རྒྱུད་སྟོན་པས་གསུངས་པའི་མཐར་ཉན་པ་པོའི་འཁོར་གྱིས་སྟོན་པ་ལ་བསྟོད་པ་བྱ་བར་མ་གསུངས་ཀྱང༌། འདུས་པའི་ལེའུ་བཅོ་བརྒྱད་ པ་རྫོགས་པའི་མཐར་ཉན་པ་པོའི་འཁོར་བྱང་སེམས་རྣམས་ཀྱིས། རྒྱུད་ཀྱི་སྟོན་པ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་བསྟོད་པ་དང་རྗེས་སུ་ཡི་རང་བ་དང༌། རྒྱུད་སྟོན་པ་པོ་ལ་ལེགས་སོ་མཛད་པར་གསུངས་པ་ལྟར་རྗེས་ འཇུག་གིས་ཀྱང་དེ་ལྟར་བྱའོ། །དེ་ལ་བསྟོད་པ་ནི་མཚོན་པ་ཙམ་ཡིན་པས་རྩ་རྒྱུད་དང་པོ་གསུང་བའི་དུས་སུ་མཆོད་པའི་སྤྲིན་གྱིས་མཆོད་ནས་གསོལ་བ་བཏབ་པ་ལྟར། གཏང་རག་ལ་ཡང་མཆོད་པ་བྱས་ཏེ། ཕྱི་དང་ནང་དང་གསང་བ་དང་དེ་ཁོ་ ན་ཉིད་ཀྱིས་མཆོད་པ་བཞི་བྱའོ། །དེ་ནས་བསྟོད་པ་ནི། རྒྱུད་ཕྱི་མར། དུས་གསུམ་རྡོ་རྗེ་ཐུགས་ཡིན་ཞེས་པ་ནས། དད་པར་བྱེད་ཅིང་ཕྱོགས་གཅིག་ཙམ་ཞིག་འཛིན་པ་དག །བྱང་ཆུབ་རྡོ་རྗེ་འདྲར་ལྟ་དེ་ལ་རྟག་ཕྱག་འཚལ། །ཞེས་པའི་བར་གྱི་ཚིགས་ 5-3-136b སུ་བཅད་པ་བཅུ་གསུངས་པས་བསྟོད། འདི་སྔོན་བྱུང་ལ་འཁོར་གྱི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་གསུངས་པ་ལྟར། རྗེས་འཇུག་གི་འཁོར་ཐམས་ཅད་ཀྱིས་ཀྱང་དེ་ལྟར་གྲུབ་ན་ལེགས་སོ། །རྗེས་སུ་ཡི་རང་བ་ནི། ལེའུ་གཉིས་པ་ལས། ། ཨེ་མའོ་སངས་རྒྱས་ཨེ་མའོ་ཆོས། །ཞེས་རྐང་པ་བཞི་གསུངས་པའི་ཆེད་བརྗོད་ཀྱིས་བྱའོ། །ལེགས་སོ་འབུལ་བ་ཡང་རྒྱུད་ཕྱི་མ་ལས། འདུས་པ་གསང་བ་ལས་བྱུང་བ། །ཞེས་པ་བཞི་དང་ལེགས་སོ་ལེགས་ཞེས་པའི་རྐང་པ་བཞིས་བྱའོ། །བཤད་རྒྱུད་རྡོ་རྗེ་འཕྲེང་ བ་གསུངས་ཟིན་པའི་མཐར། སྟོན་པའི་ལེགས་བཤད་མིག་སྨན་དང༌། མིག་ཐུར་ལྟ་བུས་འཁོར་རྣམས་ཀྱི་འཁྲུལ་པའི་ལོང་བ་བསལ་ནས་ཡང་དག་པའི་དོན་མཐོང་བ་ན་འཁོར་རྣམས་ཀྱིས་ཡང་དང་ཡང་དུ་ཕྱག་བྱས་ཏེ་མིག་མཆི་མ་དང་བཅས་པས་ ལན་གསུམ་དུ་བསྐོར་བ་བྱས་ནས་རྡོ་རྗེ་འཆང་ལ་ཡང་དག་པར་བསྟོད་པའི་ཚིག །ཨེ་མའོ་ཀུན་འགྲོ་ཀུན་དབང་ཕྱུག །ཞེས་པའི་ཚིགས་སུ་བཅད་པ་བཞིས། བསྟོད་པ་ཡང་བསྟོད་པའི་སྐབས་སུ་བྱས་ན་ཤིན་ཏུ་ལེགས་སོ། །རྒྱུད་དེར་བསྟོད་པ་ཟིན་མ་ ཐག་བཅོམ་ལྡན་འདས་ཀྱི་སྐུ། འཇིག་རྟེན་གསུམ་རྒྱལ་གྱི་ཁྲོ་བོའི་སྐུར་གྱུར་ཏེ་ཁྲོ་བོ་བཅུ་བཀུག་ནས་རྒྱུད་ཀྱི་བཤད་པའི་རིང་དུ་གནས་པ་དང༌། དེ་ལྟར་བྱེད་པ་རྣམས་ལ་རྒྱུན་ཏུ་བགེགས་ཀུན་ལས་སྲུངས་ཤིག་ཅེས་བཀའ་བསྒོས་ཤིང༌། ཡུལ་ཁམས་ དེར་བསྲུངས་བའི་དོན་དུ་ཁྲོ་བོ་རང་རང་གི་འཕྲེང་སྔགས་ཀྱིས་ཁྲོ་བོ་རྣམས་ལ་གཏོར་མ་དབུལ་བར་གསུངས་པ་ལྟར། ཁམས་གསུམ་རྣམ་རྒྱལ་གྱི་རྣལ་འབྱོར་ལ་གནས་ནས་ཁྲོ་བོ་བཅུ་ལ་གཏོར་མ་ཕུལ་ཏེ་བཀའ་བསྒོ་བའི་ཚིག །རྒྱུད་ལས་གསུངས་པ་བཞིན་ 5-3-137a དུ་བྱས་ན་ཁྱད་པར་ཆེའོ། །དེ་ནས་འདུས་པ་ལས་བརྩམས་པའི་བསྔོ་བ་དང་སྨོན་ལམ་དང་ཤིས་བརྗོད་བྱས་ཏེ། ཕྱོགས་དུས་ཀུན་ཏུ་བཀྲ་ཤིས་དང་བདེ་ལེགས་ཀྱི་དཔལ་རྒྱུན་མི་འཆད་དུ་འབྱུང་བར་བྱའོ། །ལེའུ་བཅུ་བདུན་ པའི་མཐའ་གཅོད་དོ།། །།གང་གིས་རྨད་བྱུང་ཐམས་མཁས་ཀྱིས། །ཉོན་མོངས་རྒྱ་མཚོ་བྱིང་བ་ཡང༌། །ཚེ་འདི་ཉིད་ལ་རྒྱལ་གནས་སུ། །བདེ་བླག་ཉིད་དུ་འཁྲིད་པའི་ཐབས། །རྣལ་འབྱོར་བླ་ན་མེད་པའི་རྒྱུད། །དུང་ཕྱུར་གཉིས་དང་བྱེ་བ་གཉིས། ། ལེགས་པར་གསུངས་པའི་རྒྱུད་ཀུན་གྱི། །བླ་ལ་ལས་ཀྱང་བླ་མ་སྟེ། །སྙིང་པོ་ལས་ཀྱང་སྙིང་པོ་མཆོག །འཇིག་རྟེན་གསུམ་གྱི་རིན་ཆེན་གཅིག །དབང་པོ་རྣོན་པོའི་མཐར་ཐུག་པའི། །འཇུག་ངོགས་དཔལ་ལྡན་འདུས་པའོ། །རྣམ་དཀར་ལས་ ཀྱིས་འཕངས་པའི་ལུས་ཐོབ་ཀྱང༌། །ཆོས་འདིའི་མིང་ཙམ་ཐོས་པའི་སྐལ་མེད་མང༌། །གསུང་རབ་མཐར་ཐུག་ཡིན་ཞེས་ཐོས་མོད་ཀྱང༌། །ཐོས་བསམ་བསྒོམ་པས་འཇུག་པའི་སྐལ་བ་མེད། ཚུལ་འདིར་ཞུགས་ཀྱང་ཇི་བཞིན་མི་རྟོགས་པས། ། རིན་ཆེན་གླིང་སོན་སྟོང་པར་ལོག་པའང་མང༌། །ད་ལྟའི་དུས་འདིར་གྲུབ་ཆེན་ཀླུ་སྒྲུབ་ཀྱི། །དགོངས་པ་སྐོང་བྱེད་དཔལ་ལྡན་འཕགས་པ་ལྷ། །ཀླུ་བྱང་ཤཱཀྱ་བཤེས་གཉེན་ཟླ་གྲགས་ཀྱི། །ལེགས་པར་བཤད་པའི་མིག་སྨན་བསྟེན་པ་ཡིས། ། བློ་མིག་རབ་རིབ་བསལ་བས་བཤད་རྒྱུད་ལྔས། །རྩ་རྒྱུད་བཤད་པའི་གནད་དོན་གསལ་བར་མཐོང༌། །གང་གི་ཕྲིན་ལས་ཟེགས་མའི་ཆ་ཤས་ཙམ། །སྙིང་ལ་ཞུགས་པ་ཡིས་ཀྱང་རྙེད་དཀའ་བ། །ཤིན་ཏུ་སྦས་དོན་ལྷང་ངེར་གསལ་མཛད་པ། ། 5-3-137b འཇམ་དབྱངས་བླ་མའི་དྲིན་གྱིས་རྟག་སྐྱོངས་ཤིག །འདི་འདྲའི་ཐེག་མཆོག་དགའ་སྟོན་མྱོང་བའི་ཚེ། །ལམ་མཆོག་འདི་ཡིས་ཉིན་མཚན་མི་འདའ་བར། །ཤིང་གི་སྣོད་དུ་བསྐོལ་བ་ཇི་བཞིན་དུ། །དང་པོ་གང་ཡིན་ཐ་མར་འགྱུར་བ་ཡི། །ཚེ་འདིའི་ཕུན་ ཚོགས་ལྷུར་ལེན་སུ་ཞིག་ཡོད། །སྦུན་པ་འཕྱར་ལ་ཀུན་ནས་འབད་པ་བཞིན། །སྙིང་པོ་མེད་པའི་བྱ་བས་གཡེངས་གཡེངས་ནས། །དོན་ཆེན་སྒྲུབ་པ་སུ་ཞིག་ཡལ་བར་འདོར། །འདོད་ལྡན་སྙིང་ལ་སྨིན་ལེགས་གཟུགས་ཀྱིས་བཞིན། །གང་ ཞིག་མཐོང་ཞིང་དེ་དོན་བསམས་པ་ན། །མཁས་པའི་ཡིད་ནི་རབ་ཏུ་འཕྲོག་བྱེད་པའི། །གཞུང་འདིར་འབད་ལས་བདག་གིས་དཀར་པོའི་ལས། །ཇི་སྙེད་བསགས་པ་དེ་ཡིས་འགྲོ་ཀུན་གྱིས། །ཤིན་ཏུ་དབྱེ་བར་དཀའ་བའི་རྒྱུད་སྡེའི་གནད། ། ཇི་བཞིན་ལེགས་པར་རྟོགས་ནས་དེ་ཡི་དོན། །བསྒྲུབས་པས་རྡོ་རྗེ་འཛིན་པའི་སར་བགྲོད་ཤོག །ཇི་སྲིད་གླིང་གི་པདྨ་འདབ་བརྒྱད་ཀྱི། །ཟེའུ་འབྲུར་ལྷུན་པོ་གནས་པ་དེ་སྲིད་དུ། །ལེགས་བཤད་འདིས་ཀྱང་སྐལ་བཟང་འགྲོ་བ་ལ། ། ལམ་གྱི་མཐར་ཐུག་རིང་དུ་གནས་བྱེད་ཤོག །བདག་ཀྱང་དེང་ནས་ཚེ་རབས་ཐམས་ཅད་དུ། །ལམ་གྱི་མཐར་ཐུག་འདི་དང་མི་འབྲལ་ཞིང༌། །ལེགས་ཚོགས་ཀུན་གྱི་རྩ་བ་ཟླ་མེད་པ། །བཤེས་གཉེན་དམ་པ་རྟག་ཏུ་མཉེས་བྱེད་ཤོག ། རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྒྱ་ཆེར་བཤད་པ་སྒྲོན་མ་གསལ་བའི་དཀའ་བའི་གནས་ཀྱི་མཐའ་གཅོད་རིན་པོ་ཆེའི་མྱུ་གུ་ཞེས་བྱ་བ་འདི་ནི་དཔལ་གསང་བ་འདུས་པའི་རྣལ་འབྱོར་པ་མང་དུ་ཐོས་པའི་དགེ་སློང་ཤར་ 5-3-138a ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས། འཕགས་པ་ཡབ་སྲས་ལྔའི་སྔགས་དང༌ཕ་རོལ་ཏུ་ཕྱིན་པའི་གཞུང་ཀུན་ལ་རིང་དུ་ལེགས་པར་སྦྱངས་ཤིང༌། ཁྱད་པར་དུ་གསང་བ་འདུས་པ་འཕགས་པའི་ སྐོར་བོད་དུ་འགྱུར་རོ་ཅོག་དང༌། མར་འགོས་ཀྱི་ལུགས་ཀྱི་བཤད་པ་དང༌གདམས་ངག་རྣམས་ལའང་འདྲིས་པར་བྱས་ནས། །རྩ་བ་དང་བཤད་པའི་རྒྱུད་རྣམས་ལེགས་པར་སྦྱོར་བའི་ཚུལ་ལ་མི་འཇིགས་པའི་སྤོབས་པ་རྙེད་པའི་ཚེ། འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་སྦྱར་བའོ།། །། 5-3-138b empty page 5-4-1a ༄༅། །འདུས་པའི་བཤད་རྒྱུད་ལྷ་མོ་བཞིས་ཞུས་ཀྱི་རྒྱ་ཆེར་བཤད་པ་སྲོག་རྩོལ་གྱི་དེ་ཁོ་ན་ཉིད་གསལ་བ་ཞེས་བྱ་བ་བཞུགས་སོ།། 5-4-1b དཔལ་ཐམས་ཅད་གསང་བའི་རྒྱུད་ཀྱི་དུམ་བུ་ལྷ་མོ་བཞིས་ཡོངས་སུ་ཞུས་པའི་རྒྱ་ཆེར་བཤད་པ་སྲོག་རྩོལ་གྱི་དེ་ཁོ་ན་ཉིད་གསལ་བ་ཞེས་བྱ་བ། ཟབ་ཅིང་རྒྱ་ཆེའི་གསུང་རབ་ལྟ་བའི་ མིག །ལྟ་བ་ངན་པའི་རབ་རིབ་དང་བྲལ་བ། །ལེགས་པར་སྩོལ་མཛད་འཇམ་དབྱངས་བླ་མ་ཡི། །ཞབས་པད་དྲི་མ་མེད་ལ་མགོས་ཕྱག་འཚལ། །ཤིན་ཏུ་རྟོགས་དཀའ་རྟོགས་ན་རྒྱུད་སྡེའི་གནད། །ཇི་ བཞིན་ཁྲོལ་བའི་མན་ངག་མཐར་ཐུག་པ། །མགོན་པོ་ཀླུ་སྒྲུབ་ཡབ་སྲས་མན་ངག་ལ། །རིང་དུ་གོམས་ལས་རྒྱུ་སྡེའི་གནད་མཐོང་ནས། །རྒྱུད་ཀྱི་སྟོན་པ་རྡོ་རྗེ་འཆང་དབང་ལ། །ཟག་མེད་དགྱེས་པ་ བསྐྱེད་པའི་བཙུན་མོ་མཆོག །སྤྱན་སོགས་ལྷ་མོ་བཞི་ཡིས་ཞུས་པའི་རྒྱུད། །ཇི་བཞིན་གསལ་བར་བདག་གིས་བཤད་པར་བྱ། །ཚིག་ཉུང་དོན་རྒྱས་དཔག་དཀའ་འདུས་པའི་དོན། །རྡོ་རྗེ་འཆང་ 5-4-2a གི་རང་གི་རྣམ་བཤད་ཀྱིས། །ལེགས་པར་ཕྱེ་བ་བཞིན་དུ་ཞེས་འདོད་ན། །དོན་ཟབ་འདི་ནི་གུས་པའི་ཡིད་ཀྱིས་ཉོན། །འདིར་དཔལ་གསང་བ་འདུས་པའི་བཤད་པའི་རྒྱུད་ལྷ་མོ་ བཞིས་ཞུས་པ་འཆད་པ་ལ་བཞི། །མཚན་གྱི་དོན། འགྱུར་གྱི་ཕྱག། གཞུང་དོན་དངོས། མཇུག་གི་དོན་ནོ། །དང་པོ་ནི། རྒྱུད་འདིའི་མཚན་ལ་རྒྱ་གར་གྱི་སྐད་དུ་ཙ་ཏུར་དེ་བ་ཏི་པ་རི་པྲིཙྪ་ཞེས་པ་བོད་ཀྱི་སྐད་ དུ་བསྒྱུར་ན། ཙ་ཏུར་ནི་བཞི་དང༌། དེ་བ་ཏི་ནི་ལྷ་མོ་དང༌། པ་རི་ནི་ཡོངས་སུ་དང༌། པྲིཙྪ་ནི་ཞུས་པ་སྟེ། སྤྱན་མ་ལ་སོགས་པའི་ལྷ་མོ་བཞིས་ཡོངས་སུ་ཞུས་པའོ། །གཉིས་པ་ནི། དཔལ་ཞེས་སོགས་ཏེ་ དཔལ་ནི་ཚོགས་གཉིས་ཡོངས་སུ་རྫོགས་པ་ཡིན་ལ། རྡོ་རྗེ་སེམས་དཔའ་ནི་འཆད་པར་འགྱུར་ཞིང༌། །ལྷག་མ་ནི་གོ་སླའོ། །གསུམ་པ་ལ་གཉིས། སྤྱིའི་དོན། ཡན་ལག་གི་དོན་ནོ། །དང་པོ་ལ་གསུམ། 5-4-2b གླེང་གཞི་མ་གསུངས་པའི་རྒྱུ་མཚན། གཞན་འཇུག་པའི་ཡན་ལག་དགོས་འབྲེལ། འདུས་པའི་བཤད་རྒྱུད་དུ་འགྲོ་ཚུལ་ལོ། །དང་པོ་ནི། རྒྱུད་འདིའི་མགོར་འདི་སྐད་བདག་ཐོས་སོགས་ཀྱིས་གླེང་གཞི་མ་གསུངས་པའི་རྒྱུ་མཚན་གང་ཡིན་ཞེ་ན། འདི་ ལ་ཡེ་ཤས་སྙིང་པོས་མཛད་ཟེར་བའི་འགྲེལ་པ་ལས་འདི་ནི་འདུས་པའི་རྒྱུད་ཡིན་པས་རྩ་བའི་མདོར་གླེང་ཞེ་གསུངས་པས་ཉེས་པ་མེད་དོ། །ཞེས་འཆད་པ་ནི། རྒྱུད་འདི་འདུས་པའི་རྒྱུད་ཀྱི་དུམ་བུ་ཡིན་པ་ནི་འདོད་དུ་མི་རུང་བས། དེའི་བཤད་རྒྱུད་ལ་བསམ་ པར་མངོན་ལ། དེ་ལྟ་ནའང་རྩ་རྒྱུད་དུ་གླེང་གཞི་གསུངས་ཀྱང་བཤད་རྒྱུད་ལ་འདི་སྐད་བདག་ཐོས་སྨོས་པ་འདས་པ་དང༌། རྡོ་རྗེ་ཕྲེང་བ་དང༌། ཀྱཻ་རྡོར་དང༌། སཾ་བྷུ་ཊ་ལྟ་བུ་མང་བས་རྒྱུ་མཚན་དེ་མ་ངེས་སོ། །དེས་ན་སྨྲི་ཏིས་མཛད་ཟེར་བའི་འགྲོལ་པ་ལས་རྒྱུད་ འདི་གསང་བའི་མཆོག་ཅེས་བྱ་བ་སྟོང་ཕྲག་གཅིག་བཞུགས་པའི་རྒྱུད་ཕྱི་མར་བཤད་པ་ལྟར། འདི་ཐམས་ཅད་གསང་བའི་རྒྱུད་ཀྱི་དུམ་བུ་ཕྱི་མ་གཅིག་ཏུ་འདུག་པས་གླིང་གཞི་མ་གསུངས་པར་མངོན་ཏེ། འདུས་པའི་རྒྱུད་ཕྱི་མ་བཞིན་ནོ། །རྒྱུད་སྔ་མ་གཅིག་ གི་དུམ་བུ་ཡིན་པ་ནི་འདི་ཉིད་ཀྱི་ལེའུ་བཞི་པ་ལས་ཤེས་ལ། ཐམས་ཅད་གསང་བའི་མཆོག་ཅེས་བྱ་བའི་རྒྱུད་ཡིན་པར་ནི་རྒྱུད་འདི་ཉིད་ལས་གསལ་ལོ། །རྒྱུད་འདིའི་འགྲེལ་པ་ཡེ་ཤེས་སྙིང་པོས་མཛད་ཟེར་བ་ལས། བྱང་ཆུབ་ཀྱི་སེམས་ཀྱི་ཚིག་དོན་ འཆད་པ་ན། བྱང་ཡིག་རྡོ་རྗེ་ཞེས་གསུངས་ཏེ། །ཡི་གེ་ཆུབ་ནི་གཟུགས་མའི་ཚིག །སེམས་ཡིག་ཞུ་བར་གསུངས་པ་སྟེ། །ཡི་གེ་པ་ནི་བདེ་བ་ཆེ། །ཞེས་པའི་ལུང་དྲངས་ནས་བཤད་པ་དང༌། །སྨྲི་ཏིས་མཛད་ཟེར་བའི་འགྲེལ་པ་ལས་ཀྱང༌། །ལུང་དེ་ 5-4-3a གསང་བའི་ཐིག་ལེའི་རྒྱུད་ལས་གསུངས་པར་བཤད་ཅིང༌། རྡོ་རྗེ་སེམས་དཔའ་ཞེས་པའི་འབྲུ་འཇོག་པ་ན། རྡོ་དང་རྗེ་དང་སེ་དང་མདངས་དང་པ་དྲུག་གི་དོན། མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔ་དང༌། རྣམ་སྣང་ལ་སོགས་ པའི་རིགས་ལྔ་དང༌། དེ་རྣམས་ལྡན་པའི་དོན་ལ་བཤད་སྣང་བས། རྒྱ་གར་བའི་གཞུང་ཁུངས་མ་ཡིན་པ་ལ་ཐེ་ཚོམ་ཟ་བར་སྣང་སྟེ། བླ་མ་དེ་དག་ནས་བརྒྱུད་པའི་མན་ངག་ཡོད་པའི་བོད་གཅིག་གིས་བཤད་དམ། ཡང་ན་བཤད་པ་དེ་དག་བོད་ཀྱིས་བཅུག་ པ་ཡིན་པ་འདྲའོ། །གཉིས་པ་ནི་དགོས་པ་ལ་སོགས་པ་མ་མཐོང་བའི་གཞུང་ལ་ནི་དད་པའི་རྗེས་སུ་འབྲང་བ་རྣམས་ཀྱང་འཇུག་པར་མི་འགྱུར་ན། ཆོས་ཀྱི་རྗེས་སུ་འབྲང་བ་རྣམས་ལྟ་སྨོས་ཀྱང་ཅི་དགོས། དེའི་ཕྱིར་རྒྱུད་འདི་ལ་ཐོག་མར་དགོས་པ་ལ་སོགས་ པ་བཞི་བརྗོད་པར་བྱ་དགོས་ན། བརྗོད་པར་བྱ་བ་ནི་གང་ཞིག །དགོས་པ་ནི་ཇི་ལྟ་བུ། དགོས་པའི་དགོས་པ་ནི་ཅི་ཞིག འབྲེལ་བ་ནི་གང་སྙམ་ན། བརྗོད་པར་བྱ་ནི་ཆོས་ཀྱི་དབྱིངས་འཕྲོ་བ་དང༌། ཆོས་ཀྱི་དབྱིངས་ཀྱི་རིམ་པ་དང༌། ཆོས་ཀྱི་དབྱིངས་བསྡུ་བ་ དང༌། ཆོས་ཀྱི་དབྱིངས་ཀྱི་དོན་བསྒྲུབ་པ་བཞི་ཡན་ལག་དང་བཅས་པའོ། །དགོས་པ་ནི་རྒྱུད་འདི་ལ་བརྟེན་ནས་དོན་དེ་རྣམས་ལེགས་པར་རྟོགས་པའོ། །དགོས་པའི་དགོས་པ་ནི་དོན་དེ་ཁོང་དུ་ཆུད་ནས་ཉམས་སུ་བླངས་པས་རྫོགས་པའི་སངས་རྒྱས་ ཐོབ་པའོ། །འབྲེལ་བ་ནི་ཉིང་དགོས་དགོས་པ་དང༌། བརྗོད་བྱའི་དོན་རྟོགས་བརྗོད་བྱེད་གཞུང་ལ་རག་ལས་པའོ། །གསུམ་པ་ལ་གཉིས། རྩ་རྒྱུད་ཀྱི་དོན་གང་བཤད་པ། བཤད་རྒྱུད་ནང་ཕན་ཚུན་སྦྱར་བས་ངེས་པ་བསྐྱེད་པའི་ཚུལ་ལོ། །དང་པོ་ལ་ 5-4-3b གཉིས། །མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། རྒྱུད་འདི་ཐམས་ཀྱི་རྒྱུད་ཡིན་པར་ནི་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། །འདོད་ཆགས་ཆེན་པོའི་ཐབས་རྒྱུད་ཀྱི་དབྱེ་བ་བྱས་པའི་སྐབས་སུ། ལྷ་མོ་བཞིས་ཞུས་བརྒྱ་བདུན་ཅུ། ཞེས་གསུངས་ ལ། །འདུས་པའི་བཤད་རྒྱུད་ཡིན་པར་ནི་རིམ་ལྔ་ལས་གསུངས་སོ། །བཤད་རྒྱུད་དུ་འགྲོ་བ་ལ་ནི་རྩ་རྒྱུད་ཀྱི་རིམ་གཉིས་ཡན་ལག་དང་བཅས་པ་གཉིས་ཀའམ། གང་རུང་གཅིག་བཤད་གཞིར་བཟུང་ནས་གཙོ་བོར་འཆད་པ་ཞིག་དགོས་ལ། རྒྱུད་འདིས་འདུས་ པའི་རིམ་གཉིས་ཡན་ལག་དང་བཅས་པ་གཉིས་ཀ་འཆད་མོད་ཀྱང་གཙོ་བོར་འཆད་པ་ནི་རྫོགས་ནི་མ་ཡིན་ལ། དེ་ཡང་རྡོ་རྗེ་བཟླས་པ་དང༌། བདག་བྱིན་གྱིས་བརླབ་པ་དང༌། མངོན་པར་བྱང་ཆུབ་པ་དང༌། ཟུང་འཇུག་གི་རིམ་པ་རྣམས་ཀྱང་སྟོན་མོད་ཀྱང༌། གཙོ་ བོར་ནི་སྲོག་རྩོལ་གྱི་གནད་རྣམས་གསལ་བར་འཆད་དོ། །གཉིས་པ་ལ་གཉིས། རྩ་རྒྱུད་ཀྱི་བསྐྱེད་རིམ་ཇི་ལྟར་བཤད་པ། རྩ་རྒྱུད་ཀྱི་རྫོགས་རིམ་ཇི་ལྟར་བཤད་པའོ། །དང་པོ་ནི། དེ་ལ་འདིས་རིམ་པ་དང་པོ་ཡན་ལག་དང་བཅས་པ་བཤད་པའི་ཚུལ་ ནི། ལེའུ་དང་པོར་སངས་རྒྱས་ཀྱི་སྐུས་བརྒྱན་པའི་རྡོར་སེམས་ཡུམ་དང༌། སྙོམས་པར་ཞུགས་པ་ལས་བྱང་ཆུབ་ཀྱི་སེམས་ཡུམ་གྱི་ཆོས་འབྱུང་དུ་སྤྲོས་པར་གསུངས་པས་ནི། དང་པོ་སྦྱོར་བའི་སྐབས་སུ་སྤྲུལ་སྐུ་རྡོར་སེམས་སུ་བསྒྱུར་ བ་ལ་ལུས་དཀྱིལ་བཀོད་པ་དང༌། འདུ་བྱས་པའི་རིག་མ་དང་སྙོམས་པར་ཞུགས་ནས་བྱང་ཆུབ་ཀྱི་སེམས་པད་མར་ཕྱུང་བ་བསྟན་ལ། ལེའུ་གསུམ་པར། ཆུ་ཁམས་པ་ལས་སྐྱེས་ཞེས་བྱ། །ཞེས་སོགས་ཚིགས་བཅད་གསུམ་གསུངས་ 5-4-4a པ་ཡང༌། རྣམ་གཞག་རིམ་པར་ལུས་དཀྱིལ་གྱི་སྐབས་སུ་དྲངས་པས་དེས་ཀྱང་ལུས་དཀྱིལ་སྟོན་ལ། །ལེའུ་བཞི་པར་ལུས་དཀྱིལ་བཤད་པའི་ཕྱོགས་འགས་ཀྱང་སྟོན་ཞིང༌། སྐབས་དེར་རིག་མ་དང་སྙོམས་པར་འཇུག་ པ་ཡང་བསྟན་ཏོ། །དཀྱིལ་འཁོར་རྒྱལ་མཆོག་གི་སྐབས་སུ་ཡུམ་གྱི་པདྨར་བྱང་སེམས་ཕྱུང་བའི་ཐིག་ལེ་ལྷ་སོ་སོའི་སྔགས་སུ་གྱུར་པ་ནི་ལེའུ་གསུམ་པ་ལས། ཆ་ཤས་གཉིས་པ་དང་ལྡན་པ། ཞེས་སོགས་ཚིག་བཅད་གསུམ་གྱིས་ སྟོན་ཏེ། སྒྲོན་གསལ་ལས། ཚིགས་བཅད་དང་པོ་གཉིས་ཀྱི་དོན་དེ་ལ་བཤད་པས་སོ། །ཚིགས་བཅད་ཕྱི་མའི་དོན་ནི་གཞུང་གི་སྐབས་སུ་གསལ་བར་འཆད་དོ། །ལེའུ་བཞི་པར་བྱང་སེམས་དང་བྷ་གའི་དཀྱིལ་འཁོར་གཉིས་གསུངས་ པའི་དོན་ནི་ཚིག་དོན་གྱི་སྐབས་སུ་འཆད་པར་འགྱུར་རོ། །ལས་རྒྱལ་མཆོག་གི་སྐབས་ཀྱི་འོག་སྒོའི་ཐིག་ལེ་ཕྲ་མོ་ནི། ལེའུ་དང་པོའི་སྐབས་ཀྱིས་མཚན་ཉིད་མཚུངས་པའི་ཚུལ་གྱིས་བསྟན་པར་སྦྱོར་ན་རུང་ལ། བཟླས་པ་ནི་ལེའུ་གསུམ་ པའི་སྔགས་འདུས་པ་དྲིས་པའི་ལན་གྱི་ཕྱོགས་གཅིག་གིས་ཀྱང་སྟོན་དུ་རུང་ངོ་། །གླུས་བསྐུལ་བའི་ངོར་བཞེངས་པ་ལ་ཉེར་སྤྱོད་དང་འདོད་ཡོན་དང་གསང་མཆོད་ཀྱི་མཆོད་པ་ནི་ལེའུ་བཞི་པར་མཆོད་པ་ཞུས་པའི་ལན་གྱིས་བསྟན་ཏོ། །ཁ་ ཟས་ཀྱི་རྣལ་འབྱོར་གྱི་ཕྱོགས་གཅིག་ཕན་ཡོན་དང་བཅས་པ་ལེའུ་བཞིན་པའི་ནང་གི་སྦྱིན་སྲེག་གིས་བསྟན་པ་ནི་མདོར་བྱས་སུ་གསུངས་ལ། ཟ་བ་དང་སྤྱོད་ལམ་གྱི་དུས་ཀྱི་རང་ལྷར་བསྒོམ་པ་ནི། གང་ཡང་འགའ་ཞིག་ཞི་བའི་ལས། ། 5-4-4b ཞེས་པའི་རྐང་པ་དྲུག་གིས་བསྟན་ཏོ། །དེ་ལྟར་ལྷའི་རྣལ་འབྱོར་བསྒོམས་པས་ནུས་པ་རྙེད་པ་ན་ཞི་སོགས་ཀྱི་ལས་རབ་འབྱམས་སྦྱིན་སྲེག་སོགས་ཀྱིས་སྒྲུབ་པ་ཡང་། ལས་རྒྱལ་མཆོག་ཏུ་མདོ་བསྲེ་ལས་གསུངས་ལ། དེ་ནི་ལེའུ་བཞི་པར་ རྫས་ཀྱིས་སྒྲུབ་པ་དང་སྔགས་ཀྱིས་སྒྲུབ་པ་དང༌། ཕྱིའི་སྦྱིན་སྲེག་གིས་ཅི་རིགས་པར་བསྟན་ཏོ། །དེ་ལྟར་རིམ་པ་དང་པོའི་ཏིང་ངེ་འཛིན་གྱི་དོན་བསྟན་པ་དེ་དག་གིས་རྩ་བའི་རྒྱུད་ཀྱི་གཞུང་གང་འཆད་པ་ནི་གོ་བར་སླ་ལ། དོན་ཕྲ་བ་འགའ་ཞིག་བསྟན་ པ་ནི་ཚིག་དོན་གྱི་སྐབས་སུ་འཆད་དོ། །གཉིས་པ་ནི། རྩ་རྒྱུད་ལས་ཕུང་པོ་ལྔ་རིགས་ལྔར་བཤད་པ་སོགས་ཀྱི་གཞུང་གིས་ལུས་དབེན་ཡང་བསྟན་པར་སྤྱོད་བསྡུས་ལས་གསུངས་པས། འདིར་ལུས་དཀྱིལ་བཤད་པ་ལུས་དབེན་ལ་སྦྱར་དུ་ རུང་བས་སྦྱོར་ནའང་། སྦྱར་བར་བྱའོ། །རྡོ་རྗེ་བཟླས་པ་ལ་གཉིས་ལས། རླུང་གི་དེ་ཉིད་ནི། རྩ་རྒྱུད་ལེའུ་གསུམ་པ་ལས་སྣའི་རྩེ་མོར་ཡུངས་ཀར་གྱི་འབྲུ་ཙམ་གྱི་རིན་ཆེན་ཁ་དོག་སྣ་ལྔ་པ་དང༌། ལེའུ་དྲུག་པ་ལས། སྣའི་རྩེ་མོར་ ཡུངས་ཀར་བསྒོམ་པར་གསུངས་པ་གཉིས་ཀྱིས་རླུང་གི་དེ་ཉིད་མི་གསལ་བར་བསྟན་པ་རྒྱུད་འདིའི། དེ་ཉིད་ཡེ་ཤེས་ལྔ་ཡི་དངོས། ཞེས་པའི་རྐང་པ་བཞིས་སྟོན་པར་རིམ་ལྔ་ལས་གསུངས་སོ། །དེ་ནི་མཚོན་པ་ཙམ་སྟེ། དེའི་ གོང་གི། བྱང་ཆུབ་སེམས་དག་ཅེས་པའི་རྐང་པ་གཉིས་དང༌། འོག་གི་ཕྱེད་ཚད་ཙམ་གྱི་ཞེས་སོགས་དང་པོའི་འབྱུང་ཁུངས་དང༌། འོངས་པའི་ལམ་དང༌། ཕྱིར་སྡུ་པ་དྲིས་པའི་ལན་གསུམ་ཞར་བྱུང་དང་བཅས་པས་རླུང་གི་དེ་ 5-4-5a ཉིད་སྙིང་གའི་མི་ཤིགས་པའི་ཐིག་ལེ་དང་བཅས་པ་བསྟན་ཏོ། །དེ་ཡང་ལེའུ་དང་པོར་དཀྱིལ་འཁོར་བཞིའི་རླུང་སོ་སོར་མ་ཕྱེ་བར་བསྟན་ལ། ལེའུ་གཉིས་པའི་བྱང་ཆུབ་སེམས་ཀྱི་རིམ་པ་ཡིས། །ཁ་སྙིང་ལྟེ་བ་ གསང་བ་ལ། །ཞེས་སོགས་ཀྱིས་ལེའུ་དང་པོར་བཤད་པའི་ཡེ་ཤེས་ལྔའི་ངོ་བོ་ཉིད་ཀྱི་རླུང་ལ་དཀྱིལ་འཁོར་བཞིའི་རླུང་དུ་ཕྱེ་ནས་མི་ཤིགས་པའི་ཐིག་ལེ་ལས། འགྲོ་འོང་བྱེད་ཚུལ་ལ་སོགས་པ་གསལ་བར་བསྟན་ཏོ། །རྡོར་བཟླས་བྱེ་ དཔའི་བྱེད་ཚུལ་གྱི་གནད་ཐུན་མོང་མ་ཡིན་པ་ལེའུ་དང་པོ་གཉིས་ཀྱི་གཞུང་དེ་དག་གིས་བསྟན་པ་ནི་ཚིག་དོན་གྱི་སྐབས་སུ་འཆད་དོ། །དེ་ནས་སྔགས་ཀྱི་དེ་ཉིད་ནི། བཅུ་གཉིས་ལྔ་ཡི་ལྔ་པ་ཡང༌། །ཞེས་སོགས་ཀྱིས་བསྟན་ཏོ། །རྡོར་བཟླས་བྱས་པའི་ ནང་གི་རྐྱེན་དང༌། ཕྱིའི་ཕྱག་རྒྱལ་བརྟེན་ནས་རོ་རྐྱང་གི་རླུང་དང༌། བྱང་ཆུབ་ཀྱི་སེམས་ཨ་བ་དྷཱུ་ཏཱིར་སྡུད་ཅིང་རོ་མཉམ་དུ་བྱེད་པ་ནི་ལེའུ་གསུམ་པར་ཆོས་ཀྱི་དབྱིངས་བསྡུས་བ་དང༌། །རྡོ་རྗེ་གསུམ་གྱི་ལན་གཉིས་དང༌། ཁམས་གཉིས་རོ་མཉམ་ དུ་ཇི་ལྟར་འགྱུར་དྲིས་པའི་ལན་གྱི་ཕྱོགས་གཅིག་གིས་སྟོན་ཏོ། །སེམས་ཅན་སྐྱེ་བའི་རིམ་པའི་ཞུས་ལན་གྱིས་སྒྱུ་ལུས་གང་ལས་བསྒྲུབ་པའི་གཞི་བསྟན་ལ། འོད་གསལ་ལས་ལྡང་བའི་ཞུས་ལན་གྱིས་ཀྱང་མཚན་ཉིད་མཚུངས་པའི་སྒོ་ ནས་བདག་བྱིན་རླབས་སྟོན་དུ་རུང་ངོ་། །ལས་ཉོན་གྱི་གཞིའི་ཞུས་ལན་གྱིས་རྡོར་བཟླས་ཀྱི་དམིགས་པ་རླུང་གི་བྱ་བ་སྟོན་པ་ནི་ཚིག་དོན་གྱི་སྐབས་སུ་ཤེས་པར་བྱའོ། །འོད་གསལ་ལ་སྡོད་པའི་དྲི་བའི་སྐབས་དང༌། ལེའུ་བཞི་པའི་ཆོས་ 5-4-5b དབྱིངས་བསྒྲུབ་པའི་ལན་གྱིས་འོད་གསལ་སྟོན་ལ། འོད་གསལ་ལས་ལྡང་བའི་དྲི་བའི་ལན་གྱིས་ནི་ཟུང་འཇུག་གི་སྐུ་སྟོན་ནོ། །ལེའུ་དང་པོའི་མཇུག་ཏུ་ཕན་ཡོན་ལ་སོགས་པ་སྟོན་པ་དང༌། ལེའུ་གསུམ་པའི་གོང་བུའི་བསྡུ་བ་དང་རྡོར་སེམས་ཀྱི་རང་བཞིན་ཞུས་ པའི་ལན་ལ་སོགས་པ་རྣམས་ནི་ཚིག་དོན་གྱི་སྐབས་སུ་བཤད་པར་བྱའོ། །རྩ་རྒྱུད་ཀྱི་རྫོགས་རིམ་གྱི་གཞུང་གང་རྒྱུད་འདིས་བསྟན་པའི་ཚུལ་སྦྱོར་བ་རྣམས་ཀྱང་གལ་ཆེར་རྟོགས་པར་སླ་བས། ཐམས་ཅད་མ་བྲིས་སོ། །གཉིས་པ་ནི། རྩ་རྒྱུད་ཀྱི་དོན་ འཆད་པའི་བཤད་རྒྱུད་རྣམས་རིམ་པ་བཞིན་དུ་བསྒྲིགས་པ་ན། སྔ་མར་མི་གསལ་བ་ཕྱི་མར་གསལ་བར་སྟོན་པས། བཤད་རྒྱུད་ནང་ཕན་ཚུན་སྦྱར་བས་ངེས་པ་བསྐྱེད་པའི་གདམས་ངག་གི་རིམ་ལྔར་རླུང་གི་དེ་ཉིད་འཆད་པའི་སྐབས་སུ་རྒྱུད་ འདི་དང༌། རྒྱུད་ཕྱི་མ་དང༌། རྡོ་རྗེ་ཕྲེང་བ་གསུམ་རིམ་པར་བཀོད་པའི་སྐབས་ལས་ཤིན་ཏུ་གསལ་ལོ། །དེའི་མན་ངག་གིས་འདིར་ཡང་བཤད་ན། སྙིང་གའི་མི་ཤིགས་པ་དང༌། རྡོར་བཟླས་སྦྲག་པ་འདིར་བཤད་པ་འདིས། རྒྱུད་ཕྱི་མར། རང་ སྔགས་སྙིང་གར་བསམས་ནས་ནི། །སྲོག་ནི་ཐིག་ལེར་གནས་པར་བཞག། ཅེས་པ་དང༌། རྡོ་རྗེ་ཕྲེང་བར་གདོང་གི་སྣང་རྩེར་འོད་ཀྱི་ཐིག་ལེ་དང༌། སྙིང་གའི་སྣ་རྩེར་སྔགས་ཀྱི་ཐིག་ལེ་བསྒོམ་པར་བཤད་པ་དང༌། དགོངས་པ་ལུང་སྟོན་ལས། དང་ པོ་གཅིག་ནི་དགུ་དབུས་ན། །ཞེས་སོགས་གསུངས་པ་དང༌། རང་བཞིན་གྱིས་གྲུབ་དང་པོ་གཅིག །ཅེས་སོགས་དང༌། བདག་ཉིད་འདི་འདྲར་བྱས་ནས་ནི། །ཆོས་ཀྱི་དཀྱིལ་འཁོར་བྲི་བར་བྱ། །ཞེས་སོགས་རྣམས་ཀྱི་དོན་ཡང་རྒྱུད་འདིར་བཤད་ 5-4-6a པ་དང་། དོན་མཐུན་པར་གོ་ནུས་ལ། དེ་ལྟར་བྱ་དགོས་པའི་རྒྱུ་མཚན་ནི། རྡོར་ཕྲེང་གི་ལེའུ་དྲུག་པ་ལས་ཤིན་ཏུ་དབྱེ་བར་དཀའ་བའི་སྙིང་ཁའི་མདུད་པ་གྲོལ་བར་དུ་མདུད་པས་བཅིངས་པའི་ནང་གི་མི་ཤིགས་ པ་ལ་རླུང་སྡུད་པར་མི་ནུས་ཤིང༌། དེ་མ་ནུས་ན་དེར་རླུང་རྣམས་ཐིམ་པ་ལས་འོད་གསོལ་འཆར་བའི་རྟོགས་པ་བསྐྱེད་མི་ནུས་པས་རྩ་མདུད་དེ་དབྱེ་དགོས་པ་དང༌། དེ་འབྱེད་པ་རྡོར་བཟླས་ཀྱིས་བྱེད་པར་གསུངས་པས་ཤེས་སོ། །སྙིང་ ཁའི་རྩ་མདུད་འབྱེད་པ་ནི་དབུ་མའི་མདུད་པ་འགྲོལ་བ་ཐམས་ཅད་ཀྱི་གཙོ་བོ་གལ་ཆེ་ཤོས་ཡིན་པར་རྡོར་ཕྲེང་གི་སྐུ་གསུང་ཐུགས་ཀྱི་སྙིང་པོའི་ལེའུ་ལས་ཤེས་པས། འདུས་པའི་ལུགས་ཀྱིས་སྙིང་ཁར་གནད་དུ་བསྣུན་པ་ཉིད་ལུས་ལ་ གནད་དུ་བསྣུན་པའི་མཐར་ཐུག་ཏུ་བྱ་དགོས་པར་ཤེས་པ་ཡིན་ནོ། །རྡོར་བཟླས་ཀྱིས་སྙིང་ཁར་རླུང་བསྡུས་པའི་ཚེ་དེའི་སྡུད་རིམ་ལ་སྟོང་པ་བཞི་འཆར་བར་ནི་དགོངས་པ་ལུང་སྟོན་ལས། ཇི་ལྟར་འོ་མ་ཁྱབ་པར་ནི། །མར་གསར་གནས་ པར་གྱུར་པ་ཡིན། །དེ་བཞིན་གོས་དཀར་ལ་སོགས་ལ། །ཞི་བ་ཉིད་ནི་དེ་གནས་སོ། །ཞེས་འོ་མ་བཤིགས་པ་ལས་མར་གསར་འབྱུང་བ་ལྟར་གོས་དཀར་མོའི་རླུང་ཉིས་བརྒྱ་ནེར་ལྔ་ལ་སོགས་པའི་རྡོ་རྗེའི་བཟླས་པ་ལ་འབད་པ་ལས་ ཀྱང་། ཞི་བ་སྟེ་སྟོང་པ་བཅོ་བརྒྱད་ཀྱི་རྟོགས་པའམ། མདོར་བསྡུ་ན་སྟོང་པ་བཞིའི་ཏིང་ངེ་འཛིན་སྐྱེ་བར་གསུངས་པས་སྟོང་པ་བཞི་འཆར་པ། སྟོང་པ་བཞིའི་ངོ་བོ་ནི་བཤད་རྒྱུད་གཞན་ལས་ཀྱང་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ 5-4-6b གསལ་བས། དེ་ནས་གསུངས་པ་བཞིན་དུ་ཤེས་པར་བྱ་དགོས་སོ། །དེ་ལྟར་སྲོག་རྩོལ་གྱི་སྐབས་འདྲ་བ་གཅིག་ལའང་བཤད་རྒྱུད་ཕན་ཚུན་དུ་བཤད་པ་སྒྲིག་ཤེས་ན། རྩ་རྒྱུད་ཀྱི་དོན་རྣམས་རེ་རེ་འཆད་པ་ལ་ཡང་བཤད་རྒྱུད་སོ་སོས་དེས་ པ་མི་འདྲ་བ་བསྐྱེད་ཚུལ་རྣམས་ཤེས་པས། རྩ་རྒྱུད་གཅིག་ལའང་བཤད་རྒྱུད་མི་འདྲ་བ་མང་པོ་འོང་བའི་རྒྱུ་མཚན་རྣམས་ལ་ངེས་བརྙེད་ཅིང༌། གདམས་ངག་གི་མཐར་ཐུག་རྩ་རྒྱུད་ཡིན་པ་དང༌། དེ་ལྟར་ཡིན་པ་ལ་ངེས་པ་སྐྱེད་བྱེད་ བཤད་རྒྱུད་ལ་ཐུག་པ་དང༌། དེ་ལྟར་དངོས་པོ་ལ་གནས་ཀྱང་བླ་མའི་ཞལ་ནས་དེ་ལྟར་ཡིན་པར་འཆད་པ་མེད་ན་ཤིན་ཏུ་རྟོགས་དཀའ་བར་རིམ་ལྔ་ལས། དཔལ་ལྡན་འདུས་པའི་རྒྱུད་དུ་ནི། །དེ་ཉིད་འདི་དག་རྒྱས་བཏབ་གནས། །བཤད་ པའི་རྒྱུད་ཀྱི་རྗེས་འབྲངས་ནས། །བླ་མའི་ཁ་ལས་རྟོགས་པར་བྱ། །ཞེས་གསུངས་པ་དང༌། དེ་འདྲ་བ་ཤིང་རྟ་ཆེན་པོ་རྣམས་ཀྱིས་གསུངས་པ་ལ་རྨད་དུ་བྱུང་བའི་ངེས་པ་རྙེད་པར་འགྱུར་རོ། །དེ་ལྟར་གྱུར་ན་རྡོ་རྗེ་འཆང་གི་གདམས་པའི་ མཐར་ཐུག་རྩ་བ་དང་བཤད་པའི་རྒྱུད་རྣམས་གདམས་ངག་གཅིག་ཏུ་འཆར་ཞིང༌། རྩ་བཤད་ཀྱི་རྒྱུད་རྣམས་ལ་གོ་བ་འཕྲུལ་མར་ཆགས་པས་གདམས་ངག་ལ་ནང་བྱན་ཚུད་པ་ཞེས་པའི་མིང་དོན་དང་མཐུན་པ་ཐོབ་པ་ཡིན་ནོ། །བློ་གྲོས་ ཅན་གྱིས་ཕྱོགས་འདིས་རྩ་རྒྱུད་ཀྱི་དོན་ལྷག་མ་ལ་སྦྱོར་བ་ཡང་ཤེས་པར་བྱའོ། །རིམ་པ་འདི་ནི་འདུས་པར་མ་ཟད་རྒྱུད་གཞན་ལ་ཡང་འདྲ་བ་ཡིན་ནོ། །གཉིས་པ་ལ་བཞི། སྤྱན་མས་ཞུས་པའི་ལེའུ། མཱ་མ་ཀཱིས་ཞུས་པའི་ལེའུ། གོས་ 5-4-7a དཀར་མོས་ཞུས་པའི་ལེའུ། སྒྲོལ་མས་ཞུས་པའི་ལེའུའོ། །དང་པོ་ལ་ལྔ། དྲི་བའི་གཞི་གང་མཐོང་བ། དེ་མཐོང་ནས་ཇི་ལྟར་ཞུས་པ། ཞུས་པ་རྣམས་ལ་ལན་བཏབ་པ། ལན་བཏབ་པའི་དོན་བསྡུ་བ། ལེའུའི་མཚན་ བསྟན་པའོ། །དང་པོ་ལ་གཉིས། རྡོར་སེམས་ཡབ་ཡུམ་མཉམ་པར་བཞུགས་ཚུལ། གསང་བའི་ཆོས་འབྱུང་ལ་བྱང་སེམས་སྤྲོས་ཚུལ་ལོ། །དང་པོ་ནི། བཞུགས་ཞེས་དྲང་ངོ་། །གང་ན། རྣམ་རྟོག་གིས་མི་ཕྱེད་པའི་ཆོས་རྣམས་ཀྱི་རང་བཞིན་ མེད་པའི་སྟོང་པ་ཉིད་དང༌། སྙིང་རྗེ་ཆེན་པོ་ལྷན་ཅིག་སྐྱེས་པའི་བདེ་བ་གཉིས་ཡུལ་ཡུལ་ཅན་དུ་རོ་གཅིག་ཏུ་སྦྱོར་བའི་གོ་འཕང་མཆོག་ནི་རྒྱུད་ཀྱི་སྟོན་པ་རྡོ་རྗེ་སེམས་དཔའ་སྟེ་དེའོ། །དེའི་ཁྱད་པར་གཉིས་ལས་དང་པོ་ནི། སྤྱན་མ་ལ་སོགས་པའི་ལྷ་ མོ་བཞི་དང་མཉམ་པ་སྟེ་ཡང་དག་པར་ལྡན་པའོ། །འདིའི་འཕྲེལ་པ་ཆེ་ཆུང་གཉིས་ལས་མཉམ་པར་ལྡན་པའི་དོན་དབུས་ཀྱི་རྡོར་སེམས་ལ་ལྷ་མོ་བཞིས་མཚམས་བཞི་ནས་བསྐོར་བ་ལ་བཤད་ཅིང༌། འགྲེལ་པ་ཆེ་བ་ལས་ཡང་ན་བསྙེན་ པ་ལ་སྤྱན་མ། ཉེར་སྒྲུབ་ལ་མཱ་མ་ཀཱི། སྒྲུབ་པ་ལ་གོས་དཀར་མོ། སྒྲུབ་ཆེན་ལ་སྒྲོམ་མ་རང་གི་རེག་མར་བྱས་པ་ལ་བཤད་དོ། །ཞིང་ཞེས་པ་ནི་ཁྱད་པར་འོག་མ་སྡུད་པའོ། །ཁྱད་པར་གཉིས་པ་ནི། རྡོར་སེམས་དེ་ཡང་རྣམ་སྣང་ལ་ སོགས་པའི་སངས་རྒྱས་ཀྱི་གཟུགས་ཏེ་སྐུས་ཉེ་བར་བརྒྱས་པ་སྟེ། ལུས་ཀྱི་དཀྱིལ་འཁོར་དང་ལྡན་པའོ། །བྱ་བ་གང་ལ་བཞུགས་ན། ཤིན་ཏུ་སྟེ་མཆོག་ཏུ་དགའ་བའི་ཡེ་ཤེས་བསྐྱེད་པའི་ཐབས་ཤེས་མཉམ་པར་སྦྱོར་བའི་མཛད་པ་ 5-4-7b ཆེན་པོ་ལའོ། །རྩ་བའི་རྒྱུད་ལས་དེ་བཞིན་གཤེགས་པ་རྣམ་སྣང་ཆེན་པོ་ཆགས་ཆེན་གྱི་ཚུལ་གྱིས་ཏིང་ངེ་འཛིན་ལ་ཞུགས་ནས་འཁོར་གྱི་དེ་བཞིན་གཤེགས་པ་ཐམས་ཅད་རང་གི་སྐུ་ལ་བཅུག་པ་ན། དེ་རྣམས་ཀྱིས་དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་སྐུ་གསུང་ཐགས་ཀྱི་བདག་པོ་མཉེས་པར་བྱ་བའི་ཕྱིར་དུ། ཉིད་ཀྱི་སྐུ་སྤྱན་མ་ལ་སོགས་པ་བཞི་དང༌། གཟུགས་རྡོ་རྗེ་མ་ལ་སོགས་པ་ལྔ་སྟེ། ལྷ་མོ་དགུའི་གཟུགས་སུ་སྤྲུལ་པར་གསུངས་ཏེ། རྣམ་སྣང་དང་བདག་པོ་ནི་ རྡོ་རྗེ་སེམས་དཔའ་ཡིན་ལ། མཉེས་པ་ནི་མཆོག་ཏུ་དགའ་བའི་བདེ་བས་ཚིམ་པར་བྱ་བའི་ཕྱིར་དུ་སྤྲུལ་པར་སྒྲོན་གསལ་ལས་གསུངས་པས། སྤྱན་མ་ལ་སོགས་པ་དང་སྙོམས་པར་ཞུགས་པས་ལྷན་སྐྱེས་ཀྱི་བདེ་བ་བསྐྱེད་པའི་དོན་ཏེ། རྩ་བའི་རྒྱུད་བཞིན་དུ་འདིར་ཡང་སྦྱར་བར་བྱའོ། །དུས་ནི་དུས་ཆེན་པོ་འཁོར་བ་ཇི་སྲིད་བར་རོ། །ཏེ་ནི་ལྷག་མ་འདྲེན་པའོ། །གཉིས་པ་ནི། རྡོར་སེམས་དེ་ལྟར་བཞུགས་ནས་ཅི་ཞིག་མཛད་ཅེ་ན། ཕུང་པོ་ལ་སོགས་པའི་ཆོས་ཀྱི་དབྱིངས་ཏེ་རྒྱུ་ བྱང་སེམས་ཀྱི་ཏིག་ལེ་ནི་ཞུ་བ་མཛད་དོ། །ཇི་ལྟར་ན། ཡུམ་གྱི་ཆོས་ཀྱི་འབྱུང་གནས་པདྨ་ལ་བྱང་ཆུབ་ཀྱི་སེམས་ཐིག་ལེ་སྤྲོས་པ་སྟེ་ཕབ་ནས་སུ་ཞུ་བར་མཛད་དོ། །ཆོས་འབྱུང་དེ་གསང་བར་བྱ་བ་ཆེན་པོ་སྟེ་མཆོག་ཏུ་གསུངས་པ་ནི། དེའི་ངེས་པའི་དོན་དེ་ལྟར་ཡིན་པས་དེ་ལའང་དེ་སྐད་ཅེས་བྱ་སྟེ། དེས་པའི་དོན་ནི་གསང་བ་གྲུབ་པ་ལས། ཆོས་ཀྱི་འབྱུང་གནས་སྤངས་པ་ཡི། །ཆོས་གནས་དག་པ་གཞན་དག་མེད། །གད་ལ་སངས་རྒྱས་ཀུན་འབྱུང་ཞིང༌། །སངས་རྒྱས་ 5-4-8a བྱང་ཆུབ་རབ་གནས་པའོ། །ཞེས་སངས་རྒྱས་ཀྱི་ཡོན་ཏན་གྱི་ཆོས་ཀུན་འབྱུང་བའི་གནས་སུ་གྱུར་པའི་དག་པའོ། །དག་པ་ཡང་དེ་ཉིད་ལས། གང་ཞིག་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་ཚུལ་ དག་གིས། །གནས་ཤིང་དངོས་གྲུབ་བཟང་སྟེར་བ། །ཤེས་རབ་ཅེས་བྱའི་མིང་གི་གནས། །དེ་ལ་གནས་པ་གང་ཡིན་པ། །བྷ་ག་ཞེས་བྱའི་ཡི་གེ་གཉིས། །དག་པའི་དེ་ཉིད་ཤེས་བྱ་སྟེ། །དོན་དམ་པ་སྟེ་བདག་གིས་བསྟེན། །ཞེས་རྒྱལ་ བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་མཚོན་པའི་ཟུར་གསུམ་པའི་ཚུལ་གྱིས་ཤེས་རབ་ཀྱི་ལུས་ལ་ཡོད་པའི་བྷ་ག་ཞེས་བྱ་བ་ལ་གནས་པའི་ཨེ་ཝཾ་གྱི་ཡི་གེ་གཉིས་ཀྱི་དོན་ལ་གསུངས་པའོ། །དེ་ལ་ཨེའི་ངེས་དོན་ནི་སྟོང་པ་ཉིད་དང༌། ཝའི་ངེས་དོན་ནི་ཐུགས་རྗེ་བདེ་བ་སྟེ། ཝ་ཡིག་གི་ཐིག་ལེའི་དོན་དེ་གཉིས་དབྱེར་མེད་པར་སྦྱོར་བའི་རྨད་དུ་བྱུང་བ་ཡིན་ཏེ། རྒྱུད་རྡོ་རྗེ་ཕྲེང་བ་ལས། ཨེ་ནི་སྟོང་པ་ཉིད་དུ་གསུངས། །དེ་བཞིན་ཝ་ནི་ཐུགས་རྗེ་དང༌། །ཐིག་ལེ་དེ་གཉིས་ སྦྱོར་ལས་བྱུང༌། །དེ་སྦྱོར་བ་ཡི་རྨད་མཆོག་གོ། ཞེས་སོ། །དེ་ནི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལ་ཁྱབ་པའི་ཆོས་ཀྱི་ཕྱག་རྒྱུད་ཀུན་གྱི་གླེང་གཞིའི་ཐོག་མར་གསུངས་པའི་དོན་ལ་བཤད་དོ། །ཡི་གེ་གཉིས་ཀྱི་ངེས་དོན་བྷ་ ག་ལ་གནས་པའི་ཚུལ་ནི། ལྷའི་དབང་པོས་ཞུས་པའི་བཤད་རྒྱུད་ལས། ཡི་གེ་ཨེ་ནི་མར་གྱུར་ལ། ཝ་ནི་ཕ་ཞེས་བྱ་བར་གྲགས། །ཐིག་ལེ་དེར་ནི་སྦྱོར་བ་སྟེ། །སྦྱོར་དེ་ཤིན་ཏུ་རྨད་བྱུང་བའོ། །ཞེས་གསུངས་པ་ལྟར་ཡབ་ཡུམ་ 5-4-8b སྦྱོར་བ་དང༌། དེ་གཉིས་ཀྱི་རྟགས་གཉིས་ཐིག་ལེ་དང་བཅས་པ་ལ་ཨེ་ཝཾ་དུ་གསུངས་པའི་རྟགས་ཀྱི་ཨེ་ཝཾ་སྦྱར་བ་ལས་ཕྱུང་བའི་དོན་ནོ། །ཆོས་འབྱུང་དེ་ཇི་འདྲ་བ་སྙམ་ན་འོད་ཟེར་ཁ་དོག་ལྔ་འཆང་བ་སྟེ་འཛིན་ཅིང་འོད་ཟེར་འཁྲིགས་ པ་སྟེ་དེས་དེ་གང་བའོ། །རྩ་བའི་རྒྱུད་ལས། འོད་ཟེར་རྣམ་ལྔས་ཁྱབ་པ་ཡི། །པདྨ་རྡོ་རྗེ་བསྒོམ་པར་བྱ། །ཞེས་གསུངས་པའི་འགྲེལ་པ་སྒྲོན་གསལ་ལས། ཡབ་ཡམ་སྙོམས་པར་འཇུག་པའི་དུས་སུ་རྡོ་རྗེ་དང་པད་མ་འོད་ཟེར་སྣ་ལྔས་གང་བར་བསྒོམ་ པར་གསུངས་པ་དང་མཐུན་པར་འདིར་ཡང་བཤད་དེ། འདིར་ཆོས་འབྱུང་ལ་གསུངས་པ་ནི་མཚོན་པ་ཙམ་མོ། །འགྲེལ་པ་གཉིས་ལས་ཐིག་ལེ་ཡུམ་གྱི་པད་མར་ཕབ་པ་ཡི་གེ་ཀྵུཾ་གི་ངོ་བོར་གནས་པ་འོད་དུ་བྱས་པ་ནི་ཞུ་བའི་དོན་དུ་འཆད་དོ། །སྔོན་བྱུང་ འདི་རྗེས་འཇུག་སྒྲུབ་པ་པོས་ཐིག་ལེ་ཕྲ་མོ་བསྒོམ་པ་ལ་སྦྱོར་ན། རྡོ་རྗེ་བཞིས་བསྐྱེད་པའི་སྒྲུབ་ཐབས་བསྡུས་པ་ལ་སྦྱོར་ན་དངོས་སུ་ཡིན་ལ། སྒྲུབ་ཐབས་རྒྱས་པའི་ཐིག་ལེ་ཕྲ་མོ་བསྒོམ་པ་ལ་སྦྱོར་ན་མཚན་ཉིད་མཚུངས་པའི་སྒོ་ནས་སྦྱར་རོ། ། གཉིས་པ་ལ་གཉིས། ཞུས་པའི་མཚམས་སྦྱོར། ཞུས་པའི་ཚུལ་དངོས་སོ། །དང་པོ་ནི། ཐིག་ལེ་པདྨར་ཞུ་བའི་དངོས་པོ་དེ་མཐོང་ནས་གསོལ་བ་སྟེ། ཞེས་ཚིག་རྣམས་སྦྱར་རོ། །གང་གིས་ན། ལྷ་མོ་སྤྱན་མས་ཡོངས་སུ་ཞུས་སོ། །གང་ལ་ན། ཉོན་ མོངས་པའི་ཀུན་ནས་ཉོན་མོངས་པ་ལ་སོགས་པ་བཅོམ་པ་དང་ལྡན་པའི་རྡོ་རྗེ་སེམས་དཔའ་ལའོ། །ཚིག་གང་གིས་ན། འོག་ནས་འབྱུང་བའི་ཚིག་འདི་དག་གིས་ནི་གསོལ་ལོ། །ཚིག་འདི་དག་ནི་ཞེས་ཀྱང་ཁ་ཅིག་ལས་འབྱུང་ངོ་། །གཉིས་པ་ལ་ 5-4-9a གཉིས། །སོ་སོའི་དྲི་བ། ཐུན་མོང་གི་དྲི་བའོ། །དང་པོ་ལ་དྲུག། །དང་པོའི་འབྱུང་ཁུངས་ཞུས་པ། དེ་ནས་འོངས་པའི་ལམ་ཞུས་པ། སླར་བསྡུས་ཏེ་འགྲོ་བའི་ཚུལ་ཞུས་པ། སེམས་ཅན་སྐྱེ་བའི་རིམ་པ་ཞུས་པ། ལས་ཉོན་གྱི་ གཞི་ཞུས་པ། འོད་གསལ་ལས་ལྡང་བའི་ཚུལ་ཞུས་པའོ། །དང་པོ་ནི། ཆོས་ཀྱི་དབྱིངས་བྱང་ཆུབ་ཀྱི་སེམས་རྣམས་ཡུམ་གྱི་པདྨར་འཕྲོ་བ་སྟེ་སྤྲོས་པ་ནི་དང་པོ་གནས་གང་ལས་སྐྱེ་བར་འགྱུར་བ་ལགས་ཞེས་དང་པོའི་འབྱུང་ཁུངས་ཞུས་སོ། །འདིའི་ ལན། དེ་ཉིད་ཡེ་ཤེས་ལྔ་ཡི་དངོས། །ཞེས་སོགས་ཀྱིས་རླུང་གི་དེ་ཉིད་སྟོན་པར་རིམ་ལྔ་ལས་གསུངས་པས། དྲི་བའི་སྐབས་སུ་ཡང་ཐིག་ལེ་རྐྱང་པ་དྲིས་པ་མིན་གྱི་རླུང་དང་ཐིག་ལེ་འདྲེས་པའི་རླུང་ཡང་དྲིས་པ་ཡིན་ནོ། །རླུང་དང་ཐིག་ལེ་འདྲེན་མར་འབྱུང་བ་ ནི། རྒྱུད་ཕྱི་མ་ལས། ཡེ་ཤེས་ལྔ་ཡི་རང་བཞིན་དབུགས། །འབྱུང་བ་ལྔ་ཡི་ངོ་བོ་ཉིད། །གོང་བུའི་གཟུགས་ཀྱིས་ཕྱུང་ནས་ནི། །སྣ་ཡི་རྩེ་མོར་རབ་ཏུ་བརྟག །ཅེས་ཡེ་ཤེས་ལྔའི་དབུགས་ཏེ་རླུང་རྣམས་ཕོང་བུ་སྟེ། ཐིགས་ལེའི་གཟུགས་ཀྱི་ཡུམ་ གྱི་པདྨར་འབྱུང་བར་སྒྲོན་གསལ་ལས་གསུངས་སོ། །ཚུལ་ནི་དེ་འོངས་པའི་ལམ་དང་ཕྱིར་སྡུད་པའི་དྲིས་ལན་གཉིས་ལའང་འདྲའོ། །མདོ་བསྲེ་ལས། རྩ་རྒྱུད་ལེའུ་དང་པོར་སྔར་བཤད་པ་ལྟར་ལྷ་མོ་དགུའི་གཟུངས་དཀྱིལ་སྤྲུལ་པ་དེ། བཅོམ་ལྡན་ འདས་ཀྱིས་བྱང་ཆུབ་ཀྱི་གོ་འཕང་ནི་འདོད་ཆགས་ལས་སྐྱེ་བར་བསྟན་པའི་ཕྱིར་ཡིན་ལ། སྔོན་བྱུང་དང་མཐུན་པར་རྗེས་འཇུག་གིས་ཀྱང་དང་པོ་སྦྱོར་བའི་སྐབས་སུ་རིག་མ་འདུ་བྱས་ནས་སྙོམས་པར་འཛུག་པར་བྱ་བར་བསྟེན་པར་གསུངས་ལ། ལྷ་མོ་ 5-4-9b བཞི་དང་མཉམ་ལྡན་ཞིང༌། །ཞེས་སོགས་ཀྱིས་ཀྱང་གཟུངས་དཀྱིལ་སྤྲུལ་པ་དེ་འཆད་པ་ཡིན་ནོ། །དེས་ན་བྱང་ཆུབ་ཀྱི་གོ་འཕང་ནི། སྐྱེ་འཆི་བར་དོ་གསུམ་སྐུ་གསུམ་དུ་བསྐྱུར་བའི་སྐུ་གསུམ་མོ། །དེ་འདོད་ཆགས་ལས་སྐྱེ་བ་ནི་སྤྱན་མ་ལ་སོགས་པའི་རིག་ མས་སྔར་བཤད་པའི་ཨེ་ཝཾ་གྱི་ངེས་དོན་མཆོག་ཏུ་དགའ་བའི་ཡེ་ཤེས་བསྐྱེད་པའི་སྒོ་ནས་ཡིན་ཏེ། དེ་ནི་ཕྱིའི་རྐྱེན་ཕྱག་རྒྱ་ལ་བརྟེན་ནས་སྟོང་པ་བཞིའི་ཡེ་ཤེས་བསྐྱེད་པའོ། །དེའི་ནང་གི་རྐྱེན་སྲོག་རྩོལ་རླུང་གི་རྣལ་འབྱོར་ནི། སྤྱན་མ་སོགས་དང་ སྙོམས་པར་ཞུགས་པའི་བྱང་སེམས་ཡུམ་གྱི་པདྨར་བྱུང་བའི་དང་པོའི་འབྱུང་ཁུངས་གང་ཡིན་སོགས་དྲིས་པའི་ལན་གྱིས་སྟོན་ནོ། །དེའི་ཕྱིར་རྒྱུད་འདིས་འོད་གསལ་མངོན་དུ་འགྱུར་བའི་ཐབས་སྲོག་རྩོལ་རླུང་གི་རྣལ་འབྱོར་གཙོ་བོར་སྟོན་པ་ཡིན་ ཞིང༌། རྩ་རྒྱུད་ཀྱི་ཡང་གཙོ་བོར་གཟུངས་དཀྱིལ་སྤྲུལ་པ་འཆད་པ་ཡིན་ནོ། །བཤད་རྒྱུད་དགོངས་པ་ལུང་སྟོན་དུ་ཡང་གཟུངས་དཀྱིལ་སྤྲུལ་པའི་ལྷ་མོ་དགུ་སོར་བཞག་ཏུ་མཛད་པ་གཅིག་དང༌། ལྷ་མོ་དགུ་རླུང་བཅུ་ལ་བཤད་པ་གཅིག་དང་ གཉིས་བྱུང་བ་ཡང༌། སྔར་བཤད་པའི་ཕྱི་ནང་གི་རྐྱེན་གཉིས་སྟོན་པར་ཤེས་པར་བྱ་སྟེ། དེའི་ལྟར་ན་སྤྱན་མ་སོགས་བཞིས་ནི་ངེས་དོན་དུ་ན་འབྱུང་བ་བཞིའི་རླུང་གི་དེ་ཉིད་སྟོན་ནོ། །གཉིས་པ་ནི། ཡུམ་གྱི་པདྨར་ཞུ་བའི་ཐིག་ལེ་དེ་དང་པོའི་ འབྱུང་ཁུངས་ཀྱི་གནས་དེ་ནས་ཇི་ལྟར་འོངས་པའི་ལམ་གང་ཡིན་ཞེས་ལམ་ཞུས་སོ། །གསུམ་པ་ནི། དང་པོ་ཇི་ལྟར་འོངས་པའི་ལམ་ཞུས་པ་དེ་བཞིན་དུ་མཐར་ཕྱིར་ཇི་ལྟར་འགྲོ་བའང་ཞུས་པ་སྟེ། དེའི་དོན་ནི་ལུས་ཀྱི་པྱི་ནང་གཉིས་ཀྱི་ཕྱི་རོལ་ 5-4-10a ཏུ་ཇི་ལྟར་འགྲོ་དྲིས་པ་མིན་ཏེ། ཡབ་ཀྱི་གསང་བའི་རྡོ་རྗེ་ལས་ཕྱི་རོལ་ཏུ་འགྲོ་བ་ནི་མཐོང་ནས་དྲིས་པ་ཡིན་པས་སླར་དྲི་མི་དགོས་ལ། ཐིག་ལེ་དབང་པོའི་སྒོ་རྣམས་སུ་ཕྱི་རོལ་ཏུ་འགྲོ་བའང་དྲིས་པ་མིན་ཏེ། ཡིན་ནོ། སྒོ་དགུ་ ལ་ནི་ཀུན་ཏུ་འགྲོ། །ཞེས་པ་ལན་དུ་བྱ་དགོས་ན། དེ་ནི་ལུས་རིམ་གྱིས་བསྐྱེད་པའི་ཚུལ་སྟོན་པར་སྣང་བས་དྲི་བ་བཞི་པའི་ལན་དུ་སྣང་བའི་ཕྱིར་དེའི་ལན་མིན་ནོ། །དེས་ན་ཕྱིར་འགྲོ་བའི་ཕྱིར་ནི་སླར་གྱི་དོན་དང༌། འགྲོ་བ་ནི་གང་དུ་འདུ་བའི་གནས་སུ་འགྲོ་ བ་སྟེ། དེང་སྡུད་པའི་དོན་ནོ། །བཞི་པ་ནི། གང་རྐང་པ་དང་ལག་པ་ལ་སོགས་པའི་ཡན་ལག་མེད་པའི་ཐིག་ལེ་དེ་ནི། ལག་པ་ལ་སོགས་པའི་ཡན་ལག་དང་བཅས་པར་སྐྱེས་པར་གྱུར་ནས་སུ་སེམས་ཅན་གྱི་ལུས་ཀྱི་དངོས་པོ་རགས་པར་འགྱུར་ བའི་ཚུལ་ཇི་ལྟར་ལགས་ཞེས་སྤྱིར་ཞུས་སོ། །དེ་ཉིད་ལ་ཁྱད་པར་སྐྱེད་བྱེད་ཀྱི་སྒོ་ནས་ཞུས་པ་ནི་མིག་གི་དབང་པོ་ནས་ཡིད་ཀྱི་དབང་པོའི་བར་དྲུག་པོ་རྣམས་སུ་ཐིག་ལེ་རླུང་དང་བཅས་པ་འཇུག་པ་དང༌། དེར་མ་ཟད་གཟུགས་ལ་སོགས་པའི་ཕུང་པོ་ལྔའི་ དངོས་པོ་རྣམས་དང༌། ཁམས་བཅོ་བརྒྱད་དམ་བཞི་རྣམས་སུ་ཐིག་ལེ་རླུང་བཅས་འཇུག་པའང་ཇི་ལྟར་ལགས་ཞེས་སེམས་ཅན་སྐྱེ་བའི་རིམ་པ་ཇི་ལྟར་ཡིན་ཞུས་སོ། །ལྔ་པ་ནི། མ་རིག་པའི་བག་ཆགས་དང་བསྲེས་པ་ཡིས་འཁོར་བར་བཅིངས་པའི་ སེམས་ཅན་རྣམས་ཀྱི་ཉོན་མོངས་པ་འདོད་ཆགས་དང༌། སོགས་ཀྱི་སྒྲས་ཞེ་སྡང་སོགས་ཀྱི་ཉོན་མོངས་དང༌། དེས་ཀུན་ནས་བསླངས་པའི་ལས་ཀྱིས་རྣམ་པར་ཤེས་པ་ལ་ལས་ཀྱི་བག་ཆགས་སྣ་ཚོགས་པ་བཞག་པ་དེ་རྣམས་དངོས་སུན་རྩ་བ་ 5-4-10b གང་དུ་འདུས་པའི་འདུས་ཚུལ་ཇི་ལྟར་ལགས་ཞེས་ལས་དང་ཉོན་མོངས་པའི་གཞི་ཞུས་སོ། །དྲུག་པ་ནི། དངོས་པོ་སྟེ་རང་བཞིན་མེད་པ་འོད་གསལ་སྒོམ་པ་ལས་ལྷའི་གཟུགས་དམིགས་པ་དང་བཅས་པར་ལྡང་བ་ཇི་ལྟར་ལགས་ཞེས་ཞུས་ཏེ། ཐེ་ཚོམ་གྱི་རྒྱུ་ནི། དེའི་ཚེ་གཟུགས་དང་སོགས་ཀྱིས་བསྡུས་པ་སྒྲ་དྲི་རོ་རེ་བྱ་ཆོས་ཏེ་དབང་པོ་དྲུག་གི་སྤྱོད་ཡུལ་གྱི་མཚན་ཉིད་རྣམས་རང་བཞིན་མེད་ཅིང་དམིགས་སུ་མེད་པའི་ཕྱིར་རོ་སྙམ་ནས་ཞུས་པའོ། །གཉིས་པ་ནི། སྤྱན་མ་བདག་གིས་ཐེ་ཚོམ་ཞུས་ པའི་དྲི་བ་དྲུག་པོ་ངོ་མཚར་ཆེན་པོ་ཅན་དེ་དག་ནི་ལྷའི་གཙོ་བོ་རྡོ་རྗེ་སེམས་དཔའ་ཁྱེད་ཀྱིས་ལན་བཀའ་སྩལ་ནས་ཐེ་ཚོམ་ཅོད་ཅིག་ཅེས་སྤྱིར་ཞུས་ཏེ། འདི་ནི་སྔར་གྱི་དྲི་བ་རེ་རེའི་མཐར་དོན་གྱིས་འཐོབ་བོ། །གསུམ་པ་ལ་གཉིས། ལན་འདེབས་ པའི་མཚན་སྦྱོར། ལན་གདབ་པ་དངོས་སོ། །དང་པོ་ནི་སྔར་བཤད་པ་དེ་ལྟར་ཞུས་མ་ཐག་ཏུ་ནི་དེའི་ལན་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའས་གསུངས་སོ་ཞེས་སྡུད་པ་པོའི་ཚིག་གིས་མཚམས་སྦྱར་རོ། །གཉིས་པ་ལ་བཞི། ཞུ་མཁན་གྱི་ཆེ་བ་ བརྗོད་དེ་ཉན་པར་བསྐུལ་བ། དྲིས་པའི་དོན་རྟོགས་དཀའ་བར་བསྟན་པ། དྲི་བའི་ཆེ་བ་བརྗོད་དེ་བཤད་པར་ཞལ་གྱིས་བཞེས་པ། དྲི་བ་སོ་སོའི་ལན་རྒྱས་པར་བཤད་པའོ། །དང་པོ་ནི། དཔག་དཀའ་བའི་གནས་འབྱེད་པར་ནུས་པའི་ཤེས་རབ་ ཟབ་པ་དང༌། སྤོབས་པ་མ་གཏུགས་པའི་ཤེས་རབ་ཟད་པ་མེད་པ་ནི་གང་ལ་མངའ་བའི་སྤྱན་མ་ཞེས་ཞུ་བ་པོའི་ཆེ་བ་བརྗོད་དེ་བོས་ནས། སྣོད་ཁ་སྦུབ་པ་ལ་སོགས་པའི་ཉན་པ་པོའི་སྐྱོན་གསུམ་དང་བྲལ་བར་ཉོན་ཅིག་དང༌། དྲིས་པའི་ལན་ 5-4-11a རྣམས་བཤད་པར་བྱའོ་ཞེས་ཉན་པར་བསྐུལ་ལོ། །གཉིས་པ་ལ་གསུམ། བརྟག་དཔྱད་མཁན་གྱིས་རྟོགས་དཀའ་བ། ཉན་རང་གིས་རྟོགས་དཀའ་བ། དེ་དག་ལས་གཞན་པའི་སོ་སྐྱེས་རྟོགས་དཀའ་བར་བསྟན་པའོ། །དང་ པོ་ནི། འདིར་གང་གིས་མི་ཤེས་པར་གསུངས་པའི་གང་ཟག་ནི་ཉན་རང་གཉིས་དང་གྲུབ་མཐའ་ལ་ཞུགས་པའི་སོ་སྐྱེ་དང༌། མ་ཞུགས་པའི་སོ་སོ་སྐྱེ་བོའོ། །གང་མི་ཤེས་པར་གསུངས་པའི་དོན་ནི་འགྲེལ་པ་གཉིས་ཀྱིས་ཆོས་ཉིད་ལ་བཤད་ ཀྱང༌། སྔར་དྲིས་པའི་དོན་དེ་རྣམས་མི་ཤེས་པར་སྟོན་པའི་སྐབས་ཡིན་པས་ཆོས་ཉིད་ཁོ་ན་ལ་མི་བྱ་ལ། ཆོས་ཉིད་ཀྱང་སྐབས་འདིར་བདེ་སྟོང་གཉིས་ཡུལ་ཡུལ་ཅན་དུ་སྦྱར་བའི་དོན་དམ་ལ་བྱ་ཡི་སྟོང་པ་ཉིད་ཙམ་ལ་མིན་ནོ། །སཾ་བྷུ་ཊ་ལས་ཀྱང་ ཉན་རང་གིས་མི་ཤེས་པའི་བར་འདི་དང་མཐུན་པར་འབྱུང་མོད་ཀྱང༌། མི་ཤེས་པའི་དོན་དེར་བཤད་པ་ལས་གཞན་མང་པོ་ཞིག་འདིར་ཡོད་པས་གཅིག་ཏུ་མི་བཟུང་ངོ་། །དེ་ལ་ཉན་རང་དང་གྲུབ་མཐའ་ལ་མ་ཞུགས་པའི་སོ་སྐྱེས་མི་ཤེས་པ་ནི་སྒྲ་སོར་བཞག་ གིས་ཆོག་ལ། གྲུབ་མཐའ་ལ་ཞུགས་པའི་སོ་སོ་སྐྱེ་བོ་ནི་གསང་སྔགས་བླ་མེད་ལ་བརྟེན་ནས་དེ་དག་གི་དོན་རྟོགས་པའི་སོ་སོ་སྐྱེ་བོ་རྣམས་མ་གཏོགས་མོད། འོན་ཀྱང་དྲི་བ་དེ་དག་གི་དོན་ཡོངས་སུ་རྫོགས་པར་མཁྱེན་ནས་རང་དབང་དུ་ལན་འདེབས་པ་ནི། སངས་རྒྱས་ཉག་གཅིག་ཡིན་པས་སངས་རྒྱས་ཀྱི་སྤྱོད་ཡུལ་དུ་གསུངས་སོ། །དཔྱད་དུ་མེད་པ་ནི་བརྟག་པར་བྱ་བ་མིན་པར་མན་ངག་སྙེ་མར་འབྱུང་བར་ལྟར་ཡིན་ལ། དེ་ནི་དོན་རགས་པ་ཡུལ་དུ་བྱེད་པའི་སོ་སོ་སྐྱེ་བོའི་བློས་མི་ཤེས་པའོ། །ཤེས་བྱ་མིན་པ་ནི་ 5-4-11b རྣམ་པར་ཤེས་པར་བྱ་བ་མིན་པར་མན་ངག་སྙེ་མར་འབྱུང་བ་ལྟར་ཡིན་ལ། དེ་ནི་རྣམ་པར་ཏེ་ཁྱད་པར་ཞིབ་པ་དཔྱོད་པའི་སོ་སྐྱེའི་བློས་མི་ཤེས་པ་སྟེ། དེ་གཉིས་ནི་རང་གི་སྡེ་པའི་དབང་དུ་བྱས་པའོ། །རང་གི་སྡེབས་མི་ཤེས་པ་དེ་བཞིན་དུ་དཔྱད་མཁན་ཏེ་ ཕྱི་རོལ་པའི་རྟོག་གེ་བ་རྣམས་ཀྱིས་ཤེས་པར་དཀའ་འོ། །སཾ་བྷུ་ཊ་ལས། དེ་བཞིན་རྟོག་གེ་པས་མི་རྟོགས། །ཞེས་པའི་དོན་མན་ངག་སྙེ་མར་ཕྱི་རོལ་པ་ལ་བཤད་དོ། །འོ་ན་དྲིས་པའི་དོན་དེ་རྣམས་སུའི་སྤྱོད་ཡུལ་ཡིན་སྙམ་ན། ཡང་དག་པར་རྫོགས་པའི་ སངས་རྒྱས་ཀུན་གྱི་སྤྱོད་ཡུལ་དུ་གྱུར་པའི་གསང་ཆེན་ཡིན་ལ། དེ་ནི་ནམ་མཁའ་སྟེ་དེ་དང་འདྲ་བའི་འོད་གསལ་ནམ་མཁའ་སྟེ་དེའི་རྣམ་པ་ཇི་བཞིན་དུ་ཞུགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ལོ། །འདི་ནི་དྲི་བ་དྲུག་པོ་དེ་རྣམས་ཀྱི་གཙོ་བོ་འོད་གསལ་དང་ཟུང་ འཇུག་གི་དབང་དུ་མཛད་པའོ། །གཉིས་པ་ནི། དེ་ལྟར་སོ་སོ་སྐྱེ་བོས་མི་ཤེས་ན་འཕགས་པ་ཉན་ཐོས་དང༌། རང་སངས་རྒྱས་ཀྱིས་ཤེས་སམ་སྙམ་ན། ཉན་ཐོས་རྣམས་ཀྱིས་ཀྱང་དྲི་བ་དེ་དག་གི་དོན་ཤེས་པ་མིན་ནོ། །དེའི་རྒྱུ་མཚན་ནི། དེ་དག་གི་དོན་ ཤེས་པ་ལ་གེགས་སུ་གྱུར་པའི་མི་ཤེས་པའི་མུན་པས་བསྒྲིབས་པས་ནའོ། །རང་སངས་རྒྱས་ཀྱི་སྤྲུལ་པ་སྟེ་བསྐྱེད་པའི་ཡེ་ཤེས་དེ་དག་ཀུན་གྱིས་ཀྱང་མི་ཤེས་སོ། །དེའི་རྒྱུ་ནི། དྲི་བའི་དོན་དེ་དག་ཤེས་པ་ལ་སྒྲིབ་པའི་མ་རིག་པའི་བག་ཆགས་ཀྱི་མཐུ་སད་ པའི་རྗེས་སུ་སོན་པའོ། སཾ་བྷུ་ཊར། བག་ཆགས་སད་པའི་ཡེ་ཤེས་གང༌། །རང་སངས་རྒྱས་ཀྱི་སྤྲུལ་པ་སྟེ། །ཞེས་འབྱུང་ངོ་། །གཞུང་འདིར། སྤྱོད་ཡུལ་བག་ཆགས་ཤེས་མཁན་ནི། །རང་སངས་རྒྱས་སུ་སྤྲུལ་པ་སྟེ། །ཞེས་འབྱུང་བའི་དོན། གཟུགས་ 5-4-12a སོགས་ཕྱིའི་སྐྱེ་མཆེད་དྲུག་བག་ཆགས་ཀྱི་དབང་གིས་སྣང་མོད་ཀྱང༌། ཀུན་བརྟགས་པ་ཙམ་དུ་རྟོགས་པ་ནི་ཤེས་མཁན་ཡིན་ལ། དེ་ནི་རང་སངས་རྒྱས་སུ་སྤྲུལ་པའོ་ཞེས་འགྲེལ་པ་ལས་འཆད་དོ། །གསུམ་ པ་ནི། གལ་ཏེ་ཚངས་པ་ལ་སོགས་པས་འཇིག་རྟེན་ཆགས་པ་སོགས་ཤེས་པ་ལ་དེ་དག་གིས་ཤེས་པར་མི་རུང་ངམ་སྙམ་ན། སོ་སོའི་སྐྱེ་བོ་དེ་རྣམས་ཀྱིས་ཀྱང་མི་ཤེས་ཏེ། དེ་དག་གིས་མ་འོངས་པ་དང་འདས་པ་དང་ད་ལྟར་བྱུང་བའི་ དུས་གསུམ་ལ་སྟེ། གསུམ་དུ་དེ་ཁོ་ན་ཉིད་ཀྱི་དོན་ཤེས་པ་མེད་པའི་ཕྱིར་རོ། །བྱོལ་སོང་ལ་སོགས་པ་རིག་པ་དང་ལྡན་པ་འགའ་ཡོད་པས་དེ་དག་གིས་ཤེས་མི་ནུས་སམ་སྙམ་ན། བྱོལ་སོང་གི་བག་ཆགས་ནི་མི་དགེ་བའི་ལས་སོ། །དེ་ ལས་བྱུང་བའི་དུད་འགྲོ་དང་ཡི་དྭགས་ཀྱི་སྐྱེ་བ་པ་རིག་པ་དང་ལྡན་པ་དེ་རྣམས་ཀུན་གྱིས་ཀྱང་མི་ཤེས་སོ། །དེས་ན་དྲི་བའི་དོན་དེ་དག་ནི་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་དུ་གྱུར་པའི་གསང་བ་ཆེན་པོ་ཡིན་པས། དེའི་ལན་ཡང་རང་དབང་དུ་ སངས་རྒྱས་མ་གཏོགས་པས་འཆད་པར་མི་ནུས་སོ། །གསུམ་པ་ནི། རྒྱུད་རྣམས་སུ་གསུངས་པའི་རྫོགས་རིམ་ནི་རྣལ་འབྱོར་གཞན་ལ་ལྟོས་ན། སྙིང་པོའོ། །ཤིན་ཏུ་སྙིང་པོ་ནི་དེ་རྣམས་ཀྱི་ཡང་སྙིང་པོར་གྱུར་པ། རྡོ་རྗེའི་བཟླས་པ་ནས་ཟུང་ འཇུག་གི་བར་མཆོག་ཏུ་གྱུར་པ་སངས་རྒྱས་ཀུན་གྱི་གསང་བ་ཆེན་པོའི་མན་ངག་གང་ཡིན་པ་དེ་ནི། ལྷ་མོ་སྤྱན་མ་ཁྱོད་ལ་བཤད་པར་བྱའོ། །ཞེས་དྲིས་པའི་ལན་རྣམས་བཤད་པར་ཞལ་གྱིས་བཞེས་སོ། །དེ་ཡང་རྡོ་རྗེ་བཟླས་པའི་དམིགས་ 5-4-12b པ་རླུང་གི་དེ་ཉིད་དང༌། བདག་བྱིན་གྱིས་བརླབ་པའི་གཞི་རླུང་སེམས་ཙམ་གཉུག་མའི་ལུས་དང༌། གཞིའི་འོད་གསལ་གང་སེམས་ཅན་ཐམས་ཅད་ལ་རང་གི་བདག་ཉིད་དུ་གནས་པ་དེ་དག་གི་དབང་དུ་བྱས་པའི་རྫོགས་རིམ་འཆད་པའོ། །འགྲེལ་ པ་གཉིས་ལས་སྙིང་པོ་སྐུ་གསུང་ཐུགས་དང༌། དེའི་རང་བཞིན་རྡོར་སེམས་ཀྱི་ངོ་བོ་མི་རྟོག་ཡེ་ཤེས་ཤིན་ཏུ་སྙིང་པོ་མཆོག་དང༌། དེའི་ངོ་བོ་སྣོད་བཅུད་ཀུན་གྱི་རང་བཞིན་དུ་ཁྱབ་པར་བཤད་ཅིང༌། འགྲེལ་པ་ཆེ་བ་ལས་སྙིང་པོ་ཕྱི་དཀྱིལ་དང༌། ཤིན་ཏུ་ སྙིང་པོ་ལུས་དཀྱིལ་ཕྲ་མོའི་ཏིང་ངེ་འཛིན་ལ་བཤད་ཅིང༌། རིམ་ལྔའི་འགྲེལ་པ་རྣམས་སུ་ཡང་དེ་གཉིས་ཀྱི་དོན་མང་དུ་བཤད་སྣང་ནའང༌། སྔར་བཤད་པ་ཉིད་གཞུང་ལ་གནས་པར་མཐོང་ངོ་། །ཡང་འགྲེལ་པ་གཉིས་ལས་ཚིགས་བཅད་འདིས་དང་ པོའི་འབྱུང་ཁུངས་ཀྱི་ལན་བསྟན་པར་འཆད་མོད་ཀྱང༌། དྲི་བ་སྤྱིའི་ལན་དུ་འཐད་དོ། །བཞི་པ་ལ་དྲུག། དང་པོའི་འབྱུང་ཁུངས་ཀྱི་ཞུས་ལན། སླར་བསྡུས་ཏེ་འགྲོ་བའི་ཚུལ་གྱིས་ཞུས་ལན། དེ་ནས་འོངས་པའི་ལམ་གྱི་ཞུས་ལན། སེམས་ཅན་ སྐྱེ་བའི་རིམ་པའི་ཞུས་ལན། ལས་ཉོན་གྱི་གཞིའི་ཞུས་ལན། འོད་གསལ་ལས་ལྡང་བའི་ཚུལ་གྱི་ཞུས་ལན་ནོ། །དང་པོ་ལ་གཉིས། རྡོར་བཟླས་ཀྱི་དམིགས་པ་རླུང་གི་དེ་ཉིད་བསྟན་པ། དེའི་རྩ་བའི་གནས་མི་ཤིགས་པའི་ཐིག་ལེ་བསྟན་པའོ། །དང་པོ་ ནི། རླུང་དང་ཐིག་ལེའི་བྱང་ཆུབ་ཀྱི་སེམས་རང་བཞིན་གྱིས་དག་ཅིང་འོད་གསལ་བཞེས་པའོ། །ཡང་ན་བྱང་ཆུབ་ཀྱི་སེམས་དག་ཅེས་པའི་དག་ནི་གཉིས་ཚིག་ཡིན་པས་རླུང་དང་ཀུན་ཏ་ལྟ་བུའི་བྱང་ཆུབ་ཀྱི་སེམས་སོ། །རླུང་ལ་བྱང་ཆུབ་ཀྱི་སེམས་ 5-4-13a སུ་བཤད་པ་ནི་དགོངས་པ་ལུང་སྟོན་ན་མང་ངོ་། །འོད་གསལ་བ་ནི་ཐིག་ལེའི་ཁ་དོག་དང་རླུང་གི་འོད་ཟེར་རོ། །ཐིག་ལེ་ནི། ཟླ་བ་དང་ཤེལ་དང་མཉམ་པ་སྟེ་འདྲ་བའི་འོད་གསལ་བའོ། །བྱང་ཆུབ་ཀྱི་སེམས་རླུང་དེ་ཉིད་མེ་ ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔའི་དངོས་པོ་སྟེ། ངོ་བོར་གྱུར་པའི་རླུང་འོད་ཟེར་ལྔ་པ་ཡིན་ལ། དེ་ཉིད་ལ་རྩ་བའི་རྒྱུད་ལས་སྣའི་རྩེ་མོར་ཡུངས་ཀར་གྱི་ཚད་ཙམ་གྱི་རིན་ཆེན་ཁ་དོག་སྣ་ལྔ་པ་བསྒོམ་པར་བྱའོ། །ཞེས་དོན་གཞན་ལ་སྒྲ་འགལ་བའི་ དགོངས་པའི་ཚིག་གིས་གསུངས་སོ། །རྩ་རྒྱུད་ལས་སྣའི་རྩེ་མོར་ཡུངས་ཀར་གྱི་ཚད་ཙམ་གྱི་རིན་ཆེན་ཁ་དོག་སྣ་ལྔ་པ་བསྒོམ་པར་གསུངས་པའི་དོན་རྒྱུད་འདིའི། དེ་ཉིད་ཡེ་ཤེས་ལ་ཡི་དངོས། །ཞེས་སོགས་ཀྱི་རླུང་གི་དེ་ཉིད་ལ་བཤད་པར་རིམ་ལྔ་ལས་གསུངས་ པས། འདིར་ཡུངས་ཀར་ཆེ་བའི་ཚད་ཙམ་ནི་རྩ་རྒྱུད་ཀྱི་གཞུང་འདིའི་བཤད་བྱར་བཀོད་པའོ། །འདིའི་འགྱུར་ནི། རིམ་ལྔ་ལས། ཡུངས་ཀར་གྱི་ནི་འབྲུ་ཚོད་ཙམ། །ཞེས་འབྱུང་ལ། རྩ་རྒྱུད་ལས་ཀྱང་དེ་ལྟར་འབྱུང་ངོ་། །རྒྱུད་འདིར་ཡེ་ཤེས་ལྔ་ཡི་དངོས། ཞེས་ གསུངས་པའི་དོན་རྒྱུད་ཕྱི་མ་ལས་གསལ་བར་གསུངས་ཞེས་རིམ་ལྔར་གསུངས་པ་ནི། ཡེ་ཤེས་ལྔ་ཡི་རང་བཞིན་དབུགས། །ཞེས་ཡེ་ཤེས་ལྔའི་ངོ་བོའི་རླུང་ལ་བཤད་པ་ཡིན་ལ། དོན་དེ་སླར་ཡང་རྡོ་རྗེ་ཕྲེང་བས་བཤད་པར་རིམ་ལྔ་ལས་གསུངས་པ་ ནི། སྣ་སྒོ་གཡས་ནས་རྒྱུ་བའི་མེའི་རླུང་དམར་པོ་པདྨ་མགོན་པོ་དང༌། སྣ་བུག་གཡོན་པ་ནས་རྒྱུ་བའི་རླུང་གི་རླུང་ལྗང་སེར་ལས་ཀྱི་མགོན་པོ་དང༌། སྣ་བུག་གཉིས་ཀ་ནས་རྒྱུ་བའི་ས་རླུང་སེར་པོ་རིན་ཆེན་མགོན་པོ་དང༌། གཉིས་ཀ་ནས་རྒྱུ་བའི་ཆུ་རླུང་ 5-4-13b དཀར་པོ་རྡོ་རྗེ་མགོན་པོ་དང༌། འཆི་བའི་ལུས་ལས་འབྱུང་བའི་ཁྱབ་བྱེད་ཀྱི་རླུང་རྣམ་སྣང་གི་རླུང་དུ་རིགས་ལྔར་ཕྱེ་ནས་གསུངས་སོ། །དེའི་ཕྱིར་ཡེ་ཤེས་ལྔ་གང་གི་རླུང་གང་ཡིན་པ་ཡང་དེས་ཤེས་པར་བྱའོ། །རྩ་རྒྱུད་ལེའུ་གསུམ་པ་ལས། རིན་ཆེན་ཁ་དོག་ སྣང་ལྔ་པ། །སྣའི་རྩེ་མོར་བསྒོམ་པར་གསུངས་པ་ནི། རྒྱུད་ཕྱི་མ་ལས། རིན་ཆེན་ཁ་དོག་སྣ་ལྔ་པ། །སྲོག་དང་རྩོལ་བ་ཞེས་བྱར་བཤད། །ཅེས་དེའི་དོན་རླུང་གི་དེ་ཉིད་ལ་བཤད་ལ། རྩལ་རྒྱུད་ལེའུ་དྲུག་པ་ལས། སྣ་ཡི་རྩེ་མོར་ཡུངས་ཀར་བསམ། །ཞེས་ གསུངས་པ་དང༌། རྩ་རྒྱུད་ལེའུ་གསུམ་པ་ལས། རིན་ཆེན་ཁ་དོག་སྣ་ལྔ་པ། །ཡུངས་ཀར་གྱི་ནི་འབྲུ་ཚད་ཙམ། །སྣའི་རྩེ་མོར་བསྒོམ་པར་གསུངས་པའི་ཡུངས་ཀར་གྱི་སྒྲས་བསྟན་པའི་ངེས་དོན་གྱིས་རླུང་གི་དེ་ཉིད་བསྟན་པར་ཡང༌། རྡོ་རྗེ་འཕྲེང་བ་ལས། སྣ་ རྩེར་ཡུངས་ཀར་ཞེས་བྱ་བ། །སྲོག་དང་རྩོལ་བའི་བརྟག་པ་སྟེ། །ཞེས་གསལ་བར་གསུངས་སོ། །རྒྱུད་གཉིས་པོ་ལས་དེ་ལྟར་བཤད་པ་དེ་ཉིད་ཀྱིས་རྒྱུད་འདིར་གསུངས་པའི་ཡུངས་ཀར་གྱི་སྒྲའི་ངེས་དོན་ཡང་རླུང་ལ་བཤད་པར་ཤེས་དགོས་པར་རིམ་ལྔའི་ དགོངས་པ་ཡིན་པས། སྔར་བཤད་པ་ལྟར་བསད་དགོས་སོ། །ཡུངས་ཀར་གྱི་འབྲུའི་ཚད་ཙམ་གྱི་སྒྲས་བསྟན་པའི་རླུང་དེའི་དབུས་ན་བཞུགས་པའི་ལྷ་ནི་པདྨ་མགོན་པོ་སོགས་ཀྱི་རིགས་ལྔའོ། །རླུང་དེའི་རང་གདངས་སྔགས་ཀྱི་དེ་ཉིད་དུ་བྱིས་པ་ལ་ མི་གསལ་བ་རྣལ་འབྱོར་པ་ལ་གསལ་བའི་གཟུགས་ཏེ། རང་བཞིན་ནམ་བདག་ཉིད་ཅན་ནོ། །རིམ་ལྔར། མི་གསལ་གསལ་བའི་བདག་ཉིད་ཅན། །ཞེས་བསྒྱུར་རོ།། དེ་ཉིད་ཡེ་ཤེས་ཞེས་པ་གཞི་ཐིག་ལེ་ལ་སྦྱར་ནས་ཀྱང་བཤད་དུ་རུང་བས་དེའི་ཚེ་ནི་ 5-4-14a ཇི་ལྟར་རིགས་པར་སྦྱར་ནས་བཤད་དོ། །གཉིས་པ་ནི། གནས་ཞེས་ཁྱད་པར་གྱི་གཞིར་དྲང་ངོ་། །གང་ན་ཡིད་ཀྱི་དངོས་པོ་སྟེ་སེམས་ཀྱི་རྟེན་མི་ཤིགས་པའི་ཐིག་ལེའི་གཟུགས་སོ། །འདི་ནི་སྲོག་འཛིན་གྱི་རླུང་ཕྲ་རགས་གཉིས་ཀྱི་ནང་ནས་ཕྲ་ བ་འོད་གསལ་གྱི་རླུང་དང༌། ལྷན་ཅིག་སྐྱེས་པའི་རླུང་ཞེས་བཤད་པ་དང༌། དང་པོར་མངལ་དུ་བར་དོའི་ཤེས་བཞུགས་པའི་ཕ་མའི་ཁུ་ཁྲག་གི་རིགས་འདྲའི་ཐིག་ལེ་དཀར་དམར་དང༌། དེ་རྣམས་ལ་བརྟེན་པའི་ཡིད་དང༌། འོད་གསལ་དང་བཅས་པ་ཅི་རིགས་ པར་འགྱུར་རོ། །ཐིག་ལེ་དེའི་ཚད་ནི་ཡུངས་ཀར་ཆེ་བའི་ཚད་ཀྱི་ཕྱེད་ཀྱི་ཚད་ཙམ་པ་མཆོག་ཏུ་ཕྲ་བ་སྟེ། འདི་ནི་སྒོམ་པ་པོས་བསྒོམ་པའི་དོན་དུ་གསུངས་པའོ། །གང་དུ་ན། སྙིང་གི་རྩ་འདབ་བརྒྱུད་ཀྱི་པདྨའི་དབུས་ཀྱི་ཨ་ཝ་དྷཱུ་ཏཱིའི་ནང་ནའོ། །དུས་ནི་ཇི་ སྲིད་འཚོའི་བར་རྟག་ཏུའོ། །བཤད་རྒྱུད་རྡོར་འཕྲེང་ལས། སྙིང་ཁའི་པདྨའི་སྦུབས་མཁའ་ལ། །ཡེ་ཤེས་རྡོ་རྗེ་རྟག་ཏུ་ཞུགས། །ཞེས་གསུངས་པ་དང༌། རྒྱུད་འདིར་གསུངས་པ་གཉིས་དོན་འདྲའོ། །ཐིག་ལེ་ཇི་འདྲ་བ་སྙམ་ན་འོད་ཟེར་ཆེན་པོ་ལྔ་འབར་བ་ཅན་ ནོ། །སཾ་བྷུ་ཊར། མ་མོ་ཕྱེད་པ་མཆོག་ཏུ་ཕྲ། ཞེས་གསུངས་པ་དང་ཕྱེད་ཚད་ཙམ་གྱི་ཞེས་གསུངས་པ་གཉིས་དོན་མི་འདྲ་བར་སྣང་ངོ་། །རྩ་རྒྱུད་ལས། སྣ་རྩེར་ཡུངས་ཀར་གྱི་ཚད་ཙམ་བསྒོམ་པར་གསུངས་པའི་སྣ་རྩེ་ལ་རྡོ་རྗེ་ཕྲེང་བར་གསུངས་པ་ལྟར་ གསང་བ་དང་སྙིང་ཁ་དང་གདོང་གི་སྣ་རྩེ་གསུམ་ཡོད་པའི་གདོང་གི་སྣ་རྩེར་ཕྱག་མཚན་ཕྲ་མོ་དང༌། འོད་ཀྱི་ཐིག་ལེ་ཞེས་པ་རླུང་འབྱུང་འཇུག་བསྒོམ་པ་གཉིས་བཤད་པའི་ཕྱི་མ་དང༌། སྙིང་ཁའི་སྣ་རྩེར་སྔགས་ཀྱི་ཐིག་ལེ་མི་ཤིགས་པ་བསྒོམ་པ་ 5-4-14b དང༌། གསང་བའི་སྣ་རྩེར་རྫས་ཀྱི་ཐིག་ལེ་བསྒོམ་པ་གསུམ་རྒྱུད་འདིར་བཤད་དོ། །དེའི་དང་པོ་ནི། དེ་ཉིད་ཡེ་ཤེས་ལྔ་ཡི་དངོས། །ཞེས་པར་བཤད་ཟིན་ལ། གཉིས་པ་ནི་སྐབས་འདིར་བཤད་དེ། ལེའུ་གསུམ་པའི་སྒྲོན་གསལ་དུ་བཤད་པ་དང་མཐུན་ནོ། །བྱང་ ཆུབ་སེམས་དག་ཅེས་པ་ནས། །གཟུགས་ཅན་ཏེ། ཞེས་པའི་བར་གྱིས་རླུང་དང་ཐིག་ལེ་འདྲེན་མར་འབྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་དོན་བཤད་ལ། ཕྱེད་ཙད་ཙམ་གྱི་ཞེས་པའི་རྐང་པ་བཞིས་དེ་དག་དང་པོ་གང་ལས་འབྱུང་བའི་འབྱུང་ཁུངས་སྙིང་ཁའི་མི་ ཤིགས་པའི་ཐིག་ལེ་བསྟན་ནོ། །འོ་ན་སྙིང་ཁའི་མི་ཤིགས་པའི་ཐིག་ལེ་བསྟན་པ་འདི་བྱང་ཆུབ་ཀྱི་སེམས་ཀྱི་དང་པོའི་འབྱུང་ཁུངས་ཡིན་པར་གང་ལས་ཤེས་སྙམ་ན། འོག་ནས་ཕྱིར་འགྲོ་བ་དྲིས་པའི་ལན་དུ། དཔྲལ་བ་ལ་གནས་རྐང་མཐིལ་དང༌། ། ཐིག་ལེ་དེ་ཁོ་ནར་བསྡུ་སྟེ། །ཞེས་སྤྱི་བོ་ནས་རྐང་པའི་བར་གྱི་རླུང་སེམས་རྣམས་མཐར་སྡུད་པ་ནི། སྙིང་ཁའི་ལེ་དེ་ཁོ་ནར་སྡུད་པར་གསུངས་པས་ཤེས་ཏེ། མཐར་སྡུད་པ་ནི་དང་པོར་གང་ནས་འོངས་པའི་གནས་དེ་ཉིད་དུ་སྡུད་པ་ཡིན་པའི་ཕྱིར་རོ། ། དེ་ལྟར་ན་ཡུམ་གྱི་པདྨར་སྤྲོས་པའི་རླུང་དང་ཐིག་ལེའི་བྱང་ཆུབ་ཀྱི་སེམས་ཀྱི་དང་པོའི་འབྱུང་ཁུངས་ཞུས་པ་ནི། ཕྱོགས་གཅིག་གིས་གཞན་རྣམས་མཚོན་པས་ན་རླུང་དང་ཐིག་ལེ་སྤྱིའི་དབང་དུ་མཛད་པར་ཤེས་པར་བྱའོ། །གལ་ཏེ་ཡབ་ཀྱི་གསང་ གནས་ནས་ཡུམ་གྱི་པདྨར་ཕྱུང་པའི་ཐིག་ལེ་ནི་སྤྱི་བོ་བདེ་ཆེན་གྱི་འཁོར་ལོའི་དབུས་ནས་འབྱུང་བ་མ་ཡིན་ནམ། ཏིག་ལེ་དེ་སྙིང་ཁའི་མི་ཤིགས་པ་ལས་འབྱུང་བར་སྟོན་པ་ཇི་ལྟར་རིགས་སྙམ་ན། བདེན་ཏེ་འདིར་ནི་དང་པོའི་འབྱུང་ཁུངས་ཀྱི་དབང་ 5-4-15a དུ་བྱས་པས་སྐྱོན་མེད་དེ། འདི་ལྟར་དང་པོ་ཁུ་ཁྲག་གི་དབུས་སུ་བར་དོའི་ཤེས་པ་ཞུགས་པའི་གནས་དེ་ནི་སྙིང་ཁ་ཡིན་པ་དང༌། དེ་ནས་ལུས་ཡན་མན་དུ་ཆགས་པར་རྣལ་འབྱོར་སྤྱོད་པའི་སའི་དངོས་གཞི་ལས་གསུངས་པས། ལྟེ་བའི་དམར་ཆ་དང་སྤྱི་བོའི་དཀར་ཆ་གཉིས་ཀྱིའང་དང་པོའི་འབྱུང་ཁུངས་ནི་སྙིང་ཁའི་ཐིག་ལེ་ཡིན་ནོ། །རྒྱུད་རྡོ་རྗེ་ཕྲེང་བ་ལས། རྩ་བདུན་ཁྲི་ཉིས་སྟོང་ཡང་དང་པོར་སྙིང་ཁའི་རྩ་ལས་རིམ་པ་བཞིན་དུ་གྱེས་པར་བཤད་ཅིང༌། དང་པོར་སྙིང་ཁར་སྲོག་འཛིན་ གྱི་རླུང་ཆགས་པ་ལས་རླུང་གཞན་རྣམས་སྐྱེ་བར་གསུངས་པས་ལུས་དང་པོ་སྙིང་ཁ་ནས་ཆགས་པ་ནི་རྒྱུད་འདི་རྣམས་ཀྱིའང་ལུགས་སོ། །རྩ་དང་ཐིག་ལེ་དཀར་དམར་ཆགས་པ་གཉིས་ཕྱི་མ་སྔ་ཡང་རྩ་ཨ་ཝ་དྷཱུ་ཏཱི་ཆགས་པའི་དུས་སུ་དེས་རྟེན་བྱས་པའི་ དབང་གིས་དེའི་ནང་དུ་སེམས་ཀྱི་རྟེན་གྱི་ཐིག་ལེ་དང་རླུང་གནས་པར་འགྱུར་བ་མི་འགལ་ལོ། །དེ་བས་ན་གནས་སྐབས་སུ་བདེ་བའི་རྟེན་སྤྱི་བོ་དང༌། དྲོད་ཀྱི་རྟེན་ལྟེ་བར་གནས་པ་ཡིན་ཡང༌། མཐར་གཏུགས་པའི་རྟེན་ནི་སྙིང་གར་གནས་པ་ཡིན་པས་སྙིང་ ག་ལུས་ཀྱི་གནད་མཐར་ཐུག་པ་ཡིན་ནོ། །གཉིས་པ་ལ་གཉིས། དངོས་ཀྱི་དོན། ཞལ་ལ་སྔགས་ཀྱི་ཐིག་ལེ་བཤད་པའོ། །དང་པོ་ནི། རླུང་དང་ཐིག་ལེ་འདྲེས་པའི་བྱང་ཆུབ་ཀྱི་སེམས་དེ་མཐར་སྡུད་པའི་ཚེ་ཕྱིར་ཇི་ལྟར་འགྲོ་ཞེ་ན། ཇི་སྙེད་དེ་སྲིད་དུ་མིག་ གཉིས་དང་། རྣ་བུག་གཉིས་དང་ལྕེ་དང་བཤང་གཅིའི་བུག་པ་གཉིས་ཏེ་སྒོ་དགུའི་བར་དེ་སྲིད་དུ་འཇུག་པ་དང༌། ཇི་སྲིད་དུ་དཔྲལ་བ་ནས་རྐང་མཐིལ་གྱི་བར་དེ་སྲིད་དུ་དེ་རྣམས་ལ་གནས་པའི་རླུང་དང་སེམས་རྣམས་མཐར་སྡུད་པའི་ཚེ་སྙིང་ཁའི་མི་ 5-4-15b ཤིགས་པའི་ཏིག་ལེ་དེ་ཁོ་ནར་བསྡུས་ཏེ་སྙིང་ཁའི་རྩ་འདབ་ཀྱི་པདྨའི་ལྟེ་བའི་དབུས་སུ་རྣམ་པར་གནས་སོ། །འདིའི་ལེའུ་གཉིས་པ་ལས་ཀྱང༌། སྐྱེ་དང་བསྡུས་ནས་འཇིག་པ་ལ། །ཐིག་ལེའི་གཟུགས་སུ་རབ་གནས་སོ། །ཞེས་སྐྱེ་བའི་ཚེ་ཡང་ཐིག་ལེའི་ གཟུགས་སུ་སྐྱེས་ནས་གནས་ཤིང་དེ་ལས་སྐྱེ་བ་དང༌། མཐར་བསྡུས་ནས་འཇིག་པའི་ཚེ་ཡང་ཏིག་ལེའི་གཟུགས་སུ་གནས་པ་ལ་སྡུད་པར་གསུངས་སོ། །ཡུམ་གྱི་པདྨར་སྤྲོས་པའི་བྱང་སེམས་ནི་དྲི་བའི་སྐབས་དབྱེ་བར་བཞེད་ནས་དེ་ལྟར་བསྟན་པ་ཙམ་ཡིན་པས། ཕྱིར་ འགྲོ་བའམ་སླར་སྡུད་པའི་ཚུལ་དྲིས་པའི་གཞི་ནི་དེ་ཁོ་ནར་མི་གཟུང་ངོ་། །གཞི་དུས་ཀྱི་མཐའི་སྡུད་རིམ་དེ་བཞིན་དུ་ལམ་གྱི་སྐབས་སུ་ཡང་སྙིང་ཁར་རླུང་སེམས་སྡུད་པ་ཡིན་ཏེ། རིམ་ལྔ་ལས། མགོ་བོ་ནས་ནི་རྐང་པའི་བར། །ཇི་སྲིད་སྙིང་ཁར་ཕྱིན་པའི་བར། །རྣལ་ འབྱོར་ཡང་དག་མཐའ་ལ་འཇུག །རིལ་པོར་འཛིན་པ་ཞེས་བཤད་དོ། །ཞེས་སྤྱི་བོ་ནས་མར་སྡུད་པའི་མཐའ་དང༌། རྐང་པ་ནས་ཡར་སྡུད་པའི་མཐའ་གཉིས་ཀ་སྙིང་ཁར་བསྟན་པའི་སྒོམ་ནས་ཡང་དག་པའི་མཐའ་འོད་གསལ་དུ་འཇུག་པ་གསུངས་ལ། ཡང་དེ་ ཉིད་ལས། དབུགས་ཀྱི་རླུང་ནི་མེ་ལོང་ལ། །ཇི་ལྟར་ཀུན་ཏུ་ཏིམ་གྱུར་པ། །དེ་བཞིན་རྣལ་འབྱོར་ཡང་དག་མཐར། །ཡང་དང་ཡང་དུ་འཇུག་པར་བྱེད། །ཅེས་དཔེར་ན་མེ་ལོང་ལ་ཧས་བཏབ་པའི་རླངས་པ་རྣམས་མེ་ལོང་གི་ཕྱོགས་ཀུན་ནས་དབུས་སུ་འདུ་བ་ལྟར། ལུས་ཀྱི་སྟེང་འོག་རྒྱབ་མདུན་གཡས་གཡོན་གྱི་རླུང་རྣམས་ཀྱང་དབུས་སྙིང་ཁར་འདུས་ནས་འོད་གསལ་མངོན་དུ་བྱེད་པར་གསུངས་པས། དོན་གྱི་འོད་གསལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་འཆར་བའི་གནས་ནི་སྙིང་ཁ་ཡིན་ལ། དེའི་ 5-4-16a ཐབས་མཆོག་ཀྱང་དེར་རླུང་སེམས་སྡུད་པའི་བསམ་གཏན་གཉིས་དང༌། རྡོ་རྗེ་བཟླས་པ་ལ་སོགས་པ་རྣམས་ཡིན་ནོ། །འདིའི་གནད་ཤེས་ན་སྙིང་ཁར་སེམས་དཔའ་གཞན་གཉིས་བརྩེགས་པའི་སེམས་དཔའ་གསུམ་ བརྩེགས་བྱས་པ་ལ། སྣོད་བཅུད་དང་དཀྱིལ་འཁོར་བ་རྣམས་རིམ་གྱིས་བསྡུས་ནས་མཐར་ཏིང་ངེ་འཛིན་སེམས་དཔའ་ལ་སྡུད་ཅིང༌། དེ་ཡང་རིམ་གྱིས་འོད་གསལ་དུ་འཇུག་པར་གསུངས་པ་རྣམས་ཀྱི་དོན་ཤེས་པར་འགྱུར་རོ། །འགྲེལ་པ་ལས་ནི། བྱང་ཆུབ་ སེམས་དཔའ་དག་ཅེས་པ་ནས། ཕྲ་མོ་མཆོག་ཅེས་པའི་བར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་རང་གི་ལུས་ལ་ཏིམ་ནས་བྱང་ཆུབ་ཀྱི་སེམས་སུ་གྱུར་པའི་ཁ་དོག་དཀར་བ་དང་ལྡན་པ་ཡེ་ཤེས་ལྔའི་ངོ་བོ་དེ་རྡོ་རྗེའི་ལམ་ནས་རིག་མའི་པདྨའི་ སྣ་རྩེར་རྡོ་རྗེར་གྱུར་ཏེ། དེའི་དཀྱིལ་དུ་དེའི་ཕྱེད་ཚད་ཙམ་གྱི་ཀྵུཾ་བསྒོམ་པ་དེ་ལས་དང་པོ་དང་ཡེ་ཤེས་འགའ་ཙམ་ལ་དབང་ལ་མི་གསལ་ལ། འཕགས་པ་ལ་གསལ་བའི་ཕྲ་མོའི་རྣལ་འབྱོར་བརྟན་ལ། ཡིད་ཀྱི་དངོས་པོ་ཞེས་པ་ནས། འབར་བ་ཅན་ཞེས་ པའི་བར་གྱིས་རང་གི་སྙིང་ཁའི་དབུས་སུ་དེ་བཞིན་གཤེགས་པ་ཐམས་ཅད་འདུས་ཏེ་བྱང་ཆུབ་ཀྱི་སེམས་འོད་གསལ་དུ་གྱུར་ནས། ཙ་ན་ཀའི་འབྲུ་ཆོད་ཙམ་གྱི་ཡིད་དང་མི་ཕྱེད་པའི་ཐིག་ལེའི་གཟུགས་ཀྱི་དབུས་སུ་ཀྵུཾ་བསྒོམ་པའི་ཐིག་ལེའི་རྣལ་འབྱོར་ དང༌། དགུ་ནི། ནུ་མ་ལག་རྩེ་མགྲིན་པ་དང༌། །མ་མཆུ་དེ་བཞིན་འགྲམ་པ་མིག །རྣ་རྩེ་སྤྱི་བོ་ཡན་ལག་མཆོག །ཅེས་པའི་ལུས་ཀྱི་གནས་དགུ་དང༌། དཔྲལ་བ་ནས་རྐང་མཐིལ་གྱི་བར་གྱི་མཐེ་བོང་གི་རྩ་བ་ལ་སོགས་པ་ཀུས་ཀྱི་གནས་བཅོ་ལྔ་ལ་ཁྱབ་ 5-4-16b པའི་བྱང་ཆུབ་ཀྱི་སེམས་སྙིང་ཁའི་ཐིག་ལེ་དེ་ཁོ་ནར་བསྡུས་ཏེ། སྙིང་ཁའི་པདྨ་ལས་བབས་ནས་ལྟེ་བའི་པདྨའི་དབུས་སུ་གནས་པར་འཆད་དོ། །ལྟེ་བ་ཞེས་པ་སྙིང་ཁའི་པདྨའི་ལྟེ་བ་ལ་མ་བཤད་པ་དང༌། འགྲེལ་པ་ཆེ་བས་སྙིང་སྒོ་ང་ལྟ་བུ་ཉིད་སྙིང་ ཁར་བཤད་པ་ནི་དོན་དུ་མི་སྣང་ལ། བཤད་པ་གཞན་རྣམས་ཀྱང་ཡེ་ཤེས་ཞབས་ལུགས་དང་མཐུན་པར་བྱས་པའི་ལུགས་ས་སྣང་ཡང༌། དེ་དག་དང་ཇི་བཞིན་མི་མཐུན་ཞིང༌། འཕགས་སྒོར་གྱི་བཞེད་པ་རྣམས་དང་ཡང་མི་མཐུན་ནོ། །ལུས་ཀྱི་གནས་བཅོ་ ལྔ་ནི། ཞལ་ལུང་ལས། མཐེ་བོང་རྩ་དང་རྗེ་ངར་དང༌། བརླ་གཉིས་དང་ནི་གསང་བའི་གནས། །ལྟེ་བ་དང་ནི་གསུས་པ་དང༌། །ནུ་མ་གཉིས་དང་ལག་རྩི་དང༌། །མགྲིན་པ་དང་ནི་མཆུ་གཉིས་དང༌། འགྲམ་པ་གཉིས་དང་མིག་གཉིས་དང༌། །རྣ་བའི་རྩ་དང་སྤྱི་བོ་ དང༌། །ཚིགས་ཀུན་ཐིག་ལེ་ཨ་སོགས་ཀྱི། །གཟུགས་སུ་གནས་པ་བཀུག་བྱས་ནས། །མི་ཤིགས་ཐིམ་པར་བྱ། །ཞེས་རྐང་པའི་མཐེ་བོང་ནས་སྤྱི་བོའི་བར་བཅོ་ལྔ་ལ་གནས་པའི་ཏིག་ལེ་ཨ་ནས། ཨོའི་བར་བཅུ་བཞི་དང༌། ཚིགས་ཀུན་ལ་ གནས་པའི་ཐིག་ལེ་ཨཾ་ཨཿའི་གཟུགས་སུ་གནས་པར་བསད་པ་ཡིན་ལ། དེ་རྣམས་སྙིང་ཁའི་ཐིག་ལེ་ལ་སྡུད་པར་བཤད་དོ། །འདི་རྣམས་ཟླ་བ་ཡར་ངོའི་ཚེས་གཅིག་ནས་བཅོ་ལྔའི་བར་དུ་གཡོན་གྱི་རླང་པ་ནས་གྱེན་དུ་འཛེག་ལ། མར་ངོའི་ བཅུ་དྲུག་ནས་གནམ་སྟོང་གི་བར་དུ་སྤྱི་བར་དུ་སྤྱི་བོ་ནས་གཡས་ཀྱི་རྐང་པའི་མཐེ་བོང་གི་བར་དུ་ཐུར་དུ་བབས་ནས་ཚིགས་ཀུན་ལ་གནས་པར་བཤད་དོ། །དཔྲལ་བ་ལ་གནས་ཞེས་སོགས་རྣམས་ཐིག་ལེ་སྡུད་པ་ལ་སྦྱོར་ན་ཞལ་ལུང་བཞིན་བྱའོ། །འགྲེལ་ 5-4-17a པ་གཉིས་ཀྱིས་ཇི་སྙེད་དགུ་ཞེས་པའི་རྐང་པ་བཞི་ཡང་དང་པོའི་འབྱུང་ཁུངས་ཞུས་པའི་ལན་དུ་སྦྱོར་མོད་ཀྱང༌། སླར་སྡུད་པའི་ལན་དུ་ཤིན་ཏུ་གསལ་བས་དེའི་ལུགས་སུ་བཤད་དོ།། །གཉིས་པ་ནི། བཅུ་གཉིས་ཀྱི་ནི། ཞེས་སོགས་ཀྱི་ དོན་འགྲེལ་པ་གཉིས་ཀྱིས་དེ་ཡི་དབུས་ན་བཞུགས་པའི་ལྷ། ཞེས་སྔར་ཡིག་འབྲུ་སྦས་པ་འཆད་པ་ཡིན་ལ། །དེ་ཡང་མ་ནིང་གི་ཡི་གེ་བཞི་དོར་བའི་དབྱངས་ཀྱི་བཅུ་གཉིས་པ་ནི་ཨཿའོ། །དེའི་མཐའ་ནི་ཀ་སྡེའི་ཐོག་མ་ཀའོ། ཆ་ཤས་དྲུག་པ་ན་ཡ་ ནས་བགྲངས་པའི་ཥའོ། །དེས་མཚན་པ་ནི་ཀ་ལ་བཏགས་པའོ། །ང་རོ་ནི་ཞབས་བསྐྱེད་ཨུའོ། །ཐིག་ལེ་བརྒྱན་བྱེད་པ་ནི་སྟེང་གི་ཟླ་ཚེས་དང་ཐིག་ལེའོ། །དེ་དག་བསྡུ་ན་ཀྵུཾ་སྟེ་དེ་ནི་ཀ་དང་ཥ་དང་ཨཱུ་དང་ཟླ་ཚེས་དང་ཐིག་ལེ་སྟེ་ཆ་ཤས་ལྔ་པ་ཅན་ ཡིན་ནོ། །ཞེས་འཆད་དོ། །འདི་ཡི་ཤེས་ཞབས་ལུགས་དང་བསྟུན་པར་ནི་སྣང་ལ། ལུགས་དེ་ལ་ནི་ཕྱོགས་བཅུའི་སངས་རྒྱས་ཀྱི་བདུད་རྩི་འགུགས་པ་ན་ཀྵུཾ་གི་གཟུགས་སུ་འགུགས་པར་བཤད་པ་མིན་པ་སྙིང་ཁ་དང་གསང་གནས་སུ་ཀྵཱཾ་བསྒོམ་པ་ མི་སྣང་ངོ་། །སྔགས་བཏུབ་འདི་དག་གིས་སྙིང་ཁའི་སྔགས་ཀྱི་ཐིག་ལེ་སྟོན་པར་སྣང་ལ། དེ་ནི་རྡོ་རྗེ་འཕྲེང་བ་ལས་ཐིག་ལེ་གསུམ་རྣམ་པར་ཕྱེད་པའི་ལེའུ་ལས་ཧཱུཾ་དུ་བཤད་ལ། རྡོ་རྗེ་དང་པདྨ་སྦྱོར་བའི་ལེའུ་ལས་སྙིང་ཁར་ཨ་ཡིག་བཤད་ཅིང༌། སྤྱོད་བསྡུས་སུ་དྲངས་པའི་རྒྱུད་ལས་ཀྱང་སྙིང་ཁའི་མི་ཤིགས་པ་ཨ་ཡིག་ལ་བཤད་དོ། །དེའི་ཨ་ཡི་འདིར་མི་སྟོན་ཞིང༌། ཧཱུཾ་ཡིག་ལས་གསལ་བས་ཧཱུཾ་ཡིག་ལ་བཤད་དོ། །དེ་ལ་ཆ་ཤས་ནི་ཚན་པ་སྟེ་སྡེ་ཚན་ནོ། །ལྔ་ནི་ཀ་ཙ་ཊ་ཏ་པའི་སྡེ་ཚན་ 5-4-17b ནོ། །ལྔ་པ་ནི་པ་སྡེའོ། །ཅན་ནི་རང་གི་ཆ་ལྔ་དང་ལྡན་པའོ། །དེའི་ཐོག་མ་ནས་བགྲངས་ན་བཅུ་གཉིས་པ་ནི་སའོ། །དེའི་མཐའ་མ་ནི་ཧའོ། །དེ་ལ་ཆ་ཤས་ཏེ་དབྱངས་དྲུག་གིས་ཏེ། དྲུག་པ་ཨཱུ་རིང་པོས་མཚན་པ་ཉིད་ཀྱི་ཧཱུའོ། །དེའི་སྟེང་དུ་མ་ཡིག་རྗེས་སུ་ང་རོ་ཐིག་ ལེར་བྱས་ནས་བརྒྱན་པས་ཧཱུཾ་མོ། །འདི་ནི་སྙིང་ཁར་སྔགས་ཀྱི་ཐིག་ལེ་ཧཱུཾ་བསྒོམ་པའི་ལུགས་སོ། །འགྲེལ་པ་གཉིས་ཀྱིས་ཆ་ཤས་ཞེས་པའི་རྐང་པ་བཞི་དང༌། རྡོ་རྗེའི་ཁོད་ནས་བྱུང་ནས་སུ། །ཞེས་པ་དང་ལྔས་དང་པོ་ཇི་ལྟར་འོངས་པའི་ལམ་དྲིས་པའི་ལན་བསྟན་ པར་འཆད་པ་ནི་དོན་དུ་མ་མཐོང་ངོ་། །གསུམ་པ་ནི། བྱང་ཆུབ་ཀྱི་སེམས་དང་པོ་འོངས་པའི་ལམ་གང་ཡིན་སྙམ་ན། རྩ་ཨ་ཝ་དྷཱུ་ཏཱི་རྡོ་རྗེ་ནོར་བུའི་རྩེ་བར་དུ་གནས་པར་བཤད་པས་རྡོ་རྗེའི་ཁོང་ན་གནས་པའི་ཨ་ཝ་དྷཱུ་ཏཱིའི་ནང་ནས་བྱུང་ནས་སུ་ས་བོན་བྱང་ཆུབ་ ཀྱི་སེམས་དེ་ཡུམ་གྱི་སྐྱེ་གནས་པདྨའི་དབུས་སུ་བཞག་སྟེ་ཆོས་ཀྱི་དབྱིངས་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ནི་ཞུ་བར་བྱེད་དོ། །དེས་ནི་རྩ་ཨ་ཝ་དྷཱུ་ཏཱིའི་ལམ་ནས་འོངས་པར་བསྟན་པས། རྣལ་འབྱོར་གྱིས་སྡུད་པའི་ཚེ་ཡང་ལམ་དེ་ནས་སྙིང་ཁའི་མི་ཤིགས་པ་ ལ་སྡུད་དགོས་པར་བསྟན་ཏོ། །འགྲེལ་པ་གཉིས་ཀྱིས་རྐང་པ་ཕྱི་མ་གཉིས། དེ་བཞིན་ཕྱིར་འགྲོ་ཇི་ལྟར་ལགས། །ཞེས་པའི་ལན་དུ་འཆད་པ་ནི། ཡབ་ཀྱི་ལུས་ཀྱི་གསང་གནས་རྡོ་རྗེ་ལས་ཕྱིར་འགྲོ་བ་དྲིས་པའི་ལན་བསྟན་པར་འདོད་པར་སྣང་ལ། དེ་ནི་ སྔར་པདྨ་ལ་བྱང་སེམས་སྤྲོས་ནས་ཞུ་བར་མཛད་པར་བསྟན་པ་ཉིད་ཀྱིས་ངེས་ཟིན་པས་དྲི་མི་དགོས་ལ། དྲི་བ་ཉིད་ལན་དུ་སོང་བས་མི་རིགས་པའི་ཕྱིར་རོ། །བཞི་པ་ནི། སྔར། ཡན་ལག་མེད་པ་གང་དེ་ནི། །ཞེས་དྲིས་པའི་ལན་སྟོན་ཏེ། བྱང་ཆུབ་ཀྱི་སེམས་ 5-4-18a པདྨར་སྤྲོས་པ་དེ་ནི་མེར་མེར་པོ་ལ་སོགས་པའི་རིམ་གྱི་ཡན་ལག་དང་བཅས་པར་བསྐྱེད་པར་བྱས་ནས་སྔར་བཤད་པའི་མིག་ལ་སོགས་པའི་དབང་པོའི་སྒོ་དགུ་ལ་ནི་ཀུན་ཏུ་འགྲོ་སྟེ། བྱང་ཆུབ་ཀྱི་སེམས་ཀྱིས་གནས་ དེ་དག་ཏུ་ཁྱབ་པར་བྱེད་ཅིང༌། འགྲོ་བ་ཀུན་ལ་ཁྱབ་པར་བྱས་ནས་གནས་སོ། །དེས་ན་མི་གཡོ་བ་སྣོད་ཀྱི་འཇིག་རྟེན་དང༌། གཡོ་བ་བཅུད་ཀྱི་འཇིག་རྟེན་དང་བཅས་པའི་གཞི་ནི་རླུང་སེམས་འདྲེས་པའི་བྱང་ཆུབ་ཀྱི་སེམས་དེ་ཡིན་ལ། སྣོད་བཅུད་གཞན་ ནི་དེ་ལས་ཡོངས་སུ་གྱུར་པའི་རྣམ་འགྱུར་རོ། །བཅུད་ཀྱི་འཇིག་རྟེན་ཇི་འདྲ་བ་སྙམ་ན། ཚངས་པ་ལ་སོགས་པའི་ལྷ་དང༌། ཐགས་བཟང་རིས་ལ་སོགས་པའི་ལྷ་མིན་ལ་སོགས་པའི་སེམས་ཅན་ཏེ་དེ་རྣམས་ཀྱི་གཞིའོ། །མི་གཡོ་བ་ལ་སོགས་ པ་ཞེས་པའི་སོགས་ནི་དེའི་སྐད་དོད་དོད་དང་པོ་ལའང་འཇུག་པས་དང་པོར་སྣོད་ཀྱི་གཞི་བྱེད་པའི་དོན་ནོ། །སྔར་རླུང་སེམས་ཡན་ལག་མེད་པ་ཡན་ལག་དང་བཅས་པའི་ལུས་རགས་པའི་དངོས་པོར་ཇི་ལྟར་འགྱུར་དྲིས་པ་ནི། དེ་དག་ཏུ་རིམ་གྱིས་འགྱུར་ བའི་གཞི་མཐར་གཏུགས་པ་གང་ཡིན་དྲིས་པ་ཡིན་ལ། དེའི་ལན་ནི་རླུང་སེམས་ཙམ་ཞིག་གི་གཞི་ནི་དེ་དག་ཏུ་ཡོངས་སུ་འགྱུར་བའོ། །ཞེས་སྟོན་པ་ཡིན་པས་དྲི་བ་ཉིད་ལན་དུ་སོང་བའི་སྐྱོན་མེད་དོ། །འདི་ནི་རྡོ་རྗེ་ཕྲེང་བ་ལས། སྐྱེ་དང་གནས་ དང་འཇིག་པ་དང༌། །སྲིད་པ་བར་མར་གནས་པ་སྟེ། །ཇི་སྙེད་འཇིག་རྟེན་གྱིས་བཏགས་པ། །སེམས་ཀྱི་རླུང་གི་རྣམ་འཕྲུལ་ལོ། །ཞེས་དང༌། དགོངས་པ་ལུང་སྟོན་ལས་ཀྱང༌། ཇི་སྲིད་འཇིག་རྟེན་བཏགས་པ་དང༌། །དེ་བཞིན་བཏགས་པ་སྣ་ཚོགས་ 5-4-18b རྣམས། །རྣམ་རྟོག་བྱང་ཆུབ་སེམས་ཞེས་པའི། །རླུང་ལས་རྟག་ཏུ་འབྱུང་བ་ཡིན། །བདེ་སྡུག་ལ་སོགས་ཆོས་རྣམས་ཀྱི། །ས་བོན་ལྟ་བུར་བཤད་པ་ཡིན། །ཞེས་གསུངས་པ་རྣམས་དང་དོན་གཅིག་ཏུ་གོ་བར་བྱའོ། །དེས་ན་སྣོད་བཅུད་ཀྱི་འཇིག་རྟེན་འཇིག་པ་ན འང་མི་ཤིགས་པའི་ཐིག་ལེ་དེ། འགོག་པ་སྟེ་འགགས་ནས་མི་ཟད་ལ། འཇིག་རྟེན་ཆགས་པའི་ཚེ་ཡང་རླུང་སེམས་ཙམ་གྱི་མི་ཤིགས་པའི་ཐིག་ལེའི་རྐྱེན་ལ་བརྟེན་ནས་འབྱུང་བ་དང༌། དེ་མ་ཤེས་ལས་འཇིག་རྟེན་ཚངས་པའི་སྒོ་ང་ལས་སྐྱེ་བར་རྟོག་ པའི་ལྟ་བ་ངན་པ་སྐྱེ་བར་གསུངས་ཏེ། ཞལ་ལུང་ལས། ཚངས་སོགས་ལྷ་དང་ལྷ་མིན་སོགས། །ཐམས་ཅད་རབ་ཏུ་མི་སྣང་ཡང༌། །ཐིག་ལེ་འགོག་པར་མི་འགྱུར་ཏེ། །རྒྱུ་དང་མི་རྒྱུར་བཅས་པ་ཀུན། །སླར་ཡང་དེ་ལས་འབྱུང་བར་བྱེད། །དེ་བས་སྐྱེ་བོ་ རྣམས་ཀྱིས་ནི། །ཡང་དག་མ་རྟོགས་པ་ཡི་ཕྱིར། །ཚངས་པའི་སྒོ་ང་ལས་སྐྱེས་པར། །འཁྲུལ་བས་ཆོས་ཀུན་གྱིས་མ་བསྒུལ། །ཞེས་སོ། །སྣོད་བཅུད་གང་ལ་གནས་པར་བྱེད་པའི་གཙོ་བོ་རླུང་སེམས་དེ་ནི་ས་དང་ནམ་མཁའ་ལ་གནས་པ་ཀུན་དེའི་རྣམ་ འགྱུར་རོ། །ཞེས་པ་གང་གསུངས་པའོ། །དེ་དག་གིས་ནི་ལྷ་དང་ལྷ་མིན་ལ་སོགས་པའི་འགྲོ་བ་ཐ་དད་ཀྱི་ལུས་དང༌། འདོད་གཟུགས་ལ་སོགས་པའི་ཁམས་ཐ་དད་ཀྱི་ལུས་རྣམས་ནི་གནས་སྐབས་ཙམ་གྱི་ལུས་ཏེ། དེ་རྣམས་དོར་ཡང་ངའོ་སྙམ་པའི་ ཐ་སྙད་ཀྱི་གདགས་གཞིར་གྱུར་པའི་སེམས་ཅན་གྱི་ལུས་མི་ལྡོག་པའི་ཕྱིར་རོ། །དེས་ན་གནས་སྐབས་དེ་རྣམས་ཀྱི་ལུས་དོར་ཡང་དུས་ཀུན་ཏུ་མི་འཁྲུལ་བའི་སེམས་ཅན་གྱི་གཉུག་མའི་ལུས་ནི་རླུང་སེམས་ཙམ་གྱི་ལུས་སུ་ཟད་པར་བསྟན་ལ། དེ་ 5-4-19a ཉིད་སྒྱུ་མའི་སྐུ་གང་ལས་བསྒྲུབ་པའི་གཞི་ཡང་ཡིན་པས་འདི་སྒྱུ་ལུས་ཀྱི་ཡན་ལག་ཏུ་བྱའོ། །རྐང་པ་གཉིས་པོ་དེའི་དོན་དང་འདྲ་རུང་གཅིག་རྡོ་རྗེ་ཕྲེང་བ་དང༌། སཾ་བྷུ་ཊ་ལས་ཀྱང་འབྱུང་མོད་ཀྱང་འདི་དང་དོན་གཅིག་ཏུ་ བཤད་དུ་མི་རུང་ངོ་། །ལྔ་པ་ནི། སྔར། མ་རིག་བག་ཆགས་སྲེད་པ་ཡིས། །ཞེས་ལས་ཉོན་གྱི་གཞི་དྲིས་པའི་ལན་སྟོན་པ་ནི་ཇི་སྙེད་ཅེས་སོགས་སོ། །ཇི་སྙེད་དེ་སྲིད་དུ་རླུང་སེམས་ཀྱི་མི་ཤིགས་པ་སེམས་ཅན་གྱི་ལུས་ལ་གནས་པ་དེ་ སྲིད་ཀྱི་བར་དུ་རླུང་སེམས་དེ་ཡིས་དགེ་བའི་ལས་དང༌། ལས་མིན་པ་སྟེ། མི་དགེ་བའི་ལས་རྣམས་བྱེད་ལ། དེར་མ་ཟད་དགེ་བའི་ལས་དང་མི་དགེ་བའི་ལས་ཀྱི་བསམ་པ་སྟེ། ཀུན་ནས་སློང་བྱེད་ཀྱི་ཉོན་མོངས་པ་ལ་བྱེད་པས། འཁོར་བར་ འཁོར་བའི་བྱ་བའི་ལས་ཀུན་བྱེད་པ་ཡིན་ནོ། །འདི་ནི་རླུང་གིས་སེམས་གཡོས་ནས་རང་བཞིན་བརྒྱད་ཅུའི་རྟོག་པ་དང༌། དེ་ལས་ཉོན་མོངས་དང༌། དེས་ལས་བསགས་ཏེ་འཁོར་བར་འཁོར་བར་སྟོན་པས། རླུང་གི་དབང་གིས་འཁོར་ ཚུལ་གཙོ་བོར་བཤད་པས། ལས་ཀྱི་རླུང་རྣམས་ཨ་ཝ་དྷཱུ་ཏཱིའི་ལམ་ནས་སྙིང་ཁའི་མི་ཤིགས་པ་ལ་སྡུད་པའི་ཐབས་མི་ཤིགས་པ་བསྒོམ་དགོས་པ་ཡིན་ཏེ། ཞལ་ལུང་ལས། གང་གིས་ཀྱང་ནི་མི་ཤིགས་པ། །ཇི་སྲིད་འདི་ནི་ལུས་ གནས་པ། །ལས་དང་ལས་མིན་རབ་བྱེད་པ། །བརྟན་པོ་འཇིག་པ་རབ་སྤངས་པའི། །མི་ཤིགས་ཐིག་ལེ་བསྒོམ་པར་བཤད། །ཅེས་གསུངས་པ་ལྟར་རོ། །དྲུག་པ་ནི། འོད་གསལ་ལས་ལྡང་བའི་ཚུལ། དྲིས་པའི་ལན་སྟོན་པ་ 5-4-19b ནི། སྦྱོར་བ་ནི་རྣལ་འབྱོར་ཡིན་ལ། དེ་རྟག་ཏུ་བསྒོམ་པར་ནི་རྩ་བའི་རྒྱུད་ལས་གསུངས་ཏེ། ཡུངས་ཀར་གྱི་ནི་འབྲུ་ཚད་ཙམ། །སྣ་ཡི་རྩེ་མོར་ནན་ཏན་དུ། །རྣལ་འབྱོར་གྱིས་ནི་རྟག་ཏུ་བསྒོམ། །ཞེས་གསུངས་ལ་དེའི་ངེས་དོན་ནི། སྙིང་ཁའི་པདྨའི་ལྟེ་བར་མི་ཤིགས་ པ་ཐིག་ལེའི་གཟུགས་ཅན་དང༌། ལྡང་འཇུག་གནས་པའི་རྣལ་འབྱོར་གྱིས་ཉིན་མཚན་རྟག་ཏུ་བསྒོམ་པར་སྒྲོན་གསལ་ལས་གསུངས་སོ། །དེ་ལྟར་སྒོམ་པ་དེ་ངེས་དོན་གྱི་མཆོད་པ་ཆེན་པོ་ཡིན་པར་ཡང་གསུངས་ཏེ། རྩ་བའི་རྒྱུད་ལས། མཁས་པས་ཨུཏྤལ་ དག་དང༌། །པདྨ་རྣམ་པ་ལྔར་ཤེས་བྱ། །ཛཱ་ཏི་རྣམ་གསུམ་ཤེས་བྱས་ནས། །ལྷ་རྣམས་ལ་ནི་དབུལ་བར་བྱ། །མེ་ཏོག་ཀར་ནི་ཀ་ར་དང༌། །མ་ལེ་ཀ་དང་ཡུ་ཏི་ཀ། །མེ་ཏོག་ཀ་བི་ར་བསམ། །མཆོད་པ་ཐམས་ཅད་རབ་ཏུ་བརྟག །ཅེས་གསུངས་པའི་ངེས་དོན་ བཤད་པ་ན། དགོངས་པ་ལུང་སྟོན་ལས། གང་ཞིག་རླུང་ནི་བཅུར་བསྒྲགས་པ། །དེ་ནི་པདྨ་ཨུཏྤལ་མིང༌། །དེ་ཉིད་ཅེས་གྲགས་རྡོ་རྗེ་གསུམ། །ཛཱ་ཏི་གཅིག་པུ་གསུམ་དུ་འདོད། །ཀ་ར་ནི་ཀ་ར་མ་ལི་ཀ། །ཡུ་ཏི་ཀ་ར་པི་ར་ནི། །གོ་རིམ་བཞིན་དུ་སྤྱན་སོགས་ཏེ། ། དབང་ཆེན་སོགས་པར་འདི་སྦྱར་རོ། །དངོས་མེད་གོ་འཕང་ལ་དགོད་པས། །ལྷ་རྣམས་ཀྱི་ནི་སྐུ་སྦྱོར་བ། །གཅིག་ཏུ་སངས་རྒྱས་ཀུན་མཉེས་པའི། །མཆོད་པ་ཆེན་པོར་དེ་འགྱུར་རོ། །ཞེས་པདྨ་པ་དང་ཨུཏྤལ་རིགས་ལྔ་ལྔ་རླུང་བཅུ་དང༌། །ཛཱ་ཏི་རིགས་གསུམ་ལྡང་ འཇུག་གནས་གསུམ་རྡོར་ྗེ་གསུམ་དུ་ཟློ་བ་དང༌། ཀར་ནི་ཀ་ར་སོགས་བཞི་ལྷ་མོ་བཞིའི་ངོ་བོའི་འབྱུང་བ་བཞིའི་རླུང་དང་སྦྱར་ནས། དེ་འདྲ་བའི་རླུང་བསྒོམས་པས་དངོས་མེད་འོད་གསལ་གྱི་གོ་འཕང་ལ་དགོད་པས། དེ་ལས་ཟུང་འཇུག་གི་ལྷའི་སྐུར་སྦྱོར་བ་ 5-4-20a མཆོད་པ་ཆེན་པོར་གསུངས་སོ། །དེས་ན་ལོ་ཆེན་གྱི་འགྱུར་ལས། མཆོད་པ་བསྒོམ་པར་གྱུར་པ་ཡིན། །ཞེས་འབྱུང་ཡང༌། སྨྲི་ཏིས་རྒྱུད་ཀྱི་གཞུང་ལོགས་སུ་བསྒྱུར་བ་ལས། མཆོད་པ་བསྒོམ་པར་གསུངས་པ་ཡིན། །ཞེས་བསྒྱུར་བ་ ལེགས་སོ། །དེ་ལྟར་སྔར་བཤད་པ་ལྟར་སྙིང་ཁར་མི་ཤིགས་པ་བསྒོམ་པ་དང༌། ལེའུ་གཉིས་པར་འཆད་པ་ལྟར་དེ་ལས་རྡོ་རྗེའི་བཟླས་པ་བྱེད་པའི་རླུང་བསྒོམས་པས། རླུང་རྣམས་ཨ་ཝ་དྷཱུ་ཏཱིའི་ལམ་ནས་མི་ཤིགས་པ་ལ་འདུས་ཏེ་ཐིམ་པ་ལས། འོད་ གསལ་མངོན་དུ་གྱུར་པ་ལས་ལུགས་ལྡོག་ཏུ་ལངས་པ་གང་གི་ཚེ་སྔོན་གྱི་ལས་ཀྱིས་འཕངས་པའི་ལུས་ཞིག་པ་སྟེ་ལུས་བརྗེས་བ་དེའི་ཚེ། སྔར་ཀུན་རྫོབ་སྒྱུ་མའི་སྐུ་དང་དོན་དམ་འོད་གསལ་བསྒོམ་པ་དེ་ཡི་རང་གི་མཐུ་ཡིས་སྔར་བསྒོམས་པའི་སྒྱུ་མའི་ སྐུ་དེ་འདྲ་བའི་ལུས་སུ་རྣལ་འབྱོར་པ་དེ་འགྱུར་ཏེ། སྐུ་གང་གིས་གཡོ་བ་བཅུད་དང་མི་གཡོ་བ་སྣོད་ཀུན་ཁྱབ་ནས་ནམ་མཁའ་དང་མཉམ་པ་ཉིད་དེ་འདྲ་བའི་སྐུ་དེ་ནི་གནས་པར་ཤེས་པར་བྱ་སྟེ། རྡོ་རྗེ་ཕྲེང་བ་ལས། འཇིག་རྟེན་ཁམས་འདི་མ་ལུས་པར། ། བདག་ཉིད་ཡེ་ཤེས་ལུས་ཀྱིས་སྤྱོད། །གཙོ་བོ་གང་དུ་སྤྱོད་པ་ཡིས། །དེ་ཡི་ཁྱིམ་ནི་ནམ་མཁའ་ཉིད། །བདེ་བ་ཆེན་པོའི་ཏིང་འཛིན་གྱིས། །དེ་ཉིད་དུ་ནི་རྟག་ཏུ་རོལ། །ཞེས་གསུངས་སོ། །འདི་ནི་འོད་གསལ་དུ་ཞུགས་པའི་རླུང་སེམས་ཙམ་གྱི་རྒྱུ་ལས། །རྡོ་རྗེའི་སྐུར་ ལྡང་བས། །དེ་ལས་གཞན་པའི་གཟུགས་སྒྲ་སོགས་དེའི་ལྡང་གཞིར་མེད་ཀྱང༌། དེ་ལྟར་ལྡང་བ་མི་འགལ་བར་སྟོན་པའོ། །འགྲེལ་པ་གཉིས་ཀྱིས་གཞུང་དེ་དག་ལ་ལས་ཀྱི་ལུས་ཞིག་པ་རྣལ་འབྱོར་པ་ཤི་བ་ལ་སྦྱོར་བ་སོགས་གཞན་དུ་བཤད་མོད་ཀྱང་ 5-4-20b འཐད་པར་མ་མཐོང་སྟེ། རྡོ་རྗེ་ཕྲེང་བ་ལས། རང་བཞིན་སྣང་བའི་དབྱེ་ཤེས་ནས། །དེ་ནས་སྤྱོད་པ་རབ་ཏུ་བྱ། །ལས་ཀྱི་ལུས་ནི་ཡོངས་སྤངས་ནས། །རྡོ་རྗེའི་སྐུ་ནི་ཐོབ་པར་འགྱུར། །ཞེས་ཚེ་འདིར་འཚང་རྒྱ་བའི་སྤྱོད་པའི་འབྲས་བུ་ལ་དེ་ལྟར་གསུངས་ཤིང༌། ། སྒྲོན་གསལ་ལས་ཀྱང༌། ཐ་མལ་བའི་ལུས་སྤོང་པར་གསུངས་པའི་དོན་རྣམས་ཚེ་འདིར་འཚང་རྒྱ་བའི་དབང་དུ་མཛད་ནས་གསུངས་ལ། སྤྱོད་བསྡུས་ལས་ཀྱང་། རྒྱལ་པོ་ཨིནྡྲ་བྷཱུ་ཏི་དང་འདྲ་བར་ཕུང་པོའི་ཁོག་པ་རྗེས་ཏེ་རྡོ་རྗེའི་ལུས་སུ་གྱུར་ནས། ཞེས་གསུངས་པའི་ཕྱིར་རོ། །རྡོ་རྗེའི་སྐུ་འདི་དང༌། མ་དག་པའི་སྒྱུ་མའི་སྐུ་གཉིས་འོད་གསལ་གྱི་མེས་སྦྱངས་མ་སྦྱངས་མ་གཏོགས་པ་མཚན་ཉིད་མཚུངས་པས། དེའི་སྒོ་ནས་སྒྱུ་ལུས་ཀྱང་བསྟན་དུ་རུང་ངོ་། །ངོ་མཚར་བའི་རྡོ་རྗེའི་སྐུ་འགྲུབ་ ཚུལ་སངས་རྒྱས་ཐམས་ཅད་ཀྱི་མན་ངག་བརྒྱུད་པ་ལས་འོངས་པ་འདི་ནི་རྒྱས་པར་གཞན་དུ་བཤད་པར་འདོད་པས་འདིར་མདོ་ཙམ་མོ། །བཞི་པ་ལ་གཉིས། མི་ཤིགས་པའི་ཐིག་ལེ་བསྒོམས་པའི་ཕན་ཡོན་བསྟན་པ། ཐིག་ལེ་དེ་ཡི་གེའི་ གཟུགས་སྒྲ་དང་བྲལ་བར་བསྟན་པའོ། །དང་པོ་ནི། པ་སྡེའི་འོག་མ་ནས་བགྲངས་པའི་བཅུ་གཉིས་ཀྱི་མཐའི་ཚིག་ནི། སྔར་བཤད་པའི་སྔགས་ཀྱི་ཐིག་ལེ་ཧཱུཾ་ཡིག་ཡིན་ལ། དེའི་དོན་ནི་སྙིང་ཁའི་མི་ཤིགས་པའི་ཐིག་ལེ་རྣལ་འབྱོར་པ་ གང་གིས་རྟག་ཏུ་བསྒོམ་པ་ལ་གོམས་པར་བྱས་ན་དེ་ལྟར་བྱེད་པ་དེ་ནི་དངོས་གྲུབ་རྒྱས་པ་སྟེ་མ་ཚང་བ་མེད་པའི་རྡོ་རྗེ་འཛིན་པར་རང་ཉིད་འགྱུར་བས་དེ་བསྒོམ་པ་ལ་འབད་པར་གྱིས་ཤིག །འདིར་བསྡུས་པའི་དོན་ནི་འདི་ཡིན་ཏེ། བསྐྱེད་རིམ་ 5-4-21a ཕྲ་རགས་བརྟན་པར་བྱས་ནས་ལུས་དབེན་ལ་ལོབས་པ་ན། རྡོ་རྗེ་བཟླས་པའི་རྟེན་སྙིང་ཁར་མི་ཤིགས་པའི་ཐིག་ལེ་བསྒོམ་པ་དང༌། དེ་ལས་རྡོ་རྗེའི་བཟླས་པ་བྱས་པའི་དབང་གིས་རླུང་རྣམས་ཨ་ཝ་དྷཱུ་ཏཱིའི་ལམ་ནས་མི་ཤིགས་ པ་ལ་འདུས་པ་ན། སེམས་དབེན་གྱི་སྟོང་པ་གསུམ་འཐོབ་ཅིང༌། དེའི་མཐར་རླུང་སེམས་ཙམ་ལས་སྒྱུ་མའི་སྐུ་འགྲུབ་བོ། །དེ་ནས་དེ་ཉིད་བསམ་གཏན་གཉིས་ཀྱི་འོད་གསལ་དུ་འཇུག་པ་ལ་གོམས་པར་བྱས་པས་འོད་གསལ་གྱི་རྗེས་སུ་སློབ་པའི་ཟུང་ འཇུག་གི་སྐུ་འགྲུབ་ཅིང༌། དེ་གོམས་པ་ཉིད་ཀྱིས་མི་སློབ་པའི་ཟུང་འཇུག་རྡོ་རྗེ་འཆང་ཐོབ་པར་འགྱུར་བའོ། །དེ་ལྟར་ན་ལེའུ་དང་པོར་རིམ་གཉིས་ཀྱི་ལམ་གྱི་ལུས་བཤད་པ་འདི་ཉིད་ཀྱིས་ཡན་ལག་རྣམས་ལེའུ་གཉིས་པ་ལ་སོགས་པས་འཆད་པར་ ཤེས་པར་གྱིས་ཤིག །གཉིས་པ་ནི། སྔར་སྙིང་ཁར་བསྒོམ་པར་བཤད་པའི་ཡི་གེ་ཧཱུཾ་ནི། དོན་གྱི་མི་ཤིགས་པ་མཚོན་བྱེད་ཙམ་ཡིན་གྱི། དོན་གྱི་མི་ཤིགས་པ་ནི་ཡི་གེའི་སྒྲ་དང་ཁ་དོག་དང་དབྱིབས་ཀྱི་གཟུགས་གང་དུ་ཡང་མ་གྲུབ་པར་སྟོན་ པ་ནི། ཁོང་པ་མགྲིན་པ་རྐན་དང་ལྕེ། །སྣ་དང་སྤྱི་བོ་སོ་དང་མཆུ། །ཞེས་སྒྲ་འབྱུང་བའི་གནས་བརྒྱད་བཤད་པའི་སོ་དང་མཆུ་དང་རྐན་དང་ལྕེ་དང་མགུལ་བ་དང༌། དེས་མཚོན་པའི་སྒྲའི་གནས་གང་ལ་ཡོད་པ་དེ་ཡི་གེ་ཉིད་དེ་ནི་ཡི་གེའི་རྐྱེན་གང་ལས་ བརྗོད་མ་ཐག་ཏུ་ཟད་པ་སྟེ་འཛད་པ་དང༌། ཡི་གེའི་ཁ་དོག་དང་དབྱིབས་བསྒོམས་པ་དེ་ཡང་ཟད་ཀྱང་མི་ཤིགས་པ་ནི་དེ་ལྟར་ཟད་པ་མེད་པར་གནས་པའི་ཕྱིར་ན། དོན་གྱི་མི་ཤིགས་པ་ནི་ངག་གི་ངོ་བོར་བརྗོད་པར་བྱར་མེད་ཅིང༌། བློས་ཀྱང་དངོས་སུ་ངེས་ 5-4-21b པར་མི་ནུས་པས་ཐེ་ཚོམ་པ་ཞེས་བཤད་ཀྱི་ཐེ་ཚོམ་གྱི་ཡུལ་དུ་སྟོན་པ་མིན་ནོ། །སྒྲ་སྟེ་གདངས་དང་ཡིག་འབྲུལ་གཟུགས་རྣམ་པར་སྤངས་པའི་དོན་གྱི་མི་ཤིགས་པ་དེ་ནི་རང་གི་ལུས་ཀྱི་ཕྱི་གཟུགས་སྒྲ་སོགས་དང༌། ནང་མིག་ལ་སོགས་པའི་རྩ་བ་དེ་ བཞིན་ཉིད་དེ་སྔར་ཆོས་ཀྱི་དབྱིངས་སུ་བཤད་པའི་རླུང་སེམས་ཀྱི་བྱང་ཆུབ་ཀྱི་སེམས་ནི་རྒྱུད་འདིར་གསུངས་སོ། །ལྔ་པ་ནི། ལྷ་མོ་བཞིས་ཡོངས་སུ་ཞུས་པའི་རྒྱུད་ཀྱི་རྣམ་པར་བཤད་པ་ལས། ལྷ་མོ་སྤྱན་མས་ཡོངས་སུ་ཞུས་པའི་ལེའུ་སྟེ་ལེའུ་དང་ པོའི་རྣམ་པར་བཤད་པའོ།། །།གཉིས་པ་མཱ་མ་ཀཱིས་ཞུས་པའི་ལེའུ་ལ་དྲུག །ཞུ་བ་མཛད་ཚུལ། ཞུས་པའི་ལན་བཤད་པ། མི་ཤིགས་པའི་དེ་ཉིད་མི་ཤེས་པའི་ཉེས་དམིགས། རྡོར་བཟླས་ཀྱི་དམིགས་པ་སྔགས་ཀྱི་དེ་ཉིད་ བཤད་པ། དྲིས་པའི་ལན་རྫོགས་པར་བསྟན་པ། ལེའུ་མཚན་བསྟན་པའོ། །དང་པོ་ལ་གཉིས། །ཞུས་པའི་མཚམས་སྦྱོར། ཞུ་བ་དངོས་སོ། །དང་པོ་ནི། །སྤྱན་མས་ཞུས་པའི་ལན་རྫོགས་པའི་རྗེས་དེ་ནས། ལྷ་མོ་མཱ་མ་ཀཱིས། རྡོ་རྗེ་ཅན་ཏེ་རྡོ་རྗེ་ འཆང་ལ་འོག་ནས་འབྱུང་བའི་དོན་འདི་རྣམས་ཞུས་སོ། །ཞེས་སྡུད་པ་པོའི་ཚིག་གིས་མཚམས་སྦྱར་རོ། །ཏེ་ཞེས་པ་ནི་ལྷག་མ་འདྲེན་པའོ། །གཉིས་པ་ལ་ལྔ། གནས་བཞིའི་རླུང་འགྲོ་འོང་གསུངས་པའི་བཟླས་པ་ཞུས་པ། སྔགས་ཀྱི་ཐིག་ལེའི་ཆ་ ཤས་ཞུས་པ། ཅ་ཤས་ཀྱི་གནས་ཞུས་པ། ཆ་ཤས་ཀྱི་ཁ་དོག་ཞུས་པ། ཆ་ཤས་གང་དུ་འདུ་བའི་གདན་ཞུས་པའོ། །དང་པོ་ནི། སྔར་ལེའུ་དང་པོར་གསུངས་པའི་བྱང་ཆུབ་ཀྱི་སེམས་ཀྱི་རིམ་པ་ཡི་ནང་ནས་ཕྱིར་འགྲོ་བ་དང༌། ཕྱིར་ཏེ་ནང་དུ་ལྡོག་ 5-4-22a པ་རྒྱུད་གཞན་དུ་བསྟན་པའི་དོན་ནི། རྡོ་རྗེ་ཆེན་པོ་སྟེ་རྡོ་རྗེ་འཆང་གིས་བཀའ་སྩལ་པ་འཚལ་བ་སྟེ། དགོས་ཞེས་ཞུས་སོ། །བྱང་ཆུབ་སེམས་གང་ནས་འགྲོ་འོང་བྱེད་པའི་གནས་ནི་ཁ་སྟེ་མགྲིན་པ་དང༌། སྙིང་ཁ་དང༌། ལྟེ་བ་དང༌། གསང་བའི་པདྨ་སྟེ་བཞིའོ། །ལ་ནི་ལྔ་པའི་དོན་ལ་བདུན་པའི་སྒྲའོ་འདིར་འགྲོ་འོང་བྱེད་པའི་བྱང་ཆུབ་ཀྱི་སེམས་དྲིས་པ་ནི་ལེའུ་དང་པོར་བྱང་ཆུབ་ཀྱི་སེམས་ལ་རླུང་དང་ཐིག་ལེ་གཉིས་བཤད་པའི་རླུང་ཡིན་ལ། རྒྱུད་གཞན་གང་ལས་བསྟན་པ་ནི། རྡོ་ རྗེ་ཕྲེང་བ་ལས། སྟེང་གི་སྣ་ལ་ངེས་འབྱུང་བ། །གཡོན་དང་གཡས་དང་གཉིས་ཀ་དང༌། །དལ་བར་བར་རྒྱུ་དང་རྣམ་བཞིར་འགྱུར། །ནང་གི་དུས་ནི་ཡིན་པར་བཤད། །ལྐོག་མ་སྙིང་ཁ་ལྟེ་བ་དང༌། །གསང་བའི་པདྨར་འགྲོ་འོང་སྟོན། །ཞེས་གསུངས་པ་དང༌། དེ་འདྲ་བའི་རིགས་རྣམས་ཡིན་ནོ། །དོན་གྱི་དབང་འདི་གཟིགས་ནས། རིམ་ལྔར། དེ་ཉིད་ཡེ་ཤེས་ལྔ་ཡི་དངོས། །ཞེས་སོགས་ཀྱིས་ཡུངས་ཀར་གྱི་སྒྲས་བསྟན་པའི་སྟེང་གི་སྣ་རྩེར་རྒྱུ་བའི་རླུང་གི་དེ་ཉིད་བསྟན་པར་མཛད་པ་ཡིན་ལ། དེའི་ཕྱིར་ ལེའུ་དང་པོར་ཡུམ་གྱི་པདྨར་སྤྲོས་པའི་བྱང་ཆུབ་སེམས་ནི་ཐིག་ལེ་རྐྱང་པ་མིན་པར་རླུང་དང་བཅས་པ་ཡིན་པ་དང༌། དེ་ཉིད་ཡེ་ཤེས་ལྔ་ཡི་དངོས། །ཞེས་སོགས་ཀྱི་དོན་རླུང་ལའང་བཤད་དགོས་པར་ལེའུ་གཉིས་པ་འདིས་ཤེས་པ་ཡིན་ནོ། ། གཉིས་པ་ནི། ལེའུ་དང་པོར་བཤད་པའི་སྙིང་ཁའི་སྔགས་ཀྱི་ཐིག་ལེ་ཧཱུཾ་ཡིག་ལ་ཆ་ཤས་ཀྱི་གྲངས་རྣམ་པ་དུ་ཞིག་གསུངས་པ་སྟེ་དུ་ཞིག་ཡོད་ཅེས་དྲིས་སོ། །གསུམ་པ་ནི། ཆ་ཤས་དེ་གང་ལ་གནས་པའི་གནས་ཀྱི་རྣམ་པར་བསྒྱུར་བ་སྟེ་ 5-4-22b གྲངས་དུ་ཞིག་ཡོད་ཅེས་དྲིས་ཏེ། དཔེ་ཁ་ཅིག་ལས། གནས་ཀྱི་རྣམ་པ་དུ་ཞིག་གསུངས། །ཞེས་ཀྱང་འབྱུང་བས་རྣམ་པར་བསྒྱུར་བའི་དོན་ནི་གྲངས་སོ། །བཞི་པ་ནི། ཆ་ཤས་དེ་རྣམས་ཀྱི་ཁ་དོག་རྣམ་པ་དུ་ཞིག་གསུངས་པ་སྟེ། དུ་ཞིག་ཡོད་ཅེས་དྲིས་སོ། །ལྔ་པ་ ནི། ཆ་ཤས་ཀྱི་ཁ་དོག་སོགས་ཞུས་པ་དེ་བཞིན་དུ། དེར་མ་ཟད་ཆ་ཤས་རྣམས་གང་དུ་འདུ་བའི་གདན་ཡང་ཇི་ལྟར་འཚལ་བ་སྟེ། ཤེས་པར་བྱ་ཞེས་ཞུས་སོ། །སྔར་བཤད་པའི་བཀའ་སྩལ་འཚལ་ཞེས་པ་པ་ནི་འོག་མ་རྣམས་ཀྱི་མཐར་ཡང་འཐོབ་བོ། ། གཉིས་པ་ལ་དྲུག །ཆ་ཤས་ཞུས་པའི་ལན། ཆ་ཤས་ཀྱི་གནས་ཞུས་པའི་ལན། དེ་རྣམས་ཀྱིས་གྲུབ་པའི་དོན། ཆ་ཤས་ཀྱི་ཁ་དོག་ཞུས་པའི་ལན། རླུང་འགྲོ་འོང་གི་བཟླས་པ་ཞུས་པའི་ལན། ཆ་ཤས་གང་དུ་འདུ་བའི་གདན་ཞུས་པའི་ལན་ ནོ། །དང་པོ་ནི། དྲི་བ་དེ་རྣམས་ཀྱི་ལན་རྡོ་རྗེ་ཅན་གྱིས་བཀའ་སྩ་པ་ནི། འོག་ནས་འབྱུང་བ་འདི་རྣམས་སོ། །སྔགས་ཀྱི་ཐིག་ལེ་དེ་ཆ་ཤས་གྲངས་བཞི་དང་མཉམ་པ་སྟེ། ཡང་དག་པར་ལྡན་ནོ། །མཉམ་པའི་སྐད་དོད་ཡང་དག་པ་ལ་ཡང་བཤད་དུ་ ཡོད་པས་དེ་ལྟར་བཤད་པ་མང་དུ་སྣང་ངོ་། །ཆ་ཤས་བཞི་ནི་མགོ་བོ་དང༌། མགོ་བོ་མེད་པའི་ལུས་དང༌། ང་རོའམ་སྒྲ་དང༌། ང་རོའི་མཐའ་འམ་སྒྲའི་མཐའ་འོ། །ཞིང་ནི་ལན་འོག་མ་སྡུད་པའོ། །གཉིས་པ་ནི། ཆ་ཤས་དེ་རྣམས་གང་ལ་གནས་ སྙམ་ན། པདྨ་བཞི་ལ་ཡང་དག་པར་གནས་སོ། །འོ་ན་ཆ་ཤས་གང་པདྨ་གང་ལ་གནས་སྙམ་ན། སྙིང་གི་པདྨ་ལ་གནས་གནག །ཁ་ཡི་པདྨ་ལ་གནས་དཀར། །ང་རོ་ལྟེ་བའི་པདྨར་གནས། །གསང་བའི་པདྨར་ང་རོའི་མཐའ། །ཞེས་པ་བཞིའོ། ། 5-4-23a ཆ་ཤས་གང་པདྨ་གང་ལ་གནས་པ་སྟོན་པའི་སྐབས་འདིར། །རྐང་པ་འོག་མ་གཉིས་ཀྱིས་ང་རོ་ལྟེ་བའི་པདྨ་དང༌། ང་རོའི་མཐའ་གསང་བའི་པདྨར་གནས་པར་བཤད་པ་བཞིན་དུ་རྐང་པ་དང་པོ་གཉིས་ཀྱིས་ཀྱང་སྙིང་ཁ་ དང་ཁའི་པདྨར་ཆ་ཤས་འདི་གནས་ཞེས་བཤད་རྒྱུ་ཡིན་པ་ལ། དེ་གཉིས་ལ་འདི་གནས་མ་བཤད་པར་དེ་གཉིས་ལ་གནས་པའི་ཁ་དོག་བཤད་པ་ནི་ཤིན་ཏུ་མ་འབྲེལ་ཞིང༌། ཁ་དོག་འོག་ནས་འཆད་པས་འདིར་བཤད་མི་དགོས་པའི་ཕྱིར་རོ། །བཤད་དགོས་ པ་མ་བཤད་ཅིང༌། བཤད་མི་དགོས་པ་བཤད་པ་འདི་ནི། རྒྱ་གར་གྱི་དཔེ་མ་དག་པ་ལས་བསྒྱུར་བའི་སྐྱོན་ནོ། །དེས་ན་ཁ་ཆེའི་མཁས་པ་ལཀྵྨཱིའི་རིམ་ལྔའི་འགྲེལ་པར་བསྒྱུར་བ་འགྱུར་ལེགས་ཏེ། དེ་ནི། མགོ་མེད་སྙིང་ཁའི་པདྨར་གནས། །ཁ་ཡི་པདྨར་ མགོ་བོ་གནས། །ལྟེ་བའི་པདྨར་སྒྲ་གནས་ཏེ། །སྒྲ་མཐའ་གསང་བའི་པདྨ་ལའོ། །ཞེས་འབྱུང་བའོ། །དེ་ལྟར་ན་མགོ་བོ་མེད་པའི་ཧཱུཾ་གི་ལུས་ནི་སྙིང་ཁའི་པདྨར་གནས་ལ། ཁ་སྟེ་མགྲིན་པའི་པདྨར་ནི་ཧཱུཾ་ཡིག་གི་མགོ་བོ་གནས་སོ། །ལྟེ་བའི་པདྨར་ནི་སྒྲ་སྟེ་ ཧཱུཾ་ཡིག་གི་ཞབས་བསྐྱེད་ཨཱུ་ཡིག་གནས་ཏེ། སྒྲའི་མཐའ་སྟེ་ཧཱུཾ་གི་ཐིག་ལེ་ནི་གསང་བའི་གནས་ཀྱི་པདྨ་ལ་གནས་སོ། །འགྲེལ་པ་གཉིས་ཀྱིས་ནི། ཆོས་ཀྱི་དབྱིངས་དེ་ཨོཾ་ནག་པོ་དང༌། ཀྵ་དཀར་པོ་དང༌། ཧཱུཾ་དམར་པོ་དང༌། ཨཱ་སེར་པོའི་གཟུགས་ ཀྱིས་རིམ་པ་བཞིན་སྙིང་ཁ་དང༌། ཁ་དང་ལྟེ་བ་དང་གསང་གནས་ཀྱི་པདྨ་ལ་གནས་པར་འཆད་ཀྱང་ལཀྵྨཱིའི་འགྲེལ་པར་སྔར་བཞིན་བཤད་པ་ཉིད་ལེགས་སོ། །གསུམ་པ་ལ་གསུམ། སྙིང་ཁའི་ཐིག་ལེ་ལས་འགྲོ་འོང་གི་བཟླས་པ་བྱ་བར་བསྟན་པ། 5-4-23b མི་ཤིགས་པའི་ཐིག་ལེས་བྱ་བ་ཀུན་བྱེད་ཚུལ། སྔགས་ཀྱི་ཐིག་ལེ་ཤེས་པའི་ཕན་ཡོན་ནོ། །དང་པོ་ནི། འོ་ན་ཧཱུཾ་ཡིག་གི་ཆ་ཤས་བཞི་བྲལ་ནས་རྩ་འཁོར་བཞི་ལ་གནས་པར་བཤད་པ་དེ་དོན་གང་གི་དབང་དུ་བྱས་པ་ཡིན་ཞེ་ན། ཐབས་ཀྱི་མཐའ་རུ་ འགྲོ་བྱེད་གནས། །ཐིག་ལེའི་སྦྱོར་བ་རབ་ཏུ་གནས། །ཞེས་བསྒྱུར་ཡང༌། ལཀྵྨཱིའི་འགྲེལ་པར། འགྲོ་དང་འོང་བར་བྱེད་པ་འདི། ཐིག་ལེ་རྣལ་འབྱོར་རབ་ཏུ་འཇུག །ཅེས་བསྒྱུར་བ་ཉིད་ལེགས་པས་དེའི་སྟེང་ནས་བཤད་ན། ཧཱུཾ་ཡིག་གི་ཆ་ཤས་བཞི་ནི་ སྙིང་ཁ་ལ་སོགས་པའི་རྩ་འཁོར་བཞི་ལ་གནས་ནས་ཕྱི་ནང་དུ་འགྲོ་བ་དང་འོང་བར་བྱེད་པའི་འབྱུང་བ་བཞིའི་རླུང་བཞི་པོ་འདི་ཡིན་ལ། དེ་སྙིང་ཁར་གནས་པའི་ཧཱུཾ་ཡིག་གི་ཆ་ཤས་སུ་བཤད་པ་ན་ཆ་ཤས་རྣམས་ཆ་ཅན་དུ་འདུ་དགོས་པའི་གནད་ཀྱིས་ སྔགས་ཀྱི་ཐིག་ལེ་ཧཱུཾ་ཡིག་གི་མཚོན་དོན་མི་ཤིགས་པའི་ཐིག་ལེ་ལ་དམིགས་ནས་ཕྱི་ནང་དུ་རབ་ཏུ་འཇུག་པར་བྱེད་པའི་རྡོ་རྗེའི་བཟླས་པའི་རྣལ་འབྱོར་བྱ་དགོས་པར་སྟོན་པ་ཡིན་ནོ། །ཚུལ་འདི་རྒྱུད་རྡོ་རྗེ་ཕྲེང་བ་ལས། ཧཱུཾ་ཡིག་གི་ཧ་དང་ཨཱུ་དང་མ་ གསུམ་རིམ་པ་བཞིན་གསང་བར་གནས་པའི་ཐུར་སེལ་དང་མགྲིན་པར་གནས་པའི་གྱེན་རྒྱུ་དང༌། སྨིན་མཚམས་ཀྱི་འཁོར་ལོ་ལ་ཁྱབ་པའི་སྲོག་འཛིན་གསུམ་ལ་བྱས་ནས་ཡི་གེ་གསུམ་གཅིག་ཏུ་འདུས་པ་ཐུགས་ཀའི་ཧཱུཾ་དུ་གྱུར་པའི་དོན་རླུང་དེ་ གསུམ་སྙིང་ཁའི་རྩ་འཁོར་གྱི་དབུས་སུ་འདྲེས་པའི་དོན་དུ་བཤད་པ་དང་རིགས་མཚུངས་པ་ཡིན་ནོ། །སྔར་ལེའུ་དང་པོར། །དེ་ཉིད་ཡེ་ཤེས་ལྔ་ཡི་དངོས། །ཞེས་པའི་རླུང་གི་དེ་ཉིད་བསྟན་ཡང་མི་གསལ་ལ། འབྱུང་བ་བཞིའི་རླུང་ཡང་སོ་སོར་མ་ཕྱེ་ 5-4-24a བ་དང༌། སྙིང་ཁར་མི་ཤིགས་པའི་ཐིག་ལེ་བསྒོམ་ལ་བཤད་ཀྱང༌། དེ་ལས་ལྡང་འཇུག་གི་བཟླས་པ་བྱེད་པ་མི་གསལ་བ་ལེའུ་འདིར་དེའི་དོན་རླུང་ཡིན་པ་དང༌། དེ་ཡང་གནས་བཞི་ལ་གནས་པའི་རླུང་འགྲོ་འོང་བྱེད་པ་ཡིན་པ་དང༌། དེ་ ཉིད་ཀྱང་སྙིང་ཁའི་ཐིག་ལེའི་རྣལ་འབྱོར་གྱི་ཡན་ལག་ཏུ་གསུངས་པས། སྲོག་རྩོལ་རྡོ་རྗེའི་བཟླས་པའི་བྱ་ཐབས་མཐར་ཐུག་པ་བསྟན་པ་ཡིན་ནི། །རྩ་རྒྱུད་ལེའུ་གསུམ་པའི་སྒྲོན་གསལ་ལས། སྣ་རྩེ་གསུམ་བཤད་པའི་སྙིང་ཁའི་སྣ་རྩེར་མི་ཤིགས་པ་ བསྒོམས་ནས་རྡོ་རྗེ་བཟླས་པ་བྱ་ཚུལ་བཤད་པ་ཡང༌། བཤད་པའི་རྒྱུད་འདིའི་དོན་དུ་སྣང་ངོ་། །དེ་ལྟར་ན་སྔར། །ཁ་སྙིང་ལྟེ་བ་གསང་བ་ལ། །ཞེས་ཞུས་པའི་དོན་འདིར་ཡང་བཤད་མོད་ཀྱང་གཙོ་བོར་ནི། ཐིག་ལེའི་གཟུགས་སུ་བསྒྱུར་བ་དེ། །འགྲོ་དང་ཕྱིར་འོང་ རྣམ་པར་བསྟན། །ཞེས་པའི་སྐབས་སུ་འཆད་དོ། །རྡོ་རྗེ་བཟླས་པ་བྱེད་ཚུལ་འདི་རྡོར་བཟླས་བྱས་པའི་དགོས་པ། སྙིང་ཁའི་རྩ་མདུད་ཀྱི་དབུས་ཀྱི་ཨ་ཝ་དྷཱུ་ཏཱིའི་ནང་དུ་མི་ཤིགས་པ་ལ་རླུང་སྡུད་བྱེད་ཀྱི་ཐབས་མཆོག་ཡིན་པ་འདི་ཇི་བཞིན་དུ་མ་ཐོན་པས་རྡོ་ རྗེ་བཟླས་པའི་གནད་མཐར་ཐུག་པ་བསྟན་པའི་འདུས་པ་རྩ་བཤད་ཀྱི་དོན་འཕགས་པ་ཡབ་སྲས་ཀྱིས་བཀྲལ་བའི་གདམས་པའི་སྲོག་རྩོལ་གྱི་གནད་ལེགས་པར་ཟིན་པ་ཤིན་ཏུ་ཉུང་བར་བྱུང་འདུག་གོ ལཀྵྨཱིའི་མགོ་ཁོ་མེད་པའི་ཧཱུཾ་གི་ལུས་ཀྱིས་ རླུང་ཕྱིར་ལྡང་བ་དང༌། མགོ་བོས་རླུང་གནས་པ་དང༌། སྒྲས་རླུང་ནང་དུ་འཇུག་པ་དང༌། སྒྲའི་མཐས་རླུང་ལྡང་འཇུག་གནས་པ་ཐམས་ཅད་ཉེ་བར་བསྡུས་པ་དབུགས་དང་བྲལ་བ་བསྟན་པར་བཤད་ཀྱང༌། ཆ་ཤས་བཞི་སྙིང་ཁ་ལ་སོགས་པའི་ 5-4-24b པདྨ་བཞི་ལ་གནས་ནས་འགྲོ་འོང་བྱེད་པའི་རླུང་འདིར་གསལ་བར་བཤད་པས། བཤད་པ་དེ་ཅུང་ཟད་འགྲིག་པར་མ་མཐོང་ཡང་ཆ་ཤས་བཞིའི་ཆ་ཅན་ཧཱུཾ་ཡིག་ལ་བཤད་པ་ནི་ཤིན་ཏུ་ལེགས་པར་མཐོང་ངོ་། །དེའི་ཕྱིར་སྔར་ལེའུ་དང་པོར། བཅུ་གཉིས་ ཀྱི་ནི་ཐ་མ་ལ། །ཞེས་སོགས་ཀྱིས་བཏུས་པའི་སྙིང་ཁའི་སྔགས་ཀྱི་ཐིག་ལེའི་ཡི་གེ་ནི་ལེའུ་གཉིས་པ་འདིར་ཧཱུཾ་ཡིག་གི་དོན་དུ་བཤད་པས་ཀྵུཾ་ལ་འཆད་པ་དོན་མིན་ནོ། །གཉིས་པ་ལ་གཉིས། ཐ་མལ་པ་དང་ཐུན་མོང་བ་ལ་བྱ་བ་བྱེད་ཚུལ། རྣལ་འབྱོར་པ་ ལ་བྱ་བ་བྱེད་ཚུལ་ལོ། །དང་པོ་ལ་གསུམ། མཐོང་ཐོས་ལ་སོགས་པའི་བྱ་བ་བྱེད་པ། རྒྱལ་པོ་ལ་སོགས་པ་ལ་བྱ་བ་བྱེད་པ། ཁམས་གསུམ་གྱི་བྱ་བ་བྱེད་ཚུལ་ལོ། །དང་པོ་ནི། མི་ཤིགས་པའི་ཐིག་ལེའི་རྩ་བ་ཅན་གྱི་རླུང་དེ་ཁོ་ནས་བྱེད་དོ་ཞེས་ ཁྱད་པར་གྱི་གཞིར་དྲང་ངོ་། །གང་བྱེད་ན། སྣའི་དབང་པོས་དྲི་སྣོམ་པར་བྱེད་པ་དང༌། རྣ་བའི་དབང་པོས་སྒྲ་ཐོས་པར་བྱེད་པ་དང༌། མིག་གི་དབང་པོས་གཟུགས་མཐོང་བར་བྱེད་པ་དང༌། ལྕེའི་དབང་པོས་རོ་ཟ་བ་སྟེ་མྱོང་བར་བྱེད་པ་དང༌། ལུས་ཀྱི་ དབང་པོས་རེག་བྱ་ལ་རེག་པར་བྱེད་པ་དང༌། ཡིད་ཀྱི་དབང་པོས་བདེ་བ་དང་སྡུག་བསྔལ་ཚོར་བ་རིག་པར་བྱེད་པ་རྣམས་སོ། །དུས་ནི། གང་གི་ཚེ་རང་རང་གི་ཕྱི་ནང་གི་རྐྱེན་ཚོགས་པ་དེའི་ཚེའོ། །ཀྱང་ནི་སྔ་མ་སྔ་མར་མ་ཟད་པའོ། །དེ་ལྟར་ཡང་རིམ་ལྔ་ ལས། རླུང་རྣམས་ཕྲ་བའི་གཟུགས་ཀྱིས་ནི། །ཤེས་དང་ཡང་དག་འདྲེས་གྱུར་ནས། །དབང་པོའི་ལམ་ནས་བྱུང་ནས་ནི། །ཡུལ་རྣམས་ལ་ནི་དམིགས་པར་བྱེད། །ཅེས་གསུངས་སོ། །རྐྱེན་གང་ལས་བཞད་གད་བྱེད་པ་དང་། ངག་ཟློས་པར་བྱེད་པ་དང༌། 5-4-25a དེ་བཞིན་དུ་ཆོ་ངེ་དང་དུ་བར་བྱེད་པ་ལ་སོགས་པའི་ངག་གི་ལས་དང་འབྱར་བ་རྣམས་སོ་སོར་འབྱེད་པར་བྱེད་པ་དང༌། ཤིང་ལ་སོགས་པ་གཅོད་པར་བྱེད་པའི་ལུས་ཀྱི་ལས་དང༌། འཇིག་རྟེན་གྱི་གཙུག་ལག་རིག་པ་ལ་སོགས་པ་ ཆོ་ག་རྣམ་པ་མང་པོ་ཤེས་པའི་ཡིད་ཀྱི་ལས་རྣམས་ཀྱང་ཤེས་པ་དད་འདྲེས་པའི་རླུང་དེ་ཁོ་ནས་བྱེད་དོ། །གཉིས་པ་ནི། མི་ཤིགས་པ་ལ་བརྟེན་པའི་རླུང་དེ་ཁོ་ནས་འཁོར་ལོས་སྒྱུར་བ་དང༌། མཁར་གྱི་རྒྱལ་པོའི་དོན་ཏེ་དགོས་པ་རྣམས་ཀྱང་བྱེད་པར་ འགྱུར་ལ། ཁྱིམ་བདག་ཤིང་སཱ་ལ་ལྟ་བུའི་དབང་ཕྱུག་གི་དོན་ཡང་སྔར་བཤད་པ་དེ་བཞིན་དུ་ཤེས་པ་དང་འདྲེས་པའི་རླུང་གིས་བྱེད་དོ། །བྲམ་ཟེའི་རིགས་དང༌། རྒྱལ་པོའི་རིགས་དང༌། རྗེའུ་ཡི་རིགས་དང༌། སྨད་པའི་རིགས་དམངས་རིགས་དང༌། བུད་ མེད་དུ་གྱུར་པ་ཡང་དེས་སྤྲུལ་པར་བྱེད་དོ། །ཡང་གི་སྒྲས་ནི་བཤད་ཟིན་པ་དང་མ་ཟིན་པ་གཉིས་ཀ་སྡུད་པས་སྐྱེས་པ་སྤྲུལ་པ་ཡང་བཟུང་ངོ་། །དེ་བཞིན་དུ་དུད་འགྲོ་དང་ཡི་དྭགས་སུ་སྐྱེ་བ་དང༌། དེས་མཚོན་ནས་དམྱལ་བར་སྐྱེ་བ་ཡང་དེས་བྱེད་དོ། ། གསུམ་པ་ནི། གཟུགས་ཅན་ཏེ་གཟུགས་ཀྱི་ཁམས་ཀྱི་སྲིད་པ་དང༌། གཟུགས་མེད་པའི་ཁམས་ཀྱི་སྲིད་པ་དང༌། དེ་བཞིན་དུ་འདོད་པའི་ཁམས་ཀྱི་སྲིད་པ་རྣམས་ལས་འབྱུང་བའི་སེམས་ཅན་ཐམས་ཅད་སྐྱེད་པར་བྱེད་པ། རྫུ་འཕྲུལ་ཏེ་སྣོད་བཅུད་ སྣ་ཚོགས་པར་སྤྲུལ་པ་དེ་རྣམས་ཀྱི་གནས་ནི་ཤེས་པ་དང་འདྲས་པའི་རླུང་དེ་ཁོ་ན་ཉིད་ཡིན་ཏེ། དགོངས་པ་ལུང་སྟོན་ལས། འདུ་ཤེས་ཅན་དང་འདུ་ཤེས་མེད། །སེམས་ཅན་དུ་བཏགས་འདི་གནས་པ། །དེ་རྣམས་རླུང་ལས་བྱུང་བ་སྟེ། །རླུང་ལས་ 5-4-25b སླར་ཡང་འགག་པ་ཡིན། །ཞེས་གསུངས་སོ། །གཉིས་པ་ནི། རླུང་དང་སེམས་ཀྱིས་མོའི་གཟུགས་དང་ཕོའི་གཟུགས་སུ་སྤྲུལ་ནས་གནས་པའི་ཐབས་ཤེས་མཉམ་པར་སྦྱོར་བའི་རྣལ་འབྱོར་པ་རྣམས་ལ་ནི་ཕྱག་རྒྱ་དེ་ཉིད་བདེ་བ་ཆེན་པོའི་གོ་འཕང་མཆོག་ འཐོབ་པའི་གནས་སུ་གྱུར་ཏེ། དེ་ཁོ་ན་ཉིད་གྲུབ་པ་ལས། འདིར་གཉིས་སུ་མེད་ཅིང་རང་བཞིན་གྱིས་རྣམ་པར་དག་པའི་གནས་སྐབས་སུ་བདག་ཉིད་ཀྱི་དོན་དེ་རྟོགས་པར་བྱ་བའི་ཕྱིར། བདག་ཉིད་སྐྱེས་པ་དང་བུད་མེད་ཀྱི་གཟུགས་སུ་མངོན་པར་སྤྲུལ་ཏེ། ཞེས་ གསུངས་པ་བཞིན་ནོ། །གསུམ་པ་ནི། སྔར་བཤད་པ་དེ་ལྟར་མི་ཤིགས་པ་གང་ཡིན་པ་དེ་དེས་རང་རང་གི་བདག་ཉིད་ཀྱིས་འགྲོ་བ་ཀུན་ལ་ཁྱབ་ནས་གནས་པའི་དེ་བཞིན་ཉིད་དེ་མི་ཤིགས་པའི་དེ་ཁོ་ན་ཉིད་ཤེས་པས་དམ་པ་སྟེ་མཆོག་གི་ཡིག་འབྲུ་སྔགས་ཀྱི་ ཐིག་ལེའི་དེ་ཉིད་ཤེས་པ་གང་ཡིན་པ་དེས་ནི་གསང་ཆེན་སངས་རྒྱས་ཀྱི་སྤྱོད་ཡུལ་ཞེས་སྔར་བཤད་པ་དེའི་དོན་ཤེས་པ་ཡིན་ནོ། །བཞི་པ་ནི། སྔར་ཆ་ཤས་ཀྱི་ཁ་དོག་ཞུས་པའི་ལན་སྟོན་པ་ནི། ཧཱུཾ་ཡིག་གི་ཆ་ཤས་ལྟེ་བའི་པདྨར་གནས་པའི་སྒྲ་ཨཱུ་ ཡིག་གི་དོན་ནི་རླུང་གི་རླུང་མཉམ་གནས་ཡིན་ལ། དེ་ནི་ཁ་དོག་མེད་པ་སྟེ་ཁ་དོག་ནག་པོའོ། །ནག་པོ་ཁ་དོག་མི་གསལ་བ་ལ་ཁ་དོག་མེད་ཅེས་དགག་པའི་སྒྲ་སྦྱོར་བོའོ། །མགྲིན་པར་གནས་པའི་ཧཱུཾ་གི་མགོ་བོའི་དོན་ནི་མེའི་རླུང་གྱེན་རྒྱུ་ཡིན་ལ། དེ་ནི་ཁ་ དོག་དམར་པོའོ། །སྙིང་ཁར་གནས་པའི་ཧཱུཾ་གི་ལུས་ཀྱི་དོན་ནི་ཆུའི་རླུང་སྲོག་འཛིན་ཡིན་ལ། དེ་ནི་ཁ་དོག་དཀར་པོའོ། །གསང་གནས་སུ་གནས་པའི་སྒྲའི་མཐའི་དོན་ནི་སའི་རླུང་ཐུར་སེལ་ཡིན་ལ། དེ་ནི་ཁ་དོག་སེར་པོའི། །རླུང་དེ་རྣམས་གནས་དེ་དག་ཏུ་གནས་ 5-4-26a པ་དང་ཁ་དོག་ནི་རྒྱུད་རྡོ་རྗེ་ཕྲེང་བ་ལས་གསུངས་སོ། །ལྔ་པ་ནི། སྔར་གནས་བཞི་ལ་གནས་ནས་རླུང་ཕྱིར་འགྲོ་བ་དང་ནང་དུ་ལྡོག་པར་རྒྱུད་གཞན་དུ་བསྟན་པའི་དོན་བཀའ་སྩལ་དགོས་ཞེས་ཞུས་པ་ནི། རླུང་འགྲོ་འོང་གི་རྡོ་རྗེའི་བཟླས་པ་བྱེད་པ་ན་ གནས་དེ་རྣམས་སོ་སོ་ནས་བྱེད་རྒྱུ་ཡིན་ནམ་ཞེས་ཞུས་པ་ཡིན་ལ། དེའི་ལན་དུ་རྒྱུད་གཞན་ལས་གནས་བཞི་ནས་རླུང་ནང་ནས་ཕྱིར་འགྲོ་བ་དང་ཕྱི་ནས་ནང་དུ་འོད་བར་རྣམ་པར་བསྟན་པའི་དགོངས་པ་ནི། ནག་པོ་ནས་སེར་པོའི་བར་གྱི་རླུང་བཞི་སྙིང་ཁའི་མི་ ཤིགས་པའི་ཐིག་ལེའི་གཟུགས་སུ་བསྒྱུར་པ་དེའི་འགྲོ་འོང་ལ་རྡོར་བཟླས་བྱ་དགོས་པའི་དོན་ཡིན་གྱི། གནས་བཞི་སོ་སོ་ནས་བྱེད་པ་མིན་ནོ། །དེས་ན་རྡོ་རྗེ་བཟླས་པས་ཞི་སོགས་ཀྱི་ལས་བསྒྲུབ་པའི་སྐབས་མ་གཏོགས་པ་རླུང་དབུ་མར་སྡུད་པའི་ཐབས་སུ་ དཀྱིལ་འཁོར་བཞིའི་རླུང་ལ་བཟླས་པ་བྱེད་པ་ན་མགྲིན་པ་དང་ལྟེ་བ་དང་གསད་གནས་ནས་འགྲོ་འོང་གི་བཟླས་པ་བྱེད་པ་དང༌། སྙིང་ཁའི་མི་ཤིགས་པ་ལས་མ་དམིགས་པར་སྙིང་ཁ་ནས་འགྲོ་འོང་གི་བཟླས་པ་བྱེད་པ་མིན་གྱི། སྙིང་ཁར་མི་ཤིགས་པའི་ ཐིག་ལེ་ལེའུ་དང་པོར་བཤད་པ་བཞིན་བཀོད་ནས་དེ་ནས་དེ་ལས་ལྡང་འཇུག་གི་བཟླས་པ་བྱ་དགོས་ཞེས་པའོ། །རླུང་བཞི་སྙིང་ཁའི་ཐིག་ལེའི་གཟུགས་སུ་བསྒྱུར་བའི་དོན་ནི་བློས་ཐིག་ལེའི་གཟུགས་དེ་ལས་ལྡང་འཇུག་བྱེད་པར་བསྒྱུར་བའོ། །སྨྲི་ཏིས་བསྒྱུར་ བའི་གཞུང་ཁ་ཅིག་ལས། ཐིག་ལེའི་གཟུགས་དངོས་དེ་འདི་ནི་ཞེས་ཀྱང་འབྱུང་ངོ་། །དེ་ལྟར་གསུངས་པའི་གནད་གྱིས་སྔར་བཤད་པའི་ཧཱུཾ་གི་ཆ་ཤས་བཞིའི་དོན་གནས་བཞིའི་རླུང་ཁ་དོག་བཞི་ལྡན་ལ་བྱ་དགོས་པ་དང༌། ཧཱུཾ་གི་ཆ་ཤས་བཞི་བ་ཅན་ 5-4-26b ཧཱུཾ་ཡིག་ཏུ་འདུ་བའི་དོན་རླུང་བཞི་ག་མི་ཤིགས་པའི་ཡན་ལག་ཏུ་བྱ་དགོས་པར་ཤེས་པ་ཡིན་ནོ། །གྲུབ་ཆེན་རྣམས་ཀྱི་རྫོགས་རིམ་གྱི་ལམ་སྐྱོང་རྒྱུ་གལ་ཆེ་བ་ཅིག་ནི་བདེ་སྟོང་སྦྱོར་བ་ཡིན་ལ། དེའི་བདེ་བ་ནི་ཕྱི་ནང་དང་སྔགས་དང་ཕར་ཕྱིན་ཐུན་མོང་བའི་ ལམ་བཞིན་སེམས་རྩེ་གཅིག་ཏུ་གནས་པའི་ཞི་གནས་གྲུབ་པ་ན། དེའི་མཐུས་རླུང་ལས་སུ་རུང་བ་ལ་བརྟེན་ནས་ལུས་ཤིན་སྦྱངས་སྐྱེ་ལ། དེ་ལ་བརྟེན་ནས་འབྱུང་བའི་དེ་བ་དང༌། རྒྱུད་སྡེ་འོག་མའི་ལམ་བཞིན་རྩ་འཁོར་གྱི་གནད་དུ་མ་བསྣུན་ པའི་རླུང་ནང་དུ་བཟུང་ནས་ཕྱིར་རྒྱུ་བ་བཀའ་པ་ཙམ་ལ་བརྟེན་ནས་བྱུང་བ་དང༌། རྡོར་བཟླས་མ་ཡིན་པའི་རླུང་འབྱུང་འཇུག་བགྲངས་པ་ལ་བརྟེན་ནས་བྱུང་བའི་བདེ་བ་བགྲངས་པ་ཡང་མིན་པས། རྣལ་འབྱོར་བླ་མེད་ནས་བཤད་པའི་རྩ་འཁོར་གྱི་གནད་ རྣམས་སུ་གནད་དུ་བསྣུན་པ་ལས་སྐྱེད་པའི་བདེ་བ་ཁོ་ན་ཡིན་ནོ། །དེ་བཞིན་དུ་སྟོང་པ་ཡང་སེམས་ཅིར་ཡང་མི་འཛིན་པ་ཙམ་མིན་གྱི། དབུ་མ་ནས་བཤད་པ་ལྟར་ཆོས་རྣམས་ཀྱི་ཡིན་ལུགས་ཕུ་ཐག་ཆོད་པར་གོ་བའི་བདག་མེད་རྟོགས་པའི་གོ་བ་ཡིན་ ལ། དེ་བདེ་བ་ཆེན་པོའི་ངོ་བོར་སྐྱེས་པ་དེས་ཡུལ་སྟོང་པ་ཉིད་ངེས་པའི་ངེས་ཤེས་ཀྱི་རྒྱུན་སྐྱོང་བ་ནི་བདེ་སྟོང་དབྱེར་མེད་ཀྱི་ལམ་མོ། །དེ་འདྲ་བའི་ལུས་ལ་གནད་དུ་བསྣུན་ཚུལ་ནི། རྒྱུད་སོ་སོ་ལ་བརྟེན་ནས་གྲུབ་ཆེན་རྣམས་ཀྱིས་མི་འདྲ་བ་མང་དུ་གསུངས་ པ་རྣམས་ལས། འཕགས་པ་ཡབ་སྲས་ཀྱིས་ཕྱི་ནང་གི་རྐྱེན་གཉིས་གསུངས་པའི་ནང་གི་རྐྱེན་ལ། ཐོག་མར་བསྒོམ་པའི་ལུས་ལ་གནད་དུ་བསྣུན་ཚུལ་ནི། སྣ་རྩེ་གསུམ་དུ་ཐིག་ལེ་གསུམ་བསྒོམ་པའི་སྲོག་རྩོལ་ཡིན་ལ། དེའི་ཡང་གཙོ་བོ་ནི་ 5-4-27a གདོང་གི་སྣ་རྩེར་འོད་ཀྱི་ཐིག་ལེ་དང༌། སྙིང་ཁའི་སྣ་རྩེར་སྔགས་ཀྱི་ཐིག་ལེ་བསྒོམ་པ་གཉིས་སྒྲགས་པའི་རྡོ་རྗེའི་བཟླས་པ་ཡིན་གྱི་གཞན་མང་པོ་རྣམས་མ་གསུངས་སོ། །དེའི་གནད་རྒྱུད་འདིར་བཤད་པ་བཞིན་མ་ངེས་ན། རྡོ་རྗེ་བཟླས་ པའི་ནུས་པ་མི་ཐོན་ཞིང༌། ལམ་གྱི་སྐབས་དོན་འཕྱུག་པས། དེར་མ་སོང་བར་བྱ་བ་ལ་འབད་པར་གྱི་ཤིག །དྲུག་པ་ནི། གནས་དང་གདན་ནི་དོན་གཅིག་མོད་ཀྱང༌། སྔར་ཆ་ཤས་ཀྱི་གནས་སྐབས་ཀྱི་གདན་དང༌། ཆ་ཤས་ཀྱི་མཐར་གཏུགས་པའི་ གདན་གཉིས་ཞུས་པས། སྔར་ནི་དང་པོའི་ལན་བཤད་ལ། འདིར་ནི་གཉིས་པའི་ལན་སྟོན་ཏོ། །མི་ཤིགས་པའི་དེ་ཉིད་གང་ཡིན་པ་དེ་རིག་པའི་མི་ཤིགས་པ་ནི་ཐིག་ལེའི་གཟུགས་སུ་རབ་ཏུ་གནས་པའོ། །དུས་ནམ་གྱི་ཚེ་གཟུགས་དེར་གནས་སྙམ་ན། རྫུ་འཕྲུལ་ཆེ་བ་སྟེ་སྔར་བཤད་པ་ལྟར་གྱི་རླུང་སེམས་ཀྱི་རྣམ་པར་འཕྲུལ་བ་ཆེན་པོ་མཐའ་ཡས་པའི་སྣོད་བཅུད་དང་བཅས་པའི་སྣ་ཚོགས་པའི་གཟུགས་དང་པོར་སྐྱེད་པའི་ཚེ་དང༌། མཐར་དེ་རྣམས་བསྡུས་ནས་འཇིག་པ་ལ་ཕྱོགས་པའི་ཚེའོ། །བཅུད་ཀྱི་ སེམས་ཅན་ཐོག་མར་སྐྱེ་བ་དང་མཐར་འཆི་བའི་ཚེ་ཐོག་ལེའི་གཟུགས་སུ་གནས་པ་ནི་སྔར་བཤད་ཟིན་ལ། སྣོད་ཀྱི་འཇིག་རྟེན་སྐྱེ་འཇིག་གི་ཚེ་དེར་གནས་པ་ནི། སྣོད་སྐྱེ་འཇིག་ཐོག་མཐར་བྱེད་པ་ན་དེའི་དུས་སུ་འཇིག་རྟེན་དང་དེའི་སེམས་ཅན་མི་གནས་ ཀྱང༌། སྤྱིར་སྣོད་དེ་ལྟར་བྱེད་པའི་སེམས་ཅན་གྱི་ལས་ཐུན་མོང་བ་བསགས་པའི་དབང་གིས་བྱེད་ལ། དེའི་རྩ་བ་ཡང་རླུང་སེམས་ཀྱི་མི་ཤིགས་པའོ། །དེ་ལྟར་མི་ཤིགས་པས་གཞི་བྱས་པ་ལ་བརྟེན་ནས་རླུང་གིས་ཀུན་རྟོག་གཡོས་པའི་དབང་གིས་འཁོར་ 5-4-27b བར་འཁོར་བའི་བྱ་བ་བྱེད་པར་སྔར་དང༌། འདིར་བསྟན་པ་འདི་ཤེས་པ་ན། སྲོག་རྩོལ་བསྒོམས་པས་མཐའི་འཇིག་རིམ་བཞིན་དུ་རླུང་སེམས་མི་ཤིགས་པ་ལ་བསྡུས་ནས་སྟོང་པ་བཞི་མངོན་དུ་བྱས་ཏེ། སྒྱུ་མ་དང་ཟུང་འཇུག་གི་སྐུ་སྔར་བཤད་པ་བཞིན་ བསྒྲུབ་པར་བྱའོ་ཞེས་ཤེས་པར་བྱེད་པའོ། །སྣོད་བཅུད་ཀུན་གྱི་བྱེད་པ་པོ་གཅིག་ཏུ་འཆད་པ་འདི་ལ། རྒྱུད་གཞན་ལས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉིད་དེའི་རྩ་བར་འཆད་པ་མང་ཡང་འདུས་པའི་བཤད་རྒྱུད་རྣམས་སུ་ཤས་ཆེར་སྔར་བཞིན་བཤད་དོ། ། གསུམ་པ་ནི། རྣལ་འབྱོར་པའམ་མཁས་པ་གང་གིས་ཉོན་མོངས་པ་བརྒྱུད་ཁྲི་བཞི་སྟོང་གི་གཉེན་པོར་བརྒྱད་ཁྲི་རྩ་བཞིའི་ཆོས་ཀྱི་ཕུང་པོ་བསྟན་པ་དེ་ཐམས་ཅད་གཅིག་ནས་གཉིས་སུ་བརྩིས་པའི་སྟོང་ཕྲག་བརྒྱ་རུ་སྟེ། འབུལ་ཕྲག་གཅིག་གི་ཆོས་དེ་སྙེད་ ཤེས་ཀྱང༌། དེ་ཡིས་ཆོས་ཀྱི་དབྱིངས་ཀྱི་དེ་ཉིད་མི་ཤེས་ཏེ། དེས་ན་དེ་ལྟར་ཤེས་པའི་མཁས་པ་དེ་ཡང་བླ་ན་མེད་པའི་མྱང་འདས་ཀྱི་འབྲས་བུ་མེད་དོ། །ཞེས་འགྲེལ་པ་གཉིས་ལས་འཆད་དོ། །གཞུང་འདི་ནི་སྤྱོད་བསྡུས་སུ་དྲངས་པའི་འགྱུར་ལེགས་ ཏེ་དེ་ནི། ཐུབ་པ་ཆེན་པོས་ཆོས་རྣམས་ཀྱི། །ཕུང་པོ་བརྒྱད་ཁྲི་བཞི་སྟོང་དང༌། །གང་གིས་དེ་ཉིད་མི་ཤེས་པར། །དེ་ཡིས་ཐམས་ཅད་འབྲས་བུ་མེད། །ཅེས་པའོ། །དེའི་སྟེང་ནས་བཤད་ན། ཐུབ་པ་ཆེན་པོ་སྟོན་པས་ཉོན་མོངས་པ་བརྒྱད་ཁྲི་བཞི་ སྟོང་གི་གཉེན་པོར་ཆོས་རྣམས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ལ། གང་ཟག་གང་གིས་དེ་ཁོ་ན་ཉིད་མི་ཤེས་ན། གང་ཟག་དེས་བླ་ན་མེད་པའི་བྱང་ཆུབ་ཀྱི་ཕྱིར་དུ་འབད་པ་ཐམས་ཅད་ཀྱིས་འབྲས་བུ་བྱང་ཆུབ་དེ་འཐོབ་པ་མེད་པས་ 5-4-28a ངལ་བ་དོན་མེད་ཅེས་པའོ། །འོ་ན་དེ་ཉིད་དེ་ཇི་འདྲ་བ་ཞིག་ཡིན་སྙམ་ན། སྤྱོད་བསྡུས་སུ་བདེན་པ་གཉིས་ཟུང་དུ་འཇུག་པའི་ཟུང་འཇུག་ལ་བཤད་དེ། གསང་འདུས་པའི་ཆོས་སྐད་རླུང་སེམས་ཙམ་ལས་རྡོ་རྗེ་འཆང་གི་སྐུར་ བསྐྱེད་པའི་ཀུན་རྫོབ་དང་མཆོག་ཏུ་བདེ་བའི་ཡེ་ཤེས་སྟོང་པ་ཉིད་ལ་ཆུ་ལ་ཆུ་བཞག་པ་བཞིན་དུ་དབྱེར་མེད་པར་ཞུགས་པའི་འོད་གསལ་དོན་དམ་པ་གཉིས་དབྱེར་མེད་དུ་སྦྱོར་བའོ། །སྐབས་འདིར་ནི་མི་ཤིགས་པའི་དེ་ཉིད་ཡིན་ལ། དེ་ལ་ཡང་དོན་ དམ་པའི་མི་ཤིགས་པ་ནི་འོད་གསལ་ཡིན་ལ། ཀུན་རྫོབ་ཀྱི་མི་ཤིགས་པ་ནི་སྒྱུ་མའི་སྐུའོ། །དེ་མངོན་དུ་འགྱུར་བའི་ཐབས་མི་ཤིགས་པའི་ཐིག་ལེ་ལ་རླུང་སེམས་སྡུད་པའི་ཚུལ་རྣམས་ཀྱང་འདིར་དེ་ཉིད་ཤེས་པར་བསྡུའོ། །དེ་རྣམས་ལེགས་ པར་མི་ཤེས་ན་སྔགས་ཀྱི་ལམ་གྱིས་ཚེ་གཅིག་གིས་སངས་རྒྱས་འགྲུབ་པའི་འབྲས་བུ་ཐོབ་མི་ནུས་ཞེས་པའི་དོན་ནོ། །བཞི་པ་ནི། བཅུ་གཉིས་ཞེས་སོགས་འདི་ལ། འགྲེལ་པ་གཉིས་ཀྱིས་ནི་འདི་ལྟར་འཆད་དེ། སྔར་ཆ་ཤས་ཀྱི་ཡི་གེ་བཞི་སྦས་ནས་བསྟན་ པ་འདིས་སྟོན་ཏེ། འདི་ལྟར་བཅུ་གཉིས་ནི་རྀ་ལྀ་བཞི་དོར་བའི་ཨ་ནས་བགྲངས་པའི་བཅུ་གཉིས་པ་ཨཿའོ། །ལྔ་ནི་ཀ་ཙ་ཊ་ཏ་པའི་སྡེ་ཚན་ལྔའོ། །དེའི་ལྔ་པ་ནི་པ་སྡེའི་ཐ་མ་མའོ། །དེས་ཨོ་ལ་ཀླད་ཀོར་དུ་བྱས་པས་ཨོཾ་མོ། །ཡ་ནས་བགྲངས་པའི་བརྒྱད་ཀྱི་ མཐའ་ནི་ཧའོ། །འབྱུང་བ་འདུས་པ་ནི་དེ་འབྱུང་བ་བཞིས་བསྐོར་བའོ། །སྒྲ་ཡི་གདང་པོ་ཡི་གེ་ཨ་ལ་ལྔ་པ་མ་ཡིག་གིས་བརྒྱན་པས་ཨོཾ་མོ། །སྙིང་རྗེའི་རྒྱ་སྐད་ལ་ཀ་རུ་ཎ་ཞེས་འབྱུང་བའི་ཀ་ལ་ཡ་ནས་བགྲངས་པའི་དྲུག་པ་ཥ་བཏགས་པས་ཀྵའོ། །ཁ་མར་ 5-4-28b བལྟ་བ་ནི་ཡི་གེ་མགྲིན་པ་ནས་མགོ་ཐུར་དུ་བལྟ་བའོ། །དེའི་ཁྱད་པར་འཆད་པ་ནི་གདོད་མ་ཞེས་པ་རྐང་པ་གཅིག་གོ། སྤྱི་བོར་བསྟན་པ་ནི་ཡི་གེ་ཀྵ་གོང་དུ་སྨོས་པའོ། །ཞེས་འཆད་དོ། །དེ་ནི་སྔར་འགྲེལ་པ་ཉིད་ཀྱིས་བཤད་པའི་ཡི་གེ་བཞི་དང་མི་མཐུན་ཞིང༌། ཨོཾ་ཐུབ་ མ་བཤད་པར་མ་ཡིག་དེ་ཡི་ཀླད་ཀོར་དུ་བྱས་པས་ལེགས་པར་མ་མཐོང་ངོ་། །དེས་ན་འདི་ལྟར་བཤད་དེ་མ་ནིང་བཞི་དོར་བའི་དབྱངས་ཀྱི་བཅུ་གཉིས་པ་ནི་གསུང་རྡོ་རྗེའི་ས་བོན་ཨཿའོ། །ཀ་ཙ་ཊ་ཏ་པའི་སྡེ་ཙན་ལྔ་ཡི་ཐ་མ་ནི་པ་སྡེ་ཡིན་ལ། དེ་ཡི་ལྔ་པ་ནི་མ་ ཡིག་གོ། ཡ་ནས་བགྲངས་པའི་པའི་བརྒྱད་ཀྱི་མཐའ་ལ་སྟེ། མཐར་འབྱུང་བ་ནི་ཧའོ། །དེ་ལ་འདུས་པ་ནི་དེ་དང་མ་་ཡིག་སྦྱར་བས་ཧཾ་མོ། །སྨྲི་ཏིས་བསྒྱུར་བའི་དཔེ་ཁ་ཅིག་ལས། བརྒྱད་ཀྱི་མཐའ་ལ་འབྱུང་བ་འདུས། །ཞེས་འབྱུང་བ་ཉིད་ལེགས་སོ། །དེ་ལ་དབྱངས་ ཀྱི་དྲུག་པ་ཨཱུ་རིང་པོས་བཏགས་པའི་ཐུགས་རྡོ་རྗེའི་ས་བོན་ཧཱུཾ་མོ། །དེ་ཁ་མར་བལྟ་བ་ནི་སཾ་བྷུ་ཊར་སྙིང་ཁའི་རྩ་འཁོར་གྱི་དབུས་ཀྱི་ཧཱུཾ་རིང་པོ་མགོ་ཐུར་དུ་བལྟ་བར་གསུངས་ལ། ཧཱུཾ་ཡིག་འདི་ཡང་ཐུགས་ཀྱི་ས་བོན་ཡིན་པའི་ཕྱིར་རོ། །སྒྲ་དེ་དབྱངས་ཡིག་དང་ པོ་ཡི་གེ་ཨ་ལ། ལྔ་པ་ཡང་ཞེས་འགྱུར་གཉིས་ཀ་ལས་འབྱུང་བའི་ཡང་གི་སྒྲས་སླར་ཡང་པ་སྡེའི་ལྔ་པ་མ་ཡིག་འཛིན་པས་དེ་ཨ་ལ་སྦྱར་བས་ཨཾ་མོ། །དེ་ལ་དབྱངས་ཀྱི་ལྔ་པ་ཨུ་ཡིག་ཐུང་དུས་ཡང་དག་པར་བརྒྱན་པས་སྐུ་རྡོ་རྗེའི་ས་བོན་ཨོཾ་མོ། །ཨ་དང་ ཨུ་ལས་ཨོར་འགྱུར་བར་བཤད་པས་བརྒྱན་པ་ནི་དེ་གཉིས་སྦྱར་བའོ། །སྙིང་རྗེ་ཆེན་པོ་ནི་དམིགས་པ་མེད་པའི་སྙིང་རྗེ་ཡིན་ལ། དེ་ནི་ཐེག་པ་འདིར་ལྷན་ཅིག་སྐྱེས་པའི་བདེ་བ་ལ་བཞེད་པས་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་སོ། །དེ་ལས་བྱུང་བ་ནི་ 5-4-29a དེའི་ངོ་བོའོ། །དེ་ནི་གདོད་མ་སྟེ་ཐོག་མར་སྐྱེ་བ་དང་ཐ་མར་འཇིག་པའི་རང་བཞིན་གྱིས་སྟོང་པའི་སྟོང་པ་ཉིད་དང་དབྱེར་མེད་པའི་ལྷ་ཡིན་ལ། དེ་འདྲ་བའི་ཐུགས་ཀྱི་ངོ་བོར་གྱུར་པའི་ཧཱུཾ་ཡིག་དེ་ནི་སྤྱི་བོ་སྟེ་རྩེ་མོ་ཡིན་ཞིང༌། དེ་ཡང་སྐུ་ དང་གསུང་ལས་མཆོག་ཏུ་གྱུར་པར་བསྟན་པའི་དོན་ཏེ། འདི་ནི་བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། ཡི་གེ་གསུམ་གྱི་ངེས་དོན་འཆད་པ་ན་དེ་གསུམ་གྱི་ནང་ནས་ཧཱུཾ་ཡིག་གི་དོན་གཙོ་བོ་དང་བདག་པོར་གསུངས་པ་དང་འདྲའོ། །སྤྱི་བོའི་སྐད་དོད་རྩེ་མོ་ལ་ཡང་འཇུག་ པས། དྲོད་རྩེའི་རྩེ་མོ་ཡང་སྤྱི་བོར་བསྒྱུར་པ་མང་ངོ་། །དེ་ལྟར་ན་སྔར་ནི་རླུང་གི་དེ་ཉིད་ལྡང་འཇུག་གཉིས་དང༌། དེས་མཚོན་ནས་གནས་པ་བསྟན་ལ། འདིར་ནི་སྔགས་ཀྱི་དེ་ཉིད་ཡི་གེ་གསུམ་སྟོན་པས་རླུང་སྔགས་དབྱེར་མེད་དུ་སྦྱོར་བའི་རྡོ་རྗེའི་བཟླས་པ་ སྟོན་པ་ཡིན་ནོ། །ལྔ་པ་ནི། བསྐྱེད་རིམ་པ་མན་ཆད་ཐམས་ཅད་ལ་ཤིན་ཏུ་གསང་བའི་གནས་ཆེན་པོ་དམ་པ་སྟེ་མཆོག་དྲི་བ་ལྔའི་ལན་དེ་དག་ནི་ལྷ་མོ་ཞེས་མཱ་མ་ཀཱི་ལ་བོས་ནས། རྡོ་རྗེ་འཆང་བདག་གིས་ཡོངས་སུ་རྫོགས་པར་རབ་ཏུ་བསྟན་ཏོ། །ཞེས་ བཤད་ཟིན་པ་གོ་བར་མཛད་དོ། །རྩ་རྒྱུད་ཀྱི་གཟུངས་དཀྱིལ་སྤྲུལ་པའི་སྐབས་བཞིན། རྡོ་རྗེ་འཆང་སྤྱན་མ་སོགས་དང་སྙོམས་པར་ཞུགས་པའི་ཚེ་ལེའུ་དང་པོར་བཤད་པ་བཞིན་ཡུམ་གྱི་པདྨར་བྱང་ཆུབ་ཀྱི་སེམས་སྤྲོས་པ་མཐོང་ནས། དེ་ལས་ བརྩམས་ཏེ་དང་པོའི་འབྱུང་ཁུངས་སོགས་དྲིས་པ་ནི་སྣ་རྩེར་ཡུངས་ཀར་བསྒོམ་པར་རྩ་རྒྱུད་ལས་གསུངས་པའི་ཡུངས་ཀར་གྱི་སྒྲས་བསྟན་པའི་གསང་བའི་སྣ་རྩེར་རྫས་ཀྱི་ཐིག་ལེ་ལས་བརྩམས་ནས་དྲིས་པ་ཡིན་ལ། དེའི་ལན་བཤད་པ་ན་གདོང་གི་ 5-4-29b སྣ་རྩེར་འོད་ཀྱི་ཐིག་ལེ་བསྒོམ་པ་མི་གསལ་བ་དང༌། སྙིང་ཁའི་སྣ་རྩེར་སྔགས་ཀྱི་ཐིག་ལེ་བསྒོམ་པ་གསལ་བར་ལེའུ་དང་པོར་བཤད་པས་ཀྱང་སྣ་རྩེར་ཡུངས་ཀར་བསྒོམ་པར་གསུངས་པའི་དོན་འཆད་ལ། ལེའུ་འདིས་ཀྱང་ལེའུ་དང་པོར་མི་གསལ་ བ་གསལ་བར་འཆད་པས་རྒྱུད་འདིས་གཟུངས་དཀྱིལ་སྤྲུལ་པ་གཙོ་བོར་འཆད་པ་དང༌། རྩ་རྒྱུད་ལེའུ་གསུམ་པ་དང་དྲུག་པར་ཡུངས་ཀར་གྱི་སྒྲས་བསྟན་པའི་དོན་འཆད་པར་རིམ་ལྔ་ལས་གསུངས་པ་གཉིས་གནད་གཅིག་ཏུ་འོང་ངོ་། །དྲུག་པ་ནི། ལྷ་མོ་བཞིས་ཡོངས་སུ་ཞུས་པའི་རྒྱུད་ཀྱི་རྣམ་པར་བཤད་པ་ལས། ལྷ་མོ་མཱ་མ་ཀཱིས་ཞུས་པའི་ལེའུ་སྟེ་ལེའུ་གཉིས་པའི་རྣམ་པར་བཤད་པའོ།། །།གསུམ་པ་གོས་དཀར་མོས་ཞུས་པའི་ལེའུ་ལ་གསུམ། ཞུ་བ་མཛད་ཚུལ། ཞུས་པའི་ལན། ལེའུ་ཡི་མཚན་བསྟན་པའོ། །དང་པོ་ལ་གཉིས། ཞུས་པའི་མཚམས་སྦྱོར། ཞུས་པ་དངོས་སོ། །དང་པོ་ནི། མཱ་མ་ཀཱིས་ཞུས་པའི་ལན་རྫོགས་པ་དེ་ནས། ལྷ་མོ་གོས་དཀར་མོས་རྡོ་རྗེ་སེམས་དཔའ་ལ་འོག་ནས་འབྱུང་བ་བཞིན་ གསོལ་བཞེས་ཚིག་རྣམ་པར་སྦྱར་རོ། །ཇི་ལྟར་དུ་ན། ལག་པའི་མཐིལ་གཉིས་དང༌། པུས་མོའི་ལྷ་ང་གཉིས་དང་དཔྲལ་བའི་དབྱེས་ཀྱིས་ཡན་ལག་ལྔ་པོ་ཀུན་གྱིས་ས་ལ་བཏུད་ནས་སུ་ལག་པའི་ཐལ་མོ་སྙིང་ཁར་སྦྱར་བར་བྱ་སྟེའོ། །འདིར་ ལུས་ཀྱི་ཀུན་སྤྱོད་གཉིས་དང༌། ལེའུ་བཞི་པར་ཞལ་བཞད་ནས་ཞུས་པར་གསུངས་པ་གསུམ་ནི་ལྷ་མོ་བཞི་ཀའི་ཞུ་བ་མཛད་པ་ལ་སྦྱར་རོ། །གཉིས་པ་ལ་ལྔ། ཆོས་ཀྱི་དབྱིངས་ཀྱི་བསྡུ་བ་དང་རྡོ་རྗེ་གསུམ་གྱི་རང་བཞིན་ཞུས་པ། གོང་བུའི་བསྡུ་བ་ 5-4-30a དང་རྡོར་སེམས་ཀྱི་རང་བཞིན་ཞུས་པ། ཐིག་ལེའི་ཡིག་འབྲུ་དང་སྔགས་འདུས་ཚུལ་ཞུས་པ། ཁམས་གཉིས་ཀྱི་རོ་མཉམ་དང་འགྲོ་བ་སྐྱེ་ཚལ་ཞུས་པ། གང་གི་ངོ་བོར་རིགས་ལྔ་བསྒོམ་པ་ཞུས་པའོ། །དང་པོ་ནི། ཆོས་ཀྱི་དབྱིངས་ བྱང་ཆུབ་ཀྱི་སེམས་ནི་བསྡུས་པ་ཇི་ལྟར་ལགས་པ་དང༌། སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་རང་བཞིན་ཉིད་ནི་ཇི་ལྟར་ལགས་པ་དཀྱིལ་འཁོར་པའི་ལྷའི་དབང་ཕྱུག་སྟེ་གཙོ་བོ་ཁྱོད་ལ་ཞུའོ། །གཉིས་པ་ནི། རྒྱུ་མཚན་གང་གིས་བདུད་རྩིའི་འོད་ཀྱི་གོང་བུ་ བསྡུས་པ་དེ་རྡོ་རྗེ་སེམས་དཔའི་ངོ་བོར་གྱུར་པ་ཇི་ལྟར་ལགས། གསུམ་པ་ནི། བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་དེ་ཉིད་ཡིག་འབྲུའི་ཚིག་གང་དུ་འགྱུར་བ་གསུངས་ཤིག། སྔགས་འདུས་པ་སྟེ་སྦྱོར་བའི་ཚུལ་ཇི་ལྟར་འགྱུར་བ་ལགས་ཞེས་ཞུས་ སོ། །བཞི་པ་ནི། ཕ་ལས་ཐོབ་པའི་ཆུའི་ཁམས་དང་མ་ལས་ཐོབ་པའི་མེའི་ཁམས་གཉིས་རོ་ནི་མཉམ་པོར་ཇི་ལྟར་འགྱུར་བ་ལགས། མ་ལས་སྐྱེ་བ་གསུམ་ཙམ་དང༌། དེ་བཞིན་དུ་ཕ་ལས་སྐྱེ་བ་གསུམ་གང་ཡིན་པ་དང༌། དྲུག་པོ་དེ་དག་ལ་ སོགས་པའི་གོང་བུ་ལས་མི་རྣམས་སྐྱེ་བ་ཇི་ལྟར་ལགས་ཞེས་ཞུས་སོ། །ལྔ་པ་ནི། སངས་རྒྱས་རིགས་ལྔའི་གཟུགས་གང་གི་ངོ་བོར་བསྒོམ་པ་ནི་བདག་གི་མི་འཚལ་བ་སྟེ་མི་ཤེས་པས་ཐུབ་པ་ཆེན་པོས་ལན་བཀའ་སྩལ་མཛད་ཅེས་ ཞུས་ཏེ། རྐང་པ་ཐ་མ་ནི་དེའི་དོན་མེད་པའི་དྲི་བ་གོང་མ་རྣམས་ཀྱི་མཐར་ཡང་སྦྱར་རོ། །གཉིས་པ་ལ་གཉིས། ལན་བཤད་པར་ཞལ་གྱིས་བཞེས་པ་དང༌། ལན་བཤད་པ་དངོས་སོ། །དང་པོ་ནི། དེ་ལྟར་ཞུས་པ་ན་དེའི་ལན་རྡོ་རྗེ་ཅན་གྱིས་བཀའ་ 5-4-30b སྩལ་པ་ནི། ཐེག་པ་གཞན་ལ་གསང་བ་སྔགས་ཀྱི་ཐེག་པ་ཡིན་ལ། དེ་ལས་ཏེ་དེའི་ནང་ནས་ཤིན་ཏུ་གསང་བར་གྱུར་པ་ནི། རྒྱུད་སྡེ་འོག་མ་ལ་གསང་བར་བྱ་བ་འདིར་དྲིས་པའི་དོན་རྣམས་སོ། །དེ་ནི་ལྷ་མོ་ཞེས་གོས་དཀར་མོ་ལ་བོས་ནས་ལེགས་ པར་ཉོན་ཅིག་དང་བདག་གིས་བཤད་པར་བྱའོ་ཞེས་བཤད་པར་ཞལ་གྱིས་བཞེས་སོ། །གཉིས་པ་ལ་དྲུག །ཆོས་དབྱིངས་སྡུད་པ་དང་རྡོ་རྗེ་གསུམ་གྱི་རང་བཞིན་ཞུས་པའི་ལན། ཁམས་གཉིས་ཀྱི་རོ་མཉམ་ཞུས་པའི་ལན། གོང་བུའི་བསྡུ་བ་ དང་རྡོར་སེམས་ཀྱི་རང་བཞིན་ཞུས་པའི་ལན། ཐིག་ལེའི་ཡིག་འབྲུ་དང་སྔགས་འདུས་ཚུལ་ཞུས་པའི་ལན། ཕ་མ་ལས་ཐོབ་པའི་རྒྱུ་ཚོགས་ལས་འགྲོ་བ་སྐྱེ་ཚུལ་ཞུས་པའི་ལན། གང་གི་ངོ་བོ་རིགས་ལྔ་བསྒོམ་པ་ཞུས་པའི་ལན་ནོ། ། དང་པོ་ལ་གཉིས། ཆོས་དབྱིངས་སྡུད་ཚུལ་ཞུས་པའི་ལན། རྡོ་རྗེ་གསུམ་གྱི་རང་བཞིན་ཞུས་པའི་ལན་ནོ། །དང་པོ་ནི། བྱང་སེམས་དཀར་དམར་དེ་གཉིས་འཕྲད་ནས་གཅིག་ཏུ་འདྲེས་པར་གྱུར་པ་ནི་ཆོས་ཀྱི་དབྱིངས་ནི་འདུས་པ་སྟེ་བསྡུས་པ་ཡིན་ ནོ། །དེ་གཉིས་ཀྱི་རྟེན་ནི་སྐྱེ་གནས་ཀྱི་འཁོར་ལོའི་དབུས་སུ་རྩ་རོ་རྐྱང་གཉིས་ནི་རྐྱང་མ་གཡོན་དུ་གནས་ལ་དེ་བཞིན་དུ་རོ་མ་གཡས་པར་གནས་སོ། །དེའི་གཡོན་གྱི་རྩ་ནི་བྱང་ཆུབ་ཀྱི་སེམས་ཞེས་བྱ་བའི་ཁུ་བ་འབབ་ལ། དེ་བཞིན་དུ་རྩ་གཡས་ སུ་རཀྟ་རྡུལ་འབབ་བོ། །རྒྱུད་འདིར་ཆོས་ཀྱི་དབྱིངས་བསྡུ་རྒྱུར་བཤད་པ་ནི། སྔར་ལེའུ་དང་པོར་བྱང་ཆུབ་ཀྱི་སེམས་ཐིག་ལེ་ལ་ཆོས་ཀྱི་དབྱིངས་སུ་བཤད་པ་ལ། དེ་ཉིད་ལེའུ་འདིར་བཤད་པའི་རྩ་གཡས་གཡོན་ལ་གནས་པའི་ཁུ་རྡུལ་གཉིས་ཡིན་ 5-4-31a པས། དེ་གཉིས་འཕྲད་ནས་ཞེས་པའི་དེ་གཉིས་ནི་ཁུ་ཁྲག་ལ་བྱ་དགོས་སོ། །འདིའི་འགྲེལ་པ་གཉིས་ཀྱི་སྐྱེ་གནས་དབུས་ཞེས་པ་བུད་མེད་ཀྱི་པདྨའི་དབུས་དང༌། དེ་གཉིས་ཕྲད་ཅེས་པ་ཐབས་ཤེས་རོལ་པའི་དུས་སུ་ཁམས་ དཀར་དམར་བབས་ནས་ཆུ་དང་འོ་མ་བཞིན་འདྲེས་པ་ལ་འཆད་པ་ནི་མི་འཐད་དེ། དེ་གཉིས་ཞེས་པ་ནི་སྐྱེ་གནས་ཀྱི་དབུས་ཀྱི་གཡས་གཡོན་གྱི་རྩ་ལས་རྒྱུ་བའི་ཁུ་ཁྲག་ཡིན་ལ། རྩ་དེ་གཉིས་སུ་བུད་མེད་ཀྱི་པདྨའི་དབུས་ཀྱི་གཡས་གཡོན་གྱི་རྩ་ཡིན་ ན། བུད་མེད་ཀྱི་ཁུ་ཁྲག་གཉིས་འདྲེས་པར་སོང་གི་སྐྱེས་པའི་ཁུ་བ་དང་བུད་མེད་ཀྱི་ཁྲག་གཉིས་འདྲེས་པ་མིན་པའི་ཕྱིར་རོ། །སྐྱེ་གནས་ཞེས་འབྱུང་བས་བུད་མེད་ཀྱི་སྐྱེ་གནས་ལ་བྱ་མི་དགོས་ཏེ། ལྟེ་བ་དང་སྤྱི་བོའི་འཁོར་ལོར་ཨ་ཧཾ་གནས་པའི་ འཁོར་ལོ་སྔ་མ་ལ་བརྟག་གཉིས་ལས། སྐྱེ་གནས་འཁོར་ལོའི་རྣམ་པ་ཨ། བདེ་ཆེན་གྱིའང་རྣམ་པ་ཧཾ། ཞེས་གསུངས་ལ། དེ་བུད་མེད་ཁོ་ནའི་ཨ་ཧཾ་འཆད་པ་མིན་པའི་ཕྱིར་དང༌། སཾ་བྷུ་ཊ་ལས། མ་ལུས་པ་ཡི་སེམས་ཅན་གྱི། །སྐྱེ་བ་ གང་ལ་བརྗོད་བྱ་བ། །གང་ཕྱིར་སྤྲུལ་པ་གནས་བརྟན་ཕྱིར། །དེ་ལ་སྤྲུལ་པའི་སྐུ་ཉིད་ཡིན། །ཞེས་གསུངས་ཤིང༌། རྒྱུད་དེར་སྐྱེ་གནས་ཞེས་གསུངས་པའི་འགྲེལ་པ་མན་ངག་སྙེ་མ་ལས་ཀྱང༌། སྐྱེ་གནས་ནི་འདིར་བུད་མེད་དང་སྐྱེས་པ་དག་གི་ ལྟེ་བའི་འོག་གི་གནས་སོ། །ཞེས་བརྟེན་གཉིས་ཀའི་ཡོངས་སུ་གྲགས་པའི་ལྟེ་བའི་བུ་གའི་འོག་ཙམ་ལ་སྐྱེ་གནས་སུ་བཤད་ལ། དེའི་འཁོར་ལོ་ལ་སྤྲུལ་པའི་འཁོར་ལོ་ཞེས་ཀྱང་ཟེར་རོ། །འོ་ན་འཁོར་ལོ་དེ་ལ་སེམས་ཅན་སྐྱེ་བའི་གནས་ཞེས་ 5-4-31b བརྗོད་པ་ཅི་ཡིན་ཞེ་ན། མན་སྙེ་ལས། བཟའ་བཏུང་བྱས་ཕོ་བའི་མེས་བཞུགས་པ་ལས་སྙིང་སྟོབས་ཁུ་པའི་དྭངས་མ་དང༌། ཁྲག་གི་དྭངས་མ་གཉིས་རོ་རྐྱང་གི་རྩས་ལྟེ་བ་ནས་ལུས་ཀུན་ལ་ཁྱབ་པར་འབེབས་པར་གསུངས་པའི་སེམས་ཅན་གྱི་ལུས་ ཐོབ་ཟིན་རྒྱས་པར་བྱེད་པས་སེམས་ཅན་སྐྱེ་བའི་གནས་སུ་གསུངས་སོ། །སྐྱེ་གནས་དབུས་སུ་ཞེས་པའི་རྐང་པ་བཞི་ནི་བདེ་མཆོག་སྡོམ་འབྱུང་དང༌། སཾ་བྷུ་ཊར་ཡང་འབྱུང་ལ། རྣམ་གཞག་རིམ་པར་ཡང་དྲངས་ཏེ། དེ་ནི་གོང་གི་འཕྲོས་རྣམས་དང་ བསྒྲིགས་ན་སྡོམ་འབྱུང་དྲངས་པར་མངོན་ནོ། །རྐང་པ་ཐམས་གཉིས་ནི། རྣམ་གཞག་ལས། དེ་དག་གཅིག་ཏུ་འདྲས་པ་ཉིད། །ཆོས་ཀྱི་དབྱིངས་སུ་བསྡུས་པ་ཡིན། །ཞེས་དྲངས་ལ། སྡོམ་འབྱུང་ལས་ཀྱང༌། དེ་དག་འདུས་པ་གཅིག་ཉིད་ནི། །ཆོས་ཀྱི་དབྱིངས་ ཀྱི་རང་བཞིན་ཉིད། །ཅེས་འབྱུང་ཞིང༌། དེའི་འགྲེལ་པ་ལས། འདི་རྣམས་ཀྱིས་མངལ་སྐྱེས་ཀྱི་རིམ་པ་རྣམ་པར་བཤད་ནས། ཡོངས་སུ་དག་པའི་རང་བཞིན་དང་ཁུ་བ་དང་ཁྲག་དང་གི་རྟེན་གསུངས་པ། རྩ་གཉིས་ཞེས་པ་ལ་སོགས་པ་སྟེ། སྐྱེ་ གནས་དབུས་ནི་ཞེས་པ་ལྟེ་བའི་འོག་གནས་སུའོ། །དེ་དག་ཅེས་པ་རྩ་དག་ཏེ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཉིད། །ཅེས་པ་ཨ་ཝ་དྷཱུ་ཏཱིའི་རང་བཞིན་ལས་སོ། །ཞེས་དེ་དག་ཅེས་པ་རྩ་གཉིས་དང༌། ཆོས་ཀྱི་དབྱིངས་ཞེས་པ་རྩ་གཉིས་གང་དུ་འདུས་ པའི་རྩ་དབུ་མ་དང༌། མངལ་ན་གནས་པའི་ཁུ་ཁྲག་ལ་སོགས་པའི་རྟེན་ནི་རྩ་དེ་རྣམས་ཡིན་པས་བཤད་ཅིང༌། རྣམ་གཞག་ལས་ཀྱང་ཆོས་ཀྱི་དབྱིངས་བསྡུ་རྒྱུ་རུ་མ་བྱས་པར་བསྡུ་བ་རུ་གསུངས་སོ། །མན་སྙེ་ལས། ཆོས་ཀྱི་དབྱིངས་སྟོང་པ་ཉིད་ 5-4-32a དང་རོ་གཅིག་པའི་སེམས་ཡང་དག་པར་འཛིན་པའི་ཆོས་ཀྱི་དབྱིངས་བསྡུས་པ་ཡིན། ཞེས་ཆོས་དབྱིངས་བསྡུ་རྒྱུའི་ཐིག་ལེ་ལ་མ་བཤད་དོ། །སྡོམ་འབྱུང་དང་རྣམ་གཞག་ཏུ་འབྱུང་བ་ལྟར་རྒྱ་དཔེ་འགའ་ཞིག་ལ་ཡང་ ཡོད་པར་གསལ་ལ། དེ་བཞིན་དུ་འདོན་ན་སྡོམ་འབྱུང་འགྲེལ་པར་བཤད་པ་བཞིན་བྱ་དགོས་ཏེ། བདག་གིས་ཀྱང་བཞིན་དུ་དེ་ལྟར་བཤད་དོ། །འོན་ཀྱང་རྒྱུད་འདིར་ཆོས་ཀྱི་དབྱིངས་བསྡུ་རྒྱུའི་ཁམས་དཀར་དམར་ལ་བཤད་པ་ལྟར་གཞུང་ གཞན་གྱི་རྒྱ་དཔེ་དག་པ་ལས་འབྱུང་བ་འགལ་བར་མི་སྣང་བས། འདི་དག་དོན་གཅིག་ཏུ་འཆད་ན་སྡོམ་འབྱུང་དང་རྣམ་གཞག་ཏུ་འབྱུང་བའི་སྐྱེ་གནས་ཞེས་པ་གཉིས་ཕོ་མོ་གཉིས་ཀའི་རྟེན་ཐུན་མོང་དུ་ཡིན་ལ། ལྷག་མའི་དོན་ནི་མན་སྙེར་ བཤད་པ་ལྟར་གཡོན་དུ་གནས་པའི་ཕའི་ཁུ་བ་དང༌། གཡས་སུ་གནས་པའི་བུད་མེད་ཀྱི་ཁྲག་གཉིས་འདྲས་པ་ལ་བྱ་ཡི། རྟེན་གཅིག་གི་རྩ་གཡས་གཡོན་གྱི་ཁུ་རྡུལ་ལ་མི་བྱའོ། །དེ་ཡང་བར་དོ་གང་དུ་འཇུག་པའི་ཁུ་ཁྲག་འདྲེས་པ་ལ་ བཤད་ན་འགྲིག་པར་སྣང་ངོ་། །འདིར་བཤད་པ་ལའང་དོན་གྱི་ཕྱོགས་གཅིག་ནས་དེ་ལྟར་བཤད་དུ་རུང་བ་གཅིག་ཀྱང་སྣང་མོད། གཙོ་བོའི་དོན་ནི་རྡོ་བཟླས་བྱས་པས་རྟེན་གཅིག་གི་རོ་རྐྱང་གི་ཁམས་དཀར་དམར་གཉིས་དབུ་མར་གཅིག་ཏུ་སྡུད་པ་སྟོན་ པ་ཡིན་ནོ། །དེ་ཡང༌། དཔྲལ་བ་ལ་གནས་རྐང་མཐིལ་བར། །ཞེས་སོགས་ཀྱིས་སྟེང་འོག་དང་གཡས་གཡོན་ལ་སོགས་པའི་རླུང་དབུ་མར་སྡུད་པ་ལ་བཤད་མོད་ཀྱང༌། དེ་དག་ལ་གནས་པའི་ཐིག་ལེ་དབུ་མའི་ལམ་ནས་མི་ཤིགས་པ་ལ་སྡུད་པ་འདིར་ 5-4-32b གསལ་དུ་བཏང་བའོ། །དེ་ལྟ་མིན་པར་ཕ་མའི་ཁུ་ཁྲག་འདྲེས་པ་ལ་བར་དོ་འཇུག་པར་བཤད་པ་ཙམ་ཞིག་ཡིན་ན། གསང་ལས་ཤིན་ཏུ་གསང་གྱུར་པ། །ཞེས་གསུངས་པ་མི་རིགས་ཏེ། དོན་དེ་མངལ་དུ་འཇུག་པ་སོགས་ལས་ཀྱང་རྒྱ་ཆེར་བསྟན་པའི་ཕྱིར་རོ། ། གཉིས་པ་ནི། སྔར་རྡོ་རྗེ་གསུམ་གྱི་རང་བཞིན་དྲིས་པའི་ལན་སྟོན་པ་ནི། མུན་པ་ནི་སྐུ་རྡོ་རྗེ་སྟེ། རྡུལ་ནི་གསུང་རྡོ་རྗེའོ། །སྙིང་སྟོབས་ནི་སེམས་ཀྱི་རང་བཞིན་ཐུགས་སོ། །འོ་ན་རྡུལ་མུན་སྙིང་སྟོབས་གསུམ་རང་གང་ཡིན་སྙམ་ན། རྡུལ་ནི་རཀྟ་ཁམས་དམར་པོ་དང༌། བྱང་སེམས་དཀར་པོ་ནི་མུན་པ་དང༌། དེ་བཞིན་དུ་སྙིང་སྟོབས་ནི་ཆོས་ཀུན་སྐྱེད་པ་སེམས་ཡིན་ནོ། །ཚིགས་བཅད་འདིར་སཾ་བྷུ་ཊར། སྙིང་སྟོབས་སྐུ་དང་རྡུལ་བཅས་དག །མུན་པ་སེམས་ཀྱི་རང་བཞིན་ལས། སྙིང་སྟོབས་ཁུ་བ་རིན་ཆེན་རྡུལ། །མུན་པ་སྐྱེད་པར་བྱེད་པ་ ཉིད། །ཅེས་གསུངས་ཤིང༌། མན་ངག་སྙེ་མར་ཡང་། དེ་བཞིན་དུ་བཤད་དོ། །རྒྱུད་རྡོ་རྗེ་ཕྲེང་བ་ལས། ལ་ལ་ན་དང་ར་ས་ན། ཨ་ཝ་དྷཱུ་ཏཱི་ཞེས་བྱའི་མིང༌། །སྐུ་གསུང་ཐུགས་ཀྱི་རང་བཞིན་དང༌། །ཞེས་དང༌། ཟླ་བ་ཉི་མ་མེ་ཡི་རྩ། །གསུམ་ཞེས་བྱ་བའི་མཚན་ ཉིད་དོ། །ཞེས་སྐུ་དང་གསུང་གི་རྩ་གཡས་གཡོན་གཉིས་ཉི་ཟླའི་རྩར་བཤད་པས་དེ་གཉིས་མུན་པའི་རྩར་བཤད་ན་མི་འགྲིག་པས་ཐུགས་ཀྱི་རྩ་ཨ་ཝ་དྷཱུ་ཏཱི་མུན་པ་དང༌། གཡས་གཡོན་རྡུལ་དང་སྙིང་སྟོབས་ཀྱི་རྩར་བྱའོ། །དེ་ལྟར་འདུས་པའི་བཤད་རྒྱུད་ གཉིས་གུང་བསྒྲུགས་ན་རྒྱུད་གཞན་རྣམས་དང་ཡང་མཐུན་པར་སྣང་སྟེ་དཔྱད་པར་བྱའོ། །རྡོ་རྗེ་གསུམ་གྱི་རང་བཞིན་དྲིས་པ་ནི། ཁམས་དཀར་དམར་གཉིས་དང་སེམས་གསུམ་རྡོ་རྗེ་གསུམ་གང་དུ་འཇོག་དྲིས་པ་ཡིན་ལ། དེ་ཤེས་པ་ན་སྐུ་དང་གསུང་གི་རྡོ་ 5-4-33a རྗེ་གཉིས་ཐུགས་ཀྱི་རྡོ་རྗེར་འདུ་བའི་རྡོ་རྗེ་གསུམ་དབྱེར་མེད་པར་ཤེས་པས་རྩ་གཡས་གཡོན་གྱི་ཁམས་གཉིས་ཀྱི་རྡོ་རྗེ་གཉིས་དབུ་མའི་སེམས་ཐུགས་རྡོ་རྗེ་དབྱེར་མེད་པར་སྦྱོར་བ་ཤེས་སོ། །དེས་ན་འདིས་ཆོས་ཀྱི་དབྱིངས་ སྡུད་པ་དེ་རྡོ་རྗེ་གསུམ་མི་ཕྱེད་པར་སྦྱོར་བར་བསྟན་ཏེ། རླུང་སྔགས་གཉིས་ཀྱི་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པར་ཟློ་བའི་རྡོར་བཟླས་ཀྱིས་རོ་རྐྱང་ཨ་ཝ་དྷཱུ་ཏཱི་གསུམ་གྱི་ཁམས་གསུམ་གྱི་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པ་བསྒྲུབ་པ་ནི་གཙོ་བོའི་དོན་ཡིན་ལ། ཞར་ལ་མའི་མང་ལ་དུ་ཁུ་ཁྲག་གཉིས་དང་བར་དོའི་སེམས་གསུམ་སྦྱོར་བ་ཡང་ཤེས་པར་བྱའོ། །གཉིས་པ་ནི། སྔར་ཕ་མ་ལས་ཐོབ་པའི་ཁམས་གཉིས་རོ་མཉམ་དུ་ཇི་ལྟར་འགྱུར་དྲིས་པའི་ལན་སྟོན་པ་ནི། ཡབ་ཀྱི་རྡོ་རྗེ་དང་ཡུམ་གྱི་པདྨ་གཉིས་ མཉམ་པར་སྦྱར་བ་ལ་བརྟེན་ནས་ཁམས་དཀར་དམར་གཉིས་རང་བཞིན་མཉམ་པའི་རོར་འགྱུར་རོ་ཞེས་པའོ། །འདི་ནི་གཞི་དུས་སུ་མའི་མངལ་དུ་ཁམས་གཉིས་རོ་མཉམ་དུ་འགྱུར་བའི་ཐབས་བསྟན་པ་དང༌། ལམ་དུས་སུ་ལམ་སྒོམ་པ་པོའི་ཁམས་ གཉིས་དབུ་མར་རོ་མཉམ་དུ་འགྱུར་བའི་ཐབས་ཕྱིའི་རྐྱེན་སྟོན་པ་གཉིས་སུ་སྦྱར་རོ། །ཁམས་གཉིས་རོ་མཉམ་དུ་འགྱུར་ཚུལ་ནི་སྔར་ཆོས་དབྱིངས་སྡུད་པའི་སྐབས་སུ་བཤད་ཟིན་པས་འདིར་རོ་མཉམ་དུ་འགྱུར་བའི་ཐབས་སྟོན་ལ། དེ་ཡང་ནང་གི་རྐྱེན་ནི་སྔར་ ལེའུ་གཉིས་སུ་བཤད་པས་ཤེས་ནུས་པས་འདིར་ཕྱིའི་རྐྱེན་ནོ། །དེ་ལ་གཉིས་ཡོད་ཀྱང་གཙོ་བོའི་དོན་ནི་ལམ་དུས་ཀྱི་ཡིན་ཏེ། གསང་ལས་ཤིན་ཏུ་གསང་གྱུར་པ། ཞེས་གསུངས་པས་གཞི་དུས་ཀྱི་ཕ་མའི་རྐྱེན་ལས་ཁམས་གཉིས་རོ་མཉམ་དུ་ 5-4-33b འགྱུར་བ་ཙམ་ལ་བཤད་དུ་མི་རུང་བའི་ཕྱིར་རོ། །འདིས་གཟུངས་དཀྱིལ་སྤྲུལ་པའི་སྐབས་སུ་རིག་མ་དང་སྙོམས་པར་འཇུག་པའི་ཆགས་ཚན་གྱི་ཚུལ་གྱི་ཏིང་ངེ་འཛིན་འཆད་དོ། །འོ་ན་འདིར་རྡོ་བཟླས་མཐར་ཕྱིན་ནས་སེམས་དབེན་བསྐྱེད་པའི་སྐབས་སུ་ཡིན་ ནམ་ཞེ་ན། འདི་ལ་གཉིས་ཡོད་དེ། སེམས་དབེན་བསྐྱེད་པའི་བསྐྱེད་པའི་སྐབས་སུ་ཕྱིའི་རྐྱེན་ལ་བརྟེན་པ་ནི་རིམ་ལྔ་སོགས་སུ་གསལ་ལ། རྡོ་རྗེ་བཟླས་པའི་སྐབས་སུ་བརྟེན་པ་ནི། རྩ་བའི་རྒྱུད་ལས། སློང་མོ་ཟ་ཞིང་མི་བཟླ་སྟེ། །སློང་ལའང་དགའ་བར་མི་བྱའོ། །འདོད་པ་ཀུན་ ལ་ལོངས་སྤྱོད་ཅིང༌། །སྔགས་ཀྱི་ཡན་ལག་མ་ཉམས་བཟླས། །ཞེས་གསུངས་ལ། དེའི་དོན་དགོངས་པ་ལུང་སྟོན་ལས་ཀྱང༌། འདོ་གསུམ་དེ་ཉིད་ལོངས་སྤྱོད་ཅིང༌། །སྔགས་ཀྱི་ཡན་ལག་མ་ཉམས་བཟླས། །ཞེས་དང༌། རྣལ་འབྱོར་པ་ཡིས་དབུགས་ རྡུབ་འབྱུང༌། །སྦྱོར་བའི་དེ་ཉིད་གཅིག་པ་ཉིད། །ཤེས་རབ་ཐབས་ལ་གནས་ནས་ནི། །སྔགས་ཀྱི་ཡན་ལག་མ་ཉམས་བཟླས། །ཞེས་གསུངས་ཤིང༌། རྒྱུད་ཕྱི་མར་གསང་བའི་སྣ་རྩེར་རྫས་ཀྱི་ཐིག་ལེ་སྒོམ་པའི་སྲོག་རྩོལ་གསུངས་པའི་དོན་རིག་མའི་ གསང་བའི་སྣ་རྩེར་བསྒོམ་པར་སྒྲོན་གསལ་ལས་གསུངས་ཏེ། དེའི་དོན་རྡོ་རྗེ་ཕྲེང་བར་བཤད་པ་ལས་ཀྱང༌། རྡོ་རྗེའི་རྩེ་དང་པདྨའི་རྩེར། །རླུང་མི་བཟུང་བའི་སྐད་ཅིག་ལ། །རྐན་ལ་ཡི་གེའི་སྦྱོར་བ་དང༌། །ཀྵྨཾ་སྔགས་ཀྱི་སྦྱོར་བ་ཡིས། །རྣལ་འབྱོར་མཆོག་ ནི་ཐོབ་པར་བྱེད། །ཅེས་གསུངས་སོ། །འདི་ནི་རྡོ་རྗེ་བཟླས་པ་ལ་ནུས་པ་ཆེན་པོ་ཐོན་པ། ཡུལ་རྟེན་གྱི་མཚན་ཉིད་གཞན་རྣམས་ཀྱང་ཚང་བ། དགག་བྱ་མེད་ཅིང་ལམ་གྱི་གྲོགས་སུ་འགྲོ་བའི་དགོས་པ་ཆེན་པོ་དང་ལྡན་པ་ལ་ཡིན་གྱི། རྡོ་རྗེ་བཟླས་པ་ 5-4-34a སྦྱོང་བ་ཙམ་ལ་མིན་ནོ། །ཕྱིའི་རྐྱེན་དེ་ལ་ཡང་དངོས་དང་བསྒོམ་པའི་ཕྱག་རྒྱ་གཉིས་ཡོད་ཅིང་ཐབས་དེ་དག་གིས་རོ་རྐྱང་གི་རླུང་སེམས་དབུ་མར་འཇུག་པའི་སྲོག་རྩོལ་དུ་འགྱུར་ཚུལ་ནི་གཞན་དུ་ཤེས་པར་བྱའོ། །གསུམ་པ་ནི། འོད་ཀྱི་གོང་བུ་བསྡུ་བ་དང༌། དེ་རྡོར་སེམས་ཀྱི་ངོ་བོར་འགྱུར་ཚུལ་དྲིས་པའི་ལན་སྟོན་པ་ནི། དྲི་ཆེ་དང་དྲི་ཆུ་དང་མདོག་ཤེལ་དང་འདྲ་བའི་བད་ཀན་དང༌། མེ་ཏོག་ནི་རཀྟ་སྟེ་བཞི་དང༌། དེ་བཞིན་དུ་ལྔ་པ་བྱང་ཆུབ་ཀྱི་སེམས་དཀར་པོ་ནི་བདུད་རྩི་ལྔའི་དངོས་ པོ་ཡིན་ལ། དེ་རྣམས་བསྡུས་ཏེ་གོང་བུའི་ཚོགས་པ་གཅིག་ཏུ་བྱས་པ་དེ་ལས་ཏེ། དེའི་ཕྱིར་ཚོགས་པ་དེ་ནི་རྡོ་རྗེ་ཅན་རྡོ་རྗེ་འཆང་དུ་རྒྱུད་འདིར་གསུངས་སོ། །སཾ་བྷུ་ཊ་ལས། བཤང་དང་གཅི་བ་བད་ཀན་དང༌། །ཁྲག་དང་ལྔ་པ་ཁུ་བ་ཉིད། །བདུད་རྩི་ལྔ་ཡི་ གོང་བུ་དངོས། །དེ་ཕྱིར་རྡོ་རྗེ་ཅན་འདིར་བརྗོད། །ཅེས་གསུངས་པ་ལྟར་འདིར་ཡང་ཤེས་པར་བྱའོ། །འདི་མན་སྙེའི་བཞེད་པས་མངལ་དུ་ཆགས་པའི་ལུས་དེ་དེ་བཞིན་གཤེགས་པ་ལྔའི་ངོ་བོའི་བདུད་རྩིའི་ལྔའི་བདག་ཉིད་ཡིན་པས། དེ་བཞིན་ གཤེགས་པ་ལྔ་ཚོགས་པ་དྲུག་པ་རྡོ་རྗེ་འཆང་དང༌། རྡོ་རྗེ་དེ་བཞིན་གཤེགས་པ་ལྔའི་རང་བཞིན་གྱི་ལུས་ཡིན་པས་རྡོ་རྗེའི་ལུས་ཞེས་ཀྱང་གསུངས་སོ་ཞེས་འཆད་དོ། །བདུད་རྩི་ལྔའི་བཤང་གཅི་གཉིས་དང་བྱང་སེམས་དཀར་དམར་བཞི་མཐུན་ ལ། དེའི་ལྷག་མ་ལྔ་པ་ལ། རྡོ་རྗེ་ཕྲེང་བ་དང་ཕྱག་ཆེན་ཐིག་ལེར་ཤ་ཆེན་དང༌། སྡོམ་འབྱུང་ལས། མགོ་སྐྱེས་དེ་བཞིན་སྦུབས་དང་སྐྱེས། །ཤ་ལས་སྐྱེས་དང་གསུམ་དུ་འགྱུར། །ཞེས་ཀླད་པ་དང་རྐང་མར་དང་ཚིལ་བུ་གསུམ་ལ་བཤད་ 5-4-34b དོ། །འགྲེལ་པ་གཉིས་ཀྱིས་ཤེལ་ནི་སྣབས་ལ་བྱས་སོ།། དེ་ལྔ་དེ་བཞིན་གཤེགས་པ་ལྔར་འཇོག་ཚུལ་ནི། རྡོ་རྗེ་ཕྲེང་བ་དང་ཕྱག་ཆེན་ཐིག་ལེར་དྲི་ཆུ་མི་བསྐྱེད་པ། དྲི་ཆེན་རྣམ་སྣང༌། ཁམས་དམར་པོ་རིན་འབྱུང༌། དཀར་པོ་འོད་དཔག་མེད། ཤ་ཆེན་དོན་གྲུབ་ཏུ་བཤད་དོ། །དེ་ལྟར་ན་རྒྱུ་མཚན་གང་གིས་འོད་དེ་བདུད་རྩི་ལྔ་གོང་བུར་བསྡུས་པ་ལ། རྡོ་རྗེ་འཆང་དུ་འཇོག་པའི་རྒྱུ་མཚན་ནི། དེ་བཞིན་གཤེགས་པ་ལྔ་ཚོགས་པ་རྡོ་རྗེ་ཅན་དུ་འཇོག་པ་ཡིན་ནོ། །འདིར་བདུད་རྩི་ལྔ་གསུངས་ པ་ལུས་རྡོ་རྗེ་ཅན་གྱི་ལུས་སུ་བསྟན་པའི་ཕྱིར། ཡང་བཤད་དུ་རུང་མོད་ཀྱང་གཙོ་བོར་ནི། གསང་བ་གྲུབ་པ་ལས། སྦྲང་མ་སྐྱུགས་པ་འདྲེས་པ་དང༌། །བཤང་དང་གཅི་བ་བསྲེས་བྱས་ནས། །སྒྲོལ་མ་ལྔ་དང་བསྲེས་པ་ཡིས། །རྟག་ཏུ་བདག་ཉིད་ མཆོད་པར་བྱ། །ཞེས་དང༌། བཙུན་མོའི་རང་བྱུང་མེ་ཏོག་ནི། །བྱང་ཆུབ་སེམས་དང་བཅས་གྱུར་པ། །བླངས་ལ་གསུང་གི་རྡོ་རྗེ་ཅན། །བདེ་བ་ཆེན་པོ་ཡང་དག་མཆོད། །ཅེས་གསུངས་པ་ལྟར་བཟའ་བའི་དམ་ཚིག་གི་ཕྱིར་ཡིན་ལ། དེ་ལྟར་བྱས་ པས་ནི་བར་ཚད་ལས་བསྲུང་བ་དང༌། མཁའ་འགྲོ་མ་རྣམས་དགྱེས་པ་དང༌། དངོས་གྲུབ་འགྲུབ་པ་མྱུར་བ་སོགས་ཀྱི་ཕན་ཡོན་དང་ལྡན་པར་གསུངས་ལ། ཁྱད་པར་བཙུན་མོའི་ཁམས་དཀར་དམར་ཟོས་པས་ནི། རང་གི་བྱང་ཆུབ་ཀྱི་སེམས་ ལྷག་པར་འཕེལ་བར་གསུངས་སོ། །བཞི་པ་ལ་གཉིས། ཐིག་ལེའི་ཡིག་འབྲུ་ཞུས་པའི་ལན། སྔགས་སྦྱོར་ཚུལ་ཞུས་པའི་ལན་ནོ། །དང་པོ་ནི། ཡུམ་གྱི་པདྨའི་ཐིག་ལེ་ཡིག་འབྲུ་གང་དུ་གནས་ཞུས་པའི་ལན་སྟོན་པ་ནི། ཆ་ཤས་ཞེས་ 5-4-35a སོགས་སོ། །འདིའི་འགྱུར་སྒྲོན་གསལ་དུ་དྲངས་པ་ལྟར་ལེགས་མོད་ཀྱང༌། ཐོག་མར་འགྲེལ་པ་གཉིས་ཀྱིས་འཆད་ཚུལ་བསྟན་ན། ཆ་ཤས་གཉིས་པ་དང་ལྡན་པ་ནི། ཀྵ་སྟེ་ཀ་དང་ཥ་བརྩེགས་པའོ། །དེ་གསལ་ བར་སྟོན་པ་ནི་དེ་བཞིན་ཞེས་ཏེ། ཡ་ནས་བགྲངས་པའི་དགུ་པ་ནི་ཀྵུ་ཡིག་གོ། དོན་ནི་འདི་ཡིན་ཏེ་ཀྵུ་ལ་མ་དང་ར་དང་ཡ་བཏགས་ནས་ཞབས་སྐྱེད་རིང་པོར་བྱ་སྟེ། ཟླ་ཚེས་དང་ཐིག་ལེ་བརྩེགས་པའི་ཀྵྨྲྻུཾ་སྟེ་མན་ངག་གོ། དོན་དེ་གསལ་བར་སྟོན་ བཞེད་པས་དེ་སྐད་གསུངས་པ་དེ་ལ་ནི། སུམ་ཅུ་པ་ནི་མ་ནིང་བཞི་དོར་བའི་ཨ་ནས་བརྩིས་པ་ན་ངའོ། །དེ་ནས་བརྩིས་པའི་བཅུ་པ་ནི་རའོ། །དེ་བཞིན་དུ་ལྔ་པ་ནི་ལ་ནས་བགྲངས་པའི་ཧའོ། །ས་བོན་ནི་ཧའི་འོག་མ་ཀྵའོ། །ཆ་ཤས་གཉིས་པས་ནི་ ཀྵ་དངོས་བསྟན་ཏོ། །ལྔ་ཡིས་ཞེས་པ་ནི་ཀྵ་ལ་མ་དང་ར་དང་ཐིག་ལེ་བྱས་པ་ཆོས་ཀྱི་དབྱིངས་ཀྱི་ཡི་གེའི་འབྲུའི་བསྡུ་བ་གསུངས་པའོ། །ཞེས་འཆད་དོ། །བཤད་པ་འདི་ལ་ནི་ཀྵ་ཡིག་ལན་དུ་མར་བསྡུས་ཀྱིས་ཤིང༌། ཡ་དང་མ་བསྡུ་དགོས་པ་ཆད་ལ། ལ་ནས་བགྲངས་ན་ཧ་དྲུག་པར་འདུག་པ་ལྔ་བར་བྱས་སྣང་བས་ཡིད་ཆེད་པར་དཀའོ། །དེས་ན་སྒྲོན་གསལ་ལོ་ཆེན་དང་འགོས་ཀྱིས་བསྒྱུར་བ་ལས། ཆ་གཉིས་པ་ནི་དགུ་བ་ཉིད་ཀྱིས་བཤད། །སུམ་ཅུ་བཅུ་པ་ལྔ་ཡིས་ས་བོན་ཉིད། །ཆ་གཉིས་ ལྔ་པ་དྲུག་པས་ཕྱེ་བ་ནི། །བྱུང་བ་འདི་ནི་ཐིག་ལེ་ཡིན་ཞེས་བཤད། །ཅེས་འབྱུང་ངོ་། །འདི་ལའང་འཆད་ཚུལ་དུ་མ་ཞིག་སྣང་ཡང༌། སྒྲོན་གསལ་གྱི་འགྲེལ་བཤད་རབ་ཏུ་སྒྲོན་གསལ་དང་། སྒྲོན་གསལ་གྱི་བསྡུད་དོན་སྙིང་གི་མེ་ལོང་ 5-4-35b གི་བཤད་པ་བཞིན་བཤད་ན། ཆ་ནི་དབྱངས་ཡིག་ཡིན་ལ། དེའི་གཉིས་པ་ནི་ཨཱའོ། །དགུ་པ་ནི་མ་ནིང་བཞི་དོར་བའི་ཨ་ལས་བགྲངས་པའི་ཨོ་ཉིད་དུ་བཤད་དོ། །ནིད་ཀྱིས་ཞེས་པ་ཉིད་དུ་བྱའོ། །མ་ནིང་བཞི་དོར་བའི་ཨ་ནས་བགྲངས་ན་དབྱངས་བཅུ་གཉིས་དང༌། ཀ་ཙ་ཊའི་སྡེ་པའི་ཡི་གེ་བཅོ་ལྔ་སྟེ་ཉེར་བདུན། ཏ་སྡེའི་དང་པོ་གསུམ་བསྣན་པས་སུམ་ཅུ་སྟེ། དེའི་ཐ་མ་ནི་དའོ། །དེའི་འོག་མ་དྷ་ནས་བགྲངས་ན་བཅུ་པ་ལའོ། །དེའི་འོག་མ་ཝ་ནས་བགྲངས་ན་ལྔ་པའི་ས་བོན་ཧ་སྟེ། མདོར་ན་ཨ་ནས་བགྲངས་པའི་ཞེ་ལྔ་ པ་ཧ་ཐུ་བའི་དོན་ཡིན་གྱི་ད་དང་ལ་ཐུ་བ་མིན་ནོ། །དེ་ལྟར་ཨཱ་དང་ཨོ་དང་ཧ་གསུམ་པོ་གཞིར་བཞག་པའི་དང་པོ་ཨཱ་ལ་ཆ་གཉིས་ཏེ། ཨཱཿཡིས་ཕྱེ་བས་ཨ་གཉིས། ཨཱ་རིང་པོ་གཅིག་ཏུ་བསྡོམས་ནས་རྣམ་བཅད་ཀྱིས་བརྒྱན་པས་ཨཱཿའོ། །ཨོ་ལ་པ་སྡེའི་ ལྔ་པ་མ་ཡིག་གིས་ཕྱེ་བ་སྟེ། བརྒྱན་པས་ཨོཾ་མོ། །ཧ་ལ་དབྱངས་ཡིག་དྲུག་པ་ཨཱུ་ཡིས་ཕྱེ་བ་སྟེ་བརྒྱན་པས་ཧཱུའོ། །དེ་ལ་སྤར་ཡང་ལྔ་པ་མ་ཡིག་རྗེས་སུ་ང་རོར་བྱས་པས་ཧཱུཾ་སྟེ། དེ་ལྟ་བུ་ལས་བྱུང་བའི་འབྲུ་གསུམ་འདི་ནི་ཡུམ་གྱི་པདྨར་བྱུང་བའི་ ཐིག་ལེ་ཡིན་ཞེས་བཤད་དོ། །ལེའུ་དང་པོར་བཤད་པའི་ཡུམ་གྱི་པདྨར་སྤྲོས་པའི་ཐིག་ལེ་འབྲུ་གསུམ་གྱི་ཡིག་འབྲུའི་གཟུགས་ཅན་དུ་བཤད་པ་འདི་ནི། དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་པའི་ཚེ་ཐིག་ལེ་ཆ་སོ་གཉིས་སུ་གྱུར་པ་འབྲུ་གསུམ་སོ་གཉིས་ སུ་གྱུར་ནས་ལྷ་བསྐྱེད་པའི་བསྐྱེད་ཆོག་སྟོན་པ་ཡིན་པས་ཀྵུཾ་དང་ཀྵྨྻུཾ་སྟོན་པ་མིན་ནོ། །གཉིས་པ་ནི། སྔགས་འདུས་པའམ་སྦྱོར་བའི་ཚུལ་གྱི་ལན་སྟོན་པ་ནི། གཞུང་ཕལ་ཆེ་བ་ལས། ཡིག་འབྲུ་བྲུཾ་དང་ཆོས་ཀྱི་དབྱིངས། །ཞེས་འབྱུང་ཡང༌། དཔེ་ཁ་ཅིག་ 5-4-36a ལས། ཆོས་ཀྱི་དབྱིངས་ཀྱི་ཡི་གེ་བྲུཾ། །ཞེས་འབྱུང་བ་དག་པས་ཆོས་ཀྱི་དབྱིངས་བྱང་ཆུབ་ཀྱི་སེམས་ཐིག་ལེ་ཡོངས་སུ་གྱུར་པའི་ཡི་གེ་བྲུཾ་ཡུམ་གྱི་སྐྱེ་གནས་ཀྱི་པདྨ་ལ་གནས་པ་དེ་ཉིད་རྣམ་སྣང་གི་ས་བོན་ཡིན་ནོ། །དེ་ནི་མཚོན་པ་ཙམ་ སྟེ་མི་བསྐྱོད་པ་ནས་གནོད་མཛེས་ཀྱི་བར་གྱི་ས་བོན་ཧཱུཾ་སྭཱ་ཨཱ་ཧ་ནས་ཧཱུཾ་གི་བར་རྣམས་ཀྱང་ཐིག་ལེ་ཡོངས་སུ་གྱུར་པ་ལས་ཡི་གེ་དེ་དག་གི་གཟུགས་སུ་ཡུམ་གྱི་པདྨར་གནས་པའོ། །ས་བོན་སོ་གཉིས་དང་འབྲུ་གསུམ་གྱི་སྔགས་གཉིས་སྦྱོར་ཚུལ་ ནི། ཨོཾ་ཨཱཿ བྲུཾ་ཧཱུཾ། ཞེས་སོགས་སུ་སྦྱོར་བའོ། སྭཱཧཱ་མཐའ་ཞེས་པ་ནི། ཨོཾ་ཨ་ཿ བྲུཾ་ཧཱུཾ་སྭཱཧཱ། ཞེས་སོགས་སུ་སྦྱོར་བ་སྟེ། འདི་ནི་ལྷ་སོ་སོའི་བཟླས་པའི་སྔགས་སྦྱོར་ཚུལ་ཡིན་གྱི། བསྐྱེད་པའི་སྔགས་མིན་ནོ། །དེ་འདྲ་བའི་སྔགས་སྦྱོར་ཚུལ་དེ་ནི་ སྔགས་འདུས་པའི་དོན་ཡིན་པར་ཤེས་པར་བྱའོ། །ལྔ་པ་ནི། ཇི་ལྟར་མི་རྣམས་སྐྱེ་བ་ལགས། །ཞེས་དྲིས་པའི་ལན་སྟོན་པ་ནི། མི་ལ་སོགས་པའི་ལུས་ཀྱི་ཆ་ཤེས་ཆུའི་ཁམས་ཏེ་ཁམས་དཀར་པོ་ནི་ཕ་ལས་བྱུང་བའི་ཁུ་བའི་ཉེར་ལེན་ལས་སྐྱེས་ པ་ཞེས་བྱ་ལ་མེའི་ཁམས་ཏེ་ཁམས་དམར་པོ་ནི་མ་ལས་བྱུང་བའི་རྡུལ་གྱི་ཉེར་ལེན་ལས་སྐྱེས་པའོ། །དེར་མ་ཟད། ཤ་དང་ཁྲག་དང་པགས་པ་ཡང༌། །མ་ལས་སྐྱེས་པ་ཞེས་བཤད་དེ། །རུས་པ་རྐང་དང་ཁུ་བ་ནི། །ཕ་ལས་སྐྱེས་ཞེས་བཤད་པ་ཡིན ནོ། །གཞུང་ལས། ཚིལ་དང་རྐང་དང་ཁུ་བ་ཡང༌། །ཞེས་འབྱུང་ཡང༌། རྣམ་གཞག་ཏུ་དྲངས་པ་ལས། རུས་པ་ཞེས་འབྱུང་ལ། དེ་ཉིད་སཾ་བྷུ་ཊ་དང་ཡང་མཐུན་ནོ། །དྲུག་པོ་དེ་དག་ཙམ་ཞིག་ཏུ་བཤད་པ་ནི་གཟུགས་ལུས་ཀྱི་གོང་བུའི་གཙོ་བོ་ཡང་ 5-4-36b དག་པར་འདུས་པ་སྟེ་བསྡུས་པ་ཡིན་ནོ། །དེ་ན་དྲུག་པོ་དེ་དག་ལས་མི་རྣམས་ཇི་ལྟར་སྐྱེ་ཞེས་དྲིས་པའི་དོན་ནི། མི་རྣམས་ཀྱི་དྲུག་པོ་དེའི་ཉེར་ལེན་གྱི་རྒྱུ་ཕ་མ་གང་གིས་བྱས་པ་ལས་སྐྱེ་ཞེས་པའི་དོན་ཡིན་ལ། ལན་གྱིས་ཀྱང་དེ་འཆད་དོ། །དེ་ལྟར་ བཤད་པས་ཀྱང་གཟུགས་ལུས་ཀྱི་ཁམས་གཞན་ཐམས་ཅད་ཐིག་ལེ་གཉིས་ཀྱི་རྣམ་འགྱུར་ཡིན་པས་རྩ་ཨ་ཝ་དྷཱ་ཏཱིར་བསྡུ་རྒྱུའི་ལུས་ཀྱི་ཁམས་ཀྱི་གཙོ་ནི་ཐིག་ལེ་གཉིས་རླུང་དང་བཅས་པ་ཡིན་པར་བསྟན་པའི་ཕྱིར་རོ། །དྲུག་པ་ནི། རིགས་ལྔ་ གང་གི་ངོ་བོར་བསྒོམ་པ་ཞུས་པའི་ལན་སྟོན་ཏེ། གཟུགས་ཀྱི་ཕུང་པོ་དང༌། དེ་བཞིན་དུ་སྦྱར་ལ་ཚོར་བ་དང༌། འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་སྟེ་ཕུང་པོ་ལྔ་ནི། སངས་རྒྱས་རིགས་ལྔའི་གཟུགས་ཏེ་རང་བཞིན་གྱི་དངོས་པོར་བསྒོམ་མོ་ཞེས་ བྱ་བར་བཤད་པར་ཤེས་པར་བྱའོ། །རྣམ་གཞག་ཏུ་དྲངས་པ་ལ། ཕུང་པོ་ལ་སོགས་སངས་རྒྱས་ལྔའི། །རང་བཞིན་དངོས་ཞེས་བསྟན་པ་ཡིན། །ཞེས་འགྱུར་བ་ལྟར་ལེགས་ལ། དེ་ལ་ནི་སོགས་ཀྱི་སྒྲ་ཡང་ཡོད་པས། དེ་ལྟར་ན་ཁམས་བཞི་ལྷ་མོ་ བཞིར་བསྒོམ་པ་སོགས་ཀྱི་ལུས་དཀྱིལ་ཡང་བསྟན་པར་གཟུང་ངོ་། །གསུམ་པ་ནི། ལྷ་མོ་བཞིས་ཡོངས་སུ་ཞུས་པའི་རྒྱུད་ཀྱི་རྣམ་པར་བཤད་པ་ལས། ལྷ་མོ་ན་བཟའ་དཀར་མོས་ཞུས་པའི་ལེའུ་སྟེ་ལེའུ་གསུམ་པའི་རྣམ་པར་བཤད་པའོ།། །། བཞི་པ་སྒྲོལ་མས་ཞུས་པའི་ལེའུ་ལ་བཞི། ཞུ་བ་མཛད་ཚུལ། ཞུས་པའི་ལན་བཤད་པ། བཤད་ཟིན་ནས་ཇི་ལྟར་མཛད་པ། ལེའུ་ཡི་མཚན་བསྟན་པའོ། །དང་པོ་ལ་གཉིས། ཞུས་པའི་མཚམས་སྦྱོར། ཞུ་བ་དངོས་སོ། །དང་པོ་ནི། གོས་དཀར་ 5-4-37a མོས་ཞུས་པའི་ལན་རྫོགས་པ་དེ་ནས་ལྷ་མོ་སྒྲོལ་མ་བཅོམ་ལྡན་མས། རྡོ་རྗེ་སེམས་དཔའ་ལ་ཞུས་པ་ཞེས་སྡུས་པ་པོའི་ཚིག་གིས་མཚམས་སྦྱར་རོ། །ཇི་ལྟར་ན། ཞལ་གྱི་པདྨ་བཞད་པར་གྱུ་ཏེ་ཞུས་སོ། །གཉིས་པ་ ལ་དྲུག །ཆོས་ཀྱི་དབྱིངས་ཀྱི་སྒྲུབ་པ་ཞུས་པ། རྫས་ཀྱི་སྒྲུབ་པ་ཞུས་པ། སྔགས་ཀྱི་གྲུབ་པ་ཞུས་པ། དཀྱིལ་འཁོར་ཞུས་པ། སྦྱིན་སྲེག་བྱ་ཚུལ་ཞུས་པ། །མཆོད་པ་ཇི་ལྟར་བྱ་བཞུས་པའོ། །དང་པོ་ནི། རྡོ་རྗེ་ཅན་ཆེན་པོ་ཞེས་བོས་ནས། ཕུང་པོ་ལ་སོགས་ པའི་ཆོས་ཀྱི་དབྱིངས་འོད་གསལ་གྱི་སྒྲུབ་པ་ནི་གསུངས་ཤིག་ཅེས་ཞུས་སོ། །གཉིས་པ་ནི། རི་ལུ་ལ་སོགས་པའི་རྫས་བརྒྱད་པོ་རྣམས་ཀྱི་སྒྲུབ་པ་བཀའ་སྩལ་པ་འཚལ་པ་སྟེ་དགོས་ཞེས་ཞུས་སོ། །གསུམ་པ་ནི། རྫས་ཀྱི་སྒྲུབ་པ་བཤད་དགོས་པ་ དེ་བཞིན་དུ་རིགས་སྟེ་རིག་མ་དགུག་པ་ཡི་སྔགས་ཀྱི་སྒྲུབ་རྣམས་ཀྱང་བཀའ་སྩ་དགོས་ཞེས་ཞུས་སོ། །བཞི་པ་ནི། དཀྱིལ་འཁོར་གསུམ་པོ་རྣམས་སུ་བརྟགས་པ་སྟེ་བཤད་པ་དང་བསྒོམ་པ་ནི་ཁྱད་པར་དུ་ཡང་བཀའ་སྩལ་འཚལ་ཞེས་སྦྱར་ རོ། །ལྔ་པ་ནི། ཕྱི་ནང་གི་སྦྱིན་སྲེག་སོ་སོར་བྱ་བའི་ཚུལ་ཁྱད་པར་དུ་ཡང་བཀའ་སྩལ་འཚལ་ལོ། །དྲུག་པ་ནི། སྦྱིན་སྲེག་བཤད་དགོས་པ་དེ་བཞིན་དུ་ལྟ་མཆོད་པའི་ཆོ་ག་ཡང་ཁྱད་པར་དུ་བཀའ་སྩལ་པ་འཚལ་ལོ་ཞེས་ཞུས་སོ། །གཉིས་པ་ ལ་གཉིས། ལན་གྱི་མཚམས་སྦྱོར། ལན་བཤད་དངོས་སོ། །དང་པོ་ནི། སྔར་བཤད་པ་དེ་ལྟར་ལྷ་མོ་སྒྲོལ་མས་ཞུས་མ་ཐག་ཏུ་དེ་རྣམས་ཀྱི་ལན་རྡོ་རྗེ་སེམས་དཔས་བཀའ་སྩལ་པ་ནི་འོག་ནས་འབྱུང་བ་རྣམས་སོ། །གཉིས་པ་ལ་དྲུག། །ཆོས་ 5-4-37b ཀྱི་དབྱིངས་ཀྱི་སྒྲུབ་པ་ཞུས་པའི་ལན། རྫས་ཀྱི་སྒྲུབ་པ་ཞུས་པའི་ལན། སྔགས་ཀྱི་སྒྲུབ་པ་ཞུས་པའི་ལན། དཀྱིལ་འཁོར་ཞུས་པའི་ལན། སྦྱིན་སྲེག་བྱ་ཚུལ་ཞུས་པའི་ལན། མཆོད་པ་ཇི་ལྟར་བྱ་བ་ཞུས་པའི་ལན་ནོ། །དང་པོ་ལ་བཞི། མཉན་པར་ སྐུལ་བ། ཉན་རྒྱུའི་དོན་དངོས། དོན་དེ་སྒྲུབ་པ་ལ་སྦྱར་བ། འདིར་ལ་བཤད་པ་གཞན་དུ་ཤེས་པར་བྱ་བའོ། །དང་པོ་ནི། ལྷ་མོ་ཞེས་སྒྲོལ་མ་ལ་བོས་ནས་ཆོས་ཀྱི་དབྱིངས་འོད་གསལ་གྱི་སྒྲུབ་པ་ནི་ལེགས་པར་ཉོན་ཅིག་དང་། བདག་གིས་བཤད་ པར་བྱའོ། །གཉིས་པ་ནི། ཆོས་ཀྱི་དབྱིངས་ཞེས་བྱ་བའོ་ཞེས་དྲང་ངོ་། །འོ་ན་ཆོས་ནི་གང་ཡིན་དབྱིངས་ནི་གང་ཡིན་ཞེ་ན། ཆོས་ནི་ཡུལ་གཟུགས་དང་སྒྲ་དང་དྲི་དང་དེ་བཞིན་དུ་རོ་དང་རེག་བྱ་དང་སོགས་ཀྱིས་བསྡུས་པ་ཆོས་ཀྱི་སྐྱེ་མཆེད་དང༌། མི་ གནས་ཡིད་ཀྱི་བར་དྲུག་དང༌། མིག་གི་རྣམ་ཤེས་ནས་ཡིད་ཀྱི་རྣམས་ཤེས་ཀྱི་བར་དྲུག་སྟེ་བཅོ་བརྒྱད་པོ་དེ་དག་གོ། ཀྱང་ནི་སྡུད་པའོ། །ཁམས་ནི་རྟེན་དབང་པོ་དྲུག་དང༌། བརྟེན་པ་རྣམ་ཤེས་དྲུག་དང༌། དམིགས་པ་ཡུལ་དྲུག་པོ་དེ་རྣམས་ཀྱི་ཁམས་ ཡིན་ལ། དེ་ཡང་སྤྱི་སྐད་ལ་གྲགས་པའི་ཁམས་བཅོ་བརྒྱད་མིན་གྱི། དྷཱ་ཏུའི་སྒྲ་ཁམས་དང་དབྱིངས་གཉིས་ཀ་ལ་འཇུག་པས་འདིར་ནི་དབྱིངས་འོད་གསལ་ལོ། །དཔེ་ཁ་ཅིག་ལས། ཆོས་ཀྱི་དབྱིངས་ཀྱིས་བྱས་པའོ། །ཞེས་འབྱུང་བ་ནི་མི་དག་སྟེ། ཆོས་ཀྱི་དབྱིངས་ལས་ཁམས་དང་སྐྱེ་མཆེད་དང༌། ཕུང་པོ་རྣམས་འབྱུང་བ་ནི་འོག་ནས་འཆད་པས་སོ། །ཆོས་བཅོ་བརྒྱད་པའི་དབྱིངས་འཆི་བའི་འོད་གསལ་དེ་དག་ཉིད་ལས་བྱུང་བ་ནི་སེམས་ཡིད་རྣམས་ཤེས་གསུམ་གྱི་བྱང་ཆུབ་ཀྱི་སེམས་ཞེས་བྱ་ 5-4-38a བར་ཤེས་པར་བྱ་སྟེ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལས། འོད་གསལ་བ་ལས་བྱུང་བའི་རྣམ་པར་ཤེས་པ་དེ་ཉིད་སེམས་དང་ཡིད་དང་རྣམ་པར་ཤེས་པ་ཞེས་བྱ་བ་ཆོས་ཐམས་ཅད་ཀྱི་རྩ་བ་སྟེ་ཞེས་གསུངས་ཤིང༌། དེ་གསུམ་ སྣང་མཆེད་ཐོབ་གསུམ་དུ་ཡང་བཤད་ལ། དེ་ཉིད་ལ་བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོ་ཞེས་ཀྱང་སྤྱོད་བསྡུས་ལས་གསུངས་སོ། །སྣང་མཆེད་ཐོབ་གསུམ་གྱི་བྱང་ཆུབ་ཀྱི་སེམས་དེ་ལས་རླུང་མེ་ཆུ་ས་རིམ་གྱིས་སྐྱེ་བ་ནི་འབྱུང་བའི་གོང་བུ་སྐྱེ་བ་ཡིན་ལ། དེ་ནི་མིང་གཟུགས་གཉིས་ཀྱི་གཟུགས་ཡིན་ཞིང༌། མིང་ནི་མིང་གཞིའི་ཕུང་པོ་ཡིན་ལ། དེ་གཉིས་ཕན་ཚུན་རྗེས་སུ་བྱེད་པར་གསུངས་པས། མིང་ལས་སྐྱེ་ལ། གཟུགས་ལས་ཀྱང་མིང་སྐྱེ་བ་གཉིས་ཡོད་པའི་ཕྱི་མ་ནི་གོང་བུ་ལས་ཀྱང་ ཡིད་བསྐྱེད་པའོ། །མིང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་སྐྱེ་བར་གསུངས་པས་མིང་གི་ཡིད་ལས་དབང་པོའི་སྒོ་རྣམས་ཀྱི་བུ་ག་ནམ་མཁའི་ཁམས་དང༌། ཀྱང་གི་སྒྲས་དེར་མ་ཟད་ཁམས་བཅོ་བརྒྱད་པོ་རྣམས་དང༌། སྐྱེ་མཆེད་རྣམས་དང༌། དབང་པོ་དང༌། ཕུང་པོ་རྣམས་འབྱུང་ངོ་། །ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལས་ཀྱང༌། རྣམ་པར་ཤེས་པ་དེའི་བཞོན་པ་རླུང་ངོ་། །རླུང་ལས་མེའོ། །མེ་ལས་ཆུའོ། །ཆུ་ལས་སའོ། །དེ་རྣམས་ལས་ཕུང་པོ་ལྔ་དང༌། སྐྱེ་མཆེད་དྲུག་དང༌། ཡུལ་ལྔ་ སྟེ་ཞེས་གསུངས་སོ། །འོད་གསལ་བ་ལས་བྱུང་བའི་ཆོས་དེ་རྣམས་སླར་ཡང་རྩ་བའི་གནས་འོད་གསལ་གྱི་དབྱིངས་སུ་བསྡུ་བ་སྟེ། བསྡུས་པ་བརྟན་པར་བྱས་པ་ནི་ཆོས་ཀྱི་དབྱིངས་འོད་གསལ་གྱི་སྒྲུབ་པ་ཡིན་ནོ། །ཇི་རྟར་སྡུད་ན། ཇི་ལྟར་ 5-4-38b སྐྱེད་པའི་རིག་པ་དེ་ལྟར་ཕྱིར་སྡུད་དོ། །རྒུད་རྡོ་རྗེ་ཕྲེང་བ་ལས། ཇི་ལྟར་སྐྱེས་པ་དེ་ལྟའི་གནས། །ཐིམ་བར་འགྱུར་རོ་རང་བཞིན་ལས། །ཞེས་དང༌། རླུང་རྣམས་མཆོག་ཏུ་ནུབ་པ་ནི། །གང་གུས་ཡང་དག་ཤེས་པ་ཡིས། །འཆི་བའི་སྐད་ཅིག་མཚན་ཉིད་ནི། །ཕན་ཚུན་དུ་ ནི་ཡང་དག་སྡུད། །སྐྱེ་བའི་རིམ་ལྟར་ཐིམ་པར་འགྱུར། །ཞེས་གསུངས་སོ། །རྡོ་རྗེ་བཟླས་པ་སོགས་ལུས་ལ་གནད་དུ་བསྣུན་པའི་ཐབས་ཀྱིས་འཆི་རིམ་བཞིན་དུ་ཕུང་སོགས་ཀྱི་དབྱིངས་སུ་བསྡུས་ནས་འོད་གསལ་མངོན་དུ་བྱེད་པའི་འཆི་ཆོས་སྐུའི་ལམ་འཁྱེར་འདིར་ བསྟན་ཏེ། དེའི་གནད་ཀྱིས་འོད་གསལ་གྱི་ངང་ལས་བར་དོ་ཇི་བཞིན་དུ་རླང་སེམས་ལས་ལོངས་སྐུ་བསྒྲུབ་པ་བར་དོ་ལོངས་སྐུར་འཁྱེར་བ་དང༌། བར་དོས་མངལ་དུ་སྐྱེས་བ་བཟུང་བ་ན་ཤའི་མིག་གི་ཡུལ་དུ་གྱུར་པ་བཞིན་དུ་སྒྱུ་མའི་ལོངས་སྐུས་སྤྲུལ་སྐུའི་སྐྱེ་བ་ བཟུང་བ་ན་ལོངས་སྐུ་མཐོང་བར་མི་ནུས་པའི་སེམས་ཅན་གྱི་ཡིད་མཐོང་བའི་ཡུལ་དུ་གྱུར་ནས། མཛད་པ་མཛད་པ་སྐྱེ་བ་སྤྲུལ་སྐུར་འཁྱེར་བ་འདི་ནི་འདུས་པའི་དོན་འཕགས་པ་ཡབ་སྲས་ཀྱིས་བཀྲ་བའི་ཁྱད་པར་གྱི་ཆོས་མཐར་ཐུག་པའོ། །གསུམ་པ་ནི། དེ་ལྟར་ཕུང་སོགས་འཆི་རིམ་བཞིན་འོད་གསལ་དུ་བཅུག་ནས་འཆི་བ་ཆོས་སྐུར་འཁྱེར་བ་སོགས་བྱ་དགོས་པ་དེ་བས་ན་ནན་ཏན་ཏེ་འབད་པ་ཐམས་ཅད་ཀྱིས་ཆོས་ཀྱི་དབྱིངས་འོད་གསལ་གྱི་སྒྲུབ་པ་ཡང་དག་པ་སྤྱད་པར་བྱའོ་ཞེས་འདོམས་པར་མཛད་དོ། ། བཞི་པ་ནི། སྒྲུབ་པ་དེའི་བྱེད་ཚུལ་རྒྱས་པར་ནི་རྟོག་པའམ་བརྟག་པའི་རྒྱལ་པོ་འདུས་པ་རྩ་བཤད་ཀྱི་རྗེས་སུ་འབྲངས་ནས་དེར་ཇི་ལྟར་བཤད་པ་དེ་ལྟར་བསྒྲུབ་པར་བྱ་ཆོས་ཀྱི་དབྱིངས་ཀྱིས་སྒྲུབ་པ་རབ་ཏུ་བརྟག་པ་སྟེ་སྤྱད་པར་བྱའོ། །གཞུང་ཕལ་ཆེར་བ་ལས། 5-4-39a ཇི་ལྟར་གལ་པོ་ཤེས་དངོས་ཀྱི། །ཞེས་འབྱུང་ཡང༌། ཁ་ཅིག་ལས། དེ་ལྟར་རྟོག་པའི་རྗེས་འབྲངས་ནས། །ཞེས་འབྱུང་བ་དག་སྟེ། ཀལྤ་ཞེས་པ་རྟོག་པའི་སྐད་དོད་ཡིན་པ་མ་ཤེས་པར་གལ་པོ་ཞེས་བྲིས་པའོ། །གཉིས་པ་ལ་བཞི། བཤད་མ་བཤད་ཀྱི་མཚམས་སྦྱོར། རྫས་བརྒྱད་སྒྲུབ་པ་མདོར་བསྟན་པ། རི་ལུའི་དངོས་གྲུབ་བསྒྲུབ་ཚུལ་བཤད་པ། རི་ལུ་ཟོས་པའི་ཕན་ཡོན་ནོ། །དང་པོ་ནི། ཆོས་ཀྱི་རྣམས་ཀྱི་དབྱིངས་འོད་གསལ་བསྒྲུབ་པ་བཤད་ནས་སུ་ཞེས་བཤད་ཟིན་པའི་མཚམས་ སྦྱར་ནས་རྫས་བརྒྱད་ཀྱི་ཐུན་མོང་གི་དངོས་གྲུབ་ཡན་ལག་བརྒྱད་བསྒྲུབ་པའི་ཐབས་བཤད་པར་བྱའོ་ཞེས་འཆད་འགྱུར་གྱི་མཚམས་སྦྱོར་རོ། །གཉིས་པ་ནི། དངོས་གྲུབ་བརྒྱད་ནི། རི་ལུའི་དངོས་གྲུབ་དང༌། མིག་སྨན་གྱི་དངོས་གྲུབ་དང༌། ས་འོག་གི་ དངོས་གྲུབ་དང༌། རལ་གྲིའི་དངོས་གྲུབ་དང༌། ནམ་མཁར་འཕུར་བའི་དངོས་གྲུབ་དང༌། མི་སྣང་བའི་དངོས་གྲུབ་དང༌། ཤི་བ་མེད་པའི་དངོས་གྲུབ་དང༌། ནད་འཇོམས་པའི་དངོས་གྲུབ་བོ། །འགྲེལ་པར་མིག་སྨན་ལན་གཉིས་བྱུང་བའི་སྔ་མ་ནི་མིག་སྨན་མིག་ལ་ བྱུགས་པས་སྐུ་གསུམ་ཐུགས་ཀྱི་དངོས་གྲུབ་འགྲུབ་པ་དང༌། དྲུག་པ་ནི། མིག་སྨན་མིག་ལ་བྱུགས་པས་མི་སྣང་བའི་སྐུ་གསུང་ཐུགས་རྡོ་རྗེ་དང༌། ལྷ་ཀླུ་ཀུན་མཐོང་བ་ལ་བཤད་ཅིང༌། སྔ་མ་རྩ་རྒྱུད་ཀྱི་ལེའུ་བཅུ་བདུན་པར་མིག་སྨན་གྱི་བསྒྲུབ་པ་ བཤད་པའི་དོན་དུ་འཆད་དོ། །ལེའུ་དེར་བཤད་པའི་དོན་ནི། སྒྲོན་གསལ་ལས་དུད་པའི་མིག་སྨན་ལ་བརྟེན་ནས་དངོས་གྲུབ་རབ་མི་སྣང་བ་དང༌། འབྲིང་ས་འོག་ན་གནས་པའི་གཏེར་མཐོང་བ་དང༌། ཐ་མ་གཞན་དབང་བྱེད་པ་གསུམ་འགྲུབ་པར་བཤད་དོ། ། 5-4-39b ཁ་ཅིག་ལས། ནམ་མཁར་འཕུར་དང་མི་སྣང་དང༌། །ཞེས་གསུངས་པ་ཡང་སྣང་བས་དྲུག་པ་ནི་མི་སྣང་བའི་དངོས་གྲུབ་ལ་བྱ་ཞིང༌། སྔ་མ་ནི་མིག་སྨན་ནམ་མིག་རྣོན་ཞེས་བྱའོ། །ས་འོག་གི་དངོས་གྲུབ་ནི་འགྲེལ་པ་གཉིས་ཀྱིས། ས་འོག་ན་གནས་པའི་ལྷ་མ་ཡིན་དང་ ཀླུའི་བུ་མོ་འགུགས་པ་ལ་བཤད་དོ། །རྒྱུད་འདིར་རིལ་བུའི་བསྒྲུབ་པ་མ་གཏོགས་པ་གཞན་བདུན་གྱི་བསྒྲུབ་པ་མ་བཤད་པ་ནི། ཕལ་ཆེར་ཐམས་ཅད་གསང་བའི་རྒྱུད་དུ་སྔར་བཤད་ཟིན་པས་མ་བཤད་པར་མངོན་ཏེ། འོག་ནས་དཀྱིལ་འཁོར་གསུམ་དང་ཕྱིའི་ སྐྱོན་སྲེག་གཉིས་མངོན་བསྟན་དུ་འབྱུང་ཡང༌། དཀྱིལ་འཁོར་གཉིས་དང་ཕྱིའི་སྦྱིན་སྲག་སྔར་ཐམས་ཅད་གསང་བའི་རྒྱུད་དུ་བཤད་ཟིན་པས་འདིར་མ་བཤད་པར་གསུངས་པ་བཞིན་ནོ། །འདུས་པའི་རྩ་རྒྱུད་དུ་ས་འོག་གི་དངོས་གྲུབ་བསྒྲུབ་པ་ལོགས་སུ་གསལ་ བར་མ་བཤད་ཀྱང༌། མིག་སྨན་བསྒྲུབ་པའི་སྐབས་སུ་ས་འོག་གི་གཏེར་མཐོང་བའི་འགྲུབ་པར་བཤད་པ་ལྟ་བུ། ས་འོག་གི་དངོས་གྲུབ་ཀྱི་ཕྱོགས་སུ་གཏོགས་པར་བཤད་པའང་ཡོད་ལ། གཞན་རྣམས་ནི་རྩ་རྒྱུད་ཀྱི་འགྲེལ་པ་སྒྲོན་གསལ་ལས་གསུངས་པ་ བཞིན་ཤེས་པར་བྱ་སྟེ། འདིར་ཚིག་མངས་སུ་དོགས་ནས་མ་བྲིས་སོ། །གསུམ་པ་ལ་གསུམ། རིལ་བུའི་རྫས་སྦྱར་བ་དང་སྦྱད་པའི་ཚུལ། སྦྱངས་ནས་རིལ་བུ་བྱ་བའི་ཚུལ། བྱས་ནས་བཟླས་པ་བྱ་ཚུལ་ལོ། །དང་པོ་ནི། རིལ་བུའི་རྒྱུ་ལ་གཉིས་ལས། ཤའི་ཚད་ནི། མི་དང་གླང་པོ་ཆེ་དང་རྟ་དང་གླང་དང་ཁྱི་དང་བོང་བུ་དང་རྔ་མོང་དང་མ་ཧེ་དང་སྤྱང་གི་རྣམས་ཀྱི་ཤ་ནི་མཐེ་བོང་གི་ཚིགས་ཀྱི་ཚད་ཙམ་དུ་ནི་ཚ་ནི་མཉམ་པར་བྱ་བ་སྟེ། དེ་ཡང་ཤིན་ཏུ་མཉམ་པར་བཞག་ནས་སྦྱར་རོ། །བདུད་རྩིའི་ཚད་ནི། 5-4-40a དྲི་ཆེན་དང༌། དྲི་ཆུ་དང༌། རཀྟ་དང༌། བྱང་ཆུབ་ཀྱི་སེམས་དཀར་པོ་ནི་ནས་ཀྱི་ཚད་ཙམ་དུ་ཆ་མཉམ་པར་བྱ་སྟེ། མཉམ་པར་བཞག་དང་སྦྱར་ཏེ། སྔར་གསུངས་པའི་ཤེལ་ཡང་ངོ་། །སྦྱར་ཟིན་ནས་སྔགས་བཟླས་ནས་ནི་ཏིང་ངེ་འཛིན་ གྱིས་རྫས་དེ་དག་གི་སྐྱོན་སྦྱར་བར་བྱ་སྟེ། དེ་ཟིན་མ་ཐག་སྔགས་དང་ཏིང་ངེ་འཛིན་གྱིས་རྫས་དེ་དག་བྱིན་གྱིས་བརླབ་པ་ཡང་བྱའོ། །སྔགས་ནི་ཐོག་མར་ཕྱག་འཚལ་བ་སྟེ། ཨོཾ་ཡིག་དང༌། དབུས་སུ་སྟེ་བར་དུ་ཡི་གེ་ཨཱཿདང༌། དེ་བཞིན་དུ་མཐར་ཧཱུཾ་ བཞག་པར་བྱ་སྟེ་འབྲུ་གསུམ་མོ། །སྔགས་དང་ཏིང་ངེ་འཛིན་གྱིས་སྤྱོད་པའི་ཏིང་ངེ་འཛིན་ནི། ཡཾ་ལས་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ། རི་ལས་མེའི་དཀྱིལ་འཁོར་རོ། །དེའི་ནང་དུ་ཨཱཿལས་སྐྱེས་པའི་ཐོད་པའི་ནང་དུ། ཤ་དགུ་དང་བདུད་རྩི་ལྔ་བསྐྱེད་ ཆོག་བྱས་ལ། དེ་རྣམས་ཀྱི་དཀྱིལ་དུ་འོད་ཟེར་འབར་བའི་ཧྲཱིཿ ཡིག་དགོད། དེའི་སྟེང་དུ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་བསྒོམ། དེ་ལས་འོད་ཟེར་འཕྲོས་པས། རླུང་གིས་མེ་སྦྲ་ནས་ཐོད་པའི་བདུད་རྩི་བསྐོལ། སྟེང་གི་རྡོ་རྗེ་ལས་ཀྱང་འོད་ཟེར་ཐུང་དུ་འབར་ བས་ཤ་དང་བདུད་རྩི་སྦྱངས་པར་བསྒོམ་པར་བྱའོ། །དེ་ནས་ཧྲཱིཿ འི་འོད་ཟེར་འབར་བར་བྱེད་པས་ཁམས་གསུམ་གྱི་བདུད་རྩི་བསྡུས་ནས་གཅིག་ཏུ་གྱུར་པ་དཀར་པོར་བསྒོམ་ཞིང༌། ཕྱིན་ཅི་ལོག་གི་མཐུ་བཅོམ་སྟེ་དག་པར་བསྒོམས་ལ། བདུད་རྩི་ ལྔ་དང་ཤ་དགུ་པོ་དེ་ནི་དེ་ལྟར་སྤྱད་པ་རབ་ཏུ་བསྒྲུབ་པར་བྱའོ། །གཉིས་པ་ནི། དེ་ལྟར་སྦྱར་བ་དང་སྦྱངས་ཟིན་ནས་ལན་ཉི་ཤུ་རྩ་གཅིག་ཏུ་འབྲུ་གསུམ་གྱི་སྔགས་བཟླས་ནས་ནི་རྫས་རྣམས་ཕྱེ་མར་བཏག་པར་བྱའོ། །འགྲེལ་པ་གཉིས་ཀྱིས་ 5-4-40b ཁ་ནུབ་ཏུ་བལྟས་ནས་ཉེར་གཅིག་ཏུ་བཏག་ཅེས་འཆད་དོ། །བཏེགས་ཟིན་པ་དང་རིལ་བུ་བྱ་སྟེ་དེའི་ཚད་ནི་ཡུངས་ཀར་ལྔའི་ཚད་གཅིག་ཏུ་བྱས་པ་ཙམ་ནི་ལྔ་དང་ལྔ་སྟེ་ལྔ་ལྔའི་ཚད་ལ་རིལ་བུ་རེ་རེ་བྱེད་པ་འབྱོར་བར་བྱའོ། །གསུམ་པ་ནི། རིལ་བུ་རྣམས་ཞི་བྱས་ ནས་སུ། །ཚེས་བརྒྱད་དང་བཅུ་བཞི་ལ་རིལ་བུ་རྣམས་པདྨའི་སྣོད་ཐོད་པའི་ནང་དུ་བཞག་པར་བྱ་སྟེ། སྔ་དྲོ་དང་ཉིན་ཕྱེད་དང་ཕྱི་དྲོ་དང་མཚན་ཕྱེད་ཀྱི་ཐུན་མཚམས་བཞི་ལ་ནི་སྔར་བཤད་པ་བཞིན་དུ་བསྒོམས་པར་བྱས་ནས་འབྲུ་གསུམ་སྟོང་ཕྱག་ བརྒྱད་ནི་བཟླས་པར་བྱ་ཞིང༌། དེ་ཟིན་པ་དང་ཉིན་དང་ཉིན་དུ་སྟེ། ཉི་མ་རེ་རེ་ལ་རེ་རེ་རྒྱུན་དུ་བཟའ་བར་བྱའོ། །བཞི་པ་ནི། དེ་ལྟར་རིལ་བུ་ཟ་བ་དེ་ནི་བསྐལ་པའི་མཐའི་བར་དངོས་གྲུབ་རྒྱས་པ་སངས་རྒྱས་ཀྱི་སར་འགྲོ་བ་སྟེ། དེ་ནི་མཐར་ཐུག་གི་དངོས་ གྲུབ་བོ། །དེ་མ་ཐོབ་པའི་གནས་སྐབས་སུ་ནི་ཕན་ཡོན་དྲུག་སྟེ། དང་པོ་ནི། འོད་ཟེར་གྱི་གཟི་བརྗིད་དང་ལྡན་པ་དང༌། གཉིས་པ་ནི། གསེར་བཙོ་མའི་མདངས་དང་ལྡན་པ་དང༌། གསུམ་པ་ནི། སྲེད་མེད་ཀྱི་བུའི་སྟོབས་དང་ལྡན་པ་དང༌། བཞི་པ་ནི། དགེ་བ་ལ་སྤྲོ་ཤུགས་དྲག་པོའི་བརྩོན་འགྲུས་དང་ལྡན་པ་དང༌། ལྔ་པ་ནི། འདོད་པའི་སྨོན་ལམ་འགྲུབ་པ་དང༌། དྲུག་པ་ནི། རྫུ་འཕྲུལ་དང༌། ལྷའི་རྣ་བ་དང༌། གཞན་གྱི་སེམས་ཤེས་པ་དང༌། སྔོན་གྱི་གནས་རྗེས་སུ་དྲན་པ་དང༌། ལྷའི་མིག་གི་ མངོན་ཤེས་ཏེ། མངོན་པར་ཤེས་པ་ལྔ་འཐོབ་པའོ། །དེ་འདྲ་བའི་ཕན་ཡོན་འབྱུང་བ་ནི་རིལ་བུ་ཆེན་པོ་ཟོས་པའི་ཕྱིར་ཏེ་ཟོས་པའི་རྒྱུ་མཚན་ལས་སོ། །གསུམ་པ་ལ་གཉིས། མཚམས་སྦྱར་བ། སྔགས་ཀྱི་བསྒྲུབ་པ་བྱ་ཚུལ་ལོ། །དང་པོ་ནི། རྫས་ 5-4-41a ཀྱི་བསྒྲུབ་པ་གསུངས་པ་རྫོགས་ནས་ཏེ། རྫོགས་པའི་འོག་ཏུ་རིག་པའི་སྔགས་རྣམས་བདག་ལ་གསུངས་པར་སྩོལ་ཞེས་སྔར་ཞུས་པའི་ལན་གསུངས་སོ། །གཉིས་པ་ལ་གཉིས། སྔགས་ཀྱི་པ་སྒྲུབ་བྱ་དགུག་པ། བསྒྲུབ་བྱ་ བཀུག་ནས་ཇི་ལྟར་བྱ་བའོ། །དང་པོ་ནི། བསྒོམ་པར་བྱ་ཞེས་ཁྱད་པར་གྱི་གཞིར་དྲང་ངོ་། །གང་དུ་ན། གང་འགུགས་པར་འདོད་པའི་བུད་མེད་ཀྱི་བྷ་གའི་དབུས་སུའོ། །གང་བསྒོམ་ན། ཨེ་ཡིག་ལས་སྐྱེས་པའི་མེའི་དཀྱིལ་འཁོར་གྲུ་གསུམ་པའི་དབུས་སུ་ ཨེ་ཡིག་དང་དེའི་སྟེང་དུ་བཾ་ཡིག་ལས་སྐྱེས་པའི་ཆུའི་དཀྱིལ་འཁོར་ཟླུམ་པོའི་དབུས་སུ་བཾ་ཡིག་དང༌། དེའི་སྟེང་དུ་ལཾ་ཡིག་ལས་སྐྱེས་པའི་སའི་དཀྱིལ་འཁོར་གྲུ་བཞི་པའི་དབུས་སུ་ལཾ་ཡིག་ཡང་དག་པར་གནས་པའོ། །འགྲེལ་པ་གཉིས་ཀྱིས་ཨེ་ ཡིག་ནི་རི་ཡིག་ལ་འཆད་དོ། །དེ་ཡང་དང་པོའི་ཡི་གེ་དང་དཀྱིལ་འཁོར་གྱི་མདོག་ནི་དམར་པོ་སྟེ། གཉིས་པའི་ཡི་གེ་དང་དཀྱིལ་འཁོར་གྱི་མདོག་དཀར་པ་དང༌། གསུམ་པའི་ཡི་གེ་དང་དཀྱིལ་འཁོར་གྱི་ཁ་དོག་ནི་སེར་བར་བསམ་མོ། །ཇི་ལྟར་དུ་བསྒོམ་ ན། དཀྱིལ་འཁོར་གསུམ་པོ་དེ་བྷ་གའི་ནང་དུ་འཁོར་ལོ་འཁོར་བ་ལྟར་བསྐོར་བ་ནི་བསྒོམ་པར་བྱའོ། །དུས་ནམ་གྱི་ཚེ་བསྒོམ་ནི། ཉིན་ཕྱེད་དང་ནི་མཚན་ཕྱེད་ལའོ། །རིག་མ་དགུགས་པའི་སྔགས་ནི། ཡི་གེའི་གཟུགས་སུ་བསྒོམ་པ་དེ་དག་ཡིན་གྱི་ བཟླས་པར་བྱ་བའི་སྔགས་མིན་ནོ། །རིག་པ་སྟེ་ཆོ་ག་དེ་ནི་རབ་ཏུ་སྦྱར་བ་སྟེ་བསྒོམས་ན། འགུགས་པར་བྱ་བ་དེ་ནི་སྐད་ཅིག་སྟེ་མྱུང་བ་ཁོ་ནར་འགུགས་པ་འགྲུབ་བོ། །བསམ་གཏན་གྱིས་བསྒྲུབ་པའི་ལས་ཚོགས་འདི་འདྲ་བའི་རིགས་རྣམས་ནི་སྟེང་ 5-4-41b འོག་གི་ཕྲ་མོའི་རྣལ་འབྱོར་བསྟན་པས་འགྲུབ་སླ་བར་བཤད་དོ། །འགུགས་པར་བྱ་བའི་ཡུལ་ནི་ལྷ་མོ་དང་ལྷ་མིན་གྱི་བུ་མོ་གཉིས་དང༌། མིའི་བུ་མོ་པདྨ་ཅན་དང་དུང་ཅན་མ་དང་རི་དྭགས་ཅན་མ་དང་གླང་པོ་ཅན་མ་སྟེ་རྣམ་པ་བཞིའོ། །དེ་རྣམས་སའི་དཀྱིལ་འཁོར་ཀུན་ ཏུ་སྟེ་ཀུན་ནས་དགུག་སྟེ་དང་ཕོ་ནི་ས་བླ་ནས། གཉིས་པ་ནི་ས་འོག་ནས། གསུམ་པ་ནི་ས་སྟེང་ནས་དགུག་གོ། །གཉིས་པ་ནི། སྔར་བཤད་པའི་སྔགས་ཀྱིས་བཀུག་ནས་ཕྱག་རྒྱ་དེ་དག་རྒྱུད་ལེགས་པར་སྦྱངས་ལ་ཀུན་ཏུ་སྤྱད་པར་བྱ་སྟེ། དེའི་དགོས་པ་ནི་ ཐབས་ཏེ་རོ་རྐྱང་གི་རླུང་ཨ་ཝ་དྷཱུ་ཏཱིར་འཛུད་པའི་སྲོག་རྩོལ་ལ་བརྟེན་ནས་འོད་གསལ་ཐམས་ཅད་སྟོང་པའི་ཡེ་ཤེས་བསྐྱེད་པའི་ཕྱིར་རོ། །བཞི་པ་ལ་གསུམ། བཤད་ཟིན་མ་ཟིན་གྱི་མཚམས་སྦྱོར། དཀྱིལ་འཁོར་གྱི་དབྱེ་བ། ཕྱེ་བ་སོ་སོའི་དོན་ བཤད་པའོ། །དང་པོ་ནི། བྷ་ག་རི་དབུས་སུ་བསྒོམ་པ་དང༌། དེ་བཞིན་དུ་རིག་པའི་སྔགས་ཨེ་ལ་སོགས་པ་བཤད་པ་ནི་བདག་གིས་བྱས་ཟིན་ཏེ། ཟིན་ནས་དཀྱིལ་འཁོར་ཞུས་པའི་ལན་རྣམས་ནི་བཤད་པར་བྱ་ཡིས་དགའ་མ་ཞེས་སྒྲོལ་མ་ལ་ བོས་ན། མ་ཡེངས་པའི་སེམས་ཀྱི་རྩེ་གཅིག་ཏུ་ཉོན་ཅིག་ཅེས་ཉན་པར་བསྐུལ་ལོ། །གཉིས་པ་ནི། དཀྱིལ་འཁོར་གསུམ་དུ་རྒྱུད་ལས་བཏགས་པ་སྟེ་གསུངས་པ་ཡིན་ནོ། །དེ་རྣམས་གང་ཡིན་ཞེ་ན། དཀྱིལ་འཁོར་ལུས་ཞེས་གསུངས་པ་སྟེ་ ཞེས་པ་ནི་ལུས་ཀྱི་དཀྱིལ་འཁོར་རོ། །དཀྱིལ་འཁོར་བྷ་གར་བསྟན་པ་ཡིན། །ཞེས་པ་ནི་བྷ་གའི་དཀྱིལ་འཁོར་རོ། །དཀྱིལ་འཁོར་བྱང་ཆུབ་སེམས་དང་ནི་ཞེས་པ་ནི་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་རོ། །དཀྱིལ་འཁོར་ཞེས་བཏགས་པ་རྣམས་ཀྱི་ 5-4-42a མིང་གི་དོན་ནི་སྙིང་པོ་འདུས་པ་ཡིན་ལ། སྙིང་པོ་ནི་གཙོ་བོ་སྟེ་ཁྱབ་བདག་རྡོ་རྗེ་སེམས་དཔའ་དང༌། དེའི་ངོ་བོའི་རིགས་ལྔ་ལ་སོགས་པའི་ལྷ་དང་ལྷ་མོ་རྣམས་ཡིན་ལ། དེ་རྨས་གནས་གང་གང་དུ་བསྐྱོད་པ་སྟེ་རྒྱུ་བར་བྱེད་ ཅིང༌། འདུས་པ་དེ་ནི་དཀྱིལ་འཁོར་ཞེས་བཏགས་པའི་དོན་ནོ། །གསུམ་པ་ལ་གཉིས། ལུས་ཀྱི་དཀྱིལ་འཁོར་འདིར་བཤད་པ། དཀྱིལ་འཁོར་གཞན་གཉིས་སྔར་བཤད་ཟིན་པར་བསྟན་པའོ། །དང་པོ་ནི། ལུས་ཀྱི་དཀྱིལ་འཁོར་ནི། རང་གི་གཟུགས་ལ་ སོགས་པའི་ཕུང་པོ་ལྔ་པོ་རྣམས་ནི་སངས་རྒྱས་རྣམས་སྣང་ལ་སོགས་པ་ལྔའི་ངོ་བོར་བསྒོམ་པར་གསུངས་པ་དང༌། རང་གི་ལུས་ཀྱི་འབྱུང་བ་བཞི་ནི་རིག་མ་སྤྱན་མ་ལ་སོགས་པ་བཞིར་བཏགས་པ་སྟེ་བསྒོམ་པར་བྱ་བའོ། །མདོར་བྱས་ལྟར་ན་ ལུས་དཀྱིལ་ལྷག་མ་རྣམས་བཤད་རྒྱུ་ཡིན་ནའང༌། འདིར་ལྕགས་ཀྱུ་ལ་སོགས་པ་བཞི་དང༌། བདུག་སྤོས་མ་ལ་སོགས་པ་བཞི་དང༌། སྒེག་མོ་ལ་སོགས་པ་བཞི་སྟེ། བཅུ་གཉིས་བཤད་པ་ནི་འགྲེལ་པས་ལུས་དཀྱིལ་ལ་འཚང་པར་སྣང་ ཡང༌། དེ་རྣམས་ནང་ལ་སྦྱར་ཡང་ལུས་ཡོངས་སུ་འགྱུར་བའི་ལྷར་བསྒོམ་པ་ནི་མི་གསལ་ལོ། །རྣལ་འབྱོར་པས་ལུས་དཀྱིལ་བཀོད་ནས་རིག་མ་དང་སྙོམས་པར་འཇུག་པའི་ཚེ་རིག་མ་ལ་ཆགས་པའི་དབང་གིས་ཡིད་འགུགས་པ་ནི་རྡོ་རྗེ་ལྕགས་ ཀྱུས་ལྷ་འགུགས་པ་ཁོ་ན་སྟེ་རྡོ་རྗེ་པདྨར་ཆུད་པར་བྱེད་པ་ནི་རྡོ་རྗེ་ཞགས་པས་ལྷ་བཞུག་པའོ། །རྡོ་རྗེ་དང་པདྨའི་རྩ་གཉིས་ཀྱི་ཁ་སྤྲད་ནས་མི་འབྲལ་བར་བཅིངས་པ་ནི་རྡོ་རྗེ་ལྕགས་སྒྲོག་གིས་ལྷ་འཆིང་བའོ། །རྡོ་རྗེ་དང་པདྨ་བསྐྱོད་པའི་སྙོམས་ 5-4-42b པར་འཇུག་པའི་དགའ་པའི་སྒྲ་གྲག་པ་ནི་རྡོ་རྗེ་དྲིལ་བུས་ལྷ་དབང་དུ་བྱེད་པར་བཤད་དོ། །སྤོས་མེ་སྟེ་བདུག་སྤོས་མ་ནི་དྲི་ཆེན་ཞེས་གསུངས་ཏེ། མེ་ཏོག་མ་ནི་བཙུན་མོའི་ཏཀྟ་ཞེས་བཤད་དོ། །མར་མེ་མ་ནི་ཤ་ཆེན་པོ་རྣམས་ཁོ་ན་ཡིན་ལ། དྲི་ ཆབ་མ་ནི་བྱང་ཆུབ་ཀྱི་སེམས་དཀར་པོར་འདོད་དོ། །ལྷ་མོ་སྒེག་མོ་ནི་ཡབ་ཀྱི་ལིང་གར་བསྟན་པ་སྟེ། ཕྲེང་བ་མ་ནི་ཡུམ་གྱི་བྷ་ག་ཁོ་ན་ཡིན་ནོ། །དབྱངས་མ་སྟེ་གླུ་མ་ནི་རོལ་པའི་དུས་ཀྱི་ཧ་ཧ་ཞེས་པའི་སྒྲ་བསྟན་པ་དང༌། གར་མཁན་མ་ནི་ཡབ་ཡུམ་ཁ་སྦྱོར་ བའོ། །དེ་རྣམས་ཀྱིས་ནི་རིག་མ་དང་སྙོམས་འཇུག་ཚུལ་བཞིན་དུ་བྱེད་པ་ལ་མཆོད་པ་བརྒྱད་ཀྱི་དོན་དང༌། སྒོ་བ་བཞིའི་དགུག་གཞུག་སོགས་ཀྱི་ངེས་དོན་ཚང་བར་བཤད་དོ། །དེ་འདྲ་བའི་རྣལ་འབྱོར་དེ་ནི་བཅོམ་ལྡན་འདས་ཀྱི་བཟང་པོར་གསུངས་པས་ དེ་རྟོགས་པའི་རྣལ་འབྱོར་པ་ནི་སྐལ་བ་བཟང་པོ་ཡིན་ནོ། །དེ་ལྟར་རྟོགས་པའི་རྣལ་འབྱོར་པ་དེ་རྣམས་ཀྱི་མིག་ལ་སོགས་པ་ནི་བྱམས་པ་ལ་སོགས་པ་ཡིན་ནོ། །སོགས་ཀྱི་སྒྲས་ནི་རིགས་ལྔ་དང་ཡུམ་བཞི་དང་བྱམས་པ་དངོས་སུ་བསྟན་པས། དེ་མ་གཏོགས་ པའི་ལྷ་ལྷག་མ་རྣམས་བསྡུ་བ་སྟེ། དེ་ལྟར་ནང་གི་བདག་ཉིད་ཅན་གྱི་ལུས་ཀྱི་དཀྱིལ་འཁོར་གསུངས་སོ། །གཉིས་པ་ནི། ལུས་དཀྱིལ་ལས་གཞན་པའི་དཀྱིལ་འཁོར་གཉིས་ནི་རྒྱུད་འདིའི་སྔར་བཤད་ཟིན་པས་འདིར་མ་བཤད་དོ། །དེ་ལྟ་ནའང་བྷ་གའི་དཀྱིལ་ འཁོར་ལ་གཉིས་ལས། དབང་གསུམ་པ་གང་དུ་ཐོབ་པའི་བྷ་གའི་དཀྱིལ་འཁོར་ནི་རིག་མའི་བྷ་ག་ཉིད་ཡིན་ལ། དེ་ལས་གཞན་པའི་བྷ་གའི་དཀྱིལ་འཁོར་ནི་ཡུམ་གྱི་བྷ་གར་བསྐྱེད་པའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་རོ། །ཆོས་འབྱུང་བྷ་གའི་རྣམ་ 5-4-43a པ་ཅན་གྱི་དབུས་སུ་བསྐྱེད་པའི་དཀྱིལ་འཁོར་ལ། བྷ་གའི་དཀྱིལ་འཁོར་རོ་ཞེས་འགྲེལ་པས་བཤད་དོ། །བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གཅིག་ནི་དོན་དམ་པའི་བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཡིན་ལ། དེ་ནི་བསྐྱེད་ རིམ་གྱི་སྐབས་སུ་ལྷག་མོས་འོད་གསལ་དུ་བསྡུས་པའི་དོན་དམ་པའི་དཀྱིལ་འཁོར་དང༌། རྫོགས་རིམ་གྱི་འོད་གགས་གཙོ་བོར་བྱས་པའི་སྟོང་པ་བཞི་ལྟ་བུའོ། །འོད་གསལ་དང་ཟུང་འཇུག་གི་དོན་བྱང་ཆུབ་ཀྱི་སེམས་ནི་དབང་བཞི་པ་གང་དུ་ཐོབ་པའི་བྱང་ ཆུབ་སེམས་ཀྱི་དཀྱིལ་འཁོར་རོ། །གསང་དབང་གང་དུ་ཐོབ་པའི་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་གཉིས་སོ། །འགྲེལ་པས་རྩ་རྒྱུད་དུ་བཤད་ཟིན་ཅེས་པ་འདུས་པའི་རྩ་རྒྱུད་ལས་དེ་གཉིས་མི་གསལ་བས་གསང་བའི་ མཆོག་གི་རྒྱུད་འདིའི་སྔར་བཤད་ཟིན་པའོ། །ལྔ་པ་ལ་གསུམ། སྦྱིན་སྲེག་གི་དབྱེ་བ་བསྟན་ནས་ཉན་པར་བསྐུལ་བ། ནང་གི་སྦྱིན་སྲེག་བྱ་བའི་ཚུལ། དེ་ལྟར་རྒྱུན་དུ་བྱས་པའི་ཕན་ཡོན་ནོ། །དང་པོ་ནི། སྒྲོལ་མ་ཉིན་གཅིག་དང༌། སྦྱིན་སྲེག་གི་ ལས་རྣམས་ནི་བཤད་པར་བྱའོ། །སྦྱིན་སྲེག་ནི་རྣམ་པ་བཞི་སྟེ། ཞི་བ་དང་རྒྱས་པ་དང་དབང་དང་དྲག་པོའོ། །སྦྱིན་སྲེག་བསྡུ་ན་ཕྱི་དང་ནང་གི་སྦྱིན་སྲེག་གཉིས་སུ་གསུངས་པའི་ཕྱི་ནི་རྒྱུད་འདིར་སྔོན་དུ་སྟེ་སྔར་བསྟན་པ་ཡིན་པས་སྒྲོལ་མ་ཁྱོད་ཀྱིས་ནང་གི་ སྦྱིན་སྲེག་ནི་ཉོན་ཅིག་ཅེས་བསྐུལ་ལོ། །སྔོན་དུ་བསྟན་པ་འདུས་པའི་རྩ་རྒྱུད་ལ་མི་བྱ་སྟེ། འདིར་ལས་བཞི་ཀའི་སྦྱིན་སྲེག་བཤད་པར་གསུངས་ཤིང༌། འདུས་པར་དེ་བཞི་མ་བཤད་ལ། བཤང་གཅི་འབྲུ་མར་ཤ་ལ་སོགས། །སྦྱིན་སྲེག་ཏུ་ནི་ 5-4-43b དབུལ་བར་བྱ། །ཞེས་སོགས་གསུངས་པས་ཀྱང་ཇི་ལྟར་བྱ་བའི་ཆོ་ག་གསལ་བར་མ་བཤད་པའི་ཕྱིར་རོ། །གཉིས་པ་ནི། པདྨ་བཞི་དང་འབྱུང་བའི་དཀྱིལ་འཁོར་བཞི་རྣམས་སྦྱོར་བ་ནི་ལུས་ཀྱི་དབུས་སུ་ཉེ་བར་གནས་པར་བསམ་མོ། །དེ་ལ་པདྨ་བཞི་ནི་འོག་ནས་ཁའི་ པདྨ་ཞེས་སོགས་བཤད་པའི་གནས་བཞིའི་འཁོར་ལོ་བཞི་ཡིན་ཏེ། སྔར་སྙིང་གི་པདྨར་མགོ་མེད་ནས། །ཞེས་སོགས་ཀྱིས་བཤད་པ་བཞིན་ནོ། །དེས་ན་གནས་དེ་དག་ཏུ་པདྨའི་གདན་རེ་རེ་བསྒོམ་པར་སྟོན་པ་མིན་ནོ། །སྦྱོར་ཚུལ་ནི་ལྟེ་བའི་པདྨར་མེའི་དཀྱིལ་འཁོར་ དམར་པོ་ཟུར་གསུམ་པ་དང་དེ་བཞིན་དུ་གསང་གནས་ཀྱི་པདྨར་རླུང་གི་དཀྱིལ་འཁོར་སྔོན་པོ་ཟླ་གམ་དང༌། སྙིང་ཁའི་པདྨར་དབང་ཆེན་ཏེ། སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་པ་དང༌། དེ་བཞིན་དུ་མགྲིན་པའི་པདྨར་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོའོ། །དེ་རྣམས་ རཾ་ཡཾ་ལཾ་ལས་སྐྱེས་ཤིང༌། དབུས་སུ་ཡི་གེ་དེ་དག་གིས་མཚན་པར་འགྲེལ་པས་བཤད་དོ། །དེ་ལྟར་བསྒོམས་པའི་གསང་གནས་ཀྱི་རླུང་གིས་ཏེ་རླུང་གཡོས་པས་ལྟེ་བའི་མེ་ལ་བསྐུལ་བས་མེ་དེ་སྦར་བར་བྱ་སྟེ། དེས་མགྲིན་པའི་ཆུ་གང་ཡིན་པ་དེ་འཚེད་པར་ བྱེད་དོ། །གཞུང་ལས། ཆུ་ཡིས་ཡོངས་སུ་སྨིན་པར་བྱེད། ཅེས་འབྱུང་ཞིང༌། དེའི་དོན་སའི་དྲོད་ཀྱིས་ཟས་ཐམས་ཅད་ཆུ་ལ་སྨིན་པར་བྱེད་པར་འགྲེལ་པས་བཤད་མོད་ཀྱང༌། གཞུང་འདི་མདོར་བྱ་དུ་དཀོད་པའི་ལོ་ཆེན་གྱི་འགྱུར་ལས། ཆུ་གང་ཡིན་པ་དེ་ འཚེད་བྱེད། ཅེས་དང༌། ཆག་གི་འགྱུར་ལས་ཀྱང༌། དེས་ཀྱང་ཆུ་ནི་འཚེད་པར་བྱེད། །ཅེས་འབྱུང་བ་ལེགས་པས། མེའི་དྲོད་ཀྱིས་ཆུ་འཚེད་པའི་དོན་ཡིན་གྱིས། ཆུ་ཟས་སྨིན་པར་བྱེད་པའི་དོན་མིན་ནོ། །མེས་ཆུ་བསྐོལ་ལུགས་ནི། སྙིང་ཁའི་ས་གང་དུ་ 5-4-44a ལྟེ་བའི་མེ་ལྕེ་བསྐྱོད་པས་དབང་ཆེན་གྱི་དཀྱིལ་འཁོར་བསྲེགས་པ་ལས་བྱུང་བའི་དྲོད་ཀྱིས་ཆུ་བསྐོལ་བ་ཡིན་ནོ། །དེ་ལ་ར་ཡིག་ནི་མངོན་སྤྱོད་འགྲུབ་པའི་ཡི་གེ་སྟེ། མ་ཡིག་གི་དབང་གིས་ལས་འགྲུབ་པ་ཁོ་ནའོ། །ལ་ཡིག་ གིས་ནི་རྒྱས་པའི་ལས་འགྲུབ་པར་འགྱུར་ཏེ། བ་ཡི་གིས་ཞི་བ་ལས་འགྲུབ་པའོ་ཞེས་གསུངས་པས། ཕྱིའི་སྦྱིན་སྲེག་ལ་བརྟེན་ནས་ལས་བཞི་འགྲུབ་པ་བཞིན་དུ་ཡི་གེ་བཞི་ལས་བསྐྱེད་པའི་དཀྱིལ་འཁོར་བཞི་རླུང་གིས་རྣལ་འབྱོར་དང་བཅས་ པ་བསྒོམས་པའི་ནང་གི་སྦྱིན་སྲེག་གིས་ཀྱང་འཕྲིན་ལས་བཞི་འགྲུབ་ཅེས་པའི་དོན་ནོ། །སྲེག་རྫས་གསུངས་པ་ནི། གང་ཞིག་ཟས་ཏེ་བཟའ་བ་དང་གཏུང་བའི་སྲེག་རྫས་དེ་དག་ཐམས་ཅད་ནི་ཚུལ་སྟེ་ཆུ་ཁོལ་བར་དམིགས་པའི་ནང་དུ་ཐོག་མར་སྦྱིན་ སྲེག་བྱའོ། །པདྨར་ཀྵུ་ཡིག་ཁ་མར་བལྟ། །ཞེས་པ་འདི་ལ་མདོར་བྱས་སུ། །བཟའ་བ་ཁ་ཡི་པདྨ་ལས། །ཞེས་འབྱུང་བས། གཞུང་ལཀྵ་ཡོད་མེད་གཉིས་ཡོད་པར་སྣང་ལ། འགྲེལ་པས་མགྲིན་པའི་ཆུའི་སྟེང་ན་ཀྵ་ཡིག་དཀར་པོ་ཁ་ཐུར་བལྟ་འོད་ཟེར་ འབར་བ། ཁ་བད་ཀྱི་ཚུལ་དུ་བསྒོམ་པར་འཆད་དོ། །འོན་ཀྱང་སྔར་བཤད་པ་ལྟར་གཞུང་འདིར་བསྒྱུར་བ་ལས། གཞན་དུ་དྲངས་པའི་འགྱུར་དག་པ་མང་པོ་སྣང་ཞིང༌། འདི་འཕགས་པས་བཀོད་པའི་གཞུང་དུ་ཀྵ་ཡིག་མ་བྱུང་བས་དེ་ཉིད་ཚད་མར་བྱའོ། ། དེ་ལྟར་ན་བཟའ་བ་དང་བཏུང་བ་ཆུ་ལ་སྦྱིན་སྲེག་བྱས་པ་དེ་ཁ་སྟེ་མགྲིན་པའི་པདྨ་ལས་རིན་གྱིས་བབས་ཏེ། སྙིང་གི་པདྨར་གནས་པའི་སའི་དཀྱིལ་འཁོར་ལ་བཙུད་པ་བྱས་པའི་རྗེས་སུ་ལྟེ་བའི་པདྨར་གནས་པའི་མེའི་དཀྱིལ་འཁོར་དུ་ཕྱིན་པར་ 5-4-44b བྱའོ། །འདིར། ལྟེ་བའི་པདྨར་འགྲོ་ཕྱི་རོལ། །ཁ་སྦྱོར་ཚུལ་དུ་སྦྱོར་བ་ཡིན། །ཞེས་བསྒྱུར་བ་དང༌། དེའི་དོན་འགྲེལ་པས། ཕྱི་རོལ་ཏུ་ཐབས་དང་ཤེས་རབ་སྦྱོར་བས་སྦྱིན་སྲེག་བྱ་བའམ། ཡང་ན་ཕྱི་རོལ་གྱི་སྦྱིན་སྲེག་ལ་ལྷ་བསྒོམ་པ་བཞིན་དུ། ལུས་དཀྱིལ་ ལ་ཡང་ལྷ་བསྒོམ་པ་དང་སྦྱར་ནས་སྦྱིན་སྲེག་བྱའོ། །ཞེས་འཆད་དོ། །མདོར་བྱས་ལས། ལྟེ་བའི་པདྨར་ཕྱིན་འོག་ཏུ། །ཁ་སྦྱོར་བ་ཡི་སྦྱོར་བ་ཡིས། །ཞེས་འབྱུང་བ་ཉིད་ལེགས་པས། བཟའ་བཏུང་ལྟེ་བར་ཕྱིན་པའི་འོག་ཏུ་དྭངས་མས་ལྷ་ཚིམ་ཞིང༌། སྙིགས་མ་ རྣམས་གསང་གནས་ཀྱི་པདྨར་འགྲོ་མ་ཐག་ཚིག་ནས་ཐལ་བའི་མཐའ་རུ་གྱུར་ཏེ། བཤང་ལམ་ནས་ཐོན་པར་རྣམ་པར་བརྟག་པ་སྟེ་བསྒོམ་པར་བྱའོ། །དེ་ནས་ཅུང་ཟད་ཞུ་བའི་ཚེ་སྟེང་འོག་གི་རླུང་ཁ་སྦྱོར་བའི་ཚུལ་དུ་སྦྱོར་བའི་རྣལ་འབྱོར་བསྒོམ་པར་བྱ་བ་ཡིན་ ནོ། །མདོར་བྱས་ཀྱི་འགྲེལ་པ་ཁ་ཅིག་ལས། རླུང་ཁ་སྦྱར་ལ་བཤད་དོ། །གསུམ་པ་ནི། དེ་ལྟར་སྦྱིན་སྲེག་བདག་གིས་བཤད་པ་འདི་ཉིན་ལས་ཉིན་དུ་སྟེ་ཉི་མ་རེ་རེ་ཞིང་བྱ་སྟེ། རྟག་པར་རྒྱུན་དུ་ཟས་ཟོས་ན་ཚེ་འདི་ཁོ་ནར་ཕན་ཡོན་རྣམས་འགྲུབ་པར་འགྱུར་རོ། ཕན་ ཡོན་ནི། ལུས་རྒས་པ་མེད་ཅིང་ནད་ཀྱང་མེད་པ་དང༌། དུག་དང་སོགས་ཀྱི་སྒྲས་ཟས་མ་ཞུ་བ་ལ་སོགས་པའི་རྐྱེན་གྱིས་མི་འཆི་ལ་གང་ཟག་དེ་ནི་གློ་བུར་ཏེ་དུས་མ་ཡིན་པར་ཤི་བའང་མེད་དོ། །ཤི་བ་མེད་ལ་འབྲས་རྣམས་མེད་ཅེས་པ་ལ་མདོར་བྱས་སུ། དྲུག་ལ་སོགས་པས་མི་འཆི་ལ། །ཞེས་གསུངས་སོ། །གདོན་དང་བྱད་སྟེམས་ལ་སོགས་པའི་འཚེ་བ་ཐམས་ཅད་ཟད་པར་འགྱུར་ཞིང༌། དེར་མ་ཟད་རྨི་ལམ་ངན་པ་ཡང་ཞི་བར་འགྱུར་བའི་ཕན་ཡོན་བཟང་པོ་རྣམས་དང༌། བསྐལ་བའི་བར་དུ་གསོན་ 5-4-45a པའི་ཚེ་རིང་པ་དང༌། རང་མཐོང་བའི་སེམས་ཅན་ཐམས་ཅད་ཀྱང་དགའ་ཞིང་བསྟོད་པ་སྨྲ་བ་དང༌། རང་མཐོང་བ་ཙམ་གྱིས་ཕ་རོལ་པོ་རྣམས་ཡིད་བསྐུལ་བ་སྟེ་འདུན་པར་བྱེད་དོ། །དྲུག་པ་ལ་གཉིས། བཤད་ཟིན་མ་ཟིན་ གྱི་མཚམས་སྦྱོར། བཤད་པ་དངོས་སོ། །དང་པོ་ནི། སྦྱིན་སྲེག་གི་ལས་རྣམས་བཤད་ཟིན་པར་བྱས་ནས་ལྷ་མོ་ཞེས་སྒྲོལ་མ་ལ་བོས་ནས་མཆོད་པ་ཞུས་པའི་ལན་བསྟན་པར་བྱའོ། །ཞེས་འཆད་པར་ཞལ་གྱིས་བཞེས་སོ། །གཉིས་པ་ལ་གསུམ། རང་ ལ་མཆོད་པ་བྱ་བ་རྒྱུ་མཚན་དང་བཅས་པ། ལས་རྣམ་པར་དག་པའི་རྣལ་འབྱོར། མཆོད་པ་བསྒྲུབ་པའི་ཚེ་ཇི་ལྟར་བྱ་བའོ། །དང་པོ་ནི། མཆོད་པ་རྣམས་ནི་བྱའོ་ཞེས་དྲང་ངེ་། །གང་ལན། སྒྲུབ་པ་པོ་བདག་ཉིད་ལྟར་བསྐྱེད་པ་ལའོ། །མཆོད་པའི་རྫས་གང་ གིས་ན། དྲི་བཟང་པོ་དང༌། མེ་ཏོག་ལ་སོགས་པའི་ཕྲེང་བ་དང་། སོགས་ཀྱི་སྒྲས་སྒྲ་སྙན་པ་དང༌། མར་མེ་དང༌། རེག་བྱ་འཇམ་པའི་གོས་རྣམས་དང༌། སྤོས་མེ་སྟེ་དྲི་ཞིམ་པའི་བདུག་སྤོས་དང༌། ཁ་ཟས་ཀྱི་བྱེ་བྲག་ཡིད་དུ་འོང་མང་པོའི་རོ་དང༌། ལྷ་བཤོས་ཀྱིས་མཆོད་པ་ནི་ཕྱིའི་མཆོད་པའོ། གསང་ཆེན་དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། རྡོ་རྗེ་དང་པདྨའི་དབང་པོ་གཉིས་ནི་རབ་ཏུ་སྦྱར་ནས་སྙོམས་པར་འཇུག་པའི་མཆོད་པ་ཡིན་ལ། གསང་བའི་རྫས་ཀྱི་མཆོད་པ་ནི། བྱང་ཆུབ་ཀྱི་སེམས་ དཀར་དམར་ལྕེས་མྱང་བའོ། །དེ་ལྟར་ཡང་གསང་བ་གྲུབ་པ་ལས། ཡིད་འོང་བཅོས་པའི་ཟས་དང་ནི། དྲི་དང་མེ་ཏོག་སོགས་བསྙེན་བཀུར། །ཉ་དང་ཤ་དང་བུར་ཆད་སོགས། །སེམས་ནི་མགུ་བར་བྱེད་པ་ཅན། །འབད་པས་དེ་ལྟ་བུས་མཆོད་ 5-4-45b ནས། དེ་ཉིད་ཆེད་དུ་བསྒོམ་པར་བྱ། ཆོ་ག་འདི་ཡིས་བསྐུལ་ན་ནི། །རྡོ་རྗེ་སེམས་དཔའ་བདག་འགྲུབ་འགྱུར། །བྱང་ཆུབ་སེམས་དང་ལྡན་པ་ཡིས། །བདུད་རྩི་མེ་ཏོག་མྱང་བར་བྱ། །མཁའ་དབྱིངས་རྡོ་རྗེ་དབུས་གནས་པར། །དེས་ནི་རྡོ་རྗེ་འཛིན་པའང་མཆོད། །ཅེས་ གསུངས་པ་ལྟར་རོ། །འོ་ན་རང་ལ་དེ་ལྟར་མཆོད་དགོས་པའི་རྒྱུ་མཚན་གང་ཡིན་ཞེ་ན། རང་ཉིད་སངས་རྒྱས་སུ་བསྒོམ་པ་ལེགས་པར་ཤེས་པའི་རྣལ་འབྱོར་པ་བདག་གི་ལུས་ནི་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་ཡིན་ལ་སངས་རྒྱས་ཀུན་གྱི་གོ་འཕང་མཆོག་སྟེར་ བའི་གནས་སམ་གཞི་ཡང་བདག་གི་ལུས་འདི་ཉིད་ཡིན་ཏེ། དེ་བས་ན་ནན་ཏན་ཏེ་འབད་པ་ཐམས་ཅད་ཀྱིས་རྣལ་འབྱོར་པས་ནི་བདག་ཉིད་སངས་རྒྱས་སུ་བསྐྱེད་པ་རྟག་ཏུ་མཆོད་པ་ལ་བརྩོན་པར་བྱའོ། །གཉིས་པ་ནི། བྱེད་པ་པོ་རྣལ་འབྱོར་པས་བྱ་བ་གང་ཡང་ འགའ་ཞིག་སྟེ་ཅུང་ཟད་བྱ་བ་སྟེ་བྱེད་པའི་ལུས་གཡོ་བ་དང༌། ངག་སྨྲ་བ་ལ་སོགས་པའི་ལས་དེ་ཡང་རང་དང་གཞན་ལྷར་བལྟས་ནས་དེ་དག་ལ་མཆོད་པར་བསྒོམས་ནས་བྱའོ། །གསུམ་པ་ནི། ཁ་ཟས་ཟ་བ་དང་དེ་བཞིན་དུ་བཏུང་བ་འཐུང་བ་དང་གོས་བགོ་བ་དང་ དེ་བཞིན་དུ་དྲི་སྣོམ་ཞིང་བྱུགས་པ་དང༌། མེ་ཏོག་ལ་སོགས་པའི་ཕྲེང་བ་དང༌། རྒྱན་འདོགས་པའི་ཚེ་ཡང་བདག་གི་ལྷ་གང་ཡིན་པ་དེ་ཉིད་བསམ་པར་བྱ་བ་ཁོ་ནས་བྱ་ཡི། དེའི་ང་རྒྱལ་དང་བྲལ་བས་མི་བྱའོ། །གོང་དུ་བཤད་པ་ལྟར་བྱས་ན་ལུས་ཀྱི་གཡོ་འགུལ་ སོགས་ཀྱིས་ཀྱང་ཚོགས་རྒྱ་ཆེན་པོ་སྡུད་པ་ཡིན་པས་འབད་པར་བྱའོ། །ལྷ་ཅི་འདྲ་བ་ཞིག་སྙམ་ན། སྤྱན་མ་ལ་སོགས་པའི་རིག་མ་བཞི་ཡིས་རྣམ་པར་བརྒྱན་པ་སྟེ། མཛེས་པར་བྱས་པའམ་དགའ་བ་བསྐྱེད་པའི་རྡོ་རྗེ་སེམས་དཔའ་འོ། །རྒྱན་གྱི་དོན་ནི་དགའ་ 5-4-46a བ་བསྐྱེད་པ་ལ་ཡང་མང་དུ་གསུངས་སོ། །འགྲེལ་པས་བཟའ་བཏུང་ལ་སོགས་པ་འབྱུང་བ་བཞིའི་ངོ་བོར་གྱུར་པ་རྣམས་ལྷ་མོ་བཞི་དང༌། རྡོ་རྗེ་སེམས་དཔའི་རང་བཞིན་དུ་བསྒོམ་པའི་དོན་དུ་འཆད་དོ། །གསུམ་པ་ལ་གཉིས། སྟོན་ པས་ཇི་ལྟར་མཛད་པ་དང༌། འཁོར་གྱིས་ཇི་ལྟར་མཛད་པའོ། །དང་པོ་ནི། སྔར་བཤད་པ་དེ་ལྟར་ལྷ་མོ་བཞིས་དྲིས་པའི་ལན་མ་ལུས་པ་བཤད་ནས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དེ་ཅང་མི་གསུང་བའི་དངོས་པོ་སྟེ་ངོ་བོར་བཞུགས་པར་གྱུར་ཏོ། །གཉིས་ པ་ནི། སྟོན་པ་ཅང་མི་གསུང་བར་བཞུགས་པ་མཐོང་བ་དེ་ནས་སྤྱན་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་ཕྱག་གིས་ཐལ་མོ་སྦྱར་བར་གྱུར་ཏེ། ཞལ་རབ་ཏུ་བཞད་ནས་སྟོན་པ་ལ་རབ་ཏུ་དང་བའི་སེམས་ཀྱིས་ཆོས་རྣམས་ལ་རྣམ་པར་མི་རྟོག་པ་འོད་གསལ་ ཐོབ་པ་སྟེ་དེ་ལ་ཞུགས་ཏེ། ཅང་མི་གསུང་བར་གྱུར་ཏོ། །བཞི་པ་ནི། ལྷ་མོ་བཞིས་ཡོངས་སུ་ཞུས་པའི་རྣམ་པར་བཤད་པ་ལས། ལྷ་མོ་སྒྲོལ་མས་ཞུས་པའི་ལེའུ་སྟེ་ལེའུ་བཞི་པའི་རྣམ་པར་བཤད་པའོ།། །།བཞི་པ་མཇུག་གི་དོན་ལ་ གཉིས། ཡོངས་སུ་རྫོགས་པའི་དོན། གང་གིས་བསྒྱུར་བའི་ཚུལ་ལོ། །དང་པོ་ནི། ཐམས་ཅད་ཀྱི་གསང་བའི་མཆོག་དམ་པའི་གསང་ཆེན་ཞེས་བྱ་བའི་རྒྱུད་ཅེས་པ་ནི་ལེའུ་སྔར་སོང་བ་དང༌། ལེའུ་བཞི་པོ་འདིའི་སྤྱིའི་མཚན་ནོ། །ལྷ་མོ་བཞིས་ཡོངས་སུ་ཞུས་ པ་ཞེས་པ་ནི་ལེའུ་བཞི་པོ་འདིའི་དགོས་ཀྱི་མཚན་ནོ། །དཔལ་ཨུ་རྒྱན་ཞེས་པ་ནི་ཨཽ་ཌི་ཡ་ཎའི་སྒྲ་ཟུར་ཆག་ནས་མིང་དེར་གྲགས་པའོ། །དེའི་ཡུལ་ནས་བྱུང་བ་ནི་དེ་ནས་སྤྱན་དྲངས་ཏེ་འཕགས་པའི་ཡུལ་དུ་བྱུང་བའོ། །རྣལ་འབྱོར་མ་ཆེན་མོའི་དེ་ཁོ་ན་ཉིད་ 5-4-46b ནི། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་རྒྱུད་འདི་ཐབས་རྒྱུད་དུ་གསུངས་པས་རྣལ་འབྱོར་མའི་རྒྱུད་དུ་སྟོན་པ་མིན་པས། སྤྱན་མ་ལ་སོགས་པའི་རྣལ་འབྱོར་མ་ཆེན་མོ་རྣམས་ཀྱི་ཤིན་ཏུ་གསང་བའི་གནས་ཀྱི་དེ་ཉིད་སྟོན་པའོ། །རྫོགས་སོ་ནི་ཡང་དག་པར་གྲུབ་པའི་ དོན་ནོ། །རྣལ་འབྱོར་མ་ཆེན་མོའི་དེ་ཁོ་ན་ཉིད་ཅེས་མཚན་བཏགས་པ་ནི་རྒྱུད་འདིའི་ཆེ་བ་སྟོན་པ་སྟེ། འདི་ལྟར་ཐ་སྙད་པའི་ངོར་སྤྱན་མ་ལ་སོགས་པས་སྙོམས་པར་འཇུག་པའི་སྒོ་ནས་ཟག་མེད་ཀྱི་བདེ་བ་ཆེན་པོ་བསྐྱེད་པ་སྔོན་དུ་བཏང་ནས་དྲིས་པའི་གསང་ བའི་གནས་རྣམས་ནི། སྟོན་པས་ཀྱང་གསལ་བར་སྟོན་པས། དེ་ཁོ་ན་ཉིད་ཀྱི་རྫོགས་པའི་རིམ་པ་གསལ་བ་ཡིན་ལ། དེ་ལ་དགོངས་ནས་རྒྱུད་རྡོ་རྗེ་ཕྲེང་བ་ལས་ཀྱང༌། གསང་བའི་གནས་ཆེས་ཟབ་པ་རྣམས་འཆད་པ་ན། རྣལ་འབྱོར་མའི་དྲིན་གྱིས་ཤེས་ དགོས་པར་མང་དུ་གསུངས་པས་འདི་ལྟ་བུའི་རྣལ་འབྱོར་མ་ཆེན་མོ་རྣམས་ཀྱི་ཁོ་ན་ཉིད་སྟོན་པའི་མན་ངག་ལས་ཤིན་ཏུ་ཟབ་པའི་གནས་རྣམས་ཤེས་པར་བྱ་སྟེ། དེའི་དོན་ལ་སྒྲུབ་པ་སྙིང་པོར་བྱས་ནས། བླ་ན་མེད་པའི་ཐེག་པའི་བསྟན་པ་ཕྱོགས་དུས་ཀུན་ཏུ་ རྒྱས་པར་བྱའོ། །གཉིས་པ་ནི། རྒྱ་གར་གྱི་མཁན་པོ་ཤྲཱ་ངྡྷཱ་ཀར་ཝ་རྨཱ་སྟེ་དད་བྱེད་གོ་ཆ་དང༌། བོད་ཀྱི་ཞུ་ཆེན་གྱི་ལོ་ཙཱ་བ་ཆེན་པོ་སྐྱེས་མཆོག་དམ་པ་རིན་ཆེན་བཟང་པོས་རྒྱ་སྐད་ལས་བོད་སྐད་དུ་བསྒྱུར་ཞིང་ཚིག་དང་དོན་ལ་ཞུས་དག་བྱས་ནས་འཆད་ཉན་གྱིས་ ཀྱང་གཏན་ལ་ཕབ་པའོ།། །།རྨད་བྱུང་བདེ་བ་ཆེན་པོ་འདྲེན་པའི་ཐབས། །ངོ་མཚར་གཏམ་གྱི་སྙིང་པོ་སྲོག་རྩོལ་ལམ། །དཔལ་ལྡན་འདུས་པར་རྒྱས་བཏབ་བཞག་པའི་དོན། །ཕྱི་དུས་གདུལ་བྱའི་སྐྱེ་བོས་རྟོགས་དོན་དུ། ། 5-4-47a ལེགས་བཤད་རིན་ཆེན་འབྱུང་གནས་ཟླ་མེད་པ། །རྒྱལ་བ་དེ་ལ་མཉམ་སྦྱོར་གསང་མཆོད་ཀྱིས། །དགྱེས་པ་སྐྱེད་པའི་སྒྱུ་རྩལ་ལ་མཁས་ཤིང༌། །མཛེས་ཀུན་གཅིག་བསྡུས་ལང་ཚོའི་དཔལ་ཡོན་ཅན། །ཤེས་རབ་ཡངས་པ་ དོན་ཟབ་འདྲི་ལ་མཁས། །ཡིད་འོང་ལྷ་ཡི་བུ་མོའི་གཟུགས་ཅན་བཞིས། །ཡོངས་སུ་དྲིས་པའི་གཞུང་མཆོག་གསང་བའི་རྒྱུད། །བློ་མཆོག་ལྡན་པ་རྣམས་ཀྱི་འཇུག་ངོགས་འདི། །གླུ་སྒྲུབ་རྡོ་རྗེ་ཅན་དང་འཕགས་པའི་ལྷ། །ཀླུ་ཡི་བྱང་ཆུབ་ཤཱཀྱ་མི་ཏྲ་དང༌། །ཟླ་ བའི་ཞབས་ཀྱི་གཞུང་ལུགས་ཀུན་ལ་ནི། །རིང་དུ་སྦྱངས་པའི་མན་ངག་དང་ལྡན་པས། །འཇིག་རྟེན་རིན་ཆེན་གཅིག་པོ་འདུས་པ་དང༌། །དེ་ཡི་ཕྱི་མ་བཤད་པའི་རྒྱུད་བཞི་ཡི། །དགོངས་པ་རིང་དུ་བརྟགས་ནས་བཤད་པ་ནི། །སྲོག་རྩོལ་དེ་ཉིད་གསལ་བ་ཞེས་བྱ་སྟེ། ། ཤིན་ཏུ་དཔག་དཀའ་མཐའ་དྲུག་རྒྱས་བཏབ་དོན། །ཇི་བཞིན་གསལ་བར་སྟོན་ཕྱིར་འདི་ལ་ནི། །རྒྱ་ཆེར་བཤད་སྦས་པ་མིག་འབྱེད་ཅེས། །ཡོངས་སུ་བརྗོད་ནའང་དོན་དང་ལྡན་པའི་མིང༌། །དེང་དུས་སྐྱེ་བོ་བློ་གྲོས་མཐུ་དམན་པས། །ཇི་བཞིན་པ་དང་མུ་ཅོར་སྨྲ་བ་ ཡི། །གཏམ་གྱི་སྦྱོར་བའི་ཁྱད་པར་མི་ཕྱེད་པས། །གཞན་ལ་ཕན་པ་དཀའ་བར་མཐོང་ན་ཡང༌། །རང་ཉིད་ལམ་བཟང་འདི་ལ་གོམས་ཕྱིར་དང༌། །བསྟན་པའི་སྙིང་པོ་ཉམས་པ་མ་བཟོད་ནས། །ཀླུ་སྒྲུབ་ལུགས་བཟང་རིང་དུ་གནས་ཕྱིར་དུ། །ངལ་བ་བྱས་ ལ་བློ་ལྡན་སུ་ཞིག་སྨོད། །ཟབ་མོའི་དོན་འདི་ཞིབ་ཏུ་བརྟགས་སྦྱོར་མོད། །ཚུ་རོལ་མཐོང་བ་བློ་དང་བརྩོན་པ་སོགས། །ཤིན་ཏུ་དམན་པས་སྦྱར་བས་ནོངས་པའི་ཚོགས། །ཇི་སྙེད་མཆིས་པ་བསམ་པ་ཐག་པས་འཆགས། །ཇི་བཞིན་བཤད་པའི་དགེ་ 5-4-47b ཚོགས་ཅི་མཆིས་དེས། །བདག་ཀྱང་ལམ་བཟང་འདི་དང་མི་འབྲལ་ཤོག །བསྟན་པའི་སྙིང་པོ་ཕྱོགས་བཅུར་རྒྱས་པར་ཤོག །ཀུན་གྱིས་འདི་དོན་རྟོགས་ནས་གྲོལ་བར་ཤོག །ཅེས་དཔལ་ཐམས་ཅད་གསང་བའི་མཆོག་གསང་ཆེན་ཞེས་བྱ་བའི་རྒྱུད་ཀྱི་དུམ་བུ། དཔལ་གསང་བ་འདུས་པའི་བཤད་པའི་རྒྱུད་ལྷ་མོ་བཞིས་ཡོངས་སུ་ཞུས་པ་ཞེས་བྱ་བའི་རྒྱ་ཆེར་བཤད་པ་སྲོག་རྩོལ་གྱི་དེ་ཁོ་ན་ཉིད་གསལ་བ་ཞེས་བྱ་བ་འདི་ནི། དཔལ་གསང་བ་འདུས་པའི་རྣལ་འབྱོར་པ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་ རྩ་བ་དང་བཤད་པའི་རྒྱུད་འགྲེལ་པ་དང་བཅས་པ་དང༌། ཕྲན་དྲུག་འགྲེལ་པ་དང་བཅས་པ་ལ་རིང་དུ་འདྲིས་པར་བྱས་པའི་མན་ངག་དང༌། རྒྱུད་འདི་འགྲེལ་པ་གཉིས་ཀྱིས་ལེགས་པར་བཤད་པའི་ཆ་ལའང་བརྟེན་ནས་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་ གླིང་དུ་སྦྱོར་བའི་ཡི་གེ་པ་ནི་སྡོམ་བརྩོན་སྡེ་སྣོད་འཛིན་པ་འདུས་པའི་དོན་ཚུལ་བཞིན་དུ་བསྒྲུབ་པ་ལ་བརྩོན་པ་དར་མ་བཟང་པོའོ།། བཀྲ་ཤིས།། 5-5-1a ༄༅། །དཔལ་གསང་བ་འདུས་པའི་བཤད་པའི་རྒྱུད་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་ཊཱི་ཀྐ་བཞུགས་སོ།། ། 5-5-1b ༄༅། །དཔལ་གསང་བ་འདུས་པའི་བཤད་པའི་རྒྱུད་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱ་ཆེར་བཤད་པ། རྒྱུད་བཤད་ཐབས་ཀྱི་མན་ངག་གསལ་བར་བསྟན་པ་ཞེས་བྱ་བ། གང་ གི་ཐུགས་རྗེའི་འོད་ཟེར་རྨད་བྱུང་བ། །བདག་གི་སྙིང་ལ་ཞུགས་པས་གསུང་རབ་གནད། །ཇི་བཞིན་འབྱེད་པར་ནུས་པའི་བློ་གྲོས་མཆོག །སྩོལ་མཛད་འཇམ་དབྱངས་བླ་མ་དེ་ལ་འདུད། །ཤིན་ཏུ་ ཕྲ་བ་གཉིས་སུ་མེད་པའི་རྒྱུད། །ཀུན་གྱི་དགོངས་པ་འགྲེལ་པའི་བཤད་ཐབས་ཀྱི། །མན་ངག་ཟླ་མེད་རྒྱན་བདུན་རབ་གསལ་བར། །སྟོན་མཛད་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས། །རྡོ་རྗེ་འཆང་ཆེན་ གཉིས་པོ་ཀླུ་སྒྲུབ་ཀྱི། །མན་ངག་ལས་ནི་དཔལ་ལྡན་ཟླ་བ་ཡིས། །ཇི་བཞིན་གསལ་བར་བཤད་པའི་རྗེས་ཞུགས་ནས། །ཇི་ལྟར་ནུས་བཞིན་བདག་གིས་འདིར་བཤད་བྱ། །རྡོ་རྗེ་འཆང་གིས་རང་ 5-5-2a གི་དགོངས་ཟབ་རྣམས། །འདི་ལྟར་གྱིས་ལ་ཤོད་ཅིག་ཅེས་གསུངས་པའི། །བཤད་ཐབས་མན་ངག་བྱིན་པ་ཇི་བཞིན་དུ། །རྒྱུད་སྡེ་བཤད་པར་འདོད་རྣམས་གུས་པས་ ཉོན། །འདིར་དཔལ་གསང་བ་འདུས་པའི་བཤད་པའི་རྒྱུད་ཡེ་ཤེས་རྡོ་རྗེ་ཀུན་ལ་བཏུས་འཆད་པ་ལ་བཞི། མཚན་གྱི་རྣམ་གྲངས། འགྱུར་མཛད་པའི་ཕྱག །གཞུང་དངོས་ཀྱི་དོན། མཇུག་གི་དོན་ནོ། །དང་པོ་ནི། རྒྱུད་འདིའི་མཚན་ལ་རྒྱ་གར་གྱི་སྐད་དུ་ཤྲཱི་ཛྙཱ་ན་བཛྲ་ས་མུ་ཙྪ་ཡ་ནཱ་མ་མ་ཧཱ་ཡོ་ག་ཏནྟྲ་ཞེས་པ། བོད་ཀྱི་སྐད་དུ་བསྒྱུར་ན་ཤྲཱི་ནི་དཔལ་དང༌། ཛྙཱ་ན་བཛྲ་ནི་ཡེ་ཤེས་རྡོ་རྗེ་ དང༌། སུ་མ་ཙྪ་ཡ་ནི་ཀུན་ལས་བཏུས་པ་དང༌། ནཱ་མ་ནི་ཞེས་བྱ་བ་དང༌། མ་ཧཱ་ཡོ་ག་ནི་རྣལ་འབྱོར་ཆེན་པོ་དང༌། ཏནྟྲ་ནི་རྒྱུད་ཅེས་བྱ་བའོ། །དེ་ལ་དཔལ་ནི་ཕུན་སུམ་ཚོགས་པའི་དོན་ཡིན་ལ། དེ་ཡང་ 5-5-2b གཉིས་སུ་མེད་པའི་ཡེ་ཤེས་དང་ཚོགས་གཉིས་རྫོགས་པ་སོགས་ལ་བཤད་པས། གཞུང་ལ་ནི་བརྗོད་བྱའི་སྒོ་ནས་བཏགས་པའོ། །ཡེ་ཤེས་ནི་སྣང་མཆེད་ཐོབ་གསུམ་གྱི་ཡེ་ཤེས་དང༌། རྡོ་རྗེ་དེ་དག་གི་འབྱུང་གནས་འོད་གསལ་ཡིན་ཏེ། འདི་ ཉིད་ལས། ཡེ་ཤེས་གསུམ་རྡོ་རྗེ་ལས་ཡང་དག་པར་བྱུང་བའི་ཡེ་ཤེས་གསུམ་རྡོ་རྗེའི་རང་བཞིན་ནོ། །ཞེས་དང༌། གསུམ་པོ་དེ་དང་དེ་འོད་གསལ་བ་ལས་བྱུང་བས་རྡོ་རྗེའི་ངོ་བོའོ། །ཞེས་གསུངས་པ་བཞིན་ནོ། །གཞུང་ལ་དེ་ལྟར་བཏགས་པ་ཡང་བརྗོད་ བྱའི་སྒོ་ནས་སོ། །ཀུན་ལས་བཏུས་པ་འདི་རྣལ་འབྱོར་བླ་མེད་ཀྱི་རྒྱུད་ཀུན་ལས་རྒྱུད་བཤད་ཐབས་ཀྱི་གནད་རྣམས་བསྡུས་ནས་སྟོན་པའོ། །རྣལ་འབྱོར་གྱི་དོན་ནི་རྒྱུད་ཕྱི་མ་ལས། ཐབས་དང་ཤེས་རབ་སྙོམས་འཇུག་པ། །རྣལ་འབྱོར་ཞེས་ནི་བཤད་པ་ ཡིན། །གང་ཞིག་དངོས་མེད་ཤེས་རབ་སྟེ། །ཐབས་ནི་དངོས་པོའི་མཚན་ཉིད་དོ། །ཞེས་ཐབས་ཤེས་གཉིས་མཉམ་པར་སྦྱོར་བའི་དོན་རྣལ་འབྱོར་གྱི་དོན་དུ་གསུངས་པའོ། །དེ་ལ་སྣང་བའི་ཡེ་ཤེས་སྟོང་པ་ནི་ཤེས་རབ་དང༌། སྣང་བ་མཆེད་པའི་ཡེ་ ཤེས་ཤིན་ཏུ་སྟོང་པ་ནི་ཐབས་ཡིན་ལ། དེ་གཉིས་མཉམ་པར་སྦྱོར་བའི་སྙོམས་པར་འཇུག་པ་ནི་སྣང་བ་ཉེར་ཐོབ་སྟོང་པ་ཆེན་པོ་སྟེ། དེ་ནི་སྦས་དོན་གྱི་རྣལ་འབྱོར་རོ། །ལམ་གྱི་སྣང་བ་དང་མཆེད་པའི་ཡེ་ཤེས་ཀྱི་གཉིས་ཀ་དོན་དམ་པ་ལ་དམིགས་ཤིང་ སྣང་བ་དང་བཅས་པར་འདྲ་བ་ལ། སྣང་བའི་ཡེ་ཤེས་ལ་དངོས་པོ་མེད་པ་ཞེས་གསུངས་པའི་དངོས་པོ་མེད་པ་ནི། རང་བཞིན་མེད་པའི་སྟོང་པ་རྟོགས་པ་ཡིན་ལ། འདིར་སྟོང་པ་ཤེས་རབ་ཤས་ཆེ་ཞིང་བདེ་བ་ཤས་ཆུང་བས་དངོས་པོ་མེད་པ་ཞེས་ 5-5-3a གསུངས་སོ། །མཆེད་པའི་ཡེ་ཤེས་ལ་དངོས་པོ་ཞེས་གསུངས་པའི་དངོས་པོ་ནི་བདེ་བ་ཡིན་ལ། འདིར་བདེ་བ་ཤས་ཆེ་ཞིང་སྟོང་པ་ཤས་ཆུང་བས་དངོས་པོ་ཞེས་གསུངས་སོ། །ཉེར་ཐོབ་ནི་བདེ་སྟོང་ཆ་མཉམ་ཕོར་འཇུག་ པས་ཐབས་ཤེས་གཉིས་སྙོམས་པར་འཇུག་པའི་རྣལ་འབྱོར་རོ། །ཡང་མཆོག་ཏུ་བདེ་བའི་ཡེ་ཤེས་དང་དོན་དམ་པ་བདེན་པ་འོད་གསལ་གཉིས་རོ་གཅིག་ཏུ་ཞུགས་པའི་དོན་དམ་ནི་ཐམས་ཅད་དངོས་པོ་མེད་པའམ་ཐམས་ཅད་སྟོང་པའི་ཤེས་རབ་དང༌། ཡོངས་སུ་དག་པའི་སྒྱུ་མའི་སྐུ་ཀུན་རྫོབ་ནི་དངོས་པོའི་མཚན་ཉིད་ཀྱི་ཐབས་ཡིན་ལ། དེ་གཉིས་ངོ་བོ་གཅིག་སྦྱོར་བའི་གཉིས་སུ་མེད་པའི་ཡེ་ཤེས་ཟུང་འཇུག་ནི་བདེན་གཉིས་ཀྱི་ཐབས་ཤེས་གཉིས་སྙོམས་པར་འཇུག་པའི་མཐར་ཐུག་གི་ རྣལ་འབྱོར་རོ། །ཆེན་པོ་ཞེས་པ་ནི། རྣལ་འབྱོར་བླ་མེད་པ་ལ་རྣལ་འབྱོར་ཆེན་པོར་བྱས་པའི་ཆེན་པོ་ཡིན་གྱི། རྣལ་འབྱོར་ཆེན་པོའི་རྒྱུད་ཡིན་པ་ཙམ་གྱིས་རྣལ་འབྱོར་བླ་མེད་ཀྱི་རྒྱུད་དུ་མི་འགྱུར་ཏེ། རྡོ་རྗེ་རྩེ་མོ་ལས་རྩེ་མོ་ལ་རྣལ་འབྱོར་ ཆེན་པོའི་རྒྱུད་དུ་གསུངས་པ་དང༌། སྤྱོད་བསྡུས་ལས་དཔལ་མཆོག་དང་པོ་ལ་རྣལ་འབྱོར་ཆེན་པོའི་རྒྱུད་དུ་གསུངས་པས་སོ། །རྒྱུད་ཀྱི་དོན་ནི་རྒྱུད་ཕྱི་མ་ལས། རྒྱུད་ནི་རྒྱུན་ཞེས་བྱ་བར་གྲགས། །རྒྱུན་དེ་རྣམ་པ་གསུམ་འགྱུར་ཏེ། གཞི་དང་ དེ་བཞིན་རང་བཞིན་དང༌། །མི་འཕྲོགས་པ་ཡིས་རབ་ཕྱེ་བ། །གཞི་དང་རང་བཞིན་རྒྱུ་ཡིན་ཏེ། །དེ་བཞིན་མི་འཕྲོགས་འབྲས་བུའོ། །གཞི་ན་ཐབས་ཞེས་བྱ་བ་སྟེ། །གསུམ་གྱིས་རྒྱུད་ཀྱི་དོན་བསྡུས་པའོ། །ཞེས་གསུངས་པ་ལྟར་རོ། །རྐང་པ་ལྔ་ 5-5-3b པ་ནི་མན་ངག་སྙེ་མར་དྲངས་པ་ལས། རང་བཞིན་རྣམ་པ་རྒྱུ་ཡིན་ཏེ། །ཞེས་བསྒྱུར་བ་ལྟར་ལེགས་སོ། །རྒྱུའི་རྒྱུད་དང་ཐབས་ཀྱི་རྒྱུད་དང་འབྲས་བུའི་རྒྱུད་གསུམ་འབྲེལ་ཆགས་པར་འབྱུང་བ་ནི་རྒྱུད་ཀྱི་དོན་རྒྱུན་ཆགས་པ་ཡིན་ལ། དེ་ཡང་ཚིག་ གི་སྒོ་ནས་གོང་འོག་འཁྲུགས་པ་ཡོད་ཀྱང༌། དོན་གྱི་སྒོ་ནས་འབྲེལ་ཆགས་པར་སྟོན་པ་ལ་ནཱ་རོ་ཏ་པས་བཤད་པ་ཉིད་ལེགས་པར་མཐོང་ངོ་། །རྒྱུའི་རྒྱུད་ནི་སྒྲུབ་པ་པོ་རིན་པོ་ཆེ་ལྟ་བུའི་གང་ཟག་དང༌། ཐབས་ཀྱི་རྒྱུད་ནི་རིམ་གཉིས་ཀྱིས་བསྙེན་སྒྲུབ་ཡན་ལག་ བཞི་དང༌། འབྲས་བུའི་རྒྱུད་ནི་གཞན་གྱིས་འཕྲོག་པར་མི་ནུས་པའི་མི་སློབ་པའི་ཟུང་འཇུག་ལ་ནཱ་རོ་ཏ་པས་བཤད་ལ། ཤཱནྟི་པ་དང་ཨ་བྷ་ཡས་རྒྱུ་རྒྱུད་སེམས་ཀྱི་རང་བཞིན་སྟོང་པ་དང༌། རྒྱལ་བས་བྱིན་གྱིས་སེམས་ཉིད་ལ་བཤད་དོ། །གཉིས་པ་ནི། སངས་ རྒྱས་དང་ཞེས་སོགས་ཏེ་གོ་བར་ཟད་དོ། །གསུམ་པ་ལ་གཉིས། སྤྱིའི་དོན། ཡན་ལག་གི་དོན་ནོ། །དང་པོ་ལ་གསུམ། གླེང་གཞི་མ་གསུངས་པའི་རྒྱུ་མཚན། གཞན་འཇུག་པའི་ཡན་ལག་དགོས་འབྲེལ། འདུས་པའི་བཤད་རྒྱུད་དུ་འགྲོ་ཚུལ་ལོ། །དང་པོ་ ནི། རྒྱུད་འདི་ལ་འདི་སྐད་བདག་གིས་ཐོས་སོགས་ཀྱི་གླེང་གཞི་མ་གསུངས་པའི་རྒྱུ་མཚན་གང་ཡིན་སྙམ་ན། རྒྱུན་འདི་ཉིད་ལས་འདི་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ཀྱི་བདེ་བ་ཆེན་པོའི་ལེའུ་ཞེས་པ་རིམ་པ་གཉིས་པར་གསུངས་པས། ཡེ་ཤེས་ རྡོ་རྗེས་བཏུས་ཀྱི་དུམ་བུ་ཕྱི་མ་གཅིག་ཏུ་སྣང་བས་འདིར་གླེང་གཞི་མ་གསུངས་སོ། །རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་འདོད་ཆགས་ཆེན་པོའི་ཐབས་རྒྱུད་ཀྱི་བྱེ་བ་གསུངས་པའི་སྐབས་སུ། ཀུན་ལས་བཏུས་པ་འབུམ་ཕྲག་ཅིག །ཅེས་གསུངས་ 5-5-4a པས་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་རྒྱུད་ཤིན་ཏུ་རྒྱས་པ་ཞིག་ཡོད་པར་གསལ་ལ། སློབ་དཔོན་ཨ་ལཾ་ཀ་ཀ་ལ་ཤས་ཀྱང་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལ་རྒྱུད་རྒྱས་བསྡུས་གཉིས་ཡོད་པར་བཤད་པའི་འདི་རྒྱུད་ བསྡུས་པ་ཡིན་ལ། འོན་ཀྱང་བསྡུས་པ་ཚང་བ་དེ་ཡང་མ་འགྱུར་སྣང་ངོ་། །གཉིས་པ་ནི། དགོས་པ་ལ་སོགས་པ་མ་མཐོང་བའི་གཞུང་ལ་ནི་དད་པའི་རྗེས་སུ་འབྲང་བ་རྣམས་ཀྱང་འཇུག་པར་མི་འགྱུར་ན། ཆོས་ཀྱི་རྗེས་སུ་འབྲང་བ་རྣམས་ལྟ་སྨོས་ཀྱང་ཅི་ དགོས། དེའི་ཕྱིར་རྒྱུད་འདི་ལ་ཐོག་མར་དགོས་པ་ལ་སོགས་པ་བཞི་བརྗོད་པར་བྱ་དགོས་ན། བརྗོད་པར་བྱ་བ་ནི་གང་ཞིག །དགོས་པ་ནི་ཇི་ལྟ་བུ། དགོས་པའི་དགོས་པ་ནི་ཅི་ཞིག །འབྲེལ་བ་ནི་གང་སྙམ་ན། བརྗོད་པར་བྱ་བ་ནི་རྒྱུད་བཤད་ཐབས་ཀྱི་མན་ ངག་རྒྱན་བདུན་ཡན་ལག་དང་བཅས་པའོ། །དགོས་པ་ནི་རྒྱུད་འདི་ལ་བརྟེན་ནས་དོན་དེ་རྣམས་ལེགས་པར་རྟོགས་པའོ། །དགོས་པའི་དགོས་པ་ནི་དེ་ཁོང་དུ་ཆུད་ནས་རྒྱུད་དོན་ཉམས་སུ་བླངས་པས། མཆོག་སངས་རྒྱས་དང༌། འབྲིང་གྲུབ་པ་བརྒྱད་དང༌། ཐམ་ཞི་སོགས་ཀྱི་དངོས་གྲུབ་ཐོབ་པའོ། །འབྲེལ་བ་ནི་ཉིད་དགོས་དགོས་པ་དང༌། བརྗོད་བྱའི་དོན་རྟོགས་བ་རྗོད་བྱེད་གཞུང་ལ་རག་ལས་པའོ། །གསུམ་པ་ལ་གཉིས། དངོས་ཀྱི་དོན། དོན་དེ་རྒྱུན་འདིའི་གཞུང་གིས་བསྟན་ཚུལ་ལོ། །དང་པོ་ནི། རྒྱུད་འདི་ སྤྱིར་ཐབས་རྒྱུ་ཡིན་པར་ནི་རྡོ་རྗེ་སྙིང་པོ་རྒྱུན་ལས་གསུངས་ལ། བྱེ་བྲག་ཏུ་བཤད་པའི་རྒྱུད་ཡིན་པར་ནི་སྤྱོད་བསྡུས་དང་སྒྲོན་གསལ་ལས་གསུངས་ཤིང༌། དེ་ཡང་སྐབས་སྟོབས་ཀྱིས་འདུས་པའི་བཤད་རྒྱུད་དུ་བཞེད་པ་ཡིན་ནོ། །དེ་ནི་གཙོ་བའི་དབང་ 5-5-4b དུ་བྱས་ནས་ཡིན་གྱི། གཞན་རྣལ་འབྱོར་བླ་ན་མེད་པའི་རྒྱུད་མཐའ་དྲུག་དང་ཚུལ་བཞིའི་འཆིང་བས་བཅིངས་པ་ཐམས་ཅད་ཀྱི་འཆད་ཚུལ་སྟོན་པས། གསང་འདུས་ཁོ་ནའི་འཆད་བྱེད་དུ་མི་གཟུང་ངོ་། །འོ་ན་རྒྱུད་འདིས་དཔལ་འདུས་པ་འཆད་པའི་བཤད་ ཐབས་ཀྱི་མན་ངག་ཇི་འདྲ་ཞིག་བསྟན་པས་འདུས་པའི་བཤད་རྒྱུད་དུ་འགྲོ་སྙམ་ན། བཤད་ཐབས་ཀྱི་མན་ངག་ནི། གླེང་བསླང་བ་རྣམ་པ་ལྔའི་རྒྱན་དང༌། མཐའ་དྲུག་གི་རྒྱན་དང༌། བཤད་པའི་ཚུལ་བཞིའི་རྒྱན་དང༌། འཚང་རྒྱ་བའི་ཚུལ་བཞིའི་རྒྱན་དང༌། བཤད་པའི་དབྱེ་བ་རྣམ་པ་གཉིས་ཀྱི་རྒྱན་དང༌། ཉན་པའི་གང་ཟག་རྣམ་པ་ལྔའི་རྒྱན་དང༌། དགོས་པ་བདེན་པ་གཉིས་ངེས་པའི་རྒྱན་ཏེ། རྒྱན་བདུན་ཡིན་ནོ། །དེ་ལ་རྒྱན་དང་པོས་ནི་གང་བཤད་པར་བྱ་བའི་བཤད་གཞི་ཁྱད་པར་ལྔ་དང་ལྡན་པ་ཞིག་སྟོན་ཏེ། དེ་ནི་འདུས་པའི་རྩ་བའི་རྒྱུད་ལྟ་བུའོ། །ཁྱད་པར་ལྔ་ལྡན་གྱི་རྩ་རྒྱུད་དེའི་དགོངས་པ་འགྲེལ་པའི་ཚུལ་ནི་མཐའ་དྲུག་དང་ཚུལ་བཞིར་ངེས་ལ། དེ་ནི་རྒྱན་གཉིས་པ་དང་གསུམ་པས་སྟོན་ནོ། །དེས་དགོངས་པ་བཀྲལ་བའི་ལམ་རྣམས་ཚེ་གཅིག་ལ་རྒྱ་བའི་ ལམ་གྱི་རིམ་པར་བསྡུ་ན་བཞིར་འདུ་ལ། དེ་ནི་རྒྱན་བཞི་པས་སྟོན་ནོ། །དེ་ལྟ་བུའི་ལམ་དེ་བསྟན་པར་བྱ་བའི་ཡུལ་ནི་རིན་པོ་ཆེ་ལྟ་བུ་ལ་སོགས་པའི་གང་ཟག་ལྔར་ངེས་ལ་དེ་ནི་རྒྱན་དྲུག་པས་སྟོན་ནོ། དེ་རྣམས་ལ་ལམ་དེ་འཆད་པའི་ཚུལ་ནི་བཤད་པའི་ དབྱེ་བ་གཉིས་སུ་ངེས་ལ་དེ་ནི་རྒྱན་ལྔ་པས་སྟོན་ནོ། །དེ་ལྟར་བཤད་པས་རྒྱུད་དོན་ལ་གོ་བ་ཇི་འདྲ་ཞིག་སྐྱེ་ན། ཀུན་རྫོབ་སྒྱུ་མ་དང་དོན་དམ་འོད་གསལ་གཉིས་ཀྱི་དོན་ལ་ངེས་པ་རྙེད་པ་ཅིག་དགོས་ཏེ། དེ་ནི་རྒྱན་བདུན་པས་སྟོན་ནོ། །དོན་དེ་དག་མདོར་བསྡུ་ 5-5-5a ན་བཤད་གཞིའི་རྒྱུད་འདི་འདྲ་བ་ཞིག། དགོངས་པ་འགྲེལ་ཚུལ་འདི་འདྲ་ཞིག་གིས་བཀྲལ་བའི་དོན་རྣམས། ལམ་བགྲོད་པའི་རིམ་པ་འདི་འདྲ་ཞིག་ཏུ་བསྡུས་ནས། ཉན་པ་པོ་འདི་ལྟ་བུ་ཞིག་ལ། བཤད་ལུགས་གཉིས་པོ་འདི་འདྲ་ ཞིག་བྱས་ནས། གོ་བའི་གཙོ་བོ་འདི་འདྲ་ཞིག་གི་དོན་ངེས་པ་ཞིག་བྱུང་ན། རྩ་བའི་རྒྱུད་ཀྱི་དོན་ཕྱིན་ཅི་མ་ལོག་པར་ཤོད་པ་ཡིན་ནོ་ཞེས་སྟོན་པ་ཡིན་ནོ། །གཉིས་པ་ནི། སྔར་བཤད་པའི་དོན་དེ་རྣམས་རྒྱུད་འདིས་ཇི་ལྟར་བསྟན་པ་ནི། བྱམས་པ་ལ་སོགས་ པ་ཞེས་པ་ནས། འདི་ནི་མཐར་ཐུག་པའི་དབང་དུ་བྱས་པའོ། །ཞེས་པའི་བར་གྱིས་བཤད་པའི་ཚུལ་བཞིའི་རྒྱན་གྱི་ཡིག་དོན་མ་གཏོགས་པ་སྤྱི་དང་སྦས་པ་དང་མཐར་ཐུག་པའི་ཚུལ་གསུམ་བསྟན་ཏོ། །བྱམས་པས་གསོལ་བ་ཞེས་པ་ནས། སྒྲ་ཇི་བཞིན་ མ་ཡིན་པས་བཤད་པའོ། །ཞེས་པའི་བར་གྱིས་མཐའ་དྲུག་གི་རྒྱན་གྱི་དབྱེ་བ་དང་རེ་རེའི་དོན་རྣམས་དང༌། ཡི་གེའི་དོན་བསྟན་ཏོ། །མཐའ་དྲུག་དང་ཚུལ་བཞིན་ཚང་བའི་བཤད་པ་རྣལ་འབྱོར་བླ་མེད་ཀྱི་རྒྱུད་མ་གཏོགས་པ་ལ་མི་རུང་ཡང༌། ཡི་གེའི་དོན་ དང་སྒྲ་ཇི་བཞིན་པ་ལ་སོགས་པའི་བཤད་པ་འགའ་ཞིག་རྒྱུད་སྡེ་འོག་མ་ལ་ཡང་རུང་བས། མཐའ་དྲུག་དང་ཚུལ་བཞིའི་བཤད་པ་ཕྱོགས་རེ་བ་ཡན་ཆད་འཇུག་པའི་རྒྱུད་ཀུན་གྱི་རྣམ་གཞག་སྟོན་པ་ནི། བྱང་ཆུབ་སེམས་དཔའ་ཆེན་པོས་གསོལ་བ་ ཞེས་པ་ནས། རྟོག་པ་ལ་གནས་སོ། །ཞེས་པའི་བར་རོ། །རྒྱུད་ཀྱི་དགོངས་པ་འགྲེལ་པའི་ཐབས་ཀྱི་གཙོ་བོ་མཐའ་དྲུག་དང་ཚུལ་བཞིའི་རྒྱན་གྱི་བཤད་པ་བསྟན་ཟིན་མོད་ཀྱང༌། རྒྱུད་བཤད་ཐབས་ཀྱི་མན་ངག་རྒྱུན་བདུན་ཀ་ཚང་བར་སྟོན་པ་ནི། 5-5-5b བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་གསོལ་བ་ཞེས་པ་ནས། དེའི་མཐའ་ནི་གནས་སོ། །ཞེས་པའི་བར་རོ། །འདི་ནི་རགས་པ་སྟེ། རྒྱས་པར་ནི་ཚིག་དོན་གྱི་སྐབས་སུ་འཆད་པར་འགྱུར་རོ། །གཉིས་པ་ལ་གསུམ། རྒྱུད་སྟོན་པའི་མཚམས་སྦྱོར། མཚམས་སྦྱར་ནས་རྒྱུད་བཤད་པའི་རིམ་པ། དེ་ལྟར་བཤད་པས་འཁོར་རྣམས་ཚིམ་པའི་ཚུལ་ལོ། །དང་པོ་ནི། གལ་ཏེ་རྒྱུད་ཉུང་ངུ་འདིས་འདུས་པ་ལ་སོགས་པའི་རྒྱུད་བཤད་ཐབས་ཀྱི་མན་ངག་རྣམས་སྟོན་ན། འདི་རྣམས་རྒྱས་པར་རྒྱུད་གང་ ལས་གསུངས་སྙམ་ན། བཅོམ་ལྡན་འདས་ཀྱིས་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་རྒྱས་པ་ལས་ཇི་སྐད་དུ་གསུངས་པ་ཇི་ལྟ་བ་དེ་བཞིན་དུ་འདིར་བསྡུས་ནས་གསུངས་པའོ། །ཁུ་དང་ནག་ཚོས་བསྒྱུར་བ་ལ་ཇི་སྐད་དུ་ཞེས་པ་ཡིད་ལ། མར་པ་ ལྷོ་བྲག་པས་བསྒྱུར་པ་ལ་མེད་དོ། །གཉིས་པ་ལ་གསུམ། རྒྱུད་ཀྱི་དགོངས་པ་འགྲེལ་པའི་སྒོ། བཤད་པར་བྱ་བའི་རྒྱུད་ཀྱི་རྣམ་གཞག །རྒྱུད་བཤད་ཐབས་ཀྱི་མན་ངག་ཚང་བར་བསྟན་པའོ། །དང་པོ་ལ་གཉིས། ཚུ་བཞིའི་བཤད་པ། མཐའ་ དྲུག་གི་བཤད་པའོ། །དང་པོ་ལ་གཉིས། ཚུལ་གསུམ་གྱི་དོན་བཤད་པ། ཡིག་དོན་སྐབས་འདིར་མ་བཤད་པའི་རྒྱུ་མཚན་ནོ། །དང་པོ་ལ་གསུམ། །སྦས་པའི་དོན་བཤད་པ། སྤྱིའི་དོན་བཤད་པ། མཐར་ཐུག་པའི་དོན་བཤད་པའོ། །དང་པོ་ལ་ གཉིས། དོན་དངོས། དེ་སྦས་དོན་དུ་བསྟན་པའོ། །དང་པོ་ལ་བཞི། སྣང་བ་སེམས་ཀྱི་སྦས་དོན། འདོད་ཆགས་ཆོས་ཀྱི་སྦས་དོན། ཀུན་རྫོབ་སྒྱུར་མའི་སྦས་དོན། འདོད་ཆགས་ཆོས་སྦས་ཀྱི་བསྔགས་པའོ། །དང་པོ་ལ་གཉིས། སྣང་བ་སེམས་ཀྱི་ 5-5-6a རིམ་པ་དང་རྣམ་གྲངས་མདོར་བསྟན་པ། སྣང་བ་སེམས་ཀྱི་རིམ་པ་དང་རྣམ་གྲངས་རྒྱས་པར་བཤད་པའོ། །དང་པོ་ལ་གསུམ། སྣང་བ་གསུམ་ལ་ཞུ་བ་མཛད་པ། རྡོ་རྗེའི་ངོ་བོར་བཤད་པའི་ལན། དེ་ཉིད་ཞུས་ལན་གྱིས་ བཤད་པའོ། །དང་པོ་ནི། ཞུས་པ་ཞེས་ཁྱད་པར་གྱི་གཞིར་དྲང་ངོ་། །གང་གིས་ན། བྱམས་པ་ལ་སོགས་པ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འདོད་ཅིང༌། སེམས་ཅན་ཐམས་ཅད་མྱང་ངན་ལས་འདའ་བར་འདོད་པའི་སེམས་པ་དྲུག་སྟོང་གིས་སོ། ། གང་ལན། བཅོམ་ལྡན་འདས་ལའོ། །དེའི་དོན་སྒྲོན་གསལ་ལས། སྐལ་བ་ཕུན་སུམ་ཚོགས་པ་ཉིད་ཀྱི་ཕྱིར་དང་མི་མཐུན་པའི་ཕྱོགས་མ་ལུས་པར་བཅོམ་པས་བཅོམ་ལྡན་འདས་སོ། །ཞེས་གསུངས་ཏེ། བྷ་ག་ཝན་ཞེས་པའི་བྷ་ག་ནི་སྐལ་ བ་ལ་འཇུག་ལ། དེ་ནི་སཾ་བྷུ་ཊ་ལས། དབང་ཕྱུག་དང་ནི་གཟུགས་བཟང་དང༌། །དཔལ་དང་གྲགས་དང་ཡེ་ཤེས་དང༌། །བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། དྲུག་པོ་རྣམས་ལ་སྐལ་ཞེས་བྱ། །ཞེས་གསུངས་པ་ལྟར་དབང་ཕྱུག་ལ་སོགས་ པའི་སྐལ་བ་དྲུག་དང་ལྡན་པས་སྐལ་ལྡན་ནམ་བཅོམ་ལྡན་ནོ། །གཞན་ཡང་བྷ་ག་ལ་ངེས་ཚིག་གི་ཚུལ་གྱིས་བྷ་ག་ཝན་བཅོམ་པ་སྟེ། མི་མཐུན་པའི་ཕྱོགས་ཉོན་མོངས་གསུམ་མམ་སྒྲིབ་པ་གཉིས་སམ་བདུད་བཞི་མ་ལུས་པར་བཅོམ་ པས་ན་བཅོམ། དེ་འདི་ལ་ལྡན་པས་ན་བཅོམ་ལྡན་ཏེ། རྡོ་རྗེ་རྩེ་མོ་ལས། ཉོན་མོངས་ལས་དང་དེ་བཞིན་སྐྱེ། །ཉོན་མོངས་ཤེས་བྱའི་སྒྲིབ་དེ་རྣམས། །གང་ཡང་མི་མཐུན་ཕྱོགས་ཆོས་བཅོམ། །དེ་འདིར་བཅོམ་ལྡན་འདས་སུ་བཤད། ། 5-5-6b ཅེས་སོ། །འཇིག་རྟེན་པའི་ལྷ་ཆེན་པོ་རྣམས་ལའང་བཅོམ་ལྡན་དང་ལེགས་ལྡན་གྱི་སྒྲ་འཇུག་པས། དེ་ལས་ཁྱད་པར་དུ་བྱ་བའི་ཕྱིར་དུ་འདས་ཞེས་པ་བཀས་བཅད་ཀྱིས་བསྣན་གྱི་སྐད་དོད་ལ་མེད་དོ། །ཅི་ཞིག་ཞུས་ན། བཅོམ་ལྡན་འདས་ཞེས་བོས་ ནས། རྒྱུད་རྣམས་ལས་མ་རིག་པ་དང་སེམས་ལས་བྱུང་བ་དང་སེམས་ཞེས་བགྱི་བ་སྟེ་ཐ་སྙད་བཏགས་པ་རྣམས་ཀྱི་རིམ་པ་ཅི་ལྟར་ལགས་ཞེས་ཞུས་སོ། །འོག་ཏུ་རྣལ་འབྱོར་གྱི་རྒྱུད་དུ་མཐའ་དྲུག་གི་བཤད་པ་ཇི་ལྟར་ལགས་ཞེས་དྲིས་པའི་ལན་ དུ། མཐའ་དྲུག་གི་དབྱེ་བ་དང༌། དེ་རྣམས་རེ་རེའི་དོན་བཤད་པ་ཞུས་པའི་ལན་དུ། དེ་རྣམས་ཀྱི་བཤད་པ་གསུངས་པ་བཞིན་དུ། ཚུལ་བཞི་ལ་ཡང་ཚུལ་བཞིར་བཤད་པ་ཇི་ལྟར་ལགས་ཞེས་ཞུས་པ་དང༌། དེའི་ལན་བཤད་པ་དོན་གྱིས་འཐོབ་པས་ སྔོན་དུ་དྲིས་ལན་དེ་ལྟར་བྱ་ལ། དེ་ནས་ཚུལ་བཟིའི་སྦས་དོན་གསུམ་གྱི་ནང་ནས་སེམས་ཀྱིས་སྦས་པའི་དོན་ཞུས་པ་དང་དེའི་ལན་སྦྱར་བར་བྱའོ། །གཉིས་པ་ནི། བཅོམ་ལྡན་འདས་འོད་གསལ་གྱི་དེ་བཞིན་ཉིད་དུ་གཤེགས་པ་ཐམས་ཅད་ ཀྱི་སྐུ་རྡོ་རྗེ་རྣམ་སྣང་དང༌། གསུང་རྡོ་རྗེ་འོད་དཔག་མེད་དང༌། ཐུགས་རྡོ་རྗེ་མི་བསྐྱོད་པ་གསུམ་དབྱེར་མི་ཕྱེད་པའི་རྡོ་རྗེ་འཆང་གིས་དྲིས་པའི་ལན་བཀའ་སྩལ་པ་ནི། ཞུ་བ་པོ་རྣམས་ལ་རྡོ་རྗེ་ལ་སོགས་པའི་རིགས་ལས་སྐྱེས་པས་ན་རིགས་ཀྱི་བུ་ ཞེས་བོས་ནས། ལེགས་པར་ཉོན་ཅིག་དང་བཤད་པར་བྱའོ་ཞེས་ཉན་པར་བསྐུལ་ལོ། །ཡེ་ཤེས་གསུམ་ནི་མ་རིག་པ་ལ་སོགས་པ་སྔར་བསྟན་པ་གསུམ་མོ། །རྡོ་རྗེ་ནི་འོད་གསལ་ལོ། །དེ་ལས་ཡང་དག་པར་བྱུང་བའི་ཡེ་ཤེས་གསུམ་རྡོ་རྗེའི་ 5-5-7a རང་བཞིན་ནོ། །ཁུའི་འགྱུར་ནག་ཚོས་བཅོས་པ་ལས། རྡོ་རྗེ་ལས་ཡང་དག་པར་བྱུང་བའི། ཞེས་འབྱུང་ལ། མར་འགྱུར་ལས། རྡོ་རྗེ་ལས་ཡང་དག་པར་བྱུང་བ་དེའི་ཕྱིར་ཞེས་འབྱུང་ངོ་། །གལ་ཏེ་མ་རིག་པ་ལ་སོགས་པ་ གསུམ་གྱི་དོན་དྲིས་པའི་ལན་དུ། དེ་གསུམ་ཕྱི་ངོས་འཛིན་མ་བཤད་པར་དེ་གསུམ་རྡོ་རྗེ་ལས་བྱུང་བས་སམ་བྱུང་བའི་རྡོ་རྗེའི་རང་བཞིན་དུ་བཤད་པ་མ་འབྲེལ་ལ། ལུགས་མཐུན་དུ་འཇུག་པའི་མ་རིག་པ་ལ་སོགས་པ་གསུམ་ནི་འོད་གསལ་ གྱི་རྒྱུ་ཡིན་པས། དེ་གསུམ་འོད་གསལ་ལས་འབྱུང་བར་བཤད་པ་ཡང་མི་འཐད་དོ་སྙམ་ན། ཡེ་ཤེས་གསུམ་ལ་ལུགས་མཐུན་དུ་འོད་གསལ་དུ་འཇུག་པ་དང༌། ལུགས་ལྡོག་ཏུ་འོད་གསལ་ལས་འབྱུང་བ་གཉིས་ཡོད་ཀྱང༌། དྲི་བའི་སྐབས་ སུ་མ་རིག་པ་དང་ཉེས་ལུགས་ལྡོག་ནས་འབྱུང་བའི་རིམ་པ་དྲིས་པས། ཡེ་ཤེས་གསུམ་འོད་གསལ་ལས་འབྱུང་བར་བཤད་པ་མི་འཐད་པ་མིན་ལ། མ་རིག་པ་ལ་སོགས་པ་གསུམ་ཇི་ལྟར་ལགས་ཞེས་དྲིས་པ་ནི། སྐབས་འདིར་དེ་གསུམ་གང་ ལས་འབྱུང་བའི་རིམ་པ་དང༌། དེ་གསུམ་ཉིད་ཀྱིའང་རིམ་པ་དྲིས་པ་ཡིན་པས་ལན་མ་འབྲེལ་བ་མེད་དོ། །དེས་ན་མར་འགྱུར་ལྟར་རྒྱུ་མཚན་དུ་བྱས་ན་ལེགས་པས། བྱུང་བའི་ཞེས་འདོན་ནའང་དོན་ནི་དེ་ལྟར་བྱའོ། །འོ་ན་དེ་ལས་བྱུང་བའི་རྒྱུ་མཚན་ གྱིས་དེའི་རང་བཞིན་ནོ་ཞེས་པ་མ་འབྲེལ་ལོ་སྙམ་ན། རང་བཞིན་གྱི་སྐད་དོད་སྭ་བྷཱ་བ་ནི་རང་བཞིན་དང་དངོས་པོ་དང་འབྱུང་བ་གསུམ་ག་ལ་དྲང་དུ་རུང་བས། རྒྱ་གར་བའི་མཁས་པ་རྣམས་ཀྱིས་དེ་ལྟར་བཤད་པ་མང་ངོ་། །གསུམ་པ་ལ་གཉིས། 5-5-7b ཞུ་བ། ལན་ནོ། །དང་པོ་ནི། བྱམས་པས་གསོལ་བ། བཅོམ་ལྡན་འདས་ཞེས་པོས་ནས། ཡེ་ཤེས་གསུམ་ལྡན་རྡོ་རྗེ་ལས་བྱུང་བས་རྡོ་རྗེའི་ངོ་བོའོ། །ཞེས་གསུངས་པའི་རྡོ་རྗེ་གང་ཡིན། དེ་ལས་བྱུང་བའི་རིམ་པ་ཇི་ལྟར་ལགས་ཞེས་ཞུས་སོ། །གཉིས་པ་ལ་བཞི། མ་རིག་པའི་འབྱུང་རིམ་དང་རྣམ་གྲངས། སྣང་བ་མཆེད་པའི་འབྱུང་རིམ་དང་རྣམ་གྲངས། སྣང་བའི་འབྱུང་རིམ་དང་རྣམ་གྲངས། དེ་རྣམས་ཀྱི་དོན་བསྡུ་བའོ། །དང་པོ་ནི། ཡེ་ཤེས་གསུམ་གྱི་འབྱུང་གནས་སུ་བཤད་པའི་རྡོ་རྗེ་ནི། བཅོམ་ལྡན་འདས་ཀྱིས་ལན་ བཀའ་སྩལ་པ། ཆགས་པ་འདོད་ཆགས་མཆེད་པ་དང༌། དེས་མཚོན་ནས་ཆགས་བྲལ་སྣང་བ་དང༌། ཆགས་པ་བར་མཉེར་ཐོབ་གསུམ་མེད་པའི་ཡང་དག་པའི་མཐའ་འོད་གསལ་ལོ། །དེ་ནི་ཤིན་ཏུ་རྟོགས་པར་དཀའ་བ་ཉིད་དང༌། རང་བཞིན་གྱིས་འགག་ པ་མེད་པ་དང༌། རང་བཞིན་གྱིས་སྐྱེ་བ་མེད་པའོ། །ཁྱད་པར་དེ་གསུམ་ནི་ཡུལ་གྱི་འོད་གསལ་དང་ཡུལ་ཅན་གྱི་འོད་གསལ་གཉིས་ཀ་ལ་ཡོད་ཅིང༌། གཞི་དུས་དང་ལམ་དུས་ཀྱི་འོད་གསལ་གཉིས་ཀ་ལ་ཡང་ཡོད་དོ། །འོན་ཀྱང་འདིར་ཡེ་ཤེས་གསུམ་གང་ ལས་སྐྱེ་བའི་འོད་གསལ་ནི་དུས་གཉིས་ཀར་ཡུལ་ཅན་གྱི་འོད་གསལ་ལ་བྱའོ། །འཆི་བའི་འོད་གསལ་སེམས་ཅན་རྣམས་ཀྱི་ཉམས་སུ་མྱོང་མོད་ཀྱང་ངེས་པར་དཀའ་སྟེ། སྔོན་པོ་མཐོང་ཡང་སྐད་ཅིག་མ་མི་ངེས་པ་བཞིན་ནོ། །འོད་གསལ་དེའི་ རྐྱེན་གྱིས་མ་རིག་པ་སྣང་བ་ཉེར་ཐོབ་ཀྱི་ཡེ་ཤེས་སྐྱེ་སྟེ། མ་རིག་པ་ཞེས་བྱ་བ་དང༌། སྣང་བ་ཉེ་བར་ཐོབ་པ་དང༌། སྟོང་པ་ཆེན་པོ་ཞེས་འབྱུང་བ་རྣམས་ནི་མིང་གི་རྣམས་གྲངས་སོ། །སྟོང་པ་ཆེན་པོ་དེ་ཡང་རྟོགས་པ་སྟེ་ངེས་པར་དཀའ་བའོ། །ངེས་དཀའ་བ་ 5-5-8a འོན་ཀྱང་གཉིས་སྣང་དག་པའི་ངེས་དཀའ་བ་མིན་གྱི་གཉིས་སུ་སྣང་བ་དང་བཅས་པར་བརྗོད་པར་བྱའོ། །འོག་ནས་རྣམ་པར་ཤེས་པ་གསུམ་ག་རྟོགས་དཀའ་བར་གསུངས་པས། ཚིག་ཐ་མ་གཉིས་པོ་འདི་འོག་མ་གཉིས་ལ་སྦྱར་བ་ཡང་དོན་གྱིས་ འཐོབ་བོ། །གཉིས་པ་ནི། འདོ་གསལ་ལས་དངོས་སུ་བྱུང་བའི་མ་རིག་པའི་རྐྱེན་གྱིས་སེམས་ལས་བྱུང་བ་སྣང་བ་མཆེད་པའི་ཡེ་ཤེས་སྐྱེ་སྟེ། དེའི་མིང་གི་རྣམ་གྲངས་ལ་ནི། སྣང་བ་མཆེད་པ་དང༌། ཤིན་ཏུ་སྟོང་པ་ཞེས་གསུངས་སོ། །འདིར་སྔ་མའི་རིགས་འགྲོས་ ཀྱིས་སེམས་ལས་བྱུང་བ་ཞེས་ཀྱང་འབྱུང་བར་རིགས་པས། འོག་གི་སེམས་ལས་བྱུང་བ་ཞེས་པ་འདིར་སྦྱར་རོ། །གསུམ་པ་ནི། སེམས་ལས་བྱུང་བའི་རྐྱེན་གྱིས་སེམས་སྣང་བའི་ཡེ་ཤེས་སྐྱེ་སྟེ། དེའི་མིང་གི་རྣམ་གྲངས་ལ་ནི། སྣང་བ་དང༌། སྟོང་པ་ ཞེས་ཀྱང་བྱའོ། །འདིར་ཡང་སེམས་ཞེས་པའི་རྣམ་གྲངས་ཀྱང་བསྣན་ནོ། །སྣང་མཆེད་གཉིས་ནི་འོད་གསལ་ལས་བརྒྱུད་ནས་བྱུང་བ་ཡིན་ནོ། །ཁུའི་འགྱུར་ནག་ཆོས་བཅོས་པ་ལས་སེམས་དང་སེམས་ལས་བྱུང་བའོ། །བདག་དང་མ་རིག་པ་དང་བདག་ མེད་པ་དང་གསུམ་པོ་ཞེས་འབྱུང་ལ། མར་འགྱུར་ལས། སེམས་དང་སེམས་ལས་བྱུང་བ་དང་མ་རིག་པའི་བདག་ཉིད་བདག་མེད་པའོ་ཞེས་འབྱུང་ཡང་འགྱུར་སྔ་མ་ལྟར་བདེ་བ་འདྲའོ། །བཞི་པ་ནི། བདག་ཏུ་འདོགས་པའི་གཞིར་གྱུར་པས་ན་བདག་སྟེ་ སེམས་དང༌། མ་རིག་པ་དང༌། འདིའི་དུས་ན་བདག་གི་སྒྲས་བསྟན་པའི་སེམས་དེ་མེད་པས་ན་བདག་མེད་པ་སྟེ་སེམས་ལས་བྱུང་བ་དང༌། གསུམ་པོ་བདག་དེ་དང་མ་རིག་པ་དང་སེམས་བྱུང་དེ་རྡོ་རྗེ་འོད་གསལ་བ་ལས་བྱུང་བས་ན་གསུམ་པོ་དེ་ལ་ 5-5-8b རྡོ་རྗེའི་ངོ་བོའོ་ཞེས་གསུངས་སོ། །ལན་གསུངས་པ་དེ་ནས་བྱམས་པ་ལ་སོགས་པ་དེ་དག་དུས་དེའི་ཚེ་ལན་དེ་ལ་ངོ་མཚར་བ་ཐོབ་པར་གྱུར་ཏེ། རེ་ཞིག་ཅང་མི་སྨྲ་བར་གྱུར་ཏོ། །གཉིས་པ་ལ་གསུམ། འཁོར་ལ་དྲི་བའི་ཕྱིར་དུ་བསྐུལ་བ། བསྐུལ་ནས་ཞུས་ པ། ཞུས་པའི་ལན་བཤད་པའོ། །དང་པོ་ནི། ཡེ་ཤེས་གསུམ་རྡོ་རྗེའི་ངོ་བོ་ཡིན་ཚུལ་ཞུས་པའི་ལན་བཤད་ཟིན་པ་དེ་ནས་སྔར་བཀའ་སྩལ་པ་ལ་སྟོས་ནས་ཡང་བཀའ་སྩལ་པ་ནི། རིགས་ཀྱི་བུ་དག་ཅིའི་ཕྱིར་ཅང་མི་སྨྲ་བར་གྱུར་པས་འདུག་ཅེས་ འཁོར་ལ་དྲི་བའི་ཕྱིར་བསྐུལ་ལོ། །གང་གིས་ན། བཅོམ་ལྡན་འདས་ཞེས་སོགས་ཏེ་བཤད་ཟིན་ཏོ། །གཉིས་པ་ནི། བསྐུལ་བའི་རྗེས་དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པ་དེ་རྣམས་ཀྱིས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ཕྱག་འཚལ་ཏེ་ ཞབས་ལ་མགོས་གཏུགས་ནས། སྔ་མ་ལ་ལྟོས་ནས། གཞན་ཡང་ཞུས་པ་ནི། ངོ་མཚར་བའི་ཚིག་གིས་ཨེ་མའོ་སྟོན་པ་ཞེས་བོས་ནས། རྣམ་པར་ཤེས་པ་གསུམ་གྱི་དབྱེ་བ་སྟེ་སོ་སོའི་ངོས་འཛིན་ལུགས་ལྡོག་ཏུ་འབྱུང་བའི་རིམ་པ་འཕྲོས་དང་ བཅས་པ་བཤད་དུ་གསོལ་ཞེས་པའོ། །བཅོམ་ལྡན་འདས་དང་བདེ་བར་གཤེགས་པ་གཉིས་སྨོས་པ་ནི་ནན་ཏན་དུ་ཞུས་པའི་དོན་ཏོ། །རྟོགས་པར་དཀའ་བ་ནི་ཐོས་བསམ་གྱི་སྒོ་ནས་དང༌། མཆོག་ཏུ་ཟབ་པ་སྟེ་རྟོགས་པར་དཀའ་བ་ནི་སྒོམ་བྱུང་གི་སྐྱེ་ ནས་སོ། །སྤྱོད་བསྡུས་སུ་དྲངས་པ་ལ། སླར་ཡང་ཞུས་པ། ཞེས་དང༌། མཆོག་ཏུ་རྟོགས་པར་དཀའ་བ་ཞེས་འབྱུང་ངོ་། །གསུམ་པ་ལ་གཉིས། འོད་གསལ་ལས་ལུགས་ལྡོག་ཏུ་སྐྱེ་བའི་རིམ་པ། རིམ་པ་དེ་ཉིད་གསལ་བར་བཤད་པའོ། །དང་པོ་ 5-5-9a ལ་གཉིས། སྤྱིའི་དོན། ཡན་ལག་གི་དོན་ནོ། དང་པོ་ལ་གསུམ། ལུགས་ལྡོག་གི་རིམ་པ་འདི་བར་སྲིད་དང་སྐྱེ་སྲིད་གཉིས་གང་གི་དབང་དུ་མཛད་པ། འཁོར་བ་ལྡོག་འཇུག་གཏན་ལ་ཕབ་པ་ལ་བརྟེན་ནས་ལམ་གྱི་གནད་ངོས་ བཟུང་བ། ཕུང་པོ་དང་སྐྱེ་མཆེད་སོགས་ཐམས་ཅད་རླུང་སེམས་འདྲེས་པ་ཙམ་དུ་གསུངས་པའི་དགོངས་པ་བསྟན་པའོ། །དང་པོ་ནི། འདིར་འོད་གསལ་ལས་སེམས་ཡིད་རྣམ་ཤེས་གསུམ་འབྱུང་བ་དང༌། རླུང་ལས་མེ་ལ་སོགས་པ་རིམ་པར་སྐྱེ་བར་ གསུངས་པ་འདི། ཚེ་འདི་ཡི་མཐའ་ཡི་འཆི་བའི་འོད་གསལ་ལས་བར་སྲིད་འགྲུབ་པའི་ཚུལ་ཡིན་ནམ། འོན་ཏེ་བར་སྲིད་འཆི་བའི་འོད་གསལ་ལས་སྐྱེ་སྲིད་འགྲུབ་པའི་ཚུལ་ཡིན་ཞེ་ན། འོད་གསལ་ལས་སེམས་ཡིད་རྣམ་ཤེས་གསུམ་རིམ་གྱིས་འབྱུང་ བ་ཡིན་ཆད་གཞི་དུས་ཀྱི་འཆི་སྲིད་གཉིས་ལས་བར་དོ་དང་སྐྱེ་སྲིད་འགྲུབ་པའི་རིམ་པ་དང༌། སྔར་བཤད་པ་ལྟར་རྫོགས་རིམ་གྱི་སྐབས་སུ་ཡང་སྦྱར་དུ་རུང་མོད་ཀྱང༌། འབྱུང་བ་སྐྱེ་རིམ་སོགས་ཚང་བར་ནི་གཞིའི་བར་དོའི་འཆི་བའི་འོད་གསལ་ལས་སྐྱེ་སྲིད་ འགྲུབ་པའི་རིམ་པ་ལ་སྦྱར་དགོས་ཀྱི། རྒྱུད་ཀྱི་གཞུང་འདི་རྣམས་སྤྱོད་བསྡུས་སུ་དྲངས་པའི་བཤད་པ་བྱེད་པ་རྣམས་ཀྱིས། འཆི་སྲིད་ལས་བར་སྲིད་འགྲུབ་པའི་རིམ་པ་ལ་འདི་ཐམས་ཅད་འཆད་པ་ནི་མི་འཐད་དེ། རྡོ་རྗེ་འཕྲེང་བ་དང་འགལ་བའི་ ཕྱིར་ཏེ། དེ་ཉིད་ལས། བཤད་སྒོ་གསང་བའི་དབུས་ན་གནས། མིང་ནི་མ་སྐྱེས་རྩ་ཆེན་ནོ། །དེ་ཡང་རྣམ་ཤེས་དང་བྲལ་བ། །ཡེ་ཤེས་ལུས་ནི་བདག་མེད་པ། །དེར་ནི་སྐྱེ་བ་སྲོག་གི་མཆོག །སྲོག་ཆགས་རྣམས་ཀྱི་མཆོག་ཏུ་བརྗོད། །རྣམ་པར་ 5-5-9b ཤེས་པའི་ངོ་བོ་བརྟེན། །ཐོག་མར་འབྱུང་བ་བཞི་པོ་ལ། །སྐྱེད་པ་ཡི་ནི་ངོ་བོར་བྱེད། །དེ་ཚེ་རང་གི་གནས་སུ་ཐིམ། །རྣམ་ཤེས་ལས་ནི་སྐྱེས་པའི་རླུང༌། །དེ་ལས་མེ་ནི་སྐྱེ་བར་འགྱུར། །མེ་ལས་ཆུ་ནི་འབྱུང་བར་འགྱུར། །དེ་ལས་ས་ནི་ཡང་དག་སྐྱེ། །དེ་དག་རྣམས་ ལས་ཕུང་པོ་འབྱུང༌། །ཞེས་གསང་གནས་དེར་སྲོག་རླུང་གི་བཞོན་པ་ཅན་གྱི་རྣམ་ཤེས་ཐིམ་པའི་འོད་གསལ་ལས་རྣམ་ཤེས་དང་རླུང་མེ་སོགས་རིམ་གྱིས་སྐྱེ་བར་བཤད་པ་དང༌། རྒྱུད་འདིར་བཤད་པ་གཉིས་དོན་གཅིག་པའི་ཕྱིར་རོ། །ལུང་དེ་དག་གི་དོན་ ཞིབ་ཏུ་བཤད་ན། བར་སྲིད་གང་དུ་སྐྱེ་བའི་གནས་ཇི་ལྟ་བུ་སྙམ་ན། དེར་ནི་སྐྱེ་བ་ལེན་ཞེས་བྱ་སྟེ། མ་སྐྱེས་པའི་རྩ་ཆེན་པོ་ཞེས་པའི་རྩ་གསང་གནས་ཀྱི་ཐོག་མ་ནས་ཐ་མ་བཤང་སྒོའི་བར་དུ་གསང་གནས་ཀྱི་དབུས་སུ་གནས་པའི་མའི་མངལ་གྱི་གནས་ གསང་གནས་དེར་ནི་སྐྱེ་བ་ལེན་ནོ། །རྩ་དེ་བེམ་པོ་ཡིན་པས་རྣམ་ཤེས་དང་བྲལ་བའོ། །སྐྱེ་བ་ལེན་པའི་མངལ་གྱི་གནས་དེ་ནི། དེ་ཁོ་ན་ཉིད་གྲུབ་པ་ལས། སྐྱེ་འགྲོའི་གཙོ་བོ་གང་ཡིན་པ་དེ། རླུང་དང་བཅས་པའི་བུ་བའི་ཐིགས་པ་རྣམས་དང་། ལྷན་ཅིག་ བཙུན་མོའི་ཚིགས་ལ་བབ་པ་རྙེད་པ་ན། ལྟེ་བའི་འོག་ཏུ་ཁ་ཐུར་དུ་བལྟས་པའི་པདྨ་དམར་པོ་འདབ་མ་བརྒྱད་པའི་ནང་དུ། །ཁྲག་འཛག་པའི་ལྷག་མ་ཀུན་ཏུ་བཟུང་སྟེ། དེའི་རྗེས་ལ་པདྨའི་ཁ་ཟུམ་པར་གྱུར་རོ། །དེར་ཡང་ཁྲག་དང་ཁུ་བ་གཉིས་ཀ་ཡང་ཆུ་ དང་འོ་མ་འདྲེས་པ་བཞིན་དུ་གྱུར་ནས་གོང་བུ་གཅིག་ཏུ་གྱུར་ཏེ། རང་གི་རང་བཞིན་རྩོམ་པར་བྱེད་དོ། །དེ་ནས་རྗེས་སུ་འགྲོ་བའི་རམ་གྱིས་ནུར་ནུར་པོ་ལ་སོགས་པར་ཡོངས་སུ་གྱུར་པས་རིམ་གྱིས་སྐྱེ་ཏེ། ཞེས་གསུངས་པ་ལྟར་ལྟེ་བའི་འོག་ན་གནས་པའི་གསང་ 5-5-10a གནས་ཀྱི་འཁོར་ལོའོ། །དགའ་བོ་མངལ་འཇུག་ལས་ཀྱང་ཕོ་བའི་འོག་ལོང་གའི་གོང་གི་བར་ན་གནས་པར་བཤད་པ་དང་མཐུན་ནོ། །གཞུང་ཁ་ཅིག་ལས། མ་སྐྱེས་པའི་ཆ་ཞེས་དང༌། ཁ་ཅིག་ལས། མ་སྐྱེས་པའི་རྩ་ཞེས་འབྱུང་ ངོ་། །སུ་ཞིག་སྐྱེ་ཞེ་ན། ཡེ་ཤེས་ལུས་ནི་ཞེས་པ་ཡེ་ཤེས་ཀྱི་ལུས་ཅན་བར་དོ་ལ་རྡོ་རྗེ་ཕྲེང་བའི་འགྲེལ་པས་བཤད་པ་ལྟར་བར་དོའོ། །བདག་མེད་པ་ནི་དེ་ལེན་པ་པོའི་བདག་གི་རྫས་སུ་མེད་པའོ། །བསྐལ་པ་དང་པོའི་མི་འབྱུང་བ་རགས་པའི་ལུས་སྤངས་ པ་ལ་ཡེ་ཤེས་ཀྱི་ལུས་ཅན་དང་ཡིད་ཀྱི་རང་བཞིན་གྱི་ལུས་ཞེས་རྣམ་གཞག་ཏུ་གསུངས་པས། བར་དོའི་ལུས་ཀྱང་དེ་དང་འདྲ་བས་ཡེ་ཤེས་ཀྱི་ལུས་ཞེས་གསུངས་སོ། །སྲོག་ཆགས་རྣམས་ཀྱི་སྲོག་སྟེ་རླུང་གི་མཆོག་ནི་སྲོག་འཛིན་གྱི་རླུང་ངོ་། །དེའི་ བཞོན་པ་ཅན་གྱི་བར་དོའི་རྣམ་ཤེས་ཀྱི་ངོ་བོ་ལ་བརྟེན་ནས། བར་དོ་སྲིད་པ་ཚོལ་བ་དེའི་ཚེ་རང་གི་སྐྱེ་གནས་སུ་ཁུ་ཁྲག་གིས་བསྡུས་པའི་འབྱུང་བ་བཞི་ལ་ཐིམ་ནས། རང་གི་ངོ་བོ་སྔོན་ལས་ཀྱིས་སྐྱེད་པར་བྱེད་དོ། །ཞི་བ་འོད་ཀྱི་འགྱུར་དང་མ་བརྩོན་འགྲུས་ ཀྱིས་བཅོས་པ་ལས། དྲོད་སྐྱེད་པ་ཡི་ངོ་བོར་བྱེད། །ཅེས་འབྱུང་ཡང༌། འགྱུར་མ་བཅོས་པ་ལས། སྐྱེད་པ་ཡི་ནི་ངོ་བོར་བྱེད། །ཅེས་འབྱུང་བ་འགྲེལ་པའི་བཤད་པ་དང་མཐུན་ནོ། །གཉིས་པ་ལ་བཞི། སྐྱེ་བ་ལུགས་ལྡོག་བཤད་པ། ཐིམ་པ་ལུགས་ འབྱུང་བཤད་པ། དེ་གཉིས་ཀྱི་དོན་བསྡུས་ཏེ་བསྟན་པ། དེ་ལ་བརྟེན་ནས་ལམ་གྱི་གནད་བསྟན་པའོ། །དང་པོ་ལ་གསུམ། འཆི་བའི་འོད་གསལ་ལས་སྣང་བ་གསུམ་འབྱུང་བའི་རྣམ་གཞག །སྐྱེ་འཆིའི་སེམས་ལས་འཕྲོས་པའི་དོན། སྣང་བ་ 5-5-10b ལས་རླུང་མེ་སོགས་སྐྱེ་བའི་དོན་བཤད་པའོ། །དང་པོ་ནི། དེ་ལ་ཚེ་འདིའི་འཆི་སྲིད་ཀྱི་འོད་གསལ་དང༌། བར་དོའི་འཆི་སྲིད་ཀྱི་འོད་གསལ་རྣམས་དོན་དམ་པ་བདེན་པར་བཤད་པ་ནི། དེའི་ཚེ་སྤྲོས་པ་ཐམས་ཅད་ཞི་ནས་སྤྲིན་མེད་པའི་ནམ་མཁའ་བཞིན་དུ་ཉམས་སུ་ མྱོང་བ་དང༌། དོན་དམ་བདེན་པ་མངོན་སུམ་དུ་རྟོགས་པ་གཉིས་རྣམ་པ་འདྲ་བས་ཉེ་བར་བཏགས་པ་ཡིན་གྱི། དོན་དམ་བདེན་པ་དངོས་མངོན་སུམ་དུ་བྱས་པ་མིན་ཏེ། ལུས་ཅན་ཐམས་ཅད་འབད་པ་མེད་པར་འགྲོལ་བའི་སྐྱོན་དུ་འགྱུར་བའི་ཕྱིར་དང༌། དེ་ཁོ་ན་ ཉིད་ཀྱི་དོན་ཐོས་བསམ་གྱིས་ལེགས་པར་གཏན་ལ་མ་ཕེབས་པ་ལ་ཡང་འོད་གསལ་དེ་ཉམས་སུ་མྱོང་བ་འབྱུང་བའི་ཕྱིར་རོ། །བཏགས་པའི་འོད་གསལ་ཉམས་སུ་མྱོང་ཡང་མི་ངེས་པ་སྲིད་ལ། མཚན་ཉིད་པ་དོན་གྱི་འོད་གསལ་མངོན་སུམ་དུ་བྱས་ཀྱང་མ་ངེས་ སོ་ཞེས་སྨྲ་བར་མི་ནུས་ཏེ། འཕགས་པ་མ་ཡིན་པ་ཐམས་ཅད་ལ་དེ་ལྐོག་ཏུ་གྱུར་པའི་ཕྱིར་རོ། །དེའི་ཕྱིར་མ་ཤི་བར་སྔོན་དུ་བདག་མེད་པའི་དོན་གཏན་ལ་ཕེབས་པའི་བུའི་འོད་གསལ་སྐྱོང་རྒྱུ་མེད་ན། ཐབས་གཞན་གྱིས་འཆི་བའི་དུས་ཀྱི་མའི་འོད་གསལ་ དང་བསྲེ་ནུས་ཀྱང༌། དེའི་ཚེ་དེ་ཁོ་ན་ཉིད་ཀྱི་དོན་རྟོགས་པ་མིན་ནོ། །ཚེ་འདིའི་འཆི་སྲིད་ཀྱི་འོད་གསལ་ལས་བར་དོ་འགྲུབ་པ་ནི་འོད་གསལ་ལས་རྣམ་ཤེས་ཉེར་ཐོབས་སྐྱེས་པ་ན་བར་དོ་གྲུབ་པ་ཡིན་ཏེ། འཆི་སྲིད་འགགས་པ་དང་བར་སྲིད་འགྲུབ་པ་སྲང་ མདའི་མཐོ་དམན་བཞིན་དུ་མཉམ་པར་གསུངས་པའི་ཕྱིར་དང༌། བར་དོ་རྫུས་སྐྱེས་ཀྱི་ཡན་ལག་དང་ཉིང་ལག་དུས་གཅིག་ཅར་དུ་འགྲུབ་པའི་ཕྱིར་རོ། །འོན་ཀྱང་ཉེར་ཐོབ་ལས་མཆེད་པ་དང་དེ་ལས་སྣང་བ་གྲུབ་པའི་མཐར་རང་བཞིན་རྣམས་སྐྱེའོ། །མཁས་ 5-5-11a པ་ཁ་ཅིག་རྡོ་རྗེ་ཕྲེང་བ་ལས། སྣང་བ་གསུམ་གྱི་མཚན་ཉིད་ཅན། །གང་འདིར་རྣམ་ཤེས་གསུམ་ཐོབ་པ། །སེམས་ཅན་ཁམས་ནི་མ་ལུས་པའི། །རང་བཞིན་རྩ་བ་འདི་ཡིན་ནོ། །ཞེས་གསུངས་པས་བར་དོའི་སེམས་ཅན་འགྲུབ་པ་ལ་སྣང་བ་ གསུམ་ག་རྒྱུར་དགོས་ཞེས་གསུངས་མོད་ཀྱང༌། ལུང་དེ་ཉི་སྣང་བ་གསུམ་སེམས་ཅན་ཐམས་ཅད་ཀྱི་ལུས་འགྲུབ་པའི་རྒྱུར་མི་སྟོན་གྱི། སེམས་ཅན་ཐམས་ཅད་ཀྱི་རང་བཞིན་བརྒྱད་ཅུའི་རྩ་བར་སྟོན་པ་ཡིན་ནོ། །བར་དོ་ཤི་བའི་འོད་གསལ་ལས་བྱུང་བའི་ རྣམ་ཤེས་ཉེར་ཐོབ་ནི། སྐྱེ་བའི་སྲིད་པ་ཞེས་བྱ་བ་སྐྱེ་གནས་སུ་དང་པོར་ཉིང་མཚམས་སྦྱོར་བའི་སེམས་སོ། །ཉེར་ཐོབ་དེ་ལས་སྐྱེས་པའི་ཡིད་ནི་སྣང་བ་མཆེད་པ་དང༌། དེ་ལས་སྐྱེས་པའི་སེམས་ནི་སྣང་བའོ། །གཉིས་པ་ནི། འདུན་པའི་སྐོར་རྣམས་ནས་ ཐ་མའི་འཆི་སེམས་ཀྱི་འོད་གསལ་ནམ་མཁའ་སྤྲིན་མེད་པའི་རྣམ་པ་ཅན་དུ་སྣང་བ་དང༌། དེ་ཉིད་ཐབས་མཁས་པའི་མན་ངག་གིས་ཟིན་པས། དོན་དམ་པའི་བདེན་པ་ལ་དམིགས་པའི་ལམ་གྱི་འོད་གསལ་དང་བསྲེ་ནུས་པ་དང༌། དང་པོའི་སྐྱེ་བ་ལེན་ པའི་སེམས་ནམ་མཁའ་གཡའ་དག་པ་ལྟ་བུའི་སྣང་བདེ་བསྡུས་ནས། ནེར་ཐོབ་མུན་པའི་རྣམ་པར་ལྟ་བུའི་ངོ་བོར་བཤད་པས། ཚོགས་དྲུག་ལས་རྫས་ཐ་དད་པའི་ཀུན་གཞིའི་རྣམ་ཤེས་ཉིད་འཆི་སེམས་དང་སྐྱེ་སེམས་སུ་མི་བཞེད་པར་གསལ་ཏེ། དེ་མ་ཡིན་ན། ཀུན་གཞིའི་རྣམ་ཤེས་དམིགས་རྣམ་བརྟན་ཆགས་པར་འདོད་པས། སྐད་ཅིག་སྔ་ཕྱི་ལ་ནམ་མཁའ་གཡའ་དག་དང༌། མུན་པའི་རྣམ་པ་ཅན་དུ་དམིགས་རྣམས་འགྱུར་པ་མི་འཐད་ཅིང༌། དེ་ལ་དོན་ལྔ་དང༌། སེམས་ཅན་ཏེ་དབང་པོ་ལྔར་རྒྱངས་ 5-5-11b ཆད་དུ་སྣང་བ་བརྟན་པར་གནས་པ་དང༌། གཉིས་སྣང་རགས་པ་ཐམས་ཅད་ལོག་པ་འགལ་བའི་ཕྱིར་དང༌། ཀུན་གཞིའི་རྣམ་ཤེས་ལམ་དུས་སུ་རྟག་ཏུ་ལུང་མ་བསྟན་དུ་གནས་པ་དང༌། ལམ་དུས་སུ་བདག་མེད་པའི་དོན་འཛིན་བྱེད་དུ་སྐྱེད་ནུས་པ་འགལ་བའི་ ཕྱིར་རོ། །གཞན་ཡང་ཐམས་ཅད་སྟོང་པའི་ངོ་བོར་གྱུར་པའི་འཆི་བའི་འོད་གསལ་གྱི་ཤེས་པ་དང༌། སྟོང་ཆེན་གྱི་ངོ་བོར་གྱུར་པའི་ཉེར་ཐོབ་ཀྱི་སེམས་གཉིས་ཀུན་གཞིའི་རྣམ་ཤེས་ཀྱི་རིགས་འདྲ་སྔ་ཕྱིར་འདོད་ན། ཤིན་ཏུ་སྟོང་པ་དང་སྟོང་པའི་ངོ་བོར་གྱུར་ པའི་སྣང་མཆེད་གཉིས་ཀྱང་ཀུན་གཞིའི་རིགས་འདྲ་སྔ་ཕྱི་ལ་བཞག་དགོས་ལ། དེ་ལྟ་ན་གཞི་དུས་ཀྱི་སྟོང་པ་བཞིའི་སེམས་དེ་ཉིད་དང་རིགས་མཚུངས་པའི་ཤེས་པ་ལམ་དུས་ཀྱི་སྟོང་པ་བཞིའི་ངོ་བོར་སྐྱེད་པས། དེ་དག་ཀྱང་ཡིད་ཤེས་ལ་མི་བྱེད་པར་ཀུན་ གཞི་ལ་བྱེད་དགོས་པར་ཧ་ཅང་ཐལ་བར་འགྱུར་ཞིང༌། ཕྱག་རྒྱ་ཆེན་པོ་ཐིག་ལེ་ལས་དགའ་བ་བཞི་སྣང་མཆེད་ཐོབ་གསུམ་འོད་གསལ་དུ་བཤད་པས། དགའ་བ་བཞི་ཡང་ཀུན་གཞིའི་རིགས་འདྲ་སྔ་ཕྱི་ལ་བཞག་དགོས་པར་འགྱུར་རོ། །དེའི་ཕྱིར་སྣང་མཆེད་ ཐོབ་གསུམ་ནི་ཡིད་ཀྱི་ཤེས་པ་ཡིན་ལ། ཡིད་ཀྱི་ཤེས་པ་ཉིད་ཀུན་ནས་ཉོན་མོངས་དང་རྣམ་བྱང་གི་ཆོས་ཐམས་ཅད་ཀྱི་རྩ་བ་དང༌། དེ་ཉིད་ལ་སེམས་དང་ཡིད་དང་རྣམ་ཤེས་གསུམ་དུ་ཡང་རྒྱུད་འདིར་གསུངས་པས། ཚོགས་དྲུག་ལས་རྫས་ཐ་དད་པའི་ ཀུན་གཞི་འདོད་པ་རྣམས། ཡིད་ཀྱི་ཤེས་པ་ལས་རྫས་ཐ་དད་པའི་སེམས་ཤིག་ཀུན་བྱུང་གི་རྩ་བར་འདོད་པ་དང་། སེམས་ཀུན་གཞི་དང༌། ཡིད་ཉོན་ཡིད་དང༌། དེ་མ་ཐག་ཡིད་གཉིས་དང༌། རྣམ་ཤེས་ཚོགས་དྲུག་ལ་འདོད་པ་རྣམས་དང་མི་མཐུན་ནོ། ། 5-5-12a དོན་གྱི་དབང་འདི་གཟིགས་ནས་དཔལ་ལྡན་ཟླ་བ་གྲགས་པས་ཀུན་གཞིའི་རྣམ་ཤེས་དྲང་དོན་དུ་བཤད་དེ། དེ་ལྟར་འཆད་པའི་མདོའི་ཤེས་བྱེད་དང༌། ཀུན་གཞི་ལས་མི་ལེན་པ་ལ་གནོད་པ་བསྟན་པས་སྤང་དཀའ་བ་རྣམས་ཀྱི་སྐྱོན་ སྤོང་ཟླ་བའི་ལུགས་ཀྱིས་མཛད་ཚུལ་ནི་གཞན་དུ་བཤད་ཟིན་ཏོ། །མདོ་སྡེ་ལས་ཀུན་གཞིའི་རྣམ་ཤེས་བཞག་མ་བཞག་གི་ཚུལ་གཉིས་བཀའ་སྩལ་པ་བཞིན་དུ། རྗེ་བཙུན་བྱམས་པས་ཀྱང་དེ་དག་གི་དོན་རྣམ་པར་འགྲེལ་པ་ན། དབུས་མཐའ་དང་ མདོ་སྡེ་རྒྱན་དང་ཆོས་ཉིད་རྣམ་འབྱེད་དུ་ཀུན་གཟི་རྣམ་པར་བཞག་པ་དང༌། ཕྱི་རོལ་མེད་པའི་ཕྱོགས་བཤད་ལ། མངོན་རྟོགས་རྒྱན་དང་རྒྱུད་བླ་མ་ལས་ཀུན་གཞིའི་རྣམ་ཤེས་རྣམ་པར་མ་བཞག་པ་དང༌། ཕྱི་རོལ་མ་བཀའ་པའི་ཕྱོགས་བཤད་དོ། ། དེ་བཞིན་རྒྱུད་དེ་རྣམས་ལས་ཀྱང་ཀུན་གཟིའི་རྣམ་ཤེས་རྣམ་པར་བཞག་པ་དང་རྣམ་པར་མ་བཞག་པའི་ཕྱོགས་གཉིས་ཡོད་ལ། འདུས་པ་རྩ་བཤད་དང༌། དེའི་དགོངས་པ་འགྲེལ་པ་འཕགས་པ་ཡབ་སྲས་ཀྱི་གཞུང་རྣམས་སུ་ཡང་ཕྱོགས་ཕྱི་མའི་ ལུགས་བཞེད་པ་ཡིན་ནོ། །གལ་ཏེ་འདུས་པའི་ལུགས་ཀྱིས་ཚོགས་དྲུག་ལས་ངོ་བོ་ཐ་དད་པའི་ཀུན་གཞི་དང་ཉོན་ཡིད་མི་བཞེད་ན་རྡོ་རྗེ་ཕྲེང་བ་ལས། རྣམ་ཤེས་ཚོགས་བརྒྱད་བྱང་ཆུབ་སེམས་དཔའ་བརྒྱད་དང་སྦྱར་བ་དང༌། ཀུན་གཞིའི་རྣམ་ཤེས་ བཀུག་ནས་ནི། །བག་ཆགས་ནང་དུ་སྤྱོད་པར་བྱེད། བག་ཆགས་ཀྱིས་ནི་རྣམ་ཤེས་བཟུང༌། །བག་ཆགས་དང་འདྲེས་རིམ་པ་ལས། རང་གི་བག་ཆགས་བསྒོས་པ་ཡིས། །དེ་རྣམས་ཟླ་མཚན་དུས་སུ་ནི། མངལ་གྱི་རྩལ་འཇུག་པ་ནི། །དེ་རྗེས་ཁུ་ 5-5-12b ཁྲག་ཞུ་ཐིག་ལེ། །འདྲེས་པ་རུ་ནི་གྱུར་པ་དང༌། །ཇི་ལྟར་ཆང་རོས་མྱོས་པ་བཞིན། །ཀུན་གཞིའི་རྣམ་ཤེས་བག་ཆགས་ལས། །རྣམ་པར་ཤེས་པ་སྐྱེ་བར་འགྱུར། །ཞེས་ཁུ་ཁྲག་འདྲེས་པའི་ཐིག་ལེའི་ནང་དུ་ཀུན་གཞིའི་རྣམ་ཤེས་ཞུགས་པ་ལས་རྣམ་ ཤེས་སྐྱེ་བར་གསུངས་པ་མི་འཐད་དོ་སྙམ་ན། རྒྱུད་འདིར་ཀུན་གཞི་དང་ཉོན་ཡོད་ཅེས་གསུངས་པ་ནི་གཞུང་གཞན་ནས་བཤད་པ་དང་མིང་འདྲ་ཡང་དོན་མི་འདྲ་སྟེ། ལུང་དེའི་གོང་ཉིད་དུ། བག་ཆགས་ཉོན་མོངས་ཅན་གྱི་ཡིད། །ཅེས་དང༌། ཉོན་ ཡིད་བྱམས་པ་དང་སྦྱོར་བའི་སྐབས་སུ་ཡང༌། བག་ཆགས་ཡུལ་གྱི་བདག་ཉིད་ཅན། །བྱམས་པ་རུ་ནི་རྣམ་པར་ཤེས། །ཞེས་གསུངས་པས་ཉོན་མོངས་པའི་བག་ཆགས་ལ་ཉོན་ཡིད་དུ་བཤད་ལ། ཀུན་གཞི་བཀུག་ནས་བག་ཆགས་ཀྱི་ནང་དུ་སྤྱོད་ པའི་དོན་ནི། ཉོན་མོངས་པའི་བག་ཆགས་ཀྱིས་རྣམ་ཤེས་བཟུང་བ་སྟེ་བསླད་པའི་དོན་ནོ། །ཉོན་ཡིད་ཅེས་པའི་བག་ཆགས་དང་འདྲེས་པའི་རྣམ་ཤེས་མངལ་དུ་འཇུག་པར་བཤད་པའི་ཀུན་གཞི་ཞེས་པ་ནི་ཀུན་བྱང་གི་ཆོས་ཀུན་གྱི་རྩ་བར་གསུངས་ པའི་ཡིད་ཀྱི་ཤེས་པ་ཡིན་གྱི། གཞུང་གཞན་ནས་བཤད་པའི་ཀུན་གཞི་མིན་ཏེ། ཉོན་ཡིད་བཞིན་ནོ། །དེ་ལས་རྣམ་ཤེས་སྐྱེ་བ་ནི་འཆི་བའི་འོད་གསལ་ལས་རྣམ་ཤེས་ཤེས་སྐྱེ་བར་སྔར་བཤད་པ་དེ་ཉིད་དོ། །འོ་ན་རྣམ་ཤེས་ཚོགས་དྲུག་ཏུ་མ་འདུས་པའི་ རྣམས་ཤེས་གཉིས་མེད་པས་བྱམས་པ་ཉོན་ཡིད་དང༌། ཀུན་བཟང་ཀུན་གཞི་དང་སྦྱར་བ་མི་འཐད་དོ་སྙམ་ན། དེ་ལྟ་ན་གཟུགས་ཕུང་དུ་མ་འདུས་པའི་འབྱུང་པ་བཞི་དང་མིག་སོགས་ལྔ་མེད་པས། གཟུགས་ཕུང་རྣམ་སྣང་དང་སྦྱར་བའི་འོག་ཏུ་ 5-5-13a འབྱུང་བཞི་ལྷ་མོ་བཞི་དང་མིག་སོགས་ལ་སྙིང་དང་སྦྱོར་བ་ཡང་མི་འཐད་པར་འགྱུར་རོ། །དེས་ན་དག་པ་སོ་སོར་སྦྱོར་བ་ལ་ལྡོག་པ་ཐ་དད་པས་ཀྱང་ཆོག་སྟེ། དཔེར་ན་ཡིད་ཀྱི་སྐྱེ་མཆེད་བྱང་ཆུབ་སེམས་དཔའི་རྣམ་དག་དང་རྣམ་ ཤེས་ཀྱི་ཕུང་པོ་དེ་བཞིན་གཤེགས་པའི་རྣམ་དག་ཏུ་བཤད་པ་བཞིན་ནོ། །འོ་ན་འདུས་པའི་ལེའུ་གཉིས་པར་རྣམ་སྣང་གིས་གསུངས་པའི་བྱང་ཆུབ་སེམས་ཀྱི་རྣམ་འགྲེལ་དུ། ཇི་ལྟར་ཁབ་ལོང་དང་ཉེ་བས། ལྕགས་ནི་མྱུར་དུ་ཡོངས་སུ་འཁོར། ། དེ་ལ་སེམས་ནི་ཡོད་མིན་ཏེ། །སེམས་དང་ལྡན་བཞིན་སྣང་བར་འགྱུར། །དེ་བཞིན་ཀུན་གཞིའི་རྣམ་ཤེས་ནི། །བདེན་མིན་བདེན་པ་བཞིན་དུ་ནི། །གང་ཚེ་འགྲོ་འོང་གཡོ་བར་འགྱུར། །དེ་ཚེ་སྲིད་པ་འཛིན་པར་བྱེད། །ཇི་ལྟར་རྒྱ་མཚོ་ལ་ནི་ཤིང༌། །སེམས་ ནི་མེད་ཀྱང་གཡོ་བར་འགྱུར། །དེ་བཞིན་ཀུན་གཞིའི་རྣམ་ཤེས་ནི། །ལུས་ལ་བརྟེན་ནས་གཡོ་བ་ཡིན། །ཞེས་ཀུན་གཞིའི་རྣམ་ཤེས་ཀྱིས་སྲིད་པ་འཛིན་པར་གསུངས་པ་ཇི་ལྟར་དྲང་ཞེ་ན། དེ་ནི་སེམས་ལས་དོན་གཞན་པའི་ཕྱིར་རོལ་བཀག་ནས། སེམས་ཙམ་ཞིག་རང་བཞིན་གྱིས་གྲུབ་པ་མ་བཀག་པའི་སེམས་ཙམ་གསུངས་པ་ནི། བྱིས་པ་ཐམས་ཅད་སྟོང་པར་བསྟན་པ་ལ་སྐྲག་པ་སྤང་བའི་ཕྱིར་ཡིན་གྱི། ངེས་དོན་གྱི་དེ་ཉིད་མིན་པ་དང༌། རྣལ་འབྱོར་སྤྱོད་པ་པ་རྣམས་ཀྱིས་གནས་ གྱུར་པའི་སེམས་ཀྱི་དག་པ་རང་བཞིན་གྱིས་གྲུབ་པ་ཅིག་སོ་སོ་རང་རིག་པའི་སྤྱོད་ཡུལ་དུ་གྲུབ་པ་ཁས་བླངས་པ་བཀག་པའི་ཚེ། སེམས་བདེན་པ་མེད་ན་འཇིག་རྟེན་སྔ་མ་ནས་འདིར་འོང་བ་དང༌། འདི་ནས་ཕྱི་མར་འགྲོ་བའི་གཡོ་བའི་བྱ་བ་མི་ 5-5-13b འཐད་དོ་སྙམ་པའི་རྩོད་པ་ཁོང་ན་གནས་པའི་ལན་དུ། ལྕགས་དང་ཤིང་ལ་སེམས་མེད་ཀྱང་ཡོད་པ་ལྟར་གཡོ་བ་བཞིན་དུ། ཀུན་གཞི་བདེན་པར་མེད་ཀྱང་བདེན་པར་ཡོད་པ་ལྟར་འགྲོ་འོང་གི་གཡོ་བ་དང་བཅས་པ་སྣང་ངོ་ཞེས་སྟོན་པ་ཡིན་པས། གཞུང་གཞན་ནས་བཤད་པ་ལྟར་གྱི་ཀུན་གཞིའི་རྣམ་ཤེས་རང་གི་མཚན་ཉིད་ཀྱི་གྲུབ་པ་ཁས་ལེན་པ་ནི་མིན་ནོ། །གལ་ཏེ་ཀུན་གཞི་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཁས་མི་ལེན་ཀྱང༌། ཚོགས་དྲུག་ལས་ངོ་བོ་ཐ་དད་པའི་སྒྱུ་མ་ལྟ་བུ་ཀུན་བྱང་གི་ཆོས་ཀུན་ གྱི་ས་བོན་ཐམས་ཅད་པ་ཁས་ལེན་ནོ་སྙམ་ན། དེ་འདྲའི་ཀུན་གཞི་ཁས་ལེན་ན་ཀུན་གཞིའི་བག་ཆགས་སྨིན་པ་ལས་གཞུགས་སྒྲ་སོགས་སུ་སྣང་བ་ཙམ་དུ་ཟད་ཀྱི་ཕྱི་རོལ་གྱི་དོན་མེད་པར་ཁས་བླང་དགོས་ན། གཞུང་དེ་ཉིད་ལས། ཤེས་པས་ཤེས་བྱ་རྟོགས་ པ་སྟེ། ཤེས་བྱ་མེད་པར་ཤེས་པ་མེད། །དེ་ལྟ་ན་ནི་རིག་བྱ་དང༌། རིག་བྱེད་མེད་ཅེས་ཅིས་མི་འདོད། །ཅེས་ཕྱིའི་ཤེས་བྱ་དང་ནང་གི་ཤེས་པ་གཉིས་ཡོད་མེད་མཚུངས་པས་གཅིག་མེད་ན་ཅིག་ཤོས་མེད་པར་གསུངས་ལ། འདི་ནི་འཇུག་པར་དོན་ཤེས་ གཉིས་དོན་དམ་དུ་མེད་མཉམ་དང་ཐ་སྙད་དུ་ཡོད་མཉམ་ཡིན་པས་བདེན་གཉིས་གང་དུ་ཡང་དེ་གཉིས་ལ་ཡོད་མེད་ཀྱི་ཁྱད་པར་འབྱེད་པ་མི་འཐད་པར་གསུངས་པ་དང་ཁྱད་མེད་པས་ན། ཕྱི་རོལ་མེད་པའི་ཤེས་པ་ཡོད་པ་སློབ་དཔོན་གྱི་བཞེང་པ་མིན་ ནོ། །དེའི་ཕྱིར་ཡིད་ཀྱི་ཤེས་པ་ལས་ངོ་བོ་ཐ་དད་པའི་ཀུན་གཞི་མི་བཞེད་པས། ཀུན་གཞི་ཞེས་གསུངས་པ་ནི། སྤྱིར་སེམས་རིག་ཅིང་གསལ་ཙམ་ལ་ཀུན་གཞིར་བཞག་པ་དང༌། ཁྱད་པར་དུ་ཡིད་ཀྱི་ཤེས་པ་ལ་ཡིན་ཏེ། སེམས་སྤྱི་ཙམ་རང་ 5-5-14a བཞིན་གྱིས་གྲུབ་པ་བཀག་པའི་ལན་དུ། སེམས་བདེན་པར་མེད་པ་ལ་བྱ་བྱེད་རུང་བའི་ཚུལ་ཡིན་པའི་ཕྱིར་དང༌། སྲིད་པར་སྐྱེ་བ་འཛིན་པའི་སེམས་ཡིད་ཤེས་ཡིན་སྔར་བསྒྲུབ་པའི་ཕྱིར་རོ། །གསུང་པ་ནི། རྒྱུད་འདིར་ རྣམ་པར་ཤེས་པ་དེའི་བཞོན་པ་རླུང་ངོ་། །ཞེས་པའི་དོན་ནི། རྡོ་རྗེ་ཕྲེང་བ་ལས། རྣམ་ཤེས་ལས་ནི་སྐྱེས་པའི་རླུང༌། །ཞེས་གསུངས་པ་ལྟར་སྣང་བ་ལས་རླུང་སྐྱེ་བའི་དོན་དུ་གཟུང་གི། །སྣང་བའི་རང་དུས་ཀྱི་གཞོན་པའི་རླུང་སྟོན་པ་མིན་ནོ། །རླུང་དེ་ ལས་མེ་དང་དེ་ལས་ཆུ་དང་དེ་ལས་ས་སྐྱེ་བར་གསུངས་པ་ནི། ཁུ་ཁྲག་གི་དབུས་སུ་རྣམ་ཤེས་ཞུགས་ནས་ཉིང་མཚམས་སྦྱོར་བའི་ཚེ་འབྱུང་བ་བཞི་ཀ་ཡོད་པས་འབྱུང་བ་སྔར་མེད་གསར་དུ་སྐྱེ་བ་མིན་ནོ། །འོ་ན་ཅི་ཞེ་ན། རྡོ་རྗེ་ཕྲེང་བ་ལས། སྲ་ བའི་ཁམས་དང་ཆུ་ཉིད་དང༌། དེ་བཞིན་མེ་དང་རླུང་དག་ནི། །རྣམ་པར་ཤེས་པས་བླངས་ནས་ནི། །སྲིད་གསུམ་གནས་སུ་སྐྱེ་བར་འགྱུར་། །ཞེས་གསུངས་པས། སྣང་བ་ལས་ཤེས་པའི་རྟེན་བྱེད་པའི་ནུས་པ་ཁྱེད་པར་བ་ཐོབ་པའི་རླུང་སྐྱེ་ལ། དེ་ལས་ ཀྱང་ཤེས་པའི་རྟེན་བྱེད་པ་ནུས་པ་ཁྱད་པར་བ་ཐོབ་པའི་མེའི་ཁམས་སྐྱེ་སྟེ་གཞན་གཉིས་ཀྱང་དེ་བཞིན་ནོ། །འདི་བཞིའི་སྐྱེ་ཚུལ་ནི་ཐིམ་པ་ལུགས་འབྱུང་གིས་ཆུ་ལ་ཐིམ་པ་སོགས་ཀྱི་སྐབས་དང་སྦྱར་ནས་གོ་དགོས་སོ། །འབྱུང་བ་དེ་རྣམས་ ལས་ཕུང་པོ་ལ་སོགས་པ་འབྱུང་བར་གསུངས་པ་ནི། །དེ་རྣམས་སྔར་མེད་གསར་དུ་བྱུང་བ་མིན་གྱི་སྔར་ཐོབ་ཟིན་པ་རྣམས་མངལ་དུ་ཡོངས་སུ་རྫོགས་པར་གྱུར་པའོ། །སྣང་བ་ལས་རང་བཞིན་འབྱུང་བའི་ཚུལ་ནི་འཆད་པར་འགྱུར་རོ། ། 5-5-14b གཉིས་པ་ནི། དེ་ལྟ་སྔར་བཤད་པའི་སྐྱེ་བའི་རིམ་པ་ཅན་དེ་རྣམས་མཐར་འཆི་བའི་ཚེ་ཐིམ་པའམ་འགག་པའི་རིམ་པ་ཇི་ལྟར་ཡིན་སྙམ་ན། དང་པོ་ཡས་མར་སྐྱེ་བའི་རིམ་པ་ལྟར་འཆི་བ་ནམས་ཡར་ཐིམ་པར་འགྱུར་ཏེ། རྡོ་རྗེ་ཕྲེང་བ་ལས། ཇི་ལྟར་སྐྱེ་བ་དེ་ལྟའི་ གནས། །ཐིམ་པར་འགྱུར་རོ་རང་བཞིན་ལས། །ཞེས་དང༌། རླུང་རྣམས་མཆོག་ཏུ་ནུབ་པ་ནི། གང་གིས་ཡང་དག་ཤེས་པ་ནི། །འཆི་བའི་སྐད་ཅིག་མཚན་ཉིད་ཤེས། །ཕན་ཚུན་དུ་ནི་ཡང་དག་སྡུད། །སྐྱེ་བའི་རིམ་ལྟར་ཐིམ་པར་འགྱུར། །ཞེས་སོ། །དེའི་རིམ་པ་ནི་འཕགས་ པ་ལྷའི་བདག་བྱིན་བརླབས་ལས། །ས་ཡི་ཁམས་ནི་ཆུ་ལ་ཐིམ། །ཆུ་ནི་མེ་ལ་ཐིམ་པར་འགྱུར། །མེ་ནི་ཕྲ་བའི་ཁམས་ལའོ། །རླུང་ནི་སེམས་ལ་ཐིམ་པར་འགྱུར། །སེམས་ནི་སེམས་ལས་བྱུང་ལ་ཐིམ། །སེམས་པས་བྱུང་བ་མ་རིག་པར། །དེ་ཡང་འོད་ གསལ་བར་འགྲོའོ། །སྲིད་པ་གསུམ་པོ་འདི་ལྟར་འགག །ཅེས་གསུངས་ཤིང༌། ལས་མཐའ་རྣམ་འབྱེད་ཀྱི་དོན་སྒྲོན་གསལ་ལས་ཀྱང་དེ་དང་མཐུན་པར་བཤད་པ་ལྟར། འདི་གསལ་ལས་ཉིད་ཐོབ་འབྱུང་བ་ནས་ཆུ་ལས་ས་སྐྱེ་བའི་རིམ་པ་ལྟར་ཐིམ་རིམ་ ངེས་པ་ཡིན་གྱི། སྐྱེ་རིམ་གཞན་གསུངས་པ་རྣམས་ལ་དེ་ལྟར་དུ་ཐིམ་པའི་ངེས་པ་མེད་དོ། །ས་ལ་སོགས་པ་ཐིམ་པའི་དོན་ནི་མན་ངག་སྙེ་མ་ལས། ཐིམ་པ་ནི་ས་ལ་སོགས་པའི་རིམ་པ་སྟེ། ལྷོད་པ་ཉིད་དང༌། རོ་བྲོ་བ་མེད་པ་ཉིད་དང༌། མེ་དྲོད་ཞན་པ་ ཉིད་དང༌། ལུས་ལ་སོག་སཔའི་གཡོ་བ་ཞན་པ་ནི། སྣང་བ་ལ་སོགས་པ་རླུང་དུ་སོན་པ་ན། རིམ་པས་རང་ཉིད་ཇི་ལྟ་བར་རང་བཞིན་རྣམས་ཞན་པར་གྱུར་ནས་འགག་གོ། ཞེས་བཤད་པ་ལྟར་ལུས་ལྷོད་པ་སོགས་སུ་གྱུར་ཏེ། འབྱུང་བ་རགས་པས་ཤེས་ 5-5-15a པའི་རྟེན་བྱེད་པའི་ནུས་པ་རྣམས་རིམ་གྱིས་བྲི་ནས་རང་བཞིན་བརྒྱད་ཅུའི་རྟོག་པ་རྣམས་འགག་པའོ། །འོ་ན་ས་ཆུ་ལ་ཐིམ་པ་ཞེས་སོགས་སྔ་མ་ཕྱི་མ་ལ་ཐིམ་པའི་དོན་གང་ཡིན་ཞེ་ན། སྔ་མ་རྣམས་ཀྱི་ནུས་པ་བསྡུས་ནས་ཕྱི་མའི་ནུས་པ་ གསལ་དུ་སོང་བ་ན། སྔ་མའི་ནུས་པ་ཕྱི་མི་ལ་འཕོས་པ་འདྲ་བ་ཅིག་བྱུང་བ་ལ་དེར་བཏགས་པའོ། །ས་ཆུ་ལ་ཐིམ་པ་ལས་སྨིག་རྒྱུ་ལྟར་སྣང་བ་དང༌། ཆུ་མེ་ལ་ཐིམ་པ་ལས་དུ་བ་ལྟར་སྣང་བ་དང༌། མེ་རླུང་ལ་ཐིམ་པ་ལས་མཁའ་སྣང་ལྟར་སྣང་བ་དང༌། ཁམས་ཕྲ་བ་སྣང་བ་གསུམ་དུ་སོང་བ་ལས་མར་མེ་ལྟར་སྣང་བ་དང༌། རང་བཞིན་ཀུན་ཏུ་སྣང་བ་ཐིམ་པ་ལས་སྤྲིན་མེད་པའི་ནམ་མཁའ་དང་འདྲ་ཞིང༌། རྟག་ཏུ་སྣང་བ་འོད་གསལ་བ་ཙམ་དུ་གྱུར་པར་སྒྲོན་གསལ་ལས་གསུངས་ཏེ། རྒྱུད་ཕྱི་མར་བཤད་ པའི་མཚན་མ་ལྔ་ཐིམ་རིམ་ལྔ་ལས་འབྱུང་བར་བཤད་པའོ། །དེ་ལ་ཁམས་ཕྲ་བ་ནི་རླུང་སྟེ། དེ་ཡང་རང་བཞིན་གྱི་རྟོག་པ་རྣམས་གཡོ་བར་བྱེད་པའི་རླུང་ཡིན་གྱི། རླུང་ཐམས་ཅད་དེར་ཐིམ་པ་མིན་ཏེ། སྣང་བ་གསུམ་དང་འོད་གསལ་གྱི་དུས་ནའང་རླུང་ སེམས་གཉིས་མཉམ་དུ་འཇུག་པས་སོ། །རླུང་དེ་སྣང་བ་གསུམ་དུ་སོང༌། །ཞེས་གསུངས་པ་ནི། རླུང་རྣམ་ཤེས་ལ་ཐིམ་ཞེས་སྣང་བ་གསུམ་སོ་སོར་མ་ཕྱེ་བར་སྤྱིར་བསྡོམས་པ་ལ་རླུང་ཐིམ་པར་བཤད་པ་དང་འདྲ་བས་རེགས་པ་ཡིན་ལ། ཞིབ་ཏུ་བྱེད་ན་ སྤྱོད་བསྡུས་དང་བདག་བྱིན་བརླབས་ལས་རླུང་སྣང་བ་ལ་ཐིམ་པར་གསུངས་པས་རླུང་སྣང་བ་དང་པོ་ལ་ཐིམ་པའི་དོན་ནོ། །རང་བཞིན་ཀུན་ཏུ་སྣང་བ་ཐིམ་པར་གྱུར་པ་ལས། ཞེས་ལོ་ཆེན་དང་འགོས་ཀྱིས་བསྒྱུར་བ་ལ། པ་ཚབ་ཀྱིས། རང་བཞིན་ཀུན་ཏུ་ 5-5-15b སྣང་བ་ལ་ཐིམ། ཞེས་བསྒྱུར་ཡང༌། སྣང་བ་གསུམ་གྱི་སྔ་མ་གཉིས་ཕྱི་མ་གཉིས་ལ་དང༌། ཕྱི་མ་འོད་གསལ་དུ་ཐིམ་པའི་རིམ་པ་སོ་སོར་མ་ཕྱེ་བར་སྤྱིར་བསྡོམས་ནས། རྣམ་ཤེས་འོད་གསལ་དུ་ཐིམ་པར་གསུངས་པ་དང་འདྲ་བས་སྣང་བ་གསུམ་ འོད་གསལ་དུ་ཐིམ་པ་ལ་བྱའོ། །དེང་རང་བཞིན་ཞེས་གསུངས་པ་ནི་སྣང་བ་གསུམ་ལ་རང་བཞིན་གྱི་སྣང་བ་ཞེས་ཟེར་བས། སྣང་བའི་མིང་ཡིན་གྱི་དེའི་དུས་སུ་རང་བཞིན་ཐིམ་པར་སྟོན་པ་མིན་ཏེ། རླུང་ཐིམ་པ་ནི་རང་བཞིན་གཡོ་བའི་རླུང་ཐིམ་པ་ ཡིན་པའི་ཕྱིར་རོ། །དེས་ན་སྣང་བའི་རང་བཞིན་ཞེས་པ་རང་བཞིན་གྱི་མིང་ཡིན་ལ། རང་བཞིན་གྱི་སྣང་བ་ཞེས་པ་སྣང་བའི་མིང་ངོ་། །སྣང་བ་གསུམ་གྱི་དུས་སུ་ཉམས་ཇི་ལྟ་བུ་འཆར་བའི་ཚུལ་ནི་སྤྱོད་བསྡུས་ལས། སྟོན་གྱི་ནམ་མཁའ་སྤྲིན་མེད་པ་ལ་ ཟླ་འོད་དང་ཉི་འོད་དང་མཚམས་ཀྱི་སྨག་གིས་ཁྱབ་པ་བཞིན་དུ་འབྱུང་བར་བཤད་པ་ལྟར་ཤེས་པར་བྱའོ། །སྤྱོད་བསྡུས་ལས་སྣང་བ་གསུམ་དང་འོད་གསལ་བཞི་སྔ་མ་ཕྱི་མ་ལ་ཐིམ་པ་དང༌། སྣང་བ་གསུམ་གྱི་མཚན་ཉིད་སོ་སོར་ཕྱེ་ནས་བཤད་ ཀྱང༌། དང་པོར་སྨིག་རྒྱུ་ལྟ་བུ་ལ་འོད་ཟེར་ལྔ་དང་ལྡན་པར་མཐོང་བའི་གཉིས་པ་ནི་སྣང་བ་སྟེ་ཟླ་བའི་འོད་ཟེར་ལྟ་བུའོ། །ཞེས་མཚན་མ་བཞི་བསྡུས་ནས་གསུངས་ལ། སྒྲོན་གསལ་ལས་མཚན་མ་བཞི་རྒྱས་པར་བཤད་ཀྱང་སྣང་བ་གསུམ་འོད་ གསལ་དུ་འཇུག་རིམ་དང༌། སྣང་བ་གསུམ་གྱི་མཚན་ཉིད་རྣམས་སོ་སོར་མ་ཕྱེ་བར་བསྡུས་ནས་གསུངས་པ་ནི། གཅིག་ན་བསྡུས་པ་ཅིག་ཤོས་ན་རྒྱས་པས་ཕན་ཚུན་སྦྱར་བར་བྱའོ། །འོ་ན་ཁམས་ཕྲ་བ་སྣང་བ་ལ་ཐིམ་པ་ན་མར་མེ་ལྟར་ 5-5-16a སྣང་བ་དང༌། སྣང་བ་དང་པོའི་དུས་སུ་ནམ་མཁའ་ལ་ཟླ་འོད་ཤར་བ་བཞིན་འབྱུང་བར་བཤད་པ་འགལ་སྙམ་ན། ཀུན་རྟོག་གཡོ་བའི་རླུང་ཐིམ་པའི་དུས་དང༌། དེའི་རྗེས་སུ་སྣང་བ་དང་པོ་སྐྱེས་པའི་དུས་ཀྱི་ཁྱད་པར་ཡིན་པས་མི་ འགལ་ལོ། །དེ་ལྟར་མཚན་མ་ལྔ་དང་ཟླ་འོད་ལྟར་སྣང་བ་ལ་སོགས་པ་རྣམས་སྒྲོན་གསལ་དང་སྤྱོད་བསྡུས་ལས་རྫོགས་རིམ་གྱི་ལམ་གྱི་འོད་གསལ་དུ་འཇུག་པའི་རིམ་པ་ལ་བཤད་ཀྱང་འཆི་བའི་རིམ་པ་ལ་ཡང་དེ་བཞིན་དུ་འཆར་པས་གཞི་ ལམ་གཉིས་ཀའི་སྐབས་ལ་སྦྱར་བར་བྱ་སྟེ། དེ་གཉིས་མཚན་ཉིད་མཚུངས་པའི་ཕྱིར་རོ། །དེའི་ཕྱིར་རྡོ་རྗེ་ཕྲེང་བའི་འོད་གསལ་དུ་འཇུག་པའི་ཐིམ་རིམ་རྣམས་མདོར་བྱས་ལས་ལྷག་མོས་འོད་གསལ་དུ་སྡུད་པ་ལ་སྦྱར། སྒྲོན་གསལ་ ལས་བར་དོར་འཚང་རྒྱ་བའི་འཆི་བའི་འོད་གསལ་དུ་འཇུག་པའི་རིམ་པ་དང༌། ཚེ་འདིར་འཚང་རྒྱ་བའི་རྫོགས་རིམ་གྱི་སྐབས་གཉིས་ལ་སྦྱར། རྣམ་གཞག་ལས་ཐ་མལ་པའི་འཆི་བའི་རིམ་པ་དང་། རྫོགས་རིམ་གྱི་སྐབས་གཉིས་ལ་ སྦྱར་ཏེ། རྡོ་རྗེའི་ཚིག་གཅིག་ཡིན་ཀྱང་དེ་རྣམས་ཀུན་ལ་སྦྱར་དུ་རུང་བ་ཡིན་ནོ། དེས་ནི་སྐྱེ་བ་བརྒྱུད་ནས་འཚང་རྒྱ་བས་སད་དུས་ཀྱི་འོང་གསལ་དང་གཉིད་དུས་ཀྱི་འོད་གསལ་སྦྱངས་པས། འཆི་བའི་འོད་གསལ་དང་བསྲེ་ནུས་པའི་ གདམས་ངག་ལ་ངེས་པ་སྟེར་ལ། དེའི་གནད་ཀྱིས་གང་ཟག་དེས་སད་དུས་ཀྱི་སྒྱུ་ལུས་རྗེས་མཐུན་པ་དང༌། གཉིད་ཀྱི་སྟོང་པ་རྣམས་ཀྱི་མཐར་རྨི་ལམ་གྱི་སྒྱུ་ལུས་སྦྱངས་པ་ལ་བརྟེན་པ་རྙེད་ན། བར་དོ་དང་བསྲེ་ནུས་པའི་གདམས་ 5-5-16b ངག་ལ་ངེས་པ་རྙེད་པར་འགྱུར་རོ། །འཆི་དུས་དང་ལམ་གྱི་ཐིམ་རིམ་འདི་དག་དང་པོར་སྐྱེ་བ་རྣམས་ཕྱིས་ཐིམ་པ་དང༌། ཕྱིས་སྐྱེས་བ་རྣམས་སྔོན་ལ་ཐིམ་པའི་ཆ་ནས། ལུགས་ལྡོག་གི་རིམ་པ་འདྲ་བ་ཞིག་ཡོད་ཀྱང༌། སྟོང་པ་བཞིའི་རིམ་པའི་དབང་དུ་བྱས་ནས་ ཐིམ་རིམ་ལུགས་འབྱུང་དང༌། སྐྱེ་རིམ་རྣམས་ལུགས་ལྡོག་ཏུ་བྱས་སོ། །གསུམ་པ་ནི། སྤྱོད་བསྡུས་ལས་བདག་དང་བདག་གིར་བཟུང་བ་ལ་བརྟེན་ནས་ལས་དགེ་མི་དགེ་བྱས་ཏེ། བདེ་འགྲོ་དང་ངན་འགྲོར་འཁོར་བར་འཇུག་པའི་རིམ་པ་བརྒྱད་ སྟོང་པ་ལ་སོགས་པའི་མདོ་གསུམ་གྱིས་བསྒྲུབས་ཤིང༌། དེ་རྣམས་ཀྱི་དོན་གསལ་བར་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། གལ་ཏེ་འདི་ཀུན་སྟོང་པ་དང༌། །སྐྱེ་མེད་ངོ་བོ་ཉིད་ཡིན་ན། །བདེ་དང་སྡུག་བསྔལ་སོགས་འཇུག་འདིར། །ཇི་ལྟར་ལས་ཀྱིས་འཁོར་བར་འགྱུར། ། བདག་ཏུ་རློམ་པར་གྱུར་མ་ཐག །འདོད་ཆགས་ལ་སོགས་དྲི་མ་ཡིས། །བརྟགས་པས་བཞག་གྱི་དབང་གྱུར་པས། །བྱིས་པ་སྡུག་བསྔལ་གྱིས་ཉོན་མོངས། །འདི་དག་ཐམས་ཅད་སེམས་ཙམ་སྟེ། །སྒྱུར་མའི་རྣམ་པར་ཡང་དག་འབྱུང༌། །དེ་ནས་དགེ་དང་མི་དགེའི་ ལས། །དེས་ནི་བདེ་འགྲོ་ངན་འགྲོར་སྐྱེ། །ཞེས་པས་བསྟན་པར་གསུངས་ཏེ། །འདི་ནི་མདོ་སྡེ་དང་རྒྱུད་སྡེ་གཉིས་ཀའི་ལུགས་ཐུན་མོང་བའོ། །དེ་དག་གིས་ནི་བདག་དང་བདག་གིར་འཛིན་པའི་ཡུལ་སུན་ཕྱུང་སྟེ་བདག་མེད་པའི་ལྟ་བ་རྙེད་ནས། དེའི་དོན་བསྒོམས་ པས་འཁོར་བ་ལྡོག་པར་བསྟན་ཏོ། །སྔར་བཤད་པ་ལྟར་གྱི་ལུགས་འབྱུང་དང་ལུགས་ལྡོག་གི་སྐྱེ་འཆི་བརྒྱུད་པའི་རིམ་པ་ནི་འཁོར་བར་འཇུག་རིམ་བླ་མེད་ནས་བཤད་པ་ཐེག་པ་གཞན་དང་རྒྱུད་སྡེ་འོག་མ་ནས་མ་བསྟན་པའོ། །དེ་ཡང་སྤྱོད་བསྡུས་ལས་ 5-5-17a བཤད་པའི་རྒྱུད་ལ་བརྟེན་ནས་རླུང་གི་བཞོན་པ་ཅན་གྱི་སྣང་བ་གསུམ་ཇི་ལྟ་བ་བཞིན་མི་ཤེས་པས། ལས་གཉིས་ཀྱི་འབྲས་བུ་མྱོང་བའི་མཐར་དོན་དམ་པའི་བདེན་པའི་དཀྱིལ་འཁོར་འཆི་བའི་འོད་གསལ་དུ་འཇུག་པའི་རིམ་གྱིས་ཞུགས་ ནས། ཆོས་ཀྱི་དབྱིངས་འཆི་བའི་འོད་གསལ་གྱི་རྒྱུ་མཐུན་པའི་འབྲས་བུ་བར་དོ་གྲུབ་སྟེ། ལས་གཉིས་ཀྱིས་བསྐུལ་བས་འགྲོ་བ་ལྔའི་འཁོར་བར་འཁོར་བར་གསུངས་པའོ། །འཆི་བའི་དུས་སུ་རླུང་ཐིམ་པའི་རིམ་པ་ལས་སྟོང་པ་བཞི་འཆར་བའི་རླུང་སྡུད་ པའི་གནས་མཐར་ཐུག་པ་ནི་སྙིང་ཁ་ཡིན་ཏེ། རྡོ་རྗེ་ཕྲེང་བ་ལས། ཉོན་མོངས་ཅན་ཡིད་སྲོག་རླུང་ཉིད། །ཐོག་མར་འཕོ་བའི་དུས་སུ་ནི། །ཉ་ཡི་རྣམ་པ་ལྟ་བུར་འགྱུར། །ཞེས་འཕོ་བ་དང་པོའི་དུས་སུ་སྲོག་འཛིན་གྱི་རླུང་ཆགས་པར་བཤད་ཅིང༌། དེའི་ གནས་ཀྱང་དེ་ཉིད་ལས། སྲོག་གི་རླུང་ནི་སྙིང་ཁར་གནས། །ཞེས་གསུངས་པས་འཆགས་པའི་ཚེ་དང་པོ་སྙིང་ཁར་སྲོག་རླུང་འཆགས་ལ། དྲང་པོ་གང་ནས་སྐྱེ་བའི་རིམ་པ་དེས་སླར་སྡུད་པར་གསུངས་པའི་ཕྱིར་རོ། །སྤྱོད་བསྡུས་ལས་ཀྱང༌། ཡང་དེ་རྣམས་ མི་ཤིགས་པ་ཐོབ་ནས་དངོས་པོ་མེད་པར་འགྱུར་རོ། །ཞེས་དང༌། དེ་ལྟར་ལུས་ལ་གནས་པའི་སྐབས་སུ་ཐམས་ཅད་བྱས་ཏེ། མཐར་མི་ཤིགས་པར་ཞུགས་ནས་ཡང་ཐ་མལ་པའི་ལུས་ལ་བརྟེན་ཏེ་དེ་བཞིན་དུ་ཐམས་ཅད་བྱེད་དོ། །ཞེས་རླུང་གི་བྱེད་ ལས་ཀྱི་སྐབས་སུ་གསུངས་ལ། མི་ཤིགས་པ་ནི་སྤྱོད་བསྡུས་སུ། སྙིང་གི་དབུས་ན་མི་ཤིགས་པ། །གསལ་ཞིང་མར་མེ་དག་དང་མཚུངས། །མི་འགྱུར་མཆོག་ཏུ་ཕྲ་བ་སྟེ། ཨ་ནི་གཙོ་བོ་དམ་པའོ། །ཞེས་དྲངས་པ་ལས་སྙིང་ཁ་ན་གནས་པར་གསུངས་ 5-5-17b པའི་ཕྱིར་རོ། །རྡོ་རྗེ་ཕྲེང་བ་ལས་སྙིང་ཁའི་རྩ་བརྒྱུད་ལས་གྱེས་ནས་རྩ་སྟོང་ཕྲག་དོན་གཉིས་སུ་འགྱུར་པར་གསུངས་པས། རྩ་འཆགས་པ་ཡང་ཐོག་མར་སྙིང་ཁ་ནས་འཆགས་སོ། །དེས་ན་སའི་དངོས་གཞིར་བར་དོ་གང་དུ་ཞུགས་པའི་ཁུ་ཁྲག་འདྲེས་ པའི་གནས་དེ་ལུས་ཀྱི་སྙིང་ཁ་ཡིན་ལ། དེ་ནས་ཡན་མན་དུ་ལུས་འཆགས་པ་དང༌། མཐར་འཆི་བ་ན་སྙིང་ཁ་ནས་རྣམ་ཤེས་ཀྱིས་ལུས་འདོར་བར་བཤད་པ་དང་འདུས་པའི་བཤད་རྒྱུད་རྣམས་མཐུན་ནོ། །བཞི་པ་ནི། དེ་ལྟར་ཐེག་པ་གཉིས་ཐུན་མོང་ བའི་འཁོར་བ་ལྡོག་འཇུག་ཤེས་པས་ནི། བདག་འཛིན་འཁོར་བའི་རྩ་བར་མཐོང་ནས་དེ་ལྡོག་པ་ལ་ཐེག་པ་གཉིས་ཀའི་ལུགས་ཀྱིས་བདག་མེད་པའི་ལྟ་བ་ཕུ་ཐག་ཆོད་པར་གོ་དགོས་པར་མཐོང་ནས་དེ་ངེས་པར་འཚོལ་བར་བྱེད་ལ། ཐུན་མོང་མ་ཡིན་ པའི་སྐྱེ་འཆིའི་རིམ་པ་ཤེས་ན་ནི། ཐབས་མཁས་པ་དང་བྲལ་བ་རྣམས་ལ་སྟོང་པ་བཞིའི་མཐར་རླུང་སེམས་ཙམ་ལས་བར་དོ་གྲུབ་ནས་སྲིད་པའི་འཁོར་ལོ་བསྐོར་བ་དེ་ཉིད། ཐབས་མཁས་ཀྱི་མན་ངག་དང་ལྡན་པས་སྟོང་པ་རྣམས་ཀྱི་མཐར་རླུང་ སེམས་ཙམ་ལས་གྲུབ་པའི་སྒྱུ་མའི་སྐུར་བསྐྱེད་པའི་བར་དོ་ཡོངས་སྐུར་འཁྱེར་ཤེས་པ་ཡིན་ཏེ། སྤྱོད་བསྡུས་ལས། དེ་ལྟར་བྱིས་པ་སོ་སོའི་སྐྱེ་བོ་སྲིད་པ་བར་མ་ཞེས་བྱ་བ་ནི་འཁོར་བའི་རྒྱུ་འགྱུར་རོ། །དེ་ཉིད་བླ་མ་བརྒྱུད་པའི་རིམ་གྱིས་དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་མན་ངག་ཐོབ་པ་རྣམས་ནི། བདག་ལ་བྱིན་གྱིས་བརླབས་པ་ཞེས་བྱ་བ་འདི་ལྟར་རྩིག་པའམ་རས་རིས་མེ་ལོང་གི་ནང་དུ་ཉེ་བར་སྣང་བ་བཞིན་དུ། རྡོ་རྗེའི་སྐུའི་ངོ་བོ་ཉིད་ཀྱིས་བདག་ཉིད་སྤྲུལ་ཏེ། ཞེས་གསུངས་པའི་ 5-5-18a ཕྱིར་རོ། །བར་དོ་ལོངས་སྐུའི་ལམ་འཁྱེར་ཤེས་ན་འཆི་རིམ་ཇི་ལྟ་བ་བཞིན་སྟོང་པ་བཞིན་བསྐྱེད་ནས་འཆི་བ་ཆོས་སྐུར་འཁྱེར་ཤེས་པར་འགྱུར་ལ། དེ་གཉིས་ཤེས་ན་སྐྱེ་བ་སྤྲུལ་སྐུར་འཁྱེར་བ་ཡང་ཤེས་པར་འགྱུར་རོ། །འཆི་བའི་ ཚེ་རླུང་སྙིང་ཁར་བསྡུས་པ་ལས་སྟོང་པ་བཞིའི་རིམ་འོད་གསལ་དུ་འཇུག་པ་བཞིན་དུ། ལམ་དུས་སུ་དེ་ལྟར་བྱིད་པ་འདི་མགོན་པོ་ཀླུ་སྒྲུབ་ཀྱི་ལུགས་དམ་པ་ཡིན་ཏེ་རིམ་ལྔ་ལས། མགོ་པོ་ནས་རྐང་པའི་བར། །ཇི་སྲིད་སྙིང་ཁར་ཕྱིན་པའི་བར་ རྣལ་འབྱོར་ཡང་དག་མཐའ་ལ་འཇུག །རིལ་པོར་འཛིན་པ་ཞེས་བཤད་དོ། །ཞེས་སྤྱི་བོ་ནས་མར་སྡུད་པའི་མཐའ་དང༌། རྐང་པ་ནས་ཡར་སྡུ་པའི་མཐའ་གཉིས་ཀ་སྙིང་ཁར་བསྟན་པའི་སྒོ་ནས་འོད་གསལ་དུ་འཇུག་པར་གསུངས་ལ། ཡང་དེ་ཉིས་ལས། དབུགས་ཀྱི་རླུང་ནི་མེ་ལོང་ལ། ཇི་ལྟར་ཀུན་ནས་ཐིམ་གྱུར་པ། །དེ་བཞིན་རྣལ་འབྱོར་ཡང་དག་མཐར། །ཡང་དང་ཡང་དུ་འཇུག་པར་བྱེད། །ཅེས་མེ་ལོང་ལ་ཧས་བཏབ་པའི་རླངས་པ་རྣམས་ཕྱོགས་ཀུན་ནས་དབུས་སུ་འདུ་བ་ལྟར། ལུས་ཀྱི་སྟེང་འོག་ལ་ སོགས་པའི་རླུང་རྣམས་ཀྱང་དབུས་སྙིང་ཁར་འདུས་ནས་འོད་གསལ་མངོན་དུ་བྱེད་པར་གསུངས་སོ། །དོན་འདི་ལྷ་མོ་བཞིས་ཞུས་པ་ལས་ཀྱང་གསུངས་ཏེ། དེའི་རྣམ་བཤད་དུ་བཤད་ཟིན་ཏོ། །དེས་ན་སེམས་དབེན་གྱི་སྟོང་པའི་ཡེ་ཤེས་རྣམས་འདྲེན་པར་ བྱེད་པའི་རྡོར་བཟླས་ཀྱིས་ཀྱང་རླུང་རྣམས་སྙིང་ཁའི་རྩ་འཁོར་གྱི་དབུས་སུ་སྡུད་དགོས་པའི་གནད་རྣམས་ནི་རྡོ་རྗེ་ཕྲེང་བའི་ལེའུ་དྲུག་པ་དང༌། སྐུ་གསུང་ཐུགས་ཀྱི་སྙིང་པོའི་ལེའུ་དང༌། ལྷ་མོ་བཞིས་ཞུས་པ་ལས་སེམས་དགོས་པར་ཡོད་ལ། འདིར་ 5-5-18b ནི་མང་བས་འཇིགས་ནས་མ་བྲིས་སོ། །རླུང་རྣམས་ཕྱོགས་མཚམས་གཞན་ནས་སྙིང་ཁར་བསྡུས་ཏེ་རིམ་གྱིས་ཐིམ་པ་ལས་སྟོང་པ་བཞི་འཆར་བའི་རིམ་པ་ཐུན་མོང་མ་ཡིན་པ་འདི་མ་ཤེས་ན། བྱང་ཆུབ་ཀྱི་སེམས་སྤྱི་བོ་ནས་གསང་གནས་ཀྱི་རྩེའི་བར་ དུ་བབ་པའི་རིམ་པ་ལས་དགའ་བ་བཞི་སྐྱེ་བ་དང་སྟོང་པ་བཞི་ཁྱད་མེད་པར་བཟུང་བས། འཕགས་སྐོར་གྱི་ལུགས་ཐུན་མོང་མ་ཡིན་པ་རྣམས་མི་ཐོན་ནོ། །དེ་ཡང་དེ་འདྲ་བའི་དགའ་བཞི་ལ་སྟོང་པ་བཞིར་བྱས་པ་ཞིག་ཀྱང་ཡོད་པར་འདོད་མོད་ཀྱང༌། དེ་ཙམ་གྱིས་ འདིའི་སྟོང་པ་བཞིའི་ཡེ་ཤེས་རྫོགས་པར་ངོས་མི་ཟིན་ནོ། །གསུམ་པ་ནི། རྒྱུད་འདིར་ཕུང་པོ་ལྔ་དང་སྐྱེ་མཆེད་དྲུག་ལ་སོགས་པ་ཐམས་ཅད་རླུང་སེམས་འདྲེས་པར་བཤད་པའི་དོན་གང་ཡིན་ཞེ་ན། འདི་ལ་བོད་ཀྱི་སྔོན་གྱི་འདུས་པ་པ་མང་པོས་གཞུང་དེ་ དང་རྡོ་རྗེ་ཕྲེང་བ་ལས། སྙིང་པོར་གྱུར་པ་རང་སྲོག་ལས། །ཁམས་གསུམ་ན་ནི་གཞན་མེད་དེ། །སྒྱུ་མ་རླུང་གི་ཁམས་གསུམ་པ། །རྨི་ལམ་རྨི་བ་བཞིན་དུ་མཐོང༌། །ཞེས་སེམས་ཅན་རང་རང་གི་སྲོག་སྟེ་རླུང་ལས་གཞན་པ་ཁམས་གསུམ་ན་མེད་པར་ གསུངས་པ་དང༌། ཡང་དེ་ཉིད་ལས། སྐྱེ་དང་གནས་དང་འཇིག་པ་དང༌། །སྲིད་པ་བར་མར་གནས་པ་སྟེ། །ཇི་སྲིད་འཇིག་རྟེན་གྱིས་བརྟགས་པ། །སེམས་ཀྱི་རླུང་གི་རྣམ་འཕྲུལ་ལོ། །ཞེས་གསུངས་པ་དང༌། དགོངས་པ་ལུང་སྟོན་ལས་ཀྱང༌། བྱང་ཆུབ་ སེམས་ལས་རླུང་འབྱུང་ཞིང༌། །ནམ་མཁའ་ལ་ནི་རྣམ་གནས་པ། །སེམས་ཅན་ཀུན་གྱི་སྲོག་གྱུར་ཅིག །ལྔ་ཡི་བདག་གཉིད་བཅུ་མིང་ཅན། །རྟེན་འབྲེལ་བཅུ་གཉིས་ཞེས་གྲགས་པ། ངོ་བོ་ཉིད་རྣམས་གསུམ་དུ་འགྱུར། །ཞེས་བཤད་པ་རྣམས་ཀྱིས་ནི་ཀུན་ 5-5-19a རྫོབ་ཀྱི་བདེན་པ་ནི་རླུང་སེམས་ཙམ་ཞིག་ཏུ་ཟད་པར་སྟོན་ནོ། །དེ་ཡང་ཕྱི་རོལ་མེད་པས་སེམས་ཙམ་ཞིག་ཏུ་ཟད་ལ། སེམས་ཀྱི་འགྲོ་འོང་གི་བྱ་བ་ལ་རླུང་དུ་བཏགས་པ་ཡིན་གྱི་དེ་མ་གཏོགས་པའི་རླུང་མེད་དོ། །དོན་དེ་ནི་རྗེ་ བཙུན་ཀླུ་སྒྲུབ་ཀྱང་བཞེད་དེ་རིགས་པ་དྲུག་ཅུ་པ་ལས། འབྱུང་བ་ཆེ་ལ་སོགས་བཤད་པ། །རྣམ་པར་ཤེས་སུ་ཡང་དག་འདུ། །ཞེས་སོགས་གསུངས་པའི་ཕྱིར་རོ། །སྒྲོན་གསལ་ལས། དེ་ལྟར་ཕྱི་རོལ་གྱི་རྣམ་པའི་སྨོན་པའི་འབྲས་བུས་དེ་ཡང་ མེད་དེ། སྨོན་ལམ་ལ་སོགས་པའི་ཉེ་བར་དམིགས་པ་མེད་པའི་ཕྱིར་རོ། །དེ་བས་ན་ཕྱི་རོལ་གྱི་དངོས་པོ་ལྟ་བུར་བསྒོམ་པ་དམིགས་སུ་མེད་ཅིང་ཡོད་པ་མ་ཡིན་ཏེ། སེམས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །ཞེས་དང༌། སེམས་རྣམས་པར་ཤེས་པ་གསུམ་ ལ་སྦྱར་བར་བྱའོ། །ཞེས་པ་སྟེ། གཟུགས་ལ་སོགས་པ་ནི་སེམས་འདི་ཉིད་དོ་ཞེས་ཤེས་པར་བྱའོ། །ཞེས་གསུངས་པས་ཟླ་བ་གྲགས་པ་ཡང་ཐ་སྙད་དུ་ཕྱིར་རོལ་མེད་པའི་སེམས་ཙམ་ཞིག་བཞེད་པ་ཡིན་ནོ་ཞེས་འཆད་དོ། །འདི་ནི་འཐད་པར་མ་ མཐོང་སྟེ། ཟླ་བ་གྲགས་པས་ཕྱི་རོལ་པ་དང་ཤེས་པ་གཉིས་བདེན་གཉིས་གང་དུ་ཡང་ཡོད་མེད་ཀྱི་ཁྱད་པར་འབྱེད་པར་མི་ནུས་པས་བདེན་པར་མེད་མཉམ་དང་ཐ་སྙད་དུ་ཡོད་མཉམ་དུ་གསུངས་པས། སློབ་དཔོན་དེའི་བཞེད་པ་མིན་ལ། ཐ་སྙད་དུ་ ཕྱི་རོལ་འགོག་ན་དེ་འདྲའི་གནོད་པ་ཅིག་སེམས་ཐ་སྙད་དུ་ཡོད་པ་ལ་ཡང་ངེས་པར་འཇུག་ལ། ཐ་སྙད་དུ་སེམས་ཡོད་པའི་སྒྲུབ་བྱེད་ཅིག་འདོད་ན་དེ་འདྲའི་སྒྲུབ་བྱེད་ཞིག་ཕྱིར་རོལ་ལ་ཡང་ངེས་པར་རྙེད་པས་འཕགས་པའི་བཞེད་པ་ཡང་མིན་ཏེ། འདི་ 5-5-19b རྣམས་རྒྱས་པར་གཞན་དུ་བཤད་པས་འདིར་མ་སྤྲོས་སོ། །སྒྲོན་གསལ་གྱི་ལུང་སྔ་མའི་དོན་ནི། རྣམ་ཐར་སྒོ་གསུམ་གྱི་འབྲས་བུ་ལ་སྨོན་པ་མེད་པ་སྟོན་པའི་སྐབས་ཡིན་ལ། འབྲས་བུ་ལ་སྨོན་པ་འགོག་པའི་གཙོ་བོ་ཡང་ཕྱི་རོལ་བེམ་པོ་ལ་ མིན་གྱི་ཐར་པ་ལ་ཡིན་ལ། དེ་ལ་བདེན་ཞེན་གྱི་དམིགས་པའི་ཡུལ་མེད་པ་རྒྱུ་མཚན་དུ་བྱས་ནས་འགོག་པའི་སྐབས་སུ་ཕྱི་རོལ་ཞེས་གསུངས་པ་ནི་སེམས་ཀྱིས་བཏགས་པ་ཙམ་ལས་ཕྱི་རོལ་ཏེ་དོན་གཞན་དུ་གྱུར་པ་འགོག་པ་ཡིན་ལ། དེའི་རྒྱུ་མཚན་ དུ་སེམས་ཀྱི་རང་བཞིན་ཡིན་ཞེས་པ་ནི་སེམས་ཀྱིས་བཏགས་པ་ཙམ་གྱི་རང་བཞིན་ཡིན་པར་སྟོན་པས་ཕྱི་རོལ་ཐ་སྙད་དུ་འགོག་པ་མིན་ནོ། །ལུང་གཉིས་པའི་དོན་ནི་སེམས་དབེན་ཐོབ་པའི་རྣལ་འབྱོར་པས་གཟུགས་སྒྲ་སོགས་ཅིར་སྣང་ཐམས་ ཅད་སེམས་གསུམ་གྱི་ངོ་བོར་སྒོམ་པའི་ཚུལ་སྟོན་པ་ཡིན་གྱི་ཕྱི་རོལ་མེད་པའི་ཁུངས་མིན་ནོ། །དེ་ལྟ་མ་ཡིན་ན་གཟུགས་སྒྲ་སོགས་རྟག་ཏུ་ལྷར་སྒོམ་པར་བཤད་པས་ལྷ་མིན་པའི་གཟུགས་སྒྲ་སོགས་མེད་པར་འགྱུར་རོ། །དེ་བཞིན་དུ་ འདུས་པའི་སྐོར་རྣམས་ནས་སེམས་དབེན་གྱི་སྐབས་སུ་སེམས་ཙམ་དུ་བཤད་པའི་ཙམ་གྱི་སྒྲས་ཀྱང་ཕྱི་དོན་མི་འགོག་གི། ཡེ་ཤེས་དེའི་དུས་ན་རང་བཞིན་ཕྱི་རྟོག་པ་ཡོད་པ་གཅོད་པའི་དོན་ནོ། །གལ་ཏེ་ཕྱི་དོན་ཡོད་ན་རླུང་སེམས་ཙམ་ ལས་དོན་གཞན་མེད་པར་གསུངས་པའི་དོན་གང་ཡིན་སྙམ་ན། མི་སློབ་པའི་ཟུང་འཇུག་འཇའ་ལུས་རྡོ་རྗེ་སེམས་དཔའི་སྐུ་ཚེ་འདི་ཉིད་ལ་འགྲུབ་པར་གསུངས་པའི་ཉེར་རྒྱུ་ནི་སློབ་པའི་ཟུང་འཇུག་གི་སྐུ་ཡིན་ལ། དེའི་ཉེར་རྒྱུ་ནི་སྒྱུ་ལུས་ 5-5-20a ཀྱི་སྐུའོ། །དེ་ནི་རླུང་སེམས་ཙམ་ཞིག་ལས་བསྒྲུབས་པའི་རྡོ་རྗེ་སེམས་དཔའི་སྐུ་ཡིན་ལ། དེས་ནས་དེ་གང་ལས་སྒྲུབ་པའི་གཞི་གཏན་ལ་དབབ་པར་བཞེད་ནས། རླུང་སེམས་ཙམ་གྱི་ལུས་གསུངས་པ་ཡིན་ནོ། །དེ་ལྟར་ན་རླུང་སེམས་ ཙམ་གྱི་ལུས་སུ་གསུངས་པ་འདེ་ནི་ངའོ་སྙམ་པའི་སེམས་ཅན་གྱི་ཐ་སྙད་འདོགས་པའི་གཞིར་གྱུར་པའི་གཉུག་མའི་ལུས་ནི་རླུང་སེམས་ཙམ་གྱི་ལུས་སུ་ཟད་པས། དེ་ལས་ངོ་བོ་ཐ་དད་པའི་གཉུག་མའི་ལུས་མེད་པར་སྟོན་པ་ཡིན་གྱི། ཕྱི་རོལ་མེད་པ་དང༌། རྣམ་སྨིན་གྱི་ལུས་རགས་པ་རྣམས་སེམས་ཅན་གྱི་ལུས་མིན་ཞེས་སྟོན་པ་མིན་ནོ། །འདི་ལྟར་སེམས་ཅན་གྱི་ལུས་ནི་གཉིས་ཏེ། གནས་སྐབས་དང༌། གཉུག་མ་པའི་ལུས་སོ། །དེའི་དང་པོ་ནི་རླུང་སེམས་ཙམ་གྱི་ལུས་ལས་གཞན་པའི་རྣམ་སྨིན་གྱི་ འབྱུང་ལུས་རགས་པ་ལ་སོགས་པའི་ལུས་སོ། །གཉིས་པ་ནི་རླུང་སེམས་ཙམ་ལས་གྲུབ་པའི་ལུས་སོ། །ལུས་རགས་པ་ནི་དང་པོ་མངལ་དུ་ཉིང་མཚམས་སྦྱར་བ་ལ་སོགས་པའི་སྐབས་སུ་མ་སྐྱེས་ཀྱང་སེམས་ཅན་གྱི་ལུས་མེད་པ་མིན་ལ། དེ་བཞིན་དུ་ཤི་ བའི་ཚེ་འབྱུང་ལུས་རགས་པ་དོར་ཡང་སེམས་ཅན་གྱི་ལུས་མི་ལྡོག་པས། གཉུག་མའི་ལུས་མིན་ཏེ། ཆུ་ལ་ཚ་བ་བཞིན་ནོ། །རླུང་སེམས་གྱི་ལུས་ནི་གནས་སྐབས་དེ་རྣམས་ཐམས་ཅད་དུ་ཡང་མི་ལྡོག་པས་གཉུག་མའི་ལུས་ཏེ། ཆུ་ལ་གཤེར་བ་ བཞིན་ནོ། །ད་ལྟ་གཟུགས་ལུས་རགས་པའི་སྐབས་སུ་ཡང་གཉུག་མའི་ལུས་ནི་རླུང་སེམས་ཙམ་ཞིག་གི་ལུས་ཡིན་པས། ལུས་རགས་པ་ནི་དེའི་གནས་ཁང་དང་འདྲའོ། །གཉུག་མའི་ལུས་རླུང་སེམས་ཙམ་དུ་བཤད་པའི་སེམས་ནི་དབང་ཤེས་མིན་གྱི་ཡིད་ 5-5-20b ཀྱི་ཤེས་པ་དང༌། རླུང་ཡང་སྲོག་འཛིན་ལས་གཞན་པའི་རླུང་མིན་གྱི་སྲོག་འཛིན་དང༌། དེ་ཡང་ཕྲ་རགས་གཉིས་ལས་ཕྲ་བའི་རླུང་ཡིད་དང་མི་འབྲལ་བའི་སེམས་ཀྱི་རྟེན་ནོ། །འཆི་བའི་མཐར་ལུས་རགས་པ་འདི་ལས་ལོགས་སུ་ཕྱེ་བའི་བར་དོའི་ལུས་འགྲུབ་པ་དང༌། གྲོང་འཇུག་ ནུས་པས་ལུས་རགས་པ་འདི་ལས་རླུང་སེམས་ཙམ་ཞིག་ལོགས་སུ་དབྱེ་བར་ནུས་པ་བཞིན་དུ། མཆོག་ཏུ་གྱུར་པའི་མན་ངག་དང་ལྡན་པས་ཀྱང་ལུས་རགས་པ་ལས་མ་བསྒྲུབས་ཀྱང་རླུང་སེམས་ཙམ་ལས་སྒྱུར་ལུས་རྡོ་རྗེ་འཆང་གི་སྐུར་ལྡང་ནུས་པ་ཡིན་ནོ། །དོན་གྱི་ དབང་འདི་གཟིགས་ནས་རིམ་ལྔ་ལས། དེ་ཉིད་རླུང་དང་ཡང་དག་ལྡན། །རྣམ་ཤེས་གསུམ་པོ་སླར་ཡང་ནི། །རྣལ་འབྱོར་པ་ཡི་ལུས་སུ་འབྱུང༌། །སྒྱུ་མའི་ལུས་ཞེས་དེ་ལ་བཤད། །ཅེས་རླུང་སེམས་ཙམ་ལས་སྒྱུ་མའི་སྐུ་སྒྲུབ་པར་བཤད་པ་བཞིན་དུ། སྤྱོད་ བསྡུས་དང་སྒྲོན་གསལ་ལས་ཀྱང་རླུང་སེམས་ཙམ་ལས་སྒྱུ་མའི་སྐུ་སྒྲུབ་པར་བཤད་དོ། །ཚེ་འདི་ལ་འཚང་རྒྱ་བའི་རྣམ་སྨིན་གྱི་ལུས་ཕྲ་རགས་གཉིས་ཀའི་ཉེར་ལེན་ལས་སྒྱུ་མའི་སྐུ་སྒྲུབ་ན། དེའི་ནང་ནས་རླུང་སེམས་གཉིས་ཙམ་ལས་སྒྲུབ་པར་བཤད་ པ་མི་འཐད་དེ། དཔེར་ན་སྣལ་མ་ཀུན་ལ་སྣམ་བུ་སྒྲུབ་པ་ལ། དེའི་ནང་ནས་སྣལ་མ་ཉག་མ་གཉིས་ཙམ་ཞིག་ལས་སྣམ་བུ་སྒྲུབ་ཅེས་འདོད་དུ་མི་རུང་བ་བཞིན་ནོ། །དེ་ལྟར་ན་ཀུན་རྫོབ་ཀྱི་བདེན་པ་ཞེས་ཀྱང་བྱ། བདག་ལ་བྱིན་གྱིས་བརླབ་པ་ཞེས་ཀྱང་བྱ། སྒྱུ་ མའི་ལུས་ཞེས་ཀྱང་བྱ་བ། འཕགས་པ་ཡབ་སྲས་ཀྱིས་རྒྱུད་སྡེ་མཐར་ཐུག་པའི་དོན་བཀྲལ་བ་རྣམས་ཀྱི་སྙིང་པོ་འདི་ཇི་ལྟ་བ་བཞིན་མ་ཤེས་ན། མཆོག་གི་དངོས་གྲུབ་འདོད་ཀྱང་མི་འགྲུབ་པས་ངལ་བཅོམ་དུ་ཟད་པར་གསུངས་ཏེ་རིམ་ལྔ་ལས། བདག་ལ་བྱིན་ 5-5-21a གྱིས་བརླབ་པའི་རིམ། །གང་གིས་རྙེད་པར་མ་གྱུར་པ། །མདོ་སྡེ་རྒྱུད་དང་རྟག་པ་ལ། །དེ་ཡི་ངལ་བ་དོན་མེད་འགྱུར། །ཞེས་གསུངས་སོ། །དེས་ན་ཤིན་ཏུ་ངོ་མཚར་ལ་རྨད་དུ་བྱུང་བའི་གཏམ་དེ་ལུགས་གཞན་ལས་མི་གསལ་ཞིང༌། ལུགས་ འདི་ལ་རིང་དུ་འདྲིས་པར་བྱས་པས་ཀྱང་དོན་རགས་པ་ཡང་ཤིན་ཏུ་རྙེད་དཀའ་བར་སྣང་བས། རྒྱས་པར་གཏན་ལ་དབབ་དགོས་མོད་ཀྱང་། གཞན་དུ་བཤད་པར་འདོད་པས་འདིར་ཕྱོགས་ཙམ་ཞིག་ལས་མ་བསྟན་ཏོ། །གཉིས་པ་ཡན་ལག་གི་དོན་ནི། བཅོམ་ལྡན་འདས་ཀྱིས་ཞུས་པའི་ལན་བཀའ་སྩལ་པ་ནི། གང་ཞིག་བར་སྲིད་འཆི་བའི་འོད་གསལ་ལས་བྱུང་བའི་རྣམ་པར་ཤེས་པ་དེ་ཉིད་སེམས་སྣང་བ་དང་ཡིད་མཆེད་པ་དང་རྣམ་པར་ཤེས་པ་ཉེར་ཐོབ་ཅེས་བྱ་བ་སྟེ་རྩ་བའོ་ཞེས་ཚིག་རྣམ་ པར་སྦྱར་རོ། །རྣམ་པར་ཤེས་པ་ཞེས་པ་དང་པོ་ནི་སྣང་བ་གསུམ་སོ་སོར་མ་ཕྱེ་བའི་སྤྱི་ཡིན་ལ། རྣམ་ཤེས་ཞེས་པ་གཉིས་པ་ནི་དེ་ལས་ཕྱེ་བའོ། །དེ་ནི་འོད་གསལ་ལས་དངོས་སུ་དང་གཞན་གཉིས་བརྒྱུད་ནས་འབྱུང་ངོ་། །སུ་ཞིག་གི་རྩ་བ་ཡིན་སྙམ་ན། ཆགས་སོགས་ཀུན་ནས་ཉོན་མོངས་པ་དང༌། དད་སོགས་རྣམ་པར་བྱང་བའི་བདག་ཉིད་ཅན་གྱི་ཆོས་ཐམས་ཅད་ཀྱི་རྩ་བའོ། །སྤྱོད་བསྡུས་ལས། རྣམ་པར་ཤེས་པ་ནི་འོད་གསལ་བ་ལས་བྱུང་བའོ། །དེ་ཉིད་ནི་སེམས་དང་ཡིད་ཅེས་བྱ་སྟེ། ཀུན་ནས་ཉོན་ མོངས་པ་དང་རྣམ་པར་བྱང་བའི་བདག་ཉིད་ཅན་གྱི་ཆོས་ཐམས་ཅད་ནི་དེའི་རྩ་བ་ཅན་ཡིན་ནོ། །ཞེས་འབྱུང་ངོ་། །སྣང་བ་དེ་ལས་རྣམ་པར་རྟོག་པ་གཉིས་སྐྱེ་བར་འགྱུར་ཏེ། བདག་ཏུ་རྟོག་པ་དང་གཞན་དུ་རྟོག་པའོ། །རྣམ་པར་ཤེས་པ་རྟོག་པ་དེའི་བཞོན་པ་ནི་ཀུན་ 5-5-21b རྟོག་གཡོ་བའི་རླུང་ངོ་། །རྒྱུད་དེ་ལས་ནི་མེ་སྐྱེའོ། །མེ་དེ་ལས་ནི་ཆུ་སྐྱེའོ། །ཆུ་དེ་ལས་ནི་ས་སྐྱེའོ། །རླུང་དང་ཀུན་རྟོག་དང་འབྱུང་བ་དེ་རྣམས་ལས་ནི་གཟུགས་དང་ཚོར་བ་ལ་སོགས་པའི་ཕུང་པོ་ལྔ་དང་། མིག་ལ་སོགས་པའི་སྐྱེ་མཆེད་དྲུག་དང་། ཡུལ་གཟུགས་ལ་ སོགས་པའི་ཡུལ་ལྔ་རྣམས་འབྱུང་སྟེ། ཕུང་པོ་ལ་སོགས་པ་དེ་དག་ཐམས་ཅད་ཀྱི་གཞི་ནི་རྣམ་པར་ཤེས་པ་དང་། རླུང་གཉིས་མར་གྱི་ནང་དུ་མར་བཅུག་པ་བཞིན་དུ་འདྲེས་པར་གྱུར་པའོ། །སྤྱོད་བསྡུས་ལས། སྐྱེ་མཆེད་དྲུག་དང་དབང་པོ་ལྔ་རྣམས་ཏེ། ། ཞེས་བསྒྱུར་མོད་ཀྱང་། རྡོ་རྗེ་ཕྲེང་བ་ལས་སྐྱེ་མཆེད་དྲུག་མིག་ལ་སོགས་པ་ལ་བཤད་དོ། །སྣང་བ་གསུམ་ལུགས་ལྡོག་ཏུ་སྐྱེས་པ་དེ་ནས་རྣམ་པར་ཤེས་པ་གསུམ་གྱི་རང་བཞིན་གྱི་རྟོག་པ་ཡུལ་དུ་སྣང་བ་ལ་རབ་ཏུ་སྤྱོད་པ་རྣམས་གསལ་བར་ཉམས་སུ་མྱོང་བར་ འགྱུར་ཏེ། སྣང་བའི་རྒྱུ་ལ་བརྟེན་ནས་རང་བཞིན་བརྒྱད་ཅུའི་རྟོག་པ་རྣམས་འབྱུང་བར་འགྱུར་རོ། །རྒྱུད་ཀྱི་འགྱུར་ལས། རྣམ་པར་ཤེས་པ་གསུམ་གྱི་རང་བཞིན་གྱི་སྣང་བ་རབ་ཏུ་འབྱུང་བ་རབ་ཏུ་གསལ་བར་སྤྱོད་པ་ཞེས་བསྒྱུར་ཡང་། སྤྱོད་བསྡུས་སུ་འདི་དྲངས་པ་ ལས། རྣམ་པར་ཤེས་པ་གསུམ་གྱི་རང་བཞིན་སྣང་བ་ལ་ཏབ་ཏུ་སྤྱོད་པ། ཞེས་བསྒྱུར་བ་ལེགས་སོ། །འདིར་ཁ་ཅིག་སྤྱོད་བསྡུས་ལས། དེ་ལ་ཡེ་ཤེས་རེ་རེ་འབྱུང་བ་ལ་རང་བཞིན་འབྱུང་བ་རྣམ་པར་གཞག་པར་བྱ་སྟེ། ཞེས་ཡེ་ཤེས་གསུམ་སོ་སོའི་རང་བཞིན་ གྱི་རྟོག་པ་རྣམས་གསུངས་པས། སྐྱེ་བའི་ཚེ་ཉེར་ཐོབ་དང་པོར་སྐྱེ་དེ་ལས་རང་བཞིན་བདུན་དང་། དེ་ནས་མཆེད་པ་སྐྱེ་དེ་ལས་རང་བཞིན་བཞི་བཅུ་དང་། དེ་ནས་སྣང་བ་སྐྱེ་དེ་ལས་རང་བཞིན་སོ་གསུམ་སྐྱེ་ལ། འགག་པའི་ཚེ་རང་བཞིན་སོ་གསུམ་འགག་པའི་ 5-5-22a རྗེས་སུ་སྣང་བ་འགག་ཅིང་གཞན་རྣམས་ཀྱང་དེ་བཞིན་འགག་པར་འདོད་དོ། །དེ་ནི་མི་འཐད་དེ་རྒྱུད་འདི་ལས་སྐྱེ་བའི་ཚེ་སྣང་བ་གསུམ་རྫོགས་པའི་འོག་ཏུ་རང་བཞིན་གྱི་རྟོག་པ་རྣམས་སྐྱེ་བར་གསུངས་པའི་ཕྱིར་དང༌། འཕགས་པ་ལྷས་རླུང་ཐིམ་ པའི་འོག་ཏུ་སྣང་བ་ཐིམ་པར་གསུངས་ལ། དེ་ནི་ཀུན་རྟོག་གི་བཞོན་པའི་རླུང་ཡིན་པའི་ཕྱིར་རོ། །གཞན་ཡང་རྩ་བཤད་ཀྱི་རྒྱུད་དང་འཕགས་པ་ཡབ་སྲས་ལྔ་པོ་གང་གི་གཞུང་ནས་ཀྱང་ཡེ་ཤེས་གསུམ་དང་རང་བཞིན་གྱི་རྟོག་པ་སྤེལ་ནས་སྐྱེ་བ་མ་གསུངས་པའི་ ཕྱིར་རོ། །རྟོག་པ་ཚན་གསུམ་ཡེ་ཤེས་གསུམ་དང་སྤེལ་ནས་མ་སྐྱེས་ཀྱང༌། ཡེ་ཤེས་གསུམ་སོ་སོའི་རང་བཞིན་དུ་འཇོག་པ་མི་འགལ་ཏེ། འདི་ལྟར་རྟོག་པ་ཚན་གསུམ་ཡེ་ཤེས་གསུམ་གྱི་རང་བཞིན་དུ་བཤད་པ་ནི་དེ་གསུམ་གྱི་མཚན་ཉིད་དུ་སྤྱོད་བསྡུས་ལས་ གསུངས་ལ། མཚན་ཉིད་ནི་འདིར་མཚོན་པར་བྱེད་པའོ། །དེ་ཡང་སྤྱོད་བསྡུས་ལས། དེ་བཞིན་དུ་རྣམ་པར་ཤེས་པ་སྣང་བ་ཡང་གཟུགས་མེད་པ་ལ་འདོད་ཆགས་དང་འདོད་ཆགས་དང་བྲལ་བ་དང༌། འདོད་ཆགས་བར་མ་ལ་སོགས་པའི་རང་བཞིན་རྣམས་ ལས་རྗེས་སུ་དཔག་པར་བྱའོ་ཞེས་རང་བཞིན་གྱི་སྣང་བ་རྗེས་སུ་དཔོག་པར་གསུངས་པས་དེ་དེའི་མཚོན་བྱེད་དོ། །དཔོག་ལུགས་ནི་རང་བཞིན་གྱི་རྟོག་པ་ལ་ཤས་ཆེ་ཆུང་བར་མ་གསུམ་སྣང་བས། དེ་རྣམས་སྐྱེད་པའི་སྣང་བ་རླུང་གི་བཞོན་པ་ཅན་ལ་གཡོ་བ་ཤས་ཆེ་ ཆུང་བར་མ་གསུམ་ཡོད་པར་དཔོག་གོ། དེ་ལྟར་ན་རྣམ་རྟོག་གཡོ་བ་ཤས་ཆུང་བ་བདུན་གང་རུང་གི་རྟོག་པ་ནི། སྣང་བ་རླུང་གི་བཞོན་པ་ཅན་གྱི་གཡོ་བ་ཤས་ཆུང་བའི་ལག་རྗེས་ཡིན་པས་ཉེར་ཐོབ་ཀྱི་འབྲས་བུར་བཞག་སྟེ། གཞན་གཉིས་ལའང་དེའི་རིགས་པ་ 5-5-22b སྦྱར་རོ། །ལམ་སྒོམས་སྟོབས་ཀྱིས་ཡེ་ཤེས་གསུམ་འདྲེན་ནུས་པའི་རྣལ་འབྱོར་པས་ནི་དེ་གསུམ་མངོན་གྱུར་དུ་ངེས་ནུས་པས། རྟགས་ལས་རྗེ་སུ་དཔོག་པ་མིན་ནོ། །དེའི་ཕྱིར་རང་བཞིན་གྱི་སྣང་བ་རྗེས་སུ་དཔག་དགོས་པ་ནི་དེ་འདྲ་མིན་པའི་གང་ཟག་ལ་ཡིན་ པས། དབང་ཤེས་ཐམས་ཅད་སྣང་བ་གསུམ་གང་རུང་དུ་འདོད་པ་མི་འཐད་དེ། དབང་ཤེས་ནི་རྟགས་ལས་དཔག་མི་དགོས་པར་མངོན་སུམ་དུ་ངེས་པའི་ཕྱིར་རོ། །གང་ཟག་ཐ་མལ་པས་ནི་སྐྱེ་འཆི་ལ་སོགས་པའི་དུས་སུ་སྣང་བ་གསུམ་འོད་གསལ་དང་བཅས་ པ་ཉམས་སུ་མྱོང་ཡང༌། དེ་ལ་མངོན་སུམ་གྱི་སྟོབས་ཀྱིས་ངེས་པ་འདྲེན་མི་ནུས་སོ། །གཉིས་པ་ལ་གསུམ། འོད་གསལ་ལས་མ་རིག་པ་སྐྱེ་ཚུལ་རྣམ་གྲངས་དང་བཅས་པ། མ་རིག་པ་ལས་མཆེད་པ་སྐྱེ་བ་རྣམ་གྲངས་དང་བཅས་པ། མཆེད་པ་ལས་སྣང་བ་སྐྱེ་ བ་རྣམ་གྲངས་དང་བཅས་པའོ། །དང་པོ་ནི། སྣང་བ་གསུམ་འོད་གསལ་ལས་འབྱུང་བ་མདོར་བསྟན་པ་དེ་ལ། འོད་གསལ་བ་ནི་སྔར་རང་བཞིན་གྱིས་མ་སྐྱེས་པ། རང་བཞིན་གྱིས་གནས་པ་མེད་པ། རང་བཞིན་གྱིས་འགག་པ་མེད་པ། ད་གཟོད་རང་བཞིན་ གྱིས་སྐྱེ་བ་མེད་པ། དོན་དམ་པའི་བདེན་པ་ཆགས་པ་མེད་པའི་མཐའོ། །ཁྱད་པར་གྱི་ཆོས་དེ་རྣམས་ནི་ཡུལ་དང་ཡུལ་ཅན་གྱི་འོད་གསལ་དང༌། གཞི་དང་ལམ་གྱི་དུས་ཀྱི་འོད་གསལ་ལ་ཇི་ལྟར་རིགས་པར་སྦྱར་རོ། །འོད་གསལ་བ་དེ་ལས་ལུགས་ ལྡོག་ཏུ་དངོས་སུ་བྱུང་བ་ནི་མ་རིག་པའོ། །དེ་ནི་སྟོན་གྱི་ནམ་མཁའ་སྤྲིན་མེད་པ་ལ་མཚམས་ཀྱི་སྨག་གི་མུན་པའི་སྣང་བས་ཁྱབ་པ་བཞིན་དུ་སྣང་བ། གཟུང་འཛིན་རགས་པའི་རྣམ་པ་དང་བྲལ་བ། དེའི་དོན་ལུས་དང་ངག་གི་སྣང་བ་མེད་པ། ཕྲ་ཞིང་བདག་ 5-5-23a མེད་པ། སྲོག་དང་རྩོལ་བ་མི་རྒྱུ་བས་རྒྱུ་བ་མེད་པའོ། །ཉེར་ཐོབ་མ་རིག་པ་དེའི་རང་བཞིན་ཏེ་མཚོན་པར་བྱེད་པའི་མཚན་ཉིད་ནི། ཆགས་པ་བར་མ་སོགས་བདུན་ནོ། ནག་ཚོའི་འགྱུར་ཕལ་ཆེ་བ་ལས། དེའི་རང་བཞིན་ཉིད་དང༌། ཞེས་འབྱུང་ ལ། མར་འགྱུར་ཁ་ཅིག་ལས། དེའི་རང་བཞིན་ལྟ་བ་དང༌། ཞེས་དང༌། ཁ་ཅིག་ལས། དེའི་རང་བཞིན་ཆགས་པ་བར་མ། ཞེས་འབྱུང་བ་ནི་ཕྱི་མ་དག་སྟེ། སྤྱོད་བསྡུས་དང་མཐུན་པའི་ཕྱིར་རོ། །འདིར་ཆགས་པ་བར་མ་རང་བཞིན་དུ་བཤད་པ་འདོད་ཆགས་ ཀྱི་རྟོག་པ་གསུམ་གྱི་བར་མའོ། །འཁྲུལ་བ་ནི་སྨིག་རྒྱུ་ལ་ཆུར་འཛིན་པ་སོགས་སོ། །རྣམ་པར་གཡེང་བ་ནི་དམིགས་པ་ལ་རྩེ་གཉིས་སུ་འཇུག་པའི་ཐེ་ཚོམ་མོ། །དྲན་པ་མེད་པ་ནི་བརྗེད་ངས་པའོ། །ལེ་ལོ་ནི་དགེ་བ་ལ་མི་སྤྲོ་བའོ། །མི་སྨྲ་བ་ནི་སྨྲ་སྙིང་མི་ འདོད་པའོ། །མི་གསལ་བ་ནི་ཡིད་སུན་པའི་སྐྱོ་བའོ། །གཉིས་པ་ནི་མ་རིག་པ་ལས་ལུགས་ལྡོག་ཏུ་དངོས་སུ་བྱུང་བ་ནི་སེམས་ལས་བྱུང་བ་སྣང་བ་མཆེད་པ་སྟེ། དེ་ནི་སྟོན་གྱི་ནམ་མཁའ་སྤྲིན་མེད་པ་ལ་ཉི་མའི་སྣང་བས་ཁྱབ་པ་ལྟ་བུར་ཤིན་ཏུ་གསལ་བར་ སྣང་བ། གཟུང་འཛིན་རགས་པའི་སྣང་བ་དང་བྲལ་བ། དེའི་དོན་ལུས་དང་ངག་གི་སྣང་བ་མེད་པའོ། །སྨྲིག་རྒྱུ་ལྟ་བུ། ཞེས་པ་ནི་གསལ་བར་སྣང་བའི་དཔེ་གཉིས་པ་ཡིན་གྱི་སྣང་ངོ་ན་སྨིག་རྒྱུ་ལྟ་བུ་འཆར་བ་མིན་ནོ། །མཆེད་པ་དེའི་རང་བཞིན་ནི་འདོད་ཆགས་ ཀྱི་རྟོག་པ་དང༌། དགའ་བ་ཆུང་ངུ་དང༌། མཆོག་ཏུ་དགའ་བ་ཆེན་པོ་དང༌། དྲག་པོ་ལ་སོགས་པའི་རྟོག་པ་བཞི་བཅུའོ། །མཆེད་པའི་ཡེ་ཤེས་ལ་ཀུན་རྫོབ་ཏུ་ནི་མངོན་སུམ་གྱི་སྐྱེས་པའི་གཟུགས་དང༌། ལྷ་ཕོའི་ཚོགས་དང༌། མཚན་མ་སྟེ་ལིང་ཀ་དང༌། 5-5-23b རྡོ་རྗེ་བརྡས་བསྟན་ཏོ། །གསུམ་པ་ནི། སེམས་ལས་བྱུང་བ་མཆེད་པ་ལས་ལུགས་ལྡོག་ཏུ་དངོས་སུ་བྱུང་བ་ནི་སེམས་སྣང་བ་སྟེ། དེ་ནི་སྟོན་གྱི་ནམ་མཁའ་སྤྲིན་མེད་པ་ལ་ཟླ་བའི་སྣང་བས་ཁྱབ་པ་བཞིན་དུ་སྣང་ཞིང་། གཟུང་འཛིན་ལ་སོགས་པ་མེད་པ་ཤིན་ཏུ་ གསལ་བ་ཆུའི་ནང་གི་ཟླ་བ་ལྟ་བུའོ། །དེའི་རང་བཞིན་ནི་འདོད་ཆགས་དང་བྲལ་བ་ལ་སོགས་པའི་རྟོག་པ་སོ་གསུམ་མོ། །སྣང་བ་ལ་ཀུན་རྫོབ་ཏུ་ནི་མངོན་སུམ་གྱི་བུད་མེད་དང་བྷ་ག་དང་། པདྨ་དང་། ལྷ་མོའི་ཚོགས་ཀྱི་བརྡས་བསྟན་ཏོ། །ཀུན་རྫོབ་ཏུ་ཞེས་པ་ནི་ སྔར་བཤད་པའི་སྤྲིན་མེད་ཀྱི་ནམ་མཁའ་བཞིན་དུ་སྣང་བ་དོན་དམ་པའི་མཚན་ཉིད་དུ་བཤད་པ་ལ་ལྟོས་ནས་སམ། ཡང་ན་བཅོས་མའི་མཚན་ཉིད་དོ། །ཕྱི་མ་གཉིས་ཀྱི་ཤུགས་ཀྱིས་མ་རིག་པ་ལ་མ་ནིང་དང་རྟགས་གཉིས་སྦྱོར་བའི་བརྡས་བསྟན་པ་ནི་ཀུན་རྫོབ་ ཏུའོ། །དེ་ལྟར་ན་ཀུན་རྟོག་གཡོ་བའི་རླུང་ཐིམ་མ་ཐིམ་གཉིས་ལས། མ་ཐིམ་པའི་ཚེ་རང་བཞིན་བརྒྱད་ཅུའི་རྟོག་པ་འཇུག་གོ། ཀུན་རྟོག་གི་རླུང་ཐིམ་པ་ལ་སྣང་བ་གསུམ་གྱི་བཞོན་པའི་རླུང་ཐིམ་མ་ཐིམ་གཉིས་ལས། མ་ཐིམ་པ་ནི་སྣང་བ་གསུམ་སྐྱེ་བའི་ དུས་ཡིན་ལ། ཐིམ་པ་ནི་འོད་གསལ་འཆར་བའི་དུས་སོ། །རླུང་ཐིམ་པའི་རིམ་པ་ཡང་ཐིམ་པ་ཤས་ཆེ་ཆུང་གི་དབང་གིས་སྟོང་པ་བཞི་ལ་ཡང་རིམ་པ་ཤིན་ཏུ་མང་བ་ཅིག་འོང་ངོ་། །སྣང་བ་སེམས་སྦས་ཀྱི་སྐབས་འདིར་འོད་གསལ་བཤད་པ་ནི་སེམས་ གསུམ་འབྱུང་བའི་གནས་བསྟན་པའི་ཕྱིར་དུ་ཡིན་ནོ། །གཉིས་པ་ལ་གཉིས། གཞིའི་སྐབས་དང་། ལམ་གྱི་སྐབས་སོ། །དང་པོ་ནི། སྔར་བཤད་པའི་བར་དོ་གང་དུ་ཞུགས་ནས་འཆི་བའི་འོད་གསལ་ཉམས་སུ་མྱོང་བའི་གནས་དང་། དེ་ལས་སྐྱེ་བའི་རིམ་ 5-5-24a པ་སྟོན་པ་ནི། ཕའི་རྡོ་རྗེ་དང་མའི་པདྨ་ཡང་དག་པར་སྦྱོར་བར་བྱེད་པ་ན། ཤེས་རབ་ཀྱི་ཡེ་ཤེས་འདོད་ཆགས་དང་བྲལ་བའི་སྣང་བ་འབྱུང་བར་བྱེད་པ་ལ། ཕ་རང་གི་རྡོ་རྗེ་པད་མར་སྲུབ་པའི་འབད་པ་ལས་མེ་སྟེ་དྲོད་སྐྱེའོ། །འདོད་ཆགས་ དང་བྲལ་བའི་སྣང་བའི་སྣང་བ་ཞེས་པ་འོག་ཏུ་བྱུང་ཡང་འདིར་འབྲེལ་ཏེ། དེ་ནི་སྣང་བ་དང་པོའི་མིང་གི་རྣམ་གྲངས་ཡིན་པའི་ཕྱིར་རོ། །མེ་དེ་ལས་ཕའི་ཁམས་དཀར་པོ་དང་མའི་ཁམས་དམར་པོའི་ཐིགས་པ་གཉིས་ཀྱི་ཆུ་བྱུང་བ་མའི་སྐྱེ་གནས་སུ་འདྲེས་པ་ནི་བར་དོ་ འཇུག་པའི་གནས་ཏེ། དེ་ནི་ནུར་ནུར་པོའི་རྣམ་པ་དང་། དེ་ནས་དེ་སྨིན་པ་ལས་མེར་མེར་པོའི་རྣམ་པའོ། །འདིར་བཤད་པའི་རིམ་པ་བཞིན་དུ་མཛོད་འགྲེལ་དང་ལུང་གི་མངལ་འཇུག་ལས་བཤད་ལ། རྣམ་གཞག་དང་སའི་དངོས་གཞིར་དང་པོར་མེར་ མེར་པོ་གསུངས་ཀྱང་དོན་འདྲའོ། །དེ་ནས་དེ་སྨིན་པ་ལས་ནར་ནར་པོའི་རྣམ་པ་དང་། དེ་ནས་དེ་སྨིན་པ་ལས་གོར་གོར་པོ་དག་གོ། དེ་ནས་དེ་སྨིན་པ་ལས་ཁུ་བ་དང་ཁྲག་གི་གོང་བུ་འཁྲང་འགྱུར་རྣམས་སོ། །ནུར་ནུར་པོ་ལ་སོགས་པ་དེ་རྣམས་ནི་ཁུ་བ་དང་ཁྲག་ གིས་བསྐྱེད་པའོ། །མངལ་དུ་སྐྱེ་བ་བཟུང་བ་ཕྱི་རོལ་ཏུ་བཙས་པའི་རྗེས་དེ་ནས་ཕོ་མོའི་དབང་པོ་གཉིས་མཉམ་པར་སྦྱོར་བ་ལས། འདོད་ཆགས་སེམས་ལས་བྱུང་བ་དང་། འདོད་ཆགས་དང་བྲལ་བ་སེམས་དང་། བར་མའི་འདོད་ཆགས་རྣམ་པར་ཤེས་ པ་རབ་ཏུ་སྐྱེ་བ་ཤེས་པར་བྱའོ། །ནག་ཚོའི་འགྱུར་ལས། བར་མའི་འདོད་ཆགས་རབ་ཏུ་སྐྱེ་བས་དེས་ན་ཤེས་པ་ཞེས་བྱ་སྟེ། དེས་ན་རྣམ་པར་ཤེས་པ་གསུམ་ཞེས་བརྗོད་དོ། །ཞེས་འབྱུང་ལ། མར་པའི་འགྱུར་ལས། བར་མའི་འདོད་ཆགས་ཤེས་ 5-5-24b པར་བྱ་སྟེ། ཞེས་འབྱུང་ངོ་། །རང་བཞིན་གྱི་རྟོག་པ་ལ་ཆགས་སོགས་གསུམ་དང་། སྣང་མཆེད་ཐོབ་གསུམ་ལ་དེ་གསུམ་དུ་བཤད་པ་གཉིས་ལས། འདིར་ཕྱི་མ་ཡིན་ནོ། །དེ་ལ་སྣང་བ་ལ་ཆགས་བྲལ་ཞེས་པ་ནི་བདེ་བ་ཤེས་ཆུང་བས་ཡིན་ལ། མཆེད་པ་ལ་ཆགས་པར་བྱས་ནི་བདེ་བ་ཤས་ཆེ་བའོ། །ཉེར་ཐོབ་ལ་ཆགས་པ་བར་མར་བྱས་པ་ནི་ཆགས་པ་དང་ཆགས་བྲལ་གཉིས་མཉམ་པོར་སྦྱོར་བའི་དོན་ནོ། །ཚུལ་འདི་ནི་གཞི་དུས་དང་ལམ་དུས་ཀྱི་འདོད་ཆགས་ཆོས་སྦས་གཉིས་ཀ་ལ་བཤད་ དུ་རུང་བས་གཞི་ལ་སྦྱོར་ན་དགའ་བ་གསུམ་ལ་བྱ་ལ། ལམ་ལ་སྦྱོར་ན་སྤྱི་བོ་ནས་གསང་གནས་སུ་བྱང་སེམས་བབས་པའི་རིམ་པ་ལས་བྱུང་བའི་དགའ་བ་གསུམ་དང་། སྙིང་ཁར་རླུང་སེམས་བསྡུས་པའི་རིམ་པ་ལས་བྱུང་བའི་སྣང་བ་མཆེད་ཐོབ་གསུམ་ སྟེ་གཉིས་ལ་བྱའོ། །དེའི་སྔ་མ་ཐ་མལ་པས་ངེས་ཀྱང་ཕྱི་མ་མངོན་སུམ་གྱི་སྟོབས་ཀྱིས་ངེས་པར་དཀའ་བ་ནི་བཤད་ཟིན་ཏོ། །གཉིས་པ་ནི། གཞི་དང་ལམ་གྱི་དུས་སུ་དབང་པོ་གཉིས་མཉམ་པར་སྦྱོར་བ་ལས་དགའ་བ་གསུམ་སྐྱེ་བ་དེའི་ཕྱིར་དེ་མངོན་དུ་བྱེད་ པའི་ཐབས་ནི་ཕྱག་རྒྱ་གསུམ་གྱི་སྒོ་ནས་ཡིན་ཏེ། འདི་ལྟར་ལུས་ཀྱི་ཕྱག་རྒྱའི་ཐབས་སུ་གྱུར་པ་ནི་ཡབ་ཡུམ་གཉིས་ཀྱི་སྐྱིལ་ཀྲུང་བཅིང་པ་ལ་སོགས་པ་དང་། གསུང་གི་ཕྱག་རྒྱའི་ཐབས་སུ་གྱུར་པ་ནི་ཡབ་ཡུམ་གཉིས་ཀྱི་ངག་ཨཱ་ལི་ཀཱ་ལི་ལས་ཡང་ དག་པར་གྱུར་བའི་སྔགས་སུ་བྱ་བ་དང་། སེམས་ཀྱི་ཕྱག་རྒྱའི་ཐབས་སུ་གྱུར་པ་ནི་གཉིས་ཀ་ལྷག་པར་དམིགས་པའི་ཏིང་ངེ་འཛིན་བརྟན་པའོ། །དེ་ནས་ཕྱག་རྒྱའི་གཟུགས་ལ་སོགས་པའི་ཡུལ་ལྔ་ལ་ལོངས་སྤྱོད་པ་ནི་ཡབ་ཡུམ་གཉིས་ཀྱི་དབང་པོ་ 5-5-25a གཉིས་མཉམ་པར་སྦྱོར་བའི་ཐབས་སུ་གྱུར་པ་སྟེ། དེའི་སྔོན་དུ་བྱ་བའི་རིམ་པའོ། །དེ་ནི་དེ་ཁོ་ན་ཉིད་གྲུབ་པ་ལས་དང་པོར་གཟུགས་ལ་ལྟ་བ་དང༌། དེ་ནས་འཇམ་ཞིང་ངེས་པའི་གསུང་གི་ཐུགས་འཛིན་པར་མཛད་པ་དང་། དེའི་འོག་ དུ་དྲི་ཞིམ་པོས་འཐུག་པོར་བྱུགས་པའི་དྲི་བསུང་ཆགས་པ་སྣོམ་པ་དང༌། དེ་ནས་འཁྱུད་པར་གསུངས་ཏེ། མ་མཆུའི་སྦྲང་རྩི་འཇིབ་པ་ནི་རོ་ལ་སྤྱོད་པའོ། །གསུམ་པ་ལ་གཉིས། སྒྱུ་མའི་སྐུ་གང་ལས་སྒྲུབ་པའི་གཞི་སེམས་གསུམ་གྱི་རིམ་ པ། རིམ་པ་དེ་ལས་བདེ་ཆེན་སྒྱུ་མའི་སྐུ་སྒྲུབ་པ་དཔེའི་སྒོ་ནས་བསྟན་པའོ། །དང་པོ་ལ་གཉིས། སྤྱིའི་དོན། ཡན་ལག་གི་དོན་ནོ། །དང་པོ་ནི། རྒྱུད་འདིར་རྡོ་རྗེ་དང་པད་མ་སྦྱོར་བ་སེམས་དང་སེམས་བྱུང་སྦྱོར་བའི་ཐབས་སུ་གསུངས་པའི་དོན་ནི་རིམ་ ལྔ་ལས། སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཡེ་ཤེས་གསུམ་གྱི་དབྱེ་བ་ནི། །གསལ་བར་འདི་ལས་མཚོན་པར་འགྱུར། །འདོད་ཆགས་ཉིད་དང་ཆགས་བྲལ་དང་། །དེ་ཡི་བར་དེ་གསུམ་པོ་ནི། །དབང་པོ་གཉིས་ནི་ མཉམ་སྦྱོར་བའི། །རྡོ་རྗེ་པདྨ་འདུས་ལས་སོ། །ཞེས་དབང་པོ་གཉིས་སྦྱར་བ་ལས་སྣང་མཆེད་ཐོབ་གསུམ་གྱི་ཡེ་ཤེས་སྐྱེ་བར་གསུངས་པས་བཤད་དོ། །དེ་ལ་སྤྱིར་ཡེ་ཤེས་གསུམ་སྐྱེད་པའི་ཐབས་ནི། ནང་གི་རྐྱེན་སྲོག་རྩོལ་སྒོམ་པ་དང་། ཕྱིའི་རྐྱེན་ཕྱག་རྒྱ་ལ་བརྟེན་པ་གཉིས་གསུངས་པའི་དང་པོ་ལ་ནི། སྟེང་གི་སྣ་རྩེར་འོད་ཀྱི་ཐིག་ལེ་སྒོམ་པ་དང་། གསང་བའི་སྣ་རྩེར་རྫས་ཀྱི་ཐིག་ལེ་སྒོམ་པ་དང་། སྙིང་ཁའི་སྣང་རྩེར་སྔགས་ཀྱི་ཐིག་ལེ་སྒོམ་པའི་སྲོག་རྩོལ་གསུམ་ཡོད་ལ། དེ་ 5-5-25b གསུམ་ནི་རྒྱུད་ཕྱི་མ་དང་། རྡོ་རྗེ་ཕྲེང་བ་དང་། ལྷ་མོ་བཞིས་ཞུས་པའི་བཤད་རྒྱུད་ཀྱིས་རྩ་བའི་རྒྱུད་ཀྱི་དོན་གསལ་བར་མཛད་པ་ལས་འབྱུང་ངོ་། །གཉིས་པ་ནི་རྒྱུད་གཞན་ལས་ཀྱང་འབྱུང་མོད་ཀྱང་གསལ་བར་ནི་བཤད་རྒྱུད་འདིར་གསུངས་སོ། །འོ་ན་སྟོང་པ་བཞི་དང་དགའ་ བ་བཞི་དོན་གཅིག་གམ་དོན་ཐ་དད་པ་ཡིན་སྙམ་ན། འདི་ལ་ཕྱག་ཆེན་ཐིག་ལེར། གང་འདིར་དགའ་བ་དེ་སྣང་བ། །སྣང་བ་མཆེད་པ་མཆོག་ཏུ་བཤད། །ཁྱད་དགའ་ཉེ་བར་ཐོབ་པར་ཤེས། །ལྷན་ཅིག་སྐྱེས་དེ་འོད་གསལ་བའོ། །ཞེས་དགའ་བ་བཞི་སྣང་མཆེད་ཐོབ་ གསུམ་འོད་གསལ་དུ་བཤད་དོ། །སྤྱི་བོ་ནས་ནོར་བུའི་བར་དུ་བྱང་ཆུབ་ཀྱི་སེམས་བབ་པ་ལས་དགའ་བ་བཞི་འབྱུང་བའི་གནས་ནི་རྡོ་རྗེ་ཕྲེང་བ་ལས། བདེ་ཆེན་འཁོར་ལོ་སྤྱི་བོ་ལ། །དེ་ནི་དགའ་བར་བཤད་པ་ཡིན། །ལོངས་སྤྱོད་འཁོར་ལོ་མཆོག་དགའ་དང་། བྲལ་ དགའ་ཆོས་ཀྱི་འཁོར་ལོ་གནས། །སྤྲུལ་པའི་འཁོར་ལོ་ལྷན་ཅིག་སྐྱེས། །དགའ་བ་ཉམས་མྱོང་བར་བྱེད། །ཅེས་སྤྱི་བོ་ནས་བཟུང་སྟེ་མགྲིན་པར་མ་སླེབ་པར་དང་། མགྲིན་པ་ནས་བཟུང་སྟེ་སྙིང་ཁར་མ་སླེབ་བར་དང་། སྙིང་ཁ་ནས་ལྟེ་བར་མ་སླེབ་བར་དང་། ལྟེ་བ་ ནས་རྡོ་རྗེ་ནོར་བུའི་བར་རྣམས་རིམ་པ་བཞིན་ཡས་བབས་ཀྱི་དགའ་བ་བཞིའི་གནས་དང་། བྱང་སེམས་ཕྱིར་ལོག་པ་ན་ལྟེ་བ་ནས་སྤྱི་བོའི་བར་བཞི་ནི་མས་བརྟན་གྱི་དགའ་བ་བཞིའི་གནས་སུ་གསུངས་སོ། །རིམ་ལྔའི་འགྲེལ་པ་ལཀྵྨིས་མཛད་པ་སོགས་ལས་སྤྱི་གཙུག་ ནས་བྱང་སེམས་འཛག་པའི་ཚེ་སྣང་བ་དང་། ཡན་ལག་ཐམས་ཅད་ཀྱི་ཚིགས་ལ་ཁྱབ་པའི་དུས་སུ་སྣང་བ་མཆེད་པ་དང་། རྡོ་རྗེའི་རྩེ་མོ་ལས་ཐིག་ལེ་གཅིག་སྤྲོས་པའི་ཚེ་ཉེར་ཐོབ་དང་། རྩེ་མོ་དེ་ཉིད་དུ་བརྟན་པ་ན་འོད་གསལ་སྐྱེ་བ་དང་། ཡང་དང་པོ་གཉིས་ 5-5-26a འདྲ་ལ། རྡོ་རྗེའི་རྩ་བའམ་དབུས་སུ་ཕྱིན་པ་ན་ཉེར་ཐོབ་དང་། ནོར་བུའི་ནང་ན་གནས་པ་ན་འོད་གསལ་སྐྱེ་བ་དང་། དེ་རྣམས་དགའ་བ་བཞིར་ཡང་བཤད་དོ། །རིམ་ལྔའི་འགྲེལ་པ་ཐུབ་པ་དཔལ་གྱིས་མཛད་པ་ལས་བྱང་ཆུབ་ཀྱི་སེམས་ རྡོ་རྗེའི་རྩ་བར་སླེབ་པ་ན་སྣང་བ་དང་། ནོར་བུའི་དབུས་སུ་སླེབ་པ་ན་ཉེར་ཐོབ་དང་། ནོར་བུའི་རྩེ་མོར་འོད་གསལ་སྐྱེ་བར་བཤད་པའི་ཤུགས་ཀྱིས། རྡོ་རྗེའི་རྩ་བ་ནས་ནོར་བུའི་མགྲིན་པའི་བར་དུ་སླེབ་པ་ན་མཆེད་པ་སྐྱེ་བར་འདོད་དགོས་སོ། །དེ་རྣམས་ཞི་འདུས་ པའི་སྐོར་ནས་བྱུང་བ་བརྗོད་པ་ཡིན་གྱི། གཞན་དགའ་བ་བཞིའི་སྐྱེ་ཚུལ་མི་འདྲ་བ་མང་དུ་བཤད་དོ། །དེ་ལ་འདུས་པའི་རྩ་བཤད་དང་། འཕགས་སྐོར་ལྔའི་གཞུང་ནས་དགའ་བ་བཞི་སྟོང་པ་བཞིར་བཤད་པ་མ་བྱུང་ངོ་། །སྤྱོད་བསྡུས་ལས། རྡོ་རྗེ་དང་པདྨ་ སྙོམས་པར་ཞུགས་པ་ལས། སྤྱི་བོ་ནས་བརྩམས་ཏེ་རྩ་བདུན་ཁྲི་ཉིས་སྟོང་ལས་བྱང་སེམས་འཇུ་བས་ཆགས་པ་དང་ཆགས་བྲལ་དང་བར་མའི་རིམ་གྱིས་འབབ་བོ། །ཞེས་གསུངས་ཤིང་། དེ་དང་འདྲ་བ་རེ་སྒྲོན་གསལ་ལས་འབྱུང་བ་མ་གཏོགས་པ་ ཡབ་སྲས་ལྔའི་གཞུང་ནས། བྱང་སེམས་ཞུ་བ་གནས་འདིར་སླེབས་པ་ན་དགའ་བའམ་སྟོང་པ་འདི་སྐྱེ་གསལ་པར་གསུངས་པ་མེད་པར། སྔར་ཐིམ་རིམ་གྱི་སྐབས་སུ་བཤད་པ་ལྟར་རླུང་ཐིམ་པས་སྣང་བ་དང་སེམས་ཐིམ་པས་མཆེད་པ་སོགས་སྐྱེ་བར་ བཤད་པ་ཙམ་མོ། །འཕགས་སྐོར་གྱི་རྗེས་འབྲང་གཞན་ཕལ་མོ་ཆེས་ནི་སྤྱི་བོ་ནས་གསང་གནས་རྡོ་རྗེའི་བར་དུ་བྱང་སེམས་བབས་པའི་རིམ་པ་ལས་སྐྱེ་བའི་སྟོང་པ་བཞི་མ་གཏོགས་པ། སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཅས་པའི་ཡེ་ཤེས་ 5-5-26b ལམ་གྱིས་བསྡུས་པ་གཞན་མ་བཤད་ཅིང་མི་འདོད་དོ། །རང་གི་ལུགས་ནི། བྱང་སེམས་སྤྱི་བོ་ནས་གསང་གནས་ཀྱི་བར་དུ་བབས་པ་ལས་བྱུང་བའི་དགའ་བཞི་ལ་སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཞིར་འཇོག་པ་ཞིག་ཀྱང་འདོད་མོད་ཀྱང་། ཕྱི་མ་བཞི་ གཙོ་བོ་ནི་སྔར་བཤད་པ་ལྟར་སྙིང་ཁར་རླུང་སེམས་འདུས་པའི་རིམ་པ་ཉིད་ལས་འབྱུང་བ་ཡིན་པས། དེ་འདྲ་བའི་སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཞི་ནི། བྱང་སེམས་སྤྱི་བོ་ནས་གསང་གནས་ཀྱི་བར་དུ་རིམ་གྱིས་བབས་པ་ལས་བྱུང་བའི་དགའ་བཞི་ དང་དོན་མི་གཅིག་གོ། དེས་ན་སྙིང་ཁར་སྔགས་ཀྱི་ཐིག་ལེ་མི་ཤིགས་པ་སྒོམ་པ་དང་། དེ་ལ་དམིགས་ནས་རྡོ་རྗེའི་བཟླས་པ་བྱས་པས་དྲངས་པའི་སྟོང་པ་བཞི་ནི་སྙིང་ཁར་རླུང་སེམས་འདུས་པའི་རིམ་པ་ཉིད་ལས་འབྱུང་བ་ཡིན་པས། དེ་ལ་བྱང་སེམས་ སྤྱི་བོ་ནས་འབབ་པ་ཡིད་ཀྱང་། སྙིང་ཁ་བར་དུ་འདུ་ཞིང་། ལུས་ཀྱི་སྨད་ནས་ཀྱང་ཡར་ལ་སྙིང་ཁ་བར་དུ་འདུ་བར་སྔར་རིམ་ལྔའི་ལུང་དྲངས་ནས་བཤད་དོ། །དེའི་ཕྱིར་དེ་ལ་ནི་ལུས་ཀྱི་སྟོད་སྨད་ནས་བྱང་ཆུབ་ཀྱི་སེམས་སྡུད་པ་ན་སྙིང་ཁར་འདུ་བ་ཡིན་གྱི་གསང་ གནས་སུ་འགྲོ་བ་མིན་ནོ། །ཕྱག་རྒྱ་ལ་བརྟེན་ནས་སྟོང་པ་བཞི་སྐྱེད་པ་ལ་ཡང་སྤྱི་བོ་ནས་གསང་གནས་ཀྱི་བར་དུ་བྱང་ཆུབ་ཀྱི་སེམས་བབས་པ་ལས་བྱུང་བའི་དགའ་བཞིའི་ངོ་བོར་གྱུར་པའི་སྟོང་པ་བཞི་ཡང་ཡོད་མོད་ཀྱང་། གཙོ་བོར་གྱུར་པའི་སྟོང་པ་བཞི་ནི་ སྙིང་ཁར་རླུང་སེམས་འདུས་པ་ལས་བྱུང་བ་ཡིན་པས། རྒྱུད་འདིར་སྒྱུ་མའི་སྐུ་གང་ལས་སྒྲུབ་པའི་གཞི་སེམས་སེམས་བྱུང་ཉེར་ཐོབ་གསུམ་བཤད་པ་ཡང་སྙིང་ཁར་རླུང་སེམས་འདུས་པ་ལས་བྱུང་བ་ཡིན་ཏེ། སྒྱུ་མའི་སྐུ་སྒྲུབ་པ་ནི་འཆི་བའི་སྟོང་ 5-5-27a པ་ལས་བར་དོ་འགྲུབ་པའི་རིམ་པ་བཞིན་དུ་སྒྲུབ་པ་ཡིན་ལ། འཆི་རིམ་ཇི་ལྟ་བ་བཞིན་དུ་སྟོང་པ་རྣམས་སྐྱེད་པ་ལ་ནི་རླུང་སེམས་རྣམས་སྙིང་ཁར་འདུ་དགོས་པའི་ཕྱིར་རོ། །དོན་དེ་ལ་དགོངས་ནས་སྤྱོད་བསྡུས་ལས་ཀྱང་། རང་གི་ཕྱག་ རྒྱ་དང་ལྷན་ཅིག། རིལ་པོར་འཛིན་པའམ། གཞིག་པའི་རིམ་གྱིས་དོན་དམ་པའི་བདེན་པ་ལ་འཇུག་གོ། ཞེས་གསུངས་ཏེ། རིལ་འཛིན་གྱིས་སྙིང་ཁར་སྡུད་པའི་ཁུངས་དྲངས་ཟིན་ལ། གཞན་རྗེས་གཞིག་གིས་སྡུད་པའི་གནས་ཀྱང་དེ་དང་འདྲ་བའི་ཕྱིར་རོ། ། དེ་ཡང་རྡོ་རྗེ་བཟླས་པ་མཐར་ཕྱིན་པས། སྙིང་ཁར་རླུང་སེམས་སྡུད་པ་ལ་གོམས་པ་བརྟན་པའི་མཐུས། ཕྱག་རྒྱ་དང་མཉམ་པར་སྦྱར་བ་ན་བསམ་གཏན་གཉིས་གང་རུང་གི་རྣལ་འབྱོར་དྲན་པའི་སྒོ་ནས་བསྡུས་པ་ན། ཕྱག་རྒྱ་དང་སྙོམས་པར་ཞུགས་ པའི་རྐྱེན་གྱིས་ཀྱང་། བྱང་སེམས་སྤྱི་བོ་ནས་བརྩམས་ཏེ་ཞུ་བ་རྣམས་ཀུས་ཀྱི་སྟོད་སྨད་ཀུན་ནས་སྙིང་ཁར་འདུ་བ་ཡིན་ནོ། །འདི་ནི་རྡོ་རྗེ་བཟླས་པ་མཐར་མ་ཕྱིན་པའི་དུས་སུ་ཡང་། རྡོར་བཟླས་ཀྱིས་སྟོང་པ་བཞི་འདྲེན་ནུས་པའི་མཚམས་ནས་ཀྱང་ཤེས་ པར་ནུས་ཏེ། དེའི་མན་ངག་ནི་གཞན་དུ་བསྟན་པར་བྱའོ། །ནང་གི་རྐྱེན་སྲོག་རྩོལ་གཉིས་དང་ཕྱིའི་རྐྱེན་ཕྱག་རྒྱལ་བརྟེན་ནས་སྙིང་ཁར་རླུང་སེམས་འདུས་པའི་རིམ་པ་ལས་སྟོང་པ་བཞིའི་ཡེ་ཤེས་སྐྱེད་པ་འདི་ནི་གསང་འདུས་འཕགས་ལུགས་ཀྱི་ཁྱད་པར་ གྱི་ཆེས་བླ་ན་མེད་པ་ཅིག་ཏུ་འདུག་ཀྱང་། གསལ་བར་མ་ཐོན་སྣང་བས་ལེགས་པར་རྩད་གཅད་པར་བྱའོ། །འོ་ན་བྱང་སེམས་སྤྱི་བོ་ནས་གསང་གནས་ཀྱི་བར་དུ་བབས་པའི་རིམ་པ་ལས་དགའ་བཞི་སྐྱེས་པའི་སྟོང་པ་བཞི་པོ་འདི། སྔར་བཤད་པའི་ 5-5-27b སོ་སོ་བ་དེ་དག་གང་གི་རྗེས་སུ་འབྲང་བར་བྱ་སྙམ་ན། རྡོ་རྗེ་ཕྲེང་བ་ལས་བཤད་པ་ནི་དག་བཞི་སྐྱེ་བའི་གནས་ཡིན་ཀྱང་། དགའ་བ་དེ་རྣམས་སྟོང་པ་བཞིས་དེར་མ་བཤད་ལ། གནས་གང་དུ་སྐྱེ་དཔྱོད་ན། བྱང་སེམས་ཞུ་བ་གནས་གང་དུ་སླེབ་པ་ན་སྔར་ བཤད་པ་ལྟར་གྱི་སྣང་བ་གསུམ་སོ་སོའི་མཚན་ཉིད་དང་ལྡན་པ་སྐྱེ་བར་འདུག་པས་ཤེས་ཏེ། འོན་ཀྱང་ཐུབ་པ་དཔལ་གྱིས་བཤད་པ་ལྟར་བྱས་ན། སྣང་བ་གསུམ་གྱི་མཚན་ཉིད་ཚང་སྟོབས་ཆེ་བར་མངོན་ནོ། །སྲོག་རྩོལ་གཉིས་ཀྱིས་སྟོང་པ་བཞི་ དྲངས་པ་ནི། དེ་གཉིས་ཀྱིས་རླུང་དབུ་མར་བཙུད་པའི་མཐུས་ཡིན་ལ། ཕྱག་རྒྱ་ལ་བརྟེན་ནས་སྟོང་བཞི་འདྲེན་པ་ལ་ཡང་རྡོ་རྗེ་ཕྲེང་བར་བཤད་པ་ལྟར་དཔའ་བོ་དང་རྣལ་འབྱོར་མའི་གསང་གནས་ཀྱི་རྩེའི་རྩ་གཉིས་ཕྲད་པའི་དབང་གིས་རླུང་དབུ་མར་བཙུད་ པའི་མཐུས་འཆར་བ་ཡིན་ནོ། །དེའི་གནད་ཀྱིས་འོག་སྒོའི་པད་མའི་སྣ་རྩེར་རྫས་ཀྱི་ཐིག་ལེ་སྒོམ་པ་སྲོག་རྩོལ་དུ་གསུངས་པ་ཡིན་ཏེ། དེའི་མན་ངག་ཀྱང་གཞན་དུ་བཤད་པར་བྱའོ། །གཉིས་པ་ནི། རྡོ་རྗེ་བཟླས་པ་མཐར་ཕྱིན་པའི་རྡོ་རྗེ་དང་། ཕྱག་རྒྱའི་པདྨ་ གཉིས་མཉམ་པར་སྦྱོར་བ་ནི་སེམས་སྣང་བ་དང་། སེམས་ལས་བྱུང་བ་སྣང་བ་མཆེད་པ་དག་གི་སྐྱེད་པའི་ཐབས་སུ་གྱུར་པའོ། །སེམས་དང་སེམས་ལས་བྱུང་དག་ཆ་མཉམ་པར་སྦྱོར་བའི་ཉེར་ཐོབ་ནི། བདེ་བ་ཆེན་པོའི་ཏིང་ངེ་འཛིན་སྒྱུ་མའི་ལུས་ ཀྱི་ཐབས་སུ་གྱུར་པའོ། །སྤྱོད་བསྡུས་སུ་འདི་དྲངས་པའི་འགྱུར་ལ། སེམས་དང་སེམས་ལས་བྱུང་བའི་རྣལ་འབྱོར་ཆེན་པོ་ནི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་ཏོ། །དེ་ནི་སྒྱུ་མའི་དཔེས་ཉེ་བར་མཚོན་པ་སྟེ། ཞེས་འབྱུང་ཡང་། རྒྱུད་ཀྱི་གཞུང་ལོགས་སུ་བསྒྱུར་ 5-5-28a བའི་འགྱུར་གཉིས་ཀ་ལས་སྔ་མ་བཞིན་དུ་འབྱུང་བ་དག་པར་མངོན་ཏེ། ཡེ་ཤེས་གསུམ་ལས་སྒྱུ་མའི་སྐུ་སྒྲུབ་པ་སྟོན་པར་སྣང་བའི་ཕྱིར་དང་། བདེ་བ་ཆེན་པོའི་ཏིང་ངེ་འཛིན་ནི་སྒྱུ་མའི་སྐུར་བཤད་ལ། སེམས་དང་སེམས་བྱུང་སྦྱོར་བ་ནི་ ཉེར་ཐོབ་ཡིན་པའི་ཕྱིར་རོ། །སྣང་མཆེད་གཉིས་ཉེར་ཐོབ་ཀྱི་རྒྱུ་ཡིན་པས་དེའི་དུས་ན་མེད་ཀྱང་། ཉེར་ཐོབ་སྣང་བ་དང་མཆེད་པ་གཉིས་མཉམ་པར་སྦྱར་བ་ཡིན་པར་གསུངས་པ་ནི། སྟོང་པའི་ཤེས་རབ་དང་བདེ་བའི་ཐབས་གཉིས་རེ་རེ་ཤས་ཆེ་བ་དེ། འདིའི་ དུས་སུ་གཉིས་ཀ་ཆ་མཉམ་པར་གྱུར་པའི་དོན་ནོ། །སྐབས་འདིར། བདེ་བ་ཆེན་པོ་ཞེས་གསུངས་པ་ནི། བདེ་བ་ཆེན་པོའི་ཡེ་ཤེས་དང་དེའི་བཞོན་པའི་རླུང་གཉིས་ངོ་བོ་གཅིག་ཏུ་སྐྱེས་པའི་སྒྱུ་མའི་སྐུ་ཡིན་གྱི། བདེ་བ་ཆེན་པོའི་ཡེ་ཤེས་ཙམ་མིན་ནོ། ། སྲོག་རྩོལ་གཉིས་བསྒོམས་པས་རླུང་སྙིང་ཁར་བསྡུས་པའི་རིམ་པ་ལས་སྟོང་པ་བཞིའི་ཡེ་ཤེས་སྐྱེད་པའི་ཏིང་ངེ་འཛིན་བརྟན་པ་ན་ཕྱག་རྒྱ་གཉིས་དང་སྦྱར་བ་ལས། རྣལ་འབྱོར་མའི་རྒྱུད་དང་ཐུན་མོང་བའི་དགའ་བཞི་དང་། འདུས་པ་རྩ་བཤད་ཀྱི་དོན་ འཕགས་པ་ཡབ་སྲས་ཀྱིས་བཀྲལ་བའི་ཐུན་མོང་མ་ཡིན་པའི་སྟོང་པ་གང་སྐྱེད་འདོད་པ་སྐྱེད་པར་ནུས་མོད་ཀྱང་། སྟོང་པ་གསུམ་གྱི་གཙོ་བོ་ནི་ཕྱི་མ་ཡིན་ནོ། །རྣལ་འབྱོར་མའི་རྒྱུད་ལས་དགའ་བ་གསུམ་གྱི་གནས་སྐབས་ཀྱི་རླུང་སེམས་གཉིས་ ཙམ་ལས་སྒྱུ་མའི་སྐུ་སྒྲུབ་པ་དང་། དགའ་བ་བཞི་ལ་ལྷན་སྐྱེས་ཀྱི་སྐབས་ཀྱི་རླུང་སེམས་ཙམ་ལས་ཟུང་འཇུག་གི་སྐུ་སྒྲུབ་པའི་ཚུལ་གསལ་བར་མ་བསྟན་ལ། ཐབས་རྒྱུད་འདུས་པ་ལ་སོགས་པའི་དོན་འཕགས་པ་ཡབ་སྲས་ཀྱིས་ 5-5-28b བཀྲལ་བ་ལ། སྟོང་པ་དང་པོ་གསུམ་གྱི་སྐབས་ཀྱི་རླུང་སེམས་ཙམ་ལས་སྒྱུ་མའི་སྐུ་སྒྲུབ་པ་དང་། སྟོང་པ་བཞི་པའི་སྐབས་ཀྱི་རླུང་སེམས་ཙམ་ལས་ཟུང་འཇུག་གི་སྐུ་སྒྲུབ་པའི་ཚུལ་ཤིན་ཏུ་གསལ་བར་བསྟན་ནོ། །གལ་ཏེ་སྲོག་རྩོལ་གཉིས་བསྒོམ་ པས་སྟོང་པ་བཞི་འདྲེན་ནུས་པའི་མཚམས་དམའ་མོ་ནས་ཀྱང་ཉེར་ཐོང་མུན་ནག་ལྟ་བུ་དྲན་པ་བརྗེད་པའི་ངོ་བོ་ཉིད་ཤར་བའི་རྗེས་སུ། དྲན་མེད་དེ་སངས་པ་ན་སྤྲིན་མེད་པའི་ཐོ་རངས་ཀྱི་དུས་ཀྱི་ནམ་མཁའ་ཟླ་ཉིའི་འོད་དང་མཚམས་ཀྱི་སྨག་གིས་མ་བསླད་པ་ ལྟ་བུའི་ཉམས་འཆར་བ་སྣང་བ་མ་ཡིན་ནམ། རྡོར་བཟླས་མཐར་ཕྱིན་པའི་མཐོན་པོར་སླེབ་པ་ན་སྣང་མཆེད་ཐོབ་གསུམ་ཙམ་ལས་ཐམས་ཅད་སྟོང་པ་འོད་གསལ་གྱི་ཡེ་ཤེས་སྐྱེ་བར་མ་བཤད་པ་མི་འཐད་དོ་སྙམ་ན། འོད་གསལ་ལ་དཔེ་དོན་གཉིས་ ལས་དོན་གྱི་འོད་གསལ་སྒྱུ་ལུས་མན་ཆད་དུ་མི་སྐྱེ་བ་ལ་དགོངས་ནས་སྣང་བ་གསུམ་ཙམ་ཞིག་བཤད་ཀྱི་དཔེའི་འོད་གསལ་མི་སྐྱེ་བ་མིན་ནོ། །གཉིས་པ་ནི། དེ་ལྟར་རྣམ་ཤེས་གསུམ་གྱི་སེམས་དང་དེའི་བཞོན་པའི་རླུང་ཙམ་ལས་སྒྱུ་ལུས་རྡོ་རྗེ་འཆང་གི་ སྐུར་ལངས་པ་དེ་ནི། སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་ཉེ་བར་མཚོན་པ་ཡིན་ལ། དེ་བས་ན་སངས་རྒྱས་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་ཞིང་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས། སྒྱུ་མ་ལྟ་བུ་ནས་མེ་ལོང་གི་གཟུགས་བརྙན་ལྟ་བུའི་བར་གྱི་སྒྱུ་མའི་ དཔེ་བཅུ་གཉིས་ཀྱིས་བདེ་བ་ཆེན་པོའི་ཏིང་ངེ་འཛིན་སྒྱུ་མའི་སྐུ་ཉེ་བར་མཚོན་པར་གྱུར་པ་ཡིན་ནོ། །སྤྱོད་བསྡུས་སུ་དྲངས་པ་ལས། དེ་བས་ན་ཞེས་འབྱུང་བ་ལེགས་སོ། །སྒྱུ་མ་དཔེར་བླངས་པ་གཅིག་ལས་མེད་ཀྱང་སྒྱུ་མའི་དཔེ་བཅུ་གཉིས་ཞེས་གསུངས་པ་ནི། 5-5-29a དཔེའི་ཐོག་མས་གཞན་རྣམས་ཀྱང་མཚོན་པའམ། སྒྱུ་མའི་ལུས་ཀྱི་དཔེ་ཡིན་པ་ལ་དགོངས་སོ། །དཔེ་རྣམས་ལ་ལྟ་བུ་ཞེས་སྦྱར་ན་དོན་ལ་འགྲོ་མེད་ཀྱང་ལྟ་བུ་ཞེས་དཔེར་བཀོད་པའི་དོན་ནོ། །དེ་ལ་རླུངས་སེམས་ཙམ་ལས་རྡོ་རྗེ་འཆང་གི་སྐུར་ སྐྱེད་པ་ན་ཡན་ལག་དང་ཉིང་ལག་ཚང་ཡང་རླུང་སེམས་ཙམ་ལས་མེད་པས་སྒྱུ་མའི་མི་ལྟ་བུའོ། །གར་ཡང་ཁྱབ་པ་ནི་ཆུ་ཟླ་ལྟ་བུའོ། །ཤ་རུས་ལ་སོགས་པ་དང་བྲལ་བས་མིག་ཡོར་ཏེ་མིའི་གྲིབ་མའི་ལུས་ལྟ་བུའོ། །སྐད་ཅིག་གིས་གཡོ་བ་ནི་སྨིག་རྒྱུ་ལྟ་བུའོ། ། རླུང་སེམས་ཙམ་ལས་གྲུབ་པའི་ལུས་ཡིན་པ་ནི་རྨི་ལམ་དུ་ལུས་རགས་པ་ལས་ཟུར་དུ་ཕྱེ་བའི་རྨི་ལམ་གྱི་ལུས་ལྟ་བུའོ། །རྣམ་སྨིན་གྱི་ལུས་དང་རྒྱུད་གཅིག་ཏུ་གཏོགས་ཀྱང་གཞན་དུ་སྣང་བ་ནི་སྒྲ་བརྙན་ལྟ་བུའོ། སྐུ་དེའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་པ་ནི་ དྲི་ཟའི་གྲོག་ཁྱེར་ལྟ་བུའོ། །གཅིག་ཡིན་ཀྱང་དུ་མར་སྣང་བ་ནི་མིག་འཕྲུལ་ལྟ་བུའོ། །སྐུའི་ཁ་དོག་རྣམས་པ་ལྔ་ཐོགས་པ་མེད་ཅིང་མ་འདྲེས་པར་སྣང་བ་ནི་དབང་པོའི་གཞུ་འཇའ་ཚོན་ལྟ་བུའོ། །རྣམ་སྨིན་གྱི་ལུས་ཀྱི་ཕུང་པོའི་ནང་ན་གནས་པ་ནི་སྤྲིན་གྱི་གསེབ་ན་གློག་ འགྱུ་བ་ལྟ་བུའོ། །སྟོང་པའི་ངང་ནས་ཐོལ་གྱིས་བཞེངས་པ་ནི་ཤིན་ཏུ་དྭངས་པའི་ཆུ་ལས་ཆུ་བུར་རྡོལ་བ་ལྟ་བུའོ། །ཡན་ལག་དང་ཉིང་ལག་ཐམས་ཅད་ཅིག་ཅར་དུ་ཡོངས་སུ་རྫོགས་པ་ནི་མེ་ལོང་ལ་རྡོ་རྗེ་འཆང་གི་གཟུགས་བརྙན་ཤར་བ་ལྟ་བུའོ། །དེ་རྣམས་ནི་སློབ་ པའི་སྒྱུ་མའི་སྐུ་མཚོན་ཚུལ་ཡིན་གྱི། མི་སློབ་པའི་སྒྱུ་མའི་སྐུ་མཚོན་པ་ལ་སྦྱོར་བའི་ཚེ་དཔེ་དྲུག་པ་དང་བཅུ་པ་ནི་དེའི་སྐབས་དང་མཐུན་པར་སྦྱར་རོ། །དཔེ་ཐ་མ་འདི་ལ་རིམ་ལྔ་ལས། །མེ་ལོང་དྲི་མ་མེད་པ་ལ། །དངོས་དང་དངོས་མིན་ལས་གྲོལ་བའི། །རྡོ་རྗེ་སེམས་ 5-5-29b དཔའ་ལེགས་བྲིས་པ། །རྣམ་པ་ཀུན་གྱི་མཆོག་ལྡན་ཞིང༌། །སྐུ་ནི་ལྟ་བས་མི་ངོམས་པའི། །གཟུགས་བརྙན་གསལ་བར་སྣང་བ་ནི། །སློབ་མ་བཟང་པོ་དེ་ལ་བསྟན། །དེ་ལ་རང་བྱིན་བརླབ་ཆེས་བཤད། །ཅེས་གསུངས་པ་ལ་བརྟེན་ནས་རྡོ་རྗེ་འཆང་གི་བྲིས་སྐུ་མེ་ལོང་གི་ ནང་དུ་ཤར་བ་ལ་བལྟས་བཞིན་པའི་ངང་ནས་སྒྱུར་མའི་སྐུ་བསྒོམ་པར་འདོད་པ་སྣང་མོད་ཀྱང་། དེ་ནི་སློབ་དཔོན་གྱིས་སློབ་མ་ལ་སྒྱུར་ལུས་འཆད་པའི་ཚེ། དེ་རྣམས་དཔེར་བཞག་ནས་སློབ་མ་ལ་ངག་གིས་བསྟན་པས་ཆོག་གི། །དེ་ལྟར་བྱེད་མི་དགོས་ཏེ། དེ་ལྟ་མ་ ཡིན་ན་དཔེ་གཞན་རྣམས་ཀྱིས་སྒྱུ་ལུས་སྟོན་པ་ལ་ཡང་དེ་འདྲ་བ་དེ་བྱ་དགོས་པར་འགྱུར་རོ། །དེས་ན་སྒྱུ་ལུས་དཔེའི་སྒོ་ནས་འཆད་པ་ལ་རྒྱས་པར་ན་དཔེ་བཅུ་གཉིས། བསྡུས་ན་རིམ་ལྔར་གསུངས་པ་ལྟར་མེ་ལོང་གི་གཟུགས་བརྙན་ལ་སོགས་པའི་དཔེ་གསུམ་ ཡིན་ནོ། །སྟོན་པ་ལ་དེ་ལྟར་ཡིན་གྱི། །རྣལ་འབྱོར་པས་མཚོན་བྱེད་དཔེའི་སྒྱུ་ལུས་རྒྱུད་ལ་སྐྱེད་པ་ལ་ནི་རྨི་ལམ་གྱི་དཔེ་ཉིད་དེ་རྣམས་ཀྱི་མཆོག་ཡིན་ཏེ། རྨི་ལམ་གྱི་སྒྱུ་ལུས་ཀྱིས་དོན་གྱི་སྒྱུ་ལུས་མཚོན་ནུས་པ་འདྲ་བ་དཔེ་གཞག་ལ་མེད་པའི་ཕྱིར་རོ། །འདི་ ལྟར་རྨི་ལམ་གྱི་ལུས་ཀྱི་སྔོན་དུ་གཉིད་ཀྱི་སྟོང་པ་གསུམ་འགྲོ་བར་སྤྱོད་བསྡུས་ལས་གསུངས་ལ། དེས་ནི་མཚོན་བྱ་དོན་གྱི་སྒྲུ་ལུས་གྱི་སྔོན་དུ་སེམས་དབེན་གྱི་སྟོང་པ་གསུམ་འགྲོ་བ་ལེགས་པར་མཚོན་ནུས་ཏེ། དཔེ་གཞན་ལ་མེད་དོ། །དེས་ནི་གཉིད་ཀྱི་སྟོང་ པ་བཞི་འཛིན་པ་སྔོན་དུ་བཏང་བའི་མཐར་རྨི་ལམ་གྱི་སྒྱུ་ལུས་སུ་ལྡང་བ་གོ་བས། གཉིད་དུ་སོང་ནས་རྨི་ལམ་མ་ཤར་ཚུན་ཆད་ཀྱི་གཉིད་ཀྱི་གདམས་ངག་དང༌། རྨི་ལམ་གྱི་གདམས་ངག་གི་གོ་རིམ་ལ་རྨད་དུ་བྱུང་བའི་ངེས་པ་རྙེད་དོ། །དེ་ནས་གཉིད་ཀྱི་སྟོང་པ་ 5-5-30a རྣམས་ཀྱི་མཐར་རླུང་སེམས་ཙམ་ལས་གྲུབ་པའི་རྨི་ལམ་གྱི་སྒྱུ་མའི་སྐུར་ལྡང་ནས་པ་ཤེས་ལ། དེས་ནི་སེམས་དབེན་གྱི་སྟོང་པ་རྣམས་ཀྱི་མཐར་རླུང་སེམས་ཙམ་གྱི་སྒྱུ་མའི་སྐུར་ལྡང་བ་ལེགས་པར་མཚོན་ནུས་ཏེ། དེ་ཡང་དཔེ་གཞན་ལ་ མེད་དོ། །དེ་ནས་དེའི་མཐར་རྨི་ལམ་གྱི་སྒྱུ་མ་ལོངས་སྐུ་སད་པའི་ཚེ་སྤྲུལ་སྐུར་བསྒྱུར་བ་ཤེས་ལ། དེས་ནི་དོན་གྱི་སྒྱུ་མ་ལོངས་སྐུས་སྤྲུལ་པའི་སྐུ་འཛིན་པ་ལེགས་པར་མཚོན་ནུས་ཏེ། དེ་ཡང་དཔེ་གཞན་ལ་མེད་དོ། །དེ་ལྟར་དཔེའི་རྨི་ལམ་གྱི་ཐོག་མཐའ་ བར་གསུམ་གྱིས། དོན་གྱི་སྒྱུ་ལུས་ཀྱི་ཐོག་མཐའ་བར་གསུམ་ལེགས་པར་མཚོན་ནུས་པའི་སྤྱོད་བསྡུས་ཀྱི་དགོངས་པ་འདི་ནི། གཉིད་དང་རྨི་ལམ་གྱི་གདམས་པ་རྣམས་ཀྱི་སྙིང་པོ་མཐར་ཐུག་པར་སྣང་ལ། འདི་ལེགས་པར་ཤེས་ན་སྒྱུ་ལུས་ཀྱི་སྐབས་ སུ་གཉིད་དང་རྨི་ལམ་གྱི་གདམས་པ་རྣམས་འོང་བའི་རྒྱུ་མཚན་ཡང་དག་པར་ཤེས་པ་དང་། བསྲེ་བ་རྣམས་ཀྱི་གནད་མཐར་ཐུག་པར་ཤེས་སོ། །སྤྱོད་བསྡུས་ཀྱི་གཞུང་ནས་འབྱུང་བའི་གཉིད་དང་རྨི་ལམ་གྱི་གདམས་པའི་གནད་མི་ཤེས་ན། གདམས་པ་ དེ་དག་གི་གནད་མཐར་ཐུག་པ་རྣམས་མི་ཤེས་པས་གཟུགས་བརྙན་གྱིས་ཚིམ་པ་ཙམ་མོ། །འདི་དག་ཀྱང་འདིར་དཔེའི་སྐབས་སུ་བབ་སྣང་བས་མདོ་ཙམ་བརྗོད་ཀྱི། རྒྱས་པར་གཞན་དུ་བཤད་པར་བྱའོ། །སྤྱོད་བསྡུས་སུ་རྒྱུད་འདི་འདྲངས་པའི་དཔེ་བཅུ་གཉིས་ དང་། འདིར་བཤད་པའི་བཅུ་གཉིས་མཐུན་ལ། བདག་བྱིན་བརླབས་ལས་གྲིབ་མ་ཞེས་པ་ནི་མིག་ཡོད་ཀྱི་དོན་ཡིན་ལ། མིག་འཕྲུལ་གྱི་དོད་ལ་སྤྲིན་འབྱུང་ངོ་། །དཔེས་དོན་མཚོན་ཚུལ་རིམ་ལྔའི་འགྲེལ་པ་དག་ལས་གཞན་དུ་བཤད་མོད་ཀྱང་། བཤད་པ་སྔ་ 5-5-30b མ་ཉིད་འགྲིག་པར་མཐོང་ངོ་། །བཞི་པ་ལ་གསུམ། འདོད་ཆགས་ཆོས་སྦས་མེད་ན་སྟོང་པ་གསུམ་དང་བདེ་བ་ཆེན་པོ་མི་རྙེད་པར་བསྟན་པ། བདེ་ཆེན་སྒྱུ་མའི་སྐུ་ལ་མོས་པ་ཙམ་གྱི་ཕན་ཡོན། འདོད་ཆགས་ཆོས་སྦས་ལ་བརྟེན་ནས་སྟོང་པ་གསུམ་མཚོན་ ཏེ་བདེ་ཆེན་ལ་གནས་པའི་ཚུལ་ལོ། །དང་པོ་ནི། ཇི་ལྟར་ཏེ་དཔེར་ན་འོ་མ་སྲུབས་པ་ལས་མར་འབྱུང་བ་དེ་བཞིན་ཏུ། པདྨར་རྡོ་རྗེ་སྲུབས་པ་ལས་རྡོ་རྗེའི་སྒྲས་བསྟན་པའི་ཐབས་ཀྱི་ཡེ་ཤེས་མཆོད་པ་ཉེ་བར་བརྟགས་པ་སྟེ་འབྱུང་བའི་ཕྱིར་དང༌། ཇི་ལྟར་ཏིལ་ བཙིར་བ་ལས་ཏིལ་མར་འབྱུང་སྟེ་དེ་བཞིན་དུ་པད་མར་རྡོ་རྗེ་བཙིར་བ་ལས་པདྨའི་སྒྲས་བསྟན་པའི་ཤེས་རབ་ཀྱི་ཡེ་ཤེས་སྣང་བ་ཉེ་བར་བརྟགས་པ་སྟེ་འབྱུང་བའི་ཕྱིར་ན། རྡོ་རྗེ་དང་པདྨ་སྦྱོར་བ་ཡོད་ན་ཡེ་ཤེས་གཉིས་འབྱུང་བའི་རྗེས་སུ་འགྲོ་བ་གྲུབ་བོ། ། དེས་ནི་ཐབས་ཤེས་སྦྱར་བའི་ཉེར་ཐོབ་ཀྱི་རྗེས་འགྲོ་ཡང་སྟོན་ཏོ། །ཇི་ལྟར་འོ་མ་དང་ཏིལ་དག་གིས་ཡང་དག་པའི་མངོན་པར་འདུ་བྱ་བ་སྲུབ་པ་དང་བཙིར་བ་མེད་པར། མར་དང་ཏིལ་མར་མི་འབྱུང་བ་དེ་བཞིན་དུ་སྙོམས་པར་འཇུག་པའི་སྔོན་དུ་ཨཱཿདང་ཧཱུཾ་གི་ སྔགས་ཀྱིས་ཕོ་མོའི་དབང་པོའི་རྟེན་གཉིས་རྡོ་རྗེ་དང་པད་མར་སྐྱེད་པ་སོགས་དང༌། ལྷ་ཡབ་ཡུམ་དུ་དམིགས་པའི་སེམས་ཀྱི་ཕྱག་རྒྱས་མངོན་པར་འདུས་བྱས་པའི་རྡོ་རྗེ་དང་པདྨ་མཉམ་པར་སྦྱར་བ་མེད་པར། རྣམ་པར་ཤེས་པ་སྟོང་པ་གསུམ་ཉེ་བར་ མཚོན་པར་མི་ནུས་སོ། །ཞེས་པས་ནི་དབང་པོ་གཉིས་སྦྱོར་ལ་ལོག་ན་ཡེ་ཤེས་གསུམ་སྐྱེ་བ་ལྡོག་པའི་ལྡོག་པ་བསྟན་ཏོ། །ཐ་མར་འཆི་བ་ལ་སོགས་པའི་སྐབས་སུ་དབང་པོ་གཉིས་མཉམ་པར་སྦྱར་བ་མེད་ཀྱང་དེའི་རྒྱུད་ལ་སྣང་མཆེད་ཐོབ་གསུམ་སྐྱེ་བས། 5-5-31a རྗེས་སུ་འགྲོ་ལྡོག་ནི་ལམ་གྱི་སྐབས་ལ་དགོངས་ལ། དེ་ཡང་ལྟེ་བ་ལ་སོགས་པའི་རྩ་འཁོར་གྱི་དབུས་སུ་དམིགས་པ་གཏོད་པ་ལ་སོགས་པའི་ལུས་ལ་གནད་དུ་བསྣུན་པའི་རྣལ་འབྱོར་གྱིས་རླུང་ཨ་བ་དྷཱུ་ཏཱིར་བཙུད་པ་ལས་སྟོང་པ་བཞི་སྤྱི་ ཙམ་པ་དང་། སྙིང་ཁར་མི་ཤིགས་པ་སྒོམ་པ་དང་། དེ་ལ་དམིགས་ནས་རྡོར་བཟླས་བྱས་པ་ལས་སྟོང་པ་བཞི་ཁྱད་པར་ཅན་སྐྱེ་བ་ཕྱག་རྒྱ་ལ་མ་ལྟོས་པར་འབྱུང་བ་ཡང་ཡོད་པས། འདིར་ཕྱག་རྒྱ་དང་སྟོང་པ་གསུམ་རྗེས་སུ་འགྲོ་ལྡོག་ངེས་པར་གསུངས་ པ་ནི། སྒྱུ་མའི་སྐུ་སྒྲུབ་ནུས་པའི་སེམས་དབེན་གྱི་སྟོང་པ་གསུམ་རྫོགས་པར་སྐྱེ་བ་ཕྱག་རྒྱ་ལ་ངེས་པར་ལྟོས་པ་ལ་དགོངས་པ་ཡིན་ཏེ། དེ་མེད་ན་སེམས་དབེན་གྱི་མཚན་ཉིད་འགའ་ཞིག་ཚང་བའི་ཡེ་ཤེས་གསུམ་སྐྱེ་ཡང་། མཚན་ཉིད་རྫོགས་པ་ མི་སྐྱེ་བའི་ཕྱིར་རོ། །དེ་ལ་དགོངས་ནས་རིམ་ལྔ་ལས་ཀྱང་། གང་ཞིག་ཆུ་སྐྱེས་རྡོ་རྗེ་སྦྱོར། །ཀུན་རྫོབ་ཏུ་ཡང་མེད་གྱུར་ན། །ལན་གཅིག་ཙམ་ཞིག་མྱོང་ནས་ཀྱང་། །རྣལ་འབྱོར་སྟོབས་ཀྱི་འགྲུབ་པར་འགྱུར། །ཞེས་གསུངས་སོ། །གང་ཤེས་རབ་ཀྱི་བྷ་ ག་དང་ཐབས་ཀྱི་ལིང་ག་ཡང་དག་པར་སྦྱོར་མི་ནུས་པ་དེས་ནི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་སྒྱུ་མའི་སྐུ་མི་རྙེད་དོ། །འདིས་ནི་དབང་པོ་གཉིས་སྦྱོར་བ་ལོག་ན་སྒྱུ་ལུས་ལྡོག་པའི་ལྡོག་པ་བསྟན་ལ། འོག་ནས་རྗེས་འགྲོ་སྟོན་ནོ། །སྔ་མས་ནི་དབང་པོ་གཉིས་ སྦྱོར་དང་སེམས་དབེན་གཉིས་ཀྱི་རྗེས་སུ་འགྲོ་ལྡོག་བསྟན་ཏོ། །སྒྱུ་ལུས་དང་སེམས་དབེན་གྱི་སྟོང་པ་གསུམ་རྒྱུ་འབྲས་ཡིན་པས་རྗེས་སུ་འགྲོ་ལྡོག་ངེས་ལ། སེམས་དབེན་དང་དབང་པོ་གཉིས་སྦྱོར་གཉིས་རྗེས་སུ་འགྲོ་ལྡོག་ངེས་པས་ན། སྒྱུ་ལུས་ 5-5-31b དང་ཡང་རྗེས་སུ་འགྲོ་ལྡོག་ངེས་པར་འགྱུར་རོ། །ཚུལ་དེ་རྣམས་ནི་ནང་གི་སྲོག་རྩོལ་རྡོ་རྗེ་བཟླས་པ་སོགས་དང་སེམས་དབེན་དང་། སྒྱུ་མའི་ལུས་ཀྱིའང་རྗེས་སུ་འགྲོ་ལྡོག་ལ་སྦྱར་བར་བྱའོ། །འདོད་ཡོན་ལམ་བྱེད་ཀྱི་གཙོ་བོ་འདི་སྒྱུ་མའི་སྐུ་སྒྲུབ་པའི་ཆེད་དུ་གསུངས་ པ་འདིས་ནི། ཕྱིའི་ཕྱག་རྒྱ་ལ་བརྟེན་པ་དང་། ནང་གི་ལུས་ལ་གནད་དུ་བསྣུན་པའི་ཐབས་གཞན་ཐམས་ཅད་ཀྱང་མཐར་རླུང་སེམས་ཙམ་ལས་སྒྱུ་མའི་སྐུ་སྒྲུབ་པའི་ཆེད་དུ་བསྟན་པ་ཡིན་པས། སྐྱེ་འཆི་བར་དོ་གསུམ་སྐུ་གསུམ་དུ་འཆར་བའི་ལམ་འཁྱེར་ འཕགས་པ་ཡབ་སྲས་ཀྱིས་བཤད་པ་འདི་ཉིད། ཐབས་དང་ཤེས་རབ་ཀྱི་རྒྱུད་གཉིས་ཀའི་མན་ངག་གི་གནད་མཐར་ཐུག་པར་གཟུང་བར་བྱའོ། །གཉིས་པ་ནི། ཐེག་པ་འདིའི་ལམ་གཞན་ཚང་བ་མི་དགོས་ཀྱི། སྒྲུ་ལུས་བདེ་བ་ཆེན་པོའི་ཏིང་ངེ་འཛིན་ འབའ་ཞིག་སྟེ་གཅིག་པུ་ལ། དེ་མངོན་དུ་བྱས་པ་མི་དགོས་ཀྱི་ལེགས་པར་ཤེས་ནས་ལྷག་པར་མོས་པ་ཙམ་གྱིས་ཀྱང་ལས་དང་པོ་པའི་ས་བསྐྱེད་རིམ་མཐར་ཕྱིན་པ་ལ་གནས་པ་དང་འདྲ་བའི་ཕན་ཡོན་འཐོབ་པར་འགྱུར་ཏེ། དེར་མ་ཟད་ཐེག་པ་འདི་ ལས་ཕྱིར་མི་ལྡོག་པ་སྟེ་ལམ་འདིར་རིགས་ངེས་པའི་ས་ལ་ཡང་སློབ་བཞིན་པར་འགྱུར་རོ། །ཕན་ཡོན་འདི་ལྟ་བུ་མཐོང་བའི་བློ་གྲོས་ཅན་གྱིས་ནི་ཕྱི་དང་ནང་གི་ལུས་ལ་གནད་དུ་བསྣུན་པའི་ཐབས་ལ་མཁས་པས་དྲངས་པའི་བདེ་བ་ཆེན་པོས། བདག་མེད་པའི་དོན་ཕུ་ཐག་ཆོད་པའི་ལྟ་བའི་ཡུལ་སྒོམ་པའི་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་གསུམ་སྐྱེད་པ་དང་སྔར་བཤད་པ་ལྟར་རྡོ་རྗེའི་སྐུ་གང་ལས་སྒྲུབ་པའི་གཞི་གཉུག་མའི་ལུས་རླུང་སེམས་ཙམ་དུ་ཟད་པའི་ཚུལ་ལ་ངེས་པ་བརྟན་པོ་རྙེད་ནས། 5-5-32a སྟོང་པ་རྣམས་ཀྱི་རླུང་སེམས་ཙམ་ལས་སྒྱུ་མའི་སྐུ་འགྲུབ་པའི་ཚུལ་ལ་ཡང་དང་ཡང་དུ་ཤིན་ཏུ་ངོ་མཚར་བའི་བསམ་པས་མོས་པ་བརྟན་པོ་བསྐྱེད་པར་བྱའོ། །གསུམ་པ་ནི། གང་རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བའི་བདེ་བས་ རང་བཞིན་གྱི་སྣང་བ་གསུམ་ཡང་དག་པ་སྟེ་ཕྱིན་ཅི་མ་ལོག་པར་ཉེ་བར་མཚོན་པར་བྱེད་པ་དེ་ནི། བདེ་བ་ཆེན་པོ་སྒྱུ་མའི་སྐུའི་གོ་འཕང་ལ་རབ་ཏུ་གནས་པར་འགྱུར་རོ། །ཞེས་པ་འདིས་ནི་དབང་པོ་གཉིས་སྦྱོར་བ་ཡོད་ན་སྒྱུ་ལུས་འབྱུང་བའི་རྗེས་འགྲོ་ སྟོན་ཏོ། །སྔར་བཤད་པ་འདི་དག་གི་གནད་ཤེས་ན། ལམ་འདིར་ཞུགས་པས་དང་པོ་ཉིད་ནས་འདོད་ལྷ་ཡབ་ཡུམ་གྱི་རྣམ་པ་ཅན་དུ་སྒོམ་པ་སོགས་ཀྱི་གནད་རྣམས་ཤེས་ཤིང་སྟོང་པ་ཉིད་ལ་སེམས་རྩེ་གཅིག་ཏུ་གནས་པར་བྱས་པའི་མཐུས་རླུང་ལས་སུ་ རུང་བ་ཙམ་ལས་སྐྱེས་པའི་བདེ་བ་དང༌། ལུས་ཀྱི་རྩ་འཁོར་གྱི་གནད་དུ་བསྣུན་པ་དང་བྲལ་བའི་རླུང་འགྲོ་འོང་སྒོམ་པར་བཤད་པ་དང༌། ལུས་ཀྱི་རྩ་འཁོར་གྱི་གནད་དུ་བསྣུན་པ་མེད་པའི་རླུང་ཕྱི་རོལ་ཏུ་འགྲོ་བ་བཀག་ནས་བསྒོམས་པས་དྲངས་པའི་བདེ་བ་ཆེར་ སྐྱེས་པ་དང་སྟོང་པ་གཉིས་སྦྱར་བའི་བདེ་སྟོང་སྒོམ་པ་རྣམས་རྣལ་འབྱོར་བླ་མེད་ཀྱི་རྫོགས་རིམ་ཡིན་ནོ་སྙམ་དུ་འཛིན་པ་རྣམས་ལྷག་མ་མེད་པར་ལྡོག་པར་འགྱུར་བས་དོན་ཤིན་ཏུ་ཆེའོ། །གཉིས་པ་ནི། དེ་ལྟར་སྔར་བཤད་པའི་སྣང་བ་སེམས་གསུམ་གྱི་ སྦས་པ་དང༌། འདོད་ཆགས་ཆོས་ཀྱི་སྦས་པ་དང༌། ཀུན་རྫོབ་སྒྱུ་མའི་སྦས་པ་གསུམ་བཤད་པ་འདི་ནི། ཚུལ་བཞིའི་ནང་ནས་སྦས་པའི་དོན་གྱི་བཤད་པའོ། །དེ་ལྟར་ཡང་སྒྲོན་གསལ་ལས། འདོད་ཆགས་ཆོས་ནི་རབ་སྟོན་དང༌། །ཀུན་རྫོབ་བདེན་པ་རྟོགས་ 5-5-32b པ་དང༌། །ཡེ་ཤེས་གསུམ་པོ་རྣམ་བརྟག་པའི། །སྙིང་པོ་ཡིད་པས་སྦས་པའོ། །ཞེས་སོ། ཆག་འགྱུར་ལས། ཀུན་རྫོབ་བདེན་པ་བསྟན་པ་དང༌། །ཞེས་འབྱུང་ངོ་། །སྦས་པའི་སྐད་དོད་ནི་སྙིང་པོ་ཅན་ལ་ཡང་འགྲོ་བས། །སྙིང་པོ་ཡོད་པས་སྦས་པའོ། །ཞེས་ བསྒྱུར་མོད་ཀྱང༌། སྦས་པའི་སྒྲ་དོན་ནི་གསངས་པའི་དོན་ཡིན་པས། དངོས་སུ་མི་གསལ་བར་ཁོང་ན་ཡོད་པ་ལ་སྙིང་པོ་ཡོད་པ་ཞེས་བྱས་སོ། །དེས་ན་སྦས་བཤད་ཀྱི་སྦས་པ་ཐམས་ཅད་པ་ཚབ་ཀྱིས་སྙིང་པོ་ཅན་དུ་བསྒྱུར་བ་འགྱུར་མི་ལེགས་སོ། །ཁོང་ ན་སྙིང་པོའི་ཚུལ་དུ་ཡོད་རྒྱུ་ནི་འདོད་ཆགས་ཀྱི་ཆོས་ལ་སོགས་པ་གསུམ་པོ་ཉིད་ཡིན་པས། དེ་དག་གི་སྙིང་པོ་གཞན་གསུམ་འཆད་པ་དོན་དུ་མ་མཐོང་ངོ་། །གསུམ་པོ་དེ་ཙམ་ཞིག་སྦས་དོན་དུ་གསུངས་པ་ནི་གཙོ་བོ་ལ་དགོངས་ཀྱི། དེ་ཙམ་དུ་མ་ངེས་ཏེ། སྒྲོན་ གསལ་ལས་གསང་བ་གསུམ་ཚུལ་བཞིར་བཤད་པའི་སྐབས་སུ་འཇུག་གནས་ལྡང་བ་གསུམ་སྦས་པར་བཤད་པས། རྡོ་རྗེ་བཟླས་པ་སྦས་དོན་དུ་གསུངས་པ་ཡེ་ཤེས་གསུམ་གྱི་སྦས་པའི་ཁོངས་སུ་སྡུད་དགོས་པ་བཞིན་ནོ། །དེས་ན་ལུས་དབེན་ཀྱང་སྦས་པ་ དེའི་ཁོངས་སུ་བསྡུའོ། །གཉིས་པ་ལ་གཉིས། ཞུ་བ། ལན་ནོ། །དང་པོ་ནི། སྦས་དོན་གསུངས་པའི་འོག་ཏུ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་གསོལ་བ་ནི། བཅོམ་ལྡན་འདས་ཞེས་བོས་ནས། ཚུལ་བཞིའི་སྤྱི་དོན་གྱི་བཤད་པ་ཇི་ལྟར་ལགས་ ཞེས་པའོ། །གཉིས་པ་ནི། བཅོམ་ལྡན་འདས་ཀྱིས་ལན་བཀའ་སྩལ་པ་ནི། ཉན་ཐོས་ལ་སོགས་པ་དབང་པོ་གཉིས་སྦྱོར་གྱི་ཆགས་པ་ལམ་དུ་བྱེད་པའི་འདོད་ཆགས་དང་བྲལ་བའི་ཆོས་སྤྱོད་པ། རྣམ་པར་རྟོག་པའི་བག་ཆགས་ལས་མ་གྲོལ་བ་སྟེ་ཉོན་ 5-5-33a མོངས་པའི་བག་ཆགས་གཉིས་སྦྱོར་གྱི་ཆགས་པ་ལམ་བྱེད་ཀྱི་ཐབས་མཁས་ཀྱིས་སྤྱོད་པར་མི་ནུས་པ་རྣམས་ཀྱིས། རྣལ་འབྱོར་བླ་ན་མེད་པ་ཆེན་པོའི་རྒྱུད་དག་ཏུ་བཙུན་མོའི་བྷ་ག་ལ་བཞུགས་ཞེས་པ་དང༌། སོགས་ཀྱི་སྒྲས་བསྡུས་ པ་སྔར་བཤད་པ་ལྟར་དབང་པོ་གཉིས་མཉམ་པར་སྦྱོར་བ་མེད་ན་བདེ་བ་ཆེན་པོ་མི་རྙེད་པར་གསུངས་པ་ལ་སོགས་པ། འདོད་ཆགས་ཀྱི་ཀུན་སྤྱོད་ཀྱི་ཆོས་གསལ་བར་བྱེད་པ་ངོ་མཚར་ཅན་གྱི་རྡོ་རྗེའི་ཚིག་ཐོས་ན། འདི་ནི་བཀའ་མ་ཡིན་ནོ་ཞེས་སྨོད་པར་ བྱེད་པ་དེ་དག་དང་མི་འགལ་བར་ཐུན་མོང་དུ་གྲགས་པའི་སྒོ་ནས་དེ་དག་གི་དོན་བཤད་པ་ནི། སྤྱིའི་དོན་དུ་བཤད་པར་གསུངས་པའོ། །དེ་ནི་སྒྲོན་གསལ་ལས་རྡོ་རྗེ་བཙུན་མོ་ཤེས་རབ་དང༌། དེས་ཉོན་མོངས་འཇོམས་པ་བྷ་གར་བཤད་པ་ལྟ་བུའོ། །འདི་ ཡིག་དོན་དུ་གསུངས་ཀྱང་སྤྱི་དོན་དུ་མི་འགལ་ལ། འདི་འདྲ་བ་ནི་ཆགས་བྲལ་གྱི་ལམ་པའི་སྨོད་ཚིག་སྤོང་བ་ཙམ་གྱི་དོན་ཡིན་གྱི། རང་གི་ལམ་ལ་སློབ་པ་ལ་དེ་མི་དགོས་སོ་སྙམ་དུ་མི་གཟུང་ངོ་། །དེ་གང་ཟག་གང་དང་ཐུན་མོང་དུ་གྱུར་པས་སྤྱི་དོན་དུ་ བཞག་པ་ནི། གཙོ་བོར་མཚན་ཉིད་ཀྱི་ཐེག་པ་པ་ཡིན་མོད་ཀྱང༌། རྒྱུད་སྡེ་འོག་མའི་གདུལ་བྱས་ཀྱང་དེ་ལ་སྨོད་པ་བཟློག་པའི་ཕྱིར་དུ་དེ་དག་དང་ཐུན་མོང་བ་ཡང་ཡོད་དེ། གཞན་ཡང་རྡོ་རྗེ་འཆང་གིས་གསུངས་པའི་བྱང་ཆུབ་ཀྱི་སེམས་ཀྱི་གཞུང་སྤྱི་དོན་ དུ་བཤད་པས་རྣམ་ཐར་གསུམ་སྟོན་པ་ལྟ་བུ་ནི་ཐེག་པ་གཞན་དང་རྒྱུད་སྡེ་འོག་མ་པ་གཉིས་ཀ་དང་ཐུན་མོང་པའོ། །དེ་བཞིན་དུ་སྐྱབས་སུ་འགྲོ་བ་དང་སྨོན་འཇུག་གི་བྱང་ཆུབ་ཀྱི་སེམས་ཐུན་མོང་བ་ལ་སོགས་པ་མང་སྟེ། དེ་རྣམས་ཀྱང་རང་གི་ལམ་ལ་སློབ་ 5-5-33b པ་ལ་དགོས་པའི་སྒོ་ནས་བཤད་པའོ། །བསྐྱེད་རིམ་རྣམས་སྤྱི་དོན་དུ་གསུངས་པ་ལ་ཁ་ཅིག་རྒྱུད་སྡེ་འོག་མ་གསུམ་དང་ཐུན་མོང་བ་ཡིན་པས་སྤྱི་དོན་ཡིན་ཞེས་ཟེར་ལ། གཞན་དག་སྤྱི་དོན་དུ་བཤད་པའི་བསྐྱེད་རིམ་གྱི་ཆ་ཤས་རྣམས་བསྐྱེད་རིམ་པ་ལ་ཡོད་པས། བསྐྱེད་རིམ་དང་ལྡན་པ་ཡིན་གྱི། དངོས་གྲུབ་རྣམས་ཀྱིའམ་སྔགས་པ་རིགས་གཉིས་ཀྱི་སྤྱི་ནི་མིན་ནོ་ཞེས་ཟེར་རོ། །དེ་ལ་བླ་མེད་ཀྱི་བསྐྱེད་རིམ་ལྷ་ཡབ་ཡུམ་ཞལ་སྦྱོར་དུ་གནས་པ་དང༌། ལྷ་མངལ་ནས་སྐྱེད་པ་ལྟ་བུ་ནི་རྒྱུད་སྡེ་འོག་མ་པ་དང་ཐུན་མོང་བ་མིན་ནོ། ། བླ་མེད་ཀྱི་བསྐྱེད་རིམ་ཕལ་མོ་ཆེ་སྲིད་སྐྱེ་འཆི་བར་དོའི་རིམ་པ་ལྟར་སྐྱེད་པ་ཡིན་ལ། སྐྱེད་ཆོག་དེ་ཡང་རྒྱུད་སྡེ་འོག་མ་ལ་མེད་དོ། །དེས་ན་བསྐྱེད་རིམ་གྱི་གཙོ་བོ་རྣམས་ཐུན་མོང་བ་མིན་ཀྱང༌། དེའི་སྐབས་སུ་གསུངས་པའི་སྐྱེད་ཆོག་ཐུན་མོང་བ་ནི་མང་དུ་ཡོད་པས་ དེ་རྣམས་རྒྱུད་སྡེ་འོག་མ་པ་ལ་ལྟོས་ནས་སྤྱི་དོན་དུ་འཆད་ན་རུང་ངོ་། །འདིར་སྤྱི་ཞེས་པའི་ཐུན་མོང་བ་ནི་ཐེག་པ་གཉིས་སམ། རྒྱུད་སྡེ་མཆོག་དམན་ནམ། དངོས་གྲུབ་གཉིས་སྒྲུབ་པའི་གང་ཟག་གཉིས་ལ་ལྟོས་ནས་གཞག་དགོས་ལ། དེ་ལྟར་བྱས་ན་བསྐྱེད་ རིམ་ནི་གཙོ་བོར་ཕྱི་མའི་དབང་དུ་བྱས་ནས་སྤྱི་དོན་འགྱུར་རོ། །བླ་མེད་ཀྱི་བསྐྱེད་རིམ་གྱིས་རྫོགས་རིམ་གྱིས་རྟོགས་པ་ཡོངས་སུ་རྫོགས་སྐྱེ་བའི་རྒྱུད་སྨིན་པར་བྱེད་ནུས་པ་བཞིན་དུ། རྒྱུད་སྡེ་འོག་མའི་ལྷའི་རྣལ་འབྱོར་རྣམས་ཀྱིས་མི་ནུས་པས་བསྐྱེད་རིམ་ལ་ ཡང་དེ་དག་ལ་ལྟོས་ནས་ཁྱད་པར་ཤིན་ཏུ་ཆེ་བ་ཡོད་དོ། །འདིར་སྤྱི་དོན་ཚུལ་གཅིག་ལས་མ་གསུངས་ཀྱང༌། སྒྲོན་གསལ་ལས་ཚུལ་གཉིས་གསུངས་ཏེ། མདོ་སོགས་ལ་ནི་རབ་ཞུགས་པའི། །འགྱོད་པ་ཟློག་པར་བྱེད་ཕྱིར་དང༌། །བསྐྱེད་པའི་རིམ་དང་ལྡན་པ་ 5-5-34a དག། །སྤྱི་ཡི་དོན་ནི་ཡིན་པར་གསུངས། །ཞེས་གསུངས་པས་རྒྱུད་རྒྱས་པ་ན་དེ་ལྟར་བཞུགས་པར་གསལ་ལོ། །གསུམ་པ་ལ་གཉིས། དངོས་ཀྱི་དོན། དེ་མཐར་ཐུག་ཏུ་བསྟན་པའོ། །དང་པོ་ལ་གཉིས། ཞུ་བ། ལན་ནོ། །དང་ པོ་ནི། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་གསོལ་བ། བཅོམ་ལྡན་འདས་ཞེས་བོས་ནས། དབང་པོ་གཉིས་སྦྱོར་གྱི་འདོད་ཆགས་ཀྱི་ཆོས་སྤྱོད་པའི་ཆོས་ཀྱི་ཚུལ་དུ་ཚུལ་བཞིའི་མཐར་ཐུག་པར་བཤད་པ་ཇི་ལྟར་ལགས་ཞེས་ཞུས་སོ། ། གཉིས་པ་ལ་གཉིས། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། ཞུས་པའི་རྗེས་དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ལན་བཀའ་སྩལ་པ། བྱང་ཆུང་སེམས་དཔའ་རྣམས་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། བྱིན་ཚུལ་ནི། ཞུ་བ་དེ་ལེགས་ སོ་ལེགས་སོ་ཞེས་སྤྲོ་བ་སྐྱེད་པའི་དོན་དུ་ལན་གཉིས་སུ་བསྐྱར་ནས། བྱང་ཆུབ་སེམས་དཔའ་ཆེན་པོ་སྙིང་རྗེ་གསུམ་གྱི་ནང་ནས་མཆོག་དམིགས་པ་མེད་པའི་སྙིང་རྗེ་དང་ལྡན་པ་རྣམས་ཉོན་ཅིག །ཅེས་ཉན་པར་བསྐུལ་ལོ། །མཐར་ཞེས་པ་ནི་མུའི་ ཚིག་སྟེ་མཐར་ཐུག་པ་ནི་མུར་ཐུག་པའི་དོན་ནོ། །མཐར་ཐུག་པ་དེ་ལ་ནི་གཉིས་ཡོད་དེ། འོད་གསལ་བ་ཞེས་བྱ་བ་དང་ཡང་དག་པའི་ཚུལ་ཞེས་བྱ་བ་ཟུང་འཇུག་གོ། །ཡང་དག་པའི་ཚུལ་ཞེས་པ་ཟུང་འཇུག་ཡིན་པར་འདིར་མ་བཤད་ཀྱང་། སྒྲོན་གསལ་ ལས་མཐར་ཐུག་ལ་འོད་གསལ་དང་ཟུ་འཇུག་གཉིས་བཤད་པས་ཤེས་ལ། སྤྱོད་བསྡུས་ལས་ཀྱང་། ཡང་དག་པའི་ཚུལ་གྱི་བདག་ཉིད་ཅན་གྱི་ཏིང་ངེ་འཛིན་ཞེས་བྱ་བ་དེ་གང་ལགས། སྨྲས་པ་གང་བདེན་པ་གཉིས་གཉིས་སུ་མེད་པའི་རྣམ་ 5-5-34b པའི་མཚན་ཉིད་ཅན་དེ་ནི། ཡང་དག་པའི་ཚུལ་གྱི་བདག་ཉིད་ཅན་གྱི་ཏིང་ངེ་འཛིན་ཏེ། ཞེས་གསལ་བར་གསུངས་སོ། །གཉིས་པ་ལ་གསུམ། མཐར་ཐུག་ཐོབ་པའི་ཐབས་ཀྱི་ཞུས་ལན། སྟོང་པ་གསུམ་འོད་གསལ་གྱི་མཐར་གྱུར་བའི་ཞུས་ལན། རྒྱས་བཤད་ཀྱི་སྐབས་འདིར་ཟུང་འཇུག་མ་བཤད་པའི་རྒྱུ་མཚན་ནོ། །དང་པོ་ནི། བྱང་ཆུ་སེམས་དཔའ་ཆེན་པོ་རྣམས་ཀྱིས་གསོལ་བ། བཅོམ་ལྡན་འདས་ཞེས་བོས་ནས་ཐབས་གང་གིས་མཐར་ཐུག་པ་ཐོབ་པ་ལགས། ཞེས་ཞུས་སོ། །བཅོམ་ ལྡན་འདས་ཀྱིས་དེའི་ལན་བཀའ་སྩལ་བ། གཟུགས་ལ་སོགས་པའི་ཕུང་པོ་བཞི་དང་འབྱུང་བཞིའི་ཁམས་བཞི་དང་། མིག་ལ་སོགས་པའི་སྐྱེ་མཆེད་བཞི་དང་། སོགས་ཀྱི་སྒྲས་བསྡུས་པ་རྒྱུད་ཀྱིས་བསྡུས་པའི་ཡུལ་བཞི་དང་། གཞི་དུས་ཀྱི་ མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་བཞི་སྟེ། རགས་པ་ཉི་ཤུ་ཐིམ་པར་རྣམ་གཞག་ལས་རྡོ་རྗེ་ཕྲེང་བའི་དོན་བཤད་པ་དང་། མ་བཤད་པའི་དབང་པོ་དང་ཡུལ་གྱི་ལྷག་མ་ཐིམ་པའི་མཐར་སྣང་བ་གསུམ་མངོན་དུ་འགྱུར་བ་ཡིན་པས། དེ་རྣམས་ ཀྱི་མཐའ་ནི་སྟོང་པ་གསུམ་མོ་ཞེས་གསུངས་སོ། །སྟོང་པ་གསུམ་སྔ་མ་ཕྱི་མ་ལ་ཐིམ་པའི་མཐར་འོད་གསལ་མངོན་དུ་འགྱུར་བས་སྟོང་པ་གསུམ་གྱི་མཐའ་འོད་གསལ་ལོ་ཞེས་གསུངས་སོ། །གཉིས་པ་ནི། བྱང་ཆུབ་སེམས་དཔའ་ཆེན་པོ་ རྣམས་ཀྱིས་གསོལ་བ། བཅོམ་ལྡན་འདས་སྟོང་པ་གསུམ་འོད་གསལ་བའི་མཐར་འགྱུར་བའི་ཡུན་ཇི་ལྟར་ལགས། ཞེས་ཞུས་པ་ན། བཅོམ་ལྡན་འདས་ཀྱིས་དེའི་ལན་བཀའ་སྩལ་པ། ཇི་ལྟར་ཏེ་དཔེར་ན་མེས་ཤིང་བསྲེགས་ཏེ་ཐལ་བར་ 5-5-35a འགྱུར་བ་ལ་དུས་རིང་པོ་ཐོགས་པ་དེ་བཞིན་དུ། སྟོང་པ་དང་པོ་ཤེས་རབ་ཀྱི་ཡེ་ཤེས་ཐོབ་ནས་འོད་གསལ་བར་འཇུག་པ་ལ། ཡེ་ཤེས་དེ་ཡུན་རིང་པོས་རྣམ་པར་སྦྱོང་བར་བྱེད་དགོས་སོ། །ཇི་ལྟར་ཏ་ལའི་ལོ་མ་ཐལ་བར་བྱེད་པ་སྔ་མ་ བས་ཡུན་ཐུང་བ་དེ་བཞིན་དུ། སྟོང་པ་གཉིས་པ་ཐབས་ཀྱི་ཡེ་ཤེས་ཐོབ་ནས་འོད་གསལ་དུ་འཇུག་པ་ལ། ཡེ་ཤེས་དེ་སྔ་མ་ལ་ལྟོས་ན་དེ་བས་ཡུན་ཐུང་བར་རྣམ་པར་སྦྱོར་བར་བྱེད་དོ། །ཇི་ལྟར་རས་བལ་གྱི་འདབ་མ་བསྲེགས་པས་ཐལ་བར་འགྱུར་བ་ལ་ ཡུན་ཐུང་ངུས་ཆོག་པ་དེ་བཞིན་དུ། སྟོང་པ་གསུམ་པ་སྣང་བ་ཉེ་བར་ཐོབ་པའི་ཡེ་ཤེས་ཐོབ་ནས་འོད་གསལ་དུ་འཇུག་པ་ལ། ཡེ་ཤེས་དེ་མཆོག་ཏུ་སྟེ་ཤིན་ཏུ་མྱུར་བར་རྣམ་པར་སྦྱོང་བ་བྱེད་དོ། །དུས་ཀྱི་རིམ་པ་སྔར་བཤད་པ་དེ་ལྟར་ཡིན་པ་དེ་བས་ན། ཤིང་དང་ཏ་ལའི་ལོ་མ་ད་རས་བལ་གྱི་འདབ་མ་ཐལ་བར་འགྱུར་བའི་ཡུན་རིང་ཐུང་དེ་བཞིན་དུ། སྟོང་པ་དང་ཤིན་ཏུ་སྟོང་པ་དང་སྟོང་པ་ཆེན་པོ་རྣམས་སྦྱངས་ནས་མཐར་འོད་གསལ་བར་འགྱུར་བའི་རིམ་པ་ཤེས་པར་བྱའོ། །ཞེས་མཇུག་བསྡུས་སོ། །སྔར་ སྟོང་པ་བཞིའི་ལུགས་ལྡོག་གི་རིམ་པ་ལས་མ་བཤད་ཀྱང་། འདིར་ལུགས་འབྱུང་གི་རིམ་པ་བཤད་ལ། ཐམས་ཅད་སྟོང་པའི་ངོས་འཛིན་སྟོང་པ་གཞན་གསུམ་བཞིན་གསལ་བར་མ་གསུངས་ཀྱང་། སྟོང་པ་གསུམ་སྤྲིན་མེད་པའི་ནམ་མཁའ་ལ་ཉི་ འོད་དང༌། ཟླ་འོད་དང༌། མཚམས་ཀྱི་སྨག་གིས་ཁྱབ་པ་བཞིན་དུ་འཆར་བར་གསུངས་པའི་ཤུགས་ཀྱིས་ནམ་མཁའི་རང་མདོག་ཇི་བཞིན་དུ་མི་ཐོན་པའི་རྒྱུ་གསུམ་པོ་དེ་དང་བྲལ་བའི་ཐོ་རངས་ཀྱི་ནམ་མཁའ་གཡའ་དག་བཞིན་དུ་ཐམས་ཅད་སྟོང་པ་ 5-5-35b འཆར་བར་གོ་ནུས་སོ། །སྣང་བ་གསུམ་གྱི་ཆོས་ཉིད་གསུམ་ཡང་སྟོང་པ་གསུམ་དུ་བཞག་པས་ཆོག་མོད་ཀྱང་། རྣམ་རྟོག་ཚན་གསུམ་གྱི་སྟོང་པའི་སྣང་བ་གསུམ་ཡང་སྟོང་པ་གསུམ་དུ་འཇོག་པ་ཡིན་ཏེ། སྟོང་པ་གསུམ་ནི་དེ་དག་གི་རྣམས་གྲངས་སུ་གསུངས་ པས་སོ། །ལམ་གྱི་ནུས་པ་ཆེ་ཆུང་གི་དབང་གིས་རླུང་ཐིམ་རིམ་ལ་རིམ་པ་མང་པོ་ཞིག་འོང་བས། ཀུན་རྟོག་བརྒྱད་ཅུ་ཐིམ་པ་ལ་རགས་པ་དང་འབྲིང་དང་ཕྲ་བ་ཐིམ་པའི་རིམ་པ་མང་ངོ་། །དེའི་ཕྱིར་རང་རང་གི་ཐད་ཀ་ལ་ལྟོས་པའི་རང་བཞིན་གྱིས་རྟོག་པས་སྟོང་པ་དང་། ཡེ་ཤེས་གསུམ་གཞན་གཅིག་ལ་ལྟོས་ནས་ཀུན་རྟོག་མ་ལུས་པར་ཐིམ་པ་མིན་པ་འོང་བ་རྣམས་ཕྱེད་ན་སྟོང་པ་རྣམས་ཀྱི་ཁྱད་པར་རྣམས་ཤེས་པར་འགྱུར་རོ། །རླུང་དབུ་མར་བསྡུས་ནས་ཐིམ་པ་ལས་སྟོང་པ་བཞིའི་ཐིམ་རིམ་གསལ་བོ་བྱུང་བ་ན་ཕལ་ ཆེར་བཞི་ག་བར་མ་ཆད་དུ་འོང་མོད་ཀྱང་། གཉིས་སྣང་ཕྲ་མོ་ཡང་དག་པར་གྱུར་ནས་དེ་ཁོ་ན་ཉིད་ཀྱི་དོན་དང་རོ་གཅིག་ཏུ་གྱུར་པའི་དོན་གྱི་འོད་གསལ་དུ་འཇུག་པ་ལ་ནི། སེམས་དབེན་གྱི་ཡེ་ཤེས་ཐོབ་ནས་ཀྱང་རིང་དུ་ཐོགས་ན། དེ་མ་ཐོབ་པའི་གོང་གི་སྟོང་པ་ གསུམ་དཔེའི་འོད་གསལ་དང་བཅས་པ་ཐོབ་ཀྱང་རིང་དུ་ཐོགས་པ་ལྟ་ཅི་སྨོས། དེ་ཁོ་ན་ཉིད་དོན་དམ་བདེན་པའི་འོད་གསལ་ཕར་ཕྱིན་ཐེག་པ་པ་དང་ཁྱད་མེད་ཀྱང་། ཞུ་བདེའི་རིགས་འདྲ་བརྒྱུད་པའི་བདེ་བ་ཆེན་པོས་དེ་ཁོ་ན་ཉིད་ཀྱི་དོན་མངོན་སུམ་དུ་རྟོགས་པའི་ འོད་གསལ་ནི། མཐར་ཐུག་གི་དོན་དུ་འཇོག་གི་དོན་དུ་བཞག་ཏུ་མི་རུང་བ་དང་། བྱང་སེམས་ཞུ་བ་ལས་དངོས་སམ་བརྒྱུད་ནས་སྐྱེས་པའི་ཞུ་བ་དེས་ངེས་པ་མིན་པའི་སྟོང་ཉིད་ངེས་པ་རྣམས་ཕར་ཕྱིན་པ་ལ་ལྟོས་ནས་སྤྱི་དོན་དུ་འཇོག་པ་གཉིས་མི་ 5-5-36a འགལ་ལོ། །གསུམ་པ་ནི། འོ་ན་མདོར་བསྟན་དུ་གཉིས་བྱུང་བ་ལ། རྒྱས་བཤད་དུ་འོད་གསལ་བཤད་ནས་ཟུང་འཇུག་མི་འཆད་པ་ཅི་ཡིན་སྙམ་ན། སྔར་སློབ་མི་སློབ་ཀྱི་སྒྱུ་ལུས་བཤད་པ་ཉིད་ཀྱིས་གོ་ནུས་པས་འདིར་མ་བཤད་དེ། རིམ་ལྔའི་ཡ་གྱལ་གྱི་སྒྱུ་ལུས་དང༌། ཟུང་འཇུག་གི་སྐུ་གཉིས་དོན་གྱི་འོད་གསལ་ཐོབ་པའི་འོག་ཏུ་འབྱུང་མི་འབྱུང་གི་ཁྱད་པར་མ་གཏོགས་པ། རྒྱུ་རླུང་སེམས་གཉིས་ཙམ་ལས་མཚན་དཔེའི་རྣམ་པ་ཅན་གྱི་རྡོ་རྗེ་སེམས་དཔའི་སྐུར་ལྡང་བའི་མཚན་ ཉིད་རྣམས་མཚུངས་པའི་ཕྱིར་དང༌། དེའི་དུས་ཀྱི་དོན་གྱི་འོད་གསལ་དང༌། དེའི་སྔོན་གྱི་དོན་གྱི་འོད་གསལ་གཉིས་ཀྱང་མཚན་ཉིད་མཚུངས་པའི་ཕྱིར་རོ། །གཉིས་པ་ནི། འོད་གསལ་དང་ཟུང་འཇུག་འདི་ནི་མཐར་ཐུག་པའི་དབང་དུ་བྱས་པའོ། །སྒྲོན་ གསལ་ལས་ཀྱང༌། འོད་གསལ་བ་ནི་རབ་སྟོན་དང༌། །ཟུང་དུ་འཇུག་པ་རྟོགས་པ་སྟེ། །རྣམ་པ་གཉིས་སུ་མཐའ་བཤད་དེ། །མཐའི་ནི་མུར་ཐུག་པ་ཡི་ཚིག། །ཅེས་གསུངས་སོ། །འདིར་མཐར་ཐུག་ཅེས་པ་གང་གི་མཐར་ཐུག་པ་ཡིན་ཞེ་ན། གཅིག་ འོད་གསལ་ཕར་ཕྱིན་དང༌། ཟུང་འཇུག་སྔགས་ཀྱི་མཐར་ཐུག་དང༌། གཞན་དག་འོད་གསལ་དངོས་པོའམ་ཆོས་ཉིད་དང༌། ཟུང་འཇུག་ཡེ་ཤེས་སམ་ལམ་གྱི་མཐར་ཐུག་དང༌། ལ་ལ་འོད་གསལ་རྒྱུ་དང༌། ཟུང་འཇུག་འབྲས་བུའི་མཐར་ཐུག་ཏུ་འདོད་ དོ། །དེ་ལ་འོད་གསལ་གང་གི་མཐར་ཐུག་པ་ནི་རྒྱུད་འདི་ཉིད་ལས། ཕུང་པོ་ལ་སོགས་པའི་མཐའ་སྟོང་པ་གསུམ་དང༌། དེ་གསུམ་གྱི་མཐའ་འོད་གསལ་དུ་གསུངས་པས་བསྟན་ལ། དེ་ཡང་རགས་པ་རྣམས་རིམ་གྱིས་ཐིམ་པའི་མཐར་སྟོང་པ་ 5-5-36b གསུམ་སྔ་མ་ཕྱི་མ་ལ་ཐིམ་ནས་འོད་གསལ་དུ་ཐུག་པ་ནི། སྣང་བ་གསུམ་གྱི་སྐབས་སུ་གཉིས་སྣང་མ་དག་ལ། སེམས་དབེན་གྱི་ཉེར་ཐོབ་དོན་གྱི་འོད་གསལ་དུ་ཞུགས་པ་ན། གཉིས་སྣང་ཕྲ་མོ་ཡང་དག་ནས་ཆུ་ལ་ཆུ་བཞག་པ་བཞིན་དུ་རོ་གཅིག་ཏུ་ ཞུགས་པའོ། །དེའི་ཕྱིར་ལྷན་ཅིག་སྐྱེས་པའི་བདེ་བའི་སེམས་དེ་ཁོ་ན་ཉིད་ཀྱི་མཐར་ཐུག་པ་ནི། འོད་གསལ་གྱི་མཐར་ཐུག་ལུགས་སོ། །དེ་འདྲ་བའི་འོད་གསལ་ནི་སྔགས་བླ་མེད་ཀྱི་རྫོགས་རིམ་ཐུན་མོང་མ་ཡིན་པ་ཡིན་པས། དེ་ཕར་ཕྱིན་གྱི་ཐེག་པ་ནས་མི་ སྟོན་ལ། ཆོས་ཉིད་རྐྱང་པ་འདིར་མཐར་ཐུག་གི་འོད་གསལ་མིན་ཞིང༌། འདིའི་གོང་ན་སློབ་པའི་ཟུང་འཇུག་ཡོད་པས་རྒྱུའི་མཐར་ཐུག་ཀྱང་མིན་ནོ། །ཟུང་འཇུག་གི་མཐར་ཐུག་ལུགས་ནི། ཡུལ་ཅན་བདེ་བའི་སེམས་ཡུལ་དོན་དམ་བདེན་པའི་མཐར་ཐུག་པ་ དང༌། ཤིན་ཏུ་ཕྲ་བའི་རླུང་འོད་ཟེར་ལྔའི་གཉུག་མའི་ལུས་རྡོ་རྗེ་སེམས་དཔའི་སྐུ་མཚན་དཔེས་བརྒྱན་པའི་མཐར་ཐུག་པ་སྟེ་སོན་པ་གཉིས་དུས་གཅིག་ཏུ་ཐུགས་དང་སྐུར་ཚོགས་པའོ། །མཐར་ཐུག་ལུགས་དེ་ལྟར་ཡིན་གྱི་ལམ་གྱི་བགྲོད་པ་མཐར་ཐུག་ པ་མིན་པས། དེ་གཉིས་ཀ་སློབ་ལམ་ན་ཡང་ཡོད་དོ། །འོ་ན་བདེ་གཉིས་ལ་ལྟོས་ནས་ཚོགས་པ་དང་ཡ་གྱལ་གྱི་མཐར་ཐུག་གཉིས་སུ་བྱས་པའི་ཕྱི་མ་ལ་ཀུན་རྫོབ་ཀྱི་མཐར་ཐུག་དང༌། དོན་དམ་གྱི་མཐར་ཐུག་གཉིས་དགོས་པ་ལ། དོན་དམ་འོད་ གསལ་གྱི་མཐར་ཐུག་བཤད་ནས་ཀུན་རྫོབ་སྒྱུ་མའི་མཐར་ཐུག་མི་འཆད་པར། དེ་སྦས་དོན་དུ་འཆད་པ་ཇི་ལྟར་ཡིན་ཞེ་ན། དྲི་བ་འདི་ལ་ནི་ཐོག་མར་ཟུང་དུ་འཇུག་ལུགས་བཤད་དགོས་པས་དེ་ཇི་ལྟར་ཡིན་སྙམ་ན། རིམ་ལྔ་ལས་ཟུང་འཇུག་ལ་ 5-5-37a རྣམ་དབྱེ་མང་པོ་ཞིག་གསུངས་ཀྱང༌། གཙོ་བོ་ནི། དེ་ཉིད་ཤེས་པས་རིམ་པ་བཞིན། །རང་བྱིན་བརླབས་དང་འོད་གསལ་ཤེས། །དེ་དག་ཁོ་ན་འདུས་པ་གང༌། །འདི་ནི་ཟུང་འཇུག་རིམ་པའོ། །ཞེས་རང་བྱིན་བརླབས་དང་འོད་གསལ་གཉིས་ཟུང་དང༌། དེ་གཉིས་འདུས་པ་ཟུང་འཇུག་ཏུ་བཤད་པ་དང༌། ཀུན་རྫོབ་དང་ནི་དོན་དམ་གྱི། །རྣམ་དབྱེ་སོ་སོར་ཤེས་ནས་ནི། །གང་དུ་ཡང་དག་འདྲེས་གྱུར་པ། །ཟུང་དུ་འཇུག་པར་དེ་བཤད་དོ། །ཞེས་ཀུན་རྫོབ་དང་དོན་དམ་གཉིས་ཟུང་དང༌། དེ་གཉིས་འདྲེས་པ་ཟུང་འཇུག་ཏུ་ གསུངས་པ་འདི་ཡིན་ནོ། །དེ་ལ་དོན་གྱི་འོད་གསལ་བ་མ་ཐོབ་གོང་དུ་རླུང་འོད་ཟེར་ལྔ་ལས་བསྒྲུབས་པའི་སྒྱུ་མའི་སྐུ་ཡོད་དུས་སུ། སེམས་དོན་དམ་བདེན་པ་དང་རོ་གཅིག་ཏུ་སོང་བའི་འོད་གསལ་མེད་ལ། ཟུང་འཇུག་མ་ཐོབ་པའི་གོང་དུ་བདེ་བའི་སེམས་ དོན་དམ་དང་རོ་གཅིག་ཏུ་སོང་བའི་འོད་གསལ་ཡོད་དུས་སུ། ལུས་སྒྱུ་མའི་སྐུར་སོང་བའི་ཀུན་རྫོབ་མེད་པས་རེས་འཇོག་ཏུ་གྱུར་པའི་ཕྱིར་ཟུང་འཇུག་མེད་དོ། །ནམ་ཞིག་ལུས་རང་བྱིན་བརླབ་ཅེས་པ་ཀུན་རྫོབ་སྒྱུ་མའི་སྐུའི་མཐར་སོན་པ་དང༌། སེམས་འོད་ གསལ་ཞེས་པ་དོན་དམ་བདེན་པའི་མཐར་སོན་པ་གཉིས་དུས་གཅིག་ཏུ་རྒྱུད་གཅིག་ལ་ཚོགས་པ་ན་རེས་འཇོག་མེད་པར་མཉམ་དུ་འདུས་པས་ན་ཟུང་འཇུག་ཐོབ་བོ། །འོ་ན་སློབ་པའི་ཟུང་འཇུག་ལ་གནས་པས་དུས་རྟག་ཏུ་དོན་གྱི་འོད་གསལ་ལ་མཉམ་པར་ འཇོག་མི་ནུས་པས། དེ་ལས་ལངས་པའི་ཚེ་ཟུང་འཇུག་ལ་མི་གནས་པར་འགྱུར་རོ་ཞེ་ན། ཟུང་འཇུག་གི་གཙོ་བོ་དང་པོར་ཐོབ་པ་ལ་དེ་འདྲ་ཞིག་ཐོབ་དགོས་ཞེས་པའི་དོན་ཡིན་གྱི་ཟུང་འཇུག་ལ་གནས་པ་ལ་དེ་གཉིས་ཚོགས་པ་ལ་གནས་དགོས་ཞེས་ 5-5-37b པ་མིན་ཏེ་ཟུང་འཇུག་འཇོག་ཚུལ་དུ་མ་ཞིག་ཡོད་པའི་ཕྱིར་ན། དེ་ལ་མི་གནས་ཀྱང་ཚུལ་གཞན་གྱི་སྒོ་ནས་ཟུང་འཇུག་ལ་གནས་པའི་ཕྱིར་དང༌། སྔར་བཤད་པའི་ཟུང་འཇུག་དེ་མངོན་དུ་བྱེད་ནའང་ཇི་ལྟར་འདོད་པ་བཞིན་བྱ་བར་ནུས་པའི་ཕྱིར་རོ། །དང་པོར་ཐོབ་ པའི་ཟུང་འཇུག་སྐུ་མཚན་དཔེས་བརྒྱན་པ་གང་ལས་གྲུབ་པའི་རླུང་ནི་དོན་གྱི་འོད་གསལ་གྱི་བཞོན་པའི་རླུང་ཡིན་ཏེ། འོད་གསལ་དང་ཟུང་འཇུག་གི་སྐུ་མཉམ་དུ་ཚོགས་པའི་ཚེ་སྣང་བ་གསུམ་དག་པའི་ཕྱིར་རོ། །འོད་གསལ་དེ་ལས་ལངས་པའི་ཚེ་རླུང་ དེ་མེད་ཀྱང་སྐུ་དེའི་རིགས་འདྲ་རྒྱུན་མ་ཆད་དུ་གནས་སོ། །སེམས་དབེན་གྱི་མཐར་འབྱུང་བའི་སྒྱུ་ལུས་གང་ལས་སྒྲུབ་པའི་རླུང་ནི་དོན་གྱི་འོད་གསལ་གྱི་རླུང་མིན་ཞིང༌། དེས་ཉེར་ལེན་བྱས་པའི་རླུང་ཡང་མིན་པས། ཀུན་རྫོབ་སྒྱུ་མའི་སྐུ་ཙམ་ཞིག་ ཡིན་ཀྱང༌། ཀུན་རྫོབ་ཀྱི་མཐར་ཐུག་པ་མིན་ནོ། །དེའི་ཕྱིར་སྒྱུར་ལུས་ཡ་གཅིག་པ་མཐར་ཐུག་ཏུ་མ་བཤད་ཅིང༌། དོན་གྱི་འོད་གསལ་ཡ་གཅིག་པ་མཐར་ཐུག་ཏུ་མཛད་དོ། །སེམས་དོན་དམ་བདེན་པའི་མཐར་ཐུག་པ་ཙམ་ཞིག་ཕ་རོལ་ཏུ་ ཕྱིན་པའི་ཐེག་པ་ནས་མང་དུ་སྟོན་མོད་ཀྱང༌། ལྷན་སྐྱེས་ཀྱི་བདེ་བའི་སེམས་དང་རོ་གཅིག་པའི་འོད་གསལ་ཐུན་མོང་མ་ཡིན་པར་འཇོག་པ་མི་འགལ་ལོ། །གཉིས་པ་ནི། འོ་ན་ཚུལ་བཞིའི་བཤད་པའི་སྐབས་སུ་ཡིག་དོན་གྱི་བཤད་པ་མ་བྱུང་བའི་རྒྱུ་མཚན་ གང་ཡིན་སྙམ་ན། འོག་ནས་མཐའ་དྲུག་གི་སྒྲ་ཇི་བཞིན་པའི་བཤད་པ་ཡི་གེའི་དོན་དུ་གསུངས་པ་དེས་གོ་ནུས་པར་དགོངས་ནས་སྐབས་འདིར་མ་བཤད་དོ། །ཡིག་དོན་གྱི་མཚན་ནི། སྒྲོན་གསལ་ལས། སྒྲ་ཙམ་ལ་ནི་རབ་གཞོལ་བའི། །ཕྱི་རོལ་བསྟན་ 5-5-38a བཅོས་མཁས་པ་ཡིས། །དེ་ཡི་བཀོད་པས་རབ་བསྟན་པ། །ཡི་གེའི་དོན་ནི་ཡིན་པར་བཤད། །ཅེས་ནང་རིག་པའི་སྡེ་སྣོད་ལས་ཕྱིར་རོལ་ཏུ་གྱུར་པ་སྒྲའི་བསྟན་བཅོས་ལ་མཁས་པ་རྣམས་ཀྱིས། སྒྲའི་གཞུང་ལ་གཞོལ་བ་དེའི་བཀོད་པས་ ཏེ་དེ་ནས་འབྱུང་བ་བཞིན་དུ་ཚིག་དོན་རབ་ཏུ་བཤད་པ་ནི་ཡིག་དོན་དུ་གསུངས་པ་ལྟར་རོ། །དེ་ལྟར་ན་གཞུང་དེ་ལ་སྒྲའི་གཞུང་དང་བསྟུན་ནས། རང་རང་དོན་སྟོན་པའི་ནུས་པ་གང་ཐོན་པའི་ཆ་ནས་བཤད་པ་ནི་ཡིག་དོན་གྱི་བཤད་པ་དང༌། ཆ་དེ་ནས་གཙོ་བར་མ་བྱས་ པར་གཞུང་དེའི་དོན་དེ་སྔར་བཤད་པའི་གང་ཟག་གཉིས་ཀྱི་ཤེས་བྱ་དང་ཉམས་སུ་བླང་བྱ་ཐུན་མོང་བར་སོང་བའི་སྒོ་ནས་བཤད་པ་ནི་སྤྱི་དོན་གྱི་བཤད་པ་ཡིན་པས། དེ་གཉིས་འཆད་ཚུལ་མི་འདྲ་བ་ཡིན་གྱི། ཡིག་དོན་གྱི་བཤད་པའི་སྒོ་ནས་བསྟན་པའི་དོན་དེ་ གང་ཟག་གཉིས་ཀྱི་ཐུན་མོང་དུ་མི་འགྱུར་བ་དང༌། སྤྱི་དོན་གྱི་བཤད་པའི་སྒོ་ནས་བསྟན་པའི་དོན་ནི་ཡིག་དོན་འཆད་ཚུལ་གྱི་སྒོ་ནས་བཤད་དུ་མི་རུང་བ་ནི་མིན་ནོ། །གཉིས་པ་མཐའ་དྲུག་གི་བཤད་པ་ལ་གསུམ། ཞུ་བ་མཛད་པ། ཞུས་པའི་ལན་མདོར་ བསྟན་པ། རྒྱ་པར་བཤད་པའོ། །དང་པོ་ནི། ཚུལ་གསུམ་གྱི་བཤད་ཐབས་གསུངས་པའི་རྗེས་སུ་རྗེ་བཙུན་བྱམས་པས་གསོལ་པ། བཅོམ་ལྡན་འདས་ཞེས་བོས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པའི་རྒྱུད་བཤད་ཐབས་ཀྱི་ མན་ངག །བླ་ན་མེད་པའི་རྣལ་འབྱོར་གྱི་རྒྱུད་དུ་འབྱུང་བའི་མཐའ་དྲུག་བཤད་པའི་དབྱེ་བ་ཇི་ལྟར་ལགས་ཞེས་ཞུས་སོ། །གཉིས་པ་ལ་གཉིས། སྤྱིའི་དོན། ཡན་ལག་གི་དོན་ནོ། །དང་པོ་ལ་གསུམ། བཤད་པ་གཉིས་རྒྱུད་གང་ལ་འཇུག་པ། དེ་ལ་འཇུག་པའི་ 5-5-38b བཤད་པ་གཉིས་འགལ་མི་འགལ། མཐའ་དྲུག་གི་བཤད་པའི་འཇུག་ཚུལ་བསྟན་པའོ། །དང་པོ་ནི། གལ་ཏེ་རྒྱུད་བཤད་ཐབས་ཀྱི་མན་ངག་མཐའ་དྲུག་དང་ཚུལ་བཞི་ཡིན་ན། བཤད་པ་དེ་གཉིས་རྒྱུད་སྡེ་བཞི་གང་ལ་འཇུག་པ་ཡིན་སྙམ་ན། འདི་ལ་ཚུལ་ བཞིའི་བཤད་པ་ནི་གཞུང་གཅིག་ལ་དོན་བཞི་ཀའི་བཤད་པ་འཇུག་པ་ཡིན་ལ། རྒྱུད་སྡེ་འོག་མའི་དོན་དང༌། ཡིག་སྤྱིའི་དོན་གཉིས་གཞི་མཐུན་ཡོད་མོད་ཀྱང༌། དེ་ལ་ཚུལ་ལྷག་མ་གཉིས་ཀྱི་བཤད་པ་མི་འཇུག་པས་ཚུལ་བཞིས་བཤད་པ་འཇུག་པ་ནི་ རྣལ་འབྱོར་བླ་མེད་ཁོ་ན་ལ་བྱའོ། །མཐའ་དྲུག་གི་བཤད་པ་ཚང་བ་རྒྱུད་སྡེ་འོག་མ་ལ་མེད་ཀྱང༌། དེའི་ཕྱོགས་གཅིག་སྒྲ་ཇི་བཞིན་པའི་བཤད་པ་ནི་རྒྱུད་སྡེ་འོག་མ་གསུམ་ག་ལ་འཇུག་པར་རྒྱུད་འདིར་གསུངས་པས། དེ་ནི་རྒྱུད་སྡེ་བཞི་ཀའི་ཐུན་མོང་ངོ་། ། ཕ་རོལ་ཏུ་ཕྱིན་པ་དང་རྒྱུད་སྡེ་འོག་མ་ལ། བདེན་གཉིས་སྟོང་པའི་ཆ་ནས་དྲང་དོན་དང་ངེས་དོན་དུ་བཞག་པ་ཡོད་མོད་ཀྱང༌། མཐའ་དྲུག་གི་ཡ་གྱལ་གྱི་དྲང་ངེས་ཀྱི་བཤད་པ་ནི་དེ་དག་ལ་མི་འཇུག་སྟེ། དེ་རྣམས་མིང་འདྲ་ཡང་དོན་མི་འདྲ་བའི་ཕྱིར་རོ། །འདི་ ལྟར་དེ་དག་གི་དྲང་ངེས་ནི་གཞུང་ཕན་ཚུན་དུ་འགལ་བས་སོ་སོ་བ་ཡིན་ལ། འདིར་ནི་དྲང་ངེས་གཉིས་ཀྱི་བཤད་པ་གཞུང་གཅིག་ལ་བྱེད་པའི་ཕྱིར་དང༌། དྲང་ངེས་སུ་འཇོག་ཚུལ་ཡང་མི་མཐུན་པའི་ཕྱིར་རོ། །འོ་ན་སྤྱོད་བསྡུས་ལས། འཇའ་ཚོན་ལྟ་བུའི་ སྐུ་དག་ནི། །དེ་ཉིད་བསྒོམས་པས་ཐོབ་པར་འགྱུར། །ཞེས་སྤྱོད་རྒྱུད་རྣམ་སྣང་མངོན་བྱང་ནས་གསུངས་པས་འདི་སྒྱུ་ལུས་ཀྱི་ཤེས་བྱེད་དྲངས་པ་དང༌། སྒྲོན་གསལ་ལས་ཀྱང་རྒྱུད་དེར་ལྷའི་སྐུ་དག་པ་དང་མ་དག་པ་གཉིས་གསུངས་པ་དག་མ་དག་ 5-5-39a གི་ལྷའི་རྣལ་འབྱོར་གཉིས་ཡོད་པའི་ཤེས་བྱེད་དུ་དྲངས་པས་རྒྱུད་སྡེ་འོག་མར་སྦས་དོན་དང་མཐར་ཐུག་པ་བཤད་པ་གཉིས་མེད་པ་མི་འཐད་ཅིང༌། ཡང་སྒྲོན་གསལ་ལས། འདིའི་དོན་ཐེག་པ་ཆེན་པོའི་མདོ་སྡེ་ལས་ཀྱང༌། དགོངས་ པས་བཤད་པས་སྟོན་ཏེ། སྒྲ་ཙམ་ཁྱོན་གཅིག་ལ་ཡང་སངས་རྒྱས་ནི། །རྣམ་མང་གངྒཱའི་ཀླུང་གི་བྱེ་སྙེད་བཞུགས། ཤེས་བྱ་བ་དང༌། རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །ཅེས་བྱ་བ་ གསུངས་པས་ལྷའི་དེ་ཁོ་ན་ཉིད་སྟོན་པ་ཡིན་ཏེ། ངེས་པའི་དོན་ཏོ། །ཞེས་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེས་ཀྱང་ཟུང་འཇུག་གི་ལྷའི་སྐུ་སྟོན་པར་གསུངས་པའི་ཕྱིར་དང༌། དེ་ཡང་ངེས་དོན་དུ་བཤད་པས་དེ་དག་ལ་ངེས་དོན་གྱི་བཤད་པ་དང༌། ཚུལ་བཞིའི་མཐར་ ཐུག་གི་དོན་བཤད་པ་ཡང་ཡོད་དོ་སྙམ་ན། འདི་ལ་བརྗོད་པར་བྱ་སྟེ། རྣམ་སྣང་མངོན་བྱང་གི་ལུང་གིས་དེ་ཁོ་ན་ཉིད་ཀྱིས་དོན་བསྒོམས་པས་འཇའ་འཚོན་ལྟ་བུའི་སྐུ་འགྲུབ་པར་གསུངས་ཤིང༌། སྒྱུ་ལུས་ཀྱང་འཇའ་ཚོན་ལྟ་བུའི་ལུས་ཡིན་ལ། དོན་དམ་ པའི་དེ་ཁོ་ན་ཉིད་བསྒོམས་པས་ཐོབ་པ་ཡང་ཡིན་པ་ཙམ་ལ་དགོངས་ནས་སྒྱུ་ལུས་ཀྱི་སྐབས་སུ་ལུང་དེ་དྲངས་པ་ཡིན་ལ། དེ་ཙམ་གྱིས་ལུང་དེས་སྒྱུ་ལུས་བསྟན་པར་མི་འགྱུར་ཏེ། དཔེར་ན་སྒྲ་བྱས་པ་དེ་སྒྲ་མི་རྟག་པ་ཡིན་ཀྱང་སྔ་མ་བརྗོད་པའི་ ཚིག་གིས་ཕྱི་མ་བརྗོད་མི་དགོས་པ་བཞིན་ནོ། །དེ་བཞིན་དུ་སྒྲོན་གསལ་དུ་དྲངས་པས་ཀྱང་ལྷའི་རྣལ་འབྱོར་ལ་དག་མ་དག་གཉིས་སུ་བྱེད་པ་ཙམ་སྟོན་མོད་ཀྱང༌། རྫོགས་རིམ་ཟུང་འཇུག་གི་སྐུ་སྐྱེད་པ་ལུང་དེས་སྟོན་པར་མི་བཞེད་དེ། དེ་དག་ནི་ཕ་རོལ་ 5-5-39b ཏུ་ཕྱིན་པའི་ཐེག་པ་བ་དང༌། རྒྱུད་སྡེ་འོག་མ་པ་ལ་གསང་བར་བྱ་བ་ཡིན་པར་ལན་དུ་མར་གསུངས་པའི་ཕྱིར་རོ། །སྒྲ་ཙམ་ཁྱོན་ལ་ཞེས་སོགས་ཀྱི་མདོ་སྡེས་ཟུང་འཇུག་གི་སྐུ་བསྟན་པར་གསུངས་པའང་སྐྲ་རྩེ་ཙམ་གྱི་ཁྱོན་ན་སངས་རྒྱས་གངྒཱའི་ཀླུང་གི་ བྱེ་མའི་གྲངས་དང་མཉམ་པར་བཞུགས་པ་རྣམས་ཟུང་འཇུག་གི་སྐུ་བརྙེས་པ་ལ་དགོངས་པ་ཡིན་གྱི། མདོ་སྡེས་ཟུང་འཇུག་གི་ལྷའི་སྐུ་བསྟན་པར་བཞེད་པ་མིན་ཏེ། ལེའུ་དགུ་པའི་སྒྲོན་གསལ་ལས་རྡོ་རྗེའི་སྐུ་སྐྱེད་པ་ཐེག་པ་གཞན་དང་ཐུན་མོང་ མ་ཡིན་པར་གསུངས་པའི་ཕྱིར་རོ། །དེས་ན་དེ་འདྲ་བའི་རིགས་སྤྱོད་བསྡུས་སོགས་ལས་གསུངས་པ་ནི་སྔར་བཤད་པ་ལྟར་དང༌། ཁ་ཅིག་ནི་དོན་གྱི་ཕྱོགས་མཐུན་ཙམ་ལུང་དུ་དྲངས་པ་ཡིན་གྱི། དེ་དག་གིས་འདིའི་རྫོགས་རིམ་རྣམས་སྟོན་པར་བཞེད་ པ་མིན་ནོ། །དེ་བཞིན་དུ་ཆོས་ཀྱི་དེ་ཉིད་སྟོན་པ་ན་སྒྲ་འགལ་བས་དོན་གཞན་སྟོན་པ་དང༌། སྒྲ་དྲང་ཐད་དུ་དེ་ཁོ་ན་ཉིད་སྟོན་པ་ཡང་ཐེག་པ་གཞན་དང་རྒྱུད་སྡེ་འོག་མ་ལ་ཡོད་མོད་ཀྱང༌། མཐའ་དྲུག་གི་ཡ་གྱལ་གྱི་དགོངས་དགོངས་མིན་གྱི་བཤད་པ་གཉིས་ མེད་དེ། དེའི་གཙོ་བོའི་དོན་ནི་རྒྱུད་འདིར་བཤད་པ་ལྟར་མཐར་ཐུག་ཏུ་བཤད་པ་དེ་ཉིད་ཡིན་ལ། དེ་ལས་གཞན་པའི་དགོངས་དགོངས་མིན་གྱི་བཤད་པ་ཡང༌། གཞན་དང་ཐུན་མོང་མ་ཡིན་པའི་དོན་རྣམས་ལ་བཤད་སྣང་བའི་ཕྱིར་རོ། །སྒྲ་ཇི་བཞིན་པ་ མ་ཡིན་པའི་བཤད་པ་ལ་ཡང་གཉིས་ལས། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནས་བཤད་པའི་སྒྲ་ཇི་བཞིན་པ་མ་ཡིན་པ་ནི། ལུང་དེ་ནས་ཇི་ལྟར་བཤད་པ་དེ་ལྟར་དུ་དོན་གཟུང་དུ་མི་རུང་བ་ཡིན་ལ། མཐའ་དྲུག་གི་ཡ་གྱལ་གྱི་སྒྲ་ཇི་བཞིན་མ་ 5-5-40a ཡིན་པ་ནི། འཇིག་རྟེན་པ་དང་བསྟན་བཅོས་ལ་གྲགས་པ་ལྟར་མེད་ཀྱང༌། དེ་བཞིན་གཤེགས་པས་བརྡ་མཛད་པ་ཙམ་ལ་བཞག་པ་ཡིན་ལ། དེ་ནི་ངན་སོང་སྦྱོང་རྒྱུད་ནས་ཀོ་ཊཱ་ཁྱ་ལ་སོགས་པའི་སྒྲས་ཕྱག་ན་རྡོ་རྗེའི་མཚན་ བཅུ་བསྟན་པར་གསུངས་པས། རྒྱུད་སྡེ་འོག་མ་དང་ཡང་ཐུན་མོང་བའོ། །གཉིས་པ་ནི། མཐའ་དྲུག་གི་བཤད་པ་འཇུག་པའི་གཞུང་ལ་ཚུལ་བཞིའི་བཤད་པ་རུང་ངན་མི་རུང་སྙམ་ན། འདི་ལ་པཎྜི་ཏ་སྐལ་ལྡན་གྲགས་པ་ནི་དེ་གཉིས་ཤིན་ཏུ་ཐ་ དད་དོ་ཞེས་འགལ་བར་འདོད་མོད་ཀྱང༌། མི་འཐད་དེ་རྩ་རྒྱུད་ལེའུ་གསུམ་པ་ལས། རིན་ཆེན་ཁ་དོག་སྣ་ལྔ་པ། །ཡུངས་ཀར་གྱི་ནི་འབྲུ་ཚད་ཙམ། །སྣ་ཡི་རྩེ་མོར་ནན་ཏན་དུ། །རྣལ་འབྱོར་གྱིས་ནི་རྟག་ཏུ་བསྒོམ། །ཞེས་གསུངས་པ་འདི་སྒྲོན་གསལ་ ལས་ཚུལ་བཞིས་བཤད་པར་གསུངས་ལ། སྤྱོད་བསྡུས་ལས་དྲང་ངེས་གཉིས་ཀྱིས་བཤད་པའི་ཕྱིར་རོ། །དེའི་ཕྱིར་བླ་མ་རྡོག་ལུགས་པ་རྣམས་གཞུང་གཅིག་གིས་བཤད་པ་གཅིག་གམ་གཉིས་ལས་མི་སྟོན་ན་མཐའ་དྲུག་དང༌། གསུམ་ མམ་བཞི་སྟོན་ན་ཚུལ་བཞིས་བཤད་པ་ཡིན་པར་གསུངས་པ་ཡང་མ་ངེས་སོ། །འོ་ན་ཚུལ་བཞིས་བཤད་དུ་རུང་བ་ཐམས་ཅད་དྲང་ངེས་གཉིས་ཀྱིས་བཤད་པ་དང༌། དྲང་ངེས་གཉིས་ཀྱིས་བཤད་དུ་རུང་བ་ཐམས་ཅད་ཀྱང་ཚུལ་བཞིས་བཤད་ པས་ཆོག་གམ་མི་ཆོག་སྙམ་ན། ལེའུ་དྲུག་པར། སྣ་ཡི་རྩེ་མོར་ཡུངས་ཀར་བསམ། །ཞེས་སོགས་རྐང་པ་བཞི་སྒྲོན་གསལ་གྱིས་དྲང་ངེས་གཉིས་སུ་བཤད་པ་ན། དྲང་དོན་ལ་གཞིའི་འདོད་ཆགས་ཆོས་སྦས་དང༌། བསྐྱེད་རིམ་པའི་ཕྲ་མོ་ 5-5-40b སྒོམ་པ་གཉིས་དང༌། ངེས་དོན་ལ་རྡོར་བཟླས་དང༌། མ་དག་པའི་སྒྱུ་མ་དང༌། དག་པའི་ལྷའི་དེ་ཁོ་ན་ཉིད་བཤད་པས། ཚུལ་བཞིའི་བཤད་པ་རུང་བ་རྣམས་ཀྱི་དོན་ལ་དྲང་ངེས་གཉིས་སུ་བསྡུས་ཀྱང་ཆོག་པས། ཚུལ་བཞིའི་བཤད་པ་འཇུག་པ་ལ་དྲང་ངེས་གཉིས་ཀྱིས་ཀྱང་ བཤད་དུ་རུང་བར་མངོན་ཏེ། དོན་ཀྱང་སོ་སོར་བཤད་པ་ནི་དབྱེ་བསྡུའི་དབང་དུ་མཛད་པའོ། །དྲང་ངེས་གཉིས་ཀྱིས་བཤད་པ་རུང་བ་ལ་ཚུལ་བཞིར་བཤད་དུ་རུང་བའི་ངེས་པ་མེད་དེ། དྲང་དོན་ལ་ཡིག་སྤྱི་གཉིས་ཡོད་མེད་དང༌། ངེས་དོན་ལ་སྦས་མཐར་གཉིས་ཡོད་མེད་ཅི་ རིག་སུ་འགྱུར་བའི་ཕྱིར་རོ། །ཚུལ་བཞིས་འཆད་པ་རྣམས་བསྡུས་ན་དྲང་ངེས་གཉིས་ཀྱིས་བཤད་དུ་རུང་བ་འདི་ལྟར་བྱས་ན། རྒྱུད་འདིར་མཐར་ཐུག་གི་དོན་ཉིད་དགོངས་དགོངས་མིན་དང༌། སྒྲ་ཇི་བཞིན་པའི་དོན་ཡིག་དོན་དུ་གསུངས་པ་དང༌། སྒྲོན་གསལ་ལས། ལེའུ་ རེ་རེའི་མཐར་མཐའ་དྲུག་གི་བཤད་པའོ། །ཞེས་གསུངས་པ་དང༌། མཐའ་དྲུག་གིས་ནི་འཆིང་བས་བཅིངས་པས། ཞེས་གསུངས་པ་དང༌། བདེ་བར་གཤེགས་གསུང་མཆོག་ཏུ་ཕྲེང་བ་རྣལ་འབྱོར་རྒྱུད། །མཐའ་དྲུག་བྲལ་བས་ངེས་པར་རྟོགས་ཞེས་གང་སྨྲ་བ། །ཞེས་ གསུངས་པ་རྣམས་ཀྱང་ལེགས་པར་དྲངས་པར་འགྱུར་རོ། །ཚུལ་བཞི་དང་དྲང་ངེས་ཀྱི་བཤད་པ་གཉིས་མི་འགལ་ན། མཐའ་དྲུག་གི་ལྷག་མ་བཞི་དང་ཚུལ་བཞིའི་བསད་པ་འགལ་ལམ་མི་འགལ་སྙམ་ན། སྔར་དྲངས་པའི་ལེའུ་གསུམ་པའི་གཞུང་དེ་ལ་རིམ་ ལྔར་དགོངས་བཤད་དུ་གསུངས་ཤིང༌། ཚུལ་བཞིས་ཀྱང་བཤད་པས་ན། དགོངས་བཤད་དང་ཚུལ་བཞིར་བཤད་པ་གཉིས་མི་འགལ་ལོ། །ལེའུ་དྲུག་པ་ལས། སྣ་ཡི་རྩེ་མོར་ཡུངས་ཀར་བསམ། །ཞེས་སོགས་གསུངས་པ་རིམ་ལྔར་དགོངས་བཤད་དུ་གསུངས་ 5-5-41a ལ། སྒྲོན་གསལ་ལས་དྲང་ངེས་གཉིས་ཀྱིས་བཤད་པས་ན། གཞུང་གཅིག་ལ་ཚུལ་བཞི་དང་དྲང་ངེས་གཉིས་དང་དགོངས་བཤད་དེ་བཤད་པ་བདུན་རུང་བ་ཡོད་དོ། །དགོངས་མིན་དང་སྒྲ་ཇི་བཞིན་པ་ཡིན་མིན་གསུང་ལ་ཚུལ་བཞིན་བཤད་ པ་ཡབ་སྲས་ཀྱི་གཞུང་ན་མི་གསལ་ལོ། །སྒྲ་ཇི་བཞིན་པ་ནི་ལུགས་གཞན་ནས་ལུང་དེ་ནས་ཇི་ལྟར་བཤད་པ་བཞིན་དུ་དོན་གཟུང་དུ་རུང་བ་ལ་བྱེད་མོད་ཀྱང༌། འདིར་དེ་ཙམ་གྱིས་མི་ཆོག་སྟེ་དངོས་ཟིན་གྱི་དོན་ལས་དོན་གཉིས་པ་མེད་པ་ཅིག་ལ་གཙོ་བོར་བཤད་དོ། ། རིམ་ལྔའི་འགྲེལ་པ་ནོར་བུའི་ཕྲེང་བ་ལ་སོགས་པར་གཞུང་གཅིག་ལ་ཚུལ་བཞིའི་ནང་ཚན་གྱི་དབྱེ་བ་བརྒྱད་དང༌། མཐའ་དྲུག་སྟེ་བཤད་པ་བཅུ་བཞི་བྱེད་པ་ནི་མི་འཐད་དེ། དགོངས་དགོངས་མིན་དང༌། སྒྲ་ཇི་བཞིན་པ་ཡིན་མིན་གཉིས་གཞི་གཅིག་ལ་འདུ་བ་ འགལ་བའི་ཕྱིར་རོ། །གསུམ་པ་ནི། མཐའ་ནི་རྩེ་མོའམ་སྒོ་སྟེ། དྲུག་ཏུ་བཞག་པ་ནི། དྲང་ངེས་གཉིས་དོན་མཐའ་དང༌། དགོངས་དགོངས་མིན་གཉིས་སྒྲ་མཐའ་དང༌། སྒྲ་ཇི་བཞིན་པ་ཡིན་མིན་གཉིས་སྒྲ་དོན་གཉིས་ཀའི་མཐའ་ལ་བརྟེན་པའོ་ཞེས་བོད་ཀྱི་ མཁས་པ་རྣམས་གསུང་ངོ་། །དེ་ལ་དང་པོ་གཉིས་ནི། སྒྲོན་གསལ་ལས། སྐལ་ངན་རྣམས་ལ་རྒྱལ་བ་ཡིས། །སྦས་ཏེ་བཤད་པ་དྲང་བའི་དོན། །ཡང་དག་དོན་ནི་རབ་སྟོན་ཕྱིར། །ངེས་པའི་དོན་ཡང་གསུངས་པ་ཡིན། །ཞེས་གསུངས་པ་ལྟར་ཤེས་པར་བྱ་ སྟེ། །དཔེར་ན་སྣའི་རྩེ་མོར་ཡུངས་ཀར་གྱི་ཚད་ཙམ་གྱི་རིན་ཆེན་ཁ་དོག་སྣ་ལྔ་པ་བསྒོམ་པར་གསུངས་པ་འདིས། ཁ་དོག་སྣ་ལྔའི་ལྡང་འཇུག་གནས་གསུམ་ཡི་གེ་གསུམ་དང་དབྱེར་མེད་པར་སྦྱོར་བའི་རྡོ་རྗེ་བཟླས་པ་སྒོམ་པ་དངོས་སུ་མི་མངོན་པར་སྦས་ནས། 5-5-41b དངོས་ཟིན་ལ་སྟེང་གི་སྣ་རྩེར་རྡོ་རྗེ་ལ་སོགས་པའི་ཕྱག་མཚན་རྣམ་པ་ལྔ་བསྒོམ་པར་བསད་པ་ལྟ་བུའོ། །དེ་ལ་ཕྱག་མཚན་བསྒོམ་པ་ནི་དྲང་དོན་དང༌། རླུང་སྒོམ་པ་ནི་ཡང་དག་པའི་དོན་ངེས་དོན་ནོ། །གཞུང་དེའི་དངོས་ཟིན་གྱི་དོན་དེ་ལས་ད་དུང་ཡང་དག་པའི་ དོན་གཞན་དྲང་དུ་ཡོད་པས་དྲང་དོན་ཞེས་བྱ་ལ། དོན་གཞན་དུ་དྲངས་པ་དེ་ལས་སླར་ཡང་དོན་གཞན་དྲང་དུ་མེད་ཅིང༌། དེར་ངེས་པས་ངེས་པའི་དོན་ནོ། །གཞུང་གཅིག་ལ་དངོས་ཟིན་གྱི་དོན་དང་དེ་ལས་གཞན་པའི་དོན་གཉིས་བྱས་ནས་དྲང་ངེས་ཀྱི་བཤད་པ་བྱ་དགོས་ པས་དྲང་ངེས་ཀྱི་བཤད་པ་གཉིས་ནི་དོན་སོ་སོ་བར་ངེས་ལ་གཞུང་ནི་གཅིག་ཏུ་ངེས་སོ། །སྐལ་ངན་རྣམས་ལ་ཞེས་པ་ནི་དྲང་དོན་དུ་བཤད་པའི་བསྐྱེད་རིམ་ལྷ་བུ་དེ་སྐལ་ངན་ཁོ་ན་ལ་བཤད་པར་སྟོན་པ་མིན་ཏེ། རིན་པོ་ཆེ་ལྟ་བུས་ཀྱང་བསྐྱེད་རིམ་སྒོམ་ དགོས་པས། དེ་ལའང་བཤད་དགོས་པའི་ཕྱིར་རོ། །དེས་ན་ངེས་དོན་མི་མངོན་པར་སྦས་པ་དེ་སྐལ་ངན་ལ་སྦས་ཞེས་པའི་དོན་ནོ། །འདིས་ནི་འདུས་པར་རྫོགས་རིམ་ཕལ་ཆེར་མི་མངོན་པར་སྦས་ཏེ་རྒྱས་བཏབ་ནས་གསུངས་པ་ནི་སྐལ་ངན་ལ་གསུངས་པ་ཡིན་ པར་བསྟན་ཏོ། །དེ་ལྟ་ཡིན་ན་སྐལ་བཟང་ལ་མི་སྦེད་ཅེས་པར་འགྱུར་ལ་འདུས་པའི་གདུལ་བྱའི་གཙོ་བོ་ཡང་སྐལ་བཟང་ཡིན་པས་དེའི་དབང་དུ་བྱས་ནས། ངེས་དོན་གསལ་བར་སྟོན་དགོས་པ་ལ། དེ་ལྟར་མི་འཆད་པར་སྐལ་ངན་གྱི་དབང་དུ་བྱས་ནས་སྦས་ཏེ་སྟོན་ པ་མི་རིགས་སོ་ཞེ་ན་སྐྱོན་མེད་དེ་སྐལ་ངན་ལ་ངེས་དོན་སྦས་པ་ཡིན་ཀྱང༌། སྐལ་ངན་ཁོ་ནའི་དབང་དུ་བྱས་ནས་སྦས་པ་མིན་པའི་ཕྱིར་རོ། །འདི་ལྟར་རྩ་བའི་རྒྱུད་དུ་སྐལ་བཟང་གི་དབང་དུ་བྱས་ནས་ཤིན་ཏུ་གསལ་བར་སྟོན་དགོས་ན། བཤད་པའི་རྒྱུད་ 5-5-42a དོན་མེད་པར་འགྱུར་རོ། །འོ་ན་རྩ་རྒྱུད་དུ་གསལ་བར་བསྟན་པས་ཆོ་ག་བཞིན་དུ་དེ་ལྟར་མི་སྟོན་པར་བཤད་རྒྱུད་དུ་སྟོན་པ་ཅི་ཡིན་ཞེ་ན། རྩ་བའི་རྒྱུད་དུ་རྒྱས་བཏབ་ནས་མི་གསལ་བར་སྟོན་པ་དང༌། དེ་བཤད་རྒྱུད་ལ་རག་ལས་པ་དང༌། དེ་ཡང་རྩ་ བཤད་ཕྱིན་ཅི་མ་ལོག་པར་སྦྱར་ནས་སྟོན་ཤེས་པའི་བླ་མ་ལ་རག་ལས་པར་མཛད་པ་ནི། སློབ་དཔོན་ལེགས་པར་བསྙེན་བཀུར་བ་མེད་པར་རྒྱུད་ལ་རང་འགར་འཇུག་པ་དགག་པའི་ཕྱིར་ཡིན་ཏེ། བླ་མ་ཡུན་རིང་པོར་སྒོ་ཐམས་ཅད་ནས་མཉེས་པར་བྱེད་པ་ནི་ཐེག་ པ་འདི་ལ་དངོས་གྲུབ་ཀྱི་རྩ་བ་ཡིན་པའི་ཕྱིར་རོ། །དྲང་ངེས་ནི་གཞུང་གཅིག་དྲང་དོན་དང་ངེས་དོན་གཉིས་ཀར་མི་བྱ་ཡི་གཞུང་གཅིག་གི་དོན་ལ་དྲང་ངེས་གཉིས་སུ་བཤད་དུ་རུང་བ་ལ་བྱའོ། །དགོངས་པ་དང་དགོངས་མིན་ནི་སྒྲོན་གསལ་ལས། མཆོག་འདོད་སེམས་ཅན་ རྣམས་ཀྱི་ཕྱིར། །ཆོས་ཀྱི་དེ་ཉིད་རབ་སྟོན་པ། །འགལ་བའི་ཚིག་གི་སྦྱོར་བ་ཡིས། །གསུངས་པ་གང་ཡིན་དགོངས་བཤད་དེ། །དབང་པོ་དམན་པའི་སེམས་ཅན་རྣམས། །རྟོགས་ཕྱིར་མཆོག་ཏུ་གསལ་བ་ཡིས། །དེ་ཉིད་ངེས་པར་སྟོན་པ་ནི། །དགོངས་པ་མིན་པས་ བཤད་པའོ། །ཞེས་གསུངས་པ་ལྟར་ཤེས་པར་བྱ་སྟེ། བསྟན་བྱའི་དོན་དེ་ཁོ་ན་ཉིད་དུ་མཚུངས་པ་ལ། མཆོག་གི་དངོས་གྲུབ་འདོད་པའི་སེམས་ཅན་དབང་པོ་རྣོན་པོའི་དབང་དུ་མཛད་ནས་དོན་དེ་ལ་སྒྲ་དེ་འགལ་བའི་ཚིག་གིས་གསུངས་པ་ནི་དགོངས་བཤད་ དང༌། གསང་བའི་སྣོད་དུ་རུང་བའི་སེམས་ཅན་དབང་པོ་རྟུལ་པོའི་དབང་དུ་མཛད་ནས། སྒྲ་དྲང་ཐད་དུ་གསལ་པོར་བསྟན་པ་ནི་དགོངས་པ་མིན་པས་བཤད་པའོ། །ཆོས་ཀྱི་དེ་ཉིད་ནི་རྒྱུད་འདི་ལས། མཐར་ཐུག་པར་བཤད་པ་དེ་ཉིད། །ཅེས་འོད་གསལ་ 5-5-42b དང་ཟུང་འཇུག་ལ་གསུངས་པ་ནི་གཙོ་བོའི་དོན་ལ་དགོངས་ཀྱི་དོན་དེར་ངེས་པ་ནི་མིན་ཏེ། ལེའུ་དང་པོའི་འགྲེལ་པ་ལས། འདུས་པའི་དོན་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་མི་ཤེས་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལྟ་ཅི་སྨོས། །ཞེས་གསུངས་པའི་ སྔ་མ་རིན་པོ་ཆེ་ལྟ་བུའི་གང་ཟག་དང་ཕྱི་མ་ཙན་དན་ལྟ་བུ་ལ་སོགས་པ་ལ་བྱས་ནས་དེ་དགོངས་བཤད་དུ་གསུངས་པ་དང༌། ལེའུ་བཅུ་གཉིས་པའི་འགྲེལ་པར་སྦྱོར་བ་ཡན་ལག་དྲུག་དགོངས་བཤད་དུ་གསུངས་པ་དང༌། ལེའུ་བདུན་པར་རིག་མ་འདུ་བྱ་བ་དང་རྡོ་རྗེ་དང་ པད་མ་འདུ་བྱ་བ་ཡང་དགོངས་མིན་དུ་གསུངས་པས་སོ། །དེས་ན་དགོངས་བཤད་དང་དགོངས་མིན་གྱི་དོན་ནི་བདེ་སྟོང་སྦྱར་བ་དང་མ་སྦྱར་བའི་དེ་ཁོ་ན་ཉིད་དུ་ཡང་མ་ངེས་སོ། །འོ་ན་སྔར་སྐལ་ངན་ལ་ངེས་དོན་སྦས་པར་གསུངས་པ་དང༌། འདིར་དབང་པོ་དམན་པའི་དབང་ དུ་མཛད་ནས་དེ་ཁོ་ན་ཉིད་ཀྱི་དོན་གསལ་བར་སྟོན་པའི་དགོངས་མིན་བཞག་པ་གཉིས་འགལ་ལོ་སྙམ་ན། སྔར་གྱི་སྐལ་ངན་ནི་ཚེ་དེ་ལ་རྫོགས་རིམ་ཁྱད་པར་ཅན་རྣམས་སྐྱེ་བའི་སྐལ་བ་མེད་པ་ཡིན་ལ། འདིའི་དབང་པོ་དམན་པ་ནི་དབང་པོ་རྟུལ་ཡང་རྫོགས་རིམ་ཁྱད་ པར་ཅན་མང་པོ་སྐྱེ་བའི་སྐལ་བ་ཡོད་པས། དེའི་སྒོ་ནས་ཀྱང་ཁྱད་པར་ཡོད་ལ། ཡང་སྔར་གྱི་ངེས་དོན་སྦས་པ་ནི་གཞུང་གཅིག་གིས་དྲང་ངེས་ཀྱི་དོན་གཉིས་ཀ་སྟོན་པ་ན་དངོས་ཟིན་དྲང་དོན་ཡིན་པས་སྦས་པ་ཡིན་ལ། འདིར་ནི་གཞུང་གཅིག་ལ་དོན་གཉིས་མེད་པའི་ མ་སྦས་པ་ཡིན་པས་ཁྱད་པར་ཆེའོ། །དགོངས་བཤད་མཛད་པ་རྣམས་ལའང་སྒྲ་འགལ་བ་ཤས་ཆེ་བ་དང་གཙོ་བོ་ཡིན་པས་དེ་ལྟར་བཤད་ཀྱི། གཞུང་དེ་ལ་སྒྲ་དྲང་ཐད་དུ་གསལ་བར་སྟོན་པ་མེད་པ་ནི་མིན་ནོ། །རིགས་པ་འདི་དགོངས་མིན་ལ་ཡང་ཤེས་ 5-5-43a པར་བྱ་སྟེ། སྒྲོན་གསལ་ཞིབ་ཏུ་བལྟས་པ་ལས་ཤེས་པར་བྱའོ། །སྒྲ་ཇི་བཞིན་པ་ཡིན་མིན་ནི། སྒྲོན་གསལ་ལས། དཀྱིལ་འཁོར་སོགས་དང་རྟོག་པ་ལ། སྤྱོད་པ་ཇི་ལྟ་ཇི་ལྟར་གསུངས། དོན་རྒྱས་བཤད་པ་གང་ཡིན་པ། །དེ་ནི་ཇི་བཞིན་སྐར་ གསུངས་སོ། །ཀོ་ཊ་ཁྱ་ལ་སོགས་པའི་སྒྲ། །འཇིག་རྟེན་བསྟན་བཅོས་ལ་མེད་ཅིང༌། །དེ་བཞིན་གཤེགས་པའི་བརྡར་གྱུར་པ། །དེ་ནི་ཇི་བཞིན་མིན་པར་བསྒྲགས། །ཞེས་གསུངས་པ་ལྟར་ཤེས་པར་བྱ་སྟེ། རྒྱུད་སྡེ་འོག་མ་གསུམ་དུ་དོན་གསལ་བར་གསུངས་ པ་ལ་སོགས་པ་ནི་ཇི་ལྟར་བཤད་པའི་དོན་ལས་དོན་གཞན་གཉིས་པ་མེད་པས་སྒྲ་ཇི་བཞིན་པའོ། །འདི་ཡང་ཕལ་ཆེ་བས་ཡིན་གྱི། མ་ངེས་པ་འགའ་རེ་ནི་སྔང་ངོ་། །འཇིག་རྟེན་པ་དང་སྒྲའི་བསྟན་བཅོས་ལ་མིང་དེ་དོན་དེ་ལ་འཇུག་པ་མེད་ཀྱང༌། དེ་བཞིན་ གཤེགས་པས་མིང་དེ་དོན་དེ་ལ་གློ་བུར་དུ་བརྡ་མཛད་ནས་བཞག་པ་ཀོ་ཊ་ཁྱ་ལ་སོགས་པ་རྣམས་ནི་སྒྲ་ཇི་བཞིན་མ་ཡིན་པའོ། །འདི་དང་དགོངས་བཤད་གཉིས་མི་འགལ་ལོ། །འོ་ན་དགོངས་མིན་དང་སྒྲ་ཇི་བཞིན་པ་གཉིས་འགལ་ལམ་མི་འགལ་ སྙམ་ན། དགོངས་མིན་ནི་གཙོ་ཆེར་དེ་ཁོ་ན་ཉིད་ཀྱི་དོན་སྟོན་པ་དང༌། སྒྲ་ཇི་བཞིན་པ་ནི་དེ་མི་གཙོ་བའི་ཁྱད་པར་ཡོད་ཀྱང་འགལ་བ་མེད་པར་སེམས་སོ། །གཉིས་པ་ནི། བཅོམ་ལྡན་འདས་ཀྱིས་ལན་བཀའ་སྩལ་པ། དགོངས་པས་བཤད་པ་དང་ཞེས་ སོགས་སོ། །གསུམ་པ་ལ་གཉིས། ཞུ་བ། ལན་ནོ། །དང་པོ་ནི། བྱམས་པས་གསོལ་བ། སྟོན་པས་གདུལ་བྱ་ལ་ཐུགས་བརྩེ་བ་ཉེ་བར་བཞག་སྟེ། བཅོམ་ལྡན་འདས་མཐའ་དྲུག་གི་ཚིག་རེ་རེའི་བཤད་པ་བསྟན་དུ་གསོལ་ཞེས་ཞུས་སོ། ། 5-5-43b གཉིས་པ་ལ་གསུམ། དགོངས་པ་དགོངས་མིན་གྱི་དོན་བཤད་པ། དྲང་བ་དང་ངེས་པའི་དོན་བཤད་པ། སྒྲ་ཇི་བཞིན་པ་དང་ཇི་བཞིན་པ་མ་ཡིན་པའི་དོན་བཤད་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་ལན་བཀའ་སྩ་བ། དོན་གང་མཐར་ཐུག་ པར་བཤད་པ་འོད་གསལ་ལམ་ཟུང་འཇུག་དགོངས་པས་བཤད་པ་ནི་དགོངས་པས་བཤད་པ་སྟེ། དེ་ནི་འདི་ལྟ་སྟེ། སྣང་བ་གསུམ་རྣམ་པར་དག་པའི་དོན་འོད་གསལ་སྟོན་པ་ན། འདོད་ཆགས་མ་ཡིན་པ་དང༌། འོད་ཆགས་དང་བྲལ་བ་མ་ཡིན་པ་དང༌། ཆགས་པ་ བར་མ་ཉེ་བར་མི་དམིགས་པ་ཞེས་བྱ་བ་ལ་སོགས་པ་སྣང་བ་གསུམ་ལ་སྒྲ་འགལ་བའི་ཚིག་གིས་བསྟན་ཞིང་དེ་བཀག་པས། འོད་གསལ་སྟོན་པ་ལ་སོགས་པའི་རྡོ་རྗེའི་ཚིག་རྣམས་ནི་དགོངས་པས་བཤད་པའོ། །དོན་འོད་གསལ་སྟོན་པ་ན་དོན་གྱི་འོད་གསལ་ མངོན་དུ་བྱས་པའི་དོན་ལུས་དང་ངག་དང་ཡིད་ཀྱི་སྣང་བ་མེད་པ་དང་ཆོས་ཀྱི་བདག་མེད་པ་དང༌། ཐམས་ཅད་སྟོང་པ་དང༌། རང་བཞིན་གྱིས་རྣམ་པར་དག་པ་དང༌། དེའི་ཕྱིར་ན་འོད་གསལ་བ་ཞེས་བྱ་བ་ལ་སོགས་པ་སྒྲ་དྲང་ཐད་དུ་གསལ་བོར་བསྟན་པའི་ རྡོ་རྗེའི་ཚིག་རྣམས་ནི་དགོངས་པ་མ་ཡིན་པས་བཤད་པའོ། །འདི་གཉིས་ཀྱི་དོན་འདིར་བཤད་པ་ལྟར་མ་ངེས་པ་ནི་སྔར་བཤད་ཟིན་པས་སྐལ་ལྡན་གྲགས་པ་ལ་སོགས་པས་ངེས་པར་འདོད་མོད་ཀྱང་མི་འཐད་དོ། །གཉིས་པ་ནི། ཁུ་བ་ལ་སོགས་པའི་དོན་ གཉིས་ལ་ཡང་བསྟན་པར་བཞེད་ཀྱང་དངོས་ཟིན་ལ་ག་བུར་དང༌། ཁྲག་ཆེན་པོ་དང༌། ཙན་དན་དམར་པོ་དང༌། རྡོ་རྗེ་དང༌། པདྨ་དང༌། ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པའི་གསང་སྔགས་ཀྱི་གཞུང་གི་རྡོ་རྗེའི་ཚིག་རྣམས་ཀྱི་དངོས་ཟིན་གྱི་དོན་ནི། ད་དུང་དོན་མི་མཐུན་ 5-5-44a པ་གཉིས་པ་ཅིག་དྲང་དུ་ཡོད་པས་དྲང་བའི་དོན་ཏོ། །གཞུང་གཅིག་བུ་དེ་ཉིད་ཀྱི་ག་པུར་ཞེས་པའི་དོན་གཉིས་པ་ནི། སྨན་ག་པུར་ལས་གཞན་པའི་ཁུ་བ་དང༌། ཁྲག་ཆེན་པོའི་དོན་གཉིས་པ་ནི་མིའི་ཁག་ཕལ་པ་ལས་གཞན་པའི་ཟླ་མཚན་ གྱི་ཁྲག་དང༌། ཙན་དན་དམར་པོའི་དོན་གཉིས་པ་ནི་སྨན་ཙན་དན་དམར་པོ་ལས་གཞན་པ་དེའི་ཁུ་བ་དང་བསྲེས་པའི་བུད་མེད་ཀྱི་རཀྟའོ། །རྡོ་རྗེ་ཞེས་པའི་དོན་གཉིས་པ་ནི་རྩེ་ལྔ་པ་ལ་སོགས་པའི་རྡོ་རྗེ་ལས་གཞན་པའི་སྐྱེས་པའི་མཚན་མ་སྟེ་ཐབས་སོ། །པད་མ་ ཞེས་པའི་དོན་གཉིས་པ་ནི་འདབ་མ་བརྒྱད་པ་ལ་སོགས་པའི་མེ་ཏོག་ལས་གཞན་པའི་བུད་མེད་ཀྱི་བྷ་ག་མཚན་མ་སྟེ་ཤེས་རབ་བོ། །ཕྱག་རྒྱ་ཞེས་པའི་དོན་གཉིས་པ་ནི་ལག་པའི་ཕྱག་རྒྱ་ལ་སོགས་ལས་གཞན་པའི་བཙུན་མོ་ཞེས་བྱ་བ་ལ་སོགས་པའི་རྡོ་ རྗེའི་ཚིག་རྣམས་ཀྱི་དོན་ནི་ངེས་པའི་དོན་ཏོ། །དེས་ན་སྐལ་ལྡན་གྲགས་པ་ལ་སོགས་པས་དྲང་དོན་གྱིས་རྫོགས་རིམ་བཀག་པའི་བསྐྱེད་རིམ་ཙམ་ཞིག་སྟོན་ཞེས་པ་དང༌། ངེས་དོན་གྱིས་སྟོང་ཉིད་སྟོན་གྱི་རྫོགས་རིམ་སྟོན་པའི་ངེས་པ་མེད་ཟེར་བ་ནི་མ་ངེས་པ་ཡིན་ ནོ། །དྲང་ངེས་ཀྱི་དོན་དེ་འདྲ་བ་ནི་རེ་རེ་ཡང་བསྐྱེད་རྫོགས་གཉིས་ཀའི་ཡན་ལག་ཏུ་འགྱུར་བས་རིམ་པ་རེ་རེའི་ཡན་ལག་ཏུ་མ་ངེས་སོ། །གསུམ་པ་ནི། ནང་གི་ཏིང་ངེ་འཛིན་དང་ཕྱིའི་བྱ་བ་ལ་སོགས་པའི་ཆ་གཉིས་ཀ་སྟོན་པ་རྣལ་འབྱོར་གྱི་རྒྱུད་དང༌། ཕྱི་ནང་གི་ཀུན་ སྤྱོད་ཆ་མཉམ་པར་སྟོན་པ་སྤྱོད་པའི་རྒྱུད་དང༌། ཕྱིའི་བྱ་བ་ཤས་ཆེར་སྟོན་པ་བྱ་བའི་རྒྱུད་རྣམས་སུ་སྔགས་དང་ཕྱག་རྒྱ་ལ་སོགས་པ་དོན་གསལ་བ་སྟེ་སྒྲ་དྲང་ཐད་དུ་གསུངས་པ་ནི་སྒྲ་ཇི་བཞིན་པ་སྟེ། དེ་ནི་འདི་ལྟ་སྟེ། ཐིག་ཚོན་གྱིས་དཀྱིལ་འཁོར་བྲི་བ་ 5-5-44b སོགས་དང༌། ལྷ་ཉེར་སྤྱོད་སོགས་ཀྱིས་མཆོད་པ་སོགས་ཀྱི་མཆོད་སྦྱིན་དང༌། གཏོར་མའི་ཆོ་ག་དང༌། སྨན་གྱི་སྦྱོར་བ་རྣམས་དང༌། ཞི་བ་དང༌། སོགས་པའི་རྒྱས་པ་དང་དབང་དང་དྲག་པོ་ལ་སོགས་པའི་ལས་ཀྱི་ཚོགས་རྣམས་དང༌། དེ་བཞིན་དུ་འཇིག་རྟེན་པའི་ དངོས་གྲུབ་ཆེན་པོ་བརྒྱད་ཀྱི་སྒྲུབ་པ་གསུངས་པ་རྣམས་ནི་དངོས་ཟིན་གྱི་དོན་ལས་དོན་མི་མཐུན་པ་གཞན་གཉིས་པ་མེད་པས་སྒྲ་ཇི་བཞིན་པ་སྟེ། སྒྲ་ཇི་བཞིན་པའི་དོན་འདི་ནི་ཚུལ་བཞིའི་ཡི་གེའི་དོན་གྱི་བཤད་པ་ཡང་ཡིན་ནོ། །སྒྲ་ཇི་བཞིན་པ་ལ་རྒྱུད་སྡེ་འོག་མ་ གསུམ་གསུངས་པས་ནི། རྣལ་འབྱོར་བླ་མེད་ཀྱི་རྒྱུད་ལ་སྒྲ་ཇི་བཞིན་པར་བཤད་པ་མེད་པར་སྟོན་པ་མ་ཡིན་པས། བླ་མེད་ཀྱིའང་ལས་ཚོགས་སོགས་སྒྲ་ཇི་བཞིན་པར་བཤད་པར་གཟུང་ངོ་། །འོན་ཀྱང༌། ལེའུ་བཞི་པའི་ཐུགས་ཀྱི་དཀྱིལ་འཁོར་ལ་ ངེས་དོན་གྱི་བཤད་པ་དགོངས་པ་ལུང་སྟོན་ལས་གསུངས་པ་དང༌། ཉེར་སྤྱོད་ཀྱི་མཆོད་པ་ལ་ངེས་དོན་གྱི་བཤད་པ་རྡོ་རྗེ་ཕྲེང་བར་གསུངས་པ་སོགས་མང་བས། དེ་རྣམས་སྒྲ་ཇི་བཞིན་པར་གསུངས་པ་ནི་ཕལ་ཆེ་བའི་དབང་དུ་མཛད་པའོ། །སྒྲ་ཇི་བཞིན་ པས་ཕྱིའི་སྤྱོད་པ་ཙམ་སྟོན་གྱི་གཞན་སྟོན་མི་ནུས་ཞེས་སྐལ་ལྡན་གྲགས་པ་སོགས་སྨྲ་བ་ནི་མི་འཐད་དེ། ལེའུ་གཉིས་པའི་རྨད་དུ་བྱུང་བའི་བསྟོད་པས་བདེན་གཉིས་སོ་སོ་བ་དང༌། ཟུང་འཇུག་གི་རྫོགས་རིམ་བསྟན་པ་རྣམས་འགྲེལ་པས་སྒྲ་ཇི་བཞིན་ པར་བཤད་པའི་ཕྱིར་རོ། །ཀོ་ཊཱ་ཁྱ། ཀོ་ཊཱ་ཝ། ཀཱོ་ཊ། ཀོ་ཊཱ་ཝ་ཤྩ། ཀོ་ཊཱ་ར་ག །ཀོ་ལ་ཁྱ། ཀོ་ལ་ཝ། ཀོ་ལ། ཀོ་་ལ་ཝ་ཤྩ། ཀོ་ལསྟ་ཐ་ཞེས་པ་འདིས་དབང་པོ་ལྔ་དང་ཡུལ་ལྔ་གསུངས་ཏེ། དེ་ལྟ་བུ་ལ་སོགས་པ་འཇིག་རྟེན་པ་དང་ 5-5-45a སྒྲའི་བསྟན་བཅོས་ལ་མིང་དེ་དོན་དེའི་དངོས་ཀྱི་མིང་དུ་འཇུག་པར་མ་གྲགས་ཀྱང༌། སྟོན་པས་དེ་ལྟར་བརྡ་མཛད་པའི་རྡོ་རྗེའི་ཚིག་རྣམས་ནི་སྒྲ་དེ་དོན་དེ་ལ་འཇུག་པར་མ་གྲགས་པས་ན་སྒྲ་ཇི་བཞིན་མ་ཡིན་པས་བཤད་པའོ། ། བརྡ་བཅུ་པོ་དེས་རླུང་བཅུ་བསྟན་པར་སངས་རྒྱས་མཉམ་སྦྱོར་ལས་གསུངས་སོ། །སྐལ་ལྡན་གྲགས་པས་སྒྲ་ཇི་བཞིན་མ་ཡིན་པས་བརྡ་ཙམ་སྟོན་གྱི་བསྐྱེད་རྫོགས་གང་ཡང་སྟོན་མི་ནུས་ཞེས་ཟེར་མོད་ཀྱང༌། དེའི་ངེས་པ་ཡང་མི་སྣང་ ངོ་། །གཉིས་པ་བཤད་པར་བྱ་བ་རྒྱུད་ཀྱི་རྣམ་གཞག་ལ་གསུམ། རྒྱུད་སྡེ་ལྔའི་གཞུང་གི་གྲངས། གཞུང་དེ་རྣམས་ཀྱི་མིང་གི་མཐའ། མིང་ཅན་གྱི་རྒྱུད་ཀྱི་དོན་བཤད་པའོ། །དང་པོ་ལ་གཉིས། ཞུ་བ། ལན་ནོ། དང་པོ་ནི། བྱང་ཆུབ་སེམས་ དཔའ་ཆེན་པོ་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས་བླ་ན་མེད་པའི་རྣལ་འབྱོར་གྱི་རྒྱུད་དང༌། ནང་གི་ཏིང་ངེ་འཛིན་ཤས་ཆེ་ཞིང་ཕྱིའི་བྱ་བ་ཤས་ཆུང་བའི་ཚུལ་གྱིས་སྟོན་པའི་གཉིས་ཀའི་རྒྱུད་དང༌། དེ་གཉིས་ཆ་མཉམ་པོར་སྟོན་ པའི་སྤྱོད་པའི་རྒྱུད་དང༌། དེ་གཉིས་ཕྱིའི་བྱ་བ་ཤས་ཆེ་ཞིང་གཙོ་ཆེར་མཆོག་སྒྲུབ་པའི་ཚུལ་སྟོན་པའི་བྱ་བའི་རྒྱུད་དང༌། གཙོ་ཆེར་ཐུན་མོང་གི་དངོས་གྲུབ་སྒྲུབ་པ་གཙོ་བོར་སྟོན་པའི་རྟོག་པའི་རྒྱུད་རྣམས་ཀྱིས་གཞུང་གི་ཚད་ཇི་ལྟར་ལགས་ ཞེས་ཞུས་སོ། སྐབས་འདིར་རྒྱུད་ལྔའི་རྣམ་གཞག་སྟོན་པ་ནི། སྔར་སྒྲ་ཇི་བཞིན་པའི་སྐབས་སུ་རྒྱུད་སྡེ་གསུམ་གསུངས་པས། མཐའ་དྲུག་གི་བཤད་པ་ཚང་བ་དང་ཕྱོགས་རེ་འཇུག་པའི་གཞིར་རྒྱུད་སྡེ་ལྔ་ཀ་གཟུང་དུ་རུང་བ་ལ་འཕྲོས་ནས་གསུངས་སོ། །གཉིས་ 5-5-45b པ་ནི། བཅོམ་ལྡན་འདས་ཀྱིས་ལན་བཀའ་སྩལ་པ། བླ་ན་མེད་པའི་རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་མིང་གི་གཙོ་བོ་ལ་སྟོང་ཕྲག་བཅུ་གཉིས་ཞེས་བྱ་སྟེ། རྒྱུད་ཀྱི་མིང་གི་གསལ་བའི་དབྱེ་བ་རྒྱས་པར་ཕྱེ་ན་གྲངས་མེད་དོ། །དེ་དག་ཀྱང་ཤོ་ལོ་ཀའི་གྲངས་མིན་གྱི་རྒྱུད་ཀྱི་གཞུང་སོ་སོའི་ གྲངས་ཡིན་ཏེ། བྱ་རྒྱུད་ལ་སྟོང་ཕྲག་བཞི་ལས་མ་གསུངས་པ་ལ། དོན་ཡོད་ཞགས་པའི་ཆོ་ག་ཞིབ་མོ་ད་ལྟ་འགྱུར་བ་ལ་སྟོང་ཕྲག་བརྒྱད་ཡོད་པར་བཤད་པའི་ཕྱིར་རོ། །རྒྱུད་འདིར་རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་ཚད་གསུངས་པ་ནི་ཐབས་རྒྱུད་ཀྱི་ཡིན་ཞེས་ཁ་ཅིག་ གསུངས་མོད་ཀྱང༌། ཐབས་ཤེས་ཀྱི་རྒྱུད་གཉིས་ཀའི་ཐུན་མོང་བར་གསལ་ཏེ། རྣལ་འབྱོར་ཆེན་པོའི་རྒྱུད་དོན་བཤད་པ་རྒྱུད་གཉིས་ཀའི་ཐུན་མོང་བར་སྣང་བའི་ཕྱིར་རོ། །སྡོམ་འབྱུང་ལས། རྣལ་འབྱོར་རྒྱུད་རྣམས་ཀྱི་ནི་ཚད། །བྱེ་བ་ཕྲག་ནི་དྲུག་ཏུ་ངེས། །དེ་བཞིན་རྣལ་ འབྱོར་མ་རྒྱུད་གྲངས། །བྱེ་བ་ཕྲག་ནི་བཅུ་དྲུག་གྲགས། །ཞེས་གསུངས་ཤིང༌། སངས་རྒྱས་ཐོད་པར་ཡང་དེ་དང་འདྲ་བར་གསུངས་པ་ཡང་རྒྱུད་འདི་ལྟར་ན་རྒྱུད་གཉིས་ཀྱི་གསལ་བའི་དབྱེ་བ་ཐམས་ཅད་ཀྱི་གྲངས་མིན་པར་གསལ་ལོ། །གཉིས་ཀའི་རྒྱུད་ཀྱི་མིང་ནི་སྟོང་ ཕྲག་དྲུག་གོ། །སྤྱོད་པའི་རྒྱུད་ཀྱི་མིང་ནི་སྟོང་ཕྲག་བརྒྱད་དོ། །བྱ་བའི་རྒྱུད་ཀྱི་མིང་ནི་སྟོང་ཕྲག་བཞིའོ། །རྟོག་པའི་རྒྱུད་ཀྱི་མིང་ནི་སྟོང་ཕྲག་བཞིའི། །དེ་དག་གི་མིང་གཅིག་ཏུ་བསྡོམས་ན་སྟོང་ཕྲག་སུམ་ཅུ་རྩ་བཞིའོ། །བྱ་བའི་རྒྱུད་ལ་མཆོག་དང་ཐུན་མོང་སྒྲུབ་པ་གཙོ་ བོར་སྟོན་པའི་དབྱེ་བས་བྱ་བ་དང་རྟོག་པའི་རྒྱུད་ཅེས་གཉིས་སུ་ཕྱེ་བ་ཙམ་ཡིན་པས། ཕྱོགས་གཞན་ནས་རྒྱུད་སྡེ་བཞིར་བསྡུས་པ་དང་མི་འགལ་ལོ། །གཉིས་པ་ནི། རྒྱུད་དང་རྟོག་པའི་མིང་གི་མཐའ་མའི་ཡི་གེ་ཇི་སྙེད་པ་ནི། ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ 5-5-46a ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་སྟེ་འདི་རྣམས་ནི་རྒྱུད་སྡེའི་མིང་གི་ཡི་གེ་ཐ་མ་རྣམས་སོ། །དཔེ་ཁ་ཅིག་ལས་ཀྵ་འབྱུང་བ་ནི་སྟོང་ཕྲག་སོ་བཞིའི་གྲངས་དང་འགྲིག་པ་ལྟར་སྣང་ཡང་སྒྲོན་གསལ་ལས། ཇི་ སྲིད་ཡ་ར་ལ་ཧའི་བར། །ཞེས་གསུངས་པས་ཀྵ་མེད་པ་དག་པར་མངོན་ནོ། །སྤྱོད་བསྡུས་སུ་ཡང་གསལ་བྱེད་བགྲངས་པ་ན་ཀྵ་ཡིག་མ་བྱུང་སྟེ། དེ་ནི་ཀ་དང་ཥ་བརྩེགས་པ་ཡིན་པས་ལོགས་པ་མེད་པ་ལ་དགོངས་སོ། །དེ་རྣམས་ཀྱི་མཐའ་ཅན་ནི་དཔེར་ན་ཛྙཱ་ན་བཛྲ་ས་ མུཙྪ་ཡ་ཞེས་པ་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ཡའི་མཐའ་ཅན་དང༌། བཛྲ་མཱ་ལ་ཞེས་པ་རྡོ་རྗེ་ཕྲེང་བ་ལའི་མཐའ་ཅན་ལྟ་བུ་སྟེ། དེ་འདྲ་བ་སྟོང་ཕྲག་བཅུ་གཉིས་ལ་སོགས་པའོ། །སྒྲོན་གསལ་ལས་ཀྱང༌། ཇི་སྲིད་ཡ་ར་ལ་ཧའི་བར། །ཀ་ཁ་གྷ་མཐའ་ཎ་ཛའི་ མཐའ། །ད་དྷའི་མཐའ་དང་མ་མཐར་བཅས། །དེ་དེའི་རྩ་བ་ཡི་གེ་གསུམ། །ཞེས་གསུངས་ཏེ། གསལ་བྱེད་ཀྱི་མཐའ་ཅན་གྱིས་ནི་དབྱངས་ཀྱི་མཐའ་ཅན་གྱི་རྒྱུད་རྣམས་ཀྱང་མཚོན་པ་ཡིན་ནོ། །དེ་དེའི་རྩ་བ་ཡི་གེ་གསུམ། ཞེས་པས་ནི། རྒྱུད་སྡེ་བཞི་པོ་ཐམས་ཅད་ཀྱི་རྩ་བ་ འདུས་པ་ཡིན་པར་སྟོན་ལ། ཡི་གེ་གསུམ་ནི་བོད་ཀྱི་མཁས་པ་རྣམས་ས་མ་ཛ་ཞེས་པ་ལ་བཞེད་ལ། ནཱ་རོ་པ་ལ་སོགས་པས་ཨོཾ་ཨཱཿཧཱུཾ་ལ་བཞེད་དོ། །དེ་ནི་རྒྱུད་ཕྱི་མ་ལས་གསང་བ་འདུས་པ་ཞེས་པའི་འདུ་རྒྱུའི་གསང་བ་ནི་སྐུ་གསུང་ཐུས་གསུམ་ལ་བཤད་ པས། ཨོཾ་ཨཱཿཧཱུཾ་གསུམ་ལ་བྱེད་ན་འདུ་རྒྱུའི་གསང་བ་གསུམ་ལ་བྱ་ལ། ས་མ་ཛ་ལ་བྱེད་ན། དེ་གསུམ་འདུས་པ་ལ་བྱ་སྟེ་དོན་གཅིག་ཏུ་བྱའོ། །དེ་ལྟ་མ་ཡིན་པར་རྡོ་རྗེ་གསུམ་དུ་རྒྱུད་སྡེ་རྣམས་ཀྱི་དོན་འདུ་བ་ཙམ་ལ་བཤད་ན་སྐབས་དོན་སྟོར་རབ་འགྱུར་ཏེ། འདི་ནི་འདུས་ 5-5-46b པ་རྒྱུད་སྡེ་ཀུན་གྱི་རྩ་བར་སྟོན་པའི་སྐབས་ཡིན་པའི་ཕྱིར་རོ། །རྩ་བའི་དོན་ནི་དཔེར་ན། ཤིང་སྡོང་པོའི་རྩ་བ་ལས་ཡལ་ག་དང་ལོ་མ་སོགས་གྱེས་པས། དེ་རྣམས་དེར་འདུ་བ་བཞིན་དུ། འདུས་པའི་ལམ་དུ་རྒྱུད་སྡེ་ཀུན་གྱི་ལམ་རྣམས་འདུ་བས་འདུས་པ་རྩ་བར་གསུངས་ སོ། །འདུས་ཚུལ་ནི་རྒྱུད་སྡེ་ཀུན་གྱི་དོན་མདོར་བསྡུ་ན་མཆོག་དང་ཐུན་མོང་སྒྲུབ་པ་གཉིས་སུ་འདུ་ལ། དེ་གཉིས་སྒྲུབ་པའི་གནད་རྣམས་ཡོངས་སུ་རྫོགས་པར་རྒྱུད་འདིས་སྟོན་པའོ། །དེ་བཞིན་དུ་མདོ་སྡེའི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་དོན་རྣམས་ཐར་པ་དང་ ཐམས་ཅད་མཁྱེན་པ་སྒྲུབ་པར་འདུ་ལ། དེའི་ལམ་གྱི་གནད་ཐམས་ཅད་ཀྱང་འདི་ནས་སྟོན་པས་མདོ་སྡེ་ཀུན་གྱིའང་སྣོད་དུ་གསུངས་ཏེ། སྒྲོན་གསལ་ལས། ཐུབ་པ་ཆེན་པོས་ཆོས་ཕུང་པོ། །བརྒྱད་ཁྲི་བཞི་སྟོང་གསུངས་པ་ཡི། །དཔལ་ལྡན་འདུས་འདི་སྣོད་ ཡིན་ཏེ། དེ་བས་དེ་ནི་རྒྱུད་ཀྱི་རྩེ། །ཞེས་གསུངས་སོ། །དེ་ཉིད་ཀྱི་ཕྱིར་ན་རྒྱུད་འདི་ལ་ཤིན་ཏུ་ངོ་མཚར་བའི་བསྔགས་པ་མང་དུ་གསུངས་ཏེ། དགྲ་ནག་གི་རྒྱུད་ལས། རྒྱུད་ཀྱི་མཐར་ཐུག་འདུས་པ་སྟེ། མ་བྱུང་འབྱུང་བར་མི་འགྱུར་རོ། །ཞེས་པ་དང༌། འཇམ་ དཔལ་གྱི་ཞལ་གྱི་ལུང་ལས་ཀྱང༌། སངས་རྒྱས་ཀུན་གྱི་འདུས་པའི་རྒྱུད། །གསང་ཆེན་གསང་བ་ཆེན་གསང་བ། །གོང་ན་མེད་པའི་ལུང་ཆེན་པོ། །ཞེས་དང༌། གསང་བ་གྲུབ་པ་ལས་ཀྱང༌། དཔལ་ལྡན་འདུས་ལས་མཆོག་གཞན་མེད། །འཇིག་རྟེན་གསུམ་གྱི་ རིན་ཆེན་འགྱུར། །སྙིང་པོ་ལས་ནི་སྙིང་པོ་མཆོག །རྒྱུད་ཀུན་གྱི་ནི་བླ་མའི་བླ། །བསྟན་དང་བཤད་པས་རྣམ་གནས་ན། །རྫོགས་པའི་རྣལ་འབྱོར་རིམ་པ་ཉིད། །འདུས་པ་གང་གིས་མི་ཤེས་པ། །དེ་ཡིས་དངོས་གྲུབ་ཇི་ལྟར་ཐོབ། །ཐེ་ཚོམ་ཐམས་ཅད་གཅོད་བྱེད་ཅིང༌། །མི་ཤེས་རབ་རིབ་སེལ་ 5-5-47a བྱེད་པ། །སངས་རྒྱས་རིན་ཆེན་ཟ་མ་ཏོག །དཔལ་ལྡན་འདུས་པ་ཡོངས་སྤངས་ནས། །རྣམ་རྟོག་དུ་མས་བརྟགས་པ་ཡི། །རྨོངས་པ་དངོས་གྲུབ་འདོད་གྱུར་པ། །མཁའ་ལ་ཁུ་ཚུར་བརྡེག་པ་དང༌། །སྨིག་རྒྱའི་ཆུ་ལ་འཐུང་བ་བཞིན། །ཞེས་ གསུངས་སོ། །དེ་ལྟར་ཀ་ཁ་ག་གྷ་ལ་སོགས་པའི་ཡི་གེའི་མཐའ་ཅན་གྱི་རྒྱུད་སྡེ་ཀུན་གྱི་རྩ་བ་ཡིན་པར་བསྟན་པ་ནི། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ཀྱི་དགོངས་པ་ཡིན་ལ། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་མདོ་སྡེ་ཀུན་གྱི་སྣོད་དུ་གྱུར་པ་ནི་བཤད་རྒྱུད་རྡོ་རྗེ་ ཕྲེང་བའི་དགོངས་པའོ། །གསུམ་པ་ལ་གཉིས། ཞུ་བ། ལན་ནོ། །དང་པོ་ནི། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་གསོལ་བ། བཅོམ་ལྡན་འདས་ཞེས་བོས་ནས་རྒྱུད་ལྔ་པོ་དེ་རྣམས་ཀྱི་ཐབས་གང་གིས་བསྒྲུབ་བྱ་སྒྲུབ་པའི་བྱེད་པ་དང༌། རྒྱུད་དོན་གཏན་ལ་ འབེབས་པའི་ཆོ་སྟེ་ཐབས་དང༌། བསྒྲུབ་པར་བྱ་བའི་འབྲས་བུ་དང༌། སྒྲུབ་པ་པོའི་རྟེན་ཏེ་རྣམས་གང་ལགས་ཞེས་ཞུས་སོ། །གཉིས་པ་ལ་ལྔ། རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་དོན། གཉིས་ཀའི་རྒྱུད་ཀྱི་དོན། སྤྱོད་པའི་རྒྱུད་ཀྱི་དོན། བྱ་བའི་རྒྱུད་ཀྱི་དོན། རྟོག་པའི་རྒྱུད་ ཀྱི་དོན་བཤད་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་ལན་བཀའ་སྩལ་པ། དོན་དམ་པའི་བདེན་པ་འོད་གསལ་བ་ལས་བདག་བྱིན་གྱིས་བརླབ་པ་དག་པའི་སྒྱུ་མའི་སྐུའི་རིམ་གྱིས་ལངས་ཏེ། བཙུན་མོའི་འཁོར་གྱི་དབུས་སུ་ཡང་དག་པར་བཞུགས་ཞེས་ཚིག་རྣམ་པར་ སྦྱར་རོ། །སྐུའི་ཆ་ལུགས་ཇི་འདྲ་བ་ཞེ་ན། ཆགས་པ་དང་བྲལ་བའི་གཟུགས་སྤངས་ནས། ཆགས་ཅན་ལྟར་སྣང་བའི་འཁོར་ལོས་སྒྱུར་བའི་གཟུགས་ཀྱིས་སོ། །བྱང་བ་ཅི་ཞིག་མཛད་པས་བཞུགས་ཤེ་ན། བཙུན་མོའི་བྷ་ག་ལ་རོལ་པའི་ཚུལ་གྱིས་སོ། །དེ་ 5-5-47b ལྟར་མཛད་པའི་དགོས་པ་ནི། །འདོད་ཡོན་ལ་ཆགས་པ་ལམ་དུ་བྱས་པ་ལས་བྱུང་བའི་བྱང་ཆུབ་ཀྱི་གནས་ཏེ་གོ་འཕང་འཐོབ་པ་རབ་ཏུ་བསྟན་པའི་ཕྱིར་དུ་སྟེ་འདི་ནི་བསྒྲུབ་བྱའོ། །དེ་ཡང་བདེ་བ་ཆེན་པོས་དེ་ཁོ་ན་ཉིད་ངེས་པའི་བདེ་སྟོང་དབྱེར་མེད་ཀྱི་ཏིང་ངེ་འཛིན་གྱིས་ གོ་འཕང་དེ་སྒྲུབ་པར་བྱེད་པ་ཡིན་ཏེ་འདི་ནི་བྱེད་པའོ། །བགྲོད་བྱ་མིན་པ་ལ་བགྲོད་པ་ལ་སོགས་པ་འཇིག་རྟེན་གྱི་སྤྱོད་པ་དང་འགལ་བ་རྨད་དུ་བྱུང་བའི་རྡོ་རྗེའི་ཚིག་རྣམས་ཀྱི་དོན་མཐའ་དྲུག་གང་གིས་རབ་ཏུ་དཔྱོད་པར་བྱེད་ནི་ཆོ་གའོ། །མཐའ་དྲུག་གིས་རྒྱུད་དོན་ དཔྱད་དེ་རྟེན་དེས་བསྒྲུབ་པར་བྱ་བ་སྒྲུབ་པར་བྱེད་པ་ནི་སྒྲུབ་པ་པོའི། །དེ་འདྲ་བ་དེ་ནི་བླ་ན་མེད་པའི་རྣལ་འབྱོར་གྱི་རྒྱུད་ལ་གནས་སོ། །གཉིས་པ་ནི། རིག་པའི་ལྷ་མོ་རྣམས་ཀྱིས་ཡོངས་སུ་བསྐོར་ཏེ་དེ་རྣམས་དང་ལྷན་ཅིག་དཀྱིལ་འཁོར་གྱི་འཁོར་ལོ་དགོད་པ་སྟེ་ བཀོད་པའི་གོ་འཕང་ནི་བསྒྲུབ་པར་བྱ་བའོ། །དཀྱིལ་འཁོར་བཀོད་པ་དེ་ལ་དམིགས་པ་ལས་བྱུང་བའི་ལྷའི་རྣལ་འབྱོར་ནི་བྱེད་པའི་ལས་སོ། །བསྒྲུབ་པར་བྱ་བ་ལ་སོགས་པ་རྣམ་པ་བཞི་ལས་བརྩམས་པའི་དེ་ཁོ་ན་ཉིད་རྣམ་པ་བཅུ་རབ་ཏུ་དཔྱོད་པར་བྱེད་པ་ ནི་ཆོ་གའོ། །དེ་ཉིད་བཅུ་ནི། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། དཀྱིལ་འཁོར་ཏིང་འཛིན་ཕྱག་རྒྱ་དང༌། །སྟང་སྟབས་འདུག་སྟངས་བཟླས་བརྗོད་དང༌། །སྦྱིན་སྲེག་མཆོད་པ་ལས་སྦྱོར་དང་། །སླར་སྡུད་པ་ཡི་རྣམ་པ་ནི། །ཕྱི་ཡི་དེ་ཉིད་བཅུ་ཡིན་ནོ། །ཞེས་ཕྱིའི་དེ་ཉིད་བཅུ་ གསུངས་པ་ནི། འདིར་གཉིས་ཀའི་རྒྱུད་ཅེས་གསུངས་པ་རྣལ་འབྱོར་རྒྱུད་ཀྱི་ཡིན་ཏེ། འདི་དང་སྒྱུ་འཕྲུལ་དྲ་བ་ལས་གསུངས་པའི་དེ་ཉིད་བཅུ་ནི་འདྲ་བར་སྣང་ངོ་། །དེ་ལ་ཏིང་ངེ་འཛིན་ནི་དང་པོ་སྦྱོར་བ་ལ་སོགས་པ་དང༌། སྟང་སྟབས་ནི་གཡས་བརྐྱང་ལ་སོགས་ 5-5-48a པ་དང༌། འདུག་སྟངས་ནི་རྡོ་རྗེ་སྐྱིལ་ཀྲུང་ལ་སོགས་པ་དང༌། ལས་ལ་སྦྱོར་བ་ནི། བསྲུང་ཞིང་སྤྱན་དྲངས་པ་ལ་སོགས་པ་དང༌། གཤེགས་སུ་གསོལ་བ་ནི་མཆོད་བསྟོད་སྔོན་དུ་འགྲོ་བས་གཤེགས་སུ་གསོལ་བ་ལ་རབ་ཞི་བཤེས་གཉེན་ གྱིས་སྒྲུབ་དྲའི་འགྲེལ་པར་བཤད་ལ། ཀུན་སྙིང་གི་འགྲེལ་པར་ལས་ལ་སྦྱོར་བ་ཞི་སོགས་ཀྱི་ལས་ལ་སྦྱོར་བ་ལ་བཤད་དོ། །ལྷག་མ་ནི་གོ་སླའོ། །དེ་ཉིད་སྣང་བ་ལས་སྔར་དང་ཐ་སྙད་ཅུང་ཟད་མི་འདྲ་བའི་དེ་ཉིད་བཅུ་གསུངས་མོད་ཀྱང་། དོན་ནི་འདྲ་བར་སྣང་ངོ་། ། དེ་ལྟར་དེ་ཉིད་བཅུའི་རྒྱུད་དོན་དཔྱད་དེ་རྟེན་དེས་ལམ་དེ་སྒྲུབ་པར་བྱེད་པ་ནི་སྒྲུབ་པ་པོའོ། །དེ་འདྲ་བའི་ཁྱད་པར་བཞི་དང་ལྡན་པ་དེ་ནི་གཉིས་ཀའི་རྒྱུད་ཅེས་པ་རྣལ་འབྱོར་རྒྱུད་ལ་གནས་སོ། །གསུམ་པ་ནི། ཕྱིའི་ཁྲུས་དང་གཙང་སྦྲ་ལ་སོགས་པའི་ལས་ཀྱི་ བྱ་བ་གྲངས་སྣ་ཚོགས་པ་རྒྱ་ཆེན་པོ་ནི་ཐབས་གང་གིས་སྒྲུབ་པའི་བྱེད་པ་ཡིན་ལ། འདིས་ནི་ནང་གི་ལྷའི་རྣལ་འབྱོར་ཡང་མཚོན་པ་ཡིན་ནོ། །བྱ་བའི་རྒྱུད་ཀྱི་སྔགས་དང་ཕྱག་རྒྱ་ལ་དམིགས་པ་སྟེ་བརྩམས་པའི་མཚན་ཉིད་དེ་རྣམས་བཟླས་བརྗོད་ཡན་ ལག་བཞི་ལ་སོགས་པའི་སྒོ་ནས་རབ་ཏུ་དཔྱོད་པར་བྱེད་པ་ནི་ཆོ་གའོ། །དེ་ལྟར་དཔྱད་པའི་ཐབས་དེས་བསྒྲུབ་པར་བྱ་བ་ནི་སངས་རྒྱས་ཀྱི་གོ་འཕང་ངོ་། །དེ་ལྟར་རྟོགས་ནས་སྒྲུབ་པར་བྱེད་པའི་རྟེན་ནི་སྒྲུབ་པ་པོའོ། །དེ་འདྲ་བའི་ཁྱད་པར་བཞི་དང་ལྡན་པ་ནི་སྤྱོད་ པའི་རྒྱུད་ལ་གནས་པའོ། །བཞི་པ་ནི། ཤས་ཆེར། ལྷའི་རྣལ་འབྱོར་སྒོམ་པ་སོགས་ནང་གི་བྱ་བ་ལ་འཇིགས་པར་དམིགས་པ་སྟེ་ལྟ་ཤིང་ཤིན་ཏུ་གཙང་བར་བྱེད་པའི་གཙང་སྤྲ་ལ་གནས་པ་དང༌། ཕྱི་ནས་ཡེ་ཤེ་སེམས་དཔའ་རང་ལ་འཇུག་ 5-5-48b པའི་བདེ་བ་དམ་པ་སྟེ་མཆོག་མེད་པ་དང༌། ཤས་ཆེར་བདག་ཉིད་ལྟར་ང་རྒྱལ་བྱེད་པའི་སྙེམས་པ་མེད་པ་དང༌། སྔར་བཤད་པ་ལྟར་གྱི་རྨད་དུ་བྱུང་བའི་སྤྱོད་ཡུལ་ལ་སྤྱོད་པ་མ་ཡིན་པའི་ཚུལ་གྱིས་ཕྱིའི་བྱ་བ་མང་པོ་སྒྲུབ་པར་བྱེད་པ་ནི་བྱེད་པའོ། །སྐྱོན་ནི་སྐྱེ་ རྒ་སོགས་ཀྱི་འཁོར་བའི་རྒུད་པའོ། །དེའི་རྒྱུའི་རྟོག་པ་ནི་ཉོན་མོངས་ཀྱི་རྩ་བ་དངོས་པོ་ལ་བདེན་པར་འཛིན་པའོ། །དེ་དང་བཅས་པའི་ཚུལ་གྱིས་རྒྱུད་ཀྱི་དོན་རབ་ཏུ་དཔྱོད་ནི་ཆོ་གའོ། །ཐབས་དེས་རྒྱུད་དོན་རྟོགས་པའི་རྟེན་ནི་སྒྲུབ་པར་བྱེད་པ་པའོ། །བསྒྲུབ་ བྱ་ནི་སྔར་བཞིན་ནོ། །དེ་འདྲ་བའི་ཁྱད་པར་བཞི་དང་ལྡན་པ་དེ་ནི་བྱ་བའི་རྒྱུད་ལ་རབ་ཏུ་གནས་པའོ། །སློབ་དཔོན་སངས་རྒྱས་གསང་བས་བྱ་རྒྱུད་རྡོ་རྗེ་གཙུག་ཏོར་དང་། རྣམ་འཇོམས་ཀྱི་རྒྱུད་རྒྱས་པ་དྲངས་ནས་ལྷར་བསྐྱེད་པ་བསྟན་པ་དང་། བྱ་རྒྱུད་སོ་སོ་ གཞན་དག་ཏུ་རང་ལྷར་སྐྱེད་པ་གསལ་བར་མ་བཤད་པ། རླུང་ཕྱིར་འགྲོ་བ་བཀག་ནས་རང་ལྷར་སྒོམ་པ་མི་ནུས་པའི་དབང་དུ་མཛད་པར་བཤད་ལ། སློབ་དཔོན་བྱང་ཆུབ་མཆོག་གིས་ཀྱང་བྱ་རྒྱུད་ཕལ་ཆེ་བར་རང་ལྷར་སྒོམ་པ་མི་གསལ་ཡང༌། ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་དང༌། དེ་ཁོ་ན་ཉིད་བཅུ་པ་ལས་བཤད་པས། བྱ་བའི་རྒྱུད་ལས་རང་ལྷར་སྒྲུབ་པ་མ་བསྟན་ཏོ་སྙམ་དུ་མི་བསམ། ཞེས་གསུངས་པས། བྱ་རྒྱུད་ལ་རང་ལྷར་སྐྱེད་པ་མེད་པར་གསུངས་པ་ནི་བྱ་རྒྱུད་ཕལ་ཆེ་བ་དང༌། གདུལ་བྱའི་ཁྱད་པར་འགའ་ཞིག་ལ་དགོངས་ཀྱི་བྱ་རྒྱུད་དེ་ཐམས་ཅད་ཀྱི་དབང་དུ་བྱས་པ་མིན་ནོ། །རྒྱུད་འདི་ཉིད་ལས་ཀྱང་སྤྱོད་རྒྱུད་ཀྱི་སྐབས་སུ། བྱ་བའི་རྒྱུད་ཀྱི་ཕྱག་རྒྱ་དམིགས་པའི་མཚན་ཉིད། ཅེས་གསུངས་པས། ལྷའི་རྣལ་འབྱོར་ 5-5-49a ཡོད་པའི་བྱ་རྒྱུད་དང་སྤྱོད་རྒྱུད་གཉིས་ལྷའི་རྣལ་འབྱོར་མཚུངས་བས་དེ་གཉིས་བསྡུས་ནས་བཤད་ཅིང༌། ལྷའི་རྣལ་འབྱོར་མ་བཤད་པའི་བྱ་རྒྱུད་ལ་བྱ་བའི་རྒྱུད་ཅེས་བཏགས་པ་ཙམ་མོ། །དེ་དག་ལས་ཆོས་ཀྱི་བདག་མེད་གསལ་ བར་མ་བསྟན་པའི་རྒྱུད་རྣམས་ལ་དགོངས་ནས། མཚན་འཛིན་གྱི་རྟོག་པའི་རབ་ཏུ་དཔྱོད། ཅེས་ཀྱང་གསུངས་སོ། །འདི་རྣམས་རྒྱས་པར་ནི་རྡོ་རྗེ་འཆང་གི་ལམ་གྱི་རིམ་པར་བཤད་ཟིན་པས་འདིར་མ་སྤྲོས་སོ། །ལྔ་པ་ནི། །སྔགས་དང་སྨན་དང་སྦྱིན་སྲེག་ དང་། རྫས་ཕྱེ་མ་དང་། མིག་སྨན་དང་། རྐང་མགྱོགས་ལ་སོགས་པ་དངོས་གྲུབ་ཆེན་པོ་བརྒྱད་ནི་བསྒྲུབ་པར་བྱ་བའོ། །བརྒྱད་ནི་འདིར་དངོས་སུ་དྲུག་སྨོས་ནས་གཉིས་མ་བསྟན་ལ། ལྷ་མོ་བཞིས་ཞུས་ལས། རྫས་བརྒྱད་ཡན་ལག་བསྒྲུབ་པ་བཤད། །རི་ལུ་ མིག་སྨན་དངོས་གྲུབ་དང་། །ས་འོག་རལ་གྲིའི་དངོས་གྲུབ་དང་། །ནམ་མཁའ་འཕུར་དང་མི་སྣང་དང་། །ཤི་བ་མེད་དང་ནད་འཇོམས་སོ། །ཞེས་གསུངས་སོ། །རྡོ་རྗེ་གུར་ལས་ཀྱང་། མིག་སྨན་དང་ནི་རྐང་མགྱོགས་དང་། །རལ་གྲི་དང་ནི་ས་འོག་འགྲུབ། །རི་ལུ་ དང་ནི་འཁའ་སྤྱོད་ཉིད། །མི་སྣང་བ་དང་བཅུད་ཀྱི་ལེན། །ཞེས་གསུངས་སོ། །གཙོ་བོར་དངོས་གྲུབ་བརྒྱད་སྒྲུབ་པ་རྟོག་པའི་རྒྱུད་ཀྱི་དོན་རབ་ཏུ་དཔྱོད་པར་བྱེད་པ་ནི་ཆོ་གའོ། །དེ་རྟོགས་ནས་དེ་རྣམས་སྒྲུབ་པར་བྱེད་པ་ནི་བྱེད་པའོ། བྱེད་པ་དེ་གང་ལ་ གནས་པའི་རྟེན་ནི་སྒྲུབ་པོའོ། །དེ་འདྲ་བའི་ཁྱད་པར་བཞི་དང་ལྡན་པ་ནི་རྟོག་པའི་རྒྱུད་ལ་གནས་པའོ། །གསུམ་པ་རྒྱུད་བཤད་ཐབས་ཀྱི་མན་ངག་ཚང་བར་བསྟན་པ་ལ་གཉིས། ཞུ་བ། ལན་ནོ། དང་པོ་ནི། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ 5-5-49b ཀྱིས་གསོལ་པ། བཅོམ་ལྡན་འདས་བླ་ན་མེད་པའི་རྣལ་འབྱོར་གྱི་རྒྱུད་རྣམས་ཀྱི་བཤད་ཐབས་རྒྱན་རྣམ་པ་བདུན་ཇི་ལྟར་ལགས་ཞེས་ཞུས་སོ། །སྔར་བཤད་ཐབས་ཀྱི་སྒོ་གཉིས་ཞུས་མོད་ཀྱང༌། བཤད་ཐབས་ཀྱི་མན་ངག་ཚང་བ་ཤེས་པའི་ཕྱིར་དུ་ཞུས་སོ། །གཉིས་པ་ལ་གཉིས། རྒྱན་བདུན་སོ་སོའི་གྲངས་ཀྱི་དབྱེ་བ། རྒྱན་བདུན་སོ་སོའི་མིང་གི་དབྱེ་བའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་ལན་བཀའ་སྩལ་པ། གླེང་བསླང་བའི་རྒྱན་གྲངས་རྣམ་པ་ལྔ་དང༌། ཚིག་དང་དོན་གྱི་མཐའི་རྒྱན་ལ་མཐའ་དྲུག་གི་བཤད་པ་རྣམ་པ་དྲུག་དང༌། འཚང་ རྒྱ་བའི་རིག་པ་སྟེ་ཚུལ་གྱི་རྒྱན་ལ་ལམ་གྱི་རིམ་པ་རྣམ་པ་བཞི་དང༌། ཚུལ་གྱི་བཤད་པའི་རྒྱན་ལ་བཤད་པའི་ཚུལ་རྣམ་པ་བཞི་དང༌། སློབ་མ་ལ་འཆད་ཚུལ་གྱི་རྒྱན་ལ་བཤད་པའི་དབྱེ་བ་རྣམ་པ་གཉིས་དང༌། རྒྱུད་ལ་འཇུག་པ་གང་ཟག་གི་རྒྱན་ལ་གང་ཟག་རྣམ་པ་ ལྔའི་སློབ་མ་བརྟན་པ་སྟེ་དེའི་མཚན་ཉིད་བཤད་པ་དང༌། དགོས་པའི་རྒྱན་ནི་བདེན་པ་རྣམ་པ་གཉིས་ཀྱི་དགོང་པ་ངེས་པ་རྣམས་སོ། །གཞུང་ཚིག་ཉུང་ལ་དོན་གྱི་གནས་མང་པོའི་འདུས་པའི་རྒྱུད་རྟོགས་དཀའ་བ་ལ་འཇུག་པ་རྣམས་ཀུན་ཏུ་འཁྲུལ་བར་འགྱུར་བ་ནི་ རྒྱན་བདུན་ཇི་ལྟ་བ་བཞི་དུ་མི་རྟོགས་པས་ཡིན་ཏེ། སྒྲོན་གསལ་པ་ཚབ་ཀྱིས་བསྒྱུར་བ་ལས། འདུས་པའི་རྒྱུད་ནི་གཞུང་ཉུང་ཞིང༌། །དོན་མང་རྟོགས་པར་དཀའ་བ་ལ། །རྣམ་པ་ཀུན་ཏུ་འཁྲུལ་འགྱུར་ཏེ། །རྒྱན་བདུན་རྟོགས་པར་དཀའ་ཕྱིར་རོ། །ཞེས་གསུངས་སོ། ། རྒྱན་བདུན་པོ་དེ་ཉིད་ཀྱིས་བླ་ན་མེད་པའི་རྣལ་འབྱོར་གྱི་རྒྱུད་བཤད་དགོས་ཀྱི་དེ་དོར་བའི་བཤད་ཐབས་གཞན་གྱིས་ནི་རྒྱུད་དོན་རྫོགས་པར་མི་རྙེད་དེ། སྒྲོན་གསལ་པ་ཚབ་ཀྱིས་བསྒྱུར་བ་ལས། གང་ཕྱིར་བཤད་རྒྱུད་རྗེས་འབྲངས་ལས། །རྣམ་བཤད་ཤིན་ཏུ་རྙེད་ 5-5-50a དཀའ་སྨྲས། །འདི་ཉིད་ཀྱིས་ནི་རྣལ་འབྱོར་རྒྱུད། །བཤད་ཀྱིས་རྣམ་པ་གཞན་དུ་མིན། །ཞེས་གསུངས་སོ། །ཆག་ལོ་ཙཱ་པས། བཤད་པའི་རྒྱུད་ཀྱི་རྗེས་འབྲངས་ནས། །གསུང་བཤད་ཤིན་ཏུ་རྙེད་པར་དཀའ། །རྣལ་འབྱོར་རྒྱུད་ནི་འདི་ཉིད་ཀྱིས། ། ངེས་པར་བྱེད་ཀྱི་གཞན་དུ་མིན། །ཞེས་བསྒྱུར་ཏེ་འགྱུར་གཉིས་པོ་དེ་སྔོན་གྱི་འགྱུར་ལས་ལེགས་པར་སྣང་ངོ་། །དེས་ན་བཤད་ཐབས་ཀྱི་རྒྱན་བདུན་ལེགས་པར་རྟོགས་པ་ནི། འདུས་པ་དང་དེ་འདྲ་བའི་རྩ་བའི་རྒྱུད་རྣམས་འཆད་པ་ལ་ཤིན་ཏུ་གལ་ཆེ་བ་ཡིན་ནོ། །འདིར་ རྒྱན་བདུན་སོ་སོ་ལ་དབྱེ་བ་མཛད་པའི་རྒྱན་གྱི་གྲངས་ནི་ཉེར་བརྒྱད་ཡིན་ལ། དེ་ཡང་བརྒྱན་པར་བྱ་བའི་གཞི་ནི་འདུས་པའི་རྒྱུད་ལྟ་བུའོ། །དེ་གང་གིས་བརྒྱན་པར་བྱེད་པ་ནི་བདུན་ནམ་ཉེར་བརྒྱད་དོ། །བརྒྱན་ཚུལ་བསྡུས་ན་ངོ་བོ་ཐ་མི་དད་པའི་རྒྱན་དང༌། ཐ་དད་པའི་ རྒྱན་གཉིས་སུ་འདོད་དོ། །དང་པོ་ནི། ཁ་ཅིག་མཐའ་དྲུག་གིས་བཤད་པ་དང༌། ཚུ་བཞིས་བཤད་པ་དང༌། ཚད་དང༌། བཤད་པའི་དབྱེ་བ་གཉིས་ཏེ་བཅུ་གསུམ་དུ་འདོད་ལ། གཞན་དག་ནི་རྒྱུད་ཀྱི་མིང་དང་བཅུ་བཞིར་འདོད་དོ། །གཉིས་པ་ནི་དེ་དག་གི་ལྷག་མ་བཅུ་ བཞིར་འདོད་དོ། །བྱེད་པ་པོ་དང་དགོས་པ་དང་གང་ཟག་དང་བདེན་གཉིས་ངེས་པའི་རྒྱན་རྣམས་རྒྱུད་ཀྱི་གཞུང་ལས་ངོ་བོ་ཐ་དད་དུ་ཡོད་མོད་ཀྱང༌། ལྷག་མ་རྣམས་ནི་ཆ་གཉིས་ཀར་བཤད་དུ་རུང་བར་སྣང་ངོ་། །རྒྱན་གྱི་དོན་ནི་དཔེར་ན་རང་བཞིན་གྱི་རྒྱན་གཟུགས་ བཟང་པོ་ལ་མཛེས་བྱེད་ཀྱི་རྒྱན་གཙུག་རྒྱན་ལ་སོགས་པས་སྤུད་ན་ཡིད་ལ་དགའ་བ་སྐྱེད་པ་བཞིན་དུ། འདིར་ཡང་རང་བཞིན་གྱི་རྒྱན་རྒྱུད་ཀྱི་གཞུང་བཟང་པོ་ལ་བཤད་ཚུ་གཉིས་ལ་སོགས་པའི་རྒྱན་གྱིས་བརྒྱན་པ་ན་མཁས་པའི་ཡིད་འཕྲོག་པར་བྱེད་པས་རྒྱན་ནོ། ། 5-5-50b གཉིས་པ་ལ་བདུན། །གླེང་བསླང་གི་རྒྱན་གྱི་མིང་གི་དབྱེ་བ། མཐའ་དྲུག་གི་རྒྱན་གྱི་མིང་གི་དབྱེ་བ། རིགས་པ་བཞིའི་རྒྱན་གྱི་མིང་གི་དབྱེ་བ། ཚུ་བཞིའི་རྒྱན་གྱི་མིང་གི་དབྱེ་བ། འཆད་ཚུལ་གྱི་རྒྱན་གྱི་མིང་གི་དབྱེ་བ། གང་ཟག་གི་རྒྱན་གྱི་མིང་གི་དབྱེ་བ། བདེན་གཉིས་ངེས་པའི་ རྒྱན་གྱི་མིང་གི་དབྱེ་བའོ། །དང་པོ་ནི། སྔར་གླེང་བསླང་གི་རྒྱན་ལ་རྣམ་པ་ལྔར་གསུངས་པ་དེ་རྣམས་གང་ཞེ་ན། གླེང་བསླང་པ་རྣམ་པ་ལྔའི་རྒྱན་ནི་འོག་ནས་འབྱུང་པ་འདི་ལྟ་སྟེ། དེའི་དང་པོ་ནི་འདུས་པ་ཞེས་པ་ལྟ་བུ་རྒྱུད་ཀྱི་མཚན་ནམ་མིང་ཡིན་ཏེ། སྒྲོན་གསལ་ལས། རྒྱུད་ཀྱི་མཚན་ ནི་མིང་ཡིན་ལ། །ཞེས་གསུངས་སོ། །སྒྲོན་གསལ་ལས་མིང་དངོས་སུ་མ་སྨོས་པ་ལ་ཁ་ཅིག་བླ་མ་ལ་སོགས་པ་གོང་མའི་མཚན་དངོས་སུ་མི་བརྗོད་པ་དང་འདྲ་བར་མཚན་བརྗོད་དཀའ་བས་རྒྱུད་ཀྱི་རྒྱན་དུ་ཆེའོ་ཟེར་མོད་ཀྱང༌། བཤད་རྒྱུ་ལས་རྩ་བའི་རྒྱུད་མང་པོ་ཞིག་ གི་དབང་དུ་མཛད་ནས་གསུངས་པས་བྱེ་བྲག་པ་གཅིག་གི་མཚན་མ་སྨོས་པར་སྤྱིར་མཛད་པ་ཡིན་ལ། སྒྲོན་གསལ་གྱིས་ཀྱང་རྒྱུད་ལྟར་སྤྱི་བཤད་ཀྱང་སྐབས་ཀྱི་སྟོབས་ཀྱིས་འདུས་པ་ལ་གོ་བར་ནུས་སོ། །དེ་ཡང་ཐོག་མར་བཤད་པར་བྱ་བའི་རྒྱུད་ཀྱི་མཚན་གང་ ཡིན་སྙམ་དུ་དོགས་ནས་འདྲི་བ་ལ་རྒྱུད་ཀྱི་མཚན་འདིའོ་ཞེས་མིང་སྨོས་དགོས་སོ། །གཉིས་པ་ནི། མཚན་དེ་དང་ལྡན་པའི་རྒྱུད་འདི་ཆེད་དུ་བྱ་བའི་གདུལ་བྱ་ཅི་འདྲ་བ་ཞིག་གི་དབང་དུ་མཛད་སྙམ་ནས་འདྲི་བ་ལ། གདུལ་བྱའི་སྐྱེ་བོ་དབང་པོ་རྣོན་པོ་དབང་པོ་གཉིས་ སྦྱོར་གྱི་འདོད་ཆགས་ཤས་ཆེ་བ་ཅན་གྱི་རྒྱུ་མཚན་དུ་བྱས་ནས་སམ་དེའི་དོན་དུ་གསུངས་པ་ཡིན་ཏེ། སྐྱེ་བོ་འདོད་ཆགས་ཅན་དོན་དུ། །ཞེས་གསུངས་སོ། །དེས་ནི་ཆགས་བྲལ་གྱི་སྤྱོད་པ་ཅན་མཚན་ཉིད་ཐེག་པའི་གདུལ་བྱ་དང༌། འདོད་ཡོན་ལ་ཆགས་པ་ལམ་ 5-5-51a བྱེད་ཙམ་ཞིག་ཡོད་ཀྱང་དབང་པོ་གཉིས་སྦྱོར་གྱི་ཆགས་པ་ལམ་དུ་བྱེད་མི་ནུས་པས་རྒྱུད་སྡེ་འོག་མའི་གདུལ་བྱའི་དབང་དུ་བྱས་ནས་རྒྱུད་འདི་གསུངས་པ་མ་ཡིན་པར་སྟོན་ཏོ། །གསུམ་པ་ནི་རྒྱུད་དེའི་ཐོག་མའི་མཛད་པ་པོ་གང་སྙམ་པ་ལ། བྱེད་ པ་པོ་ནི་ཆགས་བྲལ་གྱི་ཆ་ལུགས་དོར་ནས་ཆགས་ཅན་གྱི་རྣམ་པ་ཅན་འཁོར་ལོས་སྒྱུར་བའི་ཆ་ལུགས་སུ་བྱས་པའི་རྡོ་རྗེ་སེམས་དཔའ་ཡིན་ཏེ། །འདི་ཡི་བྱེད་པོ་རྡོ་རྗེ་སེམས། ཞེས་སོ། །བཞི་པ་ནི་འོ་ན་གཞུང་དེའི་ཚད་གང་སྙམ་པ་ལ། ཚད་ནི་བཞི་སྟེ། ལེའུ་ དང༌། ཆོ་ག་དང༌། དུམ་བུ་དང༌། རིམ་པར་ཕྱེ་བའོ། །ལེའུ་དེ་བཞིན་ཆོ་ག་དང༌། དུམ་བུ་དེ་བཞིན་རིམ་པར་ཕྱེ། །དེ་ནི་རྣམ་པ་བཞིར་འགྱུར་ཞིང༌། །གཞུང་ཉིད་ཀྱི་ནི་གྲངས་ཡིན་ནོ། །ཞེས་སོ། །པ་ཚབ་ཀྱིས་བསྒྱུར་བ་ལས། །དེ་ནི་རྣམ་པ་གཞིར་འགྱུར་བ། །གཞུང་ ལའང་གྲངས་ཀྱིས་ཀྱང་ཡིན་ནོ། །ཞེས་དང༌། ཆག་འགྱུར་ལས། གཞུང་ཉིད་ཀྱིའང་གྲངས་ཀྱིས་སོ། །ཞེས་འབྱུང་བས་ཚད་ལ་བརྗོད་བྱའི་དོན་གྱི་གྲངས་དང༌། རྗོད་བྱེད་གཞུང་གི་གྲངས་ཀྱི་ཚད་གཉིས་སུ་བྱས་ཏེ། དེ་གཉིས་རེ་རེ་ལ་ལེའུ་སོགས་བཞི་བཞིའོ། །དེ་ཡང་ འདུས་པ་ལྟ་བུ་ཞིག་ལ་མཚོན་ན་གཞུང་གི་གྲངས་ཚད་ནི་ལེའུ་བཅུ་བདུན། ཆོ་གའི་སྐད་དོད་ཀལྤ་ཞེས་པ་རྟོག་པ་ལ་ཡང་འགྲོ་བས་རྟོག་པ་བཅུ་བདུན། དུམ་བུ་བཅུ་བདུན། རིམ་པར་ཕྱེ་བ་བཅུ་བདུན་ཏེ། མདོར་ན་གཞུང་ལ་ལེའུ་དུ་ཡོད་པའི་ཚད་དོ། །དོན་གྱི་ཚད་ ནི་དོན་གྱི་ལེའུ་སོགས་ཡིན་ལ་དེ་ཡང་པ་རི་ཙྪེ་དཿ ཡོངས་སུ་གཅོད་པ་སྟེ། དོན་གྱི་ཁྱད་པར་འདིས་མི་མཐུན་ཕྱོགས་འདི་དང་འདི་གཅོད་ཅེས་པའོ། །རྟོག་པར་བྱེད་པས་ན་རྟོག་པ་སྟེ་ཞི་སོགས་ཀྱི་ལས་ཚོགས་ཐབས་འདིས་སྒྲུབ་པར་བྱེད་པའི་རྟོག་པའམ་ཆོ་ག་ཞིབ་ 5-5-51b མོའོ། །ཕུར་བུར་བྱེ་དཔས་ན་ཁཎྜ་སྟེ་དུམ་བུ་ཡིན་ལ། དེ་ཡང་རིམ་པ་ལྔ་དང་ཡན་ལག་དྲུག་ལ་སོགས་པ་ལམ་གྱི་རིམ་པ་ཚན་ཚན་དུ་བྱས་པའོ། །རིམ་པར་ཕྱེ་བ་ནི་བསྐྱེད་པ་དང་རྫོགས་པའི་རིམ་པར་བྱས་པ་ལྟ་བུའོ། །བོད་ཀྱི་མཁས་པ་སྔ་མ་རྣམས་དེ་བཞིན་རྒྱུད་ ཀྱི་ནུས་པ་ལ་ཚད་དུ་བྱས་པར་འཆད་ལ། ཤྲཱ་དྡྷཱ་ཀ་རས། ལེའུ་ནི་རྣམ་པ་བཅུ་བདུན་ཏེ། ཆོ་ག་ཉིད་ཤུར་མཁས་པས་བཤད། །དུམ་བུ་ཕྱི་མའི་རྒྱུད་དང་ནི། །བཤད་པའི་རྒྱུད་རྣམས་གྲགས་པ་ཡིན། །བསྐྱེད་དང་རྫོགས་པའི་སྒྲུབ་ཐབས་དང༌། །སྲིད་པ་སྐྱེ་འཆིའི་རིམ་པ་ཡི། ། དབྱེ་བ་བརྗོད་པ་རིམ་པ་ཡིན། །ཞེས་བཤད་ཅིང༌། །སྒྲོན་གསལ་གྱི་འགྲེལ་བཤད་རབ་ཏུ་སྒྲོན་གསལ་ལས། ཡོངས་སུ་བཅོད་པས་ལེའུ་སྟེ། རྟོག་པ་ཉིད་ཀྱིས་ཆོད་གར་འགྱུར། །སྤྲོས་པ་མང་བས་དུམ་བུ་སྟེ། །སྒྲུབ་པ་མེད་པས་རིམ་པར་པྱེ། །ཞེས་འཆད་དོ། །ལྔ་པ་ནི། མིང་ལ་སོགས་ པར་མ་ཟད་རྒྱུར་འདིའི་དགོས་པའང་ཅི་ཞིག་ཡིན་སྙམ་པ་ལ། དགོས་པ་ནི་མཆོག་སངས་རྒྱས། འབྲིང་གྲུབ་ཆེན་བརྒྱལ། ཐ་མ་ཞི་སོགས་ཀྱི་དངོས་གྲུབ་ཡིན་ཏེ། དགོས་པ་ཡང་ནི་བཤད་བྱ་སྟེ། །ཞི་སོགས་བྱ་བའི་ཆོ་ག་དང༌། །དེ་བཞིན་གྲུབ་པ་བརྒྱད་དང་ནི། །སངས་རྒྱས་ ཀྱང་ནི་མཆོག་ཡིན་ནོ། །ཞེས་སོ། །དེ་རྣམས་ནི་དགོས་པའི་དགོས་པར་བྱ་ཞིང༌། དགོས་པ་གསུམ་ཡང་ཚེ་འདི་ཉིད་ལ་འགྲུབ་པའི་དབང་དུ་བྱས་པའོ། །དེ་ལྟར་ན་མཐའ་དྲུག་དང་ཚུལ་བཞིའི་བཤད་པ་རྫོགས་པར་འཇུག་པའི་བཤད་གཞི་ནི་མིང་འདི་ཞེས་བྱ་བའི་ མཚན་ཅན། གདུལ་བྱའི་གཙོ་བོ་དབང་པོ་གཉིས་སྦྱོར་གྱི་ཆགས་པ་ལམ་དུ་བྱེད་ནུས་པའི་དོན་དུ་བཙུན་མོ་དང་མཉམ་པར་སྦྱོང་བའི་གཟུགས་ཅན་གྱི་རྡོ་རྗེ་སེམས་དཔའ་གསུངས་པ་ལ། དོན་དང་གཞུང་གི་ཚད་འདི་ལྟ་བུ་དང་ལྡན་ཞིང༌། ཚེ་འདི་ལ་དངོས་གྲུབ་ 5-5-52a གསུམ་སྟེར་བར་ནུས་པ་སྟེ་ཁྱད་པར་ལྔ་དང་ལྡན་པ་ཞིག་གོ་ཞེས་བཤད་གཞི་ངོས་འཛིན་པའོ། །གཉིས་པ་ནི། སྔར་བསྟན་པའི་རྒྱུད་ཀྱི་དོན་མཐར་དྲུག་ཏུ་བཤད་པ་ནི་འོག་ནས་འབྱུང་བ་འདི་ལྟ་སྟེ། དོན་དེ་ལ་སྒྲ་དེ་འཇུག་པ་འགལ་བའི་དགོངས་ པས་བཤད་པ་དང༌། དོན་དེ་ལ་སྒྲ་དྲང་ཐད་དུ་བསྟན་པའི་དགོངས་པ་མ་ཡིན་པས་བཤད་པ་གཉིས་ནི་དོན་གྱི་གཙོ་བོ་གཅིག་ཡིན་པས་སྒྲ་མཐའ་ལ་བརྟེན་པའོ། །དངོས་ཟིན་གྱི་དོན་ལས་གཞན་དུ་དྲུང་དུ་ཡོད་པས་དྲང་བའི་དོན་ལ། གང་དུ་དྲངས་པ་རྫོགས་པ་དེ་ལས་ གཞན་དུ་དྲུང་དུ་མེད་པས་ན་ངེས་པའི་དོན་གཉིས་ཀྱི་བཤད་པ་ནི་གཞུང་གཅིག་ལ་འཇུག་པས་དོན་མཐའ་ལ་བརྟེན་པའོ། །ཕལ་ཆེར་དོན་གཉིས་ལ་དྲང་དུ་མེད་ཅིང་དོན་གསལ་བར་བསྟན་པའི་སྒྲ་ཇི་བཞིན་པ་དང༌། འཇིག་རྟེན་པ་དང་སྒྲའི་བསྟན་བཅོས་ལ་སྒྲ་དེ་ དོན་དེ་ལ་འཇུག་པར་མ་གྲགས་ཤིང་། སངས་རྒྱས་ཀྱི་གློ་བུར་ཏུ་བརྡ་མཛད་པ་ཙམ་གྱིས་སྒྲ་ཇི་བཞིན་མ་ཡིན་པར་བཤད་པ་གཉིས་ནི་སྒྲ་དོན་གཉིས་ཀའི་མཐའ་ལ་བརྟེན་པའོ། །གསུམ་པ་ནི། སྔ་བསྟན་པའི་རིགས་པ་སྟེ་འཚང་རྒྱ་བའི་ཚུལ་རྣམ་པ་བཞི་ནི་གང་ དུ་སྐྱེ་བའི་རྒྱུད་དང༌། དང་པོའི་བཅའ་གཞི་གླེང་གཞི་དང་གདོན་མི་ཟ་བར་བསྟན་པའི་གནས་ངེས་པའི་ཚིག་དང༌། འབྲས་བུ་ལ་ནེ་བར་སྦྱོར་བའི་རྒྱུ་རྣམས་སོ། །འདི་ལ་ཆགས་བྲལ་དང༌། ཆགས་ཅན་གྱི་འཚང་རྒྱ་བའི་ཚུལ་བཞི་གཉིས་སྒྲོན་གསལ་ལས་གསུངས་ པའི་དང་པོ་ནི། མི་ཡི་སྐྱེ་བར་འཁྲུངས་པ་ནི། རྒྱུད་ཅེས་བྱ་བ་ཡིན་པར་བརྗོད། །བཙུན་མོའི་འཁོར་གྱི་ནང་ནས་ནི། །རབ་ཏུ་འབྱུང་བ་གླེང་གཞི་ཡིན། །འདུལ་ལས་སྡོམ་པ་བསྟན་པ་ནི། །ངེས་པའི་ཚིག་ཅེས་བཤད་པ་ཡིན། །འབྲས་བུ་འདོད་པས་ཆོས་སྤྱོད་པ། ། 5-5-52b དེ་ནི་རྒྱུ་ཞེས་བརྗོད་བྱ་སྟེ། །འདི་ནི་འདོད་ཆགས་བྲལ་ཆོས་ཀྱི། །རིག་པ་རྣམ་པ་བཟིར་འདོད་དོ། །ཞེས་མཚན་ཉིད་ཀྱི་ཐེག་པའི་ལུགས་ཀྱིས་འདོད་པ་ཁམས་སུ་འཚང་རྒྱ་བ་ལ། དང་པོར་འཛམ་བུ་གླིང་པའི་མིའི་རིགས་སུ་སྐྱེས་པའི་རྒྱུད་དང༌། དེ་ནས་བཙུན་མོའི་ འཁོར་གྱི་ནང་ནས་ངེས་པར་འབྱུང་བ་དང་པོའི་བཅའ་གཞི་གླེང་གཞི་དང༌། དེ་ནས་འདུལ་བ་ལས་གསུངས་པའི་སྡོམ་པ་སྲུང་བའི་ངེས་ཚིག་དང༌། དེ་ནས་བྱང་ཆུབ་འདོད་ནས་བཀའ་བའི་ཆོས་སྤྱོད་པའི་ཉེ་རྒྱུ་བཞིའི་སྒོ་ནས་འཚང་རྒྱ་བར་གསུངས་པའོ། ། གཉིས་པ་ནི། འདོ་ཆགས་ཆོས་ཀྱི་ཚུ་གྱིས་ནི། །དོན་གསལ་རྟོགས་ཕྱིར་བཤད་པར་བྱ། །རིགས་ལྔའི་སངས་རྒྱས་སྐྱེད་པ་ནི། །རྒྱུད་ཅེས་བྱ་བ་ཡིན་པར་བརྗོད། །སླར་ཡང་རིགས་གཅིག་གྱུར་པ་ནི། །གླེང་གཞི་ཡིན་པར་རབ་ཏུ་བསྟན། །རྡོ་རྗེ་ལ་སོགས་གཟུང་བ་ ཉིད། །ངེས་པའི་ཚིག་ནི་ཡིན་པར་བཤད། །སྒེག་པ་ལ་སོགས་སྤྱོད་པ་ནི། །རྒྱུ་ཞེས་བྱ་བ་ཡིན་པར་བཤད། །ཅེས་གསུངས་པའོ། །འཚང་རྒྱ་བའི་ཚུལ་བཞི་གཉིས་བཤད་པ་ལ་ཁ་ཅིག་ན་རེ། དང་པོ་ནི། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་དོན་དང༌། གཉིས་ པ་ནི་རྒྱུད་སྡེ་སྟོང་ཕྲག་སོ་བཞིའི་དོན་བསྡུ་བའི་ཕྱིར་ཡིན་ཞེས་འདོད་ལ། གཞན་དག་ནི་ཆགས་ཅན་གྱི་ལམ་གྱིས་འཚང་རྒྱ་ཚུལ་མ་ནོར་བར་ཤེས་པའི་གོ་ལས་ཤེས་པར་བྱ་བའི་ཕྱི་རམ། ཡང་ན་ལམ་སྲིད་ཚད་ཀྱི་དབང་དུ་བྱས་ནས་སྔ་མའི་ཚུལ་ བཞི་བཤད་ཅེས་ཟེར་མོད་ཀྱང་། འཐད་པར་མ་མཐོང་ངོ་། །འོ་ན་འདིའི་དོན་གང་ཡིན་སྙམ་ན། མཚན་ཉིད་ཀྱི་ཐེག་པ་ཆེན་པོ་ནས་དང་པོར་འོག་མིན་གྱི་རྟེན་ལ་འཚང་རྒྱ་བའི་ཚུལ་གཅིག་དང༌། དེར་སངས་རྒྱས་པ་སླར་ཡང་སྤྲུལ་པར་འདོད་པ་ཁམས་ 5-5-53a སུ་འཚང་རྒྱ་བའི་ཚུལ་གཉིས་གསུངས་ལ། ཐེག་པ་དམན་པའི་སྡེ་སྣོད་ནས་སྔ་མ་མ་བཤད་ཅིང༌། འདོད་པ་ཁམས་ཀྱི་མིའི་རྟེན་ལ་དང་པོར་འཚང་རྒྱ་བའི་ཚུལ་བཤད་དོ། །དེ་ལྟར་ན་མཚན་ཉིད་ཀྱི་ཐེག་པ་ཐུན་མོང་བའི་རྣམ་གཞག་ འདོད་པའི་རྟེན་ལ་འཚང་རྒྱ་ཚུལ། བསྐལ་པ་གྲངས་མེད་མང་པོར་སྔོན་དུ་ཚོགས་བསགས་པའི་སོ་སོ་སྐྱེ་བོ་སྲིད་པ་ཐ་མ་པ་ཞིག་འཚང་རྒྱ་བའི་ཚུལ་དེ། འདིར་རིན་པོ་ཆེ་ལྟ་བུའི་གང་ཟག་ལམ་ཐུན་མོང་རྒྱུད་སྦྱངས་པའི་སོ་སོ་སྐྱེ་བོ་འདོད་པའི་རྟེན་ཅན་པ་ གཅིག་གིས་ཚེ་དེ་ཉིད་ལ་འཚང་རྒྱ་བའི་དཔར་བླངས་ནས། ཆགས་ཅན་གྱིས་ལམ་བགྲོད་པའི་ཚུལ་གཅིག་སྟོན་བཞེད་ནས་འཚང་རྒྱ་ཚུལ་གཉིས་བཤད་པ་ཡིན་ཏེ། རྣམ་གཞག་རིམ་པར་སྤྲུལ་པའི་སྐུ་འདོད་ཆགས་ཀྱི་འཛམ་བུ་གླིང་པའི་མིའི་རྟེན་ ལ་འཚང་རྒྱ་བའི་རིམ་པ་དང་བསྟུན་ནས། མིའི་སྲིད་པ་སྐྱེ་བའི་རིམ་པ་ལྟར་བསྒོམ་པའི་བསྐྱེད་རིམ་བསྒོམ་པར་གསུངས་པ་བཞིན་ནོ། །དེས་ན་ཐག་པ་གཞན་གྱི་ལུགས་ཀྱི་འདོད་པར་འཚང་རྒྱ་བ་ལ། མིར་སྐྱེ་བ་བླངས་པ་ཅིག་དགོས་པ་དེ་བཞིན་དུ། འདིར་ཡང་ ཐ་མལ་པའི་ཕུང་སོགས་ཀྱི་སྣང་ཞེན་དོར་ཏེ། རིགས་ལྔ་དང་འབྲེལ་པའི་སངས་རྒྱས་སུ་བདག་ཉིད་བསྐྱེད་ནས་སྐྱེ་བ་བླངས་པ་འདྲ་བའི་རྒྱུད་ཅིག་དགོས་སོ། །དེས་ནི་བསྐྱེད་པའི་རིམ་པ་ཐམས་ཅད་སྟོན་ནོ། །ཐེག་པ་གཞན་ལ་མིར་སྐྱེས་པ་དེ་ཁྱིམ་ནས་ཁྱིམ་ མེད་པར་རབ་ཏུ་བྱུང་བ་མཛད་དགོས་པ་དེ་བཞིན་དུ། འདིར་ཡང་སླར་ཡང་རིགས་གཅིག་ཏུ་གྱུར་པའི་གླེང་གཞི་གཅིག་དགོས་སོ། །རིགས་གཅིག་ཏུ་གྱུར་པ་ལ་གཉིས་ལས་དང་པོ་ནི། རིགས་ལྔ་དང་འབྲེལ་བའི་ལྷའི་སྐུ་རྣམས་མཐར་གཏུགས་ 5-5-53b ན་གསང་ཆེན་རྡོ་རྗེ་འཆང་གི་རིགས་གཅིག་ཏུ་འགྱུར་ལ། དེ་ལ་ནི་ལུས་དབེན་གྱི་གསང་ཆེན་རིགས་གཅིག་པ་དང༌། སྒྱུ་ལུས་ཀྱི་གསང་ཆེན་རིགས་གཅིག་པ་དང༌། ཟུང་འཇུག་གི་གསང་ཆེན་རིགས་གཅིག་པ་དང་གསུམ་ཡོད་དོ། །གཉིས་པ་ནི། འཁོར་འདས་ ཀྱི་ཆོས་སྣ་ཚོགས་པ་ཐམས་ཅད་དེ་ཁོ་ན་ཉིད་དུ་རོ་གཅིག་པའི་འོད་གསལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །དེ་གཉིས་ནི་སྣང་ཕྱོགས་དང་སྟོང་ཕྱོགས་ཀྱི་རྫོགས་རིམ་གཉིས་ཡིན་ནོ། །དེ་གཉིས་ནི་ལྷའི་འཁོར་ལོ་སོགས་ཆེས་མི་འདྲ་བར་སྤྲོས་པ་དུ་མའི་ གཞི་དང་རྩ་བ་ཡིན་པས་གླེང་གཞིའོ། །ཐེག་པ་གཞན་གྱི་ལྟར་ན་རབ་ཏུ་བྱུང་བ་དེས་འདུལ་བའི་ཀུན་སྤྱོད་ལ་ངེས་པར་གནས་དགོས་པ་དེ་བཞིན་དུ། འདིར་ཡང་རྡོ་རྗེའི་དབང་དང་དམ་ཚིག་ལ་སོགས་པ་དབང་བསྐུར་བ་དང༌། དམ་ཚིག་ཚང་བར་བཟུང་བ་ དགོས་ལ། དེ་ནི་གདོན་མི་ཟ་བར་བརྟེན་དགོས་པས་ངེས་པ་ཞེས་གསུངས་ལ། དེ་ལྟར་བྱ་དགོས་པའི་གནས་ཡིན་པས་ཚིག་ཅེས་གསུངས་ཏེ། དེའི་སྐད་དོད་པཱ་ད་ནི་གནས་ལའང་འཇུག་པའི་ཕྱིར་རོ། །ཐེག་པ་གཞན་གྱི་ལྟར་ན་འབྲས་བུ་འདོད་ནས་དཀའ་ སྤྱད་སྤྱད་དགོས་པ་བཞིན་དུ། འདིར་ཡང་སྒེག་པ་ལ་སོགས་པའི་ཉམས་དགུ་དང་ལྡན་པའི་སྤྱོད་པ་གསུམ་གང་རུང་སྤྱད་དགོས་པ་ཡིན་ནོ། །དེ་ལྟར་དཔེ་དོན་དུ་སྦྱར་བས་ནི་ཐེག་པ་འདིར་དང་པོའི་གདུལ་བྱའི་གཙོ་བོ་དབང་པོ་གཉིས་སྦྱོར་གྱི་འདོད་ཆགས་ཅན་ ཡིན་པས་འདོད་པའི་རྟེན་ཁྱད་པར་བ་ལ་འཚང་རྒྱ་དགོས་པ་དང༌། དེ་ལ་གནས་ལུས་ལོངས་སྤྱོད་ཐ་མལ་པའི་སྣང་ཞེན་རྣམས་ལོག་ནས། གཞལ་ཡས་ཁང་དང་ལྷ་ལ་སོགས་པའི་མཚག་གི་སྣང་ཞེན་ཁྱད་པར་ཅན་སྐྱེ་བ་བླངས་པ་དང་འདྲ་བའི་ 5-5-54a བསྐྱེད་རིམ་ཞིག་ངེས་པར་གཞི་རྟེན་དུ་དགོས་པ་དང༌། རབ་ཏུ་མ་བྱུང་བའི་ཚེ་རྟགས་ཆ་ལུགས་སྣ་ཚོགས་སུ་ཡོད་ཀྱང༌། རབ་ཏུ་བྱུང་བ་ན་རབ་བྱུང་གི་རྟགས་ཅན་དུ་ཁྱད་པར་མེད་པ་བཞིན་དུ། ཆོས་མི་འདྲ་བ་སྣ་ཚོགས་པ་རྣམས་དེ་ཁོ་ ན་ཉིད་དང་རོ་གཅིག་ཏུ་སྦྱོར་བའི་ཟབ་མོའི་རྫོགས་རིམ་དང༌། ལྷ་མི་འདྲ་བ་དུ་མ་རྣམས་རྡོ་རྗེ་འཆང་དུ་བསྡུས་པའི་རྒྱ་ཆེ་བའི་རྫོགས་རིམ་གཉིས་དགོས་པ་དང༌། དེ་གཉིས་ཀྱི་སྣོད་རུང་དུ་འགྱུར་བ་ལ་དབང་རྣམ་པར་དག་པ་རྫོགས་པར་ཐོབ་པ་དང༌། རྩ་བ་ དང་ཡན་ལག་གི་དམ་ཚིག་རྣམས་ངེས་པར་བསྟེན་དགོས་པ་དང༌། ལམ་གཉིས་ལ་བོགས་འབྱིན་པའི་ཐབས་ཁྱད་པར་བ་ནི་ཉེ་བའི་རྒྱུ་སྤྱོད་པ་ཡིན་ཞེས་ངེས་པ་ཆེན་པོ་སྟེར་བས་ན། ལམ་གཉིས་དཔེ་དོན་དུ་སྦྱར་བ་ནི་དོན་ཆེན་པོ་ཅན་ནོ། །བཤད་ གཞིའི་རྒྱུད་བཤད་ཚུལ་གཉིས་ཀྱི་སྒོ་ནས་བཤད་པའི་རྒྱུད་དོན་ལམ་གྱི་རིམ་པར་བསྒྲིགས་ནས། ཆགས་ཅན་འཚང་རྒྱ་བའི་ལམ་གྱི་ཚུལ་བཞིར་འདུ་བ་འདི། མཐའ་དྲུག་དང་ཚུལ་བཞིའི་འོག་ཏུ་འོང་རྒྱུ་ཡིན་པས། དོན་དབང་བཙན་པར་བྱས་ལ་དེ་ བཞིན་དུ་ཤེས་པར་བྱའོ། །བཞི་པ་ནི། ཚུལ་བཞིའི་བཤད་པའི་རྒྱུན་རྣམ་པ་བཞི་ནི། ཡི་གེའི་དོན་ནས་མཐར་ཐུག་པའི་བར་རྣམས་ཏེ་བཤད་ཟིན་ཏོ། །ལྔ་པ་ནི། སློབ་མ་ལ་བཤད་པའི་དབྱེ་བ་རྣམ་པ་གཉིས་ནི། འདི་ལྟ་སྟེ། ཚོགས་པ་ལ་བཤད་ པ་དང༌། སློབ་མ་ལ་བཤད་པའོ། །ཚོགས་པ་དང་སློབ་མ་གཉིས་ལ་བཤད་པ་ནི། །སྒྲོན་གསལ་ལས། ཇི་བཞིན་སྒྲ་དང་དགོངས་མིན་དང༌། །དྲང་པའི་དོན་དུའང་གང་འགྱུར་དང༌། །ཡི་གེའི་དོན་དང་སྤྱི་ཡི་དོན། །ཚོགས་པ་ལ་བཤད་ཡིན་པར་ 5-5-54b བརྗོད། །ཇི་བཞིན་མིན་སྒྲ་ངེས་དོན་དང༌། །དེ་བཞིན་དགོངས་ཏེ་བཤད་པ་དང༌། །སྦས་དང་མཐར་ཏུག་པ་རྣམས་ནི། །སློབ་མ་ལ་ནི་བཤད་པར་འདོད། །ཅེས་གསུངས་ཤིང༌། སློབ་མ་ལ་བཤད་པའི་གང་ཟག་ནི་རིན་པོ་ཆེ་ལྟ་བུ་དང༌། །ལྷག་མ་བཞི་ཚོགས་བཤད་ ཀྱི་གང་ཟག་ཏུ་གསུངས་སོ། །གལ་ཏེ་མཐའ་དྲུག་དང་ཚུལ་བཟིའི་ལྔ་ཚན་རེ་རེ་ཚོགས་དང་སློབ་མ་ལ་སོ་སོར་བཤད་ན། །རིན་པོ་ཆེ་ལྟ་བུ་ལ་བསྐྱེད་རིམ་མི་འཆད་པར་འགྱུར་ལ། དེ་ལྟ་ན་དེའི་ལམ་ལ་རིམ་པ་གཉིས་མེད་པར་འགྱུར་རོ། །ཚོགས་བཤད་ཀྱི་གང་ ཟག་ལ་དགོངས་བཤད་སོགས་ལྔ་མི་འཆད་ན་དེ་དག་ལ་རྒྱུད་འཆད་པའི་ཚེ་གཞུང་མང་པོ་ཞིག་བཞག་དགོས་པས། རྒྱུད་གཞུང་མ་ལུས་པ་བཤད་དུ་མི་རུང་བར་འགྱུར་རོ། །དེ་ལྟར་འདོད་དུ་ནི་མི་རུང་སྟེ། སྒྲོན་གསལ་ལས། གསང་བ་འདུས་པ་འདི་ལ་དེ་ཁོ་ན་ ཉིད་རྟོགས་པ་རྣམས་ཀྱིས་མཐོང་བའི་ཆོས་ཉིད་ལ་ཚེ་འདི་ཉིད་དུ་སངས་རྒྱས་ཉིད་ཐོབ་པར་ཐོས་ཤིང༌། རྒྱུད་ཀྱི་གཞུང་མ་ལུས་པ་ཐོས་ཀྱང༌། མཐའ་དྲུག་གི་ཚིག་གི་དབྱེ་བས་རྒྱུད་ཀྱི་དོན་ལ་རྨོངས་པ་དང་མ་བྲལ་བ་ཙན་དན་ལྟ་བུའི་གང་ཟག་ལ་སོགས་པའི་ ཉན་པ་པོ་རྣམས། སེམས་ཇི་ལྟ་བ་བཞིན་དུ་རངས་པ་མ་ཐོབ་པར་གྱུར་པ་དེ་བསྟན་པར་བྱ་བའི་ཕྱིར། དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་གིས་གསུང་རྡོ་རྗེའི་ཚིག་ཐོས་ནས་རབ་ཏུ་ངུས་སོ་ཞེས་བྱ་བ་གསུངས་སོ། །ཞེས་གསུངས་ལ། དེ་ལྟར་སྔོན་བྱུང་ལ་ འཁོར་གྱི་བྱང་སེམས་རྣམས་ངུས་པ་ནི་རྗེས་འཇུག་གི་གདུལ་བྱ་ཙན་དན་ལྟ་བུ་ལ་སོགས་པ་ལ་བྱ་དགོས་པའི་ཕྱིར་དང༌། དེའི་རྗེས་སུ་སྔོན་བྱུང་ལ་དེ་བཞིན་གཤེགས་པ་རྣམས་ཀྱིས་ཁྱེད་རྣམས་མ་དུ་ཞིག་ཅེས་པ་ནི་རིན་པོ་ཆེ་ལྟ་བུའི་གང་ཟག་རིམ་པ་ 5-5-55a གཉིས་ཀྱི་ཕྱོགས་གཉིས་ཀ་ལ་འཇིགས་པ་མེད་པས། དབང་པོ་དམན་པ་རྣམས་དབུགས་འབྱིན་ཞིང༌། དེ་རྣམས་ཀྱི་ཤེས་རབ་ཀྱི་རབ་རིབ་ཀྱི་སོམ་ཉི་བསལ་ནས། དེ་ཁོ་ན་ཉིད་རྟོགས་པར་བྱེད་པར་སྒྲོན་གསལ་ལས་གསུངས་པའི་ཕྱིར་རོ། ། དེས་ན་སྒྲོན་གསལ་གྱི་བཤད་པ་གཉིས་འགལ་བར་འགྱུར་རོ་སྙམ་ན། ཇི་སྐད་དུ་བཤད་པའི་སྐྱོན་ཡོད་པའི་ཕྱིར་བཤད་པ་གཉིས་ཀྱི་གང་ཟག་རེ་རེ་ལ་རྒྱུད་རྫོགས་པར་མི་འཆད་པ་མིན་ནོ། །འོན་ཀྱང་ཙན་དན་ལ་སོགས་པ་རྣམས་ལ་དབང་པོ་མ་སྦྱངས་པའི་དུས་ སུ་རྫོགས་རིམ་རྫོགས་པར་མི་སྟོན་པས། །སྒྲོན་གསལ་གྱི་སྐབས་གཞན་དུ་ཡང་སེམས་དབེན་ལ་སོགས་པ་རྣམས་དེ་རྣམས་ལ་གསང་བར་བྱ་བར་གསུངས་ལ། དབང་པོ་སྦྱངས་ནས་འོས་སུ་གྱུར་པ་ན་དེ་དག་ཀྱང་སྟོན་པས་མི་འགལ་ལོ། །དེ་ལྟ་ནའང་བཤད་པའི་ དབྱེ་བ་གཉིས་སོ་སོར་མཛད་པ་ནི། སྒྲ་ཇི་བཞིན་པ་ལ་སོགས་པ་ལྔས་ཕལ་ཆེར་བསྐྱེད་རིམ་དང༌། གཞན་ལྔས་ཕལ་ཆེར་རྫོགས་རིམ་སྟོན་པ་ཡིན་ཏེ། སྒྲོན་གསལ་ལས། བདེ་གཤེགས་རྣམས་ཀྱིས་གདུལ་བྱ་ལ། རིམ་པ་གཉིས་ལ་བརྟེན་ནས་ནི། །བཤད་ པའི་དབྱེ་བ་གསུངས་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་ཙན་དན་ལྟ་བུ་ལ་སོགས་པ་བཞི་ལ་ནི་ཚེ་དེ་ལ་རིམ་པ་དང་པོ་སྐྱེ་སླ་ཞིང༌། རིམ་པ་གཉིས་པ་སྐྱེ་དཀའ། རིམ་པ་དང་པོ་རྫོགས་པར་སྐྱེ་སྲིད་ཀྱང་རིམ་པ་གཉིས་པ་རྫོགས་པར་མི་སྐྱེ་ལ། རིན་པོ་ཆེ་ལྟ་བུ་ ལ་ནི་རྫོགས་རིམ་ཡང་སྐྱེ་བར་སླ་ན་རིམ་པ་དང་པོ་ལྟ་ཅི་སྨོས། རིམ་པ་གཉིས་པ་རྫོགས་པར་སྐྱེ་བ་ཡིན་ན་དང་པོ་ལྟ་ཅི་སྨོས། དེའི་ཕྱིར་སྒྲ་ཇི་བཞིན་པ་ལ་སོགས་པ་ལྔའི་བཤད་པ་ནི་ཙན་དན་ལྟ་བུ་ལ་སོགས་པའི་བཤད་པར་གསུངས་ལ། ལྷག་མ་ལྔའི་བཤད་ 5-5-55b པ་ནི་སློབ་མ་ལ་བཤད་པར་གསུངས་ཀྱི། ཚན་པ་དེ་གཉིས་གཅིག་གང་ལ་བཤད་པ་ལ་གཞན་དེ་མི་འཆད་པ་མིན་ནོ། །འོ་ན་གང་ཟག་དེ་ལྔ་ཀ་སློབ་མ་ཡིན་བཞིན་དུ། རིན་པོ་ཆེ་ལྟ་བུ་གཅིག་པུ་ལ་སློབ་མ་དང༌། གཞན་ལྔ་ལ་སློབ་མར་མི་བྱེད་པ་དང༌། གཞན་བཞི་ལ་ཚོགས་ པ་ཞེས་ཟེར་ལ། རིན་པོ་ཆེ་ལྟ་བུ་ལ་དེ་སྐད་མི་ཟེར་བའི་རྒྱུ་མཚན་གང་ཡིན་སྙམ་ན། རིན་པོ་ཆེ་ལྟ་བུ་ཉིད་ལ་སློབ་མ་ཞེས་ཟེར་བ་ནི་སློབ་མའི་གཙོ་བོར་གྱུར་པས་ཡིན་ཏེ། དཔེར་ན་རྒྱལ་པོ་འཁོར་བཅས་འགྲོ་བ་ལ་རྒྱལ་པོ་འགྲོའོ་ཞེས་གཙོ་བོའི་སྒོ་ནས་བརྗོད་པ་བཞིན་ནོ། ། ཚོགས་པའི་དོན་ནི་ཐུན་མོང་གི་དོན་ཡིན་ལ། དེ་ཡང་སློབ་མ་གཙོ་ཕལ་གཉིས་ཀ་ཚོགས་པ་ཡིན་པས་སྐྱོན་མེད་དོ། །དེ་ལྟ་ནའང་ཚོགས་བཤད་ཀྱི་གང་ཟག་ལ་གཞན་བཞིར་མཛད་པ་ནི། དཔེར་ན་སྣོན་འཇུག་གི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཐེ་པ་ཆེན་པོ་གཉིས་ཀའི་ ཐུན་མོང་བ་ཡིན་ཀྱང༌། སྨོན་སེམས་ཀྱི་སེམས་བསྐྱེད་པ་དང༌། འཇུག་སེམས་ཀྱི་བསླབ་བྱ་ཕྱིན་དྲུག་ལ་ཕར་ཕྱིན་གྱི་ལམ་ཞེས་ཐ་སྙད་བྱེད་པ་བཞིན་དུ། བསྐྱེད་རིམ་གང་ཟག་ལྔ་ཀའི་ཐུན་མོང་བ་ཡིན་ཀྱང་། གང་ཟག་བཞིའི་རྒྱུད་ལ་སྐྱེ་བའི་ལམ་གྱི་དབང་དུ་བྱས་ན་ བསྐྱེད་རིམ་གཙོ་བོ་ཡིན་ཞིང་། རྫོགས་རིམ་མིན་པས། རིམ་པ་དང་པོའི་ལམ་དང་། དེའི་བཤད་པ་ལ་གང་ཟག་དེ་བཞིའི་ལམ་དང་། དེའི་བཤད་པ་ཞེས་ཐ་སྙད་མཛད་དོ། །དེ་རྣམས་ལེགས་པར་ཤེས་ན་ཕར་ཕྱིན་གྱི་ལམ་དུ་བཤད་པ་ཙམ་ལ་འཁྲུལ་ནས། སེམས་ བསྐྱེད་པ་གཉིས་རྒྱུད་ལ་སྐྱེད་པ་ལ་ནན་ཏན་དུ་བྱེད་པ་ཐེག་པ་འདི་ལ་མི་དགོས་སོ་སྙམ་པ་དང༌། བསྐྱེད་རིམ་ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་ཐབས་སུ་གསུངས་པ་ལ་འཁྲུལ་ནས། མཆོག་སྒྲུབ་པ་ལ་བསྐྱེད་རིམ་ལ་མྱོང་བ་ལེགས་པར་བསྐྱེད་པ་མི་དགོས་སྙམ་ 5-5-56a པའི་ལོག་རྟོག་རྣམས་ལྡོག་པར་འགྱུར་རོ། །དྲུག་པ་ནི། གང་ཟག་རྣམ་པ་ལྔའི་སློབ་མ་བརྟག་པ་ཞེས་སྔར་གསུངས་པ་ནི། འདི་ལྟ་སྟེ། རིན་པོ་ཆེ་ལྟ་བུ་ལ་སོགས་པ་ལྔའོ། །དེ་ལ་རིན་པོ་ཆེ་ལྟ་བུའི་གང་ཟག་ནི། རྙེད་པར་དཀའ་ཞིང་འདོད་པའི་ འབྲས་བུ་འབྱིན་པས་རིན་པོ་ཆེ་དང་འདྲ་བ་ཡིན་ཏེ། དེ་ནི་ཁས་བླངས་པའི་ཚུལ་ཁྲིམས་ཡོངས་སུ་དག་པ་དང༌། ཐོས་པའི་ཕ་རོལ་ཏུ་སོན་པས་མཁས་པ་དང༌། དགེ་བ་ལ་མཁས་ཤིང་སྤྲོ་བའི་སྒྲིན་པ་དང༌། མགོ་སྨོས་པས་གོ་བའི་ཤེས་རབ་དང་ལྡན་པ་དང༌། བླ་ན་མེད་ པའི་ཐེག་པར་རིགས་ངེས་ཤིང་སད་པས་རྒྱུད་གཅིག་པ་སྟེ་མི་འགྱུར་བ་དང་། རང་གི་ཆོས་ཐོས་ནས་ཏེ་ཐོས་པའི་དོན་གཞན་ལ་ཡང་དག་པར་སྟོན་ནུས་པ་སྟེ། སྒྲོན་གསལ་ལས། ཚུལ་ཁྲིམས་དག་ཅིང་མཁས་ལ་སྒྲིན། །ཤེས་རབ་ལྡན་ཞིང་རྒྱུད་གཅིག་པ། །ཐོས་ནས་ ལེགས་པར་སྟོན་པ་ནི། །རིན་ཆེན་ཞེས་བྱའི་གང་ཟག་གོ། །ཞེས་དང་། རིན་པོ་ཆེ་ལྟ་བུའི་གང་ཟག་དགེ་བའི་རྩ་བ་ཡོངས་སུ་སྨིན་པ། ཐོས་པའི་ཕ་རོལ་ཏུ་སོན་པ། སངས་རྒྱས་ཉིད་མངོན་པར་འདོད་ཅིང་རིགས་ངེས་པའོ། །ཞེས་ཀྱང་གསུངས་སོ། །ཙན་དན་ལྟ་བུ་ནི། ཐོས་པ་ ཆུང་བ། ཐོས་པ་ལ་བསྐུལ་ན་ངས་ཤེས་སོ་ཞེས་ང་རྒྱལ་ཆེ་བ། ལུང་རིགས་ཀྱི་དོན་ལེགས་པར་མ་ངེས་པའི་རྩ་བ་མེད་པ། རྩོད་པ་ན་མང་དུ་སྨྲ་བ། སྐྱོན་དེ་རྣམས་བསལ་ནས་ཡོད་ཏན་དང་ལྡན་པར་རྗེས་སུ་གཟུང་དཀའ་བ་སྟེ། ཙན་དན་འབྲས་བུ་མེད་པ། དྲི་ཆུང་བ། ཚེར་མ་མང་བ། སྦྲུལ་གདུག་པས་དཀྲིས་པས་དྲུང་དུ་ཉེར་མི་རུང་བ་དང་འདྲ་བ་ཡིན་ཏེ། ཐོས་པ་ཉུང་ཞིང་ང་རྒྱལ་ལྡན། །རྩ་བ་མེད་པར་མང་དུ་སྨྲ། །རྗེས་སུ་གཟུང་བར་མི་ནུས་པ། །ཙན་དན་ཞེས་བྱའི་གང་ཟག་གོ། །ཞེས་སོ། །པདྨ་ལྟ་བུ་ནི། དཀར་ཆོས་ཀྱི་རྩ་བ་ 5-5-56b དད་པ་དང་ལྡན་པ། སྙིང་རྗེ་ཆེ་བ། ཤེས་རབ་དང་ལྡན་པ། ཆོས་ཐོས་པ་བློ་ཡི་ཁ་འབྱེ་བ་སྟེ་ཤེས་རབ་འཕེལ་བ། ཚིགས་མེད་པའི་འོད་མའི་ཕྱོགས་གཅིག་ནས་ཆུ་བླུགས་པ་འཛག་པ་ཞིག་དུ། ཐོས་པའི་དོན་ཤེས་པ་རིང་དུ་མི་གནས་པ་སྟེ། དེ་ནི་ པདྨ་དྲི་ཞིམ་པ། དགའ་བ་བསྐྱེད་པའི་ཡོན་ཏན་དང་ལྡན་པའི་པདྨ་ཁ་ཕྱེ་བ། པདྨའི་ལྟེ་བར་ཆགས་པའི་ཟིལ་པ་རྣམས་ཉི་མ་ཤར་བ་དང་མེད་པར་འགྱུར་བ་དང་འདྲ་བ་ཡིན་ཏེ། དད་དང་ལྡན་ཞིང་སྙིང་རྗེ་ཤེས། །ཐོས་ན་བློ་ཡི་ཁ་འབྱེད་ལ། །ཚིགས་མེད་འོད་མ་ བཞིན་འཛག་པ། །པདྨ་ཞེས་བྱའི་གང་ཟག་གོ། ཞེས་སོ། །པདྨར་དཀར་པོ་ལྟ་བུ་ནི། །གཟུང་བྱའི་ཆོས་ཀྱི་ཚིག་དོན་གྲོགས་ལས་ལྷག་པར་མང་དུ་ཐོས་ནས་འཛིན་ནུས་ཀྱང་། གཞན་ལ་སྟོན་པའི་ནུས་པ་མེད་པ་སྟེ། དེ་ནི་བུམ་པའི་ནང་དུ་རས་བལ་ས་བོན་གྱིས་བཀང་བ་ འཕེལ་ནས་སླར་མི་ཐོན་པའམ། པད་དཀར་རང་གི་དྲི་ལྟེ་བའི་སྦུགས་སུ་འཁོར་ནས་གཞན་དུ་འཕྲོ་བ་མེད་པ་དང་འདྲ་སྟེ། གཟུང་བྱ་མང་དུའང་ཐོས་གྱུར་ཀྱང༌། །སྟོན་པ་ཡི་ནི་ནུས་མེད་པ། །བུམ་པའི་རས་བལ་ས་བོན་འདྲ། །པད་དཀར་ཞེས་བྱའི་གང་ཟག་གོ། །ཞེས་སོ། ། ཨུཏྤལ་ལྟ་བུ་ནི། གཞལ་བྱའི་དངོས་པོ་མ་ལུས་པ་བླ་མ་ལས་ཐོས་ཤིང་། ཐོས་ནས་ཀྱང་ཚིག་དོན་འཛིན་པ་ལ་རྣམ་པར་མཁས་ལ། བཟུང་བ་རྣམས་སྐད་ཅིག་གིས་ཏེ་རིང་པོར་མི་ཐོགས་པར་བརྗེད་པར་འགྱུར་བ་སྟེ། དེ་ནི་ཨུད་པ་ལ་ཆུ་ན་གནས་པའི་ཚེ་དྲི་ཞིམ་པོ་མང་ པོ་འཛིན་ཞིང་རྙིད་པ་མེད་ལ། ཆུ་ནས་བཏོན་མ་ཐག་རྙིང་ཞིང་དྲི་ཡལ་བ་དང་འདྲ་སྟེ། དེ་ནི་མ་ལུས་ཐོས་གྱུར་ལ། འཛིན་པ་ལ་ནི་རྣམ་པར་མཁས། །སྐད་ཅིག་གིས་ནི་བརྗེད་འགྱུར་བ། །ཨུཏྤལ་ཞེས་བྱའི་གང་ཟག་གོ། །ཞེས་སོ། །གཉིས་པ་ནི་དབང་པོ་ཐ་མ། 5-5-57a ལྔ་པ་ནི་འབྲིང་། གསུམ་པ་དང་བཞི་པ་ནི་དབང་པོ་རབ་སྟེ། དེ་བཞི་དད་པའི་རྗེས་སུ་འབྲང་བ། །དང་པོ་ནི་དབང་པོ་ཡང་རབ་ཆོས་ཀྱི་རྗེས་སུ་འབྲང་བར་ལཀྵྨིས་བཤད་དོ། །ཕྱི་མ་བཞི་ཀ་དགེ་རྩ་མ་སྨིན་པ་དམན་པ་ལ་མོས་པར་སྒྲོན་གསལ་ལས་ བཤད་དོ། །དེ་ལ་ཨུད་པ་ལ་དང་པདྨ་དཀར་པོ་ལྟ་བུ་ནི་ཉན་པ་པོར་རུང་སྟེ། ཐོས་པའི་དོན་བརྗེད་ཀྱང༌། སེམས་ལ་བག་ཆགས་བཞག་པས་ཕྱིས་འབྲས་བུ་འབྱུང་བའི་ཕྱིར་རོ། །འཆད་པ་པོ་དང་སྒྲུབ་པོར་མི་རུང་སྟེ། ཐོས་པའི་དོན་བརྗོད་པས་ད་ལྟ་ཉིད་དུ་བསྟན་ པ་དང་བསྒོམ་རྒྱུ་མེད་པའི་ཕྱིར་རོ། །པདྨ་དང་ཙན་དན་ལྟ་བུ་ནི་ཉན་པ་པོ་དང་སྒྲུབ་པ་པོར་རུང་ལ་འཆད་པ་པོར་མི་རུང་སྟེ། ཚིག་གི་ཡོན་ཏན་མེད་པ་དང་གཞན་གྱིས་བཟུང་བར་མི་ནུས་པའི་ཕྱིར་རོ། །རིན་པོ་ཆེ་ལྟ་བུ་ནི་འཆད་པ་པོར་རུང་ལ། དེ་ཉིད་ཀྱིས་ན་ཉན་པ་པོ་ དང་སྒྲུབ་པ་པོར་ཡང་རུང་ངོ་ཞེས་སྔོན་གྱི་འདུས་པ་པ་རྣམས་གསུངས་ཏེ། རྗེས་སུ་བཟུང་བར་མི་ནུས་པ་ནི་དེ་ལས་ཕ་རོལ་པོས་ཆོས་བཟུང་བར་མི་ནུས་པ་ལ་བྱས་པའི་ལུགས་སོ། །ཨུཏྤལ་དང་པདྨ་དཀར་པོ་ལྟ་བུས་ཉན་པས་ཚེ་བླ་མ་ལས་གང་ཐོས་ པའི་ཆོས་རྣམས་ཀྱི་ཚིག་དོན་མི་བརྗེད་པར་འཛིན་མི་ནུས་པར་བཤད་ལ། ཆོས་ཀྱི་གྲྭར་གང་ཐོས་ཀུན་མི་བརྗེད་པར་འཛིན་མི་ནུས་ཀྱང་། སྒྲུབ་པ་པོ་དང་འཆད་པ་པོར་རུང་བ་མི་འགལ་ལོ། །བདུན་པ་ལ་གསུམ། དངོས་ཀྱི་དོན། བདེན་པ་གཉིས་ཀྱི་ངོས་འཛིན། དོན་དམ་ལ་བརྩམས་པའི་དྲིས་ལན་ནོ། །དང་པོ་ནི། བདེན་པ་གཉིས་སུ་སྦྱར་ཏེ་གསུངས་པའི་དགོངས་པ་ངེས་པའི་རྒྱན་ནི། འདི་ལྟ་སྟེ། ཀུན་རྫོབ་ཀྱི་བདེན་པ་སྒྱུ་མའི་སྐུ་དང་། དོན་དམ་པའི་བདེན་པ་འོད་གསལ་བ་གཉིས་སོ་སོ་བ་དང་ཟུང་དུ་ 5-5-57b འཇུག་པ་ཇི་ལྟ་བ་བཞིན་ངེས་པའོ། །སྒྲོན་གསལ་ལས། རྒྱན་ནི་དྲུག་པོ་དེ་རྣམས་ཀྱིས། །བདེན་གཉིས་རྣམ་པར་ངེས་བྱས་པ། །དེ་ནི་རྒྱན་གྱུར་བདུན་པ་སྟེ། །རྫོགས་པའི་རིམ་པ་སྒྲུབ་པའོ། །ཞེས་གསུངས་པས་འདིར་བདེན་གཉིས་ངེས་པ་རྒྱན་བདུན་པར་བྱ་དགོས་ལ། དེ་ཡང་རྒྱན་སྔ་མ་དྲུག་ཀས་བདེན་པ་གཉིས་ངེས་པར་བྱ་བར་གསུངས་སོ། །དེའི་དོན་ནི། བཤད་གཞིའི་རྒྱུད་འདི་དགོངས་པ་འགྲེལ་པའི་སྒོ་གཉིས་ཀྱིས་བཀྲལ་བའི་ལམ་གྱི་རིམ་པ་བཞི། བཤད་པའི་དབྱེ་བ་རྣམ་པ་གཉིས་ཀྱི་གང་ཟག་ལྔ་ལ་བཤད་པས། རྒྱུད་དོན་ ལ་གོ་བའི་གཙོ་བོ་ཇི་འདྲ་ཞིག་སྐྱེད་ན། བདེན་གཉིས་ཀྱི་དོན་ཕྱིན་ཅི་མ་ལོག་པར་ངེས་པ་ཞིག་སྐྱེད་པ་ཡིན་ནོ། །དེས་ན་འདུས་པའི་རྩ་རྒྱུད་རྒྱན་བདུན་གྱི་སྒོ་ནས་བཤད་པ་ཐམས་ཅད་ནི་གདུལ་བྱ་ལ་ཟུང་འཇུག་གི་གོ་བ་སྐྱེད་པའི་ཆེ་ཡིན་པས། དེའི་གནད་ཟིན་པ་ ཤིན་ཏུ་གལ་ཆེའོ། །དེ་ཡང་སྔར་བཤད་པ་ལྟར་གཉུག་མའི་ལུས་རླུང་འོད་ཟེར་ལྔ་ལས་འཇའ་ལུས་རྡོ་རྗེ་སེམས་དཔའི་སྐུ་གྲུབ་པའི་ཀུན་རྫོབ་པ་དང༌། ལྷན་ཅིག་སྐྱེས་པའི་བདེ་བས་དེ་ཁོ་ན་ཉིད་ཀྱི་དོན་མངོན་སུམ་དུ་རྟོགས་པའི་འོད་གསལ་དོན་དམ་པ་གཉིས་ དུས་གཅིག་ཏུ་མངོན་དུ་བྱས་པའི་གོ་འཕང་ངོ་། །དེ་འདྲ་བའི་བདེན་གཉིས་ཟུང་འཇུག་ངེས་པ་ལ་སྔོན་དུ། བདེན་གཉིས་རེ་རེ་བ་ཀུན་རྫོབ་སྒྱུ་མའི་ལུས་དང༌། དོན་དམ་འོད་གསལ་གཉིས་ཕྱིན་ཅི་མ་ལོག་པར་ངེས་དགོས་པས། སེམས་དབེན་གྱི་མཐར་རླུང་སེམས་ ཙམ་ལས་མ་དག་པའི་སྒྱུ་མའི་སྐུར་ལངས་པའི་བདག་བྱིན་བརླབས་དང༌། རྟེན་དེ་ལ་གནས་ནས་བསམ་གཏན་གཉིས་ཀྱི་སྣང་བ་གསུམ་དག་པའི་འོད་གསལ་མངོན་དུ་བྱེད་ཚུལ་རྣམས་ལེགས་པར་ཤེས་པར་བྱའོ། །སྒྱུ་མའི་སྐུ་དེ་གང་ལས་སྒྲུབ་ 5-5-58a སྒྲུབ་པའི་གཞི་ནི། སེམས་དབེན་གྱི་སྟོང་པ་གསུམ་དང་དེའི་བཞོན་པའི་རླུང་ཡིན་པས། ནང་གི་རྐྱེན་རྡོ་རྗེ་བཟླས་པ་ལ་སོགས་པའི་སྲོག་རྩོལ་བསྒོམ་པ་དང༌། ཕྱིའི་རྐྱེན་ཕྱག་རྒྱ་དང་སྦྱར་བ་ལས། ཐུན་མོང་མ་ཡིན་པའི་སྡུད་རིམ་ གྱི་སྒོ་ནས་སེམས་དབེན་གྱི་ཡེ་ཤེས་གསུམ་བསྐྱེད་ཚུལ་ཤེས་དགོས་སོ། །འདིར་ཡང་སེམས་དེ་ཁོ་ན་ཉིད་ཀྱི་དོན་ལ་གནས་པ་དང༌། ལུས་རླུང་འོད་ཟེར་ལྔ་ལྡན་གཉིས་ཚོགས་པར་ཡོད་པས། འོད་གསལ་དང་སྒྱུ་མའི་སྐུ་གཉིས་སོ་སོའི་རྒྱུར་བྱས་ཀྱང་ ཆོག་སྟེ། བདེན་གཉིས་སོ་སོ་བའི་རྫོགས་རིམ་ཤེས་པ་ལ་སེམས་དབེན་ལེགས་པར་ཤེས་དགོས་ཚུལ་ལོ། །དེ་ལྟར་ཤེས་ཤིང་ཉམས་སུ་མྱོང་བ་ལ། དེ་འདྲེན་པའི་རྒྱུའི་གཙོ་བོ་སྲོག་རྩོལ་གསུམ་བསྒོམ་པ་ལེགས་པར་ཤེས་དགོས་པས་ངག་རྣམ་ པར་དབེན་པ་ཤེས་པར་བྱའོ། །ངག་དབེན་གྱི་གཡས་གཡོན་གྱི་རླུང་སྙིང་ཁའི་ཨ་བ་དྷཱུ་ཏཱིའི་དབུས་ཀྱི་མི་ཤིགས་པ་ལ་སྡུད་པ་ལ་འོག་སྒོའི་ཕྲ་མོ་བསྒོམས་པ་ལས་བྱུང་བའི་ལྷན་ཅིག་སྐྱེས་པའི་དགའ་བ་མཉམ་གཞག་དང་རྗེས་ཐོབ་ཏུ་གང་ཤར་ ཐམས་ཅད་དེའི་རྣམ་རོལ་ཏུ་བལྟ་བ་དང༌། དེ་ཡང་ལྟར་བལྟ་བའི་ལུས་དབེན་སྒོམ་པ་སྔོན་དུ་འགྲོ་བའི་ཚུལ་ལེགས་པར་ཤེས་ནས་བསྒོམ་པ་དགོས་སོ། །དེ་འདྲ་བའི་རྫོགས་རིམ་ཡོངས་སུ་རྫོགས་པ་རྒྱུད་ལ་སྐྱེ་བའི་དགེ་བའི་རྩ་བ་སྨོན་པ་ལ་ ནི། སྐྱེ་ཤི་བར་དོ་གསུམ་སྐུ་གསུམ་དུ་འཁྱེར་བའི་སྒོ་ནས་རྒྱུད་སྦྱོར་བའི་རིམ་པ་དང་པོའི་རགས་པའི་རྣལ་འབྱོར་དྲན་པ་གཅིག་པ་དང༌། ཕྲ་མོའི་དཀྱིལ་འཁོར་རྟོག་པའི་རྣལ་འབྱོར་ཐུན་བཞིར་སྒོམ་པའི་ཚུལ་ཤེས་ནས་བསྒོམ་པ་དགོས་སོ། ། 5-5-58b དེ་སྒོམ་པའི་སྣོད་རུང་དུ་བསྒྲུབ་པ་ལ་ནི། དབང་ཡོངས་སུ་རྫོགས་པ་རྣམ་པར་དག་པ་ཅིག་ཐོབ་པ་དང༌། དེའི་དུས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་རྣམས་ཚུལ་བཞིན་དུ་བསྲུང་བ་ཅིག་དགོས་པས། རྒྱུད་ཀྱི་དོན་བཤད་པ་ཐམས་ཅད་ཀྱང་ཟུང་ འཇུག་ལ་ངེས་པར་བསྐྱེད་པའི་ཆེད་ཡིན་ལ། ལམ་སྒོམ་པ་ཐམས་ཅད་ཀྱང་སློབ་མི་སློབ་ཀྱི་ཟུང་འཇུག་རྒྱུད་ལ་སྐྱེད་པའི་ཆེད་ཡིན་ནོ། །དེའི་ཕྱིར་རྒྱན་བདུན་གྱི་བཤད་པས་དགའ་བ་སྐྱེད་པའི་གཙོ་བོ་ནི། བདེན་གཉིས་སོ་སོ་བ་དང་དབྱེར་མེད་པའི་དོན་ངེས་པའི་ སྒོ་ནས། ཐབས་ལ་མཁས་པ་དང་བྲལ་བ་ལ་སྐྱེ་ཤི་བར་དོ་གསུམ་དུ་ཤར་ནས་འཁོར་བའི་འཁོར་ལོ་བསྐོར་བ་དེ། ཐབས་མཁས་པའི་མན་ངག་དང་ལྡན་པ་ལ། འཆི་བ་འདོ་གསལ་ཆོས་ཀྱི་སྐུ། །བར་དོ་ལོངས་སྤྱོད་རྫོགས་པའི་སྐུ། །སྐྱེ་བ་སྤྲུལ་པའི་སྐུར་འཆར་བའི་ བདེན་པ་གཉིས་ཀྱི་གདམས་ངག་རྙེད་ནས་རྨད་དུ་བྱུང་བའི་དགའ་བདེ་ཡང་ཡང་དུ་འདྲེན་པ་ལ་བྱའོ། །གཉིས་པ་ནི། སྟོན་པས་རིགས་ཀྱི་བུ་ཞེས་ཞུ་བ་པོ་རྣམས་ལ་བོས་ནས། ཀུན་རྫོབ་སྒྱུ་མའི་སྐུ་ནི་སེམས་ཀྱི་ཆ་མ་བརྟན་པ་དང༌། རླུང་གི་ཆ་གཡོ་བར་བྱེད་ པའོ་ཞེས་རླུང་སེམས་གཉིས་ལ་གསུངས་སོ། །ཀུན་རྫོབ་དེའི་བདེན་པ་ནི་སྐུ་དེ་ཆུའི་ཟླ་བ་ལྟ་བུར་གསལ་བར་སྣང་ཞིང་མི་སླུ་བའོ། །དོན་དམ་པའི་བདེན་པ་ནི། ནང་སྟོང་པ་ཉིད་ནས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་བཅུ་དྲུག་དང༌། དེ་ནས་ དངོས་པོ་སྟོང་པ་ཉིད་དང༌། དངོས་པོ་མེད་པ་སྟོང་པ་ཉིད་གཉིས་ཏེ་ཆོས་དང་གང་ཟག་གཉིས་ཀའི་བདག་གིས་སྟོང་པས་སྟོང་པ་ཆེན་པོ་བཅོ་བརྒྱད་དོ། །དོན་དམ་པ་དེའི་མཐའ་ནི་གནས་སོ། །ཞེས་པ་ནི་དོན་དམ་བདེན་པ་སྟོང་ཉིད་དང་རོ་གཅིག་པའི་དོན་གྱི་ 5-5-59a འོད་གསལ་གྱི་ཡེ་ཤེས་ཟུང་འཇུག་གི་རྒྱུར་འགྱུར་བས་གནས་ཞེས་གསུངས་པའམ། ཡང་ན་དོན་དམ་བདེན་པ་ཆོས་ཐམས་ཅད་ཀྱི་རྩ་བ་དང་གཞི་ཡིན་པས་གནས་སོ། །དེ་ལྟར་རྒྱན་བདུན་གྱི་བཤད་ཐབས་ཀྱིས་འདུས་པའི་རྒྱུད་འཆད་ པའི་ཚུལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལ་བརྟེན་ནས། སྒྲོན་གསལ་གྱིས་བཤད་པར་རྒྱུད་ཉུང་དུ་འདིར་མེད་པ་འགའ་ཞིག་བཀོད་པ་ནི་རྒྱུད་རྒྱས་པ་ན་ཡོད་པ་ར་མངོན་ལ། རྒྱུད་ཀྱི་གཞུང་རེ་རེ་ལ་མཐའ་དྲུག་དང༌། ཚུལ་བཞི་གང་རུང་གི་བཤད་པ་ སྦྱར་བ་ནི་མགོན་པོ་ཀླུ་སྒྲུབ་ཀྱི་མང་ངག་ལ་ཡོད་པ་སྒྲོན་གསལ་དུ་བཀོད་པ་ཡིན་ནོ། །གསུམ་པ་ལ་གཉིས། ཞུ་བ། ལན་ནོ། དང་པོ་ནི། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་གསོལ་བ། དོན་དམ་པའི་བདེན་པ་སྟེ་འདོ་གསལ་ལ་རབ་ཏུ་གནས་ པའི་རྣལ་འབྱོར་པ་ཆེན་པོས། ལས་ཀྱིས་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་ལ་བརྟེན་ནས། སེམས་ཅན་གྱི་ཞི་བ་ལ་སོགས་པའི་དོན་ཇི་ལྟར་སྤྱད་པར་བགྱི་ཞེས་ཞུས་ཏེ། འདིས་ནི་དོན་གྱི་འོད་གསལ་མངོན་དུ་བྱས་པའི་འོག་ཏུ། དང་པོ་སྦྱོར་བ་ དང་དཀྱིལ་འཁོར་མཆོག་གིས་གཞན་དོན་སྒྲུབ་པ་གཉིས་ཀྱང་འཕེན་པས། རྫོགས་རིམ་པའི་ཏིང་ངེ་འཛིན་གསུམ་ཀ་སྟོན་པར་གཟུང་ངོ་། །དེས་ན་ཏིང་ངེ་འཛིན་གསུམ་གྱི་ལྷའི་རྣལ་འབྱོར་ལ་བསྐྱེད་རིམ་དང་རྫོགས་རིམ་གཉིས་ སུ་ཡོད་ལ། དེ་ཡང་འཕགས་པ་ཡབ་སྲས་ཀྱི་གཞུང་ནས་བཤད་པ་ལྟར་བསྐྱེད་རིམ་པས་སྔགས་ཀྱི་སྐུ་དང༌། རྫོགས་རིམ་པས་ཡེ་ཤེས་ཀྱི་སྐུ་སྐྱེད་པའི་ལྷའི་སྐྱེད་ཆོག་སོ་སོར་ཤེས་ན་ཤེས་པ་ཡིན་ཏེ། དེ་ལྟར་མི་ཤེས་པ་རྣམས་ 5-5-59b ཀྱི་ནི། ལྷ་ཡི་སྐུ་སྐྱེད་པའི་ཆོ་ག་ཐམས་ཅད་བསྐྱེད་རིམ་དུ་འཆད་པར་སྣང་ངོ་། །གཉིས་པ་ནི། བཅོམ་ལྡན་འདས་ཀྱིས་ལན་སྩལ་བ། ཇི་སྲིད་དུ་ཞི་བ་ལ་སོགས་པའི་ལས་ཀྱིས་སེམས་ཅན་གྱི་དོན་མི་བྱེད་པ་དེ་སྲིད་དུ་རྣལ་འབྱོར་པ་ཆེན་པོ་དེ་ཡང་དག་པའི་ མཐའ་འོད་གསལ་ལ་མཉམ་པར་བཞག་སྟེ་གནས་པར་འགྱུར་རོ། །གང་དུ་སེམས་ཅན་གྱི་དོན་བྱ་བར་མཐོང་ན་དེའི་ཚེ་བདག་ལ་བྱིན་གྱིས་བརླབ་པ་དག་པའི་སྒྱུ་མའི་སྤུ་སྐྱེད་པའི་རིམ་གྱིས་ཡང་དག་པའི་མཐའ་འོད་གསལ་ལས་ལངས་ཏེ། ཞི་རྒྱས་དབང་དྲག་ལ་ སོགས་པས་སེམས་ཅན་གྱི་ནད་ཞི་བ་དང་དཔལ་འབྱོར་རྒྱས་པ་སོགས་ཀྱི་དོན་བྱས་ནས། ཡང་དག་པའི་མཐའ་འོད་གསལ་ཉིད་དུ་འཇུག་པར་བྱེད་དོ། །འདི་མི་སློབ་པའི་ཟུང་འཇུག་ལ་སྦྱོར་ན་འོད་གསལ་ལས་བཞེངས་པ་དང༌། སླར་ཡང་འཇུག་པ་གཞན་ སྣང་ཙམ་ཡིན་ཏེ། སངས་རྒྱས་རྣམས་འོད་གསལ་ལ་རྟག་ཏུ་མཉམ་པར་བཞག་པའི་ཕྱིར་རོ། །སྤོབ་པའི་ཟུང་འཇུག་པ་བྱེད་ན་སྒྲ་སོར་བཞག་བྱས་ཀྱང་ཆོག་གོ། བཞི་པ་མཇུག་གི་དོན་ལ་གཉིས། རྒྱུད་ཡོངས་སུ་རྫོགས་པའི་དོན། གང་གིས་བསྒྱུར་བའི་ ཚུལ་ལོ། །དང་པོ་ནི། རྒྱན་བདུན་འཕྲོས་དང་བཅས་པ་གསུངས་པའི་རྗེས་དེ་ནས། བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་སྟོན་པས་ལན་ལེགས་པར་བཀའ་སྩལ་པ་དེ་ལ་དང་པོར་དགའ་ཞིང་བར་དུ་མགུ་ལ་ཐ་མར་ཡི་རངས་ཏེ། ཆོས་ཀྱི་དོན་ངེས་པའི་དབང་གིས་སེམས་ལ་དགའ་བ་དང༌། ཡིད་བདེ་བ་སྐྱེས་ནས་འོད་གསལ་བའི་དོན་ལ་དམིགས་ཏེ་ཅང་མི་སྨྲ་བར་འཁོད་པར་གྱུར་ཏོ། །དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ཞེས་བྱ་བ་བླ་ན་མེད་པའི་རྣལ་འབྱོར་ཆེན་ 5-5-60a པོའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་ལས། བདེ་བ་ཆེན་པོ་སྟོང་པ་བཞིའི་ཡེ་ཤེས་དང་། སྒྱུ་མའི་སྐུ་ལ་སོགས་པ་སྟོན་པའི་ལེའུ་སྟེ་རིམ་པ་གཉིས་པའི་རྒྱ་ཆེར་བཤད་པའོ། །རྫོགས་སོ་ཞེས་པ་ནི་ཡང་དག་ པར་གྲུབ་པའི་དོན་ནོ། །གཉིས་པ་ནི། རྒྱ་གར་གྱི་མཁན་པོ་པཎྜི་ཏ་འཇམ་པའི་དབྱངས་ཀྱིས་བྱིན་གྱིས་བརླབས་པ་ཛྷཱ་ན་ཀ་རའི་ཞལ་སྔ་ནས་དང་། ཞུ་ཆེན་གྱི་ལོ་ཙཱ་བ་ཁུ་སྟོན་དངོས་གྲུབ་ཀྱིས་དང་པོར་རྒྱ་སྐད་ལས་བོད་སྐད་དུ་བསྒྱུར་ཅིང་། ཚིག་ དོན་ལ་ཞུས་དག་བྱས་ནས། འཆད་ཉན་གྱིས་ཀྱང་གཏན་ལ་ཕབ་པ། སླད་ནས་བླ་མ་དེ་ཉིད་དང༌། ལོ་ཙཱ་བ་དགེ་སློང་ནག་ཚོ་ཚུལ་ཁྲིམས་རྒྱལ་བས་ཚིག་དོན་ལ་ཞུས་དག་བྱས་ཤིང་འཆད་ཉན་གྱིས་གཏན་ལ་ཕབ་པའོ། །ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས། ། རྣལ་འབྱོར་ཆེན་པོའི་གསལ་བྱེད་ཡིན། །ཡེ་ཤེས་རང་བཞིན་འཁོར་བ་དང༌། །མྱ་ངན་འདས་པའི་ངོ་བོའོ། །དེ་གཉིས་དབྱེར་མེད་རྡོ་རྗེ་སྟེ། །ཀུན་འདིར་འདུས་པས་ཀུན་ལས་བཏུས། །དེ་སྟོན་པ་ལ་དེར་བཏགས་ནས། །གཞུང་ལས་མིང་དོན་བཙལ་བ་ཡིན། །ཞེས་པ་ནི་ལོ་ཙཱ་ བས་སྦྱར་བ་སྟེ། །དོན་གོ་བར་སླ་ལ། རང་གི་ལུགས་ཀྱི་མིང་དོན་ནི་བཤད་ཟིན་ཏོ།། །།གང་ཞིག་རྟོགས་ན་རྣལ་འབྱོར་ཆེན་པོའི་རྒྱུད། །ཤིན་ཏུ་རྟོགས་དཀའ་རྣམས་ཀྱི་འཆད་ཚུལ་ལ། །མ་རྨོངས་བློ་གྲོས་སྣང་བ་རྒྱས་འགྱུར་བ། །དེ་ནི་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས། ། རྒྱུད་དོན་ཀུན་གསལ་འདབ་སྟོང་རབ་རྒྱས་ཤིང་། །རིམ་གཉིས་སྦྲང་རྩིའི་བཅུད་ཀྱི་ཟིལ་མངར་ཅན། །དྲང་ངེས་འབྱེད་པའི་དྲི་བསུང་རབ་འཕྲོ་བ། །རྣམ་བཤད་ཉིན་བྱེད་འོད་གྱི་ལེགས་པར་ཕྱེ། །ལུང་དང་རིགས་པའི་འདབ་གཉིས་བསྐྱོད་པ་ཡིས། །གསུང་རབ་དེ་ཉིད་མཁའ་ལ་ལྡིང་ 5-5-60b འདོད་ཅིང༌། །ཟབ་ལམ་སྦྲ་རྩིའི་རོ་ལ་རོལ་འདོད་པའི། །སྐལ་བཟང་བུང་བའི་ཚོགས་རྣམས་དགའ་བར་གྱིས། །རྩ་རྒྱུད་མཐར་ཐུག་བཤད་ཚུལ་མཐར་ཐུག་གིས། །བཤད་པའི་དགོངས་པ་བདག་འདྲས་དཔག་དཀའ་བས། །ཇི་བཞིན་མིན་བཤད་འགལ་བ་ཅི་ མཆིས་པ། །དྲི་མེད་སྤྱིན་ལྡན་ཀུན་ལ་སྙིང་ནས་བཤགས། །རྡོ་རྗེ་འཆང་དབང་འཕགས་པ་ཡབ་སྲས་ལྔའི། །གཞུང་ལ་རིང་དུ་འདྲིས་ཤིང་ཁྱད་པར་དུ། །བཤད་རྒྱུད་ལྔ་པོ་ཕན་ཚུན་ལེགས་བསྒྲིགས་ནས། །ལེགས་པར་བཤད་ལས་ཟླ་ཟེར་ཀུན་ཏ་ལྟར། ། རབ་དཀར་དགེ་བ་ཇི་སྙེད་བསགས་པ་དེས། །ལམ་གྱི་མཐར་ཐུག་འདི་དང་མི་འབྲལ་ཞིང༌། །སྐལ་བཟང་རྣམ་དཔྱོད་ལྡན་པ་དུ་མ་ཡིས། །བསྟན་པའི་སྙིང་པོ་ཡུན་རིང་འཛིན་པར་ཤོག །ཅེས་དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ཀྱི་རྒྱ་ཆེར་བཤད་ པ་རྒྱུད་བཤད་ཐབས་ཀྱི་མན་ངག་གསལ་བར་བསྟན་པ་ཞེས་བྱ་བ་འདི་ནི། །དཔལ་གསལ་བ་འདུས་པའི་རྣལ་འབྱོར་པ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས། འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་སྦྱར་བའི་ཡི་གེ་པ་ནི་ དཀའ་བཞི་པ་རིན་ཆེན་དཔལ་ལོ། །འདིས་ཀྱང་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་རྒྱས་པར་བྱེད་ནུས་པར་གྱུར་ཅིག། །།སརྦ་མངྒལཾ།། 5-6-1a ༄༅། །དཔལ་གསང་བ་འདུས་པ་མི་སྐྱོད་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག་དབང་གི་དོན་གྱི་དེ་ཉིད་རབ་ཏུ་གསལ་བ་ཞེས་བྱ་བ་བཞུགས་སོ། ། 5-6-1b ༄༅། །དཔལ་གསང་བ་འདུས་པ་མི་བསྐྱེད་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག་དབང་གི་དོན་གྱི་དེ་ཉིད་རབ་ཏུ་གསལ་བ་ཞེས་བྱ་བ། རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །རྣམ་དག་དབང་བཞི་ ཚུལ་བཞིན་བསྐུར་བ་ཡིས། །ཟབ་མོ་རྡོ་རྗེ་ཐེག་པའི་དགའ་སྟོན་གྱི། །ལོངས་སྤྱོད་མཆོག་ལ་སྦྱོར་མཛད་རྡོ་རྗེ་འཆང༌། །འཇམ་དབྱངས་བླ་མའི་ཞབས་ལ་གུས་བཏུད་ནས། །ཐབས་ལ་མཁས་པའི་རྟེན་འབྲེལ་དུ་མ་ཞིག །ལེགས་ པར་བསྒྲིགས་པས་སྐལ་ལྡན་ཟབ་མོའི་ལམ། །ཚུལ་བཞིན་སྒྲུབ་པའི་སྣོད་དུ་སྒྲུབ་བྱེད་པའི། །དཀྱིལ་འཁོར་ཆོ་ག་རྒྱུད་བཞིན་བདག་གིས་བཤད། །དཔལ་ལྡན་རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་བའི། །སུམ་ཅུ་རྩ་གཉིས་ ལྷ་ཡི་འཁོར་ལོ་ཡིས། །དཀྱིལ་འཁོར་ཆེན་པོར་དགའ་བཞིན་རོལ་པ་འདིར། །དངོས་གྲུབ་རྒྱ་མཚོ་གེགས་མེད་འདུ་བར་མཛོད། །ཇི་སྐད་དུ་བཤད་པའི་རྒྱུད་རྡོ་རྗེ་ཕྲེང་བ་ལས། །ཐོག་མར་སློབ་མ་གང་གི་ཚེ། །བློ་ལྡན་ཡང་དག་ དབང་བསྐུར་ན། །རྫོགས་པའི་རིམ་པའི་རྣལ་འབྱོར་ལ། །དེ་ཡི་ཚེ་ན་སྣོད་དུ་འགྱུར། །ཡང་དག་དབང་བསྐུར་ཀྱི་དབེན་ན། །སྒྲུབ་པོས་རྒྱུད་ཀྱི་དོན་ཤེས་ཀྱང༌། །སློབ་དཔོན་སློབ་མ་མཚུངས་པར་ནི། །མི་བཟང་དམྱལ་བ་ཆེན་པོར་ འགྲོ། །ཞེས་ཡང་དག་པའི་དབང་བསྐུར་པ་ཐོབ་ན། རྫོགས་རིམ་དང་དེས་མཚོན་པའི་བསྐྱེད་རིམ་སྒོམ་པ་སོགས་ཀྱི་སྣོད་དུ་འགྱུར་ལ། དབང་རྣམ་དག་མ་ཐོབ་ན། རྒྱུད་ཀྱི་དོན་ཤེས་ནས་བསྒྲུབས་པས་དངོས་གྲུབ་ཕྲ་མོ་ཐོབ་ཀྱང་ 5-6-2a དཔོན་སློག་གཉིས་ཀ་དམྱལ་བར་འགྲོ་བར་གསུངས་ཤིང༌། རྒྱུད་གཞན་མང་པོ་ལས་ཀྱང་ཡང་དག་པའི་དབང་བསྐུར་མ་ཐོབ་པར་དོངས་གྲུབ་འདོད་ནས་སྒྲུབ་པ་ནི། མཁའ་ལ་ཁུ་ཚུར་རྡེག་པ་དང༌། སྨིག་རྒྱུའི་ ཆུ་ལ་འཐུང་བ་དང༌། འབྲས་འདོད་ཕུབ་མ་རྡུང་བ་དང་འདྲ་བར་གསུངས་པས། ལམ་འདིར་འཇུག་པ་ལ་ཐོག་མར་རྣམ་པར་དག་པའི་དབང་ཐོབ་པོ་ཤིན་ཏུ་གལ་ཆེའོ། །དེ་རྣམས་ཀྱང་གོ་རིམ་ངེས་པ་ཅན་དུ་རྡོ་རྗེ་གུང་ལ་སོགས་པ་ལས་ གསུངས་པས་ཐོག་མར་བསྐྱེད་རིམ་གྱི་སྣོད་རུང་དུ་སྒྲུབ་པའི་དབང་མ་ཐོབ་པར། རྫོགས་རིམ་གྱི་སྣོད་རུང་དུ་སྒྲུབ་པའི་དབང་གོང་མ་བྱར་གཏན་མི་རུང་ལ། རིམ་པ་དང་པོའི་སྣོད་རུང་དུ་སྒྲུབ་པའི་དབང་ཡང་སྔོན་དུ་དཀྱིལ་འཁོར་དུ་བཅུག་ པ་ཅིག་ངེས་དགོས་ཏེ། དཀྱིལ་འཁོར་དུ་མ་ཞུགས་པས་བསྒྲུབས་ཀྱི་ཅི་ཡང་མི་འགྲུབ་པར་མཉམ་སྦྱོར་ལས་གསུངས་པའི་ཕྱིར་དང༌། དྲིལ་བུ་པས། དབང་བསྐུར་དཀྱིལ་འཁོར་སྔོན་འགྲོ་བར། །རྡོ་རྗེ་འཆང་གི་གསུངས་ པ་སྟེ། །ཞེས་གསུངས་པའི་ཕྱིར་རོ། །དཀྱིལ་འཁོར་དུ་གཞུག་སའི་དཀྱིལ་འཁོར་ནི་ཕྱི་དང་ནང་ལུས་ཀྱི་དཀྱིལ་འཁོར་གཉིས་སུ་ངེས་ལ། ཕྱི་ལ་ཡང་རྡུལ་ཚོན་དང་རས་བྲིས་དང་བསམ་གཏན་གྱི་དཀྱིལ་འཁོར་གསུམ་གསུངས་ པས་བཞིར་ངེས་སོ། །བྷ་ག་དང་བྱང་ཆུབ་སེམས་ལ་དོན་དམ་དང་ཀུན་རྫོབ་གཉིས་སུ་བྱས་པའི་དཀྱིལ་འཁོར་གསུམ་ནི་རྫོགས་རིམ་གྱི་དབང་གསུམ་གང་དུ་ཐོབ་པའི་དཀྱིལ་འཁོར་ཡིན་པས་སྤྱིར་དབང་གི་དཀྱིལ་འཁོར་ 5-6-2b བདུན་ནོ། །དེ་ལ་ཕྱི་དཀྱིལ་གྱི་དབང་སྔོན་དུ་མ་ཐོབ་པར། ལུས་དཀྱིལ་གྱི་དབང་བསྐུར་དུ་མི་རུང་བར་བླ་མ་སྔ་མ་རྣམས་བཞེད་པ་ནི་རྒྱུད་ཀྱི་དགོངས་པ་ཡིན་ཏེ། རྡོ་རྗེ་མཁའ་འགྲོ་ལས། དཀྱིལ་འཁོར་ལ་སོགས་པ་ལས་གང་ནི། །བཅོས་མའི་སེམས་ཀྱིས་གང་བྱེད་ པ། །ཕྱི་རོལ་ལས་རྣམས་གསལ་བྱེད་པས། །དང་པོའི་ལས་ཅན་རྣམས་ལ་བསྔགས། །ཞེས་ཐོག་མར་ལས་དང་པོ་པ་ལ་བཅོས་མའི་དཀྱིལ་འཁོར་གྱི་ལས་དགོས་པར་གསུངས་ཤིང༌། །དྲིལ་བུ་པས་རྡུལ་ཚོན་དང་རས་རིས་གཉིས་བཅོས་མའི་དཀྱིལ་འཁོར་ དུ་གསུངས་པའི་ཕྱིར་དང༌། རྒྱུད་དེ་ཉིད་ལས། རྣལ་མའི་སྦྱོར་རྟོགས་བྱའི་ཕྱིར། །བཅོས་མ་ཡི་ནི་བསྒོམ་པ་དང༌། །བཅོས་མ་ཡི་ནི་བཟླས་པ་བྱ། །ཞེས་གསུངས་པ་དང་རིགས་པ་མཚུངས་པའི་ཕྱིར་རོ། །བསམ་གཏན་གྱི་དཀྱིལ་འཁོར་གྱི་ཆོ་ག་ནི། སློབ་དཔོན་ ལྷའི་རྣལ་འབྱོར་ཤིན་ཏུ་བརྟན་པ་དང༌། སློབ་མ་རྡུལ་ཚོན་གྱིས་བྲི་བའི་ཡོ་བྱད་མི་རྙེད་པ་ལ་སོགས་ལ་སོགས་པ་ལ་དམིགས་བསལ་དུ་གསུངས་ཀྱི། སྤྱིའི་དབང་དུ་བྱས་པ་མིན་ནོ། །དྲིལ་བུ་ཞབས་དང་སྒྲ་ཅན་འཛིན་དཔལ་བཤེས་གཉེན་དང༌། ཨ་བྷྱ་ཀཱ་ར་ལ་སོགས་ པས་རས་བྲིས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་ཡང་བཤད་པས། ཐོག་མའི་དབང་ལ་དེ་ཡང་རུང་མོད་ཀྱང་སློབ་དཔོན་གྱི་མཚན་ཉིད་དུ་དཀྱིལ་འཁོར་བྲི་བའི་ལས་ལ་མཁས་པ་མང་དུ་གསུངས་ཤིང༌། སློབ་མའི་ངོས་ནས་དཀྱིལ་འཁོར་གྱི་ཕྱོགས་སུ་ཟང་ཟིང་ གཏོང་བའི་སྒོ་མང་ལ། དེས་ཀྱང་རྒྱུད་སྣོད་རུང་དུ་སྒྲུབ་པ་ལ་ཁྱད་པར་ཤིན་ཏུ་ཆེ་བས། རྒྱུད་དང་གྲུབ་ཆེན་གྱི་གཞུང་རྣམས་ནས་རྡུལ་ཚོན་གྱི་ཆོ་ག་བསྔགས་པས་འདི་ནི་གཙོ་བོའོ། །དེ་ལ་འདུས་པའི་རྩ་རྒྱུད་ཀྱི་ལེའུ་དང་པོ་དང་བཞི་པ་དང་བརྒྱད་པ་ 5-6-3a དང་། བཅུ་དྲུག་པ་ལས་དཀྱིལ་འཁོར་གྱི་ཆོ་ག་མདོར་བསྡུས་ཏེ་གསུངས་པ་ལ། རྒྱུད་ཕྱི་མས་གསང་བ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་གཉིས་ཁ་བསྐངས་ཤིང༌། རྡོ་རྗེ་ཕྲེང་བ་ལས། སྔོན་དུ་བསྙེན་པས་སྤྱད་དང༌། །ཞེས་པ་ནས། དབང་བསྐུར་བ་དང་གཤེགས་སུ་གསོལ། །དེ་ལྟ་ཆོ་ག་ཉི་ཤུ་ལས། །ཞེས་དཀྱིལ་འཁོར་གྱི་ཆོ་ག་ནི་ཆོ་ག་ཉི་ཤུར་བསྡུས་ཤིང༌། དེས་ཀྱང་བསྙེན་པ་དང་ས་ཆོག་ལ་སོགས་པ་རྒྱས་པར་བཤད་ལ། དབང་བཞི་པ་ནི་དེའི་ལེའུ་གཉིས་པ་ལས་གསུངས་ སོ། །སྒྲོན་གསལ་ལས་མཚན་མ་ལྷག་མ་དགོད་པ་ལ་སོགས་དཀྱིལ་མཁོར་གྱི་ཆོ་ག་ལ་ཁ་འཕངས་ཤིང་ཆོ་ག་ཡང་ས་སྤྱད་པ་ལ་སོགས་ཉི་ཤུར་བཤད་པའི་དཀྱིལ་ཆོག་ནི། ཐུགས་རྗེ་དཔལ་ཞབས་ཀྱིས་ཀླུའི་བློའི་དཀྱིལ་ཆོག་ལ་བཤད་ཅིང༌། སྒྲ་ ཅན་འཛིན་དཔལ་བཤེས་གཉེན་དང༌། ཨ་བྷྱ་ཀཱ་ར་ལ་སོགས་པས་ཀྱང༌། ཀླུ་བྱང་གིས་མཛད་པའི་ཆོ་ག་ཉི་ཤུ་པ་འདི་ཉིད་ཁུངས་སུ་བྱེད་པར་སྣང་ལ། འཕགས་པས་མཛད་པར་གྲགས་པའི་ཆོ་ག་ཉི་ཤུ་པ་ནི། མཚན་མ་འགོད་པའི་སྐབས་ན་རྩ་ རྒྱུད་དང་མི་མཐུན་པ་མང་དུ་སྣང་ཞིང༌། རྡོ་རྗེ་སློབ་དཔོན་གྱི་དབང་གི་དངོས་གཞི་དང༌། དབང་བཞི་པའི་ཆོ་ག་བཤད་པ་ལ་ཐེ་ཚོམ་གྱི་གཞི་ཆེན་པོ་སྣང་བ་དང༌། ཀླུ་བྱང་གི་ཆོ་ག་དང་མི་མཐུན་པ་མང་པོ་སྣང་བས་བཏང་སྙོམས་སུ་བྱས་ལ། འདིར་ནི་ ཀླུ་བྱང་གི་ཆོ་ག་དང་མཐུན་པར་བཤད་པར་བྱའོ། །འོ་ན་ཀླུ་བྱང་གིས་མཛད་པར་འདོད་པ་ལ་ཡང་ཆོ་ག་ཉི་ཤུའི་གྲངས་བཤད་རྒྱུད་དང་མི་མཐུན་ལ། དེའི་ཆོ་ག་ཉི་ཤུ་རྫོགས་པ་ལ་དབང་གོང་མ་གསུམ་མེད་པ་ཡང་མི་མཐུན་ཞིང༌། གཞན་ཡང་མི་ 5-6-3b མཐུན་མང་དུ་སྣང་བས་ཀླུ་བྱང་གིས་མཛད་པར་མ་གྲུབ་བོ་ཞེ་ན། སྐྱོན་མེད་དེ་ཆོ་ག་ཉི་ཤུའི་ནང་དུ་དབང་གོང་མ་རྣམས་མ་མཛད་པ་ནི། རིམ་ལྔར་དབང་གོང་མའི་ཆོག་བསྡུས་པ་མཛད་པ་ལ་དགོངས་ལ། ཁྲུས་སྟེགས་ཀྱི་ཆོ་ག་ལ་སོགས་པ་བཤད་རྒྱུད་ན་དངོས་ སུ་མེད་པ་འགའ་ཞིག་ཁ་བསྐངས་པ་ནི་དོན་གྱིས་འཐོབ་ཅིང༌། ཡོད་པ་རྣམས་ཀྱི་གྲངས་འདྲེན་ལུགས་ནི་དབྱེ་བསྡུ་ཙམ་ཡིན་པས་དོན་ལ་སྐྱོན་མེད་པའི་ཕྱིར་དང༌། ཁ་ཅིག་མི་འདྲ་བ་ནི་རྒྱུད་གཞན་ནས་བཤད་པ་དང་གཉིས་གང་བྱས་ཀྱང་འདྲ་བ་ཡིན་ལ། འགའ་ཞིག་མ་བཀོད་པ་ནི་འདིར་ཁ་བསྐངས་པས་ཆོ་ག་པའི་ཕྱིར་རོ། །དེ་ལྟར་གང་དུ་སློབ་མ་འཇུག་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་ནི། རྡུལ་ཚོན་གྱི་ལྷའི་གནས་གང་དུ་འོང་སར་ལྷ་སྟ་གོན་གྱི་དྲིའི་དཀྱིལ་འཁོར་བྱེད་དགོས་པ་དང༌། ཚོན་འགྱེད་པའི་གནས་ ངེས་པའི་ཕྱིར་དུ་སྔོན་དུ་ཐིག་གདབ་དགོས་ལ། དེ་ལ་ཡང་ལས་ཐིག་གིས་ཆ་བགོ་བ་དང༌། དེ་ཡེ་ཐིག་གིས་བྱིན་གྱིས་རློབ་པ་གཉིས་དགོས་སོ། །ཐིག་ཐེབས་ནས་སའི་ལྷ་མོ་སྟ་གོན་བྱེད་པ་ནི། གཞི་དེར་ཆོང་བྱེད་པའི་གནང་བ་གསོལ་བ་ཡིན་ལ། ལྷ་སྟ་ གོན་བྱས་ནས་གསོལ་བ་འདེབས་པ་ནི་འདྲི་བར་འགྱུར་བའི་དཀྱིལ་འཁོར་བྱིན་གྱིས་རློབ་པའི་དོན་དུ་སྙན་གསན་འབེབས་པའོ། །ལས་བུམ་སྟ་གོན་ནི་སློབ་མ་དང་མཆོད་རྫས་སོགས་ལ་མ་དག་པ་དང་བགེགས་བསལ་བའི་དོན་དུ་ཡིན་ལ། བུམ་པ་ལྷམ་མ་ སྟ་གོན་བྱེ་དཔ་ནི་ཆུ་དབང་བསྐུར་བའི་དོན་ནོ། སློབ་མ་སྟེ་གོན་ནི་དཀྱིལ་འཁོར་དུ་གཞུག་ཅིང་དབང་བསྐུར་བའི་སྔོན་དུ་དུ་རྒྱུད་སྦྱོང་བའོ། །དེ་ལྟར་ཐིག་འདེབས་པའི་གཞི་དེ་ཡང་སའི་ཆོ་ག་བྱས་པ་ཅིག་དགོས་ལ། དེ་ལ་ནི་ཕྱོགས་དེར་དཀྱིལ་འཁོར་བྱང་རུང་མི་ 5-6-4a རུང་རྟོག་པའི་ས་བརྟག་པ་དང་རུང་བར་ཤེས་ན་བདག་པོ་ལས་བསླངས་ཏེ་གནང་བ་ཐོབ་དགོས་པས་ས་བསླང་བ་དང༌། གནང་བ་ཐོབ་ནས་ས་དེ་སྦྱང་དགོས་པས་ས་སྦྱོང་བ་དང༌། སྦྱངས་པས་དག་པ་ན་དཀྱིལ་འཁོར་བྱ་བའི་གཞིར་ཡོངས་ སུ་བཟུང་དགོས་པས་བཟུང་བ་དང༌། གཟུང་བའི་ས་ལ་ནི་བྱིན་གྱིས་བརླབ་པ་དང་བསྲུང་བ་དགོས་པས་བགེགས་ཞི་བའི་ཆོག་སྟེ་ལྔ་དགོས་སོ། །དེ་ལྟ་བུ་སྒྲུབ་པའི་རྡོ་རྗེ་སློབ་དཔོན་ནི། དབང་ཡོངས་སུ་རྫོགས་པར་ཐོབ་ཅིང༌། དེ་ཉིད་བཅུ་ལ་མཁས་པ། རྣལ་འབྱོར་མའི་སྙིང་པོ་དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་སྐྱོང་བས་རྩ་ལྟུང་དང་མི་ལྡན་པ། ཕྱི་རུ་སོ་སོར་ཐར་པ་སྤྱོད་ཅིང༌། ནང་དུ་འདུས་པའི་ལམ་ལ་དགའ་བ། ལྷའི་རྣལ་འབྱོར་ལ་ཐུན་བཞིར་གོམས་པས་སེམས་བརྟན་པའི་མཚན་མ་རྙེད་པ། གཙོ་བོ་ ལ་འབུལ་དང་འཁོར་རྣམས་ལ་ཁྲི་ཕྲག་རེ་དང༌། བགེགས་མཐར་བྱེད་ཀྱི་ཕྲེང་སྔགས་ཁྲི་དང༌། ཡེ་ཤེས་འབེབས་པའི་སྔགས་འབུལ་གྱི་བཟླས་པ་སོང་ཞིང༌། ཕྱི་མའི་བཅུ་ཆའི་སྦྱིན་སྲེག་བྱས་པའོ། །སློབ་མ་ནི་བླ་མ་ལ་གུས་པ། སྒྱུ་མེད་ཅིང་ལུང་མང་ དུ་ཐོས་པ། བྱང་ཆུབ་ཀྱི་སེམས་གཉིས་ལ་སྦྱངས་པས་སེམས་ཅན་འདོན་པའི་བློ་དང་ལྡན་པ། རྡོ་རྗེ་སེམས་དཔའི་སྡོམ་པ་ལ་དོན་གཉེར་ཆེ་ཞིང་རྡོ་རྗེ་ཐེག་པ་ལ་མོས་པ་བརྟན་པའོ། །དེ་འདྲ་བ་དེས་བླ་མ་ལ་མཎྜལ་ཕུལ་ཕྱག་བྱས་བུས་མོ་བཙུགས་ཤིང༌། ཐལ་མོ་སྦྱར་ནས་དབང་གི་དོན་དུ་གསོལ་བ་ལན་གསུམ་གདབ་བོ། །དེའི་ཚེ་སློབ་མའི་སེམས་བརྟན་པ་དང་གཡོ་བ་དང་འདྲེས་མ་གང་འདུག་དྲིས་ལ། བརྟན་ན་དགེ་གཡོན་མི་དགེ་འདྲེས་མ་ལས་འདྲེས་མར་ཤེས་པར་བྱའོ། །ཡོ་བྱད་མཚོགས་པར་ 5-6-4b འདུག་ན་སློབ་མ་བསྲུང་བ་ལམ་གྱི་རིམ་པར་བཤད་པ་བཞིན་ནམ། བསྡུས་པ་ཕྱེད་ན་རང་གི་སྙིང་ཁའི་ས་བོན་གྱི་འོད་ཟེར་གྱིས་སློབ་མའི་བགེགས་བསལ་ལ། བདུད་རྩི་འཁྱིལ་པའི་ཕྲེང་སྔགས་སམ། མཚན་སྔགས་ལན་བདུན་བཟླས་པས་བསྲུང་ཞིང༌། རྒྱུན་དུ་ཟློས་སུ་ཡང་བཞུག་གོ། དེ་ནས་ཚེས་གྲངས་བཟང་པོ་ལ་ས་ཕྱོགས་གཙང་མར་ཁྲུས་བྱས་གོས་གསར་པ་གྱོན་ནས། སྤྱན་རས་གཟིགས་ཀྱི་སྤྱན་སྔར་མཎྜལ་དང་མཆོད་པ་ཕུལ་ཏེ། ཨོཾ་མུ་ཙི་ལི་སྭཱཧཱ། ཨོཾ་མོ་ཧ་ནི་སྭཱཧཱ། ཨོཾ་དཱཾ་ཏི་ལི་སྭཱཧཱ། ཞེས་པ་ ཁྲི་འམ་ལག་པ་གཡོན་པས་ཁར་ལན་ཉེར་གཅིག་ཏུ་བསྔགས་ལ། མགོ་ལྷོ་ཁ་ཤར་དུ་ཕྱོགས་པས་འཕགས་པའི་སྤྱན་སྔར་ཉལ་ལ་རྨི་ལམ་བརྟག །རྨི་ལམ་ངན་ན་བདུད་རྩི་འཁྱིལ་བའི་སྔགས་ཟློས་པའམ། སྟོང་པ་ཉིད་བསྒོམ་པས་སམ། སླར་ཡང་རྨི་ལམ་ བརྟགས་ལ། ལྷས་གནང་བའམ་མ་བཀག་ན། སྟོན་ཟླ་འབྲིང་པོའི་ཉ་ནས་དཔྱིད་ཟླ་ཐ་ཆུང་ཉའི་བར་ཟླ་བ་བདུན་དང༌། ངོ་གཉིས་ལས་ཡར་ངོ་དང༌། ཡར་ངོའི་ཚེས་གཅིག་དང་གསུམ་དང་ལྔ་དང་བདུན་དང་བརྒྱད་དང༌། བཅུ་དང་བཅུ་གཅིག་དང་བཅུ་གསུམ་དང་བཅུ་ བཞི་དང་བཅོ་ལྔ་སྟེ་བཅུ་དང༌། གཟའ་ཕུར་བ་དང་ཟླ་བ་དང་པ་སངས་དང་ཉི་མ་སྟེ་བཞི་དང༌། སྐར་མ་རྒྱལ་དང་སྐག་དང་ས་གདངས་བཞི་དང་ཐ་སྐར་དང་སྣྲོན་ཏེ་དྲུག་དང༌། གཟའ་སྐར་བཟང་ན་མར་ངོ་ལ་ཡང་བྱ་བར་སྤྱི་རྒྱུད་ལས་གསུངས་པས། དུས་དེ་རྣམས་ལ་ སྦྱོར་བ་དང་བྱེད་པ་ངན་པ་ཡང་སྤངས་ནས་ཆོ་བ་བརྩམ་པར་བྱའོ། །ཆོ་ག་ལ་གསུམ། སའི་ཆོ་ག །སྟ་གོན་གྱི་ཆོ་ག །དངོས་གཞིའི་ཆོ་གའོ། །དང་པོ་ལ་ལྔ། ས་བརྟག་པ། ས་བསླང་བ། ས་སྦྱང་བ། ས་གཟུང་བ། བསྲུང་ཞིང་བྱིན་གྱིས་བརླབ་པའོ། །དང་པོ་ནི། གྲོང་ལ་སོགས་ 5-6-5a པའི་ཕྱི་རོལ་ཏུ་བྱེད་ན་ཕྱོགས་གཞན་བདུན་སྤངས་ལ་དབང་ལྡན་དུ་བྱ། དེ་དག་གི་ནང་དུ་བྱེད་ན་ཡིད་གར་དགའ་བར་བྱ། དེ་ཡང་ལྷའི་ཁྱིམ་དང་གཙུག་ལག་གི་གནས་ཁང་དང༌། ཁང་བཟང་གི་སྟེང་དུ་དུར་ཁྲོད་དང༌། ཚལ་དང་རི་རྩེ་དང་རྡོ་ ལེབ་ཀྱི་གནས་རྣམས་བསྔགས་པར་གསུངས་ཏེ། ཕྱོགས་དང་མཚན་ཉིད་ཀྱི་སྒོ་ནས་བརྟག་པའོ། །གནས་དེ་དག་ཏུ་དཀྱིལ་འཁོར་གྱི་ཁང་པ་བྱེད་པ་དང༌། ས་བརྐོས་ནས་དཀྱིལ་འཁོར་འཁོར་གྱི་སྟེགས་བུ་བྱེད་ན་ནི་ས་དང་ཆུ་ལ་སོགས་པས་རྟོག་པ་ཡིན་ཏེ། ཕལ་ ཆེར་དེ་མི་བྱེད་པ་མང་བར་སྣང་བས་འདིར་དེའི་ལུགས་བཞིན་བྱ་ལ། བྱེད་ན་ནི་ཕྲེང་བ་ལས་ཤེས་པར་བྱའོ། །གཉི་པ་ནི། སྔར་བཤད་པ་ལྟ་བུ་ཡིན་ན་རྒྱལ་པོ་ལ་སོགས་པ་ལ་བསླང་དགོས་ན་དེ་དག་ལ་སློང་བ་ནི་མངོན་པ་ལ་སློང་བ་ཡིན་ལ། མི་མངོན་པ་ལ་ སློང་བ་ནི། རང་ཉིད་བདག་པོའི་རྣལ་འབྱོར་དང་ལྡན་པས། དེར་གནས་པའི་ཞིང་སྐྱོང་ལ་སོགས་པ་ཐུགས་ཁའི་ས་བོན་གྱི་འོད་ཟེར་གྱིས་བཀུག་ལ། ཨ་ཀཱ་རོའི་སྔགས་ཀྱིས་གཏོར་མ་དབུལ་ཞིང་ཉེར་སྤྱོད་ཀྱིས་མཆོད་ནས། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་ སྦྱིན་སྲིན་པོའམ་གཞན་ལ། །ས་འདི་བདག་གིས་བསླང་བར་བགྱི། །དཀྱིལ་འཁོར་དོན་དུ་ཁྱེད་ཀྱིས་སྩོལ། །ཞེས་ལན་གསུམ་གསོལ་བ་གདབ་ལ། རྨི་ལམ་བརྟགས་པས་དེ་རྣམས་ཀྱིས་བྱིན་པའམ་མ་བཀག་པ་ལ་བྱའི་བཀག་པ་ལ་མི་བྱའོ། །གསུམ་ པ་ནི། སའི་ཟུག་རྔུ་དབྱུང་བའི་དོན་དུ་རྐོ་བ་ནི་དཀྱིལ་འཁོར་གྱི་ཁང་པ་བྱེད་པ་དང༌། བཟོས་ནས་སྟེགས་བུ་བྱ་དགོས་པའི་སར་ཡིན་ལ། ལྟོ་འཕྱེ་བརྟགས་ནས་རྐོ་བ་ཡང་དེ་དང་འདྲའོ། །ཁང་བཟང་བྲག་སྟེང་བ་ལང་ལྷས། །གཙུག་ལག་ཁང་སོགས་ཆུ་འགྲམ་ 5-6-5b འམ། །སྔོན་འདུས་བྱས་པའི་གནས་དག་ཏུ། །མ་བརྐོས་ན་ཡང་དག་པ་ཡིན། །ཞེས་གསུངས་པས། གནས་དེ་དག་ཏུ་ས་བརྐོས་ནས་སྦྱོང་བ་མི་དགོས་ལ། འོན་ཀྱང་ཉི་མ་བཟང་པོའི་སྔ་དྲོའི་དུས་སུ་རྒྱལ་བ་སྲས་བཅས་ལ་གསོལ་བ་བཏབ་ལ་གནང་བ་ཞུས་ཏེ། ཉིན་ གུང་ལ་བསྲུང་འཁོར་དང་ཕུར་བུས་བཏབ་པ་བསྒོམས་པས་སམ། དྲག་པོའི་སྦྱིན་སྲེག་གིས་བགེགས་བསྐྲད། གཙོ་བོའི་རྣལ་འབྱོར་དང་ལྡན་པས་དཀྱིལ་འཁོར་གྱི་ས་ལ་ཉུངས་ཀར་དང་ཆུ་དང་ཐལ་བ་ལ་ལས་ཐམས་ཅད་བཟླས་པས་གཏོར་ལ། དེ་བཟླས་ པའི་བ་བྱུང་ལྔས་ཤར་ནས་བརྩམས་ཏེ་བྱུག་ཅིང༌། དྲིའི་ཆུས་ཀྱང་བསང་གཏོར་བྱའོ། །དེ་ནས་རྡོ་རྗེ་སྐྱིལ་ཀྲུང་དང་ས་གནོད་གྱི་ཕྱག་རྒྱ་དང་ལྡན་པས་ཨོཾ་བྷཱུ་ཁཾ་ཞེས་པས་ས་གཞི་སྟོང་ཉིད་དང༌། ཧཱུཾ་ལཾ་ཧཱུཾ་ཞེས་པས་རྡོ་རྗེའི་རྡུལ་ཕྲ་རབ་ཀྱི་རང་བཞིན་དང༌། ཨོཾ་མེ་དི་ནི་ བཛྲི་བྷ་བ་བཛྲ་བན་དྷ་ཧཱུཾ་ཞེས་པས་རྡོ་རྗེའི་རང་བཞིན་དུ་བཅིངས་ཏེ་བརྟན་པར་བྱས་པ་དང༌། ཨོཾ་ཧ་ན་ཧ་ན་བཛྲ་ཀྲོ་དྷ་ཧཱུཾ་ཕཊ་ཅེས་པས་རྡོ་རྗེ་ཁྲོ་བོས་བགེགས་རྣམས་བཅོས་པ་དང༌། ཨོཾ་ཨཱཿཧཱུཾ་ཤོ་དྷ་ཡ་ཤོ་དྷ་ཡ་རཀྵ་ཧཱུཾ་ཧཱུཾ་ཕཊ། ཅེས་པས་རྡོ་རྗེ་གསུམ་བྱིས་ཉེས་ སྐྱོན་ཐམས་ཅད་སྦྱངས་པར་བསམ་ཞིང་ལག་པས་རེག་ཅིང་བྱིན་གྱིས་བརླབ་བོ། །དེ་ནས་བཛྲ་སཏྭ་ཟློས་ཤིང་ཕྱོགས་ཐམས་ཅད་དུ་རྡོ་རྗེའི་ལྟ་བས་བལྟ་ལ། སྣ་ཚོགས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག་པར་མོས་པའི་བླ་ན་མེད་པའི་སྦྱང་བ་བྱའོ། །ས་ སྦྱང་བའི་ཆོ་ག་སྟེ་དང་པོའོ། །བཞི་པ་ནི། དཀྱིལ་འཁོར་གྱི་ཁང་པ་བྱས་ནས་དེ་བརྒྱན་པའི་ནང་དུ་ཕྱིན་ནས་ས་གཟུང་བར་གསུངས་ཏེ་དཀྱིལ་འཁོར་གྱི་ཁང་པ་བྱེད་པའི་ལུགས་སོ། །དེ་བྱེད་དམ་མི་བྱེད་ནའང་དཀྱིལ་འཁོར་གྱི་གནས་སུ་ཕྱིན་ནས་རང་ཆས་གོས་དཀར་ 5-6-6a པོ་གྱོན། གཙུག་ཏོར་དང་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང༌། དྲི་བཟང་བྱུགས་པའི་མེ་ཏོག་བཅལ་དུ་བཀྲམ་པར། ཉི་མ་གསུམ་དུ་ཐུན་གསུམ་ལ་དཀྱིལ་འཁོར་བ་ལ་གཏོར་མ་དབུལ། དེ་ནས་བགེགས་ཞི་བའི་དོན་དུ་ཕྱོགས་སྐྱོང་བཅུ་ལ་གཏོར་ མ་བཏང༌། ཞི་བའི་སྦྱིན་སྲེག་བྱས་ནས་དབང་བསྐུར་གེགས་མེད་པར་འགྲུབ་པའི་དོན་དུ་སློབ་མ་ལ་ཡང་དགང་བླུག་འབུལ་དུ་གཞུག་གོ། ས་གཟུང་བའི་ཆོ་ག་སྟེ་གཉིས་པའོ།། །།ལྔ་པ་ལ་གཉིས། སྔར་ཡོད་ཀྱི་བགེགས་གཞོམ་པ། གསར་དུ་འཇུག་ པའི་བགེགས་བཟློག་པའོ། །དང་པོ་ལ་ལྔ། ལྷའི་རྣལ་འབྱོར་དང་སྤྲོ་བ་བསྐྱེད་དེ་སྙན་མནན་པ། གསོལ་བ་བཏབ་ནས་དཀྱིལ་འཁོར་གདེག་པ། ལངས་ཏེ་ང་རྒྱལ་བཟུང་ནས་བསྐོར་བ་བྱ་བ། བགེགས་ལ་བཀའ་བསྒོ་ཞིང་སྟང་སྟབས་བྱ་བ། བཀའ་བསྒོ་མི་ཉན་ པ་ལ་ཕུར་བུས་གདབ་པའོ། དང་པོ་ནི། དེ་ནས་དཀྱིལ་འཁོར་གྱི་ས་ལ་མེ་ཏོག་གཅལ་དུ་བཀྲམ་པའི་དབུས་སུ། སྔ་མ་བཞིན་དུ་ཆས་སུ་ཞུགས་ནས་ཁ་ཤར་དུ་ཕྱོགས་ནས་འཇུག་སྟེ། བསྙེན་སྒྲུབ་ཡིན་ལག་བཞིའི་རྣལ་འབྱོར་རྫོགས་པར་ བསྒོམས་ལ། ནམ་མཁའ་ལ་དཀྱིལ་འཁོར་པ་དང་བཅས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བཞུགས་པར་བལྟས་ནས། སྙེམས་པ་དང་བཅས་པས་རྡོ་རྗེ་སོར་ཞིང་དྲིལ་བུ་དཀྲོལ་ཏེ། དེང་དུ་བདག་ཚེ་འབྲས་བུ་ཡོད། །བདག་གི་ གསོན་པའང་འབྲས་བུར་བཅས། །བདག་ནི་དམ་ཚིག་ལྷ་རྣམས་དང༌། །མཉམ་པར་འགྱུར་བར་ཐེ་ཚོམ་མེད། །བྱང་ཆུབ་སེམས་དང་སེམས་གཅིག་པས། །བདག་ནི་ཕྱིར་མི་ལྡོག་པར་འགྱུར། །བདག་དེང་དེ་བཞིན་གཤེགས་པ་ཡི། །རིགས་ 5-6-6b སུ་སྐྱེད་པར་གདོན་མི་ཟ། །དེང་བདག་ཉི་མ་དམ་པ་སྟེ། །བདག་ནི་མཆོད་སྦྱིན་བླ་ན་མེད། །སངས་རྒྱས་ཐམས་ཅད་སྤྱན་དྲངས་པས། །དེང་བདག་འདུས་པ་མཆོག་ཡིན་ནོ། །ཞེས་རང་ཉིད་སྤྲོ་བ་བསྐྱེད་ནས། །ལྷ་རྣམས་ལ་མཆོད་ཡོན་སྔོན་དུ་འགྲོ་བའི་ཕྱི་ནང་ གི་མཆོད་པས་མཆོད་ནས། སྤོས་ཕོར་གཟུང་ལྕེ་ཧཱུཾ་ལས་བྱུང་བའི་རྡོ་རྗེར་བྱས་ནས། མ་ལུས་ཕྱོགས་ན་བཞུགས་པ་ཡི། །སངས་རྒྱས་རྣམས་ནི་བདག་ལ་དགོངས། །བདག་མིང་ཆེ་གེ་ཞེས་བྱ་བདག །རྡོ་རྗེ་ཅན་གྱི་དཀྱིལ་འཁོར་བྲི། །སངས་རྒྱས་ཀུན་དེང་ གཤེགས་སུ་གསོལ། །དངོས་གྲུབ་འདི་ནི་སྩལ་དུ་གསོལ། །དཀྱིལ་འཁོར་ཆེན་པོའི་ལས་རྣམས་ནི། །ཅི་ནུས་བཞིན་དུ་རབ་ཏུ་བགྱི། །ཞེས་སངས་རྒྱས་ལ་སོགས་པ་རྣམས་ལ་སྙན་མནན་ཅིང་མཆོད་དོ། །གཉིས་པ་ནི། དེ་ནས་ཕྱོགས་བཞི་ན་གནས་པའི་ སློབ་མ་རྡོར་དྲིལ་འཛིན་ཞིང༌། རྣམ་སྣང་ལ་སོགས་པ་རིགས་བཞི་སོ་སོའི་ང་རྒྱལ་འཛིན་པ་བཞིས། བླ་མ་ལ་དཀྱིལ་འཁོར་གྱི་གཙོ་བོ་དང་དབྱེར་མེད་པར་མོས་ནས། མཆོད་བསྟོད་དང་མཎྜལ་སྔོན་དུ་འགྲོ་བས། ནམ་མཁར་གནས་པའི་རྣམ་སྣང་ལ་སོགས་པ་ དང་ལྷན་ཅིག་ཏུ་གསོལ་བ་བཏབ་པར་བསམས་ལ། ཤར་ནས། དེ་བཞིན་གཤེགས་པ་ཀུན་ཞི་བ། དེ་བཞིན་གཤེགས་པ་ཀུན་གྱི་གནས། ཆོས་ཀུན་བདག་མེད་པ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ལྷོ་ནས། མཚན་རྣམས་ཐམས་ཅད་ ཡང་དག་རྫོགས། །མཚན་མིན་ཐམས་ཅད་ཡང་དག་སྤངས། །ཀུན་ཏུ་བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ནུབ་ནས། ཞི་བའི་ཆོས་ནི་མཆོག་ལས་བྱུང༌། །ཡེ་ཤེས་སྤྱོད་པ་རྣམ་སྤྱོང་མཛད། །ཀུན་ཏུ་བཟང་པོ་གསུང་གི་ 5-6-7a མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། བྱང་ནས། སེམས་ཅན་ཀུན་གྱི་སེམས་ཆེན་པོ། རང་བཞིན་དག་ཅིག་དྲི་མ་མེད། །ཀུན་བཟང་ཐུགས་མཆོག་ཁ་ལོ་སྒྱུར། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཐམས་ ཅད་ཀྱིས་ཐུན་མོང་དུ། ཁྱོད་ཞབས་པདྨོ་མ་གཏོགས་པར། །གཙོ་བོ་གཞན་ལ་སྐྱབས་མ་མཆིས། །ཐུབ་པ་བདག་ནི་འཁོར་བ་ལས། །བསྒྲལ་བའི་ཕྱིར་དུ་དཀྱིལ་འཁོར་བྲིས། །ཞེས་དོན་དྲན་པས་གསོལ་བ་གདའ། བཞི་མེད་ན་གཅིག་གིས་ཀྱང་ཕྱོགས་དེ་ དག་ཏུ་སོང་ནས་བྱ། གཅིག་ཀྱང་མེད་ན་བསྒོམས་ལ་དེ་ལྟར་བྱ་བ་ནི་མན་ངག་གོ། སློབ་དཔོན་གྱིས་ཀྱང་རང་གཙོ་བོར་གནས་པ་ལ་ཕྱོགས་བཞིའི་དེ་བཞིན་གཤེགས་པ་བཞིས་གསོལ་བ་བཏབ་པར་བསམ་མོ། །སློབ་དཔོན་གྱིས་རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཛུབ་ མོ་བརྐྱང་ལ། རྩེ་མོ་སྦྱར་བ་འོག་ཏུ་ཕྱོགས་པ་སྤྱི་བོར་གཟུང་ཞིང༌། ཧཱུཾ་བཛྲ་ཨུ་ཏིཥྛ། ཞེས་བརྗོད་པས་བསྒོམས་པའི་དཀྱིལ་འཁོར་ནམ་མཁའ་ལ་གདེག་གོ། གསུམ་པ་ནི། དེ་ནས་སྐྱིལ་ཀྲུང་བཤིག་ལ་ལངས་ཏེ་ཤར་དུ་ཕྱོགས་པས་མཉམ་པའི་རྐང་སྟབས་ བྱས་ལ། མགོ་བོར་ཐལ་མོ་སྦྱར་ནས། ཨོཾ་པྲ་ན་མ་མི་སརྦ་ཏ་ཐཱ་ག་ཏ་ན། ཞེས་པས་དེ་བཞིན་གཤེགས་པ་རྣམ་ལ་ཕྱག་བྱའོ། །དེ་ནས་སེམས་ཅན་མ་རིག་པའི་མུན་པས་བསྒྲིབས་ཤིང་བདུད་ཀྱི་དབང་དུ་སོང་བ་རྣམས་ལ་བལྟས་ལ་བདུད་བསལ་ བའི་ཕྱིར་དུ། རང་ཉིད་གཙོ་བོ་ལས་ཕྱེ་བའི་ཞེ་སྡང་རྡོ་རྗེ་གཉིས་པ་འཁོར་ཁྲོ་བོའི་ཚོགས་དཔག་ཏུ་མེད་པས་བསྐོར་བར་དམིགས་ལ། མིག་གཡས་པ་མ་ལས་ཉི་མ་དང༌། གཡོན་པ་ཊ་ལས་ཟླ་བ་དང༌། མིག་འབྲས་ཧཱུཾ་ལས་དུས་མཐའི་མེ་ལྟར་ 5-6-7b འབར་བར་བསྐྱེད་དེ། ཁྲོ་བོའི་རྡོ་རྗེའི་ལྟ་བས་ཕྱོགས་ཐམས་ཅད་དུ་བལྟ་ཞིང༌། ཨོཾ་ཀྲོ་དྷ་དྲིཥྚི་ཧཱུཾ། ཞེས་བརྗོད་དེ་ཁྲོ་བོའི་རྡོ་རྗེ་སྤྲོས་པས་བགེགས་ཐམས་ཅད་བཅོམ་པར་བསམ་ལ། རྡོ་རྗེ་གསོར་དྲིལ་བུ་དཀྲོལ་ཞིང་འདི་སྐད་བརྗོད་དེ། བདག་ནི་རང་ཉིད་ རྡོ་རྗེ་ཅན། །རྡོ་རྗེ་སེམས་དཔའ་བདག་རང་ཉིད། །བདག་ནི་སངས་རྒྱས་རྒྱལ་པོ་ཆེ། །རྡོ་རྗེ་ཅན་བདག་སྟོབས་པོ་ཆེ། །བདག་ནི་རྣལ་འབྱོར་དབང་ཕྱུག་རྒྱལ། །བདག་ནི་ཕྱག་ན་རྡོ་རྗེ་བརྟན། །བདག་གི་བདག་པོ་རྡོ་རྗེ་ཆེ། །དེང་བདག་རྡོ་རྗེ་སེམས་དཔར་གྲུབ། །ཞེས་ལྷའི་ ང་རྒྱལ་བརྟན་པར་གཟུང་ངོ་། །དེ་ནས་རྐང་པའི་མཐིལ་གཉིས་ཧཱུཾ་ལས་བྱུང་བའི་རྡོ་རྗེ་འབར་བར་བསྒོམས་ལ་རྐང་པ་བྱིན་གྱིས་བརླབ། རྐང་མཐིལ་དེས་རྡོ་རྗེ་ས་ལ་བྲི་ལ། འགྱིང་བ་དང་བཅས་པའི་པད་སྐོར་བྱེད་ཅིང༌། རྡོ་རྗེ་གསོར་དྲིལ་བུ་དཀྲོལ། ཧཱུཾ་གི་སྒྲ་དྲག་པོ་བརྗོད་ ལ། རྡོ་རྗེའི་རྐང་སྟབས་ཀྱིས་དབང་ལྡན་དུ་འགྲོའོ། །བཞི་པ་ལ་གཉིས། བགེགས་པ་བཀའ་བསྒོས་ནས་བསྐྲད་པ་དང་། སྟང་སྟབས་བྱས་ནས་མཚམས་རྔམ་བྱ་བའོ། །དང་པོ་ནི། དེ་ནས་བརྩམས་ཏེ་སློབ་མ་དང་ལྷན་ཅིག་གཡས་སྐོར་དུ་རྡོ་རྗེའི་རྐང་སྟབས་ཀྱིས་གར་ བྱེད་ཅིང་བསྐོར་ལ། དབང་ལྡན་ནས་བཀའ་བསྒོ་བར་བྱ་སྟེ། ལྷ་དང་ལྷ་མིན་གནོད་སྦྱིན་དང་། །སྲིན་པོ་ཡི་དྭགས་ཤ་ཟ་དང་། །བརྗེད་བྱེད་འབྱུང་པོ་མཁའ་འགྲོ་དང་། །མཁའ་འགྲོ་མ་དང་གནོན་པོ་དང་། །རྒན་པོ་དང་ནི་རྒན་མོ་དང་། །རྗེས་སུ་འབྲ་བའི་འཁོར་དང་ ནི། །ནམ་མཁའ་ལྡིང་དང་མིའམ་ཅི། །གསང་སྔགས་གྲུབ་པ་གང་སུའང་རུང་། །ཁྱེད་ཅག་རྣམས་ནི་ཕྱིར་དེངས་ཤིག །ས་གཞི་ཡི་ནི་ཕྱོགས་འདི་རུ། །སློབ་དཔོན་ཆེ་གེ་མོ་བདག་གིས། །སྦྱིན་པའི་བདག་པོ་ཆེ་གེ་མོ། །མངོན་པར་རྫོགས་པར་བྱང་ཆུབ་ 5-6-8a བར། །ཡོངས་སུ་རྫོགས་པར་བྱ་དོན་དང་། །སེམས་ཅན་ཐམས་ཅད་བླ་མེད་ཀྱི། །ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར། །དཔལ་ལྡན་གསང་བ་འདུས་པ་ཡི། །དཀྱིལ་འཁོར་བདག་གིས་བྲི་བར་བྱ། །རྡོ་རྗེ་འཆང་ཆེན་བཀའ་འདི་དེ། །ཐོས་ནས་མྱུར་དུ་བྱེད་ པར་གྱིས། །གང་ཞིག་མི་འགྲོ་བ་དེ་ནི། །བདག་གི་རབ་འབར་ཧཱུཾ་ཡི་གེ། །འབར་ཞིང་རབ་ཏུ་འབར་གྱུར་པ། །ཡེ་ཤེས་ཆེན་པོའི་རྡོ་རྗེ་འདིས། །མགོ་བོ་ཚལ་བ་བརྒྱར་དགས་སོ། །ཞེས་པའམ་ཡང་ན། ལུས་ངག་སེམས་ལ་གནས་པ་ཡི། །བགེགས་ཀྱི་ཚོགས་ ཀུན་ཡང་དག་ཉོན། །ད་ནི་དཔལ་ལྡན་རྡོ་རྗེ་འཆང༌། །བཀའ་ཡི་འཁོར་ལོ་སྦྱོར་བ་པོ། །རྡོ་རྗེ་འབར་བའི་གཟུགས་ཀྱིས་ནི། །ལུས་གསུམ་ལས་བྱུང་དགས་བྱ་སྟེ། །གལ་ཏེ་ཁ་ཅིག་བདག་ལས་འདས། །འདིར་ནི་འཇིག་འགྱུར་གཞན་དུ་མིན། །ཞེས་ལན་གསུམ་ བརྗོད་ཅིང་ཁྲོ་བོ་དཔག་ཏུ་མེད་པ་སྤྲོས་པས་བགེགས་ཐམས་ཅད་བསྐྲད་པར་བྱ་ཞིང་། དཀྱིལ་འཁོར་གྱི་ས་གཞི་ཡང་དབང་ཆེན་གསེར་གྱི་ས་གཞི་ལ་ཐུག་གི་བར་དུ། ཧཱུཾ་ལས་བྱུང་བའི་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ་བོ། །བཀའ་བསྒོ་ཐུང་བ་འདི་ འདུས་པ་དང་རྐང་པ་དང་པོ་གཉིས་མི་འདྲ་ཞིང་ཡུལ་ཡང་མི་འདྲ་ཡང་བགེགས་ལ་འདོན་པ་བསྒྱུར་དུ་རུང་བས་སྐྱོན་མེད་དོ། །གཉིས་པ་ནི། དེ་ནས་ཁྲོ་བོའི་ཉམས་དང་ལྡན་པས་ཧཱུཾ་ཡིག་བརྗོད་ཅིང་ལག་པ་གང་བསྐོར་བའི་ཕྱག་རྒྱ་དང་བཅས་པས་ཤར་དུ་ ཕྱིན་ནས་གཡས་བརྐྱང་དང༌། ལྷོར་གཡོན་བརྐྱང་དང༌། ནུབ་ཏུ་ས་ག་དང༌། བྱང་དུ་ཟླུམ་པོ་དང༌། དབུས་སུ་མཉམ་པ་ལ་སོགས་པའི་སྟང་སྟབས་རྣམས་བྱས་ལ། དབང་པོ་ལ་སོགས་པའི་བགེགས་རྣམས་བསྡིགས་པར་བྱའོ། །དེ་ལ་གཡས་བརྐྱང་ 5-6-8b ནི་རྐང་པ་གཡོན་པའི་བྱིན་པ་བསྐུམས་ནས་མཐོ་ལྔའི་བར་དུ་གཡས་པ་འགྱིངས་བ་དང་བཅས་པ་དྲང་པོར་བརྐྱང་བའོ། །གཡོན་བརྐྱང་ནི་དེ་ལས་བཟློག་པའོ། །ས་ག་ནི་སོར་ཉི་ཤུ་རྩ་དྲུག་གི་རྒྱར་རྐང་པའི་སོར་མོ་ལོགས་སུ་བསྟན་ཞིང་། པུས་མོ་གཉིས་དྲང་ པོར་བྱས་པའོ། །ཟླུམ་པོ་ནི་ས་གའི་རྐང་སྟབས་ཉིད་བར་དུ་ཁྲུ་དོ་པ་དང་པའི་གཤོག་པ་ལྟར་བྱས་པའོ། མཉམ་པ་ནི་རྐང་པ་གཉིས་ཀྱི་སོར་མོ་ཕན་ཚུན་སྦྱར་བ་སྟེ། རྐང་པའི་མཐེ་བོང་དང་རྟིང་པའི་ལོགས་གཉིས་བཅེར་བའོ། །འདི་རྣམས་དང་རྡོ་རྗེའི་རྐང་སྟབས་ ལ་ཧཱུཾ་ཡིག་བརྗོད་པར་ཀླུ་བྱང་བཞེད་ལ། སྟང་སྟབས་ཀུན་ལ་ཇི་ལྟར་རིགས་པར་རྡོ་རྗེའི་མིག་གིས་མདུན་དུ་ལྟ་བའི་མངོན་དུ་ཕྱོགས་པ་དང་རྒྱབ་ཏུ་ལྟ་བའི་ཕྱིར་ཕྱོགས་པ་སྟེ་ལྟ་བ་གཉིས་དགོས་པར་ཕྲེང་བ་ལས་བཤད་དོ། །བསྐོར་བའི་དུས་སུ་སྒོ་སོ་སོར་རང་གི་ གཡོན་དུ་གནས་པའི་སློབ་མའི་དྲིལ་བུའི་ནང་དུ་རང་གི་རྡོ་རྗེ་དང་དེའི་རྡོ་རྗེ་ཡང་རང་གི་དྲིལ་བུར་གཞུག །དེ་ལྟར་མདུན་དང་གཡས་དང་རྒྱབ་ཏུ་ཡང་བྱ་བའི་ཁ་སྦྱོར་བཅུ་དྲུག་བྱའོ། །དེའི་སྔས་ནི་ཨོཾ་ཁ་བཛྲ་དྷྲིཀ་བཛྲ་ཧཱུཾ་ཀཱ་ར་བཛྲ་ཧཱུཾ་ཕཌ་ཅེས་པའོ། །དང་པོར་རྩེ་གཅིག་ པས་བསྐོར། དེ་ནས་རྩེ་གསུམ་པ་དང༌། དེ་ནས་རྩེ་ལྔ་བ་དང་། དེ་ནས་སྣ་ཚོགས་རྡོ་རྗེའི་རྐང་སྟབས་ཀྱིས་བསྐོར། གཡས་བརྐྱང་སོགས་བྱེད་པ་ན། བསྐོར་བ་རེ་རེ་དང་གསུམ་གསུམ་བྱས་ནས་བྱེད་པ་དང་ངེས་པ་མེད་པའི་ལུགས་གསུམ་བཤད་དོ། །ཤེས་ཤིང་ནུས་ ལ་སྤྲོ་ན་དཀྱིལ་ཆོག་ནས་འབྱུང་བའི་སྟང་སྟབས་རྒྱས་པར་བྱ། མི་ཤེས་པས་སམ་མི་ནུས་པས་སམ་བསྡུས་པ་ལ་དགའ་བས་སམ། མི་འདོད་པས་ཀྱང་རུང་སྟེ། རྡོ་རྗེའི་རྐང་སྟབས་ལ་སོགས་པ་ཐམས་ཅད་དམ་ཉུང་ཟད་མ་བསྒྲུབས་ཀྱང་སྐབས་དོན་མི་ 5-6-9a ཉམས་ཏེ། བགེགས་བསལ་བ་ནི་བསྐོར་བ་ལ་སོགས་པས་ཀྱང་འགྲུབ་པའི་ཕྱིར་རོ། །ཞེས་མན་ངག་རིག་པ་རྣམས་གསུང་ངོ་ཞེས་ཕྲེང་བ་ལས་གསུངས་པ་ལྟར་ཡིན་པས། སྟང་སྟབས་རྣམས་མི་བྱེད་ན་རྐང་མཐིལ་ཧཱུཾ་ལས་རྡོ་རྗེར་བསྐྱེད་ནས་ བསྐོར་བ་དང་དམིགས་པ་བྱས་པས་ཀྱང་འགྲུབ་བོ། །ལྔ་པ་ནི། དེ་ནས་བཀའ་བསྒོ་མི་ཉན་པའི་བགེགས་རྣམས་ལ་ཕུར་བས་གདབ་པར་བྱ་སྟེ། དེ་ཡང་སྒྲུབ་ཐབས་བཞིན་རང་ཞེ་སྡང་རྡོ་རྗེར་བསྐྱེད་ལ་ཁྲོ་བོ་བཅུ་སྤྲོས་ཏེ་ཕྱོགས་བཅུར་དགོད། སེང་ལྡེང་གི་ ཕུར་བ་སྲིད་དུ་སོར་བཅུ་གཉིས་པའམ་བརྒྱད་པ། སྦོམས་སུ་དེའི་སུམ་ཆ་དང་ལྡན་པ། སྟོང་ཁྲོ་བོ་བདུད་རྩི་འཁྱིལ་པའི་རྣམ་པ་ཅན་ལ། ལྟེ་བ་མན་ཆད་མདུད་རྩེ་གཅིག་པའི་རྣམ་བ་ཅན་དུ་བྱས་པ་བཅུ་ལ། །ཉུངས་དཀར་དང་ཙནྡན་དམར་པོས་བྱུང༌། །ཚོན་ སྣ་ལྔའི་སྐུད་པས་རིམ་པ་བཞིན་དུ་དཀྲི། མེ་ཏོག་གི་ཕྲེང་བ་དམར་པོ་རེ་གདགས་ལ་སྣོད་གསར་པར་བཞག །ལས་ཐམས་ཅད་པ་བཟླས་པའི་ཆུས་བསངས། སྟོང་པར་སྦྱངས་ལ། སྟོང་པའི་ངང་ལས་སྟོད་བདུད་རྩི་འཁྱིལ་བ་ཞལ་གསུམ་ཕྱག་དྲུག་པ། སྨད་སྔར་ བཤད་པ་བཞིན་གྱི་ཁྲོ་བོ་རྡོ་རྗེ་ཕུར་བུར་ལྷག་པར་མོས་པའམ་ཆོ་ག་གསུམ་གྱིས་བསྐྱེད། ཡེ་ཤེས་པ་གཞུག །རིགས་བདག་དོན་འགྲུབ་ཡབ་ཡུམ་གྱིས་བྱང་ཆུབ་ཀྱི་སེམས་ཀྱིས་དབང་བསྐུར། ཉེར་སྤྱོད་ཀྱིས་མཆོད་ལ་ལག་པས་རེག་སྟེ་ཡི་གེ་གསུམ་ དང་ཡི་གེ་བརྒྱ་པ་བཟླས་ལ་བྱིན་གྱིས་བརླབ་བོ། །རྡོ་རྗེ་ཐོ་བ་མེ་ཏོག་དམར་པོའི་ཕྲེང་བ་བཅིངས་པ་ཡང་བསངས་སྦྱངས་ནས་གནོད་མཛེས་ཀྱི་གཡས་ཀྱི་ཕྱག་མཚན་དང་པོ་ཡོངས་སུ་གྱུར་པ་ལས་ཐོ་བར་བསྐྱེད་དོ། །དེ་ནས་ཕུར་བུའི་སྐོར་མ་གཏོགས་པ་གནོད་ 5-6-9b མཛེས་ལ་བཀའ་བསྒོ་བ་ནས་ཕུར་བུས་གདབ་པའི་བར་སྒྲུབ་ཐབས་བཞིན་བྱ་སྟེ། འོད་ཟེར་གྱི་ཕྲེང་བའི་ཕྱིའམ་དཀྱིལ་འཁོར་གྱི་ཁང་པའི་ཕྱི་རོལ་ཏུ། དབང་ལྡན་ནས་བརྩམས་ཏེ་གཡས་བསྐོར་གྱིས་ཕུར་བུས་གདབ་སྟེ་གི་ནི་ཤར་གྱི་ཤར་དང་འོག་ གི་ནི་ནུབ་ཀྱི་ནུབ་ཏུའོ། །དེ་ལྟར་བྱས་པས་བགེགས་ལྷག་མ་རྣམས་ཀྱང་རིང་དུ་འབྲོས་པ་དང༌། སྟེང་འོག་དང་ཁོར་ཡུག་ཆེན་པོའི་བར་དུ་འགྲོ་བ་རྣམས་བགེགས་དང་བྲལ་བར་མོས་པ་བརྟན་པོ་བྱ། ཕུར་བུ་རྣམས་སའི་གོང་བུ་བཅུའི་སྦུབས་སུ་གཞུག །ཉི་མ་ རེ་རེ་ཞིང་མཐུན་སོ་སོ་ལ་ཕུར་བུའི་ཁྲོ་བོ་རྣམས་ལ་གཏོར་མ་དང་མཆོད་པ་དབུལ། ཕུར་བུ་ཐེབས་ནས་ཁྲོ་བོ་བཅུ་གཤེགས་སུ་གསོལ་ལོ། །ཕུར་བུ་དངོས་སུ་མེད་ན་སྒྲུབ་ཐབས་བཞིན་བསམ་གཏན་གྱི་ཕུར་བས་ཀྱང་བྱ་བར་རུང་ངོ་། །བཤད་རྒྱུད་རྡོ་རྗེ་ཕྲེང་བ་ ལས་སུམ་བྷ་ནི་ལ་སོགས་པའི་སྔགས་བཞི་ལ་མགོ་བོར་ཨོཾ་དང་མཐར་ཧཱུཾ་ཧཱུཾ་ཕཊ་སྦྱར་བ་རིམ་པ་བཞིན་ཤར་ལ་སོགས་པའི་ཕྱོགས་བཞིར་སོང་ནས་བཟླས་ཏེ་བཀའ་བསྒོ་བ་དང༌། ཕུར་བུ་རྡུང་བའི་ཚེ་ཨོཾ་བཛྲ་མུད་ག་ར་བཛྲ་ཀཱཾ་ལ་ཡ། ཨ་ཀོ་ཊ་ཡ་ཧཱུཾ་ཧཱུཾ་ཕཊ། ཅེས་བརྗོད་ནས་བརྡུང་བར་བཤད་དོ། །གཉིས་པ་ནི། དེ་ནས་གསར་དུ་བགེགས་འཇུག་པ་ལས་བསྲུང་བའི་དོན་དུ། ཊཀྐི་ཧཱུཾ་ཛས་ལྕགས་ཀྱི་རྡོ་རྗེའི་ར་བ་དང༌། དེའི་སྟེང་དུ་ཧཱུཾ་ཡིག་ལས་རྡོ་རྗེའི་གུར་དང༌། གུར་གྱི་འོག་ར་བའི་སྟེང་དུ་རྡོ་རྗེའི་བླ་རེ་དང༌། འོག་གཞི་ཧཱུཾ་ ལས་སྣ་ཚོགས་རྡོ་རྗེའི་ས་གཞི་དང༌། ཕྱིའི་ཕྱོགས་མཚམས་ཀུན་ཏུ་མདའི་དྲ་བ་དང༌། སྟེང་འོག་གཉིས་གཙུག་ཏོར་དང་གནོད་མཛེས་ཀྱི་སྔགས་ཀྱིས་བྱིན་གྱིས་བརླབ་བོ། །དེ་ནས་བགེགས་ཀྱང་རང་གི་སེམས་ཀྱིས་བཏགས་པ་ཙམ་ལས་གཞན་ནི་མེད་ 5-6-10a ལ། སེམས་ཀྱང་རང་བཞིན་མེད་པའོ་སྙམ་དུ་བསམས་ནས་གཞན་ལ་བདེ་བ་སྒྲུབ་པ་ལྷུར་ལེན་པའི་བསམ་པས་བྱང་ཆུབ་མཆོག་བསྒྲུབ་པར་བྱའོ་སྙམ་པའི་བློ་བརྟན་པར་བྱའོ། །བགེགས་ནེ་བར་ཞི་བའི་ཆོ་ག་སྟེ་གསུམ་པའོ། ། དཀྱིལ་འཁོར་གྱི་དབུས་སུ་འདུག་ནས་སྒྲུབ་ཐབས་བསྒོམ་པ་ལ་སོགས་པ་འདི་རྣམས་བསམ་གཏན་གྱི་ཆོ་ག་ལ་ཡང་བྱ་བར་ཕྲེང་བ་ལས་བཤད་པས། རས་བྲིས་ཀྱི་ཆོད་ག་ལ་ཡང་འདི་རྣམས་བྱའོ། །བརྟགས་བསླད་གནང་གསོལ་དྲག་པོ་དང༌། རྫས་ སྔགས་ལྟ་བ་སྟོང་པས་སྦྱང༌། །གཏོར་མ་སྦྱིན་སྲེག་སྒྲུབ་ཐབས་བསྒོམ། །སྤྲོ་དང་སྙན་མནན་གསོལ་གདབ་གདེག །ཕྱག་འཚལ་གསལ་གདབ་མིག་བསྐྱོད་བལྟ། །ང་རྒྱལ་རྐང་པ་བྱིན་བརླབ་འགྲོ། །བསྐོར་ནས་བཀའ་བསྒོ་སྟང་སྟབས་བྱ། །ཁ་སྦྱོར་ བདག་བསྐྱེད་ཕུར་བུ་བསྒྲུབ། །ཕུར་གདབ་ར་བ་སོགས་ཀྱིས་བསྲུང༌། །ས་ཆོག་སྡོམས་སུ་བསྡུས་པའོ།། །།གཉིས་པ་སྟ་གོན་གྱི་ཆོ་ག་ལ་བཞི། །ལས་ཀྱི་ཐིག་གདབ་པ། ལྷག་གནས་གསུམ་བྱ་བ། ལྷ་ལ་གསོལ་བ་གདབ་པ། སློབ་མ་ལྷག་པར་གནས་ པའོ། །དང་པོ་ལ་བཞི། ཐིག་སྤྱིའི་རྣམ་གཞག །ཐིག་སྐུད་འདུ་བྱ་བ། བྱས་ནས་ཐིག་གདབ་པ། ཐེབས་ནས་གཤེགས་སུ་གསོལ་བའོ། །དང་པོ་ནི། ལས་ཐིག་སྔོན་དུ་བཏབ་ནས་ཡེ་ཐིག་རྗེས་སུ་འདེབས་པར་ས་ར་ཧ་དང་ནག་པོ་སྦྱོད་པ་དང་ཨ་བྷྱ་དང་ནི་བྷཱུ་ ཏིས་བཤད་པ་ལྟར་བྱ་དགོས་ཏེ། ཡེ་ཐིག་ནི་ལས་ཐིག་བྱིན་གྱིས་རློབ་བྱེད་ཡིན་པའི་ཕྱིར་རོ། །ལས་ཐིག་འདེབས་པའི་དུས་ནི་རྡོ་རྗེ་མཁའ་འགྲོ་ལ་སོགས་པའི་རྒྱུད་དང་དཀྱིལ་ཆོག་ཕལ་མོ་ཆེར་སྟ་གོན་གྱི་འོག་དངོས་གཞིའི་སྐབས་སུ་འདེབས་པར་ 5-6-10b གསུངས་པ་ནི། ནམ་མཁའ་ལ་འདེབས་པ་ལ་སོགས་པའི་ཁྱད་པར་འགའ་ཞིག་མ་གཏོགས་པ་ལ་ལ་འདེབས་པ་ལ་སོགས་པའི་ཆོ་ག་རྣམས་ཐུན་མོང་བ་ལ་དགོངས་ནས། ཡ་ཐིག་གི་སྐབས་སུ་དེ་ལྟར་གསུངས་སོ། །བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས་ལྷ་སྟ་གོན་ གྱི་སྔོན་དུ་ལས་ཐིག་གདབ་པར་གསུངས་པའི་རྗེས་སུ་འབྲངས་ནས་ཀླུའི་བློས་ས་ཆོག་ཟིན་པའི་འོག་ཏུ་ལས་ཐིག་གདབ་པ་མཛད་དོ། །དེ་ལྟར་ཚུལ་གཉིས་བཤད་ཀྱང་ལག་ལེན་ལ་ཕྱི་མ་ལྟར་བྱ་དགོས་ཏེ། ལྭ་བ་པ་དང་ནག་པོ་སྤྱོད་པ་སོགས་ཀྱིས་ལྷ་སྟ་གོན་ གྱི་དྲིའི་བྱུང་པ་རྣམས་ལྷ་རྣམས་ཀྱི་གནས་སུ་བྱུང་བར་གསུངས་ཤིང༌། མི་ཐུབ་ཟླ་བས་ཀྱང་། དཀྱིལ་འཁོར་གང་དུ་ངེས་པ་ཡིན། །དཀྱིལ་འཁོར་དེར་ནི་དྲི་ལྔ་འམ། །ཡང་ན་གཞན་གྱིས་བྱུག་པར་བྱ། །ཞེས་ཚོན་གྱིས་འབྲི་བའི་དཀྱིལ་འཁོར་འཁོར་གང་དུ་ལྷ་འོང་ བའི་གནས་ངེས་པ་དེར། ལྷ་སྟ་གོན་གྱི་དྲིའི་དཀྱིལ་འཁོར་བྱ་བར་གསུངས་ལ། ཐིག་མ་བཏབ་ན་དེ་འདྲ་བའི་ལྷའི་གནས་ངེས་པ་མི་རྟོགས་པའི་ཕྱིར་རོ། །བཤད་རྒྱུད་རྗེ་རྗེ་ཕྲེང་བ་ལས། ལས་ཀྱི་ཐིག་སྐུད་ཡི་གེ་གསུམ་གྱིས་རྣམ་པར་སྦྱོང་བ་དང༌། དེ་ལ་ བསང་གཏོར་དང་མེ་ཏོག་གིས་མཆོད་པ་དང་སྔགས་བཟླས་ནས་ལྷག་གནས་བྱ་བར་གསུངས་ལ། བྷ་བ་བྷ་དྲས་ལས་ཐམས་ཅད་པའི་ཐིག་སྐུད་དུ་བཤད་ཅིང༌། དོན་ཡོད་ཞབས་ཀྱིས། དེ་ནས་ཁ་དོག་གཅིག་པའི་སྐུད་པ་ལས་ཐམས་ཅད་པར་བྱིན་གྱིས་ བརླབས་པས་སའི་ཐིག་གདབ་ལ། ཞེས་བཤད་པས་གཤེར་ཐིག་གི་ཐིག་སྐུད་ནི་ལས་ཐམས་ཅད་པ་གང་ཡིན་དུ་བསྐྱེད་དགོས་ཏེ་ལས་བུམ་བཞིན་ནོ་ཀླུའི་བློས་ལས་ཐིག་འདེབས་མཁན་སློབ་དཔོན་དང་སྒྲུབ་གྲོགས་ཀྱིས་བྱ་བ་དང༌། དཔོན་སློབ་ 5-6-11a གཉིས་ཀྱི་སྡོད་ས་དང་ཁ་ལྟ་ཕྱོགས་ངེས་པ་ཅན་གསུངས་ཤིང༌། ཕྲེང་བ་ལས་དང་པོར་ཟླུམ་སྐོར་གྱི་ཉའི་མཚན་མ་བྱས་པའི་སྟེང་དུ་ཐིག་འདེབས་པ་ལ། དཔོན་སློབ་གཉིས་ཀྱི་རྐང་སྟབས་དང་སློབ་མས་རྒྱབ་མི་སྟོན་པར་འགྲོ་བ་དང་ རྡོ་རྗེ་ཁུ་ཚུར་གྱིས་ཐིག་སྐུད་བཟུང་བ་སོགས་བཤད་པས། ཡེ་ཐིག་གི་སྐབས་སུ་བཤད་པའི་ཆོ་ག་ཐུན་མོང་བ་རྣམས་འདིར་ཡང་བླང་དགོས་སོ། །གཉིས་པ་ནི། ཐིག་སྐུད་ཀྱི་རྒྱུད་ནི་གཙང་ཞིང་མ་ཉམས་ལ་འཇམ་པའི་རས་བལ་ལམ། བཙོ་མ་སྟེ་སྒྲ་ མ་འདྲེས་པའོ། །ཕྲེང་བར་ཡེ་ཐིག་གི་རྒྱུའི་ཐིག་སྐུད་དཀར་པོ་ལ་དཔའ་བོའི་རིན་གྱིས་ཉོས་པའི་རས་བལ་དང༌། གཞོན་ནུ་མ་མཉམས་པས་བཀའ་བ་བདམ་ང་ཅན་དང༌། ཁ་ བསྒྱུར་བའི་ཡེ་ཐིག་སློབ་དཔོན་དང་སྒྲུབ་གྲོགས་ཀྱིས་འཁེལ་བའི་ ཚུལ་སོ་སོར་བཤད་པས། ལས་ཐིག་གི་ཐིག་སྐུད་ནི་སྔ་མ་ལྟར་བྱ་སྟེ། དམ་ཚིག་ཅན་གྱིས་བཀལ་བས་ཀྱང་ཆོག་གོ། །དེ་ཡང་ཁ་དོག་དཀར་པོ་གསུམ་སྒྲིལ་འཇུར་མདུད་མེད་ཅིང་བཀའ་ལེགས་པ། དཔོན་སློབ་གཉིས་ཀྱི་མཛུབ་མོ་ནས་ སོར་མོ་བཞིའི་དབུས་སུ་བཅུག་ཅིང་དྲངས་ནས། རྡོ་རྗེ་ཁུ་ཚུར་དུ་བྱས་པས་མཛུབ་མོའི་རྒྱབ་ས་ལ་སྦྱར་བ་མ་གཏོགས་པ། རིང་དུ་དཀྱིལ་འཁོར་གྱི་ཉིས་འགྱུར་སྦོམས་སུ་སྒོའི་ཉི་ཤུ་ཆ། དཀྱིལ་འཁོར་གཞན་དུ་ལོངས་མ་སྤྱད་པ། དྲི་ ཞིམ་པོའི་ཆུ་དང་བདུད་རྩི་ལྔ་དང་བའི་རྣམ་ལྔས་བྱུགས་ཏེ། ཐིག་སྐུད་ཀྱི་མཐའ་གཉིས་དང་དབུས་སུ་ཨོཾ་ཨཱཿཧཱུཾ་བཀོད་ལ། དྲིས་བྱུགས་པའི་གསེར་ལ་སོགས་པའི་སྣོད་གཙང་མར་བཞག །རང་གཙོ་བོའི་རྣལ་འབྱོར་དང་ལྡན་པས་བསང་ 5-6-11b སྦྱང་སྔོན་དུ་བཏང་སྟེ། བགེགས་མཐར་བྱེད་དུ་བསྐྱེད་ཡེ་ཤེས་པ་གཞུག་པ་སོགས་བྱས་ལ་མཆོད་དེ། ལག་པས་རེག་ཅིང་ལས་ཐམས་ཅད་པ་བཟླས་ལ་བསྲུང༌། དེ་ནས་མིག་གཡས་གཡོན་མ་དང་ཊ་ལས་ཉི་ཟླ་སེར་པ་དང༌། བཛྲ་དྲིཥྚི་མ་ཊ་ཞེས་ པས་བརྟེན་པར་བྱས་ལ། ལས་ཐམས་ཅད་པ་བཟླས་པའི་བདུད་རྩི་ལྔའི་ཆུ་དང་ཡུངས་ཀར་དང་དྲིའི་ཆུས་གཏོར་ལ། རྡོ་རྗེ་དང་བཅས་པའི་ལག་པག་གཡས་པས་རེག་སྟེ། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མ་ཏི་ཀྲ་མ་ཧཱུཾ་ཞེས་བཟླས་ནས། ཨོཾ་ཨཱཿཧཱུཾ་ཕཊ་ སྭཱཧཱ་ཞེས་བརྒྱ་རྩ་བརྒྱད་བཟླས་ནས་ལྷག་གནས་བྱའོ། །དེ་ནས་ཨོཾ་ཨ་མོ་གྷ་པདྨ་བ་སུན་དྷ་རི་དྷ་རི་དྷ་རི་ནི་མཎྜ་ལི་ཧཱུཾ་ཞེས་པ་དང་ཡི་གེ་བརྒྱ་པ་ལན་བདུན་བཟླས་ལ། ཐིག་སྐུད་ལ་མེ་ཏོག་གཏོར་ཞིང་ཞབས་བསིལ་གྱི་ཆུས་བསང་ངོ་། །གསུམ་པ་ ལ་གཉིས། ཐིག་ཆེན་བརྒྱད་གདབ་པ། ཐིག་ལྷག་མ་རྣམས་གདབ་པའོ། །དང་པོ་ནི། དེ་ནས་དཀྱིལ་འཁོར་གྱི་ས་ལ་ཨོཾ་སརྦ་སྃ་ཤོ་དྷ་ནི་ཧཱུྃ་ཕཊ། ཅེས་པས་དྲིའི་ཆུས་བསང་གཏོར་བྱས་ཏེ་གཙང་མར་བྱ། དྲིས་བྱུགས་ནས་ཕྱི་རོལ་ཏུ་མེ་ཏོག་ གཅལ་དུ་བཀྲམ། ནམ་མཁའ་ལ་བྲི་བྱའི་དཀྱིལ་འཁོར་བཞུགས་པར་དམིགས་ཏེ་མཆོད་ཡོན་སྔོན་དུ་འགྲོ་བས་མཆོད་ཅིང་བསྟོད་ནས། རང་མི་བསྐྱོད་པའི་རྣལ་འབྱོར་དང་ལྡན་བས་རྣམ་སྣང་དམ་བགེགས་མཐར་བྱེད་དུ་བསྐྱེད་པའི་སློབ་མ་ སློབ་དཔོན་ལ་རྒྱབ་མི་སྟོན་པར་འགྲོ་བ་དང་ལྷན་ཅིག་ཡི་གེ་གསུམ་ཟློས་ཤིང་ཐིག་གདབ་སྟེ། དེ་ཡང་ཐོག་མར་དཀྱིལ་འཁོར་གྱི་དབུས་བཙལ་ལ་ཇི་ལྟར་རིགས་པའི་ཟླུམ་པོ་གཅིག་བསྐོར། དེའི་ཕྱོགས་བཞིར་ཐིག་ལེ་རེ་བྱས་པའི་སྟེང་དུ་ 5-6-12a ཟླུམ་པོ་བཞི་བསྐོར། སློབ་དཔོན་ནུབ་དང་སློབ་མ་ཤར་ནས་ཕན་ཚུན་དུ་མངོན་པར་ཕྱོགས་ཏེ། ཕྱོགས་ཐམས་ཅད་རང་བཞིན་མེད་པར་མཉམ་པ་ཉིད་དོ་སྙམ་པ་ཉིད་དོ་སྣམ་དུ་མོས་ནས། རང་དང་སློབ་མའི་མིག་གཉིས་ཛ་ལས་སྐྱེས་ པའི་ཉི་མ་དང་ཟླ་བ་འོད་ཟེར་སེར་པོ་ཅན་དུ་བསྒོམས་ཏེ། སློབ་དཔོན་གྱིས་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་ལྟེ་བར་ཐིག་སྐུད་བཟུང་ལ། ཛྫཿ ཛྫཿ ཛྫཿ ཞེས་པ་དང་ཛ་གསུམ་གྱིས་བཏང་ཞིང༌། སློབ་མས་ཀྱང་དེ་དག་བརྗོད་ནས་དྲངས་ཏེ་གཡོན་ པའི་རྡོ་རྗེ་ཁུ་ཚུར་གྱིས་ལྟེ་བར་བཟུང་ལ། རང་རྐང་པ་གཡོན་པ་སྐྱིལ་ཀྲུང་ཕྱེད་པ་དང༌། གཡས་པ་ས་ལ་བཙུགས་ཏེ་བསྡད། སློབ་མས་དེ་ལས་བཟློག་སྟེ་བསྡད་ནས་ཤར་ནུབ་ཀྱི་ཚངས་ཐིག་གདབ། སྔར་བཤད་པ་བཞིན་གཉིས་ཀས་ རྐང་པ་བྱིན་གྱིས་བརླབས་ཏེ་རྡོ་རྗེའི་རྐང་སྟབས་ཀྱིས་གཡོས་བསྐོར་དུ་སོང་སྟེ་སློབ་དཔོན་ལྷོ་དང་སློབ་མ་བྱང་དུ་གནས་པས་ལྷོ་བྱང་གི་ཚངས་ཐིག་གདབ། སློབ་དཔོན་མེ་དང་སློབ་མ་དབང་ལྡན་དུས་གནས་པས་ཤར་གྱི་རྩ་ཐིག་དང༌། སློབ་དཔོན་དེ་ ཉིད་དང་སློབ་མ་བདེན་བྲལ་དུ་གནས་པས་ལྷོ་དང༌། སློབ་མ་དེ་ཉིད་དང་སློབ་དཔོན་རླུང་དུ་གནས་པས་ནུབ་དང༌། སློབ་དཔོན་དེ་ཉིད་དང་སློབ་མ་དབང་ལྡན་དུ་གནས་པས་བྱང་གི་རྩ་ཐིག་ཁྲུ་གསུམ་མམ། ཡང་ན་སློབ་མའི་འབྱོར་པ་དང་བསྟན་ནས་ཁྲུ་གང་ལ་ སོགས་པ་ཇི་ལྟར་རིགས་པར་གདབ་སློབ་དཔོན་མེ་དང་སློབ་མ་རླུང་དུ་གནས་པས་ཟུང་ཐིག་དང་པོ་དང༌། སློབ་དཔོན་བདེན་བྲལ་དང་སློབ་མ་དབང་ལྡན་དུ་གནས་པས་ཟུར་ཐིག་གཉིས་པ་གདབ་བོ། །པ་ཚབ་ཀྱི་འགྱུར་ལ་སློབ་དཔོན་དབང་ལྡན་དང་ 5-6-12b སློབ་མ་བདེན་བྲལ་དུ་གནས་པ་བྱུང་ཡང༌། དཔྱལ་གྱིས་སྔ་མ་བཞིན་བསྒྱུར་བ་གཞན་རྣམས་དང་མཐུན་ནོ། །བསྐོར་ཕྱོགས་དང་རྐང་སྟབས་དང་སྡོད་ས་དང་ཁ་ལྟ་ཕྱོགས་ནི་ཐིག་ལྷག་མ་འདེབས་པ་རྣམས་ལའང་བྱ། རྡོ་རྗེ་ཁུ་ཚུར་གྱིས་ཐིག་སྐུད་འཛིན་ པ་རྒྱུན་དུ་མ་ནུས་ན་དང་པོ་ལ་བྱ་ཞིང༌། ལྷག་མ་ལ་ཅི་བདེ་བར་བྱའོ། །ཐིག་སྐུད་ཆད་ན་བླ་མ་འཆི་ཞིང༌། སྔར་བཤད་པའི་ཚད་ལས་རིང་ཐུང་དུ་གྱུར་ན་བླ་མ་ནད་ཀྱིས་འདེབས་པ་དང༌། སྡོད་སའི་ཕྱོགས་འཆུགས་ན་སློབ་མ་ལ་སྡུག་བསྔལ་སྐྱེད་པར་ བཤད་པས་བག་དང་ལྡན་པས་ཐིང་སྐུད་སྒྲུབ་ཅིང་ཐིག་གདབ། མཚན་མ་ངན་ན་ཟློག་པའི་ཐབས་བྱའོ། །མཚན་མ་རྟོག་པ་ནི་ཚངས་ཐིག་གཉིས་འདེབས་པའི་དུས་སུ་ཡིན་པར་ཤཱནྟི་པ་དང་ཨ་བྷྱ་བཞེད་དེ། དེ་གཉིས་དང་ཐིག་ཆེན་བརྒྱད་དང་ ཐིག་ཐམས་ཅད་ལ་རྟོག་པའི་ལུགས་གསུམ་ཡང་བཤད་དོ། །དེ་ནས་རང་གཙོ་བོར་གསལ་བའི་མིག་གཡས་གཡོན་གཉིས་ཧཱིཿ་ལས་ཉི་མ་དང་ཟླ་བར་བསྐྱེད་ལ། ཁྲོ་བོའི་ལྟ་བས་ཕྱོགས་ཐམས་ཅད་དུ་བལྟ་ཞིང༌། ཧིཿ ཧིཿ ཞེས་བརྗོད་དེ་ལྷའི་ ལུས་སྒྱུ་མ་ལྟ་བུར་དྲན་བཞིན་དུ། ཐར་པའི་སྒོའི་གེགས་སུ་གྱུར་པའི་སྒྲིབ་པ་རྣམས་དབྱི་བར་བྱའོ་སྙམ་དུ་མོས་ལ། དྲི་བཟང་པོའི་ཆུས་སྒོའི་ཚང་ཐིག་དང་རྩ་ཐིག་གཉིས་ཕྲད་པའི་གཡས་གཡོན་ཆ་ཆུང་གཉིས་གཉིས་ཚངས་ཐིག་དང་བཅས་ པ་ཕྱིས་ལ་སྒོ་དབྱེའོ། །གཉིས་པ་ནི། དེ་ནས་ཐིག་ལྷག་མ་རྣམས་ནི། ཁྲུ་ལ་སོགས་པ་རྩ་ཐིག་གི། དབུས་སུ་བརྒྱད་ཆ་ཕྱིས་པ་དེ། །སྒོ་དེའི་བཞི་ཆ་ཆ་ཆུང་སྟེ། །རྩ་བའི་ཕྱི་རོལ་གཅིག་དང་གཉིས། །གཅིག་གཉིས་གཅིག་དང་གཅིག་གི་ 5-6-13a མཐར། །ཐིག་དྲུག་ཟུར་ནས་ངོས་སུ་སྟེ། །ཚངས་ལས་རིམ་གྱིས་རིང་བར་ནི། །ཆ་ཆུང་གསུམ་དུ་དང་པོའི་ཐིག །གཉིས་ཐིག་ཆ་ཆུང་གཉིས་རྩེར་རེག །ཆ་ཆུང་བརྒྱད་དུ་གསུམ་སྟེགས་པའི། །ཐིག་ལས་དྲང་པོའི་ཐིག་གཉིས་ཏེ། ། དེ་ནི་ཆ་ཆུང་རེ་ཡི་བར། །དཔངས་སུ་ལྔ་སྟེ་དང་པོ་ནི། །ངོས་ཐིག་རྩེ་མོར་ཡང་དག་རིག །རྩ་བའི་རྩེ་ནས་བྱུང་བའི་ཐིག །ཆ་ཆུང་བཞི་སྟེ་ངོས་སུའང་བཞི། །སྟེང་དུའང་བཞི་སྟེ་གསུམ་འཁྱོག་པའོ། །ཀ་བའི་རྩེ་ནས་ཕྱི་ངོས་སུ། །ཆ་ཆུང་རེ་རེ་དོར་བར་ ཐིག །བཅུ་གཅིག་འདི་ལ་ལྔ་པ་དང༌། །བདུན་པ་ཆ་ཆུང་ཕྱེད་དང་གཉིས། །ཡང་ན་གསུམ་པ་བདུན་པ་དང༌། །དགུ་པ་ཆ་ཆུང་རེ་རེའོ། །བཞི་པ་དྲུག་པ་བཅུ་པ་རྣམས། །སོ་སོར་ཆ་ཆུང་ཕྱེད་ཕྱེད་དོ། །ལྔ་ནི་ཆ་ཆུང་ཕྱེད་དང་གཉིས། །དེ་ལ་ཕྱོགས་གཉིས་སུ་ནི་རྒྱར། ། ཚངས་པའི་གཡས་དང་གཡོན་དུ་ནི། །ཆ་ཆུང་ཕྱེད་བཅས་མདའ་ཡི་མཐར། །སྣམ་བུ་ཆ་ཆུང་ཕྱེད་དང་གསུམ། །ཐིག་ནི་ཆ་ཆུང་ཕྱེད་དང་བཞི། །ཆ་ཆུང་དྲུག་མཐར་གཉིས་པ་དང༌། །གསུམ་པ་ཆ་ཆུང་གསུམ་པའོ། །ཆ་ཆུང་བཞི་མཐར་བཞི་པ་ནི། །ཆ་ཆུང་ ལྔ་སྟེ་མདའ་ཕྱེད་བཅས། །གསུམ་དོར་ནས་ནི་ཕྱེད་དང་ལྔ། །གསུམ་ནས་དྲུག་པ་ཆ་ཆུང་ལྔ། །བཞི་ནི་ཆ་ཆུང་བདུན་རྣམས་ཏེ། །ཐིག་བཅུ་གཅིག་པ་ཆ་ཆུང་ལྔ། །སྣམ་བུ་ལྔ་པའི་སྟེང་གི་ནི། །ངོས་སུ་ཆ་ཆུང་ཕྱེད་དང་བཞི། །བདུན་པའི་འོག་ལ་ཆ་ཆུང་གསུམ། ། སྟེང་ནི་ཆ་ཆུང་དྲུག་སྟེང་དུ། །སྣམ་བུ་རྣམས་མཐར་སོན་པའི་ཐིག །གཞན་གྱི་མཐའ་དང་ལྷན་ཅིག་སྟེ། །ཀྱོག་པོ་གཅིག་གོ་འདི་ནང་དུའང༌། །ཆ་ཆུང་ཕྱེད་ནས་དེ་བཞིན་གཞན། །དེའི་ཕྱིར་ཆ་ཆུང་རིག་བྱེད་མཐར། །ཐིག་ཟླུམ་དེ་ནས་གཉིས་ཡིན་ཏེ། ། 5-6-13b ཆ་ཆུང་གཉིས་གཉིས་དོར་བར་རོ། །བཞི་དོར་བར་ནི་ཟླུམ་པོ་གཞན། །ཚངས་ལས་ཆ་ཆུང་བརྒྱད་མཐར་དང༌། །བདུན་པའི་མཐའ་རུ་ཟླུམ་པོའི་ཐིག །དེ་ནས་ཡང་དག་དྲངས་ནས་ནི། །ཕྱོགས་གཞན་ཐིག་གི་མཚམས་སོང་བའི། །ཐིག་གཉིས་རིམ་བཞིན་ཚངས་པའི་ ཕྱིར། །ཆ་ཆུང་གཉིས་གསུམ་དོར་བར་རོ། །ཕྱི་ཟླུམ་ཐིག་ལས་ཕྱི་ངོས་སུ། །ཆ་ཆུང་དོར་བར་ཟླུམ་པོའི་ཐིག །དེ་ནས་ཆ་ཆུང་གསུམ་དོར་ནས། །ཟུར་ཐིག་བར་དུ་གནས་པའི་ཐིག །ཀུན་ཏུ་སོན་པའི་ཚངས་ཐིག་དང༌། །རེའུ་མིག་སྣམ་བུའི་རེ་ཁ་དབྱི། །ཞེས་འབྱུང་བ་ བཞིན་གདབ་བོ། །དེ་ལ་མདའ་ཕྱེད་བཅས། །གསུམ་དོར་ནས་ནི་ཕྱེད་དང་ལྔ། །ཞེས་སྣམ་བུ་ལྔ་པའི་སྐབས་སུ་མཐའ་ནས་མཐར་ཆ་ཆུང་བཅུ་དྲུག་དང༌། སྣམ་བུ་ལྔ་པའི་སྟེང་གི་ནི། །ངོས་སུ་ཆུ་ཆུང་ཕྱེད་དང་བཞི། །ཞེས་མཐའ་ནས་མཐར་ཆུ་ཆུང་བཅུ་བཞི་དང༌། ཡང་རྒྱལ་པོ་ཉེས་པ་གསུམ་ཉི་མ། །ཞེས་སྣམ་བུ་ལྔ་པའི་སྐབས་སུ་མཐར་ནས་མཐར་ཆུ་ཆུང་བཅུ་གཉིས་སུ་བཤད་པ་རྣམས་མི་མཐུན་པས་འགལ་ལོ་སྙམ་ན། སྐྱོན་མེད་དེ་དང་པོ་ནི་སྣམ་བུ་ལྔ་པའི་སྟེང་གི་ཐིག་གི་མཐའ་ནས་མཐའི་བར་ཡིན་ལ། གཉིས་པ་ནི་སྣམ་བུ་ལྔ་པའི་ཀ་བ་ནས་ཀ་བའི་བར་ཡིན་ཞིང༌། གསུམ་པ་ནི་ཀ་བས་ཆ་ཕྲན་རེ་ཕྱེར་བའི་ཐར་གྱི་མུན་སྣམ་རང་གི་དབང་དུ་བྱས་པའོ། །རིགས་པ་འདིས། བཞི་ནི་ཆ་ཆུང་བདུན་རྣམས་ཏེ། །ཞེས་སྣམ་བུ་བདུན་པའི་སྐབས་སུ་མཐའ་ནས་ མཐར་ཆ་ཆུང་བཅུ་བཞི་དང༌། སྟེང་ནི་ཆ་ཆུང་དྲུག །ཅེས་པའི་སྐབས་སུ་ཆ་ཆུང་བཅུ་གཉིས་དང༌། ཡང་རྒྱལ་པོ་ཕྱོགས་དང་མི་རྣམ་གསུམ། །ཞེས་སྣམ་བུ་བདུན་པའི་སྐབས་སུ་མཐའ་ནས་མཐར་ཆུ་ཆུང་བཅུ་བཤད་པ་རྣམས་མི་འགལ་བ་ཡང་ 5-6-14a ཤེས་པར་བྱའོ། །ཀྱོག་པོ་ནང་མའི་ཐིག་གི་མར་སྣ་ནི། ཕྲེང་བ་ལས་ཐིག་བཅུ་གཅིག་གི་དང་པོའི་ཆ་ཆུང་བྱེད་དོར་བའི་ས་ནས་གྱེན་དུ་འགྲེང་བར་གསུངས་པས་མདའ་ཡབ་ལ་གཏུག་པ་མིན་ནོ། །སྣ་ཚོགས་རྡོ་རྗེའི་རྭ་གཡས་གཡོན་གྱི་ ཕྱི་ཐིག་གི་རྩ་བ་ནི། རྟ་བབས་སྒོ་ཚད་བཞི་མའི་ཚངས་ཐིག་ནས་སྒོ་ཚད་གཉིས་གཉིས་སོང་བ་ལས་ཕན་ཆད་དུ་འདར་མི་རུང་སྟེ། དེ་ནི་རྒྱས་པར་ལམ་གྱི་རིམ་པར་བཤད་ཟིན་ཏོ། །དེ་ལྟར་ན་འདིར་དེའི་བསྐོར་ལུགས་ནི། ཚངས་དང་མདའ་ཡབ་ཕྲད་པ་ ནས། །ཆ་ཆུང་བཞི་དང་བཞི་གསུམ་ནི། །སོང་བར་ཆ་ཆུང་དགུ་དང་ནི། །བཞི་ཆས་གཡས་གཡོན་ཕྱི་རྭ་བསྐོར། །མདའ་ཡབ་ཚངས་ལས་ཆ་ཆུང་ནི། །ཕྱེད་བཅས་གསུམ་ནས་ཐད་ཀར་གཡས། །དྲུག་ནས་ཕྱེད་བཅས་བཅུ་གཉིས་ཀྱིས། །གཡོན་བསྐོར་ གཡས་པ་དེ་ལས་བཟློག །ཕྲེང་བའི་ནང་ཐིག་གི་ཚིགས་བཅད་དང་ལྷུག་པ་གཉིས་མི་མཐུན་པའི་དགོངས་པ་ནི་ལམ་གྱི་རིམ་པར་བཤད་ཟིན་ལ། ཐིག་གི་གཞུང་ལྷག་མ་ནི་གོ་སླའོ། །ཟླུམ་ཐིག་བྱེད་པའི་ཚེ་སེང་ལྡེང་གི་ཕུར་བུ་སྟེང་རྡོ་རྗེ་རྩེ་ལྔ་པ་འོག་ རྡོ་རྗེ་རྩེ་གཅིག་པའི་རྣམ་པ་ཅན། ཧཱུྃ་ལས་སྐྱེས་པར་བསམས་ནས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷན་ཧཱུཾ་ཞེས་པའམ། གྷ་གྷ་ལ་སོགས་པ་བརྒྱ་རྩ་བརྒྱད་བཟླས་ནས། དཀྱིལ་འཁོར་གྱི་དབུས་སུ་གདབ་ལ་རྡུང་བའི་སྔགས་ཀྱིས་བརྡུང་ངོ་། །དེ་ལ་ ཐིག་སྐུད་ཆེ་ཆུང་གོ་དྲུག་པ་ཉིས་ལྟབ་ཏུ་བཏགས་ཏེ་དབང་ལྡན་ནས་གཡས་སྐོར་དུ་བསྐོར་རོ། །ཕུང་བུ་མེད་ན་བསམ་གཏན་གྱིས་ཀྱང་རུང་ལ་བསྐོར་ཟིན་ནས། ཕུར་བུ་དབྱུང་བའི་སྔགས་དང་ཕྱག་རྒྱས་དབྱུང་ལ། རང་གི་ལག་གི་རྡོ་རྗེ་ལ་ཐིམ་ 5-6-14b པར་བསམ་མོ། །བཞི་པ་ནི། དེ་ལྟར་ཐིག་ཐམས་ཅད་ཐེབས་པའི་མཐར། །ཐིག་སྐུད་ཀྱི་ལྷ་ལ་མཆོད་གཏོར་ཕུལ་བའི་འོག་ཏུ་ཨོཾ་ཨཱཿཧཱུཾ་བཛྲ་མུཿ ཞེས་པས་ཡེ་ཤེས་པ་གཤེགས་ལ་ཐིག་སྐུད་རང་གནས་སུ་བཞག་གོ། ཐོད་ལེ་ཀོར་གྱིས་ཐིག་གདབ་པའི་ ཆོ་ག་སྟེ་བཞི་པའོ། །གོ་རིམ་དུས་རྒྱུ་འཁེལ་ཚུལ་ཚད། །ཕྱུག་བཀོད་བཞག་བསྐྱེད་མཆོད་བསྲུང་མིག །གཏོར་བཟླས་གཏོར་བསང་ས་མཛེས་བྱ། །མཆོད་བསྐྱེད་ཕྱོགས་མིག་བཟུང་གཏར་རྐང༌། །གཡས་སྐོར་སློབ་དཔོན་ནུབ་དང་ལྷོར། ། གནས་ནས་ཚངས་གཉིས་མེད་གནས་ཏེ། །ཤར་དང་ལྷོ་དང་རླུང་གནས་ནས། །ནུབ་དང་བྱང་གི་རྩ་ཐིག་བཞི། །མེ་དང་སྲིན་གནས་ཟུར་ཐིག་གཉིས། །ཟློས་གདབ་སྒོ་དབྱེ་ལྷ་མ་ལའང༌། །ཕུར་གདབ་བསྐོར་ཕྱུང་གཤེགས་པ་ནི། །ཐིག་ཆོག་སྡོམ་དུ་བསྡུས་ པའོ། །གཉིས་པ་ལྷག་གནས་གསུམ་བྱ་བ་ལ་གསུམ། །སའི་ལྷ་མོ་ལྷག་གནས། །དཀྱིལ་འཁོར་གྱི་ལྷ་ལྷག་གནས། །བུམ་པ་ལྷག་གནས་སོ། །དང་པོ་ནི། རང་ཞེ་སྡང་རྡོ་རྗེའི་ང་རྒྱལ་གྱིས་གནོད་མཛེས་མདུན་དུ་བཀུག་སྟེ་བཀའ་ནོད་པ་ལ། བཀའ་བསློབ་ སོགས་སྒྲུབ་ཐབས་བཞིན་བྱས་ཏེ། ཕྱོགས་སྐྱོང་བཅུ་བཀུག་ནས་ཕྱོགས་རྣམས་ཀྱི་ཁྲོན་པར་གཞུག །བགེགས་མཐར་བྱེད་བསྐྱེད་ལ་ཕུར་བུ་བཅུར་བསྒོམས་ཏེ་ཕུར་བུས་གདབ་པ་སོགས་སྔར་བཞིན་བྱ། དེ་ནས་རྭ་བ་སོགས་སྔར་བཞིན་བྱ་ལ་རྡོ་རྗེའི་རང་ བཞིན་གྱི་སར་བསྐྱེད་པ་ལྷག་གནས་བྱའོ། །དཀྱིལ་འཁོར་གྱི་དབུས་སུ་དྲིའི་དཀྱིལ་འཁོར་བྱས་ལ་དེར་བྃ་ལས་བྱུང་བའི་སའི་ལྷ་མོ་སེར་མོ་དགའ་བ་དང་ལྡན་པའི་ཐུགས་ཅན་ཞི་བ། ན་བཟའ་དཀར་པོ་བནབས་པ། རྒྱན་བཟང་པོ་སྣ་ཚོགས་པས་ 5-6-15a བརྒྱན་པ། ཞལ་གཅིག་ཕྱག་གཉིས་ཀྱི་གཡས་པས་སྐྱབས་སྦྱིན་གྱི་ཕྱག་རྒྱ་དང༌། གཡོན་པས་གསེར་གྱི་བུམ་པ་བསྣམས་པ་བསྐྱེད་ལ། ལག་པ་གཡས་པར་ཟླ་བའི་སྟེང་དུ་ཧཱུྃ་གསུམ་བསམས་ཏེ། རྡོ་རྗེ་དང་བཅས་པའི་སོར་མོའི་རྩེ་མོས་ ས་ལ་ལན་གསུམ་བསྣུན་པ་དང༌། དེའི་སྒྲ་དང་ཧཱུཾ་གི་འདོ་ཟེར་གྱིས་བསྐུལ་བས་ས་གཡོས་པའི་གསེབ་ནས། ས་ཡི་ལྷ་མོ་ཡེ་ཤེས་པ་འཐོན་པ་དང་འདྲེས་ནས། བདག་གིས་ཅི་བགྱི་བ་བཀའ་སྩོལ་ཅིག་ཅེས་བརྗོད་པར་བསམ་མོ། །དེ་ནས་མཆོད་པ་བསང་ སྦྱང་སྔོན་དུ་འགྲོ་བས་སོ་སོའི་སྔགས་དང་ཕྱག་རྒྱ་བྱས་ཏེ། ཨོཾ་པྲི་ཐི་ཝཱི་དེ་ཝཱི་ས་པཱ་རི་ཝཱ་ར་པྲ་ཝཱ་ར་སད་ཀ་རཾ་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ཞེས་པས་མཆོད་ཡོན་དང༌། དེ་བཞིན་པཱཏྱི་གིས་ཞབས་བསིལ་དང༌། ཨཱཉྩ་མ་ནཾ་གྱིས་ཞལ་བསིལ་དང༌། པྲོཀྵ་ཎྃ་ གྱིས་བསང་གཏོར་ཕུལ་ནས། ཨོཾ་པྲི་ཐི་ཝཱི་དེ་ཝཱི་ས་པ་རི་ཝཱ་ར་པུཥྤེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཤྲི་ཡེ་ཨཱཿཧཱུཾ་གིས་མེ་ཏོག་དང༌། དེ་བཞིན་དུ་དྷཱུ་པེས་བདུག་སྤོས། ཨཱ་ལོ་ཀེས་མར་མེ། གནྡྷེས་དྲི། ནཻ་ཝི་ཏྱས་ཞལ་ཟས། ཤཔྟས་རོལ་མོ་ རྣམས་ཕུལ་ལ། རྡོ་རྗེ་དྲིལ་བུ་འཛིན་པས། སྐྱོབ་པས་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་གྱི་ཁྱད་པར་དང༌། །ས་དང་ཕ་རོལ་ཕྱིན་རྣམས་ལ། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །ཇི་ལྟར་བདུད་ཀྱི་དཔུང་བཅོམ་ལྟར། །དེ་བཞིན་ བདག་གིས་བདུད་ཀྱི་དཔུང༌། །ཕམ་པར་བྱས་ཏེ་དཀྱིལ་འཁོར་བྲི། །ཞེས་ལན་གསུམ་བརྗོད་དེ་གསོལ་བ་བཏབ་པས་དེ་ལྟར་གྱིས་ཤིག་ཅེས་གསུངས་ནས་དེ་ཉིད་དུ་ཐིམ་སྟེ་ས་ཡི་ངོ་བོར་གནས་པར་བསམ་ལ། ལག་པ་རྡོ་རྗེ་ནང་བསྡམས་བྱས་ནས་ས་ 5-6-15b དེ་མནན་ལ། ཨོཾ་བཛྲ་བྷ་བ་ཧཱུཾ་ཞེས་ལན་གསུམ་བརྗོད་པས། རྡོ་རྗེ་བསྡམས་པ་ལས་བྱུང་བའི་ཧཱུཾ་ཡིག་འོད་ཟེར་འབར་བ་འཕྲོས་པས། དབང་ཆེན་གྱི་བར་རྡོ་རྗེར་བྱས་པར་བསམས་ནས། ཨོཾ་བཛྲ་ཌི་ཌྷ་ཏིཥྛ་ཞེས་ལན་གསུམ་བརྗོད་པས་བྱིན་གྱིས་བརླབ་བོ། ། དགུག་གདབ་རབ་རྡོ་རྗེའི་ས། །བསྐྱེད་བསྐུལ་བསྲེས་མཆོད་གསོལ་བ་གདབ། །ནང་བསྡམས་བྱིན་གྱིས་བརླབ་པ་ནི། །ས་ཡི་ལྷ་མོའི་ལྷག་གནས་སྡོམ། །གཉིས་པ་ནི། དེ་ནས་དཀྱིལ་འཁོར་གྱི་ས་ལ་དྲི་ཞིམ་པོའི་བདུད་རྩི་ལྔ་དང་བཅས་པ་ལ་ཡི་གེ་ གསུམ་གྱིས་བསྔགས་པས་ཕྱུག་ཅིང་། མེ་ཏོག་གཅལ་དུ་འགྲམ། རང་ཕྱི་དྲི་ཁྲུས་བྱས་ཤིང་ལུས་ལ་དྲི་བཟང་པོས་བྱུགས། ཆས་གོས་དམར་པོ་མེ་ཏོག་གི་ཕྲེང་བ་ཅན་གྱོན། གདོང་དྲི་ཞིམ་པོས་བསྒོས་ལ་རིན་པོ་ཆེའི་རྒྱན་རྣམས་ཀྱིས་བརྒྱན། ཨོཾ་ཧཱུཾ་ སྭཱཧཱ་དང༌། ཨོཾ་བཛྲ་ཨུཥྞཱི་ཥ་ཧཱུཾ་ཕཊ་ཅེས་པས་གོ་རིམ་བཞིན་དུ་ལན་བདུན་བསྔགས་པའི་རས་དམར་པོའི་ཐོད་དང་ཅོད་པན་གྱིས་བརྒྱན་པ། དཀྱིལ་འཁོར་གྱི་ཤར་ནས་ནུབ་ཏུ་ཕྱོགས་པས་འདུག་སྟེ་ལྷའི་རྣལ་འབྱོར་བསྒོམ། ཙནྡན་དང་གུར་གུམ་ལ་ སོགས་པའི་དྲི་བཟང་པོ་བདུད་རྩི་ལྔ་དང་བསྲེས་པས། གཙོ་བོ་ལྔའི་གནས་སུ་དྲིའི་མཎྜལ་གྲུ་བཞི་པ་རེ་དང༌། ལྷ་གཞན་རྣམས་ཀྱི་གནས་སུ་ཟླུམ་པོ་རེ་རེ་རང་རང་གི་སྔགས་བརྗོད་ལ་བྱུག་ཤིང་མེ་ཏོག་གི་ཚོམ་བུ་རེ་དགོད། དེས་གཞལ་ཡས་ཁང་གདན་དང་ བཅས་པ་བསྒྲུབ་ཐབས་བཞིན་བསྐྱེད། དེར་ལྷ་སོ་གཉིས་རང་རང་གི་ས་བོན་ལས་སམ་ཆོ་ག་གསུམ་གྱིས་བསྐྱེད། །རང་གི་སྙིང་ཁའི་ས་བོན་གྱི་འོད་ཟེར་གྱིས་སྔར་ནམ་མཁར་བཏེག་པའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་སྤྱན་དྲངས་ལ། དམ་ཚིག་པ་ལ་ 5-6-16a གཞུག་ལ་དབང་བསྐུར། ལྷ་རེ་རེ་ལ་ཉེར་སྤྱོད་ཚང་བ་རེའམ་མ་འབྱོར་ན་བཅུ་ལས་མི་ཉུང་བའི་མཆོད་པ་ཆུ་བཞི་དང་བཅས་པ་བཤམས། བསང་སྤྱང་སྔོན་དུ་འགྲོ་བས་ཆུ་བཞི་ཉེར་སྤྱོད་དང་བཅས་པ་དང་འདོད་ཡོན་ལྔ་དང་བཅས་པ་ ནང་གི་མཆོད་པས་མཆོད་དེ་བསྟོད་པས་བསྟོད་དོ། །བྱུག་དགྲ་མ་ཆས་གཞུག་རྣལ་འབྱོར་བསྒོམ། །ཐིག་ལེ་སྔགས་རྟེན་བརྟེན་པ་བསྐྱེད། །གཞུག་དབང་མཆོད་ཅིང་བསྟོད་པ་ནི། །སྟ་གོན་ལྷ་ཡི་ཆོ་གའི་སྡོམ། །གསུམ་པ་ལ་གཉིས། བུམ་པ་ བཤམས་པ་དང༌། བུམ་པ་བསྒྲུབ་པའོ། །དང་པོ་ནི། བུམ་པའི་རྒྱུ་ནི་གསེར་དངུལ་ལམ་ཟངས་སམ་ས་ལས་བྱས་པའམ། དེ་ལས་གཞན་ཇི་ལྟར་རྙེད་པ་ཡང་རུང་ངོ་། །བུམ་པའི་ཚད་ནི་རྣམ་རྒྱལ་ལ་ལྟོ་བའི་ཐད་ཀའི་རྒྱར་སོར་ཉི་ཤུ་མཐའ་བསྐོར་ དུ་མཐོ་ལྔ། མགྲིན་པའི་དཔངས་སོར་བརྒྱད། མཆུའི་འཕྱང་ལ་སོར་གཉིས་པའི་ཚད་ལྡན་མེད་ན་སྦྱིན་བདག་ལ་མི་ཤིས་པས་ཚད་དང་ལྡན་པར་བྱ། གཞན་རྣམས་མ་ངེས་པར་བཤད་དེ་ཀུན་ཀྱང་ནག་པོ་མེད་པ་རྩ་བ་དོར་ཞིང་མ་འབྱར་བ་བུག་པ་ དང་གས་པ་མེད་པ། མཆུ་འཕྱང་ཞིང་མགྲིན་པ་རིང་ལ་གསུས་པ་ཆེ་བ་རྣམས་འབྲས་བཏགས་པའམ། ཐོད་ལོ་ཀོར་རམ་ཙནྡན་གྱི་འདི་གུའམ་རྡོ་རྒྱུས་དང་ས་དཀར་གྱིས་བྱུག། བུམ་པའི་གྲངས་ནི་རྒྱས་པ་ལྷའི་གྲངས་དང་མཉམ་པ་དང༌། དེ་མེད་ ན་ཕྱོགས་དང་མཚམས་ཀྱི་ལ་བཞི་བཞི་དང་དབུས་ཀྱི་སྟེ་དགུ། དེ་ཡང་མ་འབྱོར་ན་ཕྱོགས་ཀྱི་དབྱེ་བས་སམ། ཡང་ན་གཤེགས་པ་དང་གཤེགས་མ་དང་སེམས་དཔའ་དང་སེམས་མ་དང་ཁྲོ་བོའི་བུམ་པ་སྟེ་ལྔའོ། དེ་ཡང་མེད་ན་རྣམ་རྒྱལ་གྱི་ 5-6-16b གཅིག་སྟེ་དེ་རྣམས་ཐམས་ཅད་ལ་ལས་བུམ་ལྷག་པར་བྱའོ། །མཚན་མ་བྲི་བ་ནི་གུར་གུམ་ལ་སོགས་པས་བུམ་པའི་ལོག་ལ་ལྷ་རང་རང་གི་གདན་གྱི་སྟེང་དུ། རང་རང་གི་ས་བོན་ནམ་ཕྱག་མཚན་རྡུལ་ཚོན་གྱི་སྐབས་བཞིན་དུ་བྲི། རྣམ་རྒྱལ་གཅིག་ ལས་མེད་ན་དེའི་གདོང་ལ་ཉི་མའི་སྟེང་དུ་མི་བསྐྱེད་པའི་རྡོ་རྗེ། འོག་ཏུ་ཟླ་བ་ལ་རྣམ་སྣང་གི་འཁོར་ལོ། །ལྷོར་རིན་པོ་ཆེའི་སྟེང་དུ་རིན་པོ་ཆེ་དང༌། ནུབ་ཏུ་པདྨའི་སྟེང་དུ་པདྨ། བྱང་དུ་སྣ་ཚོགས་རྡོ་རྗེའི་སྟེང་དུ་རལ་གྲི་དང༌། དེའི་གཡོན་དུ་ཉི་མའི་སྟེང་དུ་ལས་ཐམས་ ཅད་པའི་སྣ་ཚོགས་རྡོ་རྗེ་བྲི་སྟེ། ལས་བུམ་སོགས་སུ་ཡོད་ན་དེའི་གདོང་ལ་དེ་ལྟར་འབྲིའོ། །གོས་དཀར་པོ་ལ་སོགས་པ་སྣ་ལྔ་གང་རུང་ཟུང་གི་མགུལ་བ་ཐོར་ཅོག་གསུམ་པའི་ཚུལ་གྱིས་བཅིང་། ཧཱུྃ་ལན་བདུན་བཟླས་པའི་སྲད་བུ་དཀར་པོ་བདུན་གྱིས་ཨོཾ་བཛྲ་ ཤེ་ཁ་ར་རུ་ཊ་མ་ཊ་དི་ཤྃ་བནྡྷ་ཧཱུཾ་ཞེས་པས་མགུལ་ཆིངས་བཀྲི། དེ་ནས་བུམ་པ་ལ་གུ་གུལ་གྱིས་བདུག །ལས་ཐམས་ཅད་པའི་སྔགས་བཟླས་པའི་ཡུངས་ཀར་གྱིས་བརྡེག་ལ་བགེགས་བསྐྲད་ཅིང༌། རྟ་གླང་དང་བོང་བུ་སོགས་ཀྱིས་མ་བགྲོད་པའི་ཆུ་གཙང་ མ་སྲོག་ཆགས་མེད་སྣོད་གཞན་ལ་མ་རེག་པ་བླངས་ལ། དྲི་བཟང་དང་བསྲེས་པས་རན་པར་དགང༌། དེ་དག་གི་ནང་དུ་གསེར་དངུལ་མུ་ཏིག་བྱུ་རུ་པདྨ་རཱ་གའམ། པདྨ་རཱ་ག་མེད་ན་ཟངས་སམ་དུང་དངུལ་གྱི་དོད་ལ་མུ་མེན་གྱིས་ཀྱང་རུང་སྟེ་རིན་པོ་ ཆེ་ལྔ་དང༌། གྲོ་ནས་ཏིལ་མོན་སྲན་གྲེའུ་དང་མོན་སྲན་རྡེའུ་སྟེ་འབྲུ་ལྔ་དང༌། ག་བུར་གུར་གུམ་ཙནྡན་དཀར་དམར་གླ་རྩི་སྟེ་དྲི་ལྔ་དང༌། པྲི་ཧཱ་ཏཱི་ཀཱཎྜ་ཀཱ་རི་ཧ་ས་དེ་བ་ཨ་པ་རཱ་ཛི་ཏ། དཎྜ་ཨུཏྤ་ལའི་རྩ་བ་སྟེ་སྨན་ལྔ་རྣམས་གཞུག །འབྱོར་བ་ཆུང་ན་རྣམ་རྒྱལ་ 5-6-17a དང་ལས་བུམ་གཉིས་རིན་པོ་ཆེའི་སྙིང་པོ་ཅན་དུ་བྱ་ཡི་བུམ་པ་བཞི་ནི་མ་ཡིན་ནོ། །དེ་ཡང་རྣམ་རྒྱལ་ངེས་པར་རིན་པོ་ཆེའི་སྙིང་པོ་ཅན་དུ་བྱ་བར་བཤད་པས། བུམ་པ་དང་མགུལ་ཆིངས་དང་ནང་རྫས་ལ་སོགས་པ་རྣམས་སློབ་མས་ སྒྲུབ་པ་ཡིན་ནོ། །ཡལ་ག་དང་ལོ་མ་དང་ལྡན་པའི་ཤིང་གིས་ཁ་བརྒྱན། གཙོ་བོ་ཡིན་པ་དང་བྱ་བ་མང་བའི་ཕྱིར་རྣམ་རྒྱལ་གྱི་སྟེང་དུ་ཧཱུཾ་གིས་བསྔགས་པའི་དུང་ཆོས་སམ་ཐོད་པའམ་རྫ་ཕོར་བདུད་རྩི་ལྔ་དང་བཅས་པའི་དྲི་བཟང་གི་ཆུས་བཀང་བའི་སྟེང་ དུ། མེ་ཏོག་གི་ཕྲེང་བ་དབུས་སུ་བཅིངས་པའི་རྡོ་རྗེ་བཞག །སྟ་གོན་གྱི་དཀྱིལ་འཁོར་གྱི་ཕྱི་རོལ་རྡོ་རྗེའི་རྭ་བའི་ནང་དུ་ཤར་ལ་སོགས་པའི་ཕྱོགས་མཚམས་སུ་ཀུ་ཤའི་གདན་ལ་དགོད་དེ་གཙོ་བོའི་བུམ་པ་ནི་དབུས་སུའོ། །གཉིས་པ་ནི། དེ་ནས་བུམ་པ་ རྣམས་ཨོཾ་ཨཱཿ བིགྷྣན་ཏ་ཀྲྀ་ཏ་ཧཱུྃ་ཞེས་པས་བསངས། ཤཱུནྱ་ཏཱས་སྟོང་པར་སྦྱངས། སྟོང་པའི་ངང་ལས་བྃ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ་མཚན་ཉིད་དང་ལྡན་པར་བསྐྱེད། ཨོཾ་ཏཔྟེ་ཏཔྟེ་མ་ཧཱ་ཏཔྟེ་སྭཱཧཱ། ཞེས་བཟླས་པས་དྲངས་པའི་ལྷའི་ཆུ་བོ་ གངྒཱ་དང་བུམ་པའི་ཆུ་གཉིས་དབྱེར་མེད་པར་མོས་ལ། བུམ་པ་རྒྱས་པར་ཡོད་ན་བུམ་པ་སོ་སོར་རང་རང་གི་གདན་དང༌། བཅུ་དང་དྲུག་ཡོད་ནའང་ཇི་ལྟར་བསྡུད་པའི་ལྷ་རྣམས་ཀྱི་གདན་དང༌། རྣམ་རྒྱལ་གཅིག་ལས་མེད་ན་དེར་ལྷ་ཡོངས་རྫོགས་ཀྱི་གདན་ བསམས་ལ་ལྷ་སོ་གཉིས་དང༌། ལས་བུམ་ལ་བགེགས་མཐར་བྱེད་ལྷག་པར་སོམ་པའམ་སོ་སོའི་ས་བོན་ནམ་ཆོ་ག་གསུམ་གྱིས་བསྐྱེད། སུམ་པའི་མཚན་མ་རྣམས་ཀྱང་རང་རང་གི་ལྷར་བསྐྱེད། རང་གི་ཐུགས་ཁའི་ཧཱུཾ་ཡིག་གི་འོད་ཟེར་གྱིས་ 5-6-17b ཡེ་ཤེས་པའི་དཀྱིལ་འཁོར་སྤྱན་དྲངས་པ་ལ། མཆོད་ཡོན་ལ་སོགས་པ་ཕུལ་ལ། ཛཿཧཱུཾ་བཾ་ཧོཿས་དགུག་གཞུག་བཅིང་མཉེས་བྱ། རང་རང་གི་རིགས་བདག་ཡབ་ཡུམ་གྱིས་བྱང་ཆུབ་ཀྱི་སེམས་ཀྱིས་དབང་བསྐུར། སྔར་ལྟར་མཆོད་བསྟོད་བདུད་ རྩི་མྱང་བ་བྱ་སྟེ། བུམ་པའི་ལྷ་ལ་ཡང་ལྷ་གྲངས་དང་མཉམ་པའི་ཉེར་སྤྱོད་དབུལ་བར་བཤད་དོ། །དུང་ཆོས་སུ་ལྷ་ཚང་པ་སྐྱེད་པ་ལ་ཁུངས་ཐུབ་ཀྱི་གཞུང་གཞན་མི་སྣང་ལ། མཚོ་སྐྱེས་ཀྱིས། སྔར་གསུངས་པ་ཡི་བུམ་པ་ལས། ཐམས་ཅད་ ཆུ་ལས་ཁམ་ཕོར་དུ། ཉུང་ཟད་བླུགས་ཏེ་རྣམ་རྒྱལ་གྱི། །བུམ་པ་བྃ་ལས་བསྐྱེད་པ་ཡི། །རིན་ཆེན་བུམ་པའི་སྟེང་བཞག་བྱ། །དེར་ནི་དཀྱིལ་འཁོར་བསྐྱེད་བྱ་སྟེ། །ཞེས་གསུངས་པ་ཡང་གཞུང་དེང་རྣམ་རྒྱལ་དུ་ལྷ་སྐྱེད་པ་ཟུར་དུ་བཤད་པ་ཅིག་ ཡོད་ན། དེར་ནི་ཞེས་པའི་དོན་རྣམ་རྒྱལ་གྱི་སྟེང་གི་ཁམ་པོར་དེར་སྐྱེད་པ་ལ་བཤད་དུ་རུང་ཡང༌། དེ་མི་འདུག་པས་རྣམ་རྒྱལ་དུ་དཀྱིལ་འཁོར་སྐྱེད་པའི་ཁུངས་སུ་སྣང་ངོ་། །སློབ་དཔོན་ལ་བ་པས། དེའི་སྟེང་དུ་མཆོད་ཡོན་གྱི་སྣོད་དྲི་ཞིམ་པོའི་ཆུ་མེ་ཏོག་ དཀར་པོ་དང་བཅས་པ་བཞག་སྟེ། དེའི་སྟེང་དུ་མེ་ཏོག་གི་ཕྲེང་བ་བཅིངས་པའི་རྡོ་རྗེ་བཞག་ལ། ཞེས་དང༌། མེ་ཏོག་དཀར་པོ་དང་བཅས་པའི་མཆོད་ཡོན་བུམ་པར་ཕུལ་བས། ཞེས་དུང་ཆོས་ནི་བཟླས་པ་ཟིན་པའི་འོག་ཏུ་བུམ་པའི་ལྷ་ལ་མཆོད་ཡོན་ འབུམ་པའི་སྣོད་དུ་གསུངས་པས། འདིར་དེར་ལྷ་སྐྱེད་པར་མ་བྱས་སོ། །དེས་ན་དེའི་ཆུའི་སྒྲུབ་ལུགས་ནི། ཨོཾ་བཛྲ་ཨ་མྲྀ་ཏ་ཨུ་ད་ཀ་ཧཱུཾ་ཞེས་པ་དང༌། ཡི་གེ་གསུམ་ལན་བདུན་བཟླས་ཏེ་བསྔགས་པས་ཡེ་ཤེས་ཀྱི་བདུད་རྩིར་བྱས་པའི་རྡོ་རྗེའི་ 5-6-18a རྡུལ་ཕྲ་རབ་ཀྱི་རང་བཞིན་དུ་སེམས་པར་ཕྲེང་བ་ལས་གསུངས་པ་དེ་ཉིད་ཡིན་པས་དེ་བཞིན་དུ་བྱའོ། །དེ་ནས་ཧཱུཾ་ཞེས་བཟླས་ཤིང་རྡོ་རྗེ་ལ་བཏགས་པའི་མེ་ཏོག་གི་ཕྲེང་བའི་མཐར་ལག་པ་གཡོན་པའི་ཁུ་ཚུར་གྱིས་བཟུང་ལ་གཙོ་བོའོ་ སྔགས་བརྒྱ་རྩ་བརྒྱད་དང༌། ཆུ་ལ་ཨུ་ད་ཀ་བརྒྱ་རྩ་བརྒྱད་བཟླ། དེ་ནས་བུམ་པ་སོ་སོའི་སྟེང་དུ་རྡོ་རྗེ་མེ་ཏོག་གི་ཕྲེང་བ་དང་བཅས་པ་སྤྲས་ལ་སྔ་མ་བཞིན་དུ་བཟུང་ནས་སོ་སོའི་སྙིང་པོ་འམ་ཕྲེང་སྔགས་བརྒྱ་རྩ་བརྒྱད་དམ་ཉེར་གཅིག་རེ་བཟླ། ལས་ཐམས་ ཅད་པ་ལ་མཚན་སྔགས་བརྒྱ་རྩ་བརྒྱད་དང་ཕྲེང་སྔགས་ལན་བདུན་བཟླ། བཟླས་པའི་དམིགས་པ་ནི་སྒྲུབ་ཐབས་ཀྱི་སྐབས་བཞིན་བྱའོ། །ཐམས་ཅད་ལ་ཐུན་མོང་དུ་དམིགས་ནས་ཡི་གེ་གསུམ་བརྒྱ་རྩ་བརྒྱད་དང་ཡི་གེ་བརྒྱ་པ་ལན་བདུན་བརྗོད་ པས། ལྷ་རྣམས་ཆགས་པ་ཆེན་པོའི་མེས་ཞུ་ནས་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོར་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར་པར་བསམས་ལ། གཙོ་བོའི་སྔགས་དང་ཧཱུཾ་ལན་བདུན་བཟླས་ནས་དུང་ཆོས་ཀྱི་ཆུས་བུམ་པ་རྣམས་སུ་མཆོད་ཡོན་དབུལ། ལས་ཐམས་ཅད་པ་བཟླས་པའི་མེ་ཏོག་དཀར་པོ་གསུམ་གསུམ་ཡང་གཞུག་གོ། དེ་ནས་མེ་ཏོག་ལ་སོགས་པས་མཆོད་དེ་ལས་བུམ་གྱི་ཆུས་དེའི་ཁ་རྒྱན་གྱི་ཡལ་འདབ་ཉིད་ཀྱིས་བསངས་ཏེ། དཀྱིལ་འཁོར་གྱི་བྱ་བ་རྣམས་རྫོགས་པ་དེ་ སྲིད་དུ་བགེགས་རྣམས་ཟློག་པར་མཛོད་ཅིང་ཅེས་བརྗོད་ལ། གཏོར་མ་ཕུལ་ཏེ་རེག་ལ་བསྟོད་པ་སྔོན་དུ་འགྲོ་བས་དྲིལ་བུ་དཀྲོལ་བར་བྱའོ། །དེ་ནས་བུམ་པ་རྣམས་ལ་ག་བུར་དང་ཨ་ག་རུས་བདུགས་པའི་རས་ཀྱིས་དག་པ་ལ་གནས་དབེན་ 5-6-18b པར་སྦ། རང་དང་སློབ་མ་ལ་བསང་གཏོར་བྱ་བའི་དོན་དུ་ལས་བུམ་ཀུ་ཤའི་ཆུན་པོ་དང་བཅས་པ་ཤར་སྒོའི་བྱང་དུ་བཞག་གོ། བུམ་བཟླས་དང་མཆོད་པ་ནི་ཉི་མ་རེ་རེ་ལ་ཐུན་གསུམ་གསུམ་མམ་གཅིག་ཏུ་བྱའོ། །ས་ཡི་ལྷ་མོ་ལ་སོགས་པ་ལྷག་ པར་གནས་པའི་ཆོ་ག་སྟེ་ལྔ་པའོ། །རྒྱུ་ཚད་གྲངས་མཚན་མགུལ་ཆིངས་སྐུད། །བདུག་བསྐྲད་གང་གཞུག་དུད་རྡོ་རྗེ། །དགོད་བསྐྱེད་གཞུག་དབང་མཆོད་བསྟོད་མྱང༌། །བཟླས་བཞུ་མཆོད་ཡོན་མེ་ཏོག་དབུལ། མཆོད་བསང་གསོལ་གདབ་གཏོར་མ་ བསྟོད། །སྦ་བཞག་བཟླས་མཆོད་བུམ་ཆོག་སྡོམ། །ཐིག་གདབ་པ་མ་གཏོགས་པའི་ལྷག་གནས་རྣམས་ནི་རས་རིས་ཀྱི་ཆོ་ག་ལ་ཡང་བྱའོ། །གསུམ་པ་ནི། དེ་ནས་སྔར་བཤད་པ་བཞིན་སྤྲོ་བ་སྐྱེད་པ་དང་སྙན་མནན་པ་དང་ང་རྒྱལ་འཛིན་པ་རྣམས་ བྱས་ལ། མདུན་གྱི་དཀྱིལ་འཁོར་གྱི་འཁོར་ལོ་དང༌། བར་སྣང་ལ་རིགས་ལྔའི་ཚོགས་དཔག་ཏུ་མེད་པ་བསམས་ལ། ལག་པ་གཡས་པས་སྤོས་ཕོར་ཐོགས་གཡོན་པས་དྲིལ་བུ་དཀྲོལ་ཞིང༌། ལྕེ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེར་བྱས། པུས་མོ་ས་ལ་ བཙུགས་ཏེ། ཐུགས་རྗེ་ཡི་ནི་བདག་ཅན་བདག །སློབ་མ་རྣམས་ལ་རྗེས་བརྩེ་དང༌། །ཁྱེད་རྣམས་ལ་ཡང་མཆོད་སླད་དུ། །སང་ནི་དཀྱིལ་འཁོར་འདྲི་བར་འཚལ། །བཅོམ་ལྡན་གུས་པས་བདག་ལ་ནི། །དེ་ཕྱིར་བཀའ་དྲིན་མཛད་པར་འོས། །རྡོ་རྗེ་ཅན་ བདག་ཆེ་གེ་མོ། །གསང་འདུས་དཀྱིལ་འཁོར་མཛེས་པར་ནི། །ཆོ་ག་ཅི་ནུས་ཡོ་བྱད་ཀྱིས། །སད་ནི་ཡང་དག་འདྲི་བར་འགྱུར། །དེ་ཕྱིར་སློབ་མར་བཅས་བདག་ལ། །རྗེས་སུ་བརྩེ་བར་ཉེར་གཟུང་ནས། །འཁོར་བཅས་ཀུན་གྱིས་དཀྱིལ་འཁོར་ལ། ། 5-6-19a བྱིན་གྱིས་བརླབ་པར་མཛད་པར་འོས། །ཞེས་པའི་དོན་ཡིད་ལ་བརྣགས་པས་ལན་གསུམ་དུ་བརྗོད་དེ། །གསོལ་བ་བཏབ་པས་དགྱེས་བཞིན་དུ་གནང་བ་བྱིན་པར་བསམ་མོ། །གསོལ་བ་གདབ་པའི་ཆོ་ལ་སྟེ་དྲུག་པའོ། །བཞི་པ་ སློབ་མ་ལྷག་གནས་ལ་གསུམ། དང་པོར་བྱ་བའི་ཆོ་ག། །བར་དུ་བྱ་བའི་ཆོ་ག །ཐ་མར་བྱ་བའི་ཆོ་གའོ། །དང་པོ་ནི། སྔར་བཤད་པའི་མཚན་ཉིད་དང་ལྡན་པའི་སློབ་མ་རྣམས་ཁྲུས་བྱས་གོས་གཙང་མ་བགོས་ཏེ་ཤར་སྒོར་བཞག །ལག་ཏུ་མེ་ཏོག་ གི་ཕྲེང་བ་བཟུང་སྟེ་ཐལ་མོ་སྙིང་ཁར་སྦྱར། པུས་མོ་ས་ལ་བཙུགས་པ་ལ། ཨོཾ་ཨཱཿབཛྲ་དྷྲིཀ་ཧཱུཾ་ཞེས་བཟླས་པའི་སྔགས་ཆུས་ལན་བདུན་གདོང་ལ་གཏོར་ལ་ལས་ཀྱི་སྒྲིབ་པ་སྦྱར། དེ་ནས་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ལ་མཎྜལ་གྱིས་མཆོད་ ནས། སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །བྱང་ཆུབ་ཆེན་པོའི་ཚུལ་བརྟེན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་ དང་དགེ་འདུན་ཏེ། །སྐྱབས་གསུམ་བདག་ལ་སྩལ་དུ་གསོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ཞེས་དོན་དྲན་བཞིན་པས་འདུན་པ་དྲག་པོས་གསོལ་བ་ལན་གསུམ་གདབ་བོ། །གཉིས་པ་ལ་ལྔ། ཀུན་ སློང་བཅོས་ཤིང་ནང་དབང་བསྐུར་བ། སྔགས་ལ་མོས་པ་བརྟན་པོ་འཛིན་དུ་གཞུག་པ། སྡོམ་པ་གཟུང་ཞིང་བྱིན་གྱིས་བརླབ་པ། སོ་ཤིང་དོར་ཏེ་ཁྱེར་ཆུ་སོགས་སྦྱིན་པ། ཆོས་བཤད་དེ་སྤྲོ་བ་བསྐྱེད་པའོ། །དང་པོ་ནི། བླ་མས། ལ་ལ་གསང་སྔགས་ 5-6-19b སྒྲུབ་དོན་གཉེར། །འདི་ནི་དཀྱིལ་འཁོར་འཇུག་པར་བྱེད། །བསོད་ནམས་འདོད་པས་དེ་ལས་གཞན། །གཞན་དག་འཇིག་རྟེན་གཞན་དོན་གཉེར། །འཇིག་རྟེན་ཕ་རོལ་དོན་གཉེར་བའི། །དད་པ་མང་དུ་བྱེད་པ་ཡིས། །བློ་ལྡན་དཀྱིལ་འཁོར་འཇུག་བྱ་ཡི། །ཚེ་ འདིའི་འབྲས་བུ་འདོད་མི་བྱ། །ཚེ་འདི་འདོད་པར་གྱུར་པ་ལ། །འཇིག་རྟེན་ཕ་རོལ་དོན་མི་འགྱུར། །འཇིག་རྟེན་ཕ་རོལ་དོན་གཉེར་སྐྱེས། །འཇིག་རྟེན་འདི་ཡི་འབྲས་བུ་རྒྱས། །ཞེས་བརྗོད་ལ། ཚེ་འདིའི་མངོན་མཐོ་ཙམ་འདོད་ནས་སྔགས་སྒྲུབ་པའི་ཕྱིར་ དུ་འཇུག་པ་དང༌། ཚེ་ཕྱི་མའི་མངོན་མཐོ་ཙམ་འདོད་ནས་བསོད་ནམས་འདོད་པས་འཇུག་པ་དང༌། འཇིག་རྟེན་འདི་ཕྱིའི་མངོན་མཐོ་ཙམ་ལས་གཞན་སྐུ་གསུམ་གྱི་གོ་འཕང་དོན་དུ་གཉེར་ནས་དཀྱིལ་འཁོར་དུ་འཇུག་པ་གསུམ་ལས། སྔ་མ་གཉིས་ལྟར་ མི་བྱ་བར་ཕྱི་མ་ལྟར་གྱི་བསམ་པ་སྐྱེད་དགོས་པ་རྒྱུ་མཚན་དང་བཅས་པ་བཤད་ལ་ཀུན་སློང་བཅོས་སོ། །རང་གཙོ་བོར་གསལ་བའི་ཐུགས་ཁའི་ས་བོན་གྱི་འོད་ཟེར་གྱིས། སློབ་མ་རེ་རེ་ནས་རང་གི་ཁ་ནས་བཅུག་པ་རྡོ་རྗེའི་ལམ་ནས་ཐོན་ནས་ཡུམ་ གྱི་པདྨར་མི་བསྐྱེད་པ་ཞལ་གཅིག་ཕྱག་གཉིས་པའི་རྣམ་པར་གནས་པ་ལ། སྙིང་ཁའི་ས་བོན་གྱི་འོད་ཟེར་གྱིས་རིགས་ལྔ་ཡབ་ཡུམ་བཀུག་སྟེ། ཁ་ནས་ཞུགས་ཤིང་ཞུ་བ་སྔར་བཞིན་འཐོན་པས། སློབ་མ་རེ་ནས་དབང་བསྐུར་བར་བསྒོམས་ནས་པདྨ་ ལས་ཕྱུང་སྟེ་དཀྱིལ་འཁོར་གྱི་ཤར་སྒོར་བཞག་གོ། གཉིས་པ་ནི། དེ་ནས་སློབ་མ་གཅིག་གཙོ་བོར་བྱས་ཏེ་དེའི་སྒོ་ནས་ཐམས་ཅད་ལ་འདི་སྐད་ཅེས། བུ་ཚུར་ཤོག་ཅིག་ཐེག་ཆེན་པོ། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བསྟན་པར་ 5-6-20a བྱ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་གྱིས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །དུས་གསུམ་འབྱུང་བའི་སངས་རྒྱས་རྣམས། །རྡོ་རྗེ་སྔགས་ཀྱི་མཐུ་ཡིས་ནི། །ཡེ་ཤེས་མཉམ་མེད་ཡང་དག་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་པ། །གང་ གིས་ཤཱཀྱ་སེང་གེ་སོགས། །མཆོག་རྣམས་ཀྱིས་ནི་བདུད་ཀྱི་སྡེ། །མི་བཟད་ཆེན་པོ་སྟོབས་ཆེན་བཅོམ། །འཇིག་རྟེན་རྗེས་འཇུག་རྟོགས་ནས་ནི། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག ། ཅེས་བྱ་བའི་དོན་བཤད་ལ་མོས་པ་བརྟན་པར་བྱའོ། །གསུམ་པ་ནི། དེ་ནས་སློབ་མ་ལ་སྐྱབས་སུ་འགྲོ་བ་དང་སྡིག་པ་བཤགས་པ་དང་དགེ་བ་ལ་ཡི་རང་བ་སྔོན་དུ་འགྲོ་བ་ཅན་གྱི་སངས་རྒྱས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་འཇུག་པའི་སྡོམ་པ་གཟུང་ བར་བྱའོ་སྙམ་པའི་འདུན་པ་དྲག་པོ་བསྐྱེད་ལ། བླ་མས། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །ཞེས་བཟླས་པའི་རྗེས་སུ་རྗེས་ ཟློས་ལན་གསུམ་གྱིས་ཐུན་མོང་གི་སྡོམ་པ་འཛིན་དུ་བཅུག་ནས། རིགས་ལྔ་སྤྱི་དང་སོ་སོའི་དམ་ཚིག་ཐམས་ཅད་དུས་འདི་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྲུང་སྙམ་པའི་འདུན་པ་དྲག་པོ་སློབ་མ་ལ་བསྐྱེད་ལ། བླ་ མས། སངས་རྒྱས་རང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་ཆེ་གེ་མོ་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཞེས་པ་ནས། 5-6-20b སེམས་ཅན་མྱ་ངན་འདས་ལ་དགོད། ཅེས་བཟླས་པའི་རྗེས་སུ་རྗེས་བཟློས་ལན་གསུམ་བྱེད་དུ་བཅུག་ལ། ཐུན་མོང་མ་ཡིན་པ་རྡོ་རྗེ་སེམས་དཔའི་སྡོམ་པ་འཛིན་དུ་གཞུག་གོ། སྡོམ་པ་འདི་གཉིས་གང་ཡང་བསྲུང་མི་ནུས་ན་ཆུ་དབང་ཡན་ཆད་གང་ཡང་མི་བསྐུར་ བ་དང༌། ཐུན་མོང་གི་སྡོམ་པ་སྲུང་ལ་གཉིས་པ་སྲུང་མི་ནུས་ན། བུམ་དབང་གི་གཙོ་བོ་ཡན་ཆད་མི་བསྐུར་བར་གསུངས་པས། ལེན་པའི་ཚེ་ཆོ་ག་མ་ཆད་ཅིང་བརྡ་འབྱོར་ལ། ལེན་འདོད་དང་བསྲུང་འདོད་དྲག་པོ་དང༌། འབོགས་པ་པོ་ཡང་སྔགས་ཀྱི་རྩ་ལྟུང་དང་མི་ ལྡན་པའི་སྡོམ་ལྡན་གྱིས་ཆོ་ག་བྱ་བ་ནི་ཤིན་ཏུ་གལ་ཆེའོ། །དེ་ནས་སློབ་མ་ལ་བགེགས་མཐར་བྱེད་བཟླས་པའི་དྲིའི་ཆུས་གཏོར་ནས་བསྲུངས་ལ་སློབ་མ་རྣམས་ཀྱི་སྙིང་ཁར་རྡོ་རྗེ་ནག་པོ་རྩེ་ལྔའི་ལྟེ་བ་ལ་ཧཱུཾ། མགྲིན་པར་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བ་ལ་ ཨཱཿ སྤྱི་བོར་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི་ལྟེ་བ་ལ་ཨོཾ་བསམ་ཞིང༌། སློབ་དཔོན་གྱིས་དྲིའི་ཆུ་དང་བཅས་པའི་རྡོ་རྗེས་རེག་ཅིག་ཨོཾ་ཨཱཿཧཱུཾ་ཞེས་བརྗོད་པས་ཡི་གེ་གསུམ་གྱི་འོད་ཟེར་གྱིས་དྲི་མ་མེད་པར་བལྟས་ལ། དེའི་སྤྱི་བོར་མེ་ཏོག་དང་མདུན་དུ་ བདུག་སྤོས་དང་མར་མེ་དང༌། སྙིང་ཁར་དྲིའི་བྱུགས་པ་དབུལ་ལོ། །བཞི་པ་ནི། འོ་མ་ཅན་གྱི་ཤིང་ཧ་ཅང་སྦོམ་པ་དང་ཕྲ་བ་མིན་པ། དྲང་ཞིང་ཚིགས་མེད་པ་མ་གས་པ་རྨ་མེད་པ། མགོ་མཇུག་མཉམ་པ། དྲིའི་ཆུས་བཀྲུས་ཤིས་བདུག་པས་བདུགས་པ་སོར་བཅུ་ གཉིས་པ་རྩེ་མོར་མེ་ཏོག་བཅིངས་པ། སློབ་དཔོན་བྱང་དུ་ཕྱོགས་ཏེ་ཡི་གེ་གསུམ་བཟླས་ནས་སློབ་མ་ལ་བྱིན་ལ། ས་ལ་བགེགས་མཐར་བྱེད་ཀྱི་སྔགས་ཀྱིས་བསྔགས་ནས། དྲི་བཟང་དང་བ་བྱུང་གིས་བའི་ཀོ་བའི་སྲབ་འཐུག་ཙམ་དུ་ཁྲུ་བཞི་པ་གྲུ་བཞི་རུ་ 5-6-21a བྱུགས་ནས། སློབ་མ་ཁ་ཤར་རམ་བྱང་དུ་ཕྱོགས་པས། ཨོཾ་བཛྲ་ཧཱ་ས་ཧཿཞེས་པས་རྩེ་མོ་ནས་འཆོས་ཏེ། ཨོཾ་པྲ་ཏི་བཛྲི་ས་མ་ཡ་ཨི་ཤྭ་རི་ཨཱཿཧཱུཾ་སྭཱཧཱ། ཞེས་བཟླས་ནས་མིག་སྟེང་དུ་བལྟ་ཞིང་ལྟོས་པ་མེད་པར་མཎྜལ་གྱི་སྟེང་ དུ་དོར་རོ། །རྩེ་མོ་སྟེང་དུ་བལྟས་ན་རིག་འཛིན། བླ་མ་ལ་ཕྱོགས་ན་མཆོག །ཐུར་དུ་བལྟས་ན་ས་འོག །ཤར་བྱང་ནུབ་ལྷོར་བལྟས་ན་ཞི་རྒྱས་དབང་དྲག་འགྲུབ་ལ། ཕྱི་རོལ་ཏུ་ལྷུང་ན་དངོས་གྲུབ་མེད་དོ། །དེ་ནས་བཾ་ལས་བྱུང་བའི་དྲི་བཟང་གི་ཆུ། ཨོཾ་ཨཱཿ ཧཱུཾ་བཟླས་ཏེ་ཨོཾ་ཧྲཱིཿ སུ་བི་ཤུདྡྷ་དྷརྨཱ་སརྦ་པཱ་པཱཾ་ནི་ཙཱ་ཨསྱ་བི་ཤོ་དྷ་ཡ་སརྦ་བི་ཀལྤཱན་ཨ་པ་ན་ཡ་ཧཱུཾ། ཞེས་བཟླས་ཏེ་ཁྱོར་བ་གསུམ་འཐུང་དུ་བཅུག་པས་སྒོ་གསུམ་གྱི་སྡིག་པ་ཐམས་ཅད་སྤྱངས་ཤིང་རྣམ་པར་རྟོག་པ་རྣམས་བསལ་བར་བསམ་ མོ། །དེ་ནས་ཀུ་ཤ་རྩ་བ་དང་རྩེ་མོ་མ་ཉམས་པ་མང་བ་ཧཱུཾ་ལས་བྱུང་ཞིང་དེའང་ལས་ཐམས་ཅད་པ་བཟླས་པ་སྟན་གྱི་དོན་དང༌། ཀུ་ཤ་ཉུང་བོ་དྷཱིཿ ལས་བྱུང་ཞིང་དེ་དང་ལས་ཐམས་ཅད་པ་བཟླས་པ་སྔས་ཀྱི་དོན་དུ། ཨོཾ་བཛྲ་ཏིཀྵ་བཾ་ཞེས་པས་ ལག་པ་གཡོན་པའམ་ཐལ་མོ་གཉིས་ཀྱི་བར་དུ་སྦྱིན་པ་ནི་བཀྲ་ཤིས་པའི་རྨི་ལམ་མི་འཁྲུལ་བའི་དོན་དུའོ། །དེ་ནས་གཞོན་ནུ་མས་བཀལ་བའི་སྐུད་པ་དམར་པོ་ཧཱུཾ་ལས་བྱུང་བ་གསུམ་སྒྲིལ་ཁྲུ་གང་སོར་བཞི་པ། ཡི་གེ་བརྒྱ་པ་ལན་གསུམ་བཟླས་ ལ་ཞབས་བསིལ་གྱི་ཆུས་བསང༌། རྡོ་རྗེ་གསུམ་གྱི་མདུད་པ་གསུམ་དང་ལྡན་པ་དཔུང་པ་གཡས་པའམ་གཡོན་པ་ལ། ཨོཾ་བུདྡྷ་མི་ཏྲི་རཀྵ་རཀྵ་སརྦན་སྭཱཧཱ། ཞེས་ཟློས་ཤིང་ལན་གསུམ་དུ་བཅིངས་ལ། ཨོཾ་ལོ་ཅི་ནི་ཡ་ཐ་ཏད་ཏྭ་སཾ་པྲ་ཏཾ་མི་བྷ་ཤུ་ཏི་ 5-6-21b ཏད་ཏྭཾ། རཏྣ་ཏྲ་ཡ་ས་ཏི་ན་ནི་དར་ཤ་ཡ་སྭཱ་ཧཱ། ཞེས་པ་ལན་གསུམ་བཟླས་ལ་སློབ་མ་ལ་མེ་ཏོག་གཏོར་རོ། །དེ་ནས་སླར་ཡང་སྐུ་གསུང་ཐུགས་བྱིན་རླབས་དང་ཁྱོར་ཆུ་སྦྱིན་པ་གཉིས་བྱ། རྒྱུད་རྡོར་ཕྲེང་ལས་སྐྱེ་མཆེད་བྱིན་གྱིས་བརླབ་པར་གསུངས་ ཏེ་རྒྱས་བསྡུས་སུ་མངོན། ལྔ་པ་ནི། དེ་ནས་བླ་མས། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམ་ཝ་རའི་མེ་ཏོག་ལྟར། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ ནི་དཀོན་པ་སྟེ། །གང་གིས་མཉམ་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །འདི་རྟེན་ཀུན་རྫོབ་བདེན་པ་དང༌། དམ་པའི་དོན་གྱི་བདེན་པའོ། །ཟབ་ཅིང་ རྒྱ་ཆེ་ཞེས་བཤད་པ། །རྣམ་པར་རྟོག་མེད་ཟབ་པ་སྟེ། །རྒྱ་ཆེ་སངས་རྒྱས་རྣམས་ཀྱི་སྐུ། །འདི་ནི་བདེན་པ་གཉིས་སུ་བཤད། །ཀུན་རྫོབ་དང་ནི་དམ་པའི་དོན། །ཕྱེ་སྟེ་སོ་སོར་ཤེས་ནས་སུ། །དེ་ནས་གཅིག་ཏུ་འདྲེས་བྱས་པའི། །ཟད་མེད་གོ་འཕང་ བསྒོམ་པར་བྱ། །དེ་ཡིས་ཀུན་ཏུ་ཀུན་ལས་ཀུན། །རྣམ་ཀུན་ཀུན་ཚེ་རང་ཉིད་ནི། །སངས་རྒྱས་ཐམས་ཅད་རང་བཞིན་དུ། །གྲུབ་པར་རང་ཉིད་ཀྱིས་མཐོང་འགྱུར། །བྱང་ཆུབ་སུས་ཀྱང་བྱིན་མ་ཡིན། །སུ་ཡིས་ཀྱང་ནི་གཟུང་མ་ཡིན། །རང་ཆོས་ཡོངས་ སུ་ཤེས་པ་ལས། །དེ་ལ་སངས་རྒྱས་སངས་རྒྱས་བརྗོད། །སེམས་ཅན་བག་ལ་ཉལ་དབྱེ་བ། །ཡང་དག་མགོན་པོས་དེ་ཉིད་ནི། །འབད་པས་སྦས་ནས་ཕུང་པོ་ཡི། །རིན་ཆེན་ཟ་མ་ཏོག་ཏུ་བཞག །དེ་ཕྱིར་བླ་མའི་ཞབས་ཀྱི་ནི། །དྲིན་གྱིས་འབད་པས་ 5-6-21c རྟོགས་བྱ་སྟེ། །དེ་ཉིད་ཀྱིས་ཡིད་གསལ་གྱུར་པས། །དེ་ནས་སྤྱོད་པ་རབ་ཏུ་བྱ། །འདི་ལ་གཙང་སྒྲ་ངེས་སྡོམ་མེད། །དཀའ་ཏུབ་མེད་ཅིང་དཀའ་སྤྱད་མེད། །དཀའ་སྤྱད་མེད་ཅིང་ངེས་མེད་ལ། །བདེ་བ་བསྟེན་པས་འགྲུབ་པར་འགྱུར། །བསྐལ་པ་ བྱེ་བ་དུ་མ་རུ། །སྔོན་དུ་སྡིག་པ་བྱས་པ་གང༌། །དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག །དེ་དག་ཐམས་ཅད་ཟད་པར་འགྱུར། །གང་ཞིས་སྤྱོད་པའི་མཆོག་འདི་ལ། བློ་གྲོས་ཤིན་ཏུ་དྲི་མེད་ན། །སྡུག་བསྔལ་ཐམས་ཅད་འབྱུང་བ་ཡི། །ངན་འགྲོ་དེ་ཡིས་གཅོད་པར་ འགྱུར། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་བླ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པས། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་གཟུང་སྟེ་སྐྱེ་བཞིན་པར། །བདག་ཉིད་ཆེན་པོ་ཁྱེད་གནས་ཏེ། །གང་གིས་ཁྱེད་རྣམས་ཐེག་ ཆེན་དུ། །སང་ནི་རབ་ཏུ་སྐྱེ་འགྱུར་བ། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་དེར་ནི་དོང་བས་ན། །རང་འབྱུང་བསྐལ་པ་ཆེན་པོ་བ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པ་རྣམས་སུ་འགྱུར། ། ཞེས་པའི་དོན་བཤད་དེ་སྤྲོ་བ་བསྐྱེད་དོ། །གསུམ་པ་ནི། དེ་ནས་སློབ་མ་རྣམས་ལ་ལས་ཐམས་ཅད་པའི་སྔགས་ཀྱིས་བཟུང་ཞིང་བཟླས་པའི་དོན་དུ་སྔགས་བྱིན་ལ། ནམ་གྱི་ཆ་བཞིའི་ཐ་མ་ལ་རྨི་ལམ་བརྟགས་ལ་ནང་བར་ང་ལ་སྨོས་ཤིག་ཅེས་བརྗོད་ནས་ དཀྱིལ་འཁོར་གྱི་ཁང་པའམ། །གཞན་དུ་ཀུ་ཤ་ཆེ་བ་སྟན་དང་ཆུང་བ་སྔས་སུ་ཆུག་ལ་སེང་གེའི་ཉལ་སྟབས་ཀྱིས་ཤར་ཕྱོགས་སམ། སོ་ཤིང་དོར་བ་མགོ་གང་དུ་བལྟས་པ་དེར་མགོ་ལ་ཉོལ་ཅིག་ཅེས་བྱའོ། །རང་ཉིད་དཀྱིལ་འཁོར་གྱི་ཁང་པར་ 5-6-21d ཞུགས་ནས་ལས་ཐམས་ཅད་པ་བཟླས་ཤིང༌། སོ་ཤིང་དོར་བ་མགོ་གང་དུ་བལྟས་པ་དེར་མགོ་བསྟན་ཏེ་ཉལ་ལ། ནང་པར་སྔ་བར་ལངས་ནས་གཏོར་མ་བཏང་སྟེ། སློབ་མ་རྣམས་ལ་རྨི་ལམ་དྲིས་ལ། དཀོན་མཆོག་གསུམ་དང་མཛའ་བཤེས་མཐོང་བ་ སོགས་བཟང་ན་སྤྲོ་བ་བསྐྱེད། རི་ལས་ལྷུང་བ་སོགས་ངན་ན་ལས་ཐམས་ཅད་པའི་སྔགས་ཀྱིས་བསྲུང་བ་དང༌། བདག་མེད་པའི་དོན་བཤད་པ་དང༌། ཞི་བ་ལས་ཐམས་ཅད་པའམ་སོ་སོའི་སྦྱིན་སྲེག་བྱ་ཞིང་གཏོར་མ་བཏང་ངོ་། །དེ་ནས་སློབ་དཔོན་ གཙོ་བོའི་རྣལ་འབྱོར་དང་ལྡན་པས་སྟ་གོན་གྱི་དཀྱིལ་འཁོར་ལོ་མཆོད་ནས་སྔར་གྱི་སྔགས་རྒྱས་ནམ་མཁའ་ལ་བཏེག་སྟེ་བཞག་གོ། སློབ་མ་ལྷག་པར་གནས་པའི་ཆོ་ག་ནི་རས་རིས་ཀྱི་ཆོ་ག་ལ་ཡང་འདྲ་སྟེ། ཐིག་མ་གཏོགས་པ་ཕྲེང་བར་བཤད་ པའི་ས་གཟུང་བ་མན་ཆད་བསམ་གཏན་གྱི་ཆོ་ག་ལ་ཡང་བྱ་བར་བཤད་དོ། །སློབ་མ་ལྷག་པར་གནས་པའི་ཆོ་ག་སྟེ་བདུན་པའོ།། །།གསོལ་གདབ་ཀུན་སློང་ནང་དབང་དང༌། །འཛིན་གཞུག་སྡོམ་བཟུང་བྱིན་རླབས་མཆོད། །སོ་ཤིང་ཁྱོར་ཆུ་ ཀུ་ཤ་སྲུང༌། །བྱིན་རླབ་ཁྱོར་ཆུ་ཆོས་བཤད་བསྲུང༌། །ཉལ་གཏོར་དྲི་མཆོད་གདེག་པ་ནི། །སློབ་མ་ལྷག་པར་གནས་པའི་སྡོམ། །གསུམ་པ་དངོས་གཞིའི་ཆོ་ག་ལ་གསུམ། ཡེ་ཐིག་གདབ་ཅིང་ཚོན་དགྱེ་བ། །བུམ་པ་དགོད་ཅིང་དཀྱིལ་འཁོར་བརྒྱན་ པ། བསྒྲུབས་ཤིང་མཆོད་ནས་དབང་བསྐུར་བའོ། །དང་པོ་ལ་གསུམ། ཡེ་ཐིག་གདབ་པ་དང༌། ཚོན་དགྱེ་བ་དང༌། བགེགས་བཟློག་ཐབས་སོ། །དང་པོ་ལ་གཉིས། ཡེ་ཐིག་འདུ་བྱ་བ་དང༌། འདེབས་པའི་རིམ་པ་གཤེགས་གསོལ་དང་བཅས་པའོ། །དང་ 5-6-22a པོ་ནི། སྔར་བཤད་པ་ལྟར་གྱི་ཐིག་སྐུད་དཀར་པོ་ལྔ་ཚན་ལྔ་སྣོད་ལྔར་བཞག་ལ་ཡུངས་ཀར་གྱི་ཕྱེ་མ་དང་བདུད་རྩི་ལྔ་དང་དྲི་ཞིམ་པོ་བསྲེས་པའི་ཚོན་སྣ་ལྔས་སྐུད་པ་རྣམས་སོ་སོར་ཁ་བསྒྱུར། ཐིག་སྐུད་ནག་པོ་ཧཱུཾ་ལས་མི་བསྐྱོད་པ། །དཀར་ པོ་ཨོཾ་ལས་རྣམ་སྣང༌། སེར་པོ་སྭཱ་ལས་རིན་འབྱུང༌། །དམར་པོ་ཨཱཿལས་འོད་དཔག་མེད། །ལྗ་ཁུ་ཧཱ་ལས་དོན་གྲུབ་ཀྱི་ངོ་བོར་བསྒོམས་ལ། ས་བོན་དེ་རྣམས་བཟླས་ཏེ་སྣོད་གཙང་མར་བཞག དཔོན་སློབ་གཉིས་སྔར་ལྟར་བསྐྱེད་པའི་སློབ་མ་ལ། ཧཱུཾ་ཨོཾ་ སྭཱ་ཨཱཿ ཧཱ་ཞེས་བརྗོད་དེ་བྱིན་ལ་སློབ་མས་ཀྱང་དེ་ཉིད་བརྗོད་ཅིང་བླངས་ཏེ། ལག་པ་གཡོན་པའི་སོར་མོའི་རྩེ་མོ་ནས་མཐེ་བོའི་རྩེ་བའི་བར་དུ། ནག་དཀར་དམར་སེར་ལྗང་བའི་རིམ་པས་བཀོད་ནས་བརྐྱང་ལ། སྔར་ནམ་མཁའ་བཞུགས་སུ་གསོལ་བའི་དེ་ བཞིན་གཤེགས་པ་ལྔའི་ཐགས་ཀར། ཧཱུཾ་ལ་སོགས་པ་ལས་གྲུབ་པའི་ཡེ་ཤེས་ཀྱི་ཐིག་སྐུད་འོད་ཟེར་ལྔའི་རང་བཞིན་ཅན་རྣམས་བལྟས་ལ། ཨོཾ་ཨཱཿ ཀྵོ་བྷྱ་བཛྲ་སཱུ་ཏྲཾ་མེ་པྲ་ཡ་ཙྪ་མ་ཧཱ་མཎྜལ་སཱུ་ཏྲ་ན་ཡ་ཧཱུཾ། ཞེས་པས་མི་བསྐྱོད་པ་ལ་གསོལ་བ་ གདབ། ཨཀྵོ་བྷྱ་ཡི་གནས་སུ། ཤཱ་ཤྭ་ཏས་རྣམ་སྣང་དང༌། རཏྣ་སམྦྷ་བས་རིན་འབྱུང་དང༌། ཨ་མི་ཏཱ་བྷ་བས་འདོ་དཔག་མེད་དང༌། ཨ་མོ་གྷ་སིདྡྷ་ཞེས་བཅུག་ལ་དོན་ཡོད་གྲུབ་པ་ལ་གསོལ་བ་གདབ་བོ། །དེ་ནས་རང་གི་མིག་གཉིས་སུ་ཡི་གེ་ཛཿལས་ ཉི་མ་དང་ཟླ་བ་སེར་པོ་བསྐྱེད། ཨོཾ་དཱེཔྟ་དྲིཥྚ་ཨཾ་ཀུ་ཤ་ཛ། ཞེས་བརྗོད་ཅིང་མྱུར་དུ་མིག་གི་རྫི་མ་འདེགས་ཤིང་རྡེབས་པའི་འབར་བའི་ལྟ་སྟངས་ལྕགས་ཀྱུ་ལྟ་བུས་བཀུག་པའི་ཡེ་ཤེས་ཀྱི་ཐིག་རང་རང་གི་མདོག་ཅན་གྱི་ས་བོན་གྱི་ཡི་གེའི་གཟུགས་རིགས་ 5-6-22b ལྔའི་ཐུགས་ཀ་ནས་བཏང་བ་ལག་པའི་ཐིག་སྐུད་སོ་སོ་ལ་ཐིམ་པར་བསྒོམས་ལ། ཨོཾ་ཨཱཿཨ་ནྱོ་ནྱ་ཨ་ནུ་ག་ཏཱཿ་སརྦ་དྷརྨཱཿ སྥ་ར་སྥ་ར་ཨ་ནུ་པྲ་བིཥྚཱཿ སརྦ་དྷརྨཱཿ ཨ་ཏྱན་ཏ་ཨ་ནུ་པྲ་བིཥྚཱཿསརྦ་དྷརྨཱཿ་ཨོཾ་ཨཱཿཧཱུཾ་ཞེས་ཟློས་ཤིང་དང་པོ་ལྔ་ལྔར་བསྒྲིལ། དེ་ནས་ལྔ་པོ་གཅིག་ཏུ་བསྒྲིལ་ཏེ་ཚང་ནི་སྔར་དང་འདྲའོ། །དེ་ནས་བགེགས་མཐར་བྱེད་དུ་བསྐྱེད་པའི་སྐོར་རྣམས་མ་གཏོགས་པ་དྲི་ཞིམ་པོའི་ཆུ་དང་བདུད་རྩི་ལྔ་ཞེས་པ་ནས་ལྷག་གནས་བྱའོ་ཞེས་པའི་རབ་སྔར་བཤད་པ་བཞིན་བྱ། གཉིས་པ་ནི། དཀྱིལ་ འཁོར་གྱི་ས་ལ་སྔར་གྱི་སྔགས་དང་བུམ་པ་ཐམས་ཅད་ཀྱི་ཆུས་བསངས་ཏེ་གཙང་མར་བྱ་བ་ནས་མཆོད་བསྟོད་ཀྱི་བར་དང༌། སློབ་དཔོན་ནུབ་དང་ཞེས་པ་ནས་ལྟེ་བར་གཟུང་ལ་ཞེས་པའི་བར་རྣམས་སྔར་བཤད་པ་བཞིན་བྱ། གཉིས་ཀའི་ལྟེ་བའི་ཐད་ཀའི་ བར་སྣང་ལ་ཐིག་སྐུད་བརྐྱང་ནས། རྡོ་རྗེ་དང་བཅས་པའི་ལག་པ་གཡས་པའི་མཐེ་བོང་དང་མཛུབ་མོས་ཐིག་སྐུད་བཟུང་ནས། ཨོཾ་བཛྲ་ས་མ་ཡ་སུ་ཏྲ་མ་ཏི་ཀྲ་མ་ཧཱུཾ་ཧཱུཾ་ཨོཾ་སྭཱ་ཨཱཿ ཧཱ། ཞེས་བརྗོད་ཅིང་ནམ་མཁའ་ལ་གདབ་ལ་སེ་གོལ་གྱི་སྒྲ་བྱའོ། །ཐིག་གི་སྒྲས། སེམས་ཅན་དོན་དུ་ཁྱེད་རྣམས་ཀྱི། །དུས་ཡིན་དེ་ཕྱིར་འདིར་སྦྱིན་ཅིག །ཅེས་བརྗོད་པས་ནམ་མཁའ་ཁྱབ་པའི་སངས་རྒྱས་རྣམས་བསྐུལ་ནས་བྱོན་ཏེ་ཐིག་སྐུད་ལ་ཐིམ་པར་བསམ་མོ། །དེ་ནས་དེ་མ་ཐག་དཔོན་སློབ་གཉིས་ཀའི་ལག་པ་མཉམ་པར་སྨད་ནས་ སྡོད་པའི་རྐང་སྟབས་སྔར་བཞིན་བྱས་ཏེ། འོད་ཟེར་ཕྲེང་བའི་མཐའ་ནས་མཐའི་བར་དུ་ཚངས་ཐིག་དང་པོ་གདབ་སྟེ། དེའི་ཚེ་ཡང་ཐིག་གི་སྒྲས་སངས་རྒྱས་རྣམས་བསྐུལ་ཏེ་བྱོན་ནས་ཐིག་སྐུད་ལ་ཐིམ་ཞིང༌། ངོ་བོ་ཡེ་ཤེས་ལ་རྣམ་པ་སྲད་བུ་ཁ་དོག་ 5-6-23a ལྔར་སྣང་བའི་ཐིག་སྐུད་རེ་ཆད་ནས་ལས་ཐིག་ལ་ཐིམ་པར་བསམ་མོ། །དེ་ནས་སྔར་བཤད་པ་བཞིན་རྐང་པ་བྱིན་གྱིས་བརླབས་ཏེ་སོང་ནས་ལྷོ་བྱང་གི་ནམ་མཁའ་ལ་གདབ་པ་དང་ས་ལ་ཚངས་ཐིག་གཉིས་པ་གདབ་པ་དང་པོ་བཞིན་བྱ། དེ་ནས་ ནམ་མཁའ་ལ་འདེབས་པ་མ་གཏོགས་པ་བསྐོར་ཕྱོགས་ལ་སོགས་སྔར་བཞིན་བྱ་ཞིང༌། ཐིག་ལྷག་མ་རྣམས་ཀྱང་ལས་ཐིག་བཞིན་གདན་ལ་བྱིན་གྱིས་རློབ་པའི་དམིགས་པ་དང་པོ་བཞིན་བྱའོ། །ཐིག་སྐུད་འཛིན་པའི་དམིགས་བསལ་དང་ཐིག་སྐུད་ཀྱི་ལྟས་ རྟོག་པ་ནི་སྔར་དང་འདྲའོ། །ཐིག་ཐེབས་པ་ནི་ཐིག་སྐུད་ལ་མཆོད་གཏོར་དབུལ་བ་སྔོན་དུ་འགྲོ་བས། ཨོཾ་ཨཱཿཧཱུཾ་བཛྲ་མུཿཞེས་པས་ཡེ་ཤེས་ཀྱི་ཐིག་སྐུད་ནམ་མཁར་བཞུགས་པའི་རྒྱལ་བ་རྣམས་ཀྱི་ཐུགས་ཀར་གཤེགས་ལ། ཚོན་སྣ་ལྔའི་སྐུད་པ་ གནས་ཇི་ལྟ་བར་བཞག་གོ། ཡེ་ཐིག་ཐེབས་ནས་ཐིག་སྐུད་ལ་འགོམ་དགོས་པ་དང༌། ཚོན་བྱིན་རླབས་ཅན་ལ་འགོམ་དགོས་པ་བྱུང་ན། ཨོཾ་བཛྲ་བེ་ག་ཨ་ཀྲ་མ་ཧཱུཾ། ཞེས་ངག་ཏུ་བརྗོད་ལ་ཡིད་ཀྱིས་ཡེ་ཤེས་ཀྱི་ཐིག་ཚོན་ནམ་མཁའ་ལ་བར་ཏེག་ནས་ བྱ་ཞིང་རྗེས་སུ་ཕབ་ལ་བསྟིམ་མོ། །དའིའི་བསྡོམས་ནི་ཐིག་ཆོ་ག་སྔ་མའི་བསྡོམས་ཀྱི་ཤེས་པར་ནུས་སོ། །ནམ་མཁའ་ལ་ཐིག་གདབ་པའི་ཆོ་ག་སྟེ་བརྒྱད་པའོ།། །།གཉིས་པ་ལ་གསུམ། ཚོན་རྩི་བྱིན་གྱིས་བརླབ་པ། ཚོན་གྱིས་རྟེན་གྱི་དཀྱིལ་ འཁོར་བྲི་བ། དེ་ལ་ཕྱག་རྒྱ་དགོད་པའོ། །དང་པོ་ནི། འབྱོར་བ་ཆེ་ན་རིན་པོ་ཆེའི་རྡུལ་ཚིན་ནམ་ཆུང་ན་ས་ཚོན་ལ་སོགས་པ་ཡང་རུང་སྟེ། སྣོད་སར་པ་རྣམས་སུ་སོ་སོར་བཀོད་ལ། བསང་སྦྱང་སྔོན་དུ་འགྲ་བས་ཧཱུཾ་ཨོཾ་ལ་སོགས་པའི་ས་བོན་ལས་རེ་རེ་ 5-6-23b ཡང་རིགས་ལྔའི་ངོ་བོར་བསྒོམ། ནམ་མཁར་བཀོད་པའི་རིགས་ལྔའི་ཐུགས་ཀར་རིགས་ལྔ་སོ་སོའི་ས་བོན་ལས་གྲུབ་པའི་ཡེ་ཤེས་ཀྱི་ཚོན་རྣམས་སྔར་བཤད་པ་བཞིན་འབར་བའི་ལྟ་སྟངས་ཀྱིས་བཀུག་སྟེ་བཅུག་པས་ཡེ་ཤེས་ཀྱི་རྡུལ་ཚོན་དང་རོ་གཅིག་ ཏུ་གྱུར་པ་བསམས་ལ། ས་བོན་ལྔ་དང་ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ་ཞེས་བརྒྱ་རྩ་བརྒྱད་ཀྱིས་བསྔག་གོ། །རང་གི་མིག་གཉིས་སྔར་བཞིན་བསྐྱེད་དེ་སྔར་བཞིན་འབར་བའི་ལྟ་བས་གཟི་བརྗིད་བསྐྱེད་ཅིང་བལྟ་ལ། རྡུལ་ཚོན་རྣམས་ལ་ཧིཿ ཡིག་བཀོད་ནས་བདེན་ པ་གང་གིས་སེམས་ཅན་རྣམས་རྡུལ་ཚོན་མང་ཞིང་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སེམས་ཅན་ལ་ཆགས་པ་དང་རྗེས་སུ་ཆགས་པར་འགྱུར་བའི་བདེན་པ་དེས། རྡུལ་ཚོན་རྣམས་འབར་བར་གྱུར་ཅིག །ཅེས་བདེན་པའི་བྱིན་རླབས་ཀྱིས་སྦར་ལ། དྲི་དང་མེ་ཏོག་ལ་སོགས་པས་མཆོད་དོ། །ཚོན་སྣ་ལྔ་འི་ཆོ་ག་སྟེ་དགུ་པའོ།། །།གཉིས་པ་ནི། དཀྱིལ་འཁོར་གྱི་དབུས་སུ་ཕུར་བུ་དངོས་སུ་བཏབ་པ་ཡིན་ན་དེ་བཏོན་པའི་ཤུལ་ཚོན་སྣ་ལྔས་དགང་ལ་མཉམ་པར་བྱ། བསམ་གཏན་གྱིས་བཏབ་ ནས་ཕྱུང་བར་མོས་པ་ཡིན་ན་བཀང་བར་མོས་པས་ཆོག །དེ་ནས་དྲིལ་བུ་གསིལ་ཞིང༌། འདི་ནི་ཆོས་དབྱིངས་དག་པ་སྟེ། སེམས་ཅན་ཁམས་ནི་རབ་གྲོལ་མཛད། །རང་ཉིད་རྒྱལ་པོ་རྡོ་རྗེ་འཆང༌། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཉེས་པ་ཀུན་ལས་ རྣམ་པར་གྲོལ། །འཁོར་ལོའི་ནང་དུ་ཡང་དག་གནས། །ཞེས་པའི་རྡོ་རྗེའི་གླུས་ཆོས་དབྱིངས་རྣམ་པར་དག་པར་མོས་ནས་ཚོན་འགྱེད་པའི་མཚན་མ་ངན་པའི་སྐྱོན་རྣམས་བསལ་བར་བྱས་ལ། དཀྱིལ་འཁོར་གྱི་ནང་དུ་འདུག་སྟེ་ལག་པ་གཡས་པས་ 5-6-24a རྡོ་རྗེ་གཟུང་ཞིང༌། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་དབང་ལྡན་ནས་བརྩམས་ཏེ། རྩིག་པ་ལྔ་ཕྱི་ནས་རིམ་པ་བཞིན་དཀར་སེར་དམར་ལྗ་སྔོ་བ། ཞེང་ཚད་སྒོའི་ཉི་ཤུ་ཆ་དཔངས་མཐེའུ་ཆུང་གི་ཚད་དང༌། སྲིད་དུ་སོར་བཅུ་གཉིས་ཀྱི་ཚད་ གཡས་བསྐོར་གྱིས་ཕྱི་ནས་རིམ་པ་བཞིན་ཨོཾ་ཨཱཿཧཱུཾ་ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ་ཞེས་བརྗོད་ཅིང་དྲང་པོར་བྲིས་ལ། རིན་པོ་ཆེ་དཀར་པོ་ལ་སོགས་པ་ལས་བྱས་པའི་ཐུར་མ་ལ་སོགས་པའི་ངོ་བོར་མོས་པ་བྱའོ། །སྔར་བཤད་པ་ལས་རེ་ཁ་སྦོམ་པར་ བྲིས་ན་ནད་སྐྱེད། ཕྲས་ན་ནོར་ཉམས། དམའ་ན་དངོས་གྲུབ་མི་འགྲུབ། ཡོ་ན་གདུང་བ་སྐྱེད། ཆད་ན་བླ་མ་དང་སློབ་མ་འཆི། གཡས་བསྐོར་མིན་པར་བཀྱེ་ན་དངོས་གྲུབ་མི་འགྲུབ། རྡུལ་ཚོན་འདྲེས་ན་རིགས་བརྒྱུད་འཆད་པར་གསུངས་པས་སྐྱོན་དེ་དག་དང་བྲལ་ བར་བྲིའོ། །སློབ་དཔོན་གྱིས་རྫོགས་པར་བྲི་མི་ནུས་ན་སྔར་གྱི་ཚད་ཙམ་ཞིག་བྲི་ལ། ཕྱི་ནས་རི་མོ་མཁས་ལ་སོགས་པས་ཅི་བདེར་བྲི། རྡོ་རྗེ་ཁུ་ཚུར་གྱིས་བྲི་མ་ནུས་ན་ཐིག་སྐུད་རྡོ་རྗེ་ཁུ་ཚུར་གྱིས་གཟུང་བ་ལ་དམིགས་བསལ་གསུངས་པའི་རིགས་ པ་སྦྱར་དུ་རུང་བ་འདྲའོ། །རྒྱུད་དར་རྒྱ་གཞུང་ཁུངས་ཐུབ་རྣམས་ལས་ཚོན་སྦོམ་པོ་སོགས་སུ་བགྱི་ན་ནད་ལ་སོགས་པ་སྐྱེད་པར་གསུངས་པས་བྲི་ཉེས་པའི་སྐྱོན་ཡིན་པས། པྲཛྙཱ་ཤྲཱིས་གསེར་གཞོང་ལ་སོགས་པས་བཀའ་ནས་ཚོན་བཀྲ་བཟང་ངན་རྟོག་ པ་ལ་ནི་ཁུངས་ཐུབ་ཀྱི་གཞུང་མི་སྣང་ཞིང་མི་འཐད་དོ། །དམ་ཚིག་རྡོ་རྗེས་ཁམ་ཕོར་ལ་སོགས་པས་འགེབས་པ་དང༌། བིདྱ་བ་ཏས་མེ་ཏོག་དང་ལྡན་པའི་སྣོད་ཀྱིས་བཀབ་ནས་ཕྱི་ནས་ཅི་བདེར་འབྲི་བར་བཤད་ཀྱང་ཚོན་བཀྲ་རྟོག་པ་མ་བཤད་ལ། དེ་ནི་ 5-6-24b ཀྱེ་རྡོར་ལས་རིམ་གྱིས་ཆོ་ག་ལས་རྩིག་པ་ལ་མེ་ཏོག་སིལ་མ་གཏོར་ཞིང་མཆོད་པ་འབུལ་བར་བཤད་པ་ལྟར། དེ་བཞིན་གཤེགས་པ་ལྔའི་ངོ་བོའི་རྩིག་པ་ལྔ་ཐོག་མར་བྲིས་པ་ལ་མེ་ཏོག་ལ་སོགས་པ་གཏོར་བ་ན་རྡུལ་ཚོན་ལ་གནོད་པ་སྤང་བའི་ཕྱིར་སྣོད་ཀྱིས་ བཀབ་པ་ཡིན་གྱི་ཚོན་བཀྲ་རྟོག་པའི་དོན་དུ་མིན་མོད་ཀྱང་ངེས་པར་དགོས་པའི་ཆོ་གར་མ་མཐོང་ངོ་། །ཚོན་སྦོམ་ཕྲ་སོགས་ཀྱིས་ཉེས་པ་སྐྱེད་པ་ཡང་དེ་ཁོ་ན་ཉིད་ཀྱི་བསམ་སྦྱོར་མི་བརྟན་པ་ལ་ཡིན་གྱི། བརྟན་པ་ལ་ནི་ནམ་ཡང་བར་ཆད་བྱ་བར་མི་ནུས་སོ། ། ཚོན་ས་ནི། དབུས་ཀྱི་རེའུ་མིག་སྔོན་པོ། དེའི་མཐའ་བསྐོར་གྱི་སྣམ་བུ་ནི་སྔོན་པོ་ལ་རྡོ་རྗེའི་ཕྲེང་བ་ཅན། ཀ་བ་རྣམས་ཕྱོགས་མདོག །ཟུར་ཐིག་གིས་བཅད་པའི་ཕྱི་ནང་གི་བར་རྣམས་ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་བ། རྡོར་ཕྲེང་གི་ཟླུམ་པོ་ནི་ནག་པོ་ལ་རྡོ་རྗེ་ རྩེ་གསུམ་པ་ནི་ཕྱིའི་རྡོ་རྗེའི་ཁ་དོག་ལྟར་རོ། །དེའི་ཕྱིའི་འོད་ཕྲེང་ནི་ཁ་དོག་ལྔ་པ་སྟེ་དེར་ཚོན་གྱི་རེ་ཁ་མི་བྱའོ། །དེའི་ཕྱིའི་ཚངས་ཐིག་གི་གློ་སོ་སོར་ཆ་ཆུང་བཞི་བཞི་དོར་ནས་བུམ་པ་སེར་པོ་ཆ་ཆུང་བཞི་པ་གཉིས་གཉིས་སོ། །འདོད་སྣམ་དམར་པོ་ལ་མཆོད་པའི་ ལྷ་མོ་དུ་མ་དང་ལྡན་པ། ཕ་གུའི་གཞི་དམར་པོ་ལ་རིན་པོ་ཆེ་ཟུར་གསུམ་དང་གྲུ་བཞི་སོགས་ཀྱིས་སྦྲས་པ། དྲ་བ་དྲ་ཕྱེད་ཀྱི་གཞི་ནག་པོ་ལ་ཆུ་སྲིན་གྱི་ཁ་ནས་འཕྱང་བའི་མུ་ཏིག་གི་དོ་ཤལ་སྐུད་པ་དམར་པོ་ལ་བརྒྱུས་པ། གློ་གཉིས་དང་སྟེང་འོག་ཏུ་གསེར་ གྱིས་བཅིངས་པའི་ནོར་བུ་དབུས་ན་ཡོད་པ། དེའི་ནང་དུ་ཁ་ཅིག་ལ་ནི་པདྨ་དང་ཟླ་ཚེ་དང་རྡོ་རྗེ་ཕྱེད་པས་བརྒྱན་པའི་ཉི་མ། ཁ་ཅིག་ལ་ནི་རིན་པོ་ཆེ་ཁ་ཅིག་ལ་ནི་པདྨ་ལ་གནས་པའི་རྡོ་རྗེ། དོ་ཤལ་གྱི་གློ་གཉིས་སུ་དེ་ལས་ཅུང་ཟད་ཐུང་བར་འཕྱང་བའི་རིན་པོ་ 5-6-25a ཆེའི་ཕྲེང་བའི་དོ་ཤལ་ཕྱེད་པ་དྲང་ཞིང་རྩེ་མོ་ལ་གསེར་གྱིས་བསྡམས་པའི་ནོར་བུ་སྦོམ་པོ་དང་ལྡན་པས་མཛེས་པ་དང༌། ཁ་ཅིག་ཏུ་རིན་པོ་ཆེའི་ཡུ་བ་ཅན་གྱི་རྔ་ཡབ་དང༌། དྲིལ་བུའི་མཐར་ནང་དུ་རྡ་ཡབ་འཕྱང་བའོ། །ཤར་བུ་དང་མདའ་ཡབ་ཀྱི་གཞི་ནག་ པོ་ལ་ཤར་བུ་དཀར་པོ་མདའ་ཡབ་པདྨ་འདབ་མ་ཕྱེད་པའི་དབྱིབས་ཅན་དཀར་པོ། རྟ་བབས་ཀྱི་ཀ་བ་དང་གླང་རྒྱབ་ཀྱི་ནང་རྣམས་ཕྱོགས་མདོག །གླང་རྒྱབ་ཀྱི་ཆ་ཆུང་ཕྱེད་པ་ལ་རིན་པོ་ཆེ་ལ་སོགས་པའི་ཞིང་རྣམ་པར་བཀྲ་བའི་བླ་བྲེ་དང་དོ་ཤལ་དང་དོ་ཤལ་ཕྱེད་ པ་འཕྱང་བ། སྣམ་བུ་བཅུ་གཅིག་གི་གསེར་སྣམ་སེར་པོ། རིན་པོ་ཆེ་ནི་ཕ་གུ་བཞིན། རྨིག་པ་དང་བ་རནྜ་མཛེས་ཚོན། མུན་པ་གཉིས་ནག་པོ། ཤར་བུ་དང་མདའ་ཡབ་སྔར་བཞིན། དེའི་སྣམ་བུའི་དབུས་སུ་པད་ཟླའི་གདན་ལ་འཁོར་ལོ་སེར་པོ་ རྩིབས་བརྒྱད་པ། དེའི་གཡས་གཡོན་ཆ་ཆུང་ཕྱེད་དུ་རི་དྭགས་ཕོ་མོ་སེར་པོ་ཆ་ཆུང་གཅིག་ཏུ་མགྲིན་པ་དང་བཅས་པའི་གདོང་འགྲེང་ཞིང་མིག་འཁོར་ལོའི་རྩེ་མོ་ལ་ལྟ་བ། དེ་གཉིས་ཀྱི་ཕྱི་ངོས་སུ་མདའ་ཡབ་གཉིས་གཉིས། སྣ་ཚོགས་རྡོ་རྗེའི་རྭ་དབུས་མ་ རྣམས་ཕྱོགས་མདོག གཡས་གཡོན་གྱི་རྭ་གཉིས་ནི་དེའི་གློའི་དེ་བཞིན་གཤེགས་པའི་མདོག་སྟེ་ཇི་ལྟར་རིགས་པར་རོ། །རྭ་ལྔ་པ་ལ་ནི་རྭ་གཞན་གཉིས་དེ་ལས་གཞན་པ་དང་དབུས་ཀྱི་རྒྱལ་བའི་མདོག་སྟེ་ཇི་ལྟར་རིགས་པར་རོ། །ཡང་ན་ཕྱོགས་ རེའི་སྣ་ཚོགས་རྡོ་རྗེའི་རྭ་ཐམས་ཅད་རང་ཕྱོགས་ཀྱི་རྒྱལ་བའི་མདོག་ཏུ་བྱའོ། །པདྨའི་ལྟེ་བ་ལྗང་གསེར་སེར་འདབ་མ་སྣ་ཚོགས། དེའི་གཞི་དམར་སྐྱ་ཕྱིའི་རེ་ཁ་དཀར་པོ། རྡོ་རྗེ་རྩེ་གསུམ་མམ་ལྔའམ་སྣ་ཚོགས་རྡོ་རྗེ་སྟེ་ཁ་དོག་ནི་ནག་སེར་ 5-6-25b དཀར་པོ་གང་རུང་དང༌། སྣམ་བུ་ནི་ཁ་དོག་སྣ་ཚོགས་པ་ཇི་ལྟར་མཛེས་པའོ། །དེའི་ཕྱིར་རེ་ཁ་དཀར་པོའམ་སེར་པོ། འོད་ཟེར་གྱི་ཕྲེང་བ་ནི་ཁ་དོག་སྣ་ལྔ་པ་སྟེ་དེའི་མཐར་ཚོན་གྱི་རེ་ཁ་མི་བྱའོ། །ཚོན་དགྱེ་བའི་ཆོ་ག་སྟེ་བཅུ་པའོ།། །།གསུམ་པ་ནི། དེ་ལྟར་ཚོན་ གྱིས་རྟེན་གྱི་དཀྱིལ་འཁོར་བྲི་བ་རྫོགས་པ་དང་ཕྱག་རྒྱ་དགོད་པར་བྱའོ། །བོད་ཀྱི་མཁས་པ་ཁ་ཅིག་རྩིག་པ་ཡན་ཆད་གྲུབ་པ་དང་ལྷག་མ་བློས་སྤྲུལ་ནས་འགོད་པར་བཞེད་དོ། །ལྷ་རྣམས་ཀྱི་གནས་སུ་ཐུན་མོང་གི་གདན་ཕྱོགས་བཞི་དམར་མེ་རླུང་སེར་བདེན་ བྲལ་ལྗང་དབང་ལྡན་ནག་ལྟེ་བ་ལྗང་བའི་སྣང་ཚོགས་པདྨ་རེ་དགོད། དེའི་སྟེང་དུ་ཐུན་མོང་མ་ཡིན་པའི་གདན་སྒྲུབ་ཐབས་བཞིན་དགོད་ལ་དེའི་སྟེང་དུ་ཕྱག་རྒྱ་གསུམ་ལས་ཆོས་ཀྱི་ཕྱག་རྒྱ་འགོད་ན་ལྷ་སོ་སོའི་ས་བོན་ཧཱུཾ་ལ་སོགས་པའོ། །མཚན་མའི་ཕྱག་རྒྱ་ འགོད་ན་དབུས་སུ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་དང་གོས་ཁ་དོག་སྣ་ཚོགས་པ། ཤར་དུ་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའམ་བཅུ་གཉིས་པ། ལྷོར་རིན་པོ་ཆེ་ཆ་དགུ་པ་སེར་པོ། ནུབ་ཏུ་པདྨ་དམར་པོ། བྱང་དུ་རལ་གྲི་ལྗང་གུ། ཤར་ལྷོར་དབུས་གནག་ལ་མཐའ་ དཀར་བའི་འོད་དང་ལྡན་པའི་སྤྱན། ལྷ་ནུབ་ཏུ་རྡོ་རྗེ་སྔོན་པོ། ནུབ་བྱང་དུ་པདྨ་དཀར་པོ་ཁ་ཕྱེ་བ་རྩ་བ་དང་སྡོང་བུ་དང་ལྡན་པ། བྱང་ཤར་དུ་ཨུཏྤལ་སྔོན་པོ་མཛེས་པ། རིམ་པ་གཉིས་པའི་མེའི་ཟུང་དུ་མེ་ལོང་དམར་པོ། བདེན་བྲལ་དུ་པི་ཝང་སྔོན་པོ། རླུང་དུ་དྲིའི་ དུང་ཆོས་སེར་པོ། དབང་ལྡན་དུ་ཞལ་ཟས་ཀྱི་སྣོད་དམར་པོ། རིམ་པ་གསུམ་པའི་སྣམ་བུ་ལ་ཤར་དུ་སྡོང་བུ་དང་བཅས་པའི་ཀླུ་ཤིང་གི་མེ་ཏོག་དཀར་པོ་འཁོར་ལོས་མཚན་པ་དང་འཁོར་ལོ་དཀར་པོ། ལྷོར་རིན་པོ་ཆེ་སེར་པོ་གཉིས། ནུབ་ཏུ་པདྨ་དམར་པོ་ 5-6-26a གཉིས། བྱང་དུ་རལ་གྲི་ལྗང་གུ་གཉིས། ཤར་སྒོར་ཐོ་བ་སྔོན་པོ། ལྷོ་སྒོར་རྡོ་རྗེས་མཚན་པའི་དབྱུག་པ་དཀར་པོ། ནུབ་སྒོར་པདྨ་དམར་པོ། བྱང་སྒོར་སྣ་ཚོགས་རྡོ་རྗེ། མེར་རལ་གྲི། བདེན་བྲལ་དུ་ཞགས་པ། རླུང་དང་དབང་ལྡན་གཉིས་ཀར་ རལ་གྲི་བྲི། རྒྱུད་ཕྱི་མར་མི་གཡོ་བ་ལ་སོགས་པ་བཞི་ལ་རལ་གྲི་ལྕགས་ཀྱུ་དབྱུག་པ་རྩེ་གསུམ་དགོད་པར་གསུངས་སོ། །ཤར་སྒོའི་མཚན་མའི་ཤར་དུ་གཙུག་ཏོར་གྱི་མཚན་མ། ནུབ་སྒོའི་མཚན་མའི་ནུབ་ཏུ་ཞགས་པ་བྲི་སྟེ་དེ་རྣམས་ནག་པོའོ། ། མཚན་མ་ཐམས་ཅད་འོད་ཟེར་ཁ་དོག་ལྔས་བསྐོར་བ་རང་རང་གི་ཕྱོགས་སུ་མགོ་བསྟན་པ་ཏེ། གཙོ་བོའི་མཚན་མ་ནི་ནུབ་ཏུ་མགོ་བསྟན་པའོ། །ཕྱག་རྒྱ་ཆེན་པོ་འགོད་པ་ནི་ལྷའི་སྐུ་ལུགས་མ་ལ་སོགས་པ་འཇོག་པའོ། །དེ་ལྟར་ཕྱག་རྒྱ་གསུམ་ གང་རུང་བཀོད་ནས་བརྟགས་པས་ཆད་ལྷག་མེད་པར་ཤེས་པ་དང༌། ཚོན་འཐོར་བ་རྣམས་རས་ལ་སོགས་པས་ཕྱི། ཧཱུཾ་དང་ལས་ཐམས་ཅད་པ་བཟླས་པའི་བདུད་རྩི་དང་དྲི་བཟང་པོའི་ཆུས་དཀྱིལ་འཁོར་གྱི་ཕྱི་རྣམས་བྱུག། དེ་བཟླས་པའི་ཆུས་དཀྱིལ་ འཁོར་བསངས་ལ་ཚོན་ལྷག་མ་རྣམས་བསྡུས་ནས་མཆོད་གཏོར་ཕུལ་ཏེ། ཨོཾ་ཨཱཿཧཱུཾ་བཛྲ་མུཿཞེས་པས་ཚོན་གྱི་ཡེ་ཤེས་པ་གཤེགས་ནས་ལྷག་མ་རྣམས་དབེན་པར་གཞག་གོ། །ས་ཚོན་གྱིས་དཀྱིལ་འཁོར་བྲིས་པ་ལ་ཚོན་གྱི་རྡུལ་ཕྲ་རབ་ དང་མཉམ་པའི་རྒྱལ་བ་ཀུན་མཆོད་པར་འགྱུར་བ་དང༌། དེའི་མཐུས་ལས་ཀྱི་སྒྲིབ་པ་འདག་པར་བཤད་རྒྱུད་ལས་གསུངས་པས། ཚོན་རྩི་ལ་སོགས་པ་ཡང་དབང་ཞུ་བའི་སློབ་མས་བསྒྲུབ་པར་བྱའོ། །དཀྱིལ་འཁོར་ཚོན་གྱིས་བྲི་བ་ནས་བཟུང་སྟེ་དབང་ 5-6-26b ཐོབ་པ་ཅིག་མེད་པར་སྟོང་པར་མི་བཞག་གོ། །ཚོན་བསྐྱེད་དགུག་བཟླ་བ་ལྟ་སྦར་མཆོད། དགང་བསིལ་དང་པོར་རྩིག་པ་བྲི། །ལྷག་མ་བྲི་ཞིང་ཕྱག་རྒྱ་དགོད། །བྱུག་གསང་གཤེགས་གསོལ་ཚོན་ཆོག་སྡོམ། །གསུམ་པ་བགེགས་བཟློག་ཐབས་ནི། དཀྱིལ་ འཁོར་འབྲི་བའི་དུས་སུ་རླུང་དང་ཆར་ལ་སོགས་པའི་གནོད་པ་བྱེད་པའི་བགེགས་ཞི་བར་བྱ་བ་ནི། རང་གཤིན་རྗེ་གཤེད་ཞལ་གསུམ་ཕྱག་དྲུག་པ་སྐུའི་རྣམ་འཕྲུལ་གཡས་བརྐྱང་ལ་སོགས་པའི་སྟང་སྟབས་ཀྱིས་བགེགས་རྣམས་ཕྱེ་མར་རློག་པ། གསུང་ གི་རྣམ་འཕྲུལ་འཇིག་པའི་དུས་ཀྱི་འབྲུག་སྒྲ་སྒྲོགས་པ་ལྟ་བུར་སྔགས་འདྲེན་པ། ཐུགས་ཀྱི་རྣམ་འཕྲུལ་བགེགས་ཐམས་ཅད་སྟོང་པ་ཉིད་དུ་དམིགས་པ་དང་ལྡན་པར་བྱས་ཏེ། དེའི་ཕྲེང་སྔགས་ང་རོ་དྲག་པོས་གདོན་ལ་བགེགས་ཚར་གཅད་དོ། །གཉིས་པ་ བུམ་པ་དགོད་ཅིང་དཀྱིལ་འཁོར་བརྒྱན་པ་ལ་གཉིས། བུམ་པ་དགོད་པ་དང༌། དཀྱིལ་འཁོར་བརྒྱན་པའོ། །དང་པོ་ནི། སྔར་ལྷག་གནས་བྱས་པའི་བུམ་པ་རྣམས་སྤོས་ཀྱིས་སྣ་དྲངས་ཏེ། གདུགས་དང་རྒྱལ་མཚན་དང་རོལ་མོའི་ཆ་བྱད་སྣ་ཚོགས་པས་དཀྱིལ་ འཁོར་ལ་གཡས་བསྐོར་དུ་ལན་གསུམ་བསྐོར་ནས་དགོད་པར་བྱ་སྟེ། ཕྱིའི་རྡོ་རྗེའི་རྭ་བའི་ནང་དུ་ཁ་ནང་ལྟའི་དབང་དུ་བྱས་ནས། ཤར་སྒོའི་ཐད་ཀའི་གནས་ལས་ཅུང་ཟད་ཀྱི་གཡས་སུ་གཙོ་བོའི་བུམ་པ་དང༌། དེའི་གཡས་སུ་བྱམས་པ་དང་གཟུགས་རྡོ་རྗེ་ མ་དང་གཤིན་རྗེ་གཤེད་དང་གཙུག་ཏོར་འཁོར་ལོས་སྒྱུར་བའི་བུམ་པ་བཞག། །ཤར་སྒོའི་གཡོན་དུ་རྣམ་སྣང་དང་སྤྱན་མ་དང་ས་ཡི་སྙིང་པོ་ལས་ཐམས་ཅད་པའིའོ། །ལྷོ་སྒོའི་གཡས་སུ་ཕྱག་རྡོར་དང་སྒྲ་རྡོ་རྗེ་མ་དང་ཤེས་རབ་མཐར་བྱེད་ཀྱིའོ། ། 5-6-27a གཡོན་དུ་རིན་འབྱུང་དང་མཱ་མ་ཀཱི་དང་ནམ་སྙིང་གིའོ། །ནུབ་སྒོའི་གཡས་སུ་འཇིག་རྟེན་དབང་ཕྱུག་དང་དྲི་རྡོ་རྗེ་མ་དང་པདྨ་མཐར་བྱེད་དང་གནོད་མཛེས་ཀྱིའོ། །གཡོན་དུ་སྣང་བ་མཐའ་ཡས་དང་གོས་དཀར་མོ་དང་འཇམ་དཔལ་གྱིའོ། །བྱང་ སྒོའི་གཡས་སུ་སྒྲིབ་སེལ་དང་རོ་རྡོ་རྗེ་མ་དང་བགེགས་མཐར་བྱེད་ཀྱིའོ། གཡོན་དུ་དོན་གྲུབ་དང་སྒྲོལ་མ་དང་ཀུན་བཟང་གིའོ། །ཤར་ལྷོ་ལ་སོགས་པའི་མཚམས་བཞིར་མི་གཡོ་བ་ལ་སོགས་བཞིའིའོ། །གཉིས་པ་ནི། མཆོད་པའི་ཡོ་བྱད་གདུགས་ དང་རྒྱལ་མཚན་དང་བ་དན་དང་དྲིལ་བུ་དང་བཅས་པའི་རྔ་ཡབ་དང་བུམ་པ་གང་བ་དང༌། ལྷ་རེ་རེ་ལ་ཉེར་སྤྱོད་ཚང་བ་རེ། དེ་མ་འབྱོར་ན་མཆོད་པ་རེ་རེ་ཞིང་བཅུ་ལས་མི་ཉུང་བ་རྣམས་ལ། ཧཱུཾ་དང་གཙོ་བོའི་སྔགས་བཟླས་ལ། ཨོཾ་བཛྲ་སྥ་ར་ཎ་ཁཾ་ཞེས་པས་ དབུལ་བའི་དོན་དུ་ཕྱོགས་མཚམས་སུ་བཤམས། ནང་གི་མཆོད་པ་དང་ནང་དུ་འབུལ་རྒྱུའི་གཏོར་མ་གཉིས་དང༌། ཕྱི་རོལ་པའི་གཏོར་མ་ལ་སོགས་པ་ཡང་བཤམས་སོ། །གསུམ་པ་བསྒྲུབ་ཅིང་མཆོད་ནས་དབང་བསྐུར་བ་ལ་གསུམ། དཀྱིལ་འཁོར་ བསྒྲུབ་པ། དཀྱིལ་འཁོར་མཆོད་པ། དབང་བསྐུར་བའོ། །དང་པོ་ལ་གཉིས། དཀྱིལ་འཁོར་སྒྲུབ་པའི་བཤད་པ་དང༌། དཀྱིལ་འཁོར་སྒྲུབ་པའི་ཆོ་གའོ། །དང་པོ་ནི། འཕགས་ལུགས་ཀྱི་དཀྱིལ་ཆོག་ཟུང་འཇུག་གསལ་བ་ལས། དཀྱིལ་འཁོར་སྒྲུབ་ཚུལ་ མ་བཤད་ལ། ཀླུ་བྱང་དང་ནག་པོ་པས་མཛད་པ་ལས་སྔོན་དུ་བདག་བསྐྱེད་འདི་ཙམ་ཞིག་སྒོམ་པ་དང༌། དམ་ཚིག་པའི་འཁོར་ལོ་སྐྱེད་ཚུལ་མི་གསལ་ལོ། །འཕགས་པས་མཛད་ཟེར་བ་དང་འགྲེལ་པ་རིན་ཆེན་ཕྲེང་བ་ལས་བཤད་པ་ནི་ཀླུ་བྱང་དང་མི་ 5-6-27b མཐུན་ནོ། །དེ་ལྟ་ན་དཀྱིལ་འཁོར་སྒྲུབ་པའི་སྔོན་དུ་བདག་སྐྱེད་ཇི་ཙམ་ཞིག་བྱ་སྙམ་ན། ལེའུ་བརྒྱད་པའི་འགྲེལ་བ་སྒྲོན་གསལ་ལས། གསང་དབང་བསྐུར་བ་ལ་བསམ་གཏན་ནམ་བྲིས་པའི་དཀྱིལ་འཁོར་གཉིས་སྒྲུབ་པའི་སྔོན་དུ་རྣལ་འབྱོར་དང་པོ་གསུམ་ དང་ཕྱག་རྒྱ་འདུ་བྱས་ནས་སྙོམས་པར་ཞུགས་ཏེ་དཀྱིལ་འཁོར་རྒྱལ་མཆོག་སྐྱེད་པ་མཆོད་པ་དང་བཅས་པ་བྱ་བར་གསུངས་ལ། དེ་ནི་རིམ་ལྔ་ལས་བུམ་དབང་དགུ་དང་བཅས་པའི་གསང་དབང་བསྐུར་བར་གསུངས་པ་ལྟར་གྱིས་གསང་དབང་བསྐུར་བའི་དབང་དུ་ མཛད་ཀྱི་གསང་དབང་རྐྱང་པ་མིན་ཏེ། གཞན་དུ་ན་རྡུལ་ཚོན་གྱིས་བྲིས་པའི་དཀྱིལ་འཁོར་སྒྲུབ་པའི་དོན་མེད་དོ། །དེས་ན་སྒྲུབ་ཐབས་ཅི་ཙམ་ཞིག་སྒོམ་པ་དེ་ལས་ཤེས་པར་བྱ་དགོས་ཏེ་འཆད་པར་འགྱུར་རོ། །དེའི་དུས་སུ་ནི་ལུགས་འདིས་བདག་མདུན་བསྲེ་བ་ མིན་ལ། ལུགས་གཞན་ལས་ནི་དེའི་དུས་སུ་བསྲེ་བ་ཡང་ཡོད་དོ། །དེ་ནས་དཀྱིལ་འཁོར་སྒྲུབ་ལུགས་ནི། བཤད་རྒྱུད་དང་ཀླུ་བྱང་དང་ཟླ་གྲགས་ཀྱིས་སྤྱན་དྲངས་པའི་ཡེ་ཤེས་པ་དཀྱིལ་འཁོར་ན་བཞུགས་པའི་ལྷ་རྣམས་ལ་བསྟིམ་པར་གསུངས་པས་ དམ་ཚིག་པའི་འཁོར་ལོ་སྐྱེད་དགོས་ལ། བཤད་རྒྱུད་རྡོ་ཕྲེང་ལས་དམ་ཚིག་པའི་ལྷ་རྣམས་ཨཱ་ལི་ཀཱ་ལཱི་་ལས་སྐྱེད་པར་གསུངས་པ་ནི་རྒྱུད་གཞན་ནས་བཤད་པ་ལྟར་འདིར་མི་བྱེད་པས། དབྱངས་གསལ་གྱི་སྔགས་ཐམས་ཅད་བསྡུས་པ་ཡི་གེ་གསུམ་ ས་བོན་དང་བཅས་པ་ལས་སྐྱེད་པའི་དོན་ནོ། །ཀླུ་བྱང་གིས་དམ་ཚིག་པའི་ལྷ་རྣམས་སེམས་དཔའ་སུམ་རྩེག་ཏུ་བྱས་པའི་རང་ཉིད་སེམས་དཔའ་སུམ་རྩེག་ཏུ་བྱས་པ་ལས་བྱུང་བའི་འོད་ཀྱིས་ཡེ་ཤེས་པ་སྤྱན་འདྲེན་པར་བཤད་ཅིང༌། རྩ་རྒྱུད་ལས། དེའི་ 5-6-28a དབུས་སུ་འདོད་པ་བྱ། །ཞེས་གསུངས་པའི་དོན་རང་ཉིད་ཡུམ་དང་བཅས་པ་བྲིས་པའི་དཀྱིལ་འཁོར་གྱི་དབུས་སུ་གནས་ནས་སྙོམས་འཇུག་བྱེད་པར་བཞེད་ལ། དཀྱིལ་འཁོར་དེའི་དབུས་སུ་ནི་སྒོམ་དོན་ལ་བྱེད་པ་མིན་པ་དངོས་སུ་བྱེད་པ་ མིན་པས། བྲིས་པའི་དཀྱིལ་འཁོར་གྱི་གཙོ་བོ་དང་རང་ཉིད་ཐ་མི་དད་དུ་སྐྱེད་དགོས་སོ། །དེ་ནང་མི་སྐྱོད་པ་ཞི་བ་ཡིན་ནོ། །རིག་མ་མཱ་མ་ཀཱིར་སྐྱེད་པར་རྒྱུད་ལས་གསུངས་པ་ནི། སྒྲོན་གསལ་ལས་གསུངས་པ་ལྟར་དཀྱིལ་འཁོར་མཆོད་པའི་སྐབས་ལ་དགོངས་ ཏེ། རེག་བྱ་རྡོ་རྗེ་མ་དང་གདམ་ངའོ། །དཀྱིལ་འཁོར་སྒྲུབ་པའི་དུས་སུ་ནི་རེག་བྱ་རྡོ་རྗེ་མ་ཉིད་ཡུམ་དུ་བྱ་སྟེ། རྩ་རྒྱུད་ལས་མཱ་མ་ཀཱིའི་མཚན་མ་ལྷོ་ནུབ་ཏུ་དགོད་པར་གསུངས་པ་ལྟར་ཀླུ་བྱང་གིས་ཀྱང་གསུངས་ལ། བཤད་རྒྱུད་ལས་ཀྱང་རྡོ་རྗེ་དགའ་མ་སོགས་ བཞི་ནང་གི་གྲྭ་བཞིར་དགོད་པར་གསུངས་པའི་ཕྱིར་རོ། །ལེའུ་དང་པོ་ལས་དབང་གི་དཀྱིལ་འཁོར་གྱི་སྐབས་སུ་ལྷ་བཅུ་གསུམ་ཕྱུང་བ་རྣམས་དཀྱིལ་འཁོར་ལ་འགོད་པར་གསུངས་པའི་ཚུལ་ནི་སྒྲུབ་ཐབས་ལྟར་མི་བྱའི། ཀླུ་བྱང་གི་དཀྱིལ་ཆོག་ལྟར་བྱའོ། ། གཉིས་པ་ནི། དེ་ནས་རང་ཁྲུས་བྱས་ཤིང་དྲི་ཞིམ་པོས་ལུས་ལ་བྱུགས། སྟོད་གཡོགས་དང་གཙུག་ཏོར་དང་རྒྱན་དང་ལྡན་པར་བྱ། ལས་ཐམས་ཅད་པ་བཟླས་པའི་ཆུས་དཀྱིལ་འཁོར་བསང་ཤིང༌། དེ་དང་ཡི་གེ་གསུམ་བཟླས་པས་དཀྱིལ་འཁོར་བསྲུངས་ ནས་རྡོར་དྲིལ་བཟུང་ལ། ཤར་སྒོ་དང་ནེ་བར་ནུབ་ཏུ་ཁ་བལྟས་ཏེ་འདུག་ལ། དཀྱིལ་འཁོར་རྒྱལ་མཆོག་ཡན་ཆད་མཆོད་བསྟོད་དང་བཅས་པ་བྱས་ཏེ་རྟེན་དང་བརྟེན་པའི་དཀྱིལ་འཁོར་ལུས་ལ་བསྡུས་ལ། ཤཱུ་ནྱཱ་ཏཱས་སྟོང་པར་སྦྱངས། སྟོང་ 5-6-28b པའི་ངང་ལས་བསྲུང་བའི་འཁོར་ལོའམ་ཡེ་ཤེས་ཀྱིས་སྐྱེད་པ་ནས་བཟུང་སྟེ་གཞལ་ཡས་ཁང་གདན་བཅས་ཀྱི་བར་སྒྲུབ་ཐབས་བཞིན་བསྒོམ། གདན་དབུས་མའི་སྟེང་དུ་ཨོཾ་ཨཱཿཧཱུཾ་ཧཱུཾ་དང༌། ཨོཾ་ཨཱཿ་ཁཾ་ཧཱུཾ། ཤར་དུ་ཨོཾ་ཨཱཿཨོཾ་ཧཱུཾ་ནས། འོག་ཏུ་ཨོཾ་ཨཱཿ ཧཱུཾ་ཧཱུཾ་གི་བར་སོ་གཉིས་དགོད། དེ་རྣམས་ཡོངས་སུ་གྱུར་པ་ལས་རང་རང་གི་མཚན་མ་བཀོད་པ་སོ་གཉིས་སུ་གྱུར། དེ་ཡོངས་སུ་གྱུར་པ་ལས་རང་མི་བསྐྱོད་པར་བསྐྱེད་པ་ནས་གནོད་མཛེས་ཀྱི་བར་སྒྲུབ་ཐབས་བཞིན་བསྐྱེད། ཡུམ་བསྐྱེད་པའི་ཚེ་དངོས་ཀྱི་རིག་ མའམ་སྙིང་ཁ་ནས་རང་རིགས་ཀྱི་རིག་མ་ཕྱུང་ལ་རེག་བྱ་རྡོ་རྗེ་མ་སྐྱེད་པ་དང༌། དེའི་ལུས་ལ་རིགས་ལྔ་དགོད་པ་དང༌། རྡོ་རྗེ་དང་པདྨ་འདུ་བྱ་བ་དང༌། ལས་ལ་གནས་པ་དང༌། བྱང་ཆུབ་ཀྱི་སེམས་ཞུ་བ་ཡུམ་གྱི་པདྨར་ཕབས་པ་ལས་བརྟེན་པའི་དཀྱིལ་འཁོར་ སྐྱེད་པ་དང༌། མཚན་སྔགས་ཀྱིས་ཕྱུང་ནས་རང་རང་གི་མཛད་པ་མཛད་པ་དང༌། སྤྲུལ་པ་གཅིག་ཏུ་འདུས་པའི་བར་སྒྲུབ་ཐབས་བཞིན་བྱ། དེ་ནས་དེ་རྣམས་རང་རང་གི་སངས་རྒྱས་ཀྱི་ཞིང་དུ་གཤེགས་ཏེ། རང་རང་གི་ཡེ་ཤེས་པ་དང་གཅིག་ཏུ་གྱུར་ནས་མཆོག་ ཏུ་དགའ་བའི་སྐུ་དང་ལྡན་པས། སླར་འབྱོན་པར་བཞེད་པའི་སྒོ་ནས་བཞུགས་པར་བསམ་མོ། །དེ་ནས་སློབ་དཔོན་གྱིས་སློབ་མ་དབང་བསྐུར་བའི་དོན་དུ་དེ་རྣམས་སྤྱན་དྲངས་པའི་ཕྱིར་བསྐུལ་བར་བྱ་སྟེ། དེ་ཡང་དམ་ཚིག་པའི་ལྷ་ཐམས་ཅད་ཀྱི་ཐུགས་ཀར་ ཟླ་གདན་གྱི་སྟེང་ན། གཙོ་བོ་ལ་སྒྲུབ་ཐབས་ལྟར་གྱི་ཡེ་ཤེས་སེམས་དཔའ་ལྷ་གཞན་རྣམས་ལ་རང་འདྲའི་ཡེ་ཤེས་སེམས་དཔའ་ཞལ་གཅིག་ཕྱག་གཉིས་པ་རེ། ཡེ་ཤེས་སེམས་དཔའ་རྣམས་ཀྱི་ཐུགས་ཀར་ཟླ་གདན་ལ་གནས་པའི་རང་རང་གི་ 5-6-29a ཕྱག་མཚན་གྱི་བུམ་པ་ལ་ཏིང་ངེ་འཛིན་སེམས་དཔའ་གཙོ་བོ་ལ་ཧཱུཾ། ཡུམ་ལ་ཁཾ། རྣམ་སྣང་ལ་ཨོཾ་ལ་སོགས་པ་སོ་སོའི་ས་བོན་འོད་ཟེར་གྱི་ཕུང་པོ་ཆེན་པོ་དང་བཅས་པ་རེ་བསྒོམ། ཡེ་ཤེས་སེམས་དཔའ་རྣམས་ཀྱང་སེམས་དཔའ་ སུམ་རྩེག་ཏུ་བྱའོ། །དེ་ནས་རང་དང་དམ་ཚིག་སེམས་དཔའ་རྣམས་ཀྱི་ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པ་རྣམས་གཅིག་ཏུ་གྱུར་པས། ཡེ་ཤེས་པ་སེམས་དཔའ་སུམ་རྩེག་ཅན་གྱི་ཐུགས་ཀར་བརྡབས་པས་བསྐུལ་བའི་ འོག་ཏུ། གནོད་མཛེས་བཀུག་ནས་མདུན་དུ་བཀའ་ནོད་པ་ལ། རྒྱལ་བ་རྣམས་སློབ་མ་རྣམས་ལ་དབང་བསྐུར་བའི་དོན་དུ་འབྱོན་པར་སྐུལ་ཅིག་ཅེས་བཀའ་བསྒོས་པས། དེས་རང་འདྲའི་ཡེ་ཤེས་པ་རྣམས་སྤྱན་དྲངས་ཤིང་དེ་རྣམས་ཀྱང་རང་དང་འདྲ་བའི་ དམ་ཚིག་པ་སོ་སོ་ལ་ཐིམ་ཞིང་རང་ཉིད་མི་བསྐྱོད་པ་ཞི་བ་དེ་ཡོངས་སུ་གྱུར་ནས་ཞེ་སྡང་རྡོ་རྗེར་གྱུར་པར་བསམ་མོ། །སླར་ཡང་ཨེ་ཧྱེ་ཧི་བྷ་ག་ཝན་ས་མ་ཡ་མ་ནུ་སྨ་ར་ཏིཥྛ་ཏིཥྛ་མ་ནུ་སྨ་ར་སྨ་མ་ཨོཾ་ཨཱཿཧཱུཾ་སྭཱཧཱ། ཞེས་ལན་གསུམ་བརྗོད་ཅིང་ཐུགས་ ཀའི་ས་བོན་གྱི་འདོ་ཟེར་ལྕགས་ཀྱུ་ལྟ་བུས་འོག་མིན་ནས་རྒྱལ་བ་ཐམས་ཅད་སྤྱན་དྲངས་ཏེ། ནམ་མཁའ་ལ་བཞུགས་པར་བསམ་ཏེ་འདོད་ཡོན་ལྔས་མཆོད་ལ། མ་ལུས་འགྲོ་བའི་རང་བཞིན་མངོན་དུ་མཛད། །མི་བཟད་བདུད་ཀྱི་དཔུང་གིས་ཕྱག་ བྱས་པ། །རང་བྱུང་མཐའ་ཡས་འགྲོ་བའི་རང་བཞིན་ཏེ། །སེམས་ཅན་སྙིང་པོ་གཅིག་གྱུར་འདིར་གཤེགས་ཤིག །ཅེས་གསོལ་བ་གདབ་ཅིང་རྡོ་རྗེ་བསྡུ་བའི་ཕྱག་རྒྱས་སེ་གོལ་ཏོག་ཅིང༌། ཨོཾ་བཛྲ་ས་མཱ་ཛཿཛཿཛཿཛཿ ཞེས་པའི་སྔགས་ 5-6-29b ཀྱིས་བསྐུལ་བས་ཐམས་ཅད་བྱོན་ནས་སློབ་མ་དབང་བསྐུར་བའི་ཕྱིར་དུ་དཀྱིལ་འཁོར་པ་རྣམས་ལ་ཞུགས་པར་གྱུར་པ་མཐོང་ནས། རབ་ཏུ་དགའ་བས་དམ་ཚིག་པ་དང་དེ་རྣམས་དབྱེར་མི་པའི་རྒྱས་གདབ་ཅིང༌། སྟ་གོན་གྱི་དཀྱིལ་འཁོར་ལ་ མཆོད་ནས། ཛཿཧཱུཾ་བཾ་ཧོཿས་དགུག་གཞུག་བཅིང་དབང་དུ་བྱས་ལ། ལྷ་སོ་སོའི་འཇིགས་བདག་ཞལ་གཅིག་ཕྱག་གཉིས་པ་ཡབ་ཡུམ་གྱིས་བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་གྱིས་དབང་བསྐུར་བར་བསམ་མོ། །བུམ་པ་དགོད་པ་དང་། སྒྲུབ་ཐབས་ཀྱི་རྣལ་ འབྱོར་གང་དང་ལྡན་པས་དཀྱིལ་འཁོར་སྒྲུབ་པའི་ཚུལ་དེ་ནི་རས་རིས་གྱི་ཆོ་ག་ལ་ཡང་བྱ་སྟེ། བསམ་གཏན་གྱི་ཆོ་ག་ལ་ཡང་ཅི་རིགས་པར་ཤེས་པར་བྱའོ། །གཉིས་པ་ལ་གཉིས། མཆོད་པ་དངོས་དང༌། བསྐོར་ནས་སྒོ་དབྱེ་བའོ། །དང་པོ་ནི་གཉིས། ནང་ དུ་དཀྱིལ་འཁོར་གྱི་ལྷ་མཆོད་པ་དང༌། ཕྱི་རོལ་ཏུ་མཆོད་གཏོར་ཕུལ་ནས་སྦྱིན་སྲེག་བྱ་བའོ། །དང་པོ་ནི། ཕྱིའི་མཆོད་པ་རྣམས་ལས་ཐམས་ཅད་པས་བསངས། ཤཱུནྱ་ཏཱས་སྦྱངས་ཤིང་སྐྱེད་དེ་བྱིན་གྱིས་བརླབ་ལ། སྒྲུབ་ཐབས་བཞིན་ཆུ་བཞིའི་མཆོད་ པ་དང༌། ལྷ་ཡི་མེ་ཏོག་དམ་པ་འདིས། །དཀྱིལ་འཁོར་མཆོད་པ་བགྱིད་པར་འཚལ། །ཐུགས་ནི་བརྩེ་བས་ཉེར་དགོངས་ཏེ། །མགོན་པོས་མཆོད་པ་འདི་བཞེས་ཤིག །ཅེས་མེ་ཏོག་གི་གནས་སུ་ཉེར་སྤྱོད་ལྷག་མ་དང་རོལ་མོའི་མིང་གཞུག་ལ་ཉེར་སྤྱོད་ དང༌། །ཕྱག་རྒྱའི་རྣམ་པ་སྔོན་པོ་སོགས། །དེ་བཞིན་གཟུགས་ལ་དབྱེ་བ་གསུམ། །གཟུགས་ཀྱི་རྡོ་རྗེ་མར་བཀུག་ནས། །ལྷ་རྣམས་སྤྱན་ལ་དབུལ་བར་བྱ། །ཡང་དག་གླུ་དང་བརྗོད་བྲལ་དབྱངས། །དེ་བཞིན་སྒྲ་ལ་དབྱེ་བ་གསུམ། །སྒྲ་ཡི་རྡོ་རྗེ་མར་བཀུག་ 5-6-30a ནས། །ལྷ་རྣམས་སྙན་ལ་དབུལ་བར་བྱ། །ག་པུར་ཨ་ཀར་ཛཱ་ཏི་སོགས། །དེ་བཞིན་དྲི་ལ་དབྱེ་བ་གསུམ། །དྲི་ཡི་རྡོ་རྗེ་མ་བཀུག་ནས། །ལྷ་རྣམས་ཤངས་ལ་དབུལ་བར་བྱ། །འོ་བྱེད་པ་དང་འཇིབ་པ་དང༌། །རོ་དྲུག་དེ་བཞིན་དབྱེ་བ་གསུམ། །རོ་ཡི་ རྡོ་རྗེ་མ་བཀུག་ནས། ལྷ་རྣམས་ལྗགས་ལ་དབུལ་བར་བྱ། །རྡོ་རྗེ་པདྨ་ཡང་དག་སྦྱོར། །འོ་དང་འཁྱུད་པ་དབྱེ་བ་གསུམ། །རེག་བྱའི་རྡོ་རྗེ་མ་བཀུག་ནས། །ལྷ་རྣམས་ལུས་ལ་དབུལ་བར་བྱ། །ཞེས་འདོད་ཡོན་ལྔས་སྒྲུབ་ཐབས་བཞིན་མཆོད། །དེ་ནས་ནང་ གི་མཆོད་པ་ནི་ཆང་གིས་མཆོད་པ་སྒྲུབ་ཐབས་བཞིན་དང༌། བདུད་རྩི་ལྔ་ཐོད་པར་བླུགས་པ་དཀྱིལ་འཁོར་པ་ལ་བསྟབ་པར་བྱ་ཞིང༌། བདུད་རྩི་ལྔ་ཡི་བཟའ་བ་ནི། །དངོས་གྲུབ་ཀུན་བྱེད་དེ་ཉིད་མཆོག །དཀྱིལ་འཁོར་མཆོད་པ་བགྱིད་པར་འཚལ། །ཞེས་ སོགས་ཀྱིས་དབུལ་ཞིང་རང་ཡང་ཚིམ་པར་བྱའོ། །གསང་བསྙོམས་འཇུག་གི་མཆོད་པ་ནི་སྒྲུབ་ཐབས་བཞིན་བྱ་སྟེ། དེའི་ཚེ་དཀྱིལ་འཁོར་གྱི་དབུས་སུ་འདུག་པར་མོས་ནས། རིག་མ་མཱ་མ་ཀཱི་འམ་རེག་རྡོ་རྗེ་མར་བསྐྱེད་དེ་སྙོམས་པར་ཞུགས་པའི་བདེ་ བས་མཆོད་ཅིང༌། བྱང་ཆུབ་ཀྱི་སེམས་ཀྱི་རྡུལ་ཕྲ་རབ་ལས་བསྒྲུབས་པའི་རྒྱལ་བས་ནམ་མཁའ་ཁྱབ་པར་སྤྲོས་ལ་མཆོད་དོ། །དེ་ནས། བདག་མིང་འདི་ཞེས་བྱ་བས་འདིར། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྲོང་། །ཡོ་བྱེད་ཅི་འབྱོར་པ་ཡིས་ནི། དཀྱིལ་ འཁོར་མཆོད་པ་ཞེས་སོགས་ཀྱི་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨུ་པ་སྠ་ན་ཡ། ཨཱ་ཏ་མཱ་ནཱཾ་ནི་རྱ་ཏ་ཡ་མི། ཨོཾ་ཨཱ་ཧཱུཾ་ཞེས་བརྗོད་དེ། རྒྱལ་བ་ཐམས་ཅད་ལ་མཆོད་ཅིང་བསྙེན་བཀུར་བའི་ཕྱིར་བདག་ཉིད་འབུལ་བ་བྱས་ནས། དེའི་རྗེས་སུ་སྔགས་ 5-6-30b ཀྱི་མཆོད་བའི་ང་རྒྱལ་གཟུང་ལ། དྲིལ་བུ་དཀྲོལ་ཞིང་མི་བསྐྱོད་རྡོ་རྗེ་ཞེས་སོགས་སམ། གང་ཞིག་གཟུགས་དང་ཚོར་བ་ཞེས་སོགས་ཀྱིས་བསྟོད་དོ། །དེ་ནས་གཙོ་བོའི་སྔགས་བརྒྱ་རྩ་བརྒྱད་དང་འཁོར་རྣམས་ལ་ཉེར་གཅིག་རེ། བརྟན་བྱེད་དུ་ཡི་གེ་བརྒྱ་པ་ བཟླས་ལ་ནང་དུ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་གཏོར་མ་བཏང༌། ནང་གི་སྦྱིན་སྲེག་ཚོགས་ཀྱི་མཆོད་པ་བྱའོ། །གཉིས་པ་ནི། སྒྲུབ་པའི་གྲོགས་དཀྱིལ་འཁོར་སྲུང་དུ་གཞུག་ལ་ཕྱི་རོལ་ཏུ་ཕྱིན་ནས། མཆོད་གཏོར་བཤམས་ལ་བྱིན་གྱིས་ བརླབ། ཁྲོ་བོ་བཅུ་དང་ཕྱོགས་སྐྱོང་འཁོར་བཅས་སྤྱན་དྲངས་ཏེ། ཁྲོ་བོ་རྣམས་ཀྱི་ཕྱི་ངོས་སུ་ཕྱོགས་སྐྱོང་འཁོར་བཅས་སྒྲུབ་ཐབས་བཞིན་དགོད་ལ་གསལ་གདབ་པ་སོགས་བྱ། ཆུ་བཞིས་མཆོད་དེ་ཀྲོ་བོ་བཅུའི་སྔགས་ཀྱི་མཐར། སརྦ་དུཥྚ་སོགས་སྦྱར་ ནས་གཏོར་མ་དབུལ། ཕྱོགས་སྐྱོང་ལ་ཨོཾ་ད་ཤ་དི་ཀ་བྱཾ་བ་སྠི་ཏེ་བྷྱཿ ཨི་ཧ་ཨ་བ་སྠི་ཏེ་བྷྱཿ་ཙ་དེ་བ་ནཱ་ག་ཡཀྵ་གནྡྷ་རྦ་ཨ་སུ་ར་ག་རུ་ཌ་ཀིནྣ་ར་མ་ཧོ་ར་ག་བྷུ་ཏ་པྲེ་ཏ་པོ་ཤཱ་ཙ། ཨུནྨཱ་ད་ཨ་པ་སྨཱ་ར་ཨོ་སྟཱ་ར་ག་ཨཱ་དིཾ་ཏཱ་པ་ཡཱ་མི་གྲི་ཧཱི་ཏྭ། སུ་ཁཱ་སོའུ་ མ་ན་སྱེ་ལ་བྷི་ནོ་བྷ་ཝནྟུ་སྠ་ནཾ་ཙ་ནི་རུ་པ་ཏྲ་བཾ་ཀུ་རྦྦན་ཏུ་སརྦྦ་བུད་དྷ་ཨ་དྷིཥྛ་ནེ་ན་ཨོཾ་ཨཱཿཧཱུཾ་ཨི་དཾ་ཨ་མྲྀ་ཏ་པིཎྜཾ་བྷུ་ཀ་ཏྭ་མམ་ས་པ་རི་ཝཱར་སྱེ་ཤཱནྟིཾ་ཀུརྦྦནྟུ་སྭ་ཏི་སྭཱཧཱ། ཞེས་ལན་གསུམ་བྱི་རེས་ལ། ཨོཾ་ཕྱོགས་བཅུར་རྣམ་པར་གནས་རྣམས་དང༌། ། འདིར་ནི་ཀུན་ཏུ་གནས་པ་དང༌། །ལྷ་དང་ཀླུ་དང་གནོད་སྦྱིན་དང༌། །དྲི་ཟ་ལྷ་མིན་ནམ་མཁའ་ལྡིང༌། །མིའམ་ཅི་དང་ལྟོ་འཕྱེ་ཆེ། །འབྱུང་པོ་ཡི་དྭགས་ཤ་ཟ་དང༌། །སྨྱོ་བྱེད་དང་ནི་རྗེད་བྱེད་དང༌། །གནོད་པོ་ལ་སོགས་པ་རྣམས་ལ། །གཏོར་མ་དབུལ་བགྱི་བ་སྣམས་ 5-6-31a ནས་ཀྱང༌། །བདེ་དང་ཡིད་བདེ་ཐོབ་གྱུར་ཅིག། །གནས་འདིར་ཉེར་འཚེ་མེད་པར་མཛོད། །སངས་རྒྱས་ཀུན་གྱི་བྱིན་རླབས་ཀྱིས། །ཨོཾ་ཨཱཿཧཱུཾ་གི་བདུད་རྩི་ཡི། །བཟའ་བ་ལ་ནི་ལོངས་སྤྱད་ནས། །བདག་ཅག་འཁོར་དང་བཅས་པ་ཡི། །ཞི་དང་བཀྲ་ ཤིས་མཛད་དུ་གསོལ། །སྭཱཧཱ། ཞེས་བསྔོས་པས་ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱིས་གསོལ་བས་ཚིམ་སྟེ། མཉེས་པར་བསམ་ཞིང༌། ཕྱིན་ནང་གི་མཆོད་པས་མཆོད། ཁྲོ་བོ་དང་ཕྱོགས་སྐྱོང་གཉིས་དཀྱིལ་འཁོར་གྱི་ཁང་པའི་ཕྱི་ངོས་སུ་ཕྱི་ནང་དུ་བཀོད་ལ། དཀྱིལ་འཁོར་གྱིས་ལས་མ་ཟིན་གྱི་བར་དུ་བཞུགས་ནས་བར་ཆད་སྲུང་བའི་འཕྲིན་ལས་བཅོལ། དེ་ནས་ཉེ་རེག་བྱ་སྟེ་དེའི་ཚུལ་ནི་ལག་པ་དང་རྐང་པ་བཀྲུ། ཙོག་ཙོག་པུར་འདུག་ཅིང་སྨྲ་བ་བཅད་ལག་པ་གཉིས་པུས་མོའི་ནང་དུ་འོང་བ་བྱའོ། །གཡས་པ་ གན་རྐྱལ་དུ་གནས་པའི་གུང་མོ་དང་སྲིན་ལག་ཅུང་ཟད་བཀུག་སྟེ་ཁ་ལ་ཕྱོགས་པར་བཟུང༌། །གཡོན་པའི་མཐིལ་དུ་ཆུ་གཙང་བླུགས་པ་གཡས་པའི་སོར་མོས་བླངས་ཏེ། ཁ་ལ་ལན་མང་དུ་བྱབ་ཅིང༌། ལན་གཉིས་གསུམ་དུ་སྣ་བུག་གཉིས་དང་མིག་དག་ དང་སྣང་དང་ཁ་དང་ལག་པ་དག་དང་ལྟེ་བ་དང་མགོ་ལ་རེག་པའི་རྗེས་སུ། ཧུབ་གསུམ་འཐུངས་ནས་མཆུ་ལ་ལན་གཉིས་ཕྱི་བར་བྱའོ། །དེའི་ཕྱི་ཉིན་ནས་བརྩམས་ཏེ་ཤར་ལ་སོགས་པའི་ཕྱོགས་སུ་ཁྲོ་བོ་བཅུའི་སའི་གོང་བུ་བཅུའི་མདུན་དང༌། ཕྱོགས་ སྐྱོང་བཅོ་ལྔའི་སའི་གོང་བུ་ཡོད་དམ་མེད་ན་མཎྜལ་གི་སྟེང་དུ་ཕྱོགས་མཚམས་བརྒྱད་དུ་ཉི་མ་སོ་སོའམ་ཐུན་སོ་སོ་ལ་མཆོད་གཏོར་དབུལ། ཕྱོགས་སྐྱོང་གི་སའི་གོང་བུའི་ཕྱི་ངོས་སུ་སའི་གོང་བུ་བརྒྱད་དམ། བ་ལྕིའི་མཎྜལ་བྱས་པ་རྣམས་སུ་ 5-6-31b ཀླུ་རྣམས་ལ་ཁམ་ཕོར་དུ་འོ་མ་ལ་སོགས་པ་ཀླུ་གཏོར་གྱི་སྔགས་ཀྱིས་སྦྱིན། ཕྱི་རོལ་ཏུ་གཏོར་མ་ཟན་ལ་སོགས་པ་དང་མར་དང་སྦྲང་རྩི་དང་ཆུ་དང་འོ་མ་དང་ཆང་གི་རྒྱུན་ལྔ་གཡས་སྐོར་དུ་གཏོར་ཞིང༌། གྲུབ་ན་ཆད་ལྷ་གི་ཉེས་པ་ཞི་བའི་ཕྱིར་དུ་ཞི་བ་དང༌། དཀྱིལ་འཁོར་ཚིམ་པའི་ཕྱིར་དུ་རྒྱས་པའི་སྦྱིན་སྲེག །ཚོགས་འཁོར་གྱི་ལྷག་མའི་ཁ་ཟས་ཀྱིས་བརྒྱ་རྩ་བརྒྱད་བྱའོ། །ལྷ་སྤྱན་དྲངས་པའི་ཆོ་ག་སྟེ་བཅུ་གཅིག་པའོ།། །།གཉིས་པ་ནི། དེ་ནས་ཧཱུཾ་མཛད་ཀྱི་ང་རྒྱལ་གྱིས་ཧཱུཾ་བཞི་པའི་སྔགས་ཟླས་ ཤིང་མེ་ཏོག་གི་ཕྲེང་བ་བླངས་ཏེ། རྡོ་རྗེ་ཤུགས་ཀྱི་འཇུག་པས་དཀྱིལ་འཁོར་དུ་ཞུགས་པར་མོས་ལ། རྡོ་རྗེ་གསོར་ཞིང་དྲིལ་བུ་བསིལ་ནས། རྡོ་རྗེའི་རྐང་པས་བསྐོར་བ་གསུམ་བྱས་པའི་མཐར་འཁོར་ལོ་ལ་བལྟས་ཏེ། མེ་ཏོག་གི་ཕྲེང་བ་གཙོ་བོ་ལ་དབུལ་ལ་ ལྷག་ཆད་ཀྱི་ཉེས་པ་དག་པར་བྱ། ཁྲོ་བོའི་ལྟ་བས་བལྟ་ཞིང་དཀྱིལ་འཁོར་ལ་གཡས་སྐོར་བྱས་ནས་ནུབ་ཏུ་སོང་སྟེ། རྐང་པ་གཡོན་བརྐྱང་དང་ལག་པ་གཉིས་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བྱས་ལ། ཨོཾ་བཛྲོད་གྷ་ཊ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུཾ། ཞེས་བརྗོད་ཅིང་ ཕྱག་རྒྱ་དེ་བཀྲོལ་ནས་ཤར་སྒོ་ནང་ནས་ཕྱེ་བར་བསམ། དེ་བཞིན་དུ་བྱང་ཕྱོགས་སུ་གནས་ནས། ལྷོ་སྒོ་དང༌། ཤར་ཕྱོགས་སུ་གནས་ནས་ནུབ་སྒོ་དང༌། ལྷོ་ཕྱོགས་སུ་གནས་ནས་བྱང་སྒོ་ཕྱེ་བར་བསམས་ལ། ཨོཾ་ས་མ་ཡ་པྲ་བེ་ཤཱ་ཡ་མི་ཞེས་ བརྗོད་ནས་མེ་ཏོག་གི་ཕྲེང་བ་ཕུལ་བ་སླར་གང་བྱེད་ཅིང་བླངས་ལ། རང་གི་མགོ་ལ་བཅིངས་ཏེ་དཀྱིལ་འཁོར་ལ་ཕྱག་བྱས་ནས་སེམས་ཅན་ཐམས་ཅད་ལ་དངོས་གྲུབ་ཐམས་ཅད་ཀྱི་བཀའ་དྲིན་སྩོལ་ཅིག །ཅེས་གསོལ་བ་བཏབ་ནས་བསྒོམ་བཟླས་ 5-6-32a བྱའོ། །མཆོད་པ་ནས་འདིའི་བར་ནི་རས་རིས་ཀྱི་ཆོ་ག་ལ་ཡང་འདྲ་སྟེ། བསམ་གཏན་གྱི་ཆོ་ག་ལ་ཡང་ཅི་རིགས་པར་སྦྱར་རོ། །ཆས་འཇུག་བསང་བསྲུང་བདག་བསྐྱེད་སྦྱང༌། གཉིས་པ་སྐྱེད་གསུམ་བརྩེག་བསྐུལ་བསྒོ་བསྟིམ། །སྤྱན་དྲང་ མཆོད་གསོལ་བསྐུལ་བསྟིམ་དགུག །དབང་བསྐུར་ཕྱི་ནང་གསང་བ་དབུལ། །ང་རྒྱལ་བསྟོད་དང་བཟླས་པ་དང༌། །གཏོར་ཚོགས་གཏོར་མ་ཉེ་རེག་དང༌། །སྦྱིན་སྲེག་བསྐོར་དབུལ་སྒོ་དབྱེ་བླང༌། །ཕྱག་དང་གསོལ་གདན་སྒྲུབ་མཆོད་སྡོམ། །གསུམ་པ་ལ་གཉིས། རང་ཉིད་ཞུགས་ནས་གསོལ་བ་གདབ་པ་དང༌། སློབ་མ་གཞུག་ཅིང་དབང་བསྐུར་བོའོ། །དང་པོ་ནི། རང་གི་དམ་ཚིག་ཉམས་པ་རྣམས་གསོ་བའི་དོན་དུ་སྔོན་དུ་རང་ཉིད་འཇུག་པ་ནི། རང་གཙོང་བོ་ལས་ཕྱེ་སྟེ་ཤར་སྒོ་ནས་ཐོན་པར་མོས་ལ། དཀྱིལ་འཁོར་ལ་མཆོད་ དེ་བླ་མ་དང་གཙོ་བོ་ཐ་མི་དད་དུ་བྱ་ལ། །བླ་མའི་བྱ་བ་རྣམས་གཙོ་བོས་མཛད་པར་བསྒོམ། །སློབ་མའི་བྱ་བ་རྣམས་རང་གིས་བྱ་ལ། འཆད་པར་འགྱུར་བ་བཞིན་དུ་དཀྱིལ་འཁོར་དུ་ཞུགས་ནས་དབང་ཐམས་ཅད་རྫོགས་པར་བླང་ལ། སློབ་མ་གཞུག་པའི་དོན་ དུ་ཐལ་མོ་སྦྱར་ཏེ། འོད་གསལ་བ་ལས་ཡང་དག་བྱུང༌། །རྡོ་རྗེ་སེམས་དཔའ་བདེ་ཆེན་པོ། །གཟུགས་བརྙན་གྱི་ནི་དཔེ་ཡང་སྟེ། །དཀྱིལ་འཁོར་ཡང་ནི་དེ་དང་མཚུངས། །བདེན་པ་འདི་ཡིས་སློབ་མ་རྣམས། །ཐུགས་ཀྱི་དཀྱིལ་འཁོར་དག་ཏུ་གཞུག །འཁོར་ལོ་རྫུ་ འཕྲུལ་མ་ལུས་པ། །མཐོང་ན་སྡིག་པ་མཐའ་དག་སྤོང༌། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །རྡོ་རྗེ་ཡེ་ཤེས་སྒྲུབ་བྱེད་པ། །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གིས་སློབ་མ་གཞུག་པར་བགྱི། །ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་དང༌། །དམ་ཚིག་ 5-6-32b དྲན་པར་བྱས་པ་ལས། ཞུགས་པས་དེ་བཞིན་གཤེགས་པ་ཀུན། །ཕུན་སུམ་ཚོགས་པ་ཐམས་ཅད་སྩོལ། །ཞེས་བདེན་སྟོབས་བརྗོད་ལ། །དཀྱིལ་འཁོར་ལ་གསོལ་བ་གདབ་བོ། །གཉིས་པ་ལ་གསུམ། དཀྱིལ་འཁོར་དུ་གཞུག་པ། ཞུགས་པ་ལ་དབང་ བསྐུར་བ། དཀྱིལ་འཁོར་གྱི་མཇུག་གི་ཆོ་གའོ། །དང་པོ་ལ་གཉིས། གདོང་གཡོག་དང་བཅས་ཏེ་གཞུག་པ་དང༌། དཀྱིལ་འཁོར་མཐོང་བའི་བདག་ཉིད་ཅན་དུ་འཇུག་པའོ། །དང་པོ་ལ་གཉིས། ཡོལ་བའི་ཕྱིར་རོལ་ཏུ་གཞུག་པ་དང༌། ནང་དུ་གཞུག་པའོ། །དང་པོ་ ནི། དེ་ནས་ལྷག་གནས་བྱས་པའི་སློབ་མ་ཁྲུས་བྱས་ཤིང་དྲི་ཞིམ་པོ་བྱུགས་པ་རྣམས། ཤར་སྒོར་ཡོལ་བའི་ཕྱིར་བཀུག་ནས་མཎྜལ་དང་ཡོན་ཕུལ་ཏེ། འདི་ན་འཁོར་བའི་རྒྱལ་མཚོ་ལས། །ཉོན་མོངས་ཆུ་སྲིན་ན་ཀྲས་ཁྱབ། །ལས་ཀྱི་རླུང་གི་རྦ་ཀློང་འཁྲུག ། བདག་བྱིང་ཐུགས་རྗེའི་རྒྱ་མཚོ་ཀྱེ། །མི་ཤེས་མིང་ཏོག་གིས་བསྒྲིབས་མིག། །ཉོན་མོངས་དབང་དུ་མཛད་ནས་ནི། །བདེ་དང་སྡུག་བསྔལ་འཇིགས་ལས་སྐྱོབ། །ཐུགས་རྗེའི་རྒྱ་མཚོ་བདག་སྐྱོབས་ཤིག །ཅེས་བླ་མ་ལ་གསོལ་བ་གདབ། །ལས་བུམ་གྱི་ཆུས་ བསང༌། །ལས་ཐམས་ཅད་པ་བཟླས་པའི་དར་དམར་པོའམ་སེར་པོས། ཨོཾ་ཙཀྵུར་བན་དྷ་བ་ར་མ་ན་ཡ་ཧཱུཾ། ཨོཾ་པྲ་བི་ཤ་བྷ་ག་ཝཱ་ན་མ་ཧཱ་སུ་ཁ་མོཀྵ་སུ་རཾ་སརྦ་སིད་དྷི་སུ་ཁ་པྲ་དཾ་པ་ར་མ་སུ་ཁ་ཨུད་ཏ་མ་སིད་ངྷི་ཛཿཧཱུཾ་བོ་ཧོཿཔྲ་སིད་དྷྱ་སྭ། ཞེས་བརྗོད་དེ་རེ་ ཤིག་དཀྱིལ་འཁོར་མི་མཐོང་བའི་དོན་དུ་གདོང་གཡོགས་བཅིང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུད་ཏ་ར་བོ་དྷི་ཨ་ལཾ་ཀཱ་ར་ཝ་སྟྲ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཧཱུཾ། ཞེས་པས་སྨད་གཡོགས་དང༌། ཨོཾ་བཛྲ་རཀྵ་ཧཾ། ཞེས་པས་སྟོད་གཡོགས་ཅན་དུ་ 5-6-33a བྱ། ཨོཾ་བཛྲ་ཨུཥྞཱི་ཥ་ཧཱུཾ་ཕཊ། ཅེས་པས་གཙུག་ཏོར་བཅིང༌། ཨཱཿཁཾ་བཱི་ར་ཧཱུཾ། ཞེས་པས་མེ་ཏོག་གི་ཕྲེང་བ་གཏད། རྣམ་སྣང་དུ་བསྐྱེད་པའི་གནས་གསུམ་དུ་རྡོ་རྗེ་པདྨ་འཁོར་ལོ་ལ་གནས་པའི་ཉི་མ་དང་ཉི་མ་དང་ཟླ་བ་ལ་བཀོད་ པའི་ཡི་གེ་གསུམ་ནག་དམར་དཀར་པོའི་འོད་ཟེར་གྱིས། ལུས་འོད་གསལ་བར་བྱས་ནས་དཀྱིལ་འཁོར་དུ་གཞུག་པའི་ཕྱིར། ཀྱེ་ཁྱོད་སུ་ཡིན་ཅི་ལ་དགའ་ཞེས་དྲི་ཞིང༌། དེས་ཀྱང་སྐལ་བཟང་བདག་བདེ་བ་ཆེན་པོ་ལའོ་ཞེས་ལན་བཏབ་པས་རིགས་ དང་མོས་པ་ཤེས་པར་བྱ། ལག་པ་ཐལ་མོ་སྦྱར་རྐང་པ་མཉམ་པར་འདུག་པ་ལ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །ཞེས་ ལན་གསུམ་རྗེས་ཟློས་བྱེད་དུ་གཞུག་ལ་སྔར་བཞིན་སེམས་བསྐྱེད་སྦྱིན། །དེ་ནས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱའོ་སྙམ་པའི་སྨོན་པའི་སེམས་ཀུན་རྫོབ་པ་དྲན་པར་བྱས་ལ། དེ་ཉིད་སྙིང་ཁར་ཟླ་བའི་དཀྱིལ་འཁོར་ཡོངས་ སུ་རྫོགས་པའི་རྣམ་པར་བསྒོམ། ཆོས་ཐམས་ཅད་རང་བཞིན་མེད་པའི་སྟོང་པ་ཉིད་དང་རང་གི་སེམས་རོ་གཅིག་ཏུ་གྱུར་པར་མོས་པའི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཟླ་བའི་སྟེང་དུ་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་རྣམ་པར་བསྐྱེད་དེ། ཨོཾ་སརྦ་ཡོ་ག་ཙི་ཏ་ ཏཾ་ཨུ་པཎྜ་ཏ་ཡཱ་མི་ཞེས་བརྗོད་དུ་གཞུག་ལ་ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད། དེས་ནི་ལམ་གཞན་དུ་མི་ལྡོག་པར་རིགས་ངེས་པར་བྱེད་དོ། །དེ་ནས་རྡོ་རྗེ་མེ་ཏོག་དང་བཅས་པ་སྙིང་གར་བཟུང་སྟེ། ཨོཾ་སུ་ར་ཏེ་ས་མ་ཡ་སྟྭཾ་ཧོཿ སིད་དྷྱ་བཛྲ་ཡ་ཐཱ་སུ་ཁཾ། 5-6-33b དེང་ཁྱོད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པར་འགྱུར་གྱིས། ཁྱོད་ཀྱིས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་དཀྱིལ་འཁོར་འདི། དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་བར་མི་བྱ་ཞིང༌། མ་དད་པ་རྣམས་ ལའང་མ་ཡིན་ནོ། །ཞེས་བརྗོད་དོ། །གཉིས་པ་ལ་གསུམ། ནང་དུ་གཞུག་ཅིང་བསྐོར་ནས་ཕྱག་བྱ་བ། དམ་ལ་གཞག་པ། ཡེ་ཤེས་ཕབ་ནས་བདེན་པ་བརྗོད་པའོ། །དང་པོ་ནི། ཨོཾ་ཨཱཿ་ཡ་མཱནྟ་ཀྲི་ཏ་ཧཱུཾ་ཞེས་བརྗོད་ཅིང་ཁྲིད་དེ། ཨཱཿ ཁཾ་བཱིར་ཧཱུཾ་གིས་སྒོམ་དོན་ལ་ དཀྱིལ་འཁོར་གྱི་ནང་དུ་ཞུགས་པར་བསམ་ཞིང་དངོས་སུ་ཡོལ་བའི་ནང་དུ་གཞུག་ལ། མ་ཧཱ་ར་ཏ་སུ་དྲི་ཌྷ་སུ་ཏོ་ཥོ། སུ་སུ་ཁོ། བཛྲ་སཏྭ་ཨཱཿདྷྱ་སིང་དྷྱ་མཾ། ཞེས་བརྗོད་དེ་བསྐོར་བ་བྱའོ། །དེ་ནས་ཤར་སྒོར་སློབ་མ་མི་བསྐྱོད་པར་བསྐྱེད། དེ་བཞིན་གཤེགས་པ་ ཐམས་ཅད་ལ་མཆོད་པ་དང་བསྙེན་བཀུར་བའི་ཕྱིར་དུ་བདག་འབུལ་བས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་རྡོ་རྗེ་སེམས་དཔས་བདག་ལ་བྱིན་གྱིས་རློབས་ཤིག །སྙམ་དུ་བསམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨུ་པ་སྠཱ་ནཱ་ཡ་ཨཱཏྨཱ་ནཾ་ནི་ཪྻཱ་ཏ་ ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་སཏྭ་ཨ་དྷི་ཏཥྛ་སྭ་མཾ། ཞེས་བརྗོད་དེ་གཙོ་བོ་ལ་རྡོ་རྗེ་ཐལ་མོ་བརྐྱངས་ནས་ལུས་ཐམས་ཅད་ས་ལ་ཕབ་པའི་ཕྱག་བྱ། ཡང་ཤར་སྒོར་རྣམ་སྣང་དུ་བསྐྱེད། རྣམ་སྣང་ལ་དམིགས་པ་སྔར་བཞིན་བྱ་ལ། ཨོཾ་སརྦ་བུད་དྷ་པཱུ་ཛ་ཨུ་པ་སྠཱ་ནཱ་ཡ་ ཨཱཏྨཱ་ནཾ་ནི་རྻཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་བཻ་རོ་ཙ་ན་ཨ་དྷི་ཏིཥྛ་མཾ། ཞེས་བརྗོད་དེ་རྣམ་སྣང་ལ་སྔར་བཞི་ཕྱག་བྱ། དེ་ནས་སོང་ནས་ལྷོ་སྒོར་རིན་འབྱུང་དུ་བསྐྱེད། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་དང་དབང་བསྐུར་བའི་ཕྱར་བདག་འབུལ་བས། 5-6-34a དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་རྡོ་རྗེ་རིན་ཆེན་གྱི་དབང་བསྐུར་དུ་གསོལ་སྙམ་དུ་བསམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨ་བྷི་ཥེ་ཀཱ་ཡ་ཨཏྨཱ་ནཾ་ནི་ཪྻཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་རཏྣ་ཨ་བྷི་ཥིཉྩ་མཾ། ཞེས་བརྗོད་དེ་རིན་ འབྱུང་ལ་རྡོ་རྗེ་ཐལ་མོ་སྙིང་ཁར་བཞག་སྟེ། དཔྲལ་བ་ས་ལ་རེག་པའི་ཕྱག་བྱ། དེ་ནས་ནུབ་སྒོར་འོད་དཔག་མེད་དུ་བསྐྱོད། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་རབ་ཏུ་བསྐོར་བའི་ཕྱིར་བདག་འབུལ་བས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ ལ་རྡོ་རྗེའི་ཆོས་རབ་ཏུ་བསྐོར་དུ་གསོལ་སྙམ་དུ་བསམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་པྲ་བརྟ་ནཱ་ཡ་ཨཱཏྨཱ་ནཾ་ནི་ཪྻཱ་ཏ་ཡཱ་མི་སརྦ་ཐ་ཐཱ་ག་ཏ་བཛྲ་དྷརྨཱ་པྲ་བརྟ་ཡ་མི། ཞེས་བརྗོད་དེ་འོད་དཔག་མེད་ལ་ཐལ་མོ་དཔྲལ་བར་སྦྱར་བས་ཁ་ས་ལ་རེག་པའི་ཕྱག་བྱ། དེ་ནས་བྱང་ སྒོར་དོན་གྲུབ་ཏུ་བསྐྱེད། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ལས་ཀྱི་ཕྱིར་བདག་འབུལ་བས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་རྡོ་རྗེའི་ལས་མཛད་དུ་གསོལ་སྙམ་དུ་བསམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཀརྨཱ་ཎ་ཨཱཏྨཱ་ནཾ་ནི་ཪྻཱ་ ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་ཀརྨཱ་ཀུ་རུ་མཾ། ཞེས་བརྗོད་དེ་དོན་གྲུབ་ལ་རྡོ་རྗེ་ཐལ་མོ་སྙིང་ཁར་སྦྱར་ནས་སྤྱི་བོ་ས་ལ་རེག་པའི་ཕྱག་བྱས་པས། རིགས་སོ་སོས་རིམ་པ་བཞིན་དུ་རྒྱལ་བ་ཐམས་ཅད་ལ་མཆོད་ཅིང་བསྙེན་བཀུར་བ་དང་མཆོད་ཅིང་དབང་བསྐུར་ བ་དང༌། མཆོད་ཅིང་ཆོས་འཁོར་བསྐོར་བ་དང༌། འཕྲིན་ལས་ཕུན་ཚོགས་ཀྱི་ནུས་པ་ཅན་དུ་བྱིན་གྱིས་བརླབས་པར་བསྒོམ་མོ། །གཉིས་པ་ནི། དེ་ནས་སློབ་མས་ས་མ་ཡ་སྟྭཾ་ཞེས་པས་རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་གཤིབས་ཏེ་བསྒྲེང་བ་ 5-6-34b སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་བཅས་ཏེ། དེའི་རྩེ་མོས་མེ་ཏོག་གི་ཕྲེང་བ་འཛིན་དུ་གཞུག་ལ། སློབ་དཔོན་གྱིས་ཀྱང་སྔགས་དེས་ཕྱག་རྒྱ་དེ་བཅིངས་ཏེ་སློབ་མའི་སྤྱི་བོར་བཞག་ལ། ཨོཾ་སཏྭ་བཛྲི་ཨ་དྷི་ཏིཥྛ་སྭ་མཱཾ་ཧཱུཾ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ ཅད་ཀྱི་རིགས་སུ་ཞུགས་ཀྱིས། དེས་ན་ངས་ཁྱོད་ལ་རྡོ་རྗེ་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་རྣམས་ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས། ཁྱོད་ཀྱིས་ཀྱང་ འདི་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ། ཞེས་བརྗོད་དེ་ཕན་ཡོན་གྱི་སྒོ་ནས་དམ་པ་གཞག །ཡང་ཕྱག་རྒྱ་དེས་སློབ་མའི་སྤྱི་བོར་གཏུགས་ཏེ། འདི་ནི་ཁྱོད་ཀྱི་དམ་ཚིག་གི་རྡོ་རྗེ་སྟེ། གལ་ཏེ་ཚུལ་ འདི་སུ་ཡང་རུང་བ་ལ་སྨྲས་ན། འདིས་ཁྱོད་ཀྱི་མགོ་འགེམས་པར་འགྱུར་རོ། །ཞེས་བརྗོད་ལ་རྡོ་རྗེའི་མནའ་བརྟན་པར་བྱ། ཡང་ཕྱག་རྒྱ་དེ་སྙིང་ཁར་བཞག་ལ། ཨོཾ་དེ་རིང་རྡོ་རྗེ་སེམས་དཔའ་རང༌། ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས། །གལ་ཏེ་ཚུལ་འདི་ སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཞེས་པས་སླར་ཡང་རྡོ་རྗེའི་མནའ་དང་སྔགས་ཀྱིས་བསྐུལ་ཏེ། དེ་གཉིས་ནི་ཉེས་དམིགས་ཀྱི་སྒོ་ནས་དམ་ལ་གཞག་པའོ། །དེ་གསུམ་ནི་རྩ་ལྟུང་བདུན་པ་ལ་ཁྱད་པར་དུ་དམ་བཞག་མཛད་པའོ། །དེ་ནས་རྣམ་ རྒྱལ་གྱི་སྟེང་གི་དུང་ཆོས་ཀྱི་ཆུ་ཡི་གེ་གསུམ་གྱིས་བསྔགས་པ་མཐེབ་སྲིན་གྱིས་བཟུང་བའི་སྣོད་ཀྱིས་སློབ་མའི་ཁར་བླུག་ཅིང༌། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་སྟེར། །རྡོ་རྗེ་བདུད་ 5-6-35a རྩིའི་ཆུ་འཐུངས་ཤིག །ཨོཾ་བཛྲ་ཨུ་ད་ཀ་ཋ། ཞེས་བརྗོད་དེ་དམ་ཚིག་རྣམས་སྤྱིར་བསྲུངས་མ་བསྲུངས་ཀྱི་ཕན་ཡོ་དང་ཉེས་དམིགས་གཉིས་ཀའི་སྒོ་ནས་དམ་ལ་བཞག་པའོ། །དེ་ནས་སློབ་མའི་ལག་པ་ནས་བཟུང་སྟེ། དེང་ཕྱིན་ ཆད་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱིས་ངས་འདི་བྱོས་ཤིག་ཅེས་བྱ་བ་དེ་ཁྱོད་ཀྱིས་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་མ་བྱེད་ཅིག་བྱས་ན་ཁྱོད་ཡ་ང་བ་མ་སྤངས་པར་འཆི་བའི་དུས་བྱས་ནས་དམྱལ་བར་ལྟུང་བར་གྱུར་ཏ་རེ། ཞེས་བརྗོད་པས་རྡོ་རྗེ་ སློབ་དཔོན་གྱི་བཀའ་ཉན་པའི་སྒོ་ནས་དམ་ལ་གཞག་པ་སྟེ་རྩ་ལྟུང་དང་པོ་ལ་ཁྱད་པར་དུ་དམ་གཞག་མཛད་པའོ། །གསུམ་པ་ནི། དེ་ནས་སློབ་མས་སློབ་དཔོན་གྱི་རྗེས་སུ་བཟླས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག ། རྡོ་རྗེ་སེམས་དཔའ་བདག་ལ་འབབ་པར་མཛད་དུ་གསོལ། ཞེས་ཡེ་ཤེས་དབབ་པའི་དོན་དུ་ལར་གསུམ་གསོལ་བ་གདབ། སློབ་དཔོན་མི་བསྐྱོད་པའི་རྣལ་འབྱོར་དང་ལྡན་པས། སློབ་མ་འོད་དཔག་མེད་དུ་མངོན་པར་བྱང་ཆུབ་པ་ལྔས་བསྐྱེད། དེའི་སྤྱི་བོར་ ཧཿ་ལྐོག་མར་ཨཱཿསྙིང་ཁར་ཧཱུཾ་བཀོད། དེ་དག་ལས་འོད་ཟེར་འཕྲོས། རྣམ་སྣང་དང་འོད་དཔག་མེད་དང་མི་བསྐྱོད་པ་སྟེ་རྡོ་རྗེ་གསུམ་ནང་དུ་བསྟིམས་པས། དེའི་སྤྱི་བོ་ནས་རྐང་པའི་མཐིལ་གྱི་བར་ཁོང་སྟོང་དུ་བསམས་ནས། རྐང་པའི་འོག་ཏུ་ཡཾ་ལས་ རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་མཾ་རབ་ཏུ་འབར་བའི་སྟེང་ན། རྐང་མཐིལ་གཉིས་སུ་ཛྷཻཿ དམར་པོ་ལས་བྱུང་བའི་མེའི་འོད་ཟེར་རྐང་མཐིལ་ནས་ཞུགས་ནས་སྤྱི་གཙུག་ 5-6-35b གི་བར་དུ་ཕྱིན་པས་ལུས་ཐམས་ཅད་སྦྱངས་ནས། ཡེ་ཤེས་སེམས་དཔའ་འོད་གསལ་དུ་གཞུག་གོ། དེ་ལས་ལངས་ཏེ་སྙིང་ཁར་ཧཱུཾ་ལས་རྡོ་རྗེ་སེམས་དཔའ་དང༌། མགྲིན་པར་ཨཱཿ་ལས་འོད་དཔག་མེད། མགོ་བོར་ཧ་ལས་རྣམ་སྣང་གསུམ་ཡུམ་དང་བཅས་པ་ བསྐྱེད། ཛྷཻཿའི་འོད་ཟེར་གྱིས་བསྐུལ་བས་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་བབས་པས་ལུས་གང་བར་བསམས་ལ། སློབ་དཔོན་གྱིས་དེ་བཞིན་གཤེགས་པ་རྣམས་དབབ་པའི་དོན་དུ་སེམས་མ་རྡོ་རྗེ་མའི་ ཕྱག་རྒྱ་བཅིངས་ནས་སློབ་མའི་སྙིང་ཁར་བཞག་ལ། འདི་ཁྱོད་དམ་ཚིག་རྡོ་རྗེ་སྟེ། །རྡོ་རྗེ་སེམས་དཔའ་ཞེས་བྱ་གང༌། །རྡོ་རྗེ་ཡེ་ཤེས་བླ་ན་མེད། །དེ་ཉིད་ཁྱོད་ལ་འབེབས་པར་མཛད། །ཨོཾ་བཛྲ་ཨཱ་བེ་ཤ་ཨཿཨཿཨཿ ཞེས་མང་དུ་བརྗོད་ལ་དབབ། དེས་མ་ཕེབས་ན་ མངོན་བྱང་ལྔའི་སྒོ་ནས་ཡི་གེ་གསུམ་ལས་བྱུང་བའི་རྡོ་རྗེ་འཆང་ཆེན་པོར་བསྐྱེད་དེ་ཡོངས་སུ་གྱུར་པ་ལས་བྱུང་བའི་ཞེ་སྡང་རྡོ་རྗེར་སློབ་མ་བསྐྱེད་ལ། དེའི་ཡན་ལག་ཐམས་ཅད་ལ་ཨཱཿདམར་པོ་འོད་ཟེར་དང་བཅས་པ་བསམས་ལ། དེའི་འོད་ཟེར་གྱིས་ ཞེ་སྡང་རྡོ་རྗེའི་རྡོ་རྗེ་གསུམ་གྱི་ཡེ་ཤེས་ཆེན་པོ་བསྐུལ་བས། རྡོ་རྗེ་གསུམ་སྙོམས་པར་ཞུགས་པའི་ཐབས་ཀྱི་ཡེ་ཤེས་ཀྱིས་ལུས་གང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཨཱཿདམར་པོ་འོད་ཟེར་ཆར་ལྟར་བབས་པར་བསམས་ལ། བསྐུལ་ བར་བྱ་བའི་ཕྱིར་དྲིལ་བུ་འཁྲོལ་བ་ལ་བརྩོན་པས། ཨ་བེ་ཤ་ཡ་སྟཾ་བྷ་ཡ་ར་ར་ར་ར་ཙཱ་ལ་ཡ་ཙཱ་ལ་ཡ་ཧཱུཾ་ཧཿ ཨཱཿ ཛྷཻཿ ཞེས་དྲག་ཏུ་བརྗོད་ལ་དབབ། སྙིང་འདར་བ་སོགས་ཀྱི་ཕེབས་རྟགས་བརྟན་པོ་བྱུང་བར་རྟོགས་ནས། གསུང་རྡོ་རྗེའི་འོད་ཟེར་གྱིས་ཐུགས་ 5-6-36a རྡོ་རྗེ་བསྐུལ་བས། སྙིང་ཁའི་ཐུགས་རྡོ་རྗེའི་འོད་ཀྱིས་མགྲིན་པའི་གསུང་རྡོ་རྗེ་སྟེང་དུ་བསྐུལ་ནས། ཨཱཿའི་རྣམ་པར་ལྕེ་ལ་བཀོད་ལ་བྲུ་ཧི་བཛྲ་ཞེས་བརྗོད་ལ་དགེ་བ་དང་མི་དགེ་བ་དྲིས་པས་བདེན་པར་སྟོན་པར་འགྱུར་རོ། །དེ་ནས་ཡི་གེ་ བརྒྱ་པས་བརྟན་པར་བྱ། གལ་ཏེ་རྣམ་འགྱུར་མ་ཞི་ན་ཧཱུཾ་ཧཱ་ཨཱཿ མུཿ ཞེས་བརྗོད་པས་གཤེགས་སུ་གསོལ་ཏེ། ཡི་གེ་གསུམ་དང་ལས་ཐམས་ཅད་པའི་སྔགས་ཀྱི་བསྲུངས། དེ་ནས་སློབ་མ་དཀྱིལ་འཁོར་ལ་མངོན་དུ་ཕྱོགས་པ་ལ་ཁྱོད་ཀྱི་མིག་ལ་ ཇི་ལྟར་སྣང་ཞེས་དྲིས་ལ་དཀར་པོ་སོགས་སུ་སྣང་ཟེར་ན་ཞི་སོགས་ཀྱི་དངོས་གྲུབ་ལ་སྐལ་བ་དང་ལྡན་པར་གོ་བར་བྱ་ལ། སློབ་མའི་མཐེ་བོང་གཉིས་རྡོ་རྗེ་དང་བཅས་པའི་ལག་པ་གཡས་ཀྱིས་བཟུང་སྟེ། རྡོ་རྗེའི་རྐང་སྟབས་ཀྱིས་གར་གྱི་ཚུལ་གྱིས་ ལས་ཐམས་ཅད་པ་བརྗོད་ཅིང་བསྐོར་བ་གསུམ་བྱེད་དུ་བཅུག་ལ་བདེན་པའི་བྱིན་རླབས་འདི་བྱའོ། །ཡང་དག་པ་ཡི་དཀྱིལ་འཁོར་འདིར། །བདག་གིས་སློབ་མ་བཅུག་པ་འདིའི། །ལྟ་རྣམས་རིགས་ཀྱི་རིམ་པ་ནི། །བསོད་ནམས་ཇི་ལྟ་དེ་ལྟར་ཤོག །འདི་ ཡི་དངོས་གྲུབ་ཇི་ལྟར་འགྱུར། །རིགས་ནི་གང་གི་སྣོད་དུ་འགྱུར། །བསོད་ནམས་མཐུ་ཡང་ཇི་འདྲ་བ། །དེ་འདྲ་དཀྱིལ་འཁོར་དུ་གྱུར་ཅིག། །ཅེས་བརྗོད་དོ། །གཉིས་པ་ནི། དེ་ནས་སྔར་བཟུང་བའི་མེ་ཏོག་གི་ཕྲེང་བ་ཏྭཾ་གིས་བསྔགས་པ་ལས་ཡང་ཞིང་མ་ རྙིངས་པའི་མེ་ཏོག་གཅིག་བཏོན་ཏེ། རིན་པོ་ཆེའི་ཕྲེང་བར་མོས་པ་སློབ་མ་ཐལ་མོ་སྦྱར་བའི་བར་དུ་བྱིན་ལ། སློབ་མ་སེམས་མ་གཡེངས་བར་རྩེ་གཅིག་པའི་བློ་བརྟན་པ་ཅན་དུ་བྱས་ཏེ། རྣམ་སྣང་དུ་གྱུར་པར་བསམས་པའི་འོག་ཏུ་སྙིང་ཁའི་པདྨ་ 5-6-36b ལ་ཧཱུཾ་ལས་མི་བསྐྱོད་པ་སྒོམ་པ་སོགས་ས་བོན་སོ་གཉིས་ལས་ལྷ་སོ་གཉིས་ཀྱི་ལུས་དཀྱིལ་བསྐྱེད་པ་སྒྲུབ་ཐབས་བཞིན་བྱས་ཏེ་བྱིན་གྱིས་བརླབས་ལ་གུས་པ་སྔོན་དུ་འགྲོ་བས། གཙོ་བོ་འཁོར་བཅས་ཀྱི་མདུན་ན་གནས་པ་བཞིན་དུ་དམིགས་ལ། ནང་ དུ་ཞུགས་པར་མོས་ཏེ་གཙོ་བོའམ་རང་གི་ལྷ་གང་ཡིན་གྱི་དབུ་ལ་འབབ་པར་ཤོག་ཅིག་སྙམ་དུ་བསམས་ནས། ཏཥྛ་བཛྲ་དྲྀ་ཌྷོ་མེ་བྷ་བ་ཧྲ་ད་ཡཾ་མེ་ཨ་དྷི་ཏིཥྛ་སརྦ་སིད་དྷིཾ་མེ་པྲ་ཡཙྪ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ ཨོཾ་ཨཱཿ་ཁཾ་པཱི་ར་ཧཱུཾ་པྲ་ཏཱི་ཙྪ་ཀུ་སུ་མ་ཨཉྫ་ལིཾ་ནཱ་ཐ་ཧོཿ ཞེས་བརྗོད་དེ་མེ་ཏོག་དོར་བས། ལྷ་གང་གི་རིགས་ཡིན་པ་ཤེས་པར་བྱའོ། །དེ་ཡང་གཙོ་བོ་ལ་ཕོག་ན་མྱུར་དུ་འགྲུབ་ཅིང་ལྷའི་སྐུ་བཀོད་པའི་མཛོད་སྤུ་ལ་སོགས་པ་ལ་ཕོག་ན་ཕྱག་ཆེན་ལ་སོགས་པའི་དངོས་གྲུབ་འགྲུབ། སྐུ་ལས་ཧ་ཅང་རིང་ན་རིང་པོས་འགྲུབ་ ལ་ཉེ་མྱུར་རོ། །གཉིས་ཀྱི་བར་དུ་ལྷུང་ན་གང་ལ་ཉེ་བ་དེའི་རིགས་དང༌། མཉམ་ན་གཉིས་ཀའི་དངོས་གྲུབ་འགྲུབ་ཅིང་གང་ལ་དད་པ་དེའི་རིགས་སོ། །རྩིག་པའི་ཕྱིར་ལྷུང་ན་ལན་གསུམ་བསྐྱར་ཡང་ཕྱིར་ལྷུང་ན་དངོས་གྲུབ་ཕྲ་མོ་འགྲུབ། འདི་ལྭ་ཝ་པས་མི་ གཟུང་བར་བཤད་དོ། །རྡོར་རའི་ནང་དུ་ལྷུང་ན་ཚོགས་ཆེན་པོས་འགྲུབ་ལ། དེའི་ཕྱིར་ལྟུང་ན་དངོས་གྲུབ་མེད་ཅིང༌། དཀྱིལ་འཁོར་ཡང་མི་བསྟན་ཏེ་སྔགས་བཟླས་པ་ལ་སོགས་པས་སྐལ་བ་དང་ལྡན་པར་བསྒྲུབ་ནས་ཕྱིས་གཞུག་གོ། །སྤྱི་རྒྱུད་ནས་ དེ་དང་རྩིག་པ་ལ་མེ་ཏོག་ལྷུང་བ་ལ་ཡང་ཞི་བའི་སྦྱིན་སྲེག་བྱས་ནས་གཞུག་པར་བཤད་དོ། །དེ་ནས་མེ་ཏོ་དེ་སྔར་གྱི་མེ་ཏོག་ཕྲེང་བ་དང་ལྷན་ཅིག་བཅིངས་ནས་ཕྲེང་བ་དེ་ཨོཾ་པྲ་ཏི་གྲིཧྞ་སྟྭཾ་ཨི་མཾ་སཏྭ་མ་ཧཱ་བཱ་ལཱ་ཞེས་བརྗོད་དེ་མགོ་ལ་བཅིངས། དེ་ནི་ 5-6-37a སེམས་དཔའ་སྟོབས་པོ་ཆེ་ཞེས་མེ་ཏོག་ཕོག་པའི་ལྷ་ལ་བོས་ནས་སློབ་མ་འདི་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རྗེས་སུ་ཟུངས་ཤིག་ཅེས་ལྷ་ལ་སློབ་མ་གཏང་པས་དེའི་བར་དུ་ལྷ་དེས་རྗེས་སུ་འཛིན་པའི་ཐབས་ཟབ་མོའོ། །འདི་ནི་དབང་དང་པོ་མེ་ ཏོག་ཕྲེང་བའི་དབང་ངོ་།། །།དེ་ནས་སློབ་མའི་སྙིང་ཀར་ཟླ་བ་ལ་ཧཱུཾ། དཔྲལ་བར་རཾ། མིག་གཉིས་ལ་ཨོཾ་འོད་ཟེར་འབར་བ་བསམས་ལ། ཨོཾ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པ་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་འགྱུར་བ། ། རྡོ་རྗེའི་མིག་ནི་བླ་ན་མེད། །ཅེས་པས་སྤྱན་དར་ཕྱེ་ལ། །ད་ནི་དང་པོའི་ཤུགས་ཀྱིས་སུ། །དཀྱིལ་འཁོར་འདི་དེ་ཉིད་ལ་ལྟོས། །ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས། །ཕྱག་རྒྱ་སྔགས་ཀྱིས་བྱིན་གྱིས་བརླབས། །དངོས་གྲུབ་ཀུན་ནི་ཕུན་སུམ་ཚོགས། །དམ་ཚིག་མཆོག་ ཏུ་ཁྱོད་འགྱུར་གྱིས། །རྡོ་རྗེ་པདྨ་རྩེ་རོལ་པས། །བསང་སྔགས་རྣམས་ལ་སྒྲུབ་པ་གྱིས། །ཉེ་བཛྲ་པཱ་ཤྱ། ཞེས་བརྗོད་ལ་དཀྱིལ་འཁོར་བསྟན་ཏོ། །དེ་ལ་རྟེན་གྱི་དཀྱིལ་འཁོར་གྱི་དེ་ཉིད་ནི། ཡང་དག་པའི་ཡེ་ཤེས་ཀྱི་སྣང་བ་འབར་བའི་མེ་རི། བགེགས་རྣམས་ཀྱིས་ མི་ཕྱེད་པའི་རྡོ་རྗེའི་འཁོར་ཡུག །སྐུ་གསུང་ཐུགས་དག་པའི་ཟུར་གསུམ་པའི་ཆོས་འབྱུང་གི་དབུས་སུ། །སྐྱོན་གྱིས་མ་གོས་པའི་པདྨའི་ལྟེ་བར་ཡེ་ཤེས་ལྔ་དག་པའི་སྣ་ཚོགས་རྡོ་རྗེ། རྟེན་འབྲེ་བཅུ་གཉིས་སམ་འཇིག་ལྟ་ཉི་ཤུ་དག་པའི་རྡོ་རྗེའི་རྭ་བཅུ་ གཉིས་སམ་ཉི་ཤུ་པ། བསམ་གཏན་བཞི་དག་པའི་རྟ་བབས་བཞི། རྡོ་རྗེའི་ལྟེ་བར་རྣམ་སྣང་དག་པའི་གཞལ་ཡས་ཁང་བ། འཕགས་པའི་བདེན་བཞི་ངོས་བཞིར་འགྱུར། །ཚངས་པའི་གནས་ནི་གྲྭ་ཡིན་ནོ། །བསྡུ་བའི་དངོས་པོ་ཞེས་བྱ་སྒོ། །བཞི་ཡི་ 5-6-37b མིང་ཅན་རེ་རེ་སྟེ། །དད་པའི་དབང་པོ་ལ་སོགས་སེམས། །རྣམ་པ་ལྔ་པོ་ཡང་དག་འབྱུང༌། །རྫུ་འཕྲུལ་རྐང་བཞི་སྒོ་ཁྱུད་ནི། །བཞི་སྟེ་དེ་ཡང་རྣམ་པ་བཞི། །ཞེས་གསུངས་པ་ལྟར་ཏེ་རྣམ་པ་ལྔ་པོ་ནི་རྩིག་པའོ། །ཏིང་ངེ་འཛིན་བཞི་དག་པའི་འདོད་སྣམ་བཞི་དང༌། གཟུངས་ བཞི་དག་པའི་མཆོད་པའི་ལྷ་མོ། འགྲོ་བའི་རེ་བ་སྣ་ཚོགས་པ་སྐོང་བའི་རིན་པོ་ཆེ་སྣ་ཚོགས་པས་སྤྲས་པའི་ཕ་གུ། སྒོམ་སྤང་གི་ས་བོན་དང་མངོན་གྱུར་སྤངས་པའི་དྲ་བ་དང་དྲ་ཕྱེད། གདུལ་བྱ་རྣམས་ལ་གང་འཚམས་ཀྱི་ཆོས་སྟོན་པས་རྩེ་མོ་དུད་པའི་བ་གུ་ལི། འཇིག་ རྟེན་ལས་འདས་པའི་ཆོས་དཀར་བ་འཛུགས་པའི་མདའ་ཡབ་དང་ལྡན་པའི་ནང་དུ། དེའི་དབུས་ཀྱི་འཁོར་ལོ་གང༌། དཀྱིལ་འཁོར་བརྒྱད་ཀྱིས་གཞལ་བ་ནི། །རྣམ་པར་ཐར་པ་བརྒྱད་ཡིན་ཏེ། །དངོས་གྲུབ་ཐམས་ཅད་སྒྲུབ་བྱེད་པའོ། །འཕགས་ལམ་ཡན་ལག་བརྒྱད་པ་ ནི། །ཀ་བ་བརྒྱད་ཅེས་བྱ་བར་བཤད། །སངས་རྒྱས་ཀུན་གྱི་ཁང་ཆེན་དུ། །ཐམས་ཅད་ཚེ་ན་ཀ་བར་འགྱུར། །ཆོས་ཀྱི་དེ་ཉིད་དོན་གྱི་བརྡ། །འཁོར་ལོའི་ནང་གི་དཀྱིལ་འཁོར་རོ། །ཐུགས་ཀྱི་དཀྱིལ་འཁོར་འདི་དེ་ནི། །ཐར་པ་ཆེན་པོའི་གྲོང་ཁྱེར་མཆོག །ཅེས་གསུངས་ པ་ལྟར་གནས་སོ། །བརྟེན་པའི་དཀྱིལ་འཁོར་གྱི་དེ་ཉིད་ནི། །དེ་ནས་འཁོར་ལོའི་བདག་པོ་ནས། །བརྩམས་ཏེ་གནོད་མཛེས་མཐར་ཐུག་ལྷ། །དེ་བཞིན་དེ་ཉིད་དུ་གནས་རྣམས། །རྡོ་རྗེ་ཅན་གྱིས་སློབ་མ་བཤད། །ཕུང་པོ་ལྔ་ཡི་རང་བཞིན་དུ། །སངས་རྒྱས་ལྔ་རྣམས་ རབ་བསྟན་བྱ། །སྤྱན་མ་ལ་སོགས་ལྷ་མོ་བཞི། །ས་ལ་སོགས་པའི་རང་བཞིན་ནོ། །དེ་བཞིན་འདོད་ཡོན་ལྔ་ཡི་ངོར། །གཟུགས་རྡོ་རྗེ་ལ་སོགས་པའོ། །མིག་ལ་སོགས་པའི་རང་བཞིན་དུ། །ས་ཡི་སྙིང་པོ་ལ་སོགས་སོ། །ལག་སོགས་ངོ་བོར་ཁྲོ་དབང་པོ། །གཤིན་ 5-6-38a རྗེ་དགྲ་སོགས་བསྟན་པར་བྱ། །ཞེས་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་ཇི་ལྟར་བཞུགས་པ་ལྟར་སྟོན་པ་ནི་ཕྱིའི་ཡིན་ལ། དེ་ནས་ལུས་འཁོར་ལ་གནས་པའི། །སངས་རྒྱས་མི་བསྐྱོད་སོགས་རིམ་བཞིན། །ཞེས་གསུངས་པ་ལྟར་སྔར་ལུས་ དཀྱིལ་ལ་བཀོད་པའི་ལྷ་རྣམས་སྟོན་པ་ནི་བརྟེན་པའི་ནང་གི་དཀྱིལ་འཁོར་རོ། །སྐབས་འདིར་རྟེན་དང་བརྟེན་པའི་འཁོར་ལོ་ཕྱི་ནང་གཉིས་སྟོན་པ་ནི་བཤད་རྒྱུད་རྡོ་རྗེ་ཕྲེང་བའི་རྗེས་སུ་འབྲངས་པ་ཡིན་ལ། དབང་དང་པོ་ཕྲེང་བའི་དབང་ཐོབ་པ་ལ་སྟོན་པས། དབང་མ་ཐོབ་པ་ལ་དེ་ཉིད་མི་བསྟན་པར་གསུངས་པ་དང་མི་འགལ་ལོ། །ཡང་ན་སློབ་མ་སྟ་གོན་དང་དཀྱིལ་འཁོར་དུ་གཞུག་པ་རྣམས་དབང་མ་ཐོབ་པ་ལ་བྱེད་ཀྱང་གསང་སྒྲོག་ཏུ་མི་འགྱུར་བ་དང་འདྲ་སྟེ། སློབ་མ་བྱེ་བྲག་པ་ལ་གནང་བའི་ལས་སོ། །སློབ་ མ་དཀྱིལ་འཁོར་དུ་གཞུག་པའི་ཆོ་ག་སྟེ་བཅུ་གཉིས་པའོ།། །།གསོལ་གདབ་པ་བསང་ཞིང་ཆས་སུ་གཞུག །བྱིན་རླབས་དྲིས་ལན་སེམས་བསྐྱེད་གསང༌། །ནང་གཞུག་བསྐོར་བ་ཕྱག་ལྔ་དང༌། །དམ་བཞག་ལྔ་དང་གསོལ་གདབ་བསྐྱེད། ། དགོད་བསྟིམ་སྦྱང་བསྐྱེད་བསྐུལ་ཞིང་དབབ། །དྲི་བསྐོར་བདེན་བརྗོད་སྦྱིན་བཀོད་དོར། །བཅིང་དབྱེ་ལྟ་བསྐུལ་དཀྱིལ་འཁོར་བསྟན། །མཇུག་ཆོ་ག་སྡོམ་སུ་བསྡུས་པའོ། །གཉིས་པ་ཞུགས་པ་ལ་དབང་བསྐུལ་བ་ལ་བཞི། བུམ་པ། གསང་བ། ཤེས་རབ་ ཡེ་ཤེས། བཞི་པ་བསྐུལ་བའོ། །དང་པོ་གཉིས། ཐུན་མོང་བ་རྡོ་རྗེ་སློབ་མའི་དབང་དང༌། ཐུན་མོང་མ་ཡིན་པ་རྡོ་རྗེ་སློབ་དཔོན་གྱི་དབང་ངོ་། །དང་པོ་ལ་གསུམ། ཁྲུས་སྟེགས་ཀྱི་དཀྱིལ་འཁོར་བྱས། གསོལ་བ་གདབ་ཅིང་མི་ཤེས་པ་སྦྱང་བ། དེ་ 5-6-38b ལ་དབང་རིམ་གྱིས་བསྐུར་བའོ། །དང་པོ་ནི། ཆུ་དབང་བསྐུལ་བའི་ཕྱིར་དཀྱིལ་འཁོར་གྱི་ཤར་རམ་བྱང་ཤར་དུ་ཁྲུས་ཀྱི་དཀྱིལ་འཁོར་ཁྲུ་དོ་གྲུ་བཞི་སྒོ་བཞི་པ། ཕྱི་ནས་རིམ་པ་བཞིན་དཀར་དམར་ནག་པའི་རྩིག་པ་རིམ་པ་གསུམ་དང་ལྡན་པ་འཕར་མ་གཉིས་ དང་ལྡན་པའི་དབུས་སུ། སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་དབུས་སུ་རྫོ་རྗེ་ནག་པོ་ཤར་དུ་འཁོར་ལོ་དཀར་པོ་ལྷོར་རིན་པོ་ཆེ་སེར་པོ་ནུབ་ཏུ་པདྨ་དམར་པོ་བྱང་དུ་རལ་གྱི་ལྗང་གུ་བྲིས་ལ་དེར་བུམ་པ་རྣམས་དགོད། །ཁྲུས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་སྟེ་བཅུ་གསུམ་ པའོ།། །།གཉིས་པ་ནི། སློབ་མས་ཡོན་དང་མཎྜལ་ཕུལ་ཏེ་ཕྱག་བྱས་ལ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་མེ་ཏོག་གི་སྙིམ་པས་ཐལ་མོ་སྦྱར་ལ། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ ཀྱང་རབ་ཏུ་བསྒྲལ་བའི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་བླ་མ་ལ་དབང་གི་དོན་དུ་གསོལ་བ་གདབ། །བླ་མས་ལས་ཐམས་ཅད་པ་དང་ཧཱུཾ་ལན་བདུན་བཟླས་པའི་ཡུངས་ཀར་ལག་པ་གཉིས་ཀྱི་ཁུ་ཚུར་གྱིས་བཟུང་ནས་རེ་རེ་ནས་གཡོན་བསྐོར་དུ་ ལན་གཉིས་ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་བཛྲ་སཏྭ་སྱ་སརྦ་པཱ་པཾ་ད་ཧ་སྭཱཧཱ། ཞེས་བརྗོད་ཅིང་བྱབས་ལ་ཡུངས་ཀར་མེར་དོར་རོ། །དེ་བཞིན་དུ་གཡས་སུ་བསྐོར་བ་གཉིས་ཀྱང་བྱའོ། །ཁུ་ཚུར་གྱིས་ཆུ་བཟུང་ནས་ཀྱང་དེ་བཞིན་དུའོ། །དེ་ནས་ཁམ་ཕོར་དཀར་ པོ་བཞི་དང་། རྩྭ་དུར་བའི་མྱུ་གུ་དང་བཅས་པའི་བ་ལྕིའི་འཆང་བུ་བཞི་དང་། ཟན་འཆང་བཞི་དང་། སེང་རས་ཀྱི་ཚལ་བ་བཞིས་ཀྱང་གཡོན་དང་གཡས་སུ་བསྐོར་བ་སྔར་བཞིན་བྱ་སྟེ། འོན་ཀྱང་ཁམ་ཕོར་མན་ཆད་རྣམས་མེར་མི་དོར་རོ། །དེ་ནས་ཉེ་རེག་ 5-6-39a བྱ་ལ་གཙོ་བོའི་སྔགས་བརྗོད་ཅིང་ཐུགས་ཀར་དྲི་དང་། དབུ་ལ་མེ་ཏོག་གི་ཕྲེང་བ་བཅིངས་པ་དང་། མདུན་དུ་མཆོད་ཡོན་དབུལ་བ་བྱས་ནས་མར་མེས་ཡོངས་སུ་བསྐོར་ཏེ་ལས་ཐམས་ཅད་པ་དང་། ཧཱུཾ་ལན་བདུན་བཟླས་པའི་མར་དང་ བཅས་པའི་སྤོས་དཀར་གྱིས་བདུག་པར་བྱའོ། །གསུམ་པ་ལ་དྲུག །ཆུའི་དབང་ཅོད་པན་གྱིད་དབང་། རྡོ་རྗེའི་དབང་། དྲིལ་བུའི་དབང་། མེ་ལོང་གི་དབང་། མིང་གི་དབང་ངོ་། །དང་པོ་ལ་གཉིས། ནང་དབང་བསྐུར་ཏེ་ཁྲུས་སྟེགས་ལ་དགོད་པ་དང་། དེ་ལ་ཤིས་བརྗོད་སྔོན་དུ་ འགྲོ་བའི་ཆུ་དབང་བསྐུར་བའོ། །དང་པོ་ནི། སློབ་མ་ལས་བུམ་གྱི་ཆུ་བསངས་ལ། རང་གི་སྙིང་ཁའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པ་རང་གི་ཁ་ནས་ཞུགས། སྐུའི་དབྱིབས་བརྒྱུད་ནས་ཡུམ་གྱི་པདྨར་འཐོན་པ་སྐད་ཅིག་གིས་སྟོང་པར་སྦྱངས་པའི་འོད་ཏུ་ ཆོ་ག་གསུམ་གྱིས་མི་བསྐྱོད་པ་ཡབ་ཡུམ་དུ་བསྐྱེད་དེ་ཡེ་ཤེས་པ་དང་དབྱེར་མེད་དུ་བྱ། རང་གི་སྙིང་ཁའི་ས་བོན་གྱི་འོད་ཟེར་གྱིས་ཕྱོགས་བཅུ་ན་བཞུགས་པའི་རྒྱལ་བ་ཡབ་ཡུམ་མདུན་གྱི་ནམ་མཁར་སྤྱན་དྲངས་པ་ལ་མཆོད་དེ། སློབ་མ་ལ་དབང་བསྐུར་ བའི་དོན་དུ། རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། འགྲོ་བ་སྐྱོབ་པའི་ཆེད་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་བསྩལ། །དེ་ལྟར་འདི་ལ་སྩལ་ཏུ་གསོལ། །ཞེས་པས་དེ་རྣམས་དང་བསྒྲུབ་པའི་དཀྱིལ་འཁོར་པ་ལ་གསོལ་བ་བཏབ་པས། ནམ་ མཁའི་རྒྱལ་བ་ཡབ་ཡུམ་རྣམས་སྙོམས་པར་ཞུགས་པ་འདོད་ཆགས་ཆེན་པོའི་མེས་ཞུ་བར་གྱུར་ནས། རྣམ་སྣང་གི་སྒོ་ནས་ཞུགས་རྡོ་རྗེའི་ལམ་ནས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱིས་སློབ་མ་མི་བསྐྱོད་པར་བྱས་པ་ལ་དབང་བསྐུར་ཏེ། ཡུམ་ 5-6-39b གྱི་པདྨ་ནས་ཕྱུང་ནས་ཁྲུས་སྟེགས་ལ་དགོད། །དེ་ཡང་པདྨ་འདབ་བརྒྱད་བྲིས་པའི་ཤིང་སྟན་ནམ། །ཡང་ན་ཟླ་བའི་དཀྱིལ་འཁོར་བྲིས་པའི་སེང་གེའི་གདན། ཁྲུས་སྟེགས་ཀྱི་དབུས་ཀྱི་པདྨ་ལ་བཞག་པར་མོས་ནས་དེ་ལ་མ་རེག་པར་དེའི་སྟེང་དུ་བཞག་པ་ལ་དགོད་ དོ། །ཁྲུས་སྟེགས་མ་གྲུབ་ན་དེ་བསྒོམས་པའི་སྟེང་དུ་ཤིང་སྟན་ལ་སོགས་པ་ལ་འཇོག་པར་ཡང་བཤད་དོ། །གཉིས་པ་ནི། དེ་ནས་ལས་བུམ་མ་གཏོགས་པའི་བུམ་ཆུ་རྣམས་བསངས་སྦྱངས་ཏེ། ཧཱུཾ་དང་རྡོ་རྗེ་ལས་མི་བསྐྱོད་པ་ཡུམ་དང་བཅས་པར་བསྐྱེད། བྱང་ཆུབ་ཀྱི་སེམས་ཀྱི་འོད་ཟེར་གྱིས་བཀུག་པའི་ཡེ་ཤེས་པ་གཞུག །རང་གི་རིགས་བདག་གིས་དབང་བསྐུར་བ་ལ་མཆོད་དེ་ཞུ་བ་ལས་བྱུང་བའི་ཆུང་བསྒོམ། རང་གཙོ་བོ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཀྱི་འོད་ཟེར་གྱིས་རྒྱལ་བ་ འཁོར་བཅས་ཐམས་ཅད་སློབ་མ་ལ་དབང་བསྐུར་བའི་ཕྱིར་དུ་བསྐུལ་ཏེ་སྤྱན་དྲངས་པ་རྣམས་བྱོན་ནས་ནམ་མཁའ་ལ་བཞུགས་པར་བསམ། དེ་ནས་རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། སྤྱན་མ་ལ་སོགས་ པའི་རིག་མ་དང་བཅས་པ་ནམ་མཁར་བཞུགས་པ་རྣམས་ཀྱིས་གདུགས་དང་རྒྱལ་མཚན་ལ་སོགས་པ་རྣམས་སློབ་མའི་སྟེང་ཕྱོགས་སུ་འཛིན། གླུ་གར་མཛད་ཅིང་རོལ་མོ་རྡུང་། མེ་ཏོག་དང་གུར་གུམ་ལ་སོགས་པའི་ཆར་འབེབས། ཕྱག་གི་ཅུང་ཟད་ ཡོ་བར་བཟུང་བའི་བུམ་པ་དཀར་པོ་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩིས་གང་བ་རྣམས་ཀྱིས་དབང་བསྐུར། གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱིས་བཀྲ་ཤིས་ཀྱི་གླུ་དབྱངས་ཀྱིས་ཤིས་པ་བརྗོད། ཁྲོ་བོ་རྣམས་ཕྱོགས་མཚམས་སུ་འཁོད་ནས་ 5-6-40a བགེགས་བསྐྲད་པར་བསམས་ལ། རང་དང་སློབ་མས་བུམ་པ་བཏེག་ནས། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་དམ་པའི་རིགས་རྣམས་ཀྱི་ནི་རྗེ། །མ་ལུས་སེམས་ཅན་སྐྱེད་བྱེད་བདེ་བ་ཆེན་ པོ་སྟེ། །བཀྲ་ཤིས་དེས་ནི་དེ་རིང་ཁྱོད་ལ་དབང་རབ་བསྐུར། །བཀྲ་ཤིས་གང་ཞིག་མ་ལུས་རྡོ་རྗེའི་རིགས་དང་ལྡན། །སྡང་བས་ཟིལ་མནན་སྐྱེ་བོ་རྣམས་པར་སྦྱོང་མཛད་པ། །མི་བསྐྱོད་མགོན་པོ་ཞེས་བྱར་མཚན་གསོལ་དེ་ཡིས་ནི། །བཀྲ་ཤིས་དེས་ནི་དེ་ རིང་ཁྱོད་ལ་དབང་རབ་བསྐུར། །བཀྲ་ཤིས་གང་ཞིག་མཐའ་དག་འཁོར་ལོའི་རིགས་དང་ལྡན། །རྣམ་པར་སྣང་མཛད་འཁོར་བའི་སྡུག་བསླང་རྟག་འཕྲོག་ཅིང་། །རྨོངས་པས་ཟིལ་མནན་སྐྱེ་བོ་ཡོངས་སུ་སྦྱོར་མཛད་པ། །བཀྲ་ཤིས་དེས་ནི་དེ་རིང་ཁྱོད་ ལ་དབང་རབ་བསྐུར། །བཀྲ་ཤིས་གང་ཞིག་མ་ལུས་རིན་ཆེན་རིགས་དང་ལྡན། །ཕོངས་པའི་སྡུག་བསྔལ་གྲོལ་བར་ཡོངས་སུ་རབ་བརྩོན་ཞིང༌། ཁེངས་པས་ཟིལ་མནན་འགྲོ་བ་ཡོངས་སུ་སྦྱོང་མཛད་པ། བཀྲ་ཤིས་དེས་ནི་དེ་རིང་ཁྱོད་ལ་དབང་ རབ་བསྐུར། །བཀྲ་ཤིས་གང་ཞིག་མ་ལུས་པདྨའི་རིགས་དང་ལྡན། །འཇིག་རྟེན་དབང་ཕྱུག་སྲིད་པའི་དྲ་བ་འཇོམས་པ་པོ། །ཆགས་པས་ཟིལ་མནན་འགྲོ་བ་ཡོངས་སུ་སྦྱོང་མཛད་པ། །བཀྲ་ཤིས་དེས་ནི་དེ་རིང་ཁྱོད་ལ་དབང་རབ་བསྐུར། །བཀྲ་ཤིས་གང་ ཞིག་མ་ལུས་ལས་ཀྱི་རིགས་དང་ལྡན། །བརྩེ་བའི་བདག་ཉིད་ལོག་པར་ལྟ་བ་ངེས་པར་སྤོང་། །དེ་སྦྱོང་ཐབས་སྟོན་དེ་ནི་ཀུན་ནས་སེལ་མཛད་པ། །བཀྲ་ཤིས་དེས་ནི་དེ་རིང་ཁྱོད་ལ་དབང་རབ་བསྐུར། །ཞེས་སློབ་མ་ལ་ཤིས་བརྗོད་གླུ་བླང་ངོ་། ། 5-6-40b དེ་ནས། ཏིལ་གྱི་གང་བུ་ལྟར་གང་བའི། །རྒྱལ་བ་བུམ་པ་འཛིན་པ་ཡིས། །དེ་རིང་ཁྱོད་ལ་དབང་བསྐུར་དེ། །དེ་ལྟར་ཤེས་ནས་ཡིད་བདེར་གྱིས། །ཞེས་བརྗོད་ལ། སྔར་ལྟར་དམིགས་པ་གསལ་བཏབ་ནས་འདི་བཞིན་དུ་ཁྱོད་དབང་བསྐུར་བ་ཡིན་ནོ་ཞེས་ཡིད་ ལ་སྤྲོ་བ་བསྐྱེད་དེ། རྡོ་རྗེ་དང་བཅས་པའི་བུམ་པའི་ཁ་རྒྱན་ལག་པ་གཡས་པའི་རྡོ་རྗེ་ཁུ་ཚུལ་གྱིས་བཟུང་ལ། དེས་རྣམ་རྒྱལ་གྱི་བུམ་པ་ནས་ཆུ་བླངས་ལ་རྡོ་རྗེའི་རྩེ་མོས་སྤྱི་བོས་ཆུ་བླུག་ཅིང༌། དབང་བསྐུར་རྡོ་རྗེ་ཆེན་པོ་སྟེ། །ཁམས་གསུམ་པ་ཡིས་ ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་པའི། །གནས་ལས་བྱུང་བ་སྦྱིན་པར་བྱ། ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཨ་བྷི་ཥིཉྩ་མི་སརྦ་ཏ་ཐཱ་ག་ཡ་ཨ་དྷི་པ་ཏི་ཏྭེ་ནོ་པ་ཏིཥྛ་དྲི་ཌྷོ་མེ་བྷ་བ། སངས་རྒྱས་རྡོ་རྗེའི་དབང་བསྐུར་བས། །དེ་རིང་ཁྱོད་ལ་དབང་ བསྐུར་རོ། །ཨོཾ་ཨཱཿབཛྲ་ཨུ་ད་ཀ་ཨ་བྷི་ཥི་ཉྩ་ཧཱུཾ་སུ་ར་ཏ་སྟྭཾ་ཨ་ཧཾ། ཞེས་བརྗོད་ཅིང་དབང་བསྐུར་རོ། །དེ་ཡང་བུམ་པ་ཐམས་ཅད་ཀྱི་ཆུ་དུང་ཆོས་སམ་ཐོད་པར་བསྡུས་ནས་སམ། ཡང་ན་དང་པོར་རྣམ་རྒྱལ་དང་དེ་ནས་རྒྱལ་བ་བཞི་དང༌། དེ་ནས་ཡུམ་ བཞི་དང་དེ་ནས་རྡོ་རྗེ་མ་བཞི་དང༌། དེ་ནས་རྒྱལ་སྲས་བརྒྱད་དང་དེ་ནས་ཁྲོ་བོ་བཅུའི་བུམ་པས་སྔར་བཞིན་བླུག་ལ་དབང་བསྐུར། དབང་བུམ་གཅིག་ལས་མེད་ན་རྣམ་རྒྱལ་གྱིས་བསྐུར་ལ། བསྡུས་པ་ལ་མོས་ན་སྔགས་ཕྱི་མ་ཉིད་ཀྱིས་བྱའོ། །འདིར་ཀླུ་བྱང་ གིས་དབང་ལྔ་ལ་ལྷ་གང་སྐྱེད་གསལ་བར་མ་བཤད་ལ། ཟུང་འཇུག་གསལ་བས་སློབ་མ་རྣམ་སྣང་དུ་བསྐྱེད་པ་ལ་ཆུ་དབང་བསྐུར་བར་བཤད་པ་ལྟར། ཡན་ལག་མེད་པའི་རྡོ་རྗེས་ཀྱང་བཤད་པས་སྤྱིར་དེ་ལྟར་རུང་མོད་ཀྱང༌། བཤད་རྒྱུད་རྡོར་ 5-6-41a ཕྲེང་ལས་ཆུ་དང་སློབ་མ་མི་བསྐྱོད་པར་བསྐྱེད་ནས་ཆུ་དབང་བསྐུར་བར་གསུངས་པས། ནཱ་རོ་པ་དང་དམ་ཚིག་རྡོ་རྗེས་ལུགས་འདི་ལ་བཤད་རྒྱུད་བཞིན་མཛད་པ་ཉིད་འདིར་སྐབས་སུ་བབ་བོ། །དེ་ལྟར་བདུད་རྩིའི་ཆུས་དབང་བསྐུར་བས་ ལུས་ཐམས་ཅད་གང་ནས་བདེ་བ་ཆེན་པོ་མྱོང༌། དྲི་མ་ཐམས་ཅད་དག །ཆུའི་ལྷག་མ་སྤྱི་གཙུག་ཏུ་འཁྱིལ་བ་ལས་མི་བསྐྱོད་པས་དབུ་བརྒྱན་པར་བསམས་ལ། རང་གི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་དབང་གི་ལྷ་རྣམས་བཀུག་ནས་སློབ་མའི་ བ་སྤུའི་སྒོ་ནས་བསྟིམས་པ་ལ་མཆོད་པས་མཆོད་དོ། །དེ་ལྟར་བུམ་དབང་དགུ་ལས་མི་བསྐྱོད་པ་ཆུའི་དབང་ཐོབ། ཞེ་སྡང་གི་དྲི་མ་སྦྱངས། རྣམ་ཤེས་ཀྱི་ཕུང་པོ་གནས་བསྒྱུར། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་བྱས། མི་བསྐྱོད་པ་དང་དེའི་རིགས་ ཀྱི་དངོས་གྲུབ་སྒྲུབ་པ་ལ་དབང་བར་བྱས་སོ། །ཞེས་གོ་བ་བསྐྱེད་ལ་དག་པ་སྦྱིན་ནོ། །གཉིས་པ་ནི། དེ་ནས་ཁྲུས་ཀྱི་དཀྱིལ་འཁོར་ལས་བབས་ཏེ་གོས་དམར་པོ་སོ་མ་གྱོན། རྒྱལ་པོའི་ཆས་རིན་པོ་ཆེའི་རྒྱན་རྣམས་ཀྱིས་བརྒྱན་ཏེ་གདུགས་དཀར་པོ་ བཟུང་ལ། བདེ་བ་ཆེན་པོ་འདོད་ཆགས་ཆེན། །རྣལ་འབྱོར་ཆེན་པོ་ནོར་ཆེ་བ། །ཤེས་རབ་ཆེན་པོ་ཡེ་ཤེས་ཆེ། །རྡོ་རྗེ་སེམས་དཔའ་དེང་བདག་བསྒྲུབས། །སངས་རྒྱས་ཀུན་ཀྱི་རྡོ་རྗེ་ཆེ། །དངོས་གྲུབ་ཀུན་གྱི་བདེ་སྟེར་བ། །ཀུན་གྱི་དབང་བསྐུར་བསྐུར་དོན་དུ། ། རྡོ་རྗེ་དབང་བསྐུར་བླ་ན་མེད། །ཨེ་མའོ་དང་པོའི་སངས་རྒྱས་དོན་དམ་རྒྱལ། །ཐར་པ་ནོར་ཆོས་འདོད་པ་སྟེར་མཛད་རྒྱལ། །ཡེ་ཤེས་ལྔ་དང་དགའ་ལྡན་རང་བཞིན་རྒྱལ། །མགོན་པོ་བདེ་ཆེན་ཕྱག་ན་རྡོ་རྗེ་རྒྱལ། །ཞེས་གླུར་བླངས་ཏེ་རང་དགའ་བ་བསྐྱེད་ 5-6-41b པའི་འོག་ཏུ་བླ་མས་སྣ་དྲངས་ཏེ་སློབ་མས་དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བྱས་ཏེ་ཤར་སྒོར་འཇམ་པའི་སྟན་ལ་འདུག་ཏུ་གཞུག་གོ། སློབ་མས་བྱང་ཆུབ་རྡོ་རྗེ་ཞེས་པས་གསོལ་བ་གདབ་པ་དང༌། དེ་ལ་བུམ་ཆུས་བསངས་པ་ནས་པདྨ་ནས་ཕྱུང་སྟེ་ རང་གནས་སུ་གཞག་པའི་བར་དང༌། དེ་ནས་མིང་དབང་མ་གཏོགས་པ་ལ་དབང་རྫས་རྣམས་སོ་སོའི་ལྷར་བསྐྱེད། རང་གི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་ཡེ་ཤེས་པ་གཞུག་པ་ནས་ཞུ་བའི་བར་དང༌། ཐུགས་ཀའི་ས་བོན་གྱིས་འོད་ཟེར་ གྱིས་དབང་ལྷ་སྤྱན་དྲངས་པ་ན་སྤྲོ་བ་བསྐྱེད་པའི་པར་རྣམས་ཅོད་པན་གྱི་དབང་ལ་སོགས་པ་ལའང་སྔར་བཞིན་བྱའོ། །གསེར་དང་རས་ལ་སོགས་པ་ལས་བྱས་པའི་དབུ་རྒྱན་སློབ་མའི་རིགས་བདག་དབུས་ན་ཡོད་པ་བསངས་སྦྱངས་ཏེ། སྭཱ་འམ་ཏྲཾ་ དང་རིན་པོ་ཆེ་ལས་རིན་འབྱུང་ཡུམ་དང་བཅས་པར་སྐྱེད་པ་སོགས་བྱས་ནས། སློབ་དཔོན་གྱིས་ལག་པ་གཉིས་རྡོ་རྗེ་ཐལ་མོ་སྦྱོར། མཐེ་བོ་གཉིས་སྐྱིལ་ཀྲུང་དུ་བསྐུམས། གུང་མོ་གཉིས་གཤིབས་ཏེ་རྩེ་སྤྲད་ལ། མཛུབ་མོ་གཉིས་གུང་མོའི་ཚིག་བར་ པར་བཙུགས་པ་རྡོ་རྗེ་དབྱིངས་ཀྱི་དབང་མོའི་ཕྱག་རྒྱ་སྤྱི་གཙུག་ཏུ་བཞག་ལ། ཨོཾ་བཛྲ་དྷཱ་ཏཱི་ཤྭ་རི་ཨ་བྷཱི་ཥིཉྩ་ཧཱུཾ། སྔར་གྱི་སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་དཔྲལ་བར་གཞག་ལ། ཨོཾ་སཏྭ་བཛྲི་ཨ་བྷཱི་ཥིཉྩ་བྲུཾ། སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་ལས་གུང་མོའི་ ཚིགས་དབུས་མ་བཅག་ནས་རིན་པོ་ཆེ་འདྲ་བར་བྱས་པ་རིན་ཆེན་རྡོ་རྗེ་མའི་ཕྱག་རྒྱ་རྣ་ལྟག་གཡས་པར་གཞག་ལ། ཨོཾ་རཏྣ་བཛྲཱི་ཨ་བྷཱི་ཥིཉྩ་ཨ། དེ་ཉིད་ལས་གུང་མོ་པདྨ་འདྲ་བར་བྱས་པ་རྡོ་རྗེ་ཆོས་མའི་ཕྱག་རྒྱ་ལྟག་པར་བཞུག་ལ། ཨོཾ་དྷརྨཱ་བཛྲཱི་ཨ་ 5-6-42a བྷཱི་ཥིཉྩ་ཧྲཱིཿདེ་ཉིད་ལས་དབུས་མའི་རྩེ་མོ་བཅག་པ་ལས་ཀྱི་རྡོ་རྗེ་མའི་ཕྱག་རྒྱ་རྣ་ལྟག་གཡོན་པར་བཞག་ལ། ཨོཾ་ཀརྨ་བཛྲཱི་ཨ་བྷཱི་ཥིཉྩ་ཏྲཱཾ། ཞེས་བརྗོད་ཅིང་དབུ་རྒྱན་མགོ་ལ་བསྐོན། དབང་བསྐུར་རྡོ་རྗེ་ཞེས་པའི་ཚིགས་བཅད་དང༌། ཨོཾ་ སརྦ་ཏ་ཐཱ་ག་ཏ་རཏྣ་མུ་ཀུ་ཊ་པཱུ་ཛ་ཡ་ཨ་དྷི་ཤམ་མི་ཨཱཿཧཱུཾ། ཞེས་བརྗོད་དོ། །སྔགས་དེ་ལྔ་ནི་ཀླུ་བྱང་གི་དཀྱིལ་ཆོག་ལས་འབྱུང་བ་བཞིན་ཕྲེང་བར་ཡང་བྱུང་ལ། ཟུང་འཇུག་གསལ་བར་དང་པོའི་མཐར་ཨཱཿ གཉིས་པ་ལ་ཧཱུཾ་གསུམ་པ་ལ་ཏྲཱཾ། བཞི་པ་འདྲ། ལྔ་པ་ལ་ཏཱཾ་ཞེས་འབྱུང་ངོ་། །ཡོ་ག་དང་བསྟུན་ན་སྔ་མ་བཞི་དེ་དང་འདྲ་ཞིང་ཕྱི་མ་ལ་ཨ་ཞེས་འཐོབ་བོ། །དཀྱིལ་ཆོག་གི་དཔེ་ཁ་ཅིག་ལས་ནི་ལྔ་པ་ལ་ཏྲཾ་ཞེས་ཀྱང་འབྱུང་ངོ་། །སློབ་མའི་རིགས་བདག་དབུས་སུ་ཡོད་པ་དང་བསྟུན་ན་མི་བསྐྱོད་ པ་མི་འོང་བའི་ཚེ་སྔ་མའི་གནས་སུ་མི་བསྐྱོད་པ་འགྲོའོ། །དེ་ནས་དབུ་རྒྱན་ལ་བཏགས་པའི་དར་དཔྱངས་རྣ་ལྟག་གཡས་གཡོན་དུ་དཔྱངས་ནས་མཉམ་པའི་ཐལ་མོ་དང༌། ཨོཾ་བཛྲ་ཏུ་ཥྱ་ཧོ་ཞེས་བརྗོད་པས་མཉེས་པར་བྱའོ། །དབང་བསྐུར་རྡོ་རྗེ་ཞེས་ པའི་ཚིགས་བཅད་དང༌། ཨོཾ་ཨཱཿསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲི་ཡེ་ཧཱུཾ་སྭཱཧཱ། ཞེས་བརྗོད་ལ་བརྟན་བྱེད་ཀྱི་ཆུ་དབང་བསྐུར་བས། དྲི་མ་སྦྱངས་རིན་འབྱུང་གིས་དབུ་བརྒྱན་པ་ལ་མཆོད་དེ་དབང་ལྷ་བསྟིམ་པ་སྔར་བཞིན་བྱ། ལྷག་མ་རྣམས་ ལ་ཡང་བརྟན་བྱེད་ཀྱི་ཆུ་དབང་བསྐུར་བ་མན་ཆད་འདྲ་སྟེ་རིགས་བདག་ནི་རིགས་སོ་སོའིའོ། །ཡང་ན་རིགས་ལྔ་ཀ་ལ་མི་བསྐྱོད་པས་རྒྱས་གདབ་པ་སྒྲུབ་ཐབས་བཞིན་བྱའོ། །དེ་དག་གིས་རིན་འབྱུང་ཅོད་པན་ནམ་རྫོགས་པའི་སངས་རྒྱས་ཀྱི་དབང་ 5-6-42b ཐོབ། ང་རྒྱལ་དང་སེར་སྣ་སྦྱངས། ཚེར་བའི་ཕུང་པོ་གནས་བསྒྱུར། མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས། རིན་ཆེན་འབྱུང་ལྡན་དང་དེའི་རིགས་ཀྱི་དངོས་གྲུབ་བསྒྲུབ་པ་ལ་དབང་བར་བྱས་སོ། །ཞེས་གོ་བ་བསྐྱེད་ལ་དག་པ་སྦྱིན་ནོ། །གསུམ་པ་ནི། ། དེ་ནས་སློབ་མ་དང་རྡོ་རྗེ་ཨཱཿ འམ་ཧྲཱིཿདང་པདྨ་ལས་འོད་དཔག་མེད་ཡུམ་དང་བཅས་པར་བསྐྱེད་པ་སོགས་བྱས་ལ། དབང་བསྐུར་རྡོ་རྗེ་ཞེས་པའི་ཚིགས་བཅད་དང༌། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང༌། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །འདི་དེ་སངས་རྒྱས་ ཐམས་ཅད་ཉིད། །ལེགས་པར་གྲུབ་ཕྱིར་རྡོ་རྗེ་ཟུངས། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །དངོས་གྲུབ་མཆོག་ཕྱིར་རྡོ་རྗེ་ལོངས། །སངས་རྒྱས་ཀུན་གྱིས་ཁྱེད་ལ་སྩོལ། །རྡོ་རྗེའི་བརྟུལ་ཞུགས་འགྲུབ་པར་འགྱུར། །ཨོཾ་བཛྲ་ཨ་དྷི་པ་ཏི་ཏྭཾ་ཨ་བྷི་ཥིཉྩ་མི་ ཏིཥྛ་བཛྲ་ས་མ་ཡ་སྟྭཾ། ཞེས་བརྗོད་ལ། སློབ་མའི་སྙིང་ཁ་དང་མགྲིན་པ་དང་གཙུག་ཏོར་དུ་རེག་ལ་ལག་པ་གཡས་སུ་གཏད། དེས་ཀྱང་ལྷའི་ང་རྒྱལ་བརྟན་པས་སྙེམས་པའི་ཚུལ་གྱིས་གཟུང་ལ་རྡོ་རྗེ་གསོར། རྡོ་རྗེའི་དབང་ནི་འོད་དཔག་མེད་དུ་བསྐྱེད་པའི་ རྡོ་རྗེ་རྒྱལ་བའི་ཐུགས་གཉིས་སུ་མེ་དཔའི་ཡེ་ཤེས་ཀྱི་རྡོ་རྗེ་འགྲུབ་པའི་ནུས་པ་ཁྱད་པར་ཅན་དགོད་པའི་དོན་དུ་འཛིན་དུ་འཇུག་པ་ཡིན་ལ། རྡོ་རྗེའི་བརྟུལ་ཞུགས་ནི་ཡེ་ཤེས་ལྔ་དང་མི་འབྲལ་བར་བྱ་བའི་དོན་དུ་རྡོ་རྗེ་སྟེར་བའོ། །དེ་རེ་རེ་ལ་གཉིས་ཀའི་གཙོ་ བོའི་དོན་ཚང་བ་བྱར་ཡོད་པ་ལ་དགོངས་ན་བཤད་རྒྱུ་ལས་རྡོ་རྗེའི་བརྟུལ་ཞུགས་ཉིད་རྡོ་རྗེའི་དབང་དུ་མཛད་ནས་གསུངས་པ་བཞིན། ཀླུ་བྱང་གིས་ཀྱང་རྡོ་རྗེའི་དབང་དང་རྡོ་རྗེའི་བརྟུལ་ཞུགས་གཉིས་ཕྱོགས་གཅིག་ཏུ་བསྐུར་བར་མཛད་པ་བཞིན་བྱས་ 5-6-43a པས་ཆོག་མོད་ཀྱང༌། སློབ་དཔོན་གྱི་དབང་གི་མཇུག་ཏུ་ཡང་མི་འགལ་བས་དེར་རྡོ་རྗེའི་བརྟུལ་ཞུགས་སྦྱིན་པར་ཟུང་འཇུག་གསལ་བ་ལས་བཤད་པ་ལྟར་བྱས་ན་དེ་གཉིས་ཀྱི་ཁྱད་པར་ངེས་སླའོ། །ཨོཾ་བཛྲ་ཨདྷི་པ་ཏི། ཞེས་སོགས་ རྒྱུད་དག་ལས་དྲིལ་བུའི་དབང་སྟེར་བ་ལ་བཤད་ཀྱང༌། རྡོར་དྲིལ་གཉིས་ཀའི་དབང་ལ་དྲང་དུ་རུང་བས་ཆེན་པ་མང་པོས་སྔར་ལྟར་མཛད་དོ། །དེ་དག་གིས་འོད་དཔག་མེད་རྡོ་རྗེའི་དབང་ཐོབ། འདོད་ཆགས་ཀྱི་དྲི་མ་སྦྱངས། འདུ་ཤེས་ཀྱི་ཕུང་པོ་གནས་ བསྒྱུར། སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་བྱས། འོད་དཔག་མེད་དང་དེའི་རིགས་ཀྱི་དངོས་གྲུབ་བསྒྲུབ་པ་ལ་དབང་བར་བྱས་སོ། །ཞེས་གོ་བ་བསྐྱེད་ལ་དག་པ་སྦྱིན་ནོ། །བཞི་པ་ནི། དེ་ནས་ཨཱ་ལས་བྱུང་བའི་དྲིལ་བུ་དང་སློབ་མ་གཉིས་ཁཾ་མམ་ཧ་དང་རལ་ གྲི་ལས་དོན་གྲུབ་ཡུམ་དང་བཅས་པར་སྐྱེད་པ་སོགས་བྱས་ལ། སློབ་དཔོན་གྱིས་དྲང་པོར་དཀྲོལ་ཞིང༌། དབང་བསྐུར་རྡོ་རྗེ་ཞེས་པའི་ཚིགས་བཅད་དང༌། ཟླ་བའི་འོད་ཅན་ཡེ་ཤེས་སྐུ་མངལ་རྒྱལ་བའི་ཅོད་པན་འཛིན་པ་པད་ཟླའི་གདན་ལ་བཞུགས། ། གདུག་པ་རྣམས་ནི་འདུལ་བའི་དོན་དུ་སྲིད་གསུམ་འདུལ་མཛད་བསྡིགས་པའི་དེ་ཉིད་རྡོ་རྗེ་ཅན། །སངས་རྒྱས་རྣམས་ནི་བསྐུལ་ཕྱིར་དེ་ཁོ་ན་ཉིད་སོ་སོར་སྒྲོག་པའི་ཆོས་ཉིད་དྲིལ་བུ་འཁྲོལ། །དངོས་པོ་ཀུན་གྱི་ངོ་བོ་མ་ལུས་སྟོང་པའི་བཅོམ་ ལྡན་གང་ཡིན་དེ་ནི་རྒྱལ་གྱུར་ཅིག །མེ་ལོང་གི་ནི་གཟུགས་བརྙན་དང༌། །རྨི་ལམ་སྒྱུ་མ་ཆུ་བུར་དང༌། །མིག་འཕྲུལ་འདྲ་བ་སུམ་མཐོངས། །དེ་ནི་མངའ་བདག་ཏུ་བཤད་དོ། །ཞེས་བརྗོད་དེ་ལག་པ་གཡོན་དུ་གཏད་པས། དེས་ཀྱང་དཀྲོལ་དེ་དཀུ་གཡོན་ 5-6-43b པའི་ཕྱོགས་སུ་བཀན་ཏེ་བཟུང༌། གཡས་པའི་རྡོ་རྗེ་བསྙེམས་པའི་ཚུལ་གྱིས་བཟུང་ལ། ཨོ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་བ། སུ་ཏ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། སརྦ་སིད་དྡྷིམྨེ་པྲ་ ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲི་ཡཾ་ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿབྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མྨེ་མུཉྩ་བཛྲི་བྷ་བ་མ་ཧཱ་ས་མ་ཡ་ས་ཏྭ་ཨཿ ཨོཾ་བཛ་གྷཎྚ་ཨཿཨཿ། བདག་གིས་བཅོམ་ལྡན་བཟུང་ལགས་ཀྱིས། །བཅོམ་ལྡན་བདག་ལ་ཉེ་བར་མཛོད། ། ཅེས་བརྗོད། སློབ་དཔོན་གྱིས། ཨོཾ་བཛྲ་ཨ་དྷི་པ་ཏི་ཏྭཾ་ཨ་བྷི་ཥིཉྩ་བཛྲ་ཧཱཾ། ས་མ་ཡ་སྟཱཾ། ཞེས་བརྗོད་དོ། །དེ་དག་གིས་དོན་ཡོད་གྲུབ་པ་དྲིལ་བུའི་དབང་ཐོབ་ཕྲག་དོག་གི་དྲི་མ་སྦྱངས། འདུ་བྱེད་ཀྱི་ཕུང་པོ་གནས་བསྒྱུར། བྱ་བ་སྒྲུབ་པའི་ཡེ་ཤེས་མངོན་དུ་བྱས། དོན་གྲུབ་དང་དེའི་རིགས་ཀྱི་དངོས་གྲུབ་བསྒྲུབ་པ་ལ་དབང་བར་བྱས་སོ། །ཞེས་ངོ་བོ་བསྐྱེད་ལ་དག་པ་སྦྱིན་ནོ། །ལྔ་པ་ནི། རིམ་ལྔར་སྐབས་འདིར་མེ་ལོང་གི་དབང་གསུངས་པས་ཀླུ་བྱང་གིས་ཀྱང་མཛད་ལ། དེ་ལ་མིག་འབྱེད་པ་སྔོན་དུ་འགྲོ་བས་གཉིས་ཀ་རིམ་ ཅན་དུ་གསུངས་པས། གསེར་རམ་དངུལ་གྱི་སྣོད་དུ་བཞག་པའི་མར་དང་སྦྲང་རྩིའི་མིག་སྨན་གསེར་ལས་བྱས་པའི་ཐུར་མས་སློབ་མའི་མིག་ལ་ཡི་གེ་བྲཾ་བསམས་པ་ལ། ཨོཾ་བཛྲ་ནེ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲཱིཿཞེས་འདོན་ཞིང་བསྐུས་པས་མིག་འབྱེད་ པའི་ཚུལ་དུ་བྱ་ཞིང༌། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་ལིང་ཏོག་བསལ་བ་ལྟར། །བུ་ཁྱོད་ཀྱི་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ཞེས་བརྗོད་པས་མ་རིག་པའི་ལིང་ཏོག་དང་བྲལ་ནས་ཡེ་ཤེས་ཀྱི་སྤྱན་བྱེ་བར་ 5-6-44a བསམ་མོ། །དེ་ལྟར་སྤྱན་དབྱེ་བ་དེས་ཆོས་ཐམས་ཅད་གཟུགས་བརྙན་བཞིན་དུ་བལྟ་བར་བྱའོ། །ཞེས་བསྒྲུབ་པའི་ཆེད་དུ། ཨཱཿཡིས་བསྔགས་པའི་མེ་ལོང་བསྟན་ཞིང༌། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་ མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཡང་དག་འབྱུང༌། །རྡོ་རྗེ་སེམས་དཔའ་མེ་ལོང་བཞིན། །དེར་ནི་གསལ་དག་རྙོག་པ་མེད། །སངས་རྒྱས་ཀུན་བདག་རང་ཉིད་ནི། །བུ་ཁྱོད་ཀྱི་ནི་སྙིང་ལ་ཞུགས། །རང་བཞིན་མེད་ཅིང་གནས་མེད་པར། །ཆོས་ རྣམས་དེ་ལྟར་ཤེས་ནས་ཁྱོད། །སེམས་ཅན་དོན་ནི་མཉམ་མེད་བྱོས། །སྐྱོབ་པ་རྣམས་ཀྱི་སྲས་སུ་སྐྱེ། །ཞེས་བརྗོད་པ་སྤྱིར་ཆོས་ཐམས་ཅད་གཟུགས་བརྙན་ལྟ་བུ་དང༌། ཁྱད་པར་དུ་རང་གི་སྙིང་ལ་ཞུགས་པའི་རྡོ་རྗེ་སེམས་དཔའ་ནི་མེ་ལོང་གི་གཟུགས་བརྙན་ ལྟར་ཤེས་པར་གྱིས་ཤིག་ཅེས་བསྒོའོ། །དྲུག་པ་ནི། དེ་ནས་སློབ་མ་ཨོཾ་དང་འཁོར་ལོ་ལས་རྣམ་སྣང་ཡུམ་དང་བས་པར་བསྐྱེད་པ་སོགས་བྱས་ལ། སློབ་མའི་མགོར་རྡོར་དྲིལ་མཉམ་པོར་གཟུང་ཞིང༌། དབང་བསྐུར་རྡོ་རྗེ་ཞེས་པའི་ཚིགས་བཅད་དང༌། ཨོཾ་ བཛྲ་སཏྭ་སྟྭཾ་ཨ་བྷི་ཥིཉྩ་མི་བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ། ཞེས་བརྗོད་ཅིང༌། ཀྱེ་ཞེས་བོས་ཏེ་དཔལ་ཆེ་གེ་མོ་རྡོ་རྗེ་ཞེས་བྱ་བའི་དེ་བཞིན་གཤེགས་པ་སི་དྡྷི་ས་མ་ཡ་སྟྭཾ་བྷུར་བྷུ་ཝ་སྭཿ ཨཿ ཞེས་བརྗོད་པ་ལས་མེ་ཏོག་ཕོག་པའི་ལྷའི་རིགས་ལ་བརྟགས་ཏེ་མིང་ གདགས་སོ། །དེ་ནི་མི་བསྐྱོད་པའི་རིགས་ཡིན་ན་བཞད་པ་དང༌། སྒེག་པ་དང༌། གཉིས་མེད་དང༌། མི་ཕྱེད་དང༌། དགའ་བར་དང༌། རོལ་པ་དང༌། རྣམ་སྣང་གི་རིགས་ལ་གཏི་མུག་དང༌། ཨོཾ་མཛད་དང་། རྟག་པའི་དང་། སྒྱུ་འཕྲུལ་དང༌། རིན་འབྱུང་གི་ལ་ཡིད་བཞིན་ 5-6-44b ནོར་བུ་དང༌། མཁའ་འགྲོ་དང༌། གཟི་བརྗིད་དང༌། འོད་དཔག་མེད་ཀྱི་ལ་འདོད་ཆགས་དང༌། སྤྱན་རས་གཟིགས་དང༌། ཆོས་དང༌། པདྨ་དང༌། དོན་གྲུབ་ཀྱི་ལ་རྟ་མཆོག་དང༌། དམ་ཚིག་དང་། ལས་རྣམས་ལ་མགོར་དཔལ་དང༌། མཇུག་ཏུ་རྡོ་རྗེ་བཏགས་པའོ། །ལྷ་མོ་ལ་ མི་བསྐྱོད་པའི་རིགས་ལ་བདག་མེད་མ་དང༌། ལག་པ་མ་དང༌། ཕྲེང་བ་མ་དང༌། འབྱུང་གནས་མ་དང༌། རྣམ་སྣང་གི་ལ་མཁའ་འགྲོ་མ་དང༌། སྒེག་མོ་སོགས་དང༌། རིན་འབྱུང་གི་ལ་དོ་ཤལ་མ་དང༌། དབུགས་དབྱུང་མ་དང༌། འབར་མ་དང༌། ཕྲེང་བ་མ་དང༌། པདྨའི་ ལ་ཆགས་པ་མ་དང༌། དབྱངས་མ་དང༌། བློ་གྲོས་མ་དང༌། གོས་དཀར་མ་ལ་སོགས་དང༌། དོན་གྲུབ་ཀྱི་ལ་སྙེམས་མ་དང༌། སྒྱུ་འཕྲུལ་མ་དང༌། དགོད་མ་དང༌། སྒྲོལ་མ་སོགས་ལ་མགོར་རྡོ་རྗེ་སྦྱར་བའོ། །ཀླུ་བྱང་གིས་ལུང་བསྟན་དང་དབུགས་དབྱུང་གི་འོག་ཏུ་མིང་དབང་བསྐུར་ བ་མཛད་པ་ལ་ཟུང་འཇུག་གསལ་བ་ལས། དེ་གཉིས་སློབ་དཔོན་གྱི་དབང་གི་སྔོན་ནམ་མཇུག་གདམ་ང་ཅན་དུ་བཤད་དོ། །དེ་དག་གི་རྣམ་སྣང་མིང་གི་དབང་ཐོབ། གཏི་མུག་གི་དྲི་མ་སྦྱངས། གཟུགས་ཀྱི་ཕུང་པོ་གནས་བསྒྱུར། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་ དུ་བྱས། རྣམ་སྣང་དང་དེའི་རིགས་ཀྱི་དངོས་གྲུབ་བསྒྲུབ་པ་ལ་དབང་བར་བྱས་སོ། །ཞེས་གོ་བ་བསྐྱེད་ལ་དག་པ་སྦྱིན་ནོ། །དེ་ལ་ཕྲེང་བ་ནས་མིང་དབང་གི་བར་གྱིས་སློབ་མ་ལ་རྟེན་འབྲེལ་ཁྱད་པར་ཅན་ཇི་ལྟ་བུ་ཞིག་བསྒྲིགས་པ་ངོ་འཕྲོད་པ་ནི་ཤིན་ཏུ་གལ་ཆེ་བས་ ཚུལ་དེ་ཅུང་ཟད་བཤད་ན། ཕྲེང་བའི་དབང་གིས་སློབ་མ་དེ་རྒྱལ་བ་འདིའི་རིགས་ཡིན་ནོ་ཞེས་ངོ་ཤེས་པར་བྱེད་ལ། ཆུ་དབང་གིས་གང་གི་རིགས་ཅན་དུ་སོང་བའི་རིགས་དེ་ལ་སྒྲིབ་པའི་མ་རིག་པའི་དྲི་མ་འཁྱུད་པའི་ནུས་པ་ཁྱད་པར་ཅན་འཇོག །ཅོད་པན་གྱི་ 5-6-45a དབང་གིས་མ་འོངས་པ་ན་རིགས་བདག་གང་གིས་བྱེད་པ་དང་གཙུག་ཏོར་སྐྱེད་པའི་ནུས་པ་དང་། རྡོ་རྗེའི་དབང་གིས་ཐོབ་བྱའི་སངས་རྒྱས་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་སྐྱེད་པ་དང་། དྲིལ་བུའི་དབང་གིས་ཐོབ་བྱའི་སངས་རྒྱས་དེས་ ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་འདོམས་པའི་གསུང་གི་ནུས་པ་ཁྱད་པར་བ་འཇོག་གོ། མིག་སྨན་གྱི་ཆོ་གས་བློ་ཡི་མིག་མ་རིག་པའི་ལིང་ཏོག་གིས་བསྒྲིབས་པ་བསལ་ནས་ལྷའི་མིག་གི་མངོན་ཤེས་སྐྱེད་པ་དང་། མེ་ལོང་གི་དབང་གིས་མ་རིག་པའི་ལིང་ཏོག་དང་ བྲལ་བའི་མིག་གིས་ཆོས་ཐམས་ཅད་གཟུགས་བརྙན་ལྟར་མཐོང་ཞིང་། མེ་ལོང་ལ་ཤར་བའི་སྐུ་དང་འདྲ་བའི་རྡོ་རྗེ་སེམས་དཔའ་རང་གི་སྙིང་ལ་དངོས་སུ་འཇུག་པའི་ནུས་པ་ཁྱད་པར་ཅན་དང་། མིང་དབང་གིས་མེ་ཏོག་ཕོག་པའི་ལྷའི་རིགས་དང་རྗེས་ སུ་མཐུན་པའི་རྒྱལ་བའི་གོ་འཕང་འཐོབ་པའི་སངས་རྒྱས་དེའི་མཚན་གྱི་ནུས་པ་ཁྱད་པར་ཅན་འཇོག་པར་བཤད་དེ། ཨ་བྷྱ་ཀ་ར་ལ་སོགས་པའི་མན་ངག་གོ། རྫོགས་པའི་སངས་རྒྱས་ཀྱི་དབང་བསྐུར་བའི་ཆོ་ག་སྟེ་བཅུ་བཞི་པའོ།། །།ཡོན་ དབུལ་གསོལ་གདབ་སྦྱང་བ་བྱ། །ནང་བསྐྱེད་སྤྱན་དྲངས་གསོལ་གདབ་བསྐུར། །དགོད་བསྐྱེད་སྤྱན་དྲངས་དམིགས་པ་བྱ། །ཤིས་བརྗོད་ཆུ་དབང་དབང་ལྷ་བསྟིམ། །མཆོད་ནས་དབང་དོན་བཤད་པ་ནི། །ཆུ་དབང་སྡོམ་སུ་བསྡུས་པའོ། །བརྒྱན་ཞིང་གླུ་ བླང་བསྐོར་བ་བྱ། །གསོལ་གདབ་ནང་བསྐྱེད་སྤྱན་དྲངས་གསོལ། །ནང་དབང་དགོད་བསྐྱེད་སྤྱན་དྲངས་བསྐུར། །ཆུ་དབང་ལྷ་བསྟིམ་མཆོད་ཅིང་བཤད། །སླར་བསྐྱེད་མ་གཏོགས་དབང་བཞིའི་སྡོམ། །གཉིས་པ་ཐུན་མོང་མ་ཡིན་པ་རྡོ་རྗེ་སློབ་དཔོན་གྱི་དབང་ 5-6-45b ལ་གཉིས། སློབ་དཔོན་གྱི་དབང་དངོས་བསྐུར་བ། སློབ་དཔོན་གྱི་དབང་དངོས་ཀྱི་མཐར་རྟེན་ནོ། །དང་པོ་ནི། རིམ་ལྔ་ལས་མིང་དབང་གི་རྗེས་སུ་སློབ་དཔོན་དང་དེའི་འོག་ཏུ་རྗེས་གནང་གསུངས་ལ། ཀླུ་བྱང་གིས་ཕྱག་མཚན་གྱི་དབང་དང་རྗེས་གནང་གཉིས་མཛད་ ཅིང་། སློབ་དཔོན་གྱི་དབང་གི་དངོས་གཞི་གསལ་བར་མ་བཤད་པ་ཟུང་འཇུག་གསལ་བས་བཤད་པས། དེ་དང་བཤད་རྒྱུད་ནས་ཁ་བསྐང་བར་བྱའོ། །སློབ་མས་སློབ་དཔོན་གྱི་དབང་གི་དོན་དུ་ཡོན་ཕུལ་ཞིང་ཐལ་མོ་སྦྱར་ཏེ། ཕྱིར་མི་ལྡོག་པའི་དབང་བསྐུར་ ཆེ། །རྡོ་རྗེ་སེམས་དཔའ་བདག་ལ་སྩོལ། །ཞེས་གསོལ་བ་ལན་གསུམ་གདབ། །དེ་ལ་ཕྱག་མཚན་གྱི་དབང་བསྐུར་བའི་ཕྱིར་སློབ་མ་རྣམས་སྣང་དུ་བསྐྱེད། །འཁོར་ལོ་རྣམ་སྣང་དུ་བསྐྱེད་པ་ཞུ་བ་ལས་བྱུང་བའི་འཁོར་ལོ་བྱིན་ཏེ། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། ། འཇིག་རྟེན་ཀུན་ལ་ཐམས་ཅད་དུ། །ཇི་ལྟར་སྣ་ཚོགས་འདུས་འགྱུར་བའི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཛ་ཡ་ཛ་ཡ་སརྦ་ཏ་ཐཱ་ག་ཏ་ཨ་དྷི་པ་ཏི་པྲ་བརྟ་ཡ་དྷརྨཱ་ཙཀྲ། །སློབ་མ་རིན་འབྱུང་དུ་བསྐྱེད། རིན་འབྱུང་ཞུ་བ་ལས་བྱུང་བའི་རིན་པོ་ཆེ་ལག་ཏུ་བྱིན་ ལ། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་ཀུན་ལ་ཐབས་ཅད་དུ། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བའི། །སངས་རྒྱས་རིན་ཆེན་རབ་ཏུ་སྟོན། །ཨོཾ་བཛྲ་རཏྣ་སརྦ་དྷརྨ་བི་ཤུད་དྷ་ཛྙཱ་ན་ཨ་བྷི་ཥེ་ཀ་པྲཱ་པྟ་ཨོཾ་ཨོཾ་ཨོཾ། སློབ་མ་འོད་དཔག་མེད་དུ་བསྐྱེད། འོད་དཔག་མེད་ཞུ་བ་ལས་བྱུང་བའི་པདྨ་ལག་ཏུ་བྱིན་ལ། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་ཀུན་ལ་ཐམས་ཅད་དུ། །ཇི་ལྟར་སྣ་ཚོགས་འདུལ་བ་ཡི། །འདོད་ཆགས་དག་པ་རབ་ཏུ་སྟོན། །ཨོཾ་བཛྲ་དྷརྨ་སརྦ་དྷརྨ་བི་ཤུདྡྷ་ཛྙཱ་ན་རཱ་ག་པདྨ་དལ་ 5-6-46a སྭཱ་བྷཱ་བ་ཧྲི་ཨཿ སློབ་མ་དོན་གྲུབ་ཏུ་བསྐྱེད། །དོན་གྲུབ་ཞུ་བ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་ལག་ཏུ་བྱིན་ལ། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་ཀུན་ལ་ཐམས་ཅད་དུ། །ཇི་ལྟར་སྣ་ཚོགས་འདུས་འགྱུར་བའི། །རྡོ་རྗེའི་མཆོད་ པ་རབ་ཏུ་བསྐོར། །ཨོཾ་བཛྲ་ཀརྨ་སརྦ་དྷརྨ་བི་ཤུདྡྷ་ཛྙཱ་ན་སརྦ་པཱུ་ཛ་སྭཱ་བྷཱ་ཝ་ཨ། ཞེས་བརྗོད་དེ་དབང་བསྐུར་བས་རིགས་བཞིའི་འཁོར་ལོ་བསྐོར་བར་འཁོར་ལོས་སྒྱུར་བར་དབང་བསྐུར་བར་བསམ་མོ། །དེ་ནས་རིགས་ཐམས་ཅད་ཀྱི་བདག་པོ་དབང་ བསྐུར་བའི་ཕྱིར། ཤར་སྒོའི་ཐད་ཀྱི་ཁྲུས་སྟེགས་ཀྱི་སྟེང་དུ་སེང་གེའི་ཁྲི་ལ་སློབ་མ་རྒྱན་ཐམས་ཅད་ཀྱིས་ཀླུབས་ཏེ་བཞག །གདུགས་དང་ཆུ་ལ་མཚན་དང་བ་དན་བསྒྲེང་བས་བརྒྱན། ཁྲུས་སྟེགས་དངོས་སུ་མ་གྲུབ་ན་བསྒོམས་ལ་བྱ། སློབ་མ་ཁ་ ནས་བཅུག་པ་ཡུམ་གྱི་པདྨར་འཐོན་པ་སྟོང་པར་སྦྱངས་ཏེ། ཧཱུཾ་དང་རྡོ་རྗེ་ལས་རྡོ་རྗེ་འཆང་དཀར་པོ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་འཁྱུད་པ་བསྐྱེད། ཡེ་ཤེས་པ་དང་དབྱེར་མེད་དུ་བསྲེས་ལ་སྔར་ལྟར་ནང་དབང་བསྐུར། པདྨ་ནས་ཕྱུང་སྟེ་སེང་གེའི་ཁྲིའི་སྟེང་ དུ་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་དགོད། །ཆུ་དབང་ལ་སོགས་པ་ལ་ནང་དབང་བསྐུར་བ་ནི་ཨ་བྷྱ་རྗེས་འབྲང་དང་བཅས་པའི་གཞུང་ནས་གསལ་པོར་བཤད་ལ། ཨ་བྷྱཱས་རྡོ་རྗེ་སློབ་དཔོན་གྱི་དབང་ལ་ནང་དབང་བསྐུར་བ་སམྦྷུཊའི་དོན་དུ་བཤད་དོ། ། རྡོ་རྗེའི་དམ་ཚིག་སྦྱིན་པ་ནི། རྡོ་རྗེ་བསང་སྦྱངས་ནས་ཧཱུཾ་ལས་བྱུང་བའི་རྡོ་རྗེར་བསྐྱེད་ལ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེན། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་མའི་བདག་པོའི་བདག །བཅོམ་ལྡན་ 5-6-46b འདས་མཆོག་གི་དང་པོའི་སྐྱེས་བུའོ། །ཨོཾ་མཧཱ་བཛྲ་ཧཱུཾ། ཞེས་བརྗོད་ཅིང༌། སྟོང་པ་ཉིད་དང་དབྱེར་མེད་པའི་ཡེ་ཤེས་རྒྱལ་བའི་ཐུགས་ཀྱི་ངོ་བོ་ནི་གསང་བའི་རྡོ་རྗེ་ཡིན་ལ། དེ་འདྲ་པའི་དོན་དུ་རྡོ་རྗེ་འཛིན་པར་བྱེད་པའི་དེ་ཁོ་ན་ཉིད་ཀྱིས་རྡོ་རྗེ་འཛིན་དུ་གཞུག ། དེས་ཀྱང་དེ་ལྟར་དྲན་པར་བྱས་ལ་རྡོ་རྗེ་སེམས་དཔའི་ང་རྒྱལ་གྱིས་རྡོ་རྗེ་གསོར་ནས་ཐུགས་ཀར་བཟུང་ངོ་། །དྲིལ་བུའི་དམ་ཚིག་སྦྱིན་པ་ནི། དྲིལ་བུ་བསངས་སྦྱངས་ནས། ཨཿ ལས་སྐྱེས་པའི་དྲིལ་བུར་བསྐྱེད་ལ། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་ རབ་དབྱངས་ཀྱི་རྗེས་འགྲོ་བཤད། །ཁྱེད་ཀྱིས་ཀྱང་ནི་རྟག་ཏུ་ཟུངས། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །ཅེས་བརྗོད་ཅིང་ཆོས་ཐམས་ཅད་རང་བཞིན་མེད་པའི་སྒྲ་དྲིལ་བུས་སྒྲོགས་པར་སེམས་པའི་དེ་ཁོ་ན་ཉིད་ཀྱིས་དྲིལ་བུ་འཛིན་དུ་གཞུག །དེས་ཀྱང་དེ་ ལྟར་དྲན་པར་བྱས་ལ། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་ལྡན་པའི། །སྲིད་པ་དམ་པ་བྱེད་པར་འགྱུར། །ཞེས་བརྗོད་དེ་དཀྲོལ་ལོ། །དེ་ནས་ཕྱག་རྒྱའི་དམ་ཚིག་སྦྱིན་པ་ནི། ཡིད་ཀྱི་ལུས་ནི་བརྟེན་པ་ཉིད། ། ཕྱག་རྒྱའི་དམ་ཚིག་རབ་ཏུ་བརྗོད། །གང་གིས་ལུས་ནི་ཐམས་ཅད་བརྟན། །དེས་ན་ཕྱག་རྒྱར་རབ་ཏུ་བསྒྲགས། །ཞེས་བྱ་བས་ཡེ་ཤེས་ཀྱི་ཕྱག་རྒྱ་འདུ་བྱས་ནས་འདོད་ཡོན་ལ་ལོངས་སྤྱོད་པའི་ཚུལ་གྱིས་དངོས་གྲུབ་ཐམས་ཅད་བསྒྲུབ་པར་བྱའོ། །ཞེས་ གོ་བར་བྱའོ། །དེ་ལྟར་དམ་ཚིག་གསུམ་སྦྱིན་པ་སྔོན་དུ་འགྲོ་བ་ཅན་གྱི་དམ་ཚིག་གསུམ་བཟུང་བའི་སྒོ་ནས་སློབ་དཔོན་གྱི་དབང་དངོས་གཞི་བསྐུར་བ་ནི། ལག་པ་རྡོར་དྲིལ་བཟུང་ནས་འཁྱུད་པའི་ཚུལ་བྱེད་དུ་གཞུག །ཡིད་ཀྱིས་ཡེ་ཤེས་ཀྱི་ཕྱག་རྒྱ་རྡོ་རྗེ་ 5-6-47a དབྱིངས་ཀྱི་དབང་ཕྱུག་མ་ལ་འཁྱུད་པར་བསམས་ལ། འཁྱུད་པ་ལས་བྱུང་བའི་བདེ་བ་བསྐྱེད་དེ་དེ་ཉིད་ལ་སློབ་དཔོན་གྱི་དབང་དུ་ངོ་འཕྲོད་པ་དགོས་ཏེ། ཀྱཻ་རྡོ་རྗེ་ལས། ཤེས་རབ་བཅུ་དྲུག་ལོན་པ་ལ། །ལག་པ་དག་གིས་ཡང་ དག་འཁྱུད། །རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བ། །སློབ་དཔོན་དབང་དུ་ཡང་དག་འདོད། །ཅེས་གསུངས་པའི་ཕྱིར་རོ། །དེ་ནས་རང་གི་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་གྱིས་ལྷ་སོ་གཉིས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ ལ་དམིགས་པ་སྔར་བཞིན་བྱས་ཏེ། དབང་བསྐུར་རྡོ་རྗེ་ཞེས་པའི་ཚིགས་བཅད་དང༌། ཨོཾ་ཨཱཿསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲི་ཡེ་ཧཱུཾ་སྭཱཧཱ། ཞེས་བརྗོད་དེ་བུམ་ཆུ་སྔར་བཞིན་བླུགས་ལ་དབང་བསྐུར། དབང་གི་ཆུས་ལུས་ཐམས་ ཅད་གང་ནས་བདེ་བ་ཆེན་པོ་མྱོང༌། དྲི་མ་ཐམས་ཅད་དག །ཆུའི་ལྷག་མ་སྤྱི་གཙུག་ཏུ་འཁྱིལ་པ་ལས་གྲུབ་པའི་མི་བསྐྱོད་པས་དབུ་བརྒྱན་པས་བསམས་ལ། རང་གི་ཐུགས་ཀའི་ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་གྱིས་དབང་གི་ལྷ་རྣམས་སྤྱན་ དྲངས་ཏེ། ལུས་དཀྱིལ་བཞིན་རང་རང་གི་གནས་སུ་དགོད། ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱཧཱ། ཞེས་བརྗོད་ནས་སློབ་མ་ལ་མེ་ཏོག་གཏོར་ཏེ་མཆོད་པས་མཆོད་དོ། །གཉིས་པ་ལ་གསུམ། དམ་ཚིག་བསྒྲག་ཅིང་སྔགས་གཏད་པ། ལྷ་དང་བླ་མ་ལ་ཡོན་ དབུལ་བ། རྗེས་གནས་སོགས་བྱའོ། །དང་པོ་ནི། དེ་ནས། ཁྱེད་ཀྱིས་སྲོག་ཆགས་གསད་པར་བྱ། །རྫུན་གྱི་ཆིག་ཀྱང་སྨ་བར་བྱ། །མ་བྱིན་པར་ཡང་ཁྱེད་ཀྱིས་བླང་། །གཞན་གྱི་ཆུང་མ་བསྟེན་པར་བྱེད། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ནི། །ནམ་ཡང་དོར་བར་མི་ 5-6-47b བྱའོ། །སློབ་དཔོན་བརྙས་པར་མི་བྱ་སྟེ། །འདི་ནི་སངས་རྒྱས་ཀུན་དང་མཉམ། །བླ་མ་སངས་རྒྱས་ཀུན་མཉམ་པས། །སློབ་དཔོན་ལ་ནི་གང་བརྙས་པ། །དེ་ནི་སངས་རྒྱས་ཀུན་བརྙས་པས། །རྟག་ཏུ་སྡུག་བསྔལ་ཐོབ་པར་འགྱུར། །དེ་ཕྱིར་སངས་རྒྱས་འབྲས་ འདོད་ཅིང༌། །གུས་དང་ལྡན་པའི་སེམས་ཅན་གྱིས། །བསམ་ཡས་འབྲས་བུ་སྩོལ་བ་པོ། །འདི་ལ་འབད་པ་ཀུན་གྱིས་མཆོད། །བྱང་ཆུབ་གོ་འཕང་སླ་འམ་ཅི། །སྲིད་པ་སེལ་བར་སུ་ཡིས་ནུས། །གང་ལ་སྐྱེ་ཤིང་འཆི་བ་མེད། །གང་ཞིག་ལས་གཉིས་ལ་ ནུས་ལྡན། །རྡོ་རྗེ་སློབ་དཔོན་མེད་པར་ནི། །ཉོན་མོངས་ཐམས་ཅད་སྤོང་བ་དང༌། །མྱང་ངན་འདས་ཞི་གོ་འཕང་དང༌། །ཕྱི་མི་ལྡོག་པ་ཐོབ་མི་འགྱུར། །རང་གི་དམ་ཚིག་རྟག་ཏུ་བསྒྲུབ། །རྟག་ཏུ་དེ་བཞིན་གཤེགས་པ་མཆོད། །རྟག་ཏུ་བླ་མ་ལ་དབུལ་བྱ། །འདི་ནི་སངས་ རྒྱས་ཀུན་དང་མཉམ། །ཐབས་དང་ཤེས་རབ་ལྡན་སེམས་ཀྱིས། །མི་བྱ་བ་ནི་ཅི་ཡང་མེད། །རྟག་ཏུ་རྣམ་རྟོག་མེད་གྱུར་ནས། །ཁྱེད་ཀྱིས་འདོད་པ་ལྔ་རྣམས་སྤྱོད། །སངས་རྒྱས་ཀུན་གྱིས་མཐུན་གསུངས་ཤིང༌། །བཀའ་ལུང་དམ་པ་རྟག་པ་ཡི། །དམ་ཚིག་ དང་ནི་སྡོམ་པ་འདི། །ཁྱོད་ཀྱིས་རྟག་ཏུ་བསྲུང་བར་བྱ། །ཞེས་བརྗོད་དེ་དོན་བཤད་ལ། །དམ་ཚིག་དེ་དག་ལས་འདའ་བར་མི་བྱའོ་ཞེས་བསྒོའོ། །དེ་ལྟར་དམ་ཚིག་དང་སྡོམ་པ་འཛིན་པའི་སློབ་མ་ལ་ཁྱོད་དངོས་གྲུབ་གང་འདོད་ཅེས་དྲིའོ། །བདག་འདི་འཚལ་ ལོ་ཞེས་ཟེར་ན་གང་འདོད་པ་དེའི་ལྷ་དང་སྔགས་སྦྱིན། ཐུན་མོང་དུ། སྔགས་ཀྱི་དབང་བསྐུར་ཡེ་ཤེས་མཆོག །དངོས་གྲུབ་སྟེར་བ་བདག་ལ་སྩོལ། །ཞེས་གསོལ་བ་གདབ། གཙོ་བོ་སེམས་དཔའ་སུམ་རྩེག་ཏུ་བསྐྱེད། །བླ་མའང་སེམས་དཔའ་སུམ་ 5-6-48a རྩེག་ཏུ་གསལ་བའི་ཐུགས་ཀར། ཨོཾ་ཨཱཿཧཱུཾ་ཨོཾ་སྭཱ་ཨཱཿ ཧཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་པ་རིགས་དྲུག་གི་ས་བོན་གྱི་སྔགས་དེ་ཉིད་གསུམ་དང་སྤེལ་བ་མཐའ་རྟེན་དང་བཅས་པ་དགོད་བླ་མས་བརྒྱ་རྩ་བརྒྱད་དམ་གསུམ་བཟླས་ལ། བཅོམ་ ལྡན་བདག་གིས་སྦྱིན་ལགས་ཀྱིས། །འདི་ལ་ཉེ་བར་མཛད་དུ་གསོལ། །ཞེས་འཁོར་ལོའི་གཙོ་བོ་ལ་གསོལ་བ་གདབ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །སྙིང་པོ་ཡི་ནི་ཡེ་ཤེས་མཆོག །སངས་རྒྱས་ཐམས་ཅད་བསྡུས་པ་ནི། ཁྱེད་ཀྱིས་ཀྱང་ནི་རྟག་ཏུ་ བཅང༌། ཞེས་བརྗོད་ལ་སློབ་མས། བཅོམ་ལྡན་བདག་གིས་གཟུང་ལགས་ཀྱིས། །བདག་ལ་ཉེ་བར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་ནས་ལན་གསུམ་རྗེས་ཟློས་བྱས་པས། བླ་མའི་ཐུགས་ཀ་ནས་བརྒྱུད་དེ་ཞལ་ནས་བྱུང་བ་སློབ་མའི་རྣ་བ་གཡས་པ་ནས་ ཞུགས་ཏེ། སྙིང་གར་ཏིང་ངེ་འཛིན་སེམས་དཔའི་མཐར་བསྐོར་ནས་གནས་པར་བསམ་མོ། །སྔགས་ཀྱི་དབང་འདི་མིང་དབང་གི་རྗེས་སུ་སྦྱིན་ཀྱང་རུང་ངོ་། །ཕྱག་མཚན་གྱི་དབང་བསྐུར་བའི་ཆོ་ག་སྟེ་བཅོ་ལྔ་པའོ།། །།གཉིས་པ་ནི། དེ་ནས་སློབ་ མས་འབྱོར་བ་ཇི་ལྟ་བ་བཞིན་དུ་དཀྱིལ་འཁོར་པའི་ལྷ་རེ་རེ་ལ་ཡོན་རབ་ན་བཟའ་དང་རིན་པོ་ཆེའི་རྒྱན། །འབྲིང་རེ་རེ་ལ་གོས་ཟུང་རེ། ཐ་མ་སྤྱིར་ཟུང་གཅིག་དང་དང་པ་ཆེན་པོ་སྔོན་དུ་འགྲོ་བས་ཡིད་ཀྱིས་ཀྱང་རྒྱ་ཆེར་སྤྲུལ་ཏེ། གླུ་དང་གར་དང་རོལ་མོ་དང་བཅས་པས། ཨོཾ་ཨ་ནུ་ད་ཏ་ར་སརྦ་པུ་ཛ་མེ་གྷ་ས་མུ་ཊ་ག་ཏེ་སྥ་ར་ཎ་ཧི་མཾ་ཧ་ཧ་ན་ཁཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་བརྗོད་ལ་ཕྱིའི་མཆོད་པ་དབུལ་ཞིང༌། གསང་བའི་མཆོད་པ་དང༌། གླུ་དང་གར་དང་རོལ་མོ་དང་བཅས་པའི་བཟའ་བཏུང་སྣང་ཚོགས་འཁོར་གྱིས་མཆོད་པ་བྱའོ། ། 5-6-48b ལྷ་ལ་ཡོན་དབུལ་བའི་ཆོ་ག་སྟེ་བཅུ་དྲུག་པའོ།། །།དེ་ནས་རང་ལ་བྱང་ཆུང་སྟེར་བའི་བླ་མ་ལ་ཡོན་དབུལ་བ་དང་། དེ་ལྟར་བྱ་དགོས་པའི་རྒྱུ་མཚན་དང་བླ་མ་ལ་ཇི་ལྟར་བལྟ་བ་ནི། ཡུལ་དང་ཡིད་འོང་ཆུང་མ་དང་། རིན་པོ་ཆེ་དང་གསེར་འབར་དང་། །ནོར་བུ་མུ་ཏིག་ བྱུ་རུང་། ལུས་པོ་ཡང་ནི་དབུལ་བས་སོ། །དེ་ཉིད་མི་ཟད་པ་འདོད་པས། །གང་ཡང་ཅིའང་ཆེས་ཡིད་དུ། །འོང་དང་ཆེས་ཁྱད་འཕགས་པ་ཉིད། །དེ་དེ་བླ་མ་ལ་དབུལ་བྱ། །སློབ་དཔོན་ལྷ་ནི་དམ་པ་སྟེ། །འབད་པའི་སྒོ་ནས་མཆོད་པར་འོས། །འཇིག་རྟེན་རྗེས་གཟུང་རྒྱུ་ཉིད་ ཀྱིས། །དེ་ཉིད་དེ་ལྟའི་གཟུགས་ཅན་ནོ། །གང་གིས་བླ་མ་རྡོ་རྗེ་འཛིན། །ཐ་དད་ཉིད་དུ་མཐོང་གྱུར་པ། །དེ་ཡིས་དེ་ཉིད་དངོས་གྲུབ་ནི། །ཚོགས་པའི་མཚན་ཉིད་ཅན་མི་འཐོབ། །མཆོད་པ་ཐམས་ཅད་ཡོངས་སྤངས་ནས། །བླ་མ་མཆོད་པ་ཡང་དག་བརྩམ། །དེ་མཉེས་པས་ ནི་ཀུན་མཁྱེན་པའི། །ཡེ་ཤེས་མཆོག་དེ་ཐོབ་པར་འགྱུར། །གང་ཞིག་བསྐལ་བ་བྱེད་པར་ནི། །བརྒྱ་ཕྲག་ཏུ་ཡང་རྙེད་དཀར་བ། །དེ་ཉིད་སངས་རྒྱས་བརྩོན་ལྡན་ལ། །སྐྱེ་བ་འདི་ལ་སྩོལ་བར་མཛད། །ཅེས་གསུངས་པ་ལྟར་བྱ་སྟེ་བླ་མའི་དམ་ཚིག་ལས་མི་འདའ་ དེ་ལ་ཁྱད་པར་དུ་ངེས་པ་བསྐྱེད་དོ། །ལྷ་དང་བླ་མ་མཉེས་པར་བྱས་པས་བླ་མ་དགྱེས་བཞིན་དུ་སློབ་མ་ལ་རྗེས་གནང་བྱ་བ་ལ་དགོངས་ནས། ཡོན་དབུལ་བ་གཉིས་སྐབས་འདིར་གསུངས་ཀྱང་། དེ་དང་དོན་མི་འགལ་བས་ལག་ལེན་ལ་དབང་རྫོགས་པའི་ མཇུག་ཏུ་བྱའོ། །བླ་མ་ལ་ཡོན་དབུལ་བའི་ཆོ་ག་སྟེ་བཅུ་བདུན་པའོ།། །།གསུམ་པ་ནི། དེ་ནས་བླ་མས། བྷྲུཾ་ལས་བྱུང་བའི་འཁོར་ལོ། ཨོཾ་བཛྲ་ཧེ་ཏུ་མཾ། ཞེས་པས་བདུན་ནམ་སྟན་དུ་སྦྱིན། དབྱངས་ཐ་མ་ཨཿ་ལས་བྱུང་བའི་དུང་། ཨོཾ་བཛྲ་བྷ་ 5-6-49a ཥ་རཾ། ཞེས་པས་ལག་པ་གཡས་སུ་གཏད་ལ་འབུད་དུ་གཞུག དབྱངས་དང་པོ་ཨ་ལས་བྱུང་བའི་གསང་འདུས་ཀྱི་པུ་ཏི་ལག་པ་གཡོན་དུ་གཏད་ལ། དེང་ནས་བརྩམས་ཏེ་སེམས་བསྐྱེད་པ། །ཙམ་གྱིས་ཆོས་དུང་བླ་མེད་པ། །ཀུན་ནས་ཡོངས་སུ་ བཀངས་ནས་ནི། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། །ཞེས་བརྗོད་དོ། །དབྱངས་ཐ་མ་ཨཿལས་བྱུང་བའི་དྲིལ་བུ་ལག་པ་གཡོན་དུ་གཏད་དེ་དཀྲོལ་དུ་བཅུག་ལ། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་མཉམ་པ་ཉིད་སྦྱོར་ བ། །ཐམས་ཅད་མཆོག་ནི་མཉམ་ཉིད་གསལ། །ཞེས་བརྗོད། ཧོ་ལས་སྐྱེས་པའི་མདའ་གཞུ་ཧོ་ཞེས་བརྗོད་ནས་བྱིན་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཡཱ་སྭཱ་ཞེས་བརྗོད། དེས་ཀྱང་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཡཱ་མི། ཞེས་བརྗོད་ཅིང་བགེགས་པ་འབིགས་པའི་ བསམ་པས་ཕྱོགས་བཞི་སྟེང་འོག་གཉིས་ཏེ་དྲུག་ཏུ་མདའ་འཕང་ཞིང༌། དེའི་ཚེ་སློབ་དཔོན་གྱིས་སྔགས་སྔ་མ་བརྗོད་དེ། དེ་ནས་ཁཾ་ལས་བྱུང་བའི་རལ་གྲི་བྱིན་ལ། རལ་གྲི་ཆེན་པོ་ཁམས་གསུམ་པའི། །སངས་རྒྱས་ཀུན་གྱིས་ཕྱག་བྱས་པ། །ལས་ཀྱི་ རལ་གྲི་དམ་པ་འདི། །བཟུང་ན་བདུད་ལས་རྒྱལ་བར་འགྱུར། །ཞེས་བརྗོད་ནས་དོན་བཤད་དོ། །དེ་ལྟར་འཁོར་ལོ་ལ་སོགས་པས་བསམ་པ་སྣ་ཚོགས་པའི་སེམས་ཅན་གྱི་སྤྱོད་པ་རྣམ་པར་དག་པར་བྱེད་པའི་སྤྱོད་པའི་བརྟུལ་ཞུགས་བྱིན་པ་དེ་ཉིད་བརྟན་པར་བྱ་ བའི་ཕྱིར། འདི་ནི་ཀུན་བཟང་སྤྱོད་བརྟུལ་ཞུགས། བསམ་པ་སྣ་ཚོགས་རྣམ་དག་བྱེད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང༌། །སེམས་ཅན་ཀུན་གྱི་དོན་ནི་བྱོས། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཧྲི་ད་ར་ཏྭཾ་ད་ར་ཡ་མི་ཨཱཿཧཱུཾ། ཞེས་བརྗོད་དོ། །དེ་ནས་སློབ་མ་རྣམ་སྣང་དུ་བསྐྱེད་ 5-6-49b ལ། །བླ་མས་ཕྲེང་བ་ལ་སོགས་དབའ་རྣམས་ཀྱིས། །དབང་བསྐུར་བ་ཡི་བྱིན་པ་ཡིས། །སྡིག་པ་ཐམས་ཅད་རྣམ་སྤངས་ཏེ། །སངས་རྒྱས་ཀུན་གྱི་མདུན་ན་གནས། །ང་ནི་དཀྱིལ་འཁོར་སློབ་དཔོན་ཏེ། །སྡིགས་དང་རྒྱུད་རྣམས་འཛིན་པར་འགྱུར། །སངས་ རྒྱས་བྱང་ཆུབ་སེམས་དཔའ་དང་། །ལྷ་རྣམས་ཀྱིས་ཀྱང་མཐུན་པར་བསམས། །ཁྱོད་ནི་བདུད་རྣམས་ལས་རྒྱལ་ཏེ། །སངས་རྒྱས་ཐམས་ཅད་ཐོབ་པར་འགྱུར། །སེང་གེས་སྤྱོད་པ་ལེགས་སྤྱད་པས། །ཁྱོད་ཀྱིས་སེམས་ཅན་དོན་རྣམས་བྱོས། །ཆོས་ རྣམས་ཀུན་ལ་སེར་སྣ་དང་། །སེམས་ཅན་རྣམས་ལ་མ་ཕན་གང་། །ཉམ་ང་ཤིན་ཏུ་ཆེ་ན་ཡང༌། །བུ་ཁྱོད་ཀྱིས་ནི་དེ་མི་བྱ། །འདི་ལ་ཐེ་ཚོམ་མི་བྱ་སྟེ། །གསང་སྔགས་སྤྱོད་པའི་ཚུལ་གྱི་མཆོག །མཉམ་མེད་ཁྱོད་ཀྱིས་བསྒྲགས་པར་བྱ། །དཀྱིལ་འཁོར་ལེགས་ པར་བྲི་བྱ་སྟེ། །སློབ་མ་ཡོངས་སུ་བསྡུ་བར་གྱིས། །དོགས་པ་མེད་པའི་སེམས་ཀྱིས་སུ། །སློབ་མ་རྣམས་ལ་དབང་བསྐུར་ཡང་། །བརྟུལ་ཞུགས་བརྟན་པས་འཇིག་རྟེན་དང་། །འཇིག་རྟེན་འདས་པའི་དངོས་གྲུབ་བསྒྲུབས། །དེ་ཉིད་རིག་པའི་སེམས་ཀྱིས་ནི། ། དངོས་གྲུབ་དེ་རྣམས་ཐམས་ཅད་འབྱུང་། །ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་དང་། །དམ་ཚིག་རྣམས་ཀྱང་བསྐྱངས་པ་དང་། །ཁྱོད་རྟག་བླ་མ་ལ་གུས་པས། །ལས་རྣམས་ཐམས་ཅད་འགྲུབ་པར་འགྱུར། །ཞེས་བརྗོད་ལ། དབང་དང་ཆོས་བཤད་པས་སློབ་མ་བསྡུ་ བ་སོགས་ཀྱི་རྗེས་སུ་གནང་བ་སྦྱིན། །སློབ་མས་ཀྱང་བླ་མ་ལ་ཕྱག་བྱས་ནས་ཐལ་མོ་སྙིང་གར་སྦྱར་ཏེ། གཙོ་བོས་ཇི་ལྟར་བཀའ་སྩལ་བ། དེ་དག་ཐམས་ཅད་བདག་གིས་བགྱི། །ཞེས་བརྗོད་ལ་ཁས་བླང་། དེ་ནས་སློབ་མ་མི་བསྐྱོད་པར་བསྐྱོད་པ་ལ། ཧཱུཾ་ལས་ 5-6-50a བྱུང་བའི་རྡོ་རྗེ། འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ཞེས་ཡེ་ཤེས་ལྔའི་རང་བཞིན་གྱི་རྡོ་རྗེའི་བརྟུལ་ཞུགས་དང་རྟག་ ཏུ་མི་འབྲལ་བར་གྱིས་ཤིག་ཅེས་བརྗོད་ལ། སློབ་མའི་ལག་པ་གཡས་སུ་སྦྱིན། །སློབ་མས་ཀྱང་ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥྛ་ཏྲཾ་དྷ་ར་ཡཱ་མི་བཛྲ་སཏྭ་ཧྲཱིཿ་ཧི་ཧི་ཧི་ཧཱུཾ། ཞེས་བརྗོད་ལ་བཟུང་ངོ་། །དེ་ནས་སློབ་མས་ཡིད་དང་བས་ བླ་མ་ལ། ད་ལྟར་སངས་རྒྱས་རིགས་སུ་འཇུག །ཁྱེད་ཀྱིས་བདག་ལ་ལུང་བསྟན་གསོལ། །བླ་མའི་མངའ་ལས་ནི་སྐྱེ། །མགོན་པོས་ཡང་དག་བདག་དབུགས་དབྱུང༌། །བྱང་ཆུབ་སྤྱོད་པའི་བརྟུལ་ཞུགས་བརྟན། །ཞེས་ལུང་བསྟན་དང་དབུགས་དབྱུང་ གི་དོན་དུ་གསོལ་བ་གདབ། སློབ་མ་མེ་ཏོག་ཕོག་པའི་ལྷར་བསྐྱེད་པ་ལ། །བླ་མ་རྒྱལ་བ་ཤཱཀྱ་ཐུབ་པའི་ཆ་ལུགས་ཅན་དུ་བྱས་ཏེ་ཕྱག་གཡོན་པས་ཆོས་གོས་ཀྱི་གྲྭ་སྙིང་ཁར་བཟུང༌། གཡས་པ་མཆོག་སྦྱིན་པའི་ཕྱག་རྒྱ་བྱ། རྒྱལ་བ་ཐམས་ཅད་དང་མགྲིན་ གཅིག་ཏུ་ལུང་སྟོན་པར་བསམས་ལ། འདིར་ནི་ཁྱེད་རྣམས་ངས་ལུང་བསྟན། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཀྱེ་དཔལ་ཆེ་གེ་མོ་ཞེས་བྱ་བའི་དེ་བཞིན་གཤེགས་པ་ སིངྡྷི་ས་མ་ཡ་སྟྭཾ་བྷུ་ར་བྷུ་ཝ་སྭཱཿ་ཨ། གང་ལ་ཕྱག་རྒྱ་འདིས་ལུང་བསྟན་པ་དེ་ལ། དེ་བཞིན་གཤེགས་པ་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་འཁོར་དང་བཅས་པའི་དཀྱིལ་འཁོར་བ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་བླ་ན་མེད་པ་ཡང་དག་པར་ 5-6-50b རྫོགས་པའི་བྱང་ཆུབ་ལུང་བསྟན་པར་མཛད་དེ། ཕྱག་རྒྱ་འདི་ཉིད་ཀྱི་མཐུ་དང་སྔགས་འདིའི་སྟོབས་ཡིན་ནོ། །ཞེས་བརྗོད་དེ་ལུང་བསྟན་ཏོ། །གཡས་པ་མི་འཇུགས་པའི་ཕྱག་རྒྱར་བསྒྱུར་ལ། མ་ཧཱ་ས་མ་ཡ་ཧ་ན་ཧཱུཾ་ཕཊ། ཅེས་བརྗོད་དེ། མཆོག་ཏུ་གསང་ བའི་དཀྱིལ་འཁོར་འདིར། །ཞུགས་པ་དང་ནི་མཐོང་བ་ཡིས། །སྡིག་པ་ཀུན་ལས་རྣམ་གྲོལ་ཏེ། །དེ་རིང་ཁྱེད་རྣམས་བདེ་བར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱི་ནས་འཆི་བ་ཡོད་མ་ཡིན། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་པའི་སྡུག་བསྔལ་རྣམས་ལས་གྲོལ་། ། བྱང་ཆུབ་སེམས་ནི་ནམ་མི་སྤང་། །རྡོ་རྗེ་ཞེས་བྱའི་ཕྱག་རྒྱ་ནི། །གང་ཞིག་བསྐྱེད་པ་ཉིད་ཙམ་གྱིས། །སངས་རྒྱས་ཉིད་དུ་ཐེ་ཚོམ་མེད། །དམ་པའི་ཆོས་ལ་སྨད་མི་བྱ། །ནམ་ཡང་དོར་བར་མི་བྱ་སྟེ། །མི་ཤེས་པའམ་གཏི་མུག་གིས། །རྣམ་པར་བསྟན་པར་བྱ་མ་ཡིན། ། རྡོ་རྗེ་དང་ནི་དྲིལ་བུ་དང་། །ཕྱག་རྒྱ་འང་ནམ་ཡང་སྨད་མི་བྱ། །སློབ་དཔོན་སྨད་པར་མི་བྱ་སྟེ། །འདི་ནི་སངས་རྒྱས་ཀུན་དང་མཉམ། །རང་གི་བདག་ཉིད་ཡོངས་བཏང་སྟེ། །དཀར་ཐུབ་ཀྱིས་ཀྱང་གདུང་མི་བྱ། །ཇི་ལྟར་བདེ་བས་བདེ་གཟུང་ན། །འདི་ནི་མ་འོངས་རྫོགས་སངས་ རྒྱས། །དེ་རིང་བདུད་རྣམས་ཕམ་བྱས་ནས། །གྲོང་ཁྱེར་དམ་པར་རབ་ཏུ་ཞུགས། །དེང་དུས་ཁྱོད་ཀྱིས་སངས་རྒྱས་ཉིད། །ཐོབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་བརྗོད་དེ་དབུགས་དབྱུང་ངོ་། །རྗེས་སུ་གནང་བའི་ཆོ་ག་སྟེ་བཅོ་བརྒྱད་པའོ།། །།ཡོན་དབུལ་ གསོལ་གདབ་ཕྱག་མཚན་བཞི། །ཁྲིར་བཞག་ནང་དགོད་དམ་ཚིག་སྦྱིན། །དབང་དངོས་ཆུ་དབང་དགོད་ཅིང་མཆོད། །དམ་བསྒྲག་སྔགས་དབང་ཡོན་དབུལ་གཉིས། །འཁོར་ལོ་དུང་གླེགས་དྲིལ་བུ་མདའ། །རང་གྲི་བརྟན་བྱེད་ཕྲེང་སོགས་བླང་། །བརྟུལ་ཞུགས་ལུང་ 5-6-51a བསྟན་དབུགས་དབྱུང་ནི། །སློབ་དཔོན་དབང་གི་སྡོམ་ཡིན་ནོ། །དེ་ལྟར་ཕྱི་ནང་གི་དཀྱིལ་འཁོར་གཉིས་ལས་ཕྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ས་བཅུ་པ་ལ་ཕྱིར་མི་ལྡོག་པའི་སེམས་དཔའ་ཆེན་པོ་རྣམས་ལ་ཕྱོགས་བཅུའི་རྣལ་བ་རྣམས་ཀྱིས་ འོད་ཟེར་ཆེན་པོའི་དབང་བསྐུར་བ་བཞིན་དུ། རྒྱལ་བ་བླ་མ་དང་བཅས་པས་སེམས་ཅན་དཔག་ཏུ་མེད་པ་ལ་གཞལ་དུ་མེད་པའི་ཆོས་སྟོན་པ་ལ་སོགས་པས་སློབ་དཔོན་དུ་བྱ་བའི་ཆེད་དུ་ཆོས་ཀྱི་རྒྱལ་སྲིད་དུ་དབང་བསྐུར་བས་ན་སློབ་དཔོན་གྱི་དབང་དང་ཕྱིར་མི་ལྡོག་ པ་རྣམས་ཀྱི་དབང་དང་འདྲ་ཞིང་། ཕྱིར་མི་ལྡོག་པའི་ས་བོན་ཁྱད་པར་ཅན་སྐྲུན་པར་བྱེད་པའི་ཕྱིར་ན་ཕྱིར་མི་ལྡོག་པའི་དབང་ཞེས་པ་དང་། དབང་དྲུག་ཀ་ལ་བུམ་པའི་ཆུའི་བྱ་བ་རྗེས་སུ་འགྲོ་བས་བུམ་པའི་དབང་ཞེས་བྱ་བ་ཐོབ། །གཙོ་བོར་ལུས་ཀྱི་དྲིལ་གསུམ་སྔར་ བསགས་སྦྱོང་ཞིང་ཕྱི་མ་སྡོམ་པ་དང་། ལུས་ཐ་མལ་དུ་འཛིན་པ་སྣང་ཞེན་གྱི་དྲི་མ་འཁྲུད་པས་ན་སྐུ་རྡོ་རྗེ་སྦྱོང་། ལམ་བསྐྱེད་རིམ་ཡན་ལག་དང་བཅས་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་པའི་སྐུའི་ནུས་པ་ཁྱད་པར་ཅན་འཇོག་གོ། ཞེས་དབང་དོན་བཤད་དོ། བསྐྱེད་རིམ་ཀྱི་ལྷའི་སྐུ་བསྒོམ་པར་བྱ་བ་ལ་ནང་ཚན་གྱི་དབྱེ་བ་དུ་མ་ཞིག་ཡོད་ཀྱང་གཙོ་བོ་རིགས་དྲུག་ཏུ་བསྡུས་ནས་དབང་དྲུག་བསྐུར་ཏེ། རིགས་དྲུག་དང་འབྲེལ་བའི་བསྐྱེད་རིམ་ཐམས་ཅད་སྒོམ་པ་ལ་དབང་བར་བྱེད་པ་ཡིན་ནོ། །གཉིས་པ་གསང་བའི་དབང་ བསྐུར་བ་ལ་གསུམ། ཡོན་ཕུལ་ཏེ་བསྟོད་ཅིང་གསོལ་བ་གདབ་པ། དམ་ཚིག་བསྟན་ནས་དབང་དངོས་བསྐུར་བ། དབང་གི་ངག་པ་སྦྱིན་པའོ། །གསང་དབང་འདོད་པས་དབང་གི་ཆོ་གའི་ཐོག་མ་ནས་དབང་མ་རྫོགས་ཀྱི་བར་དུ་ལྷ་དང་བླ་མ་ལ་འདོད་ཡོན་དང་ཉེར་ 5-6-51b སྤྱོད་ལྔས་ཉིན་རེ་ཞིང་མཆོད། ཁྱད་པར་དུ་བླ་མ་ལ་ཚོགས་ཀྱི་མཆོད་པ་བྱས་ཏེ། གཟུགས་དང་ལང་ཚོ་ལ་སོགས་པ་བུད་མེད་ཀྱི་ཡོན་ཏན་ཐམས་ཅད་དང་ལྡན་པའི་པདྨ་ཅན་གྱི་རིགས། དབང་ཐོབ་ཅིང་དམ་ཚིག་དང་སྡོམ་པར་ལྡན་པ། སྔགས་ཀྱི་ཐེག་པ་ལ་ལྷག་པར་ མོས་པ། གོས་དང་རྒྱན་དང་དྲི་དང་བྱུག་པ་ལ་སོགས་པ་ཕུལ་དུ་བྱུང་བས་བརྒྱན་པ་དབུལ། ཁྱད་པར་ཅན་གྱི་རྫས་ནོར་བུ་རིན་པོ་ཆེ་སྣ་བདུན་ནམ་ཡང་ན་རྒྱལ་སྲིད་སྣ་བདུན་དངོས་སམ། བློས་སྤྲུལ་པས་བཀང་བའི་ཞིང་འདི་ཉིན་རེ་བཞིན་དུ་དབུལ། ཕྱག་བྱས་པུས་ མོ་གཡས་པའི་ལྷ་ང་ས་ལ་བཙུགས་མགོ་དུད་པའི་ཐལ་མོ་སྦྱར་ནས་བླ་མ་ལ། ཀུན་མཁྱེན་ས་ཀུན་དབང་ཕྱུག་ལ། །ཀུན་གྱི་དབང་ཕྱུག་འགྲོ་བའི་བདག །ཐུགས་ཀྱི་བདག་པོ་དཔའ་བོ་ཆེ། །དབང་པོའི་གཙོ་ལ་ཕྱག་འཚལ་བསྟོད། །སངས་རྒྱས་ཀུན་བདག་བདག་ཉིད་ གནས། །རྡོ་རྗེ་ཡེ་ཤེས་གསུམ་འབྱུང་བ། །རྡོ་རྗེ་ཧཱུཾ་མཛད་ཧཱུཾ་སྒྲོགས་པ། །ཉོན་མོངས་མཐར་མཛད་ཕྱག་འཚལ་བསྟོད། །སངས་རྒྱས་ཀུན་མཆོག་ཕྱག་འཚལ་འདུད། །རྡོ་རྗེ་གསུམ་དབྱེར་མེད་པའི་སྐུ། །ཆོས་བདག་མེད་པ་ལས་བྱུང་བ། །ཡེ་ཤེས་བདུད་རྩི་ཕྱག་ འཚལ་འདུད། །ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དཔལ་ཆེན་ཡེ་ཤེས་ཆེན་པོ་པ། །གཟི་བརྗིད་ཆེན་པོ་ཕྱག་འཚལ་བསྟོད། །ཕྱག་རྒྱ་དཔའ་བོ་ཆེན་པོ་སྟེ། །སྟོབས་ཆེན་མཆོད་པ་ཆེན་པོ་པ། །བདུད་མཐར་བྱེད་པ་དཔའ་ཆེན་པོ། ། དཔའ་པོ་དབང་ཕྱུག་ཕྱག་འཚལ་བསྟོད། །སྐྱེ་དང་གནས་དང་བསྡུད་པ་ཡི། །བྱེད་པ་པོར་གྱུར་འགྲོ་བའི་གཙོ། །དངོས་དང་དངོས་མེད་རང་བཞིན་ཉིད། །ངོ་མཚར་མཆོག་གྱུར་ཕྱག་འཚལ་བསྟོད། །ཡེ་ཤེས་རྣམ་ཤེས་ཤེས་བྱ་ཡི། །ལམ་དུ་འཇུག་འགྱུར་ཕྱག་འཚལ་ 5-6-52a བསྟོད། །འགྲོ་བའི་མགོན་ལ་ཕྱག་འཚལ་བསྟོད། །པདྨ་ལས་བྱུང་ཕྱག་འཚལ་འདུད། །ཅེས་པས་བསྟོད། ཁྱོད་ཀྱི་ཞབས་ཀྱི་བཀའ་དྲིན་གྱིས། །ཡེ་ཤེས་བླ་མེད་བྱ་བ་ཤེས། །ད་ལྟར་དབང་བསྐུར་རིན་ཆེན་གྱིས། །མགོན་པོ་བདག་ནི་དབང་བསྐུར་མཛོད། ། དཔལ་ལྡན་བདེ་ཆེན་མགོན་པོ་ཡིས། །དཔལ་ལྡན་ཆོས་ཀྱི་རྡོ་རྗེ་ལ། །གས་བའི་དེ་ཉིད་བསྟན་པ་ལྟར། །མགོན་པོས་དེ་བཞིན་བཀའ་དྲིན་སྩོལ། །སྡུག་བསྔལ་ཀུན་གྱི་གནས་གྱུར་པ། །དམྱལ་བ་ནས་ནི་གཙོ་བོས་དྲོངས། །སྡུག་བསྔལ་ཐམས་ཅད་མཐར་མཛད་ པ། །མགོན་མེད་བདག་ལ་ཐུགས་རྗེ་མཛོད། །ཁྱོད་ཞབས་པདྨ་སྤངས་ནས་སུ། །གཙོ་བོ་གཞན་ན་སྐྱབས་མ་མཆིས། །འགྲོ་བའི་དབང་པོ་ཐུབ་ཆེན་གྱིས། །དེ་ཕྱིར་སངས་རྒྱས་མཆོག་གནས་མཛོད། །ཅེས་གསོལ་བ་གདབ་བོ། །གཉིས་པ་ནི། དེ་ནས་སློབ་དཔོན་ གྱིས་སློབ་མ་ལ་སྙིང་རྗེ་བསྐྱེད། བཞིན་རབ་ཏུ་དང་བས་འདི་སྐད་ཅེས། བུ་ཡིས་སྲོག་ཆགས་གསད་པར་བྱ། །རྫུན་གྱི་ཚིག་ཀྱང་སྨྲ་བར་བྱ། །མ་བྱིན་པར་ཡང་བླང་བར་བྱ། །གཞན་གྱི་ཆུང་མ་བསྟེན་པར་བྱ། །འདི་ནི་ཆོ་ག་མདོར་བསྡུས་པའོ། །ཕྱག་རྒྱ་ཆེན་པོ་དེ་བསྟེན་ པས། །འདི་ནི་རྟག་ཏུ་བསྟེན་པ་ཡིན། །དམ་ཚིག་བཞི་པོ་འདི་ཉིད་ནི། །བཟང་པོ་ཁྱོད་ཀྱིས་རྟག་ཏུ་སྟེན། །ཞེས་དམ་ཚིག་ཐོབ་པར་བྱས་ལ། །སློབ་མས་མཐོང་ན་མ་དད་ཀྱི་དོགས་པས་གདོང་གཡོགས་བཅིངས་ལ་རྣམས་སྣང་དུ་བསྐྱེད། རང་ཉིད་གཙོ་བོ་སེམས་དཔའ་ སུམ་རྩེག་ཏུ་བྱ་ཞིང༌། སློབ་མས་དངོས་སམ་བློས་སྤྲུལ་ཏེ་ཕུལ་བའི་རིག་མ་རེག་རྡོ་རྗེ་མར་བསྐྱེད་ལ་གནས་ལྔར་ས་བོན་ལྔ་ལས་རིགས་ལྔ་བསྐྱེད་དེ་བྱིན་གྱིས་བརླབ། རྡོ་རྗེ་དང་པདྨ་འདུ་བྱ་བ་དང༌། རིན་འབྱུང་གི་ང་རྒྱལ་གྱིས་རྗེས་ཆགས་དང༌། ལས་ལ་གནས་ 5-6-52b པ་སྒྲུབ་ཐབས་བཞིན་བྱ། སྦྱོར་མཚམས་ནས་སྤྲོས་པའི་འོད་ཟེར་གྱིས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་འདུས་པའི་བདག་ཉིད་ལྷ་སུམ་ཅུ་སོ་གཉིས་སྤྱན་དྲངས་ཏེ། རང་གི་སྐུ་ཡི་དཀྱིལ་འཁོར་ལ་གནས་པ་རྣམས་རང་གི་སྙིང་ཁར་བསྡུས་པ་ཆགས་པ་ཆེན་ པོས་ཞུ་སྟེ། སྟོང་པ་གསུམ་རིམ་གྱིས་ཐིམ་པའི་ཐམས་ཅད་སྟོང་པ་འོད་གསལ་ལྷ་ཅིག་སྐྱེས་པའི་དགའ་བ་ཉམས་སུ་མྱོང་ནས། ཉོན་མོངས་པ་རྣམ་པར་དག་པའི་གནས་མངོན་དུ་བྱས་ལ། ལྷ་རྣམས་ཞུ་བའི་ཐིག་ལེ་རྡོ་རྗེའི་ལམ་ནས་གཡོན་པའི་ མཐེབ་སྲིན་གྱིས་ཕྱུང་སྟེ། འདི་དེ་སངས་རྒྱས་ཐམས་ཅད་ཀྱི་། དམ་ཚིག་ཆེན་པོ་རྨད་བྱུང་བ། །ཁམས་ལྔ་ལས་བྱུང་བཅུད་ཀྱིས་ལེན། །བདེ་བ་ཆེན་པོ་མྱོང་བར་གྱིས། །ཞེས་པའི་དོན་གོ་བར་བྱས་ལ། །འདས་པའི་རྡོ་རྗེ་འཆང་སོགས་ཀྱིས། །ཇི་ལྟར་སངས་རྒྱས་སྲས་ དབང་བསྐུར། །བྱང་ཆུབ་སེམས་ནི་བཟང་པོ་ཡིས། །དེ་ལྟར་བུ་ཁྱོད་དབང་བསྐུར་རོ། །ཨོཾ་ཨཱཿབཛྲ་དྷྲིཀ་ཧཱུཾ། ཞེས་བརྗོད་དེ་སློབ་མའི་མིག་དང་ལག་པའི་ཡུལ་མིན་པར་ལྕེ་ཐོག་ཏུ་བཞག་གོ། དེས་ཀྱང་སངས་རྒྱས་ཐམས་ཅད་ཞུ་བ་འདུས་པའི་ངོ་བོར་མོས་ཤིང༌། རང་གི་ལུས་ལ་གནས་པའི་རྒྱལ་བ་ཐམས་ཅད་ཚིམ་པར་བྱ་བ་དང༌། བྱང་ཆུབ་ལས་མི་གཡོ་བའི་བསམ་པས། ཨ་ཧོ་མ་ཧཱ་སུ་ཁ། ཞེས་བརྗོད་ཅིང་བཏུང་བར་བྱའོ། །དེ་ནས་རིག་མ་ཡང་ལངས་ལ་གོས་མེད་པར་བྱས་ནས། རང་གི་པདྨ་ལ་གནས་པའི་ ཐིག་ལེ་སྔར་བཤད་པ་ལྟར་སྦྱིན་ཞིང༌། སྔར་བཞིན་གྱི་བསམ་པས་བཟང་བར་བྱའོ། །དེ་ལྟར་མྱངས་པ་ལས་གཞོན་ནུ་མའི་བདེ་བ་འདྲ་བའི་བདེ་བ་སྐྱེ་བར་གསུངས་པས། བྱང་ཆུབ་ཀྱི་སེམས་ཚིག་གི་སྟེར་བ་ལ་ཡང་དེ་འདྲ་བའི་བདེ་བ་བྱུང་བར་བསྒོམས་ 5-6-53a ལ། དེ་ཉིད་གསང་དབང་དངོས་གཞིར་ངོ་འཕྲོད་པར་བྱའོ། །བླ་མས་ཡབ་ཡུམ་གཉིས་ཀྱི་བྱང་ཆུབ་ཀྱི་སེམས་དཀར་དམར་བཏོན་ཏེ། དུང་ཆོས་སམ་བུམ་པའམ་ཐོད་པར་བླུག །བདུད་རྩི་ལྷག་མ་རྣམས་བསྲེས་ལ་དྲི་ཞིམ་པོའི་ཆུ་དང་སྦྱར་བ་ཡི་གེ་ གསུམ་གྱིས་བསྔགས་ནས་སྦྱང་སྦར་སོགས་སྒྲུབ་ཐབས་བཞིན་བྱ། སྔར་བཤད་པའི་བཀྲ་ཤིས་ཀྱི་ཚིགས་བཅད་དང་། འདི་དེ་ཞེས་པའི་ཚིགས་བཅད་གཉིས་བརྗོད་པ་སྔོན་དུ་འགྲོ་བས། བདུད་རྩི་ལྔ་སྤྱི་བོར་གཏོང་ཞིང་འཐུང་དུ་གཞུག་ལ་དབང་བསྐུར་ རོ། །འདི་གསང་དབང་ཙམ་དང་སྔ་མ་མཆོག་གི་གསང་དབང་དུ་ནཱ་རོ་ཏ་པ་བཞེད་དོ། །ཕྱི་མ་སྒྲོན་གསལ་ལས་བཤད་དེ་ཟླ་གསང་ཐིག་ལེ་དང་གསང་བ་གྲུབ་པ་དང་རིམ་ལྔ་དང་སྤྱོད་བསྡུས་ཀྱི་དགོངས་པའོ། །གསང་དབང་སྔ་མ་སྐལ་བཟང་དང་ཕྱི་མ་སྐལ་དམན་ གྱི་དབང་དུ་བྱས་པ་མིན་ཏེ། གསང་དབང་སྔ་མ་བསྐུར་བ་དེ་ཉིད་ལ་ཕྱི་མ་འདི་བྱེད་པར་གསང་བ་གྲུབ་པ་དང་སྒྲོན་གསལ་ལས་གསུངས་པའི་ཕྱིར་རོ། །དབང་གཞན་རྣམས་བསྐུར་བ་ན་རང་རང་གི་སྐབས་ཀྱི་ལམ་བསྒོམ་པར་བྱ་བ་མཚོན་པ་ལྟར། གསང་དབང་བསྐུར་ བས་མཚོན་ཚུལ་ནི། འདིས་ཐོག་མར་རང་གི་རྩ་དང་རླུང་དང་དང་ཐིག་ལེ་དང་ཡི་གེ་སོགས་ལ་དམིགས་ནས། ལུས་ལ་གནད་དུ་བསྣུན་པར་བྱེ་དཔའི་ལམ་རྣམས་སྒོམ་པ་ལ་དབང་བར་བྱེད་ལ། དེ་ཡང་བླ་མ་ཡབ་ཡུམ་གྱི་བྱང་སེམས་དཀར་དམར་ལྕེས་མྱངས་ པ་རྩའི་སྦུབས་རྣམས་སུ་ཕྱིན་པ་ན། བྱིན་རླབས་ཅན་གྱི་རྫས་དེ་རང་གི་སེམས་བྱང་སེམས་རླུང་དང་བཅས་པ་དང་འདྲེས་ནས་དེས་བྱིན་གྱིས་བརླབས་པས། ད་གཟོད་རྩ་རླུང་སོགས་ལ་གནད་དུ་བསྣུན་པའི་ལམ་སྒོམ་པ་ན་དེ་དག་ལས་རུང་དུ་འགྱུར་བའི་རྟེན་ 5-6-53b འབྲེལ་ཁྱད་པར་ཅན་སྒྲིག་པ་ཡིན་ཞིང༌། ཁྱད་པར་དུ་དབང་འདིས་སྒྱུ་ལུས་མཚོན་ཚུལ་ནི། ཞལ་ལུང་ལས་གསང་དབང་བསྐུར་བའི་སྐབས་སུ། དེ་ཡིས་ཞིང་ནི་དག་བྱས་ཏེ། ཆོས་ཀུན་སྒྱུ་མ་ལ་སོགས་པའི། །བཅུ་གཉིས་དོན་དུ་རྟོགས་པར་འགྱུར། །ཞེས་གསང་དབང་གིས་ ཆོས་ཀུན་སྒྱུ་མ་ལ་སོགས་པ་དང་འདྲ་བར་རྟོགས་པར་གསུངས་ཤིང༌། དགྲ་ནག་ལས། བཏུང་བ་རིན་ཆེན་འདི་ཡིས་ནི། རྡོ་རྗེའི་ལས་ནི་རབ་ཏུ་བསྒྲུབ། །ཅེས་གསང་རྫས་སྟེར་བའི་སྐབས་སུ། །གསང་རྫས་བྱང་ཆུབ་ཀྱི་སེམས་ཀྱིས་རྡོ་རྗེའི་སྐུ་སྒྲུབ་པར་བརྗོད་ནས་སྟེར་ བར་གསུངས་ལ། རིམ་ལྔར་རྡོ་རྗེའི་སྐུ་དང་སྒྱུ་མའི་སྐུ་རྣམས་གྲངས་སུ་གསུངས་པས། གསང་རྫས་མྱང་པས་རྡོ་རྗེའི་སྐུའམ་སྐུ་མཚོན་ཚུལ་བརྟེན་དགོས་སོ། །དེའི་ཚུལ་ནི། གཟུང་མི་ནུས་པར་ཕྱིར་འཆོར་བའི་བྱང་སེམས་ནི་ཆང་གི་ཁུ་བ་ཟགས་པའི་སྦང་ མ་དང་འདྲ་ཞིང༌། ཕྱིར་མ་ཤོར་བར་འཛིན་ནུས་པའི་བྱང་སེམས་ནི་ཆང་གི་ཁུ་བ་མ་ཟགས་པའི་སྲང་མ་ལྟར་ནུས་པ་ཆེ་ལ། དབང་འདི་བསྐུར་བའི་སློབ་དཔོན་མཚན་ཉིད་དང་ལྡན་པས་ཀྱང་། འགོག་པའི་ཐབས་ཀྱིས་བཀག་པས་བྱང་སེམས་ཕྱིར་མ་ཤོར་བར་བསྐུལ་ ནས་ལྷན་སྐྱེས་ཀྱི་དགའ་བ་བརྟེན་པར་བྱེད་ནུས་པར་གསུངས་པས་ཤིན་ཏུ་ནུས་པ་ཆེ་བ་དང་། བླ་མ་ཡབ་ཡུམ་ལ་ལྷ་སྐྱེས་ཀྱི་དགའ་བ་བསྐྱེད་པའི་རྫས་ཁྱད་པར་བ་ཡིན་པ་དང༌། སངས་རྒྱས་བྱང་སེམས་དཔག་མེད་དམིགས་པ་བརྟན་པོས་བཀུག་ནས་བཞུས་པ་ དང་དབྱེར་མེད་པར་བྱས་པ་ཡིན་པས། ཕྱག་ཆེན་ཐིག་ལེ་ལས་རྫས་འདི་མྱངས་པས་གཞོན་ནུ་མའི་བདེ་བ་འདྲ་བ་སྐྱེ་བར་གསུངས་སོ། །དེས་ན་དེ་འདྲ་བའི་བདེ་བ་སྐྱེས་པའི་ཚེ། ཡིད་ཀྱི་བདེ་བ་དེས་བདག་མེད་པའི་དོན་ངེས་པའི་བདེ་སྟོང་དབྱེར་མེད་དུ་ངོ་སྤྲད་པ་ན། 5-6-54a སྤྱིར་ཆོས་ཀུན་སྒྱུ་མ་ལྟ་བུར་འཆར་ཞིང༌། ཁྱད་པར་དུ་རང་ལྷར་བསྒོམས་པའི་ལྷ་སྐུ་སྒྱུ་མ་དང་འཇའ་ཚོན་ལྷ་བུ་ངེས་སུ་གཞུག་ལ། ཁྱེད་ཀྱིས་ལུས་ལ་གནད་དུ་བསྣུན་པའི་གདམས་ངག་གི་རླུང་ཤིན་ཏུ་དུལ་བར་སྦྱངས་པ་ན། དེའི་མཐུས་དགའ་ བ་གསུམ་མམ་སྟོང་པ་གསུམ་ཀྱི་ཡེ་ཤེས་བསྐྱེད་པའི་མཐར། ལུགས་ལྡོག་ཏུ་ཞུགས་པའི་ཡེ་ཤེས་གསུང་རླུང་དང་བཅས་པ་ལས། དེ་ལྟ་ལྷའི་སྐུ་འཇའ་ཚོན་དང་སྒྱུ་མ་བཞིན་དུ་སྣང་བ་འདི་དང་འདྲ་བའི་སྒྱུ་མའི་སྐུ་འགྲུབ་པར་འགྱུར་རོ་ཞེས་བརྗོད་དོ། ། གསུམ་པ་ནི། དེ་ནས་གདོང་གཡོགས་བསལ་ཞིང་ཁྱོད་ཀྱིས་དཀྱིལ་འཁོར་བཞི་ལས་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། རྫས་གསང་བ་ལས་བྱུང་བའི་དབང་ལ་གསང་བའི་དབང་བསྐུར་པ་ཞེས་བཤད་པ་དེ་ཐོབ། ཐུན་མོང་བ་ངག་གི་དྲི་མ་རྫུན་ དུ་སྨྲ་བ་སོགས་སྔར་བསགས་འདག་ཅིང་ཕྱི་མ་སྡོམ་པ་དང༌། ཐུན་མོང་མ་ཡིན་པ་རླུང་ལ་ངག་ཏུ་གསུངས་པའི་དྲི་མ་རླུང་སྔགས་སོ་སོར་སྣང་ཞིང་ཞེན་པའི་དྲི་མ་འཁྲུད་པས་གསུང་རྡོ་རྗེ་སྦྱོང་། ཀུན་རྫོབ་སྒྱུ་མའི་རྫོགས་རིམ་དང་དེ་གང་ལས་སྒྲུབ་པའི་གཞི་སྟོང་ པ་གསུམ་གྱི་ཡེ་ཤེས་སེམས་དབེན་པ་དང་། དེ་འདྲེན་བྱེད་ལུས་དབེན་དང་། རྡོ་རྗེ་བཟླས་པ་སྒོམ་པ་སོགས་ལ་དབང་བར་བྱས། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་བཞག །སྔར་བཤད་པའི་དམ་ཚིག་གཞི་དང་ལྷ་རྣམས་ལ་ ཤ་ལྔ་སྦྱིན་སྲེག་དང་གཏོར་མ་རེ་དབུལ་ཞིང༌། རང་གིས་ཀྱང་ཤ་དང་བདུད་རྩི་ལྔ་སྦྱང་བ་སོགས་བྱས་ནས་བཟང་བ་དང་། ཚོགས་ཀྱི་འཁོར་ལོ་ཉིན་རེའམ་ཟླ་བ་རེའམ་ལོ་རེ་རེ་ལ་བྱ་ཞིང༌། གླུ་གར་ལ་སོགས་པས་སྡུག་པ་ཐམས་ཅད་འདུ་བར་བྱས་ཏེ། 5-6-54b དབང་པོ་གཉིས་མཉམ་པར་སྦྱར་བའི་གསང་མཆོད་བྱ་བའི་དམ་ཚིག་རྣམས་བསང་བར་བྱའོ་ཞེས་བཤད་དོ། །གསང་དབང་ཐོབ་པས་གསུང་རྡོ་རྗེ་ངག་དབེན་དང་ཐུགས་རྡོ་རྗེ་སེམས་དབེན་གཉིས་སྦྱོང་ལ། བདག་བྱིན་རླབས་ནི་དབང་གསུམ་པ་ཐོབ་པས་མཚོན་པར་བྱེད་ ཅེས་སྒྲ་གཅན་འཛིན་དཔལ་བཤེས་གཉེན་འཆད་མོད་ཀྱང༌། ནཱ་རོ་ཏ་བས་གསང་དབང་ཐོབ་པ་ལ་སྒྱུ་ལུས་བཤད་པ་དང་། དབང་གསུམ་པ་ཐོབ་པ། འོད་གསལ་བཤད་པར་གསུངས་པ་ཉིད་རིམ་ལྔ་དང་འཇམ་དཔལ་ཞལ་ལུང་གི་དགོངས་པ་ཡིན་ནོ། །རིམ་ལྔར་ བསྐྱེད་རིམ་གྱི་རྗེས་སུ་འབྲངས་ནས་དབང་བསྐུར་བ་ཐོབ་ཅིང་། དབེན་པ་གསུམ་གྱི་ཐོས་པ་འཛིན་པས་ཕྲེང་བ་ལ་སོགས་པའི་དབང་དགུ་དང་བཅས་པའི་གསང་དབང་ཐོབ་ནས། སྒྱུ་ལུས་ཀྱི་གདམས་ངག་གི་དོན་དུ་གསོལ་བ་གདབ་པར་གསུངས་པ་ལ་བརྟེན་ནས། བུམ་ དབང་རྫོགས་པར་ཐོབ་པ་ན་ངག་དབྱེན་དང་སེམས་དབེན་སྒོམ་པ་ལ་དབང་ངོ་ཞེས་སྨྲ་བ་ནི་དོན་མིན་ནོ། །འོ་ན་ཇི་ལྟར་ཡིན་སྙམ་ན། དེ་ནི་སྒྱུ་ལུས་ཀྱི་གདམས་ངག་ཉན་པ་ལ་དབེན་གསུམ་གྱི་གདམས་ངག་ཐོབ་པ་དང༌། དབང་དགུ་གསང་དབང་དང་བཅས་པ་ཐོབ་པ་ཞིག་ དགོས་ཞེས་པའི་དོན་ཡིན་གྱི། དབེན་གསུམ་གྱི་གདམས་ངག་སྔོན་དུ་ཐོབ་ནས་ཕྱིས་གསང་དབང་ཞུ་བའི་དོན་མིན་ཏེ། དེ་ལྟ་མ་ཡིན་ན་བུམ་དབང་དགུ་ཡང་དབེན་གསུམ་གྱི་གདམས་ངག་སྔོན་དུ་ཐོབ་པ་ལ་བསྐུར་དགོས་པར་འགྱུར་རོ། །དེས་ན་རྫོགས་རིམ་ ལ་བདེན་པ་གཉིས་སོ་སོའི་དབང་དུ་བྱས་པ་ཀུན་རྫོབ་སྒྱུ་མ་དང་། དོན་དམ་འོད་གསལ་གྱི་རྫོགས་རིམ་གཉིས་དང་། བདེ་གཉིས་དབྱེར་མེད་ཟུང་འཇུག་གི་རྫོགས་རིམ་གསུམ་ཡོད་ལ། དེ་རྣམས་ཀྱི་སྣོད་དུ་སྒྲུབ་པ་ལ་དབང་གོང་མ་གསུམ་དགོས་པ་ཡིན་ཏེ། 5-6-55a ལུས་ངག་གི་དབེན་པ་དང་སེམས་དབེན་ནི་ཀུན་རྡོབ་སྒྱུ་མའི་ཆ་ལག་ཡིན་པས་དེའི་ཁོངས་སུ་བསྡུས་པའོ། །ཡོན་དབུལ་བསྟོད་གསོལ་དམ་ཚིག་སྦྱིན། །གཉིས་བསྐྱེད་འདུ་བྱ་སྤྱན་དྲངས་མྱང་། །རྫས་སྦྱིན་བཏུང་སྤྲང་ཤིས་བརྗོད་བསྐུར། །དག་པ་སྦྱིན་པ་གསང་ དབང་སྡོམ།། །།གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ལ་བཞི། ཡོན་དབུལ་ཞིང་གསོལ་བ་གདབ་པ། དབང་དངོས་བསྐུར་བའི་ཆོ་ག །དབང་གི་ཡེ་ཤེས་ངོ་སྤྲད་པ། དབང་གི་དག་པ་སྦྱིན་པའོ། །དང་པོ་ནི། འབྱོར་བ་ཅི་ཡོད་པས་ཚོགས་ འཁོར་བྱས་ལ་ནམ་ཕྱེད་ན། ཤེས་རབ་དང་དད་པ་ཆེ་བ་རྣལ་འབྱོར་ལ་གོམས་པ་སྒྲུབ་པ་པོ་ལ་མོས་པ། དམ་ཚིག་དང་སྡོམ་པ་འཛིན་པའི་རིག་མ་ལོ་བཅུ་གཉིས་སམ་བཅུ་དྲུག་གམ་ཉི་ཤུ་མ། ལུས་དྲི་ཞིམ་པོས་བྱུགས་ཤིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ བླ་མ་ལ་ཕུལ་ཏེ། གསང་བ་དང་དེ་ལས་གཞན་པའི་མཆོད་པས་མཆོད་ལ། །བླ་མའི་མདུན་དུ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ཐལ་མོ་སྦྱར་ལ། འཁོར་བ་ལས་སྐྱོབ་པའི་ཡིད་ཀྱིས་སློབ་དཔོན་ལ་སངས་རྒྱས་མངོན་སུམ་པ་བཞིན་དུ་བལྟས་ ནས། མཆོག་སྦྱིན་རྡོ་རྗེ་ཁྱོད་འདུད། །ཡང་དག་མཐར་གྱུར་ཁྱོད་ལ་འདུད། །སྟོང་ཉིད་ལས་བྱུང་ཁྱོད་ལ་འདུད། །སངས་རྒྱས་བྱང་ཆུབ་ཕྱག་འཚལ་འདུད། །སངས་རྒྱས་ཀུན་གྱི་ཡེ་ཤེས་ཆེ། །ཐམས་ཅད་སྟོང་པ་བླ་ན་མེད། །མངོན་པར་བྱང་ཆུབ་མཐོང་ བ་ནི། །སློབ་དཔོན་ཆེན་པོ་བདག་ལ་སྩོལ། །ལས་དང་སྐྱེ་ལས་རྣམ་གྲོལ་བའི། །ཚེ་འདིར་བྱང་ཆུབ་ཉིད་ཐོབ་པ། །རང་མྱོང་མཚན་ཉིད་གཅིག་པ་ཉིད། །སེམས་དཔའ་ཆེན་པོ་སྩལ་ཏུ་གསོལ། །ཁྱེད་ཞབས་པདྨོ་སྤངས་ནས་ནི། །གཙོ་བོ་གཞན་དུ་སྐྱབས་མ་ 5-6-55b མཆིས། །འགྲོ་བའི་དཔའ་བོ་ཐུབ་ཆེན་པོས། །དེ་བས་སངས་རྒྱས་མཆོག་བརྙེས་མཛོད། །ཅེས་པའམ་བསྡུས་ན། དངོས་གྲུབ་ཐམས་ཅད་བསྡུས་ནས་ནི། །བདག་ལ་ཁྱོད་ཀྱིས་དབུང་བསྐུར་གསོལ། །ཞེས་མངོན་པར་བྱང་ཆུབ་པའི་གདམས་ངག་གི་སྣོད་དུ་བསྒྲུབ་པའི་ དབང་གི་དོན་དུ་གསོལ་བ་གདབ་བོ། །གཉིས་པ་ནི། དེ་ནས་ཕན་ཚུན་ངོ་ཚས་བཅིངས་ན་བདེ་བ་ཆེན་པོ་ངོས་མི་ཟིན་པ་སྤང་བའི་ཕྱིར་གཉིས། །ལ་གདོང་གཡོགས་བཅིང༌། བླ་མས་རིག་མ་བསངས་སྦྱངས་ཏེ་སྤྱན་མའམ་རེག་རྡོ་རྗེ་མར་བསྐྱེད། དེའི་ལུས་ལ་ས་བོན་ ལྔ་ལས་རིགས་ལྔ་བཀོད་དེ་བྱིན་གྱིས་བརླབས་པའི་ལག་པ་སློབ་མའི་ལག་པར་གཏད་ལ་རང་གི་ལག་པ་གཡོན་པས་བཟུང༌། ལག་པ་གཡས་པ་རྡོ་རྗེ་དང་བཅས་པ་སློབ་མའི་སྤྱི་བོར་བཞག་སྟེ། འདིར་ནི་ཁྱེད་རྣམས་དཔང་པོ་ཡིན། །བདག་གི་འདི་ལ་འདི་གཏད་དོ། །ཞེས་ རྒྱལ་བ་རྣམས་དཔང་དུ་བཙུགས་ཏེ། །ལྷ་མོ་ཕྱག་རྒྱ་ཆེན་པོ་འདི། །དཔག་མེད་བདེ་བ་རབ་སྟེར་བ། །བུ་ཡིས་ཀུན་ནས་བླངས་ནས་ནི། །བླ་ན་མེད་པའི་མཆེད་པ་གྱིས། །ཐབས་གཞན་གྱིས་ནི་འཚང་མི་རྒྱ། །དེ་བས་རིག་པ་འདི་མཆོག་ཡིན། །ཆོས་ཀུན་གཉིས་སུ་མེད་པ་ ལ། །དངོས་པོ་གཉིས་སུ་བཏགས་པ་ཡིན། །དེ་བས་འཁོར་བ་རྣམ་བྲལ་བར། །རྟག་ཏུ་ཁྱོད་ཀྱིས་མི་བྱའོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རིག་པའི་བརྟུལ་ཞུགས་བླ་མེད་པའོ། །རྨོངས་པ་གང་ཞིག་འདས་གྱུར་ན། །དངོས་གྲུབ་མཆོག་ཀྱང་འགྲུབ་མི་ འགྱུར། །ཞེས་བརྗོད་དེ་རིག་མའི་བརྟུལ་ཞུགས་སྦྱིན། །སློབ་མ་རྡོ་རྗེ་འཛིན་པ་གཉིས་པ་དང་རིག་མ་ལ། །གདུགས་དང་རྒྱལ་མཚན་དང་རྔ་ཡབ་དང་ཕྲེང་བ་དང་ཙན་དན་ལ་སོགས་པས་མཆོད་ཅིང་། རོལ་མོའི་སྒྲ་སྐད་སྣ་ཚོགས་པ་དང་བཀྲ་ཤིས་ཀྱི་དབྱངས་ཀྱིས་ 5-6-56a ཤིས་པ་བརྗོད། །དེ་ནས་རིག་མ་དེས། དཔའ་བོ་བུ་ནི་བླ་ན་མེད། །དཔའ་བོ་ཁྱོད་ནི་སྤྲོའམ་ཅི། །བཤང་དང་གཅི་བ་བཟའ་བ་དང༌། །ཤ་དང་ཁུ་ཁྲག་དེ་བཞིན་ཏེ། །བུ་ཁྱོད་ཅི་དགར་སྤྲོ་གྱུར་ཏེ། །བུད་མེད་རྟག་ཏུ་གུས་པ་དང༌། །བདག་གི་པདྨར་འོ་བྱེད་པ། ། བུ་ཁྱོད་ཅི་བཞེད་བདེན་པར་སྨྲོས། །ཞེས་འདྲི་བ་ལ་སློབ་མས། ཁུ་ཁྲག་ལ་སོགས་བཟང་བ་དང༌། བུད་མེད་རྣམས་ལ་རྟག་གུས་དང༌། །བྷ་གའི་པདྨར་འོ་བྱེད་པ། །ལྷ་མོ་ཅི་ཕྱིར་བདག་མི་སྤྲོ། །ཞེས་བརྗོད་པ་དང༌། རིག་མ་དེ་དགྱེས་ནས་སྐྲ་བཀྲོལ། །གོས་དང་བྲལ་བར་ བྱས་ནས་རང་གི་ཆུ་སྐྱེས་ཕྱེ་ནས་གསལ་བར་སྟོན་ཅིང༌། ཨེ་མ་བདག་གི་པདྨ་ནི། །བདེ་བ་ཐམས་ཅད་ཡང་དག་ལྡན། གང་ཞིག་ཆོ་གས་བསྟན་བྱེད་པ། །དེ་ཡི་མདུན་དུ་བདག་གནས་སོ། །སངས་རྒྱས་བསྟེན་པ་ལ་སོགས་པ། །པདྨར་བྱ་བ་ཇི་བཞིན་གྱིས། །བདེ་ཆེན་རྒྱལ་ པོ་རང་ཉིད་ནི། །འདི་ཉིད་དུ་ནི་རྟག་ཏུ་བཞུགས། །བླུན་པོ་གང་ཞིག་འདི་སྤོང་བ། །དེ་ལ་མཆོག་གི་དངོས་གྲུབ་མེད། །བྷ་ཛ་མོཀྵ་ཧོཿཞེས་བརྗོད་པ་དང་སློབ་མ་རྣམ་སྣང་དམ་མི་བསྐྱོད་པར་བསྐྱེད། ཡེ་ཤེས་པ་གཞུག་དབང་བསྐུར། རིག་མ་སྤྱན་མའམ་རེག་རྡོ་རྗེ་མར་གསལ་ གདབ་པ་སོགས་བྱས་ལ། རྡོ་རྗེ་དང་པདྨ་འདུ་བྱས་ཏེ། མཛུབ་མོའི་རྩེ་དང་ལྕེ་རྩེ་ལ་ཏྲཾ་ཡིག་བཀོད་ཅིང་ཤིས་པ་བརྗོད་པ་སྔོན་དུ་འགྲོ་བས། རིམ་པ་བཞིན་དུ་བྷ་གའི་དབུས་ཀྱི་བདེ་བ་རྒྱུ་བའི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རྩ་བཙལ་ལ། རྙེད་པའི་རྟགས་བྱུང་བ་དང༌། རིན་འབྱུང་གི་ང་རྒྱལ་གྱིས་ཕན་ཚུན་འཁྱུད་པ་དང་ཙུམ་པ་ན་ལ་སོགས་པ་ཀ་ར་ནའི་སྦྱོར་བས་རྗེས་སུ་ཆགས་པར་བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྗེས་སུ་ཆགས་པའི་ 5-6-56b རྡོ་རྗེའི་བདག་ཉིད་དེ་ངའོ་སྙམ་དུ་ང་རྒྱལ་བྱ། དེ་ནས་མི་བསྐྱོད་པའི་ང་རྒྱལ་དུ་འཕོས་ལ། ཧཱུཾ་གླུར་བླང་པ་སོགས་སྒྲུབ་ཐབས་བཞིན་བྱས་ཏེ། རང་གི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་པའི་རྒྱལ་བ་ཡབ་ཡུམ་ལུས་ལ་གཞུག །བླ་མས་ཀྱང་དེ་ལྟར་སྤྱན་དྲངས་ ཏེ་བཅུག་པ་དང་རོ་གཅིག་ཏུ་གྱུར་པ། སྔོན་དུ་བླ་མའི་མན་ངག་གིས་དགའ་བ་དང་སྟོང་པ་བཞི་སྐྱེ་བའི་གནས་དང་དུས་དང་ངོ་བོའི་དབྱེ་བ་ཤེས་པས་དགའ་བ་བརྩམ་པར་བྱའོ། །གསུམ་པ་ནི། དེ་ཡང་ཞལ་ལུང་ལས། སྡོམ་བརྩོན་གཞུ་དབྱིབས་གཡོ་བ་ཡིས། །སུམ་ མདོར་ཡེ་ཤེས་མེ་སྦར་བས། །ཁམས་བཞུས་ནས་ནི་བཅུ་དྲུག་ཆར། །གྱུར་པ་མེ་ཏོག་ཀུན་དེ་འདྲ། །རླུང་གི་སྦྱོར་བས་འཕུལ་བར་བྱ། །རང་བཞིན་གྱིས་ནི་རབ་ཞི་བ། །ཆོས་སྐུ་ཞི་བ་དེ་ཁོ་ན། །བདེ་བ་དེ་ཉིད་ནོར་བུར་འདུག །སྐད་ཅིག་དྲན་མེད་གཡོ་བར་བྱེད། །སྒྲུབ་པ་ཆེན་པོ་དེ་ ཉིད་དོ། །ཞེས་གསུངས་པ་ལྟར་སྙོམས་པར་ཞུགས་པའི་རྐྱེན་གྱིས་གསང་གནས་ཀྱི་རླུང་གཡོས་པས། །ལྟེ་འོག་གི་སུམ་མདོའི་ཚངས་པའི་མེ་འབར་བ་ལྟེ་བའི་གཏུམ་མོ་དང་གཅིག་ཏུ་གྱུར་ཏེ་ཆེར་འབར་ནས། རིམ་གྱིས་གྱེན་དུ་སོང་བས་སྤྱི་བོའི་ཁམས་བཞུས་ནས་ ལུས་ཀྱི་ཐིག་ལེའི་གནས་བཅུ་དྲུག་ནས་བྱང་སེམས་དཀར་པོ་ཆ་ཀུན་ད་ལྟ་བུ་ཞུ་བ་རྣམས་དྲངས་ཏེ། རླུང་གིས་ཐུར་དུ་ཕུལ་བ་རིམ་གྱིས་བརྒྱུད་ནས་རྡོ་རྗེ་ནོར་བུ་གནས་པ་ཕྱིར་མ་འཕོས་པ་ལས་བྱུང་བའི་དཔེའི་འོད་གསལ་དང་། ལྷན་ཅིག་སྐྱེས་པའི་ཡེ་ ཤེས་ངོས་ཟིན་པར་བྱས་ལ། དེ་ཉིད་ཤེས་རབ་ཡེ་ཤེས་ཀྱི་དབང་དུ་ངོ་འཕྲོད་པར་བྱའོ། །འདི་ཡང་ཞལ་ལུང་ལས། དེ་ནས་དེ་ལ་རང་བྱུང་གི། ཆོས་སྐུ་རབ་དགའ་མཁའ་མཉམ་པ། །ལྷག་པའི་ལྷ་ཞེས་བྱ་བ་ནི། །རྟོགས་བྱའི་ཆེད་དུ་བུ་མོ་སྤྱིན། ཞེས་གསུངས་ཤིང་། 5-6-57a རང་བཞིན་གྱིས་ནི་ཞེས་པའི་རྐང་པ་གཉིས་དང༌། ཤེས་རབ་སྦྱོར་བས་དཔལ་ལྡན་ནི། །དེ་ཉིད་ཡང་དག་མཚོན་པར་བྱ། །ཞེས་གསུངས་ཤིང་། དེ་ཁོ་ན་ཉིད་ཀྱི་དོན་ཁོང་དུ་ཆུད་པའི་ལྟ་བ་དང་བྲལ་བ་ལ་དངོས་ཀྱི་རིག་མ་ལ་བརྟེན་པའི་འདོད་ཡོན་ལམ་ བྱེད་མ་གནང་བས། བདག་མེད་པའི་གོ་བ་ཕུ་ཐག་ཆོད་པའི་ལྟ་བ་དང་ལྡན་པས་སྔར་བཤད་པ་ལྟར་གྱི་བདེ་བ་སྐྱེས་པ་ན། དེ་ནས་བདག་མེད་པའི་ལྟ་བ་དྲན་པར་བྱས་ནས། བདེ་བས་བདག་མེད་ཀྱི་སྟོང་པ་ངེས་པར་བྱས་པ་ཉིད་བདེ་སྟོང་དབྱེར་མེད་ཀྱི་ལྷན་སྐྱེས་ཀྱི་དགའ་ བ་ཡིན་གྱི། བདེ་བ་ཆེན་པོ་བྱུང་བའི་དབང་གིས་སེམས་ཀྱི་རྟོག་པ་རེ་ཞིག་ལོག་པ་ཙམ་བདེ་སྟོང་དབྱེར་མེད་ཀྱི་དོན་མིན་ནོ། །དེའི་དབང་གསུམ་པ་ཁྱད་པར་ཅན་གྱི་ཐོབ་ལུགས་ཡིན་ལ། སྟོང་པའི་གོ་བ་དེ་འདྲ་མེད་པས་དབང་གསུམ་པ་ཁྱད་པར་ཅན་དེ་འདྲ་མི་འཐོབ་ ལ། དབང་བསྐུར་མཁན་དང་ཞུ་མཁན་གྱི་གང་ཟག་མཆོག་དམན་གྱི་དབང་གིས་དབང་གསུམ་པར་རིགས་གཅིག་ཀྱང་ཐོབ་ལུགས་མང་དུ་འོང་སྟེ་དབང་གཞན་ལའང་དེ་དང་འདྲའོ། །དབང་འདི་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་བསྐུར་བ་ལ་ཡང་སྔར་བཤད་པའི་དམིགས་ པ་རྣམས་དལ་བུས་གསལ་བཏབ་སྟེ་ངེས་པ་རྙེད་པར་བྱས་ལ། ཡབ་ཡུམ་སྙོམས་པར་ཞུགས་པ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ནོར་བུའི་ནང་དུ་གནས་པ་ལས་བྱུང་བའི་བདེ་སྟོང་དབྱེར་མེད་ཀྱི་དམིགས་པ་ལེགས་པོར་ངེས་པར་བྱས་ལ་ངོ་སྤྲིང༌། ལྟ་བའི་ གོ་བ་མེད་པ་ལ་ཡང་བདེ་བའི་ཕྱོགས་ཀྱི་དམིགས་པ་ངོ་འཕྲོད་ངེས་སུ་བྱའོ། །དགའ་བ་གསུམ་པ་ཉེར་ཐོབ་དབང་གསུམ་པ་དང་། བཞི་པ་ལྷན་སྐྱེས་ཐམས་ཅད་སྟོང་པ་དབང་བཞི་པར་བྱེད་ཅིང་། དབང་གསུམ་པ་དེ་ཉིད་བཞི་པར་འགྱུར་རོ། །ཞེས་ཟུང་འཇུག་གསལ་ 5-6-57b བར་བཤད་མོད་ཀྱང་། འདི་ནི་ཀྱེ་རྡོར་རྩ་བཤད་ཀྱི་རྒྱུད་ལས་དགའ་བ་བཞི་དང་དབང་བཞི་གྲངས་བཞིན་དུ་སྦྱར་བ་མན་སྙེ་ལས་དབང་པོ་རབ་ཀྱི་དབང་དུ་བྱས་པར་བཤད་པའི་དབང་བཞི་སྐུར་ལུགས་སུ་ཡང་མི་སྣང་ལ། ཕྱག་ཆེན་ཐིག་ལེ་ལས། ཤེས་རབ་ཁུ་བ་ དང་ཡེ་ཤེས་བདེ་བ་དང་དབང་བསྐུལ་བ་ནི་ཞུ་བ་ལྷུང་བའི་བདེ་བ་དང་། དེ་འགོག་པའི་ལྷན་སྐྱེས་ལ་དབང་བཞི་པར་བཤད་པའི་སྐུར་ལུགས་ཀྱི་མིན་ཞིང་། བཤད་རྒྱུད་རྡོར་ཕྲེང་ལས་དབང་གསུམ་པའི་སྐབས་སུ་ལྷན་སྐྱེས་པར་བཤད་ལ། གཞན་ཡང་ཁུངས་ ཐུབ་ཀྱི་དང་། གཞུང་མང་བས་མི་འཐད་དེ། རྒྱས་པར་ལམ་གྱི་རིམ་པར་བཤད་ཟིན་ཅིང་མངས་པས་འཇིགས་ནས་མ་བྲིས་སོ། །སློབ་མས་ནུས་པ་ཅི་ཡོད་པས་བྱང་ཆུབ་ཀྱི་སེམས་མི་འཕོ་བར་གཟུང་། རིང་དུ་འཛིན་མ་ནུས་ན་དལ་བུས་བཏང་སྟེ། ཆུ་སྐྱེ་ནས་ལྕེ་ཉིད་ ཀྱིས་བླངས་ནས་དེ་ཁོ་ན་ཉིད་ཀྱི་ལྟ་བས་དམ་ཚིག་གི་ངོ་བོ་བྱང་ཆུབ་ཀྱི་སེམས་བཏུང་ངོ་། །དེ་ནས་ལྷ་མོ་དེ་དགྱེས་ནས་བྷ་ཛ་བྷ་ཀྵ། ཞེས་གསུངས་པ་དེའི་རྐང་པ་གཡོན་པ་སློབ་མའི་མགོ་ལ་བཞག་ནས། དེ་རིང་ཕན་ཚད་བུ་ཁྱོད་ཀྱིས། །ཇི་སྲིད་བྱང་ཆུབ་སྙིང་པོའི་ བར་། །རྨི་ལམ་བཞིན་དུ་སེམས་ཅན་གྱི། །བླ་ན་མེད་པའི་དོན་བྱོས་ཤིག །བསྐྱེད་པའི་རིམ་པ་སྒོམ་པ་ཡིན། །འདི་ནི་མན་ངག་ལས་ནི་ཤེས། །རིག་པ་འདི་ནི་དོར་བྱས་ན། །ཐབས་གཞན་གྱིས་ནི་སངས་མི་རྒྱ། བརྟུལ་ཞུགས་རྣམས་ཀྱི་མཆོག་གི་མཆོག །རིག་ མའི་བརྟུལ་ཞུགས་བུ་ཡིས་སྤྱོད། །ཆེས་བརྗོད་དོ། །སྤྱོད་བསྡུས་སུ་གསུངས་པའི་གསང་དབང་དང་དབང་གསུམ་པ་བསྐུར་བའི་ཆོ་ག་རྣམས་ནི་གསང་བ་གྲུབ་པ་ལས་བཀོད་པ་མང་བས་སྣང་བས། དེ་དང་བསྟུན་ནས་ཤེས་དགོས་ཏེ་རིམ་ལྔའི་དགོངས་པ་ཡང་དེ་ལྟར་ 5-6-58a བྱ་དགོས་སོ། །བཞི་པ་ནི། དེ་ནས་གདོང་གཡོགས་བསལ་ཞིང་ཁྱོད་ཀྱིས་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་མ་ལ་བརྟེན་ནས་ཐོབ་པའི་དབང་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་ཞེས་བཤད་པ་དེ་ཐོབ། ཐུན་མོང་བ་ཡིད་ཀྱི་དྲི་མ་བརྣབ་སེམས་ལ་སོགས་པ་ སྔར་བསགས་འདག་ཅིང་ཕྱི་མ་སྡོམ། ཐུན་མོང་མ་ཡིན་པ་གང་སྣང་ཀུན་བདེ་སྟོང་དབྱེར་མེད་དུ་འཚར་བ་ལ་སྒྲིབ་པའི་དྲི་མ་འཁྲུད་པས་ཡིད་དག་པར་བྱེད། དོན་དམ་འོད་གསལ་གྱི་རྫོགས་རིམ་ཡིན་ལག་དང་བཅས་པ་བསྒོམ་པ་སོགས་ལ་དབང་བར་བྱས། ། འབྲས་བུ་ཆོས་ཀྱི་སྐུ་མངོན་དུ་འགྱུར་བའི་ནུས་པ་ཁྱད་པར་ཅན་འཇོག་གོ། །ཞེས་བཤད་དོ། །བྷ་གའི་དཀྱིལ་འཁོར་ནི་ཕྱིའི་དཀྱིལ་འཁོར་ལ་བཤད་པ་ཡང་ཡོད་མོད་ཀྱང་། རྫོགས་རིམ་གྱི་དབང་གང་དུ་ཐོབ་པའི་བྷ་ག་ནི་གསང་གནས་ཀྱི་བྷ་གའོ།། །།ཡོན་ དབུལ་གསོལ་གདབ་བྱིན་བརླབས་གཏད། །ཤིས་བརྗོད་དྲིས་ལན་སློབ་མ་བསྐྱེད། །གསང་གདབ་འདུ་བྱ་སྤྱན་དྲངས་བསྟིམ། །དགའ་ཙམ་ངོ་སྤྲོད་བཏུང་དགྱེས་བརྗོད། །དབང་གི་དག་པ་སྦྱིན་པ་ནི། །ཤེས་རབ་དབང་གི་སྡོམ་ཡིན་ནོ།། །།བཞི་པ་དབང་བཞི་ པ་བསྐུར་བ་ལ་གསུམ། མཎྜལ་ཕུལ་ཏེ་གསོལ་བ་གདབ་པ། དབང་བཞི་པ་བསྐུར་བ། དག་པ་སྦྱིན་ཞིང་ཡོན་དབུལ་བའོ། །དང་པོ་ནི། སློབ་མ་རྡོ་རྗེ་འཆང་གི་ང་རྒྱལ་འཛིན་པའི་སྐལ་བ་བཟང་པོ་འོད་གསལ་བའི་གདམས་ངག་ཐོབ་ཅིང་ཐལ་མོ་སྦྱར་ཏེ་མེ་ཏོག་ གི་ཕྲེང་བ་འཛིན་པས། སླར་ཡང་བླ་མ་ལས་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཟུང་འཇུག་གི་གདམས་ངག་གི་སྣོད་དུ་སྒྲུབ་པའི་དབང་གི་དོན་དུ་མཎྜལ་ཕུལ་ཏེ། ཁྱོད་ཞབས་པདྨོའི་བཀའ་དྲིན་གྱིས། །གཙོ་བོ་དབང་བསྐུར་རྣམས་གསུམ་ཐོབ། དེ་རིང་རིན་ཆེན་བཞི་ 5-6-58b པ་ཡང༌། །བཀའ་དྲིན་གྱིས་ནི་བསྐྱབ་ཏུ་གསོལ། །ཞེས་གུས་པ་ཆེན་པོས་ལན་གསུམ་གསོལ་བ་གདབ་བོ། །གཉིས་པ་ལ་གཉིས། དབང་བ་ཟི་པའི་རྣམ་གཞག་དང༌། དབང་དེ་བསྐུར་བའི་ཆོ་ག་དངོས་སོ། །དང་པོ་ལ་གསུམ། དབང་བཞི་པ་བསྐུར་བ་གཞུང་ནས་ཇི་ལྟར་ བཤད་པ་དང༌། བཞིན་པའི་དོན་གཏན་ལ་དབབ་པ་དང༌། དབང་གཉིས་དཔེ་དོན་དུ་སྦྱར་ནས་བསྟན་པའོ། །དང་པོ་ནི། གསང་བ་གྲུབ་པ་ལས། ཕྱག་རྒྱའི་དབང་བསྐུར་རིན་ཆེན་གྱི། །དམ་ཚིག་ལ་གནས་པའི་བསྟན་པར་བྱ། །ཁམས་གསུམ་པ་ཡི་དབང་བསྐུར་ནས། ། ཞེས་གསུངས་པའི་ཕྱག་རྒྱའི་དབང་བསྐུར་བ་ནི་དབང་གསུམ་པ་ཡིན་ལ། རིན་ཆེན་གྱི་དབང་བསྐུར་བ་ནི་དབང་བཞི་པ་ཡིན་ཏེ། སཾ་བྷུ་ཊ་ལས། ཟབ་ཅིང་རྒྱ་ཆེ་ལ་མོས་ན། །ཚིག་གི་རིན་ཆེན་དབང་བསྐུར་བྱ། །ཞེས་གསུངས་པ་ལྟར་རོ། །སྤྱོད་བསྡུས་སུ། །ཁམས་ གསུམ་པ་ཡི་དབང་བསྐུར་བས། །ཞེས་གསུངས་པ་ནི་སྔ་མ་དང་བསྟུན་དགོས་སོ། །རིམ་ལྔ་ལས། །བྱང་ཆུབ་སེམས་ནི་དོན་དམ་ཞེས་བྱ་བ། །སྐལ་བཟང་སློབ་མ་བཟང་པོ་མན་ངག་འཐོབ། །ཐལ་མོ་སྦྱར་ནས་མེ་ཏོག་འཛིན་པ་ཡིས། །བླ་མ་ལས་ནི་སླར་ཡང་ བླང་བར་བྱ། །དངོས་པོ་ཀུན་དང་རྣམ་བྲལ་ཞིང༌། །ཞེས་པའི་ཚིགས་བཅད་ཕྱེད་དང་གཉིས་གསུངས་ཤིང༌། །བླ་མ་ལས་སླར་ཡང་དོན་དམ་གྱི་བྱང་ཆུབ་ཀྱི་སེམས་བླང་བར་གསུངས་བ་ནི་དབང་བཞི་པ་ཡིན་ཏེ། འདིའི་སྔོན་དུ་ནམ་ཕྱེད་ན་བླ་མ་ལ་ཕྱག་རྒྱ་ ཕུལ་ཏེ། དབང་ཐོབ་ལ་འོད་གསལ་གྱི་གདམས་ངག་བསྟན་པའི་ཕྱིར་དང་། དབང་གསུམ་པ་བདེ་སྟོང་དབྱེར་མེད་ཀྱི་བྱང་ཆུབ་ཀྱི་སེམས་ཡིན་པས་དེ་སྔར་བསྐུར་བ་ལ་ལྟོས་ནས་སླར་ཡང་ཞེས་གསུངས་པའི་ཕྱིར་རོ། །སྤྱོད་བསྡུས་སུ་སློབ་དཔོན་གྱིས་སློབ་ 5-6-59a མ་སློབ་དཔོན་གཉིས་པ་ལྟར་བལྟས་ནས་ཚིགས་བཅད་ཕྱི་མ་ཕྱེད་དང་གཉིས་པོ་དེ་བརྗོད་ནས་གཉིས་སུ་མེད་པར་དམིགས་ཏེ། ཤེས་རབ་དང་ཡེ་ཤེས་ཀྱི་དབང་བསྐུར་བ་སྦྱིན་པར་བྱའོ། །ཞེས་གསུངས་སོ། །དེའི་དོན་ནི་དབང་གསུམ་པ་ བསྐུར་བ་ལ་འོད་གསལ་གྱི་གདམས་ངག་ཐམས་ཅད་བསྟན་ནས། དེ་ལ་ཆེ་བརྗོད་བྱས་པའི་འོག་ཏུ་དེ་ལྟར་བྱ་བར་གསུངས་པས། ཤེས་རབ་ཀྱི་དབང་གསུམ་པ་བསྐུར་བ་བྱིན་ཟིན་པས། འདིར་བསྐྱར་ནས་བསྐུར་མི་དགོས་སོ། །དེས་ན་ཡེ་ཤེས་ཀྱི་དབང་བསྐུར་ བ་བཞི་པ་བསྐུར་བ་ཡིན་ནོ། །རིམ་ལྔ་དང་སྤྱོད་བསྡུས་སུ་འོད་གསལ་བཤད་ཟིན་པའི་མཇུག་ཏུ་དབང་དེ་བསྐུར་བར་གསུངས་པ་ནི། ཟུང་འཇུག་གི་གདམས་ངག་འཆད་པའི་སྣོད་རུང་དུ་སྒྲུབ་པ་ལ་དགོངས་སོ། །འོ་ན་རིམ་ལྔ་ལས་འོད་གསལ་བཤད་ ཟིན་ནས་དབང་བཞི་པ་མ་བསྐུར་བའི་གོང་དུ། ཆུ་ལས་ཉ་ལྡང་བ་ལྟར་འོད་གསལ་ལས་ཟུང་འཇུག་གི་སྐུར་ལྔར་བ་བཤད་པ་མི་འཐད་དོ་སྙམ་ན། དེ་ནི་གཉིས་སྣང་ཐམས་ཅད་དག་པའི་འོད་གསལ་དུ་ཞུགས་པ་ལ་གཞན་གྱི་དོན་མི་འགྲུབ་པའི་སྐྱོན་ཡོད་ དམ་སྙམ་པ་སྤང་བའི་ཕྱིར་ཡི་གེར་བཀོད་པའི་དོགས་གཅོད་ཡིན་གྱི། དབང་གི་དུས་སུ་སློབ་མ་ལ་དེ་ལྟར་སྟོན་པའི་དབང་དུ་བྱས་པ་མིན་ཏེ། འོག་ནས་ཟུང་འཇུག་གི་གདམས་ངག་ལོགས་སུ་སྟོན་པའི་ཕྱིར་རོ། །དེ་ལྟར་མ་ཡིན་ན་རིམ་ལྔ་ དང་སྤྱོད་བསྡུས་སུ་རིམ་པ་བཞི་པའི་སྔོན་དུ་འོད་གསལ་དང་ཟུང་འཇུག་བཤད་པ་རྣམས་ཀྱང་མི་འཐད་པར་འགྱུར་རོ། །གཉིས་པ་ནི། འོ་ན་དོན་གྱི་དབང་བཞི་པ་དང་ཚིག་གིས་སྐུར་བའི་དབང་བཞི་པ་ལུགས་འདིས་ཇི་ལྟར་བཞེད་སྙམ་ན་བཤད་ 5-6-59b པར་བྱ་སྟེ། རང་དང་རིག་མ་འདོད་ལྷ་ཡབ་ཡུམ་དུ་སྣང་བ་མཉམ་པར་སྦྱར་བ་ལས། གཏུམ་མོའི་མེ་འབར་ཏེ་བྱང་སེམས་ཞུ་བ་ནོར་བུར་སླེབ་ནས། ཕྱིར་མ་འཕོས་པ་ལས་བྱུང་བའི་ལྷན་ཅིག་སྐྱེས་པའི་དགའ་བ། དཔེའི་འོད་གསལ་བདེ་སྟོང་རྒྱུད་ལ་ བསྐྱེད་ནས་དབང་གསུམ་པ་ངོ་སྤྲད་པས་ནི། གཏུམ་མོ་འབར་བའི་མཐུས་བྱང་སེམས་བཞུས་པ་ལས་བྱུང་བའི་ལྷན་ཅིག་སྐྱེས་དགའ་ཐམས་ཅད་མཚོན་པར་ནུས་ཏེ། དཀར་ཟལ་བ་ལང་དུ་ངེས་པ་ན་དེའི་རིགས་ཐམས་ཅད་བ་ལང་དུ་ངེས་ནུས་པ་བཞིན་ ནོ། །དེས་ན་དབང་གསུམ་པ་བསྐུར་བས་མཚོན་པར་མི་ནུས་པ་དབང་བཞི་པ་བསྐུར་ནས་མཚོན་དགོས་པ་ཞིག་གི་སྟེང་ནས་དབང་བཞི་པ་ཤེས་དགོས་སོ། །འདི་ལ་འཕགས་པ་ཡབ་སྲས་ཀྱི་བཞེད་པས། དབང་བཞི་པ་ཚིག་གིས་སྐུར་བ་ནི། ཟུང་འཇུག་ གི་གདམས་ངག་གི་སྣོད་རུང་དུ་སྒྲུབ་པ་ཡིན་ཞིང་ཟུང་འཇུག་གི་དོན་ལ་ངོ་སྤྲོད་དགོས་སོ། །ཟུང་འཇུག་ནི་རིམ་ལྔ་ལས། དེ་ཉིད་ཤེས་པས་རིམ་པ་བཞིན། །རང་བྱིན་བརླབས་དང་འོད་གསལ་ཤེས། དེ་དག་ཁོ་ན་འདུས་པ་གང༌། །འདི་ནི་ཟུང་འཇུག་རིམ་པའོ། ། ཞེས་གསུངས་པ་ལྟར། རང་བྱིན་བརླབ་ཀུན་རྫོབ་སྒྱུ་མའི་སྐུ་དང་དོན་དམ་འོད་གསལ་གཉིས་ནི་ཟུང་ཡིན་ལ། དེ་གང་ལ་དབྱེར་མེད་པར་འདུས་པའི་གོ་འཕང་ནི་ཟུང་འཇུག་གོ། དེ་ལྟར་ཟུང་དུ་འཇུག་རྒྱུའི་ཡ་གཉིས་མི་ཤེས་ན་ཟུང་འཇུག་མི་ཤེས་པས་དེ་ གཉིས་བཤད་ན་རང་བྱིན་བརླབ་ནི། རིམ་ལྔ་ལས། རླུང་དང་ཡང་དག་ལྡན་པ་ཡི། །རྣམས་ཤེས་གསུམ་པོ་དེ་ཉིད་སླར། །རྣལ་འབྱོར་པ་ཡི་ལུས་སུ་འབྱུང༌། །སྒྱུ་མའི་ལུས་སུ་དེ་ལ་བཤད། །ཅེས་གསུངས་པ་ལྟ་བ། ཉེར་ཐོབ་ཀྱི་མཐར་ལུགས་བཟློག་ཏུ་ 5-6-60a ཞུགས་པའི་ཡེ་ཤེས་གསུམ་དང་། ཤིན་ཏུ་ཕྲ་བའི་རླུང་འོད་ཟེར་ལྔ་ཙམ་ལས་གྲུབ་པའི་འཇའ་ལུས་རྡོ་རྗེ་སེམས་དཔའི་སྐུ་སྟེ། ཀུན་རྫོབ་བདེན་པ་སྒྱུ་མ་ཉིད། །ལོངས་སྤྱོད་རྫོགས་པའི་སྐུ་ཡང་དེ། །དེ་ཉིད་དྲི་ཟའི་སེམས་ཅན་ཡིན། །རྡོ་རྗེའི་ སྐུ་ཡང་དེ་ཉིད་གང་། །རྡོ་རྗེ་སེམས་དཔའ་རང་ཉིད་དེ། །ཞེས་རྣམ་གྲངས་མང་པོས་གསུངས་ཏེ་བར་དོ་ལོངས་སྐུ་ཞེས་ཀྱང་བྱའོ། །དེ་ནི་སྒྱུ་མའི་སྐུ་འགྲུབ་ལུགས་ཐུན་མོང་མ་ཡིན་པའོ། །འོད་གསལ་ནི། སྒྱུ་མའི་སྐུ་དེ་སྔོན་དུ་བཏང་ནས་སྣང་བ་གསུམ་རྣམ་ པར་དག་པའི་དེ་ཁོ་ན་ཉིད་དང་། ལྷན་ཅིག་སྐྱེས་པའི་དགའ་བ་གཉིས་ཆུ་ལ་ཆུ་བཞག་པ་བཞིན་དུ་རོ་གཅིག་ཏུ་ཞུགས་པའི་ཐམས་ཅད་སྟོང་པའི་ཡེ་ཤེས་སོ། །དེ་ནས་བདེ་བ་དང་དེ་ཁོ་ན་ཉིད་ཀྱི་སྟོང་པ་གཉིས་རོ་གཅིག་ཏུ་གྱུར་པའི་དོན་གྱི་ལྷན་སྐྱེས་ནི་འདིའི་ ལུགས་ཀྱིས་བདེ་སྟོང་དབྱེར་མེད་ཡིན་ཀྱང་། ཟུང་འཇུག་གི་ཡ་གཅིག་ཡིན་གྱིས་ཟུང་འཇུག་མིན་ནོ། །ཡང་དེ་གཉིས་ཟུང་དུ་འཇུག་ལུགས་ནི་འོད་གསལ་གྱི་རིམ་པ་མན་ཆད་དུ། རླུང་སེམས་ཙམ་ལས་གྲུབ་པའི་སྒྱུ་མའི་ལུས་ཡོད་དུས་ན། སེམས་དེ་ཁོ་ན་ཉིད་ དང་རོ་གཅིག་ཏུ་ཞུགས་པའི་འོད་གསལ་གྱི་ཡེ་ཤེས་མེད་ཅིང་། ཕྱི་མ་ཡོད་དུས་སྔ་མ་མེད་པས་རེས་འཇོག་ཏུ་གྱུར་པའི་ཕྱིར་ཟུང་འཇུག་མེད་དོ། །གང་གི་ཚེ་ལྷན་ཅིག་སྐྱེས་པའི་བདེ་བ་དང་བདག་མེད་པའི་དེ་ཁོ་ན་ཉིད་ཀྱི་སྟོང་པ་གཉིས་རོ་གཅིག་ཏུ་ཞུགས་ པའི་འོད་གསལ་ཐོབ་པ་ལས། ལུགས་བཟློག་ཏུ་ཞུགས་པའི་ཚེ་སྣང་བ་གསུམ་གྱི་ཡེ་ཤེས་དང་། དེའི་བཞོན་པའི་རླུང་འོད་ཟེར་ལྔ་ཙམ་ལས་འཇའ་ལུས་རྡོ་རྗེའི་སྐུ་འགྲུབ་པ་དེའི་ཚེ། ལུས་དེ་ཉིད་དུ་གནས་བཞིན་པའི་ངང་ནས་སེམས་འོད་གསལ་ལ་ 5-6-60b ལ་ཞུགས་པ་གཉིས་དུས་མཉམ་དུ་འབྱུང་ཞིང་། དེ་གཉིས་ཀྱང་ངོ་བོ་དབྱེར་མེད་པའི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་དུ་གྱུར་པས་ཟུང་འཇུག་གི་གོ་འཕང་ཞེས་བྱ་སྟེ། དེ་ལ་ཡང་སློབ་མ་དང་མི་སློབ་པའི་ཟུང་འཇུག་གཉིས་ཡོད་དོ། །བཤད་རྒྱུད་རྡོར་ཕྲེང་ ལས། བཅུ་བཞི་པ་ནི་དོན་དམ་སྟེ། ཞེས་དབང་བཞི་པ་དོན་དམ་བྱང་ཆིབ་ཀྱི་སེམས་སུ་བཤད་པ་དང་། རིམ་ལྔར་དབང་འདི་ལེན་པ་ལ་དོན་དམ་བྱང་ཆུབ་ཀྱི་སེམས་བླང་བར་གསུངས་པ་ནི། བདེ་སྟོང་དབྱེར་མེད་ཙམ་ལ་མི་བྱ་སྟེ། ལེའུ་གཉིས་པར་ རྡོ་རྗེ་གསུམ་མི་ཕྱེད་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པར་གསུངས་པ་ལ་དྲང་ངེས་ཀྱི་བཤད་པ་གཉིས་མཛད་པའི་ངེས་དོན་གྱི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཟུང་འཇུག་གི་སྐུ་སྐྱེད་པ་ལ་གསུངས་པའི་ཕྱིར་དང་། བྱང་ཆུབ་ཀྱི་སེམས་རྡོ་རྗེ་དང་རྡོ་རྗེ་འཆང་གཉིས་ མཚན་གྱི་རྣམ་གྲངས་ཡིན་ལ། ཟུང་འཇུག་རྡོ་རྗེ་འཆང་ནི་ངེས་དོན་གྱི་རྡོ་རྗེ་འཆང་ཡིན་པའི་ཕྱིར་རོ། །དེས་ན་རྒྱུད་གཞན་ལས་བདེ་སྟོང་དབྱེར་མེད་ཀྱི་ལྷན་སྐྱེས་ལ་དབང་བཞི་པར་བཤད་པའི་དགོངས་པ་ཡང་ཟུང་འཇུག་ལུགས་འདིས་བཤད་པ་ལྟར་ ཤེས་ནས་བཤད་དགོས་ཏེ། གཞན་དུ་ན་ཡེ་ཤེས་ཀྱི་སྐུ་མེད་པས་ཡ་གྱལ་ཙམ་ལས་མེད་པའི་ཕྱིར་རོ། །སྔར་བཤད་པ་ལྟར་བུའི་ཟུང་འཇུག་གི་དོན་བླ་མས་སློབ་མ་ལ་ངེས་པར་བྱས་པ་ཉིད་ཀྱིས་བཞི་པའི་དབང་བསྐུར་རིན་ཆེན་ཚིག་གིས་བྱིན་པར་ འགྲོ་བས་བརྡ་དོན་ལེགས་པོར་འབྱོར་དགོས་སོ། །གསུམ་པ་ནི། དེ་ལྟ་བུའི་ཟུང་འཇུག་དང་དབང་གསུམ་པའི་སྐབས་གཉིས་དཔེ་དོན་དུ་སྦྱར་ནས་དབང་བཞི་པ་བསྐུར་དགོས་ཏེ། འདུས་པའི་རྒྱུད་ཕྱི་མ་ལས། དེ་ཡང་དེ་བཞིན་བཞི་པ་ཡང་། ཞེས་ 5-6-61a གསུངས་ཤིང་རྒྱུད་གཞན་ལས་ཀྱང་། བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །དེའི་དོན་ཇི་ལྟར་དབང་གསུམ་པའི་སྐབས་སུ་རང་འདོད་པའི་ལྷའི་རྣམ་པ་ཅན་དང་། དེ་ཡང་ལྷ་མོར་སྣང་བའི་རིག་མ་དང་ཁ་སྤྱོར་བའི་རྣམ་ པར་སྣང་བའི་ལུས་དང་། སེམས་ལྷན་ཅིག་སྐྱེས་པའི་དགའ་བ་བདག་མེད་པའི་དོན་ལ་ཞུགས་པ་གཉིས་དུས་གཅིག་ཏུ་ཡོད་པ་དེ་བཞིན་དུ། དོན་གྱི་དབང་བཞི་པ་ཡང་ལུས་སྒྱུ་མའི་ལོངས་སྐུར་གནས་པའི་དུས་ན། སེམས་འོད་གསལ་ལ་ཞུགས་པ་ གཉིས་མཉམ་དུ་གནས་སོ། །ཞེས་པ་ནི་དེ་བཞིན་གྱི་དོན་ནོ། །ཡང་གི་སྒྲས་ནི་སྔ་མ་ལ་ལྷན་སྐྱེས་ཀྱི་བདེ་བ་ཡོད་པར་མ་ཟད། བཞི་པ་ལ་ཡང་ཡོད་པར་བསྟན་ཏེ་བདེ་བ་ཆེན་པོའི་ཡན་ལག་གོ། །དེ་ལྟར་དུ་དཔེ་དོན་སྦྱར་བས་ནི་དོན་གྱི་དབང་བཞི་པ་དེ། ཡན་ལག་ བདུན་གྱི་གཙོ་བོ་ལོངས་སྤྱོད་རྫོགས་པ་དང་ཁ་སྦྱོར་དང་བདེ་བ་ཆེན་པོའི་ཡན་ལག་གསུམ་དང་ལྡན་པར་བསྟན་ཏེ། ཡན་ལག་ལྷག་མ་བཞི་ཡང་དོན་གྱིས་ཚང་ངོ་། །འདི་ནི་ཡན་ལག་བདུན་ལྡན་རྩ་འགྲེལ་དང་། སྦྱོར་བ་བདུན་པའི་ལེགས་པར་བཤད་ པ་ཡིན་ཏེ། རྒྱས་པར་ལམ་གྱི་རིམ་པར་བཤད་ཟིན་ཞིང་མངས་པས་འཇིགས་ནས་ཁུངས་རྣམས་མ་བྲིས་སོ། །ཡན་ལག་བདུན་ལྡན་ལས། དེ་ལྟར་དེ་བཞིན་བཞི་པ་ཡང་། །ཞེས་བཏོན་ནས་དེ་ལྟར་གྱི་སྒྲས་ངོ་བོའི་དཔེ་དོན་དང་། དེ་བཞིན་གྱི་སྒྲས་ སྐྱེད་པའི་རྒྱུའི་དཔེ་དོན་སྦྱར་ལ། དེ་བཞིན་གྱི་སྒྲ་གཅིག་པུ་ལས་མེད་ན་སྔར་ལྟར་བྱས་ཀྱང་ཆོག་གོ། གཉིས་པ་ནི། སྔར་བཤད་པ་ལྟར་གསོལ་བ་འདེབས་པའི་སློབ་མ་ལ་གདོང་གཡོགས་མ་བཅིངས་ཀྱང་ཆོག་པས། བླ་མས་འདི་ལྟར་བརྗོད་པར་བྱ་སྟེ། 5-6-61b འདིར་དབང་བཞི་པ་བསྐུར་བ་ནི་ཟུང་འཇུག་གི་གདམས་ངག་གི་སྣོད་རུང་དུ་སྒྲུབ་པའི་ཆེད་ཡིན་ལ་དེ་ཡང་དོན་གྱི་དབང་བཞི་པ་ཟུང་འཇུག་ཏུ་ངོ་སྤྲད་པའི་ཚིག་གིས་སྐུར་བ་ཡིན་པས། ཟུང་འཇུག་གི་གོ་བ་སྐྱེད་དགོས་དེའི་གོ་བ་སྐྱེད་ཚུལ་ནི། བཞི་པ་དེ་ཡང་དེ་བཞིན་ནོ། ། ཞེས་དབང་གསུམ་པའི་སྐབས་དང་བཞི་པ་གཉིས་དཔེ་དོན་དུ་སྦྱར་ནས་སྟོན་པར་གསུངས་པས། དེའི་ཚུལ་ཅུང་ཟད་བཤད་ན་ཁྱེད་ཀྱིས་དབང་གསུམ་པ་ཐོབ་པའི་སྐབས་སུ་རང་དང་རིག་མ་གཉིས་ཀྱི་ལུས་འདོད་ལྷ་ཡབ་ཡུམ་དུ་སྣང་བཞིན་པའི་དུས་ན། སེམས་ལྷན་ཅིག་སྐྱེས་པའི་དགའ་བས་དེ་ཁོ་ན་ཉིད་ཀྱི་དོན་ངེས་པ་གཉིས་མཉམ་དུ་ཡོད་པ་དེ་བཞིན་དུ། དོན་འདི་གོམས་པར་བྱས་པ་ལས། མཐར་རླུང་སེམས་ཙམ་ལས་གྲུབ་པའི་ལོངས་སྤྱོད་རྫོགས་པའི་ཡེ་ཤེས་ཀྱི་སྐུ་རང་སྣང་གི་རིག་མ་དང་ཁ་ སྦྱོར་བའི་ལུས་ཅན་དང་། དེའི་དུས་ཉིད་ན་ཐུགས་ལྷན་ཅིག་སྐྱེས་པའི་དགའ་བ་དང་། སྟོང་པ་ཉིད་གཉིས་རོ་གཅིག་ཏུ་ཞུགས་པའི་འོད་གསལ་ཐམས་ཅད་སྟོང་པ་གཉིས་ངོ་བོ་དབྱེར་མེད་པའི་གཉིས་སུ་མེ་དཔའི་ཡེ་ཤེས་ཟུང་འཇུག་གི་གོ་འཕང་མངོན་དུ་བྱེད་ དེ། དེ་ནི་ཐོབ་བྱ་དོན་གྱི་དབང་བཞི་པ་ཡིན་ནོ་ཞེས། ད་ལྟ་ལུས་འཇའ་ལུས་ཀྱི་སྐུ་དང་སེམས་འོད་གསལ་དང་རོ་གཅིག་པ་མ་ཐོབ་ཀྱང་། དེ་གཉིས་དང་རྣམ་པ་རྗེས་སུ་མཐུན་པའི་མོས་པ་ཡིད་བྱེད་དབང་གསུམ་པའི་དུས་ན་ཉམས་སུ་མྱོང་བ་འདིའི་རྒྱུན་གོམས་ པར་བྱས་པ་ལས་ཟུང་འཇུག་འགྲུབ་ཚུལ་གྱི་ངེས་པ་བསྐྱེད་དོ། །དེ་འདྲ་བའི་དོན་དེ་རྩ་རྒྱུད་ལས་རྣམ་སྣང་གིས་གསུངས་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཚིགས་སུ་བཅད་པས་སློབ་མ་ལ་སྟོན་པའི་ཚུལ་ནི། རྡོ་རྗེ་སློབ་དཔོན་གྱིས་སློབ་མ་རྡོ་རྗེ་འཛིན་པ་ 5-6-62a གཉིས་པ་ལྟ་བུར་བལྟས་ལ། དངོས་པོ་ཐམས་ཅད་དང་བྲལ་བ། ཕུང་པོ་ཁམས་དང་སྐྱེ་མཆེད་དང་། གཟུང་དང་འཛིན་པ་རྣམ་སྤངས་པ། །ཆོས་ལ་བདག་མེད་མཉམ་ཉིད་པས། །རང་སེམས་གཟོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་ རང་བཞིན་ནོ། །ཞེས་བརྗོད་ཅིང་དེའི་དོན་འོད་གསལ་དང་དག་པའི་སྒྱུ་མའི་སྐུ་གཉིས་སུ་མེད་པ་ཟུང་འཇུག་ཡིན་པ་ལ་དམིགས་པ་སྟེ་བསམས་ནས་དོན་དེ་བཤད་ལ་ཡེ་ཤེས་ཀྱི་དབང་བཞི་པ་བསྐུར་རོ། །དེ་ལ་དངོས་པོ་ཐམས་ཅད་ནི་སྣོད་ཀྱི་འཇིག་རྟེན་ཏེ་ དེ་དང་བྲལ་བ་དང་། བཅུད་ཀྱི་ཕུང་ཁམས་སྐྱེ་མཆེད་ཀྱི་བདག་ཉིད་ཅན་གྱི་གཟུང་འཛིན་སྤངས་པའི་དོན་ནི། སྣོད་བཅུད་ཀྱི་གཉིས་སྣང་ཐམས་ཅད་དག་པ་ཆོས་བདག་མེད་པ་འོད་གསལ་ལོ། །དེ་དང་མཉམ་པ་སྟེ་རོ་གཅིག་ཏུ་ཞུགས་པས་རང་གི་སེམས་ གཟོད་མ་ནས་རང་བཞིན་གྱིས་མ་སྐྱེས་པ་དང་། ཟུང་དུ་འཇུག་པའི་རྡོ་རྗེ་གསུམ་མི་ཕྱེད་པའི་འཇའ་ཚོན་ལྟ་བུའི་ལུས་འོད་གསལ་སྟོང་པའི་ཡེ་ཤེས་ཀྱི་ངོ་བོ་སྟེ། ས་ཆེན་པོ་ལ་བཞུགས་པའི་རྒྱལ་སྲས་རྣམས་ཀྱི་མིག་གི་སྤྱོད་ཡུལ་ཙམ་ཡིན་པའི་ ཕྱིར་རོ། །ཞེས་འོད་གསལ་དང་དག་པའི་སྒྱུ་མའི་སྐུ་གཉིས་ངོས་བཟུང་ནས་དེ་གཉིས་ཟུང་དུ་འཇུག་ལུགས་བསྟན་ཏོ། །གསུམ་པ་ནི། དེ་དག་གིས་དོན་དམ་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། དབང་བཞི་པ་ཚིག་དབང་རིན་པོ་ཆེ་ཐོབ། ལུས་ངག་ ཡིད་གསུམ་གྱི་སྒྲིབ་པའི་བག་ཆགས་འཁྲུད་པའི་ནུས་པ་བཞག །བདེན་གཉིས་དབྱེར་མེད་ཟུང་འཇུག་གི་རྫོགས་རིམ་སྒོམ་པ་སོགས་ལ་དབང་བར་བྱས། འབྲས་བུ་ཟུང་འཇུག་རྡོ་རྗེ་འཆང་གི་སྐུ་མངོན་དུ་འགྱུར་བའི་སྐལ་བ་ཅན་དུ་བྱས་ 5-6-62b སོ། །ཞེས་བཤད་དོ། །གསང་བ་གྲུབ་པ་ལས། དབང་བཞི་པ་བསྐུར་བའི་རྗེས་སུ་ཆོས་བཤད་པའི་རྗེས་གནང་བྱ་བར་གསུངས་པ་བཞིན་འཕགས་པ་ལྷས་ཀྱང་བཞེང་པས། ཆོས་འཁོར་བསྐོར་བའི་རྗེས་གནང་སོགས་དབང་བཞི་པའི་རྗེས་སུ་བྱས་ ཀྱང་མི་འགལ་མོད། དེས་གཟུང་དུ་མི་དགོས་པར་སྔར་བཞིན་བཤད་དོ། །དེ་ནས་མཎྜལ་དབུལ་ཞིང་ཡོན་གཞན་གཉིས་དབུལ་བ་ནི་སྔར་བཤད་པ་ལྟར་རོ། །གསུམ་པ་དཀྱིལ་འཁོར་གྱི་མཇུག་གི་ཆོ་ག་ལ་གཉིས། ཉེ་བར་བསྡུ་བའི་ཆོ་ག་དང་། ཚོན་དང་ ཕུར་བུ་སོགས་སྡུད་པའི་ཆོ་གའོ། །དང་པོ་ནི། ཆོ་གའི་ཆད་ལྷག་གི་ཉེས་པ་ཞི་བའི་ཕྱིར་དུ་ཞི་བ་དང་། ལྷ་ཚིམ་པའི་ཕྱིར་དུ་རྒྱས་པའི་སྦྱིན་སྲེག་བྱ། རྫས་ཀྱི་སྦྱིན་སྲེག་མ་གྲུབ་ན་བསམ་གཏན་གྱིས་ཀྱང་རུང་ངོ་། །རང་གིས་དཀྱིལ་འཁོར་མཆོད་ཅིང་ ཐམས་ཅད་ཀྱིས་ནུས་པ་ཅི་ཡོད་པས་མཆོད་ཅིག་ཅེས་བསྒོ་ལ། སློབ་མ་ལ་སོགས་པ་ཡང་མཆོད་དུ་གཞུག །དེར་ཞུགས་པ་རྣམས་ཀྱང་བཟང་བཅའ་དང་བལྡག་པ་དང་ཆང་ལ་སོགས་པ་དཀྱིལ་འཁོར་ལ་ཕུལ་བས་ཚིམ་པར་བྱ་ཞིང་། དེ་དག་ དང་ལྷན་ཅིག་ཏུ་མཚན་མོ་མི་ཉལ་བར་གླུ་གར་ལ་སོགས་པ་དང་། བྱང་ཆུབ་ཀྱི་སེམས་རྟོགས་པས་མཆོད་ནས། ཁྱེད་རྣམས་ཀྱིས་འཇུག་པ་འདི་སུ་ལ་ཡང་མ་སྨྲ་ཞིག་ཅེས་བསྒོའོ། །དེ་ནས་སློབ་མ་རྣམས་ནང་དུ་བཞག་ལ། རང་གིས་ཕྱི་རོལ་ཏུ་ ཕྱོགས་ཀྱི་མཆོད་གཏོར་བྱས་ཏེ། ནང་དུ་ཞུགས་ནས་དཀྱིལ་འཁོར་ལ་ཕྱག་འཚལ་ཏེ། གཙོ་བོ་ལ་མཆོད་ཡོན་ལ་སོགས་པ་ཕུལ་ནས་དགེ་བ་བསྔོ་ཞིང་། དཀྱིལ་འཁོར་ལན་གསུམ་བསྐོར་ཏེ་ཤར་སྒོར་གཙོ་བོ་ལ་ཕྱོགས་པས་འདུག་ནས་ཆད་ 5-6-63a ལྷག་གི་ཉེས་པ་ཞི་བའི་དོན་ཏུ་ཡི་གེ་བརྒྱ་པ་ལན་གསུམ་བརྗོད་དོ། །དེ་ནས་མེ་ཏོག་དང་བཅས་པའི་ཐལ་མོ་སྙིང་གར་སྦྱར་ལ་མ་ཚང་བ་ལ་སོགས་པའི་ཉེས་པ་ཞི་བར་བྱ་བའི་ཕྱིར་བཟོད་པར་གསོལ་ཏེ། གང་ཡང་བདག་བློ་ རྨོངས་པ་ཡིས། །ཉེས་བྱས་ཅུང་ཟད་གང་བགྱིས་པ། །གང་ཕྱིར་ལུས་ཅན་སྐྱབས་ཡིན་ཕྱིར། །མགོན་ཁྱོད་དེ་ཀུན་བཟོད་པར་གསོལ། །མ་རྙེད་ཡོངས་སུ་མ་ཤེས་དང་། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བྱ་བ་གང་བགྱིས་པ། །དེ་ཀུན་གཙོ་ བོས་བཟོད་མཛད་རིགས། །ཞེས་བརྗོད་ཅིང་མངོན་པར་འདོད་པའི་དོན་འགྲུབ་པར་གསོལ་བ་གདབ་ལ། བདག་ལ་དངོས་གྲུབ་མཆོག་སྩལ་ལགས། ཏིང་འཛིན་ཀུན་གྱི་འབྲས་བུ་སྩལ། །སེམས་ཅན་ཀུན་ལ་ཅི་འདོད་པར། །དངོས་གྲུབ་བླ་ན་མེད་པ་ སྩལ། །སླར་ཡང་གཤེགས་པར་མཛད་པའི་ཕྱིར། །རང་གི་གནས་གཤེགས་བཛྲ་མུཿ ཞེས་བརྗོད་ལ་ཡེ་ཤེས་པ་གཤེགས། །རང་གིས་སྤྲུལ་པའི་དམ་ཚིག་པ་རྣམས་རང་གི་ཕུང་པོ་དང་ཁམས་དང་མིག་ལ་སོགས་པ་དང་། ལག་པ་ལ་ སོགས་པའི་རང་བཞིན་དུ་གཞུག རང་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཀྱི་འོད་ཟེར་གྱིས། སེམས་ཅན་ཐམས་ཅད་ལ་དབང་བསྐུར་ཞིང་རེག་པས་ཐམས་ཅད་དྲི་མ་དང་བྲལ་ནས་ཧཱུཾ་དུ་གྱུར་པ་ལས་སྐྱེས་པའི་རྡོ་རྗེ་འཆང་ དང་། སྣོད་གཞལ་ཡས་ཁང་གི་རང་བཞིན་དུ་བལྟའོ། །ཉེ་བར་བསྡུ་བའི་ཆོ་ག་སྟེ་བཅུ་དགུ་པའོ།། །།གཉིས་པ་ནི། མཚན་མོ་སྔར་ལྟར་ཉེར་བསྡུ་བྱས་པའི་ནང་བར་སྔ་བའི་དུས་སུ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཱཾ་ཨ་དྱཱ་ནུདྤ་ནྣ་ 5-6-63b ཏྭཏ། ཨོཾ་ཨཱཿཧཱུཾ་ཕཊ་སྭཱཧཱ། ཞེས་འདོན་ཞིང་ཆོས་ཐམས་ཅད་རང་བཞིན་གྱིས་སྐྱེ་བ་མེད་པར་མོས་པས། དྲིལ་བུ་འཁྲོལ་ཞིང་རྡོ་རྗེ་དང་བཅས་པའི་ལག་པས། ཐོག་མར་མཚན་མ་རྣམས་མཐའ་ནས་རིམ་གྱིས་བསྡུ། དེ་ནས་རྡོ་རྗེ་ཤར་སྒོ་ནས་ བརྩམས་ཏེ་ཚངས་ཐིག་གི་ལམ་ནས་གཙོ་བོའི་གནས་ཀྱི་བར་དབྱི་ཞིང་། རང་གི་མགོར་རྡུལ་ཚོན་ཅུང་ཟད་ཙམ་བླུག་ནས་པདྨ་ལ་སོགས་པ་དབྱིའོ། །དེ་ནས་ལག་པར་གནས་པའི་རྡོ་རྗེའི་རྩེ་མོས་སྒོ་རྣམས་དང་ཟུར་རྣམས་གཞིག །རྡུལ་ཚོན་ལྷག་མ་ རྣམས་ལེགས་པར་ཕྱགས་ཏེ་ཞི་བ་ལ་སོགས་པ་དོན་དུ་གཉེར་བ་ལ་ཅུང་ཟད་བྱིན་ནས། གཞན་ཐམས་ཅད་རྣམ་རྒྱལ་ལམ་བུམ་པ་གཞན་གོས་ཀྱིས་བརྒྱན་པར་བླུགས་ཏེ། བཀྲ་ཤིས་ཀྱི་གླུ་དང་རོལ་མོའི་སྒྲ་དང་གདུགས་ལ་སོགས་པ་དང་མཆོད་པ་ དང་ལྡན་པས་ཁྱེར་ཏེ། འབབ་ཆུ་ཆེན་པོའམ་མཚོ་ཕྲན་ཆུ་ཟབ་མོའི་འགྲམ་དུ་ཀླུའི་དཀྱིལ་འཁོར་བྱས་ལ་མཆོད་གཏོར་ཕུལ་ཏེ། དེ་རྣམས་ལ་རྡུལ་ཚོན་གཏད་ནས་ཆུ་ལ་བསྐུར་ཞིང་། དེ་རྣམས་ཀྱིས་ཀྱང་བཀུར་སྟི་ཆེན་པོས་འོག་གི་གཞིར་ཁྱེར་བར་ བསམ་མོ། །རྡུལ་ཚོན་ཁྱེར་བའི་བུམ་པ་ཆུས་བཀང་ནས་ཁྱེར་འོངས་ཏེ། ཞི་བའི་དོན་དུ་དཀྱིལ་འཁོར་གྱི་ཁང་པ་ལ་སོགས་པར་གཏོར་བར་བྱའོ། །དེ་ནས་རང་ཁམས་གསུམ་རྣམས་རྒྱལ་གྱི་ང་རྒྱལ་འཆང་བས་གཡོན་བརྐྱང་གིས་གནས་ཤིང་། རྡོ་ དྲིལ་བཟུང་བའི་ལག་པ་རྡོ་རྗེ་ཁུ་ཚུར་གཉིས་ཀྱི་འཛུབ་མོ་ལྕགས་ཀྱུ་བཞིན་བྱས་ཏེ། ཕན་ཚུན་འཁྱུད་པ་སྐམ་པའི་ཕྱག་རྒྱས། ཨོཾ་བཛྲ་ཀཱི་ལ་ཨུ་ཏ་ཀཱི་ལ་ཡ་སརྦ་བིགྷྣན་བཛྲ་དྷ་ར་ཡ་ཨ་ཛྙཱ་པ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཧོཿཞེས་བཟླས་ཏེ་ཕུར་བུ་རྣམས་ 5-6-64a དབྱུང་ལ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷ་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནི་སྭཱཧཱ། ཞེས་འོ་མ་ལ་བརྒྱ་རྩ་བརྒྱད་བཟླས་ཏེ་ཕུར་བུ་རྣམས་བཀྲུས་པས། བགེགས་རྣམས་སོས་ཏེ་སངས་རྒྱས་པར་བསམས་ལ་ཁུང་བུ་བཀང༌། དེ་ནས་ཕུར་བུའི་ལྷ་རྣམས་ གཤེགས་སུ་གསོལ་ཞིང་། ཕུར་བུའི་སྐུད་པ་རྣམས་བཀྲོལ་ཏེ་སྣོད་གཙང་མར་བཞག་ལ་ཙནྡན་གྱི་ཆུས་བསང་གཏོར་བྱ་ཞིང་། ཨོཾ་ཨཱཿཧཱུཾ་སཏྭ་ཨཪྠཿ ཀུ་རུ་སྭསྟི་སྭཱཧཱ། ཞེས་བཟླས་ཏེ་སོ་སོའི་གནས་སུ་བཞག་གོ། དེ་ནས་སྔར་ཕྱོགས་སོ་སོར་བཀོད་ པའི་ཁྲོ་བོའི་རྒྱལ་པོ་རྣམས་དང་། ཕྱོགས་སྐྱོང་རྣམས་ལ་ཕྱི་ནང་གི་མཆོད་པས་མཆོད། གླུ་གར་རོལ་མོ་དང་བཅས་པས་གཏོར་མ་བཏང་ལ། ཁྲོ་བོ་རྣམས་རང་ལ་བསྡུ་བ་འམ་གཤེགས་སུ་གསོལ། ཕྱོགས་སྐྱོང་འཁོར་བཅས་རང་གནས་སུ་གཤེགས་ པར་བསམ་མོ། །ཕུར་བུ་དང་སྐུད་པ་བསྡུ་བ་སྟེ་ཆོ་ག་ཉི་ཤུ་པའོ།། །།དཀྱིལ་འཁོར་ལ་ཕུལ་བའི་ཡོ་བྱད་ཇི་ལྟར་སྤྱོད་པ་ནི། དེ་ནས་སློབ་དཔོན་གྱིས་ནི་ནོར། །མཁོ་བའི་ཡོ་བྱད་ཀུན་བསྡུས་ནས། །རང་ཉིད་ཀྱིས་ནི་སྤྱད་པར་བྱ། །སློབ་མ་སོགས་ཀྱིས་ ཅུང་ཟད་མིན། །རྨང་འཛུགས་པ་དང་རབ་གནས་དང་། །སྦྱིན་སྲེག་འཁོར་ལོའི་ནོར་གང་ཡིན། །དེ་ཀུན་སློབ་དཔོན་ཁོ་ནའི་ཞེས། །རྡོ་རྗེ་འཛིན་པ་མཆོག་ཉིད་གསུང་། །ཞེས་གསུངས་པ་ལྟར་བྱ། སྤྱི་རྒྱུད་ལས་ཀྱང་དཀྱིལ་འཁོར་གྱི་ཡོ་བྱད་ཐམས་ཅད་སློབ་དཔོན་ ཉིད་དབང་ལ། སློབ་མ་ལ་བགོ་བཤའ་བྱས་ན་དམ་ཚིག་ཉམས་པ་དང་། སློབ་དཔོན་མི་འདོད་ན་གདུགས་དང་རྔ་ཡབ་དང་དྲིལ་བུ་སོགས་སངས་རྒྱས་དང་། བ་དན་དང་བདུག་སྤོས་དང་དྲི་ལ་སོགས་པ་ཆོས་དང་། གོས་དང་སྣོད་སྤྱད་སོགས་དགེ་འདུན་ལ་ 5-6-64b དབུལ། དགེ་འདུན་མེད་ན་དགེ་སློང་ངམ་དགེ་སློང་མའམ་དགེ་བསྙེན་ལ་སྦྱིན་པར་བཤད་ཅིང་། བཟའ་བ་དང་ནི་བཅའ་བ་རྣམས། །ཅི་དགར་ཕོངས་པ་རྣམས་ལ་སྦྱིན། །ཁྱི་དང་བྱ་རོག་ལ་སོགས་ལ། །ཅུང་ཟད་ཙམ་ཡང་མི་སྦྱིན་ནོ། །ཞེས་གསུངས་སོ། །དགེ་འདུན་ གྱི་སྟོན་མོ་བྱ་ཞིང་། །ཚོགས་ཀྱི་འཁོར་ལོས་བླ་མ་དང་སྒོའི་སློབ་དཔོན་དང་ལས་ཀྱི་རྡོ་རྗེ་ལ་སོགས་པ་རྣམས་མཉེས་པར་བྱའོ། །དམངས་རིགས་སྟོང་ཕྲག་གཉིས། བྲམ་ཟེ་གཙང་མ་གཅིག་དང་། བྲལ་ཟེ་སྟོང་ཕྲག་གཉིས་དགེ་སློང་གཅིག་དང་། དགེ་སློང་སྟོང་ ཕྲག་གཉིས་རྡུལ་མེད་པ་གཅིག་དང་། རྡུལ་མེད་སྟོང་ཕྲག་གཉིས་ཡེ་ཤེས་ལྡན་པ་གཅིག་དང་། ཡེ་ཤེས་ལྡན་པ་སྟོང་ཕྲག་གཉིས་རྡོ་རྗེ་སློབ་དཔོན་གཅིག་དང་མཉམ་པར་གསུངས་པས། བླ་མ་ནི་སྦྱིན་ཞིང་བླ་ན་མེད་པར་ཤེས་པར་བྱས་ནས་ མཉེས་པར་བྱས་ན། མཁའ་འགྲོ་མ་རྣམས་སྤྲིན་བཞིན་དུ་འདུག་ཞིང་དངོས་གྲུབ་གཉིས་བདེ་བླག་ཏུ་འགྲུབ་པར་གསུངས་སོ། རྡོ་རྗེ་ཐེག་པའི་ལམ་གྱི་རྨང་འཛུགས་དབང་གི་ཆོ་གས་གདུལ་བྱའི་རྒྱུད་ལ་འབྲས་བུ་སྐུ་བཞིའི་ས་བོན་ཁྱད་པར་ཅན་ཐེབས་པ་དང་། དངོས་གྲུབ་འགྲུབ་པའི་གེགས་སྒོ་གསུམ་གྱི་དྲི་མ་རྣམས་འཁྲུད་ནུས་པ་དང་། གདམས་པའི་མཆོག་རྒྱུད་དང་དགོངས་འགྲེལ་ཟམ་མོ་རྣམས་ཉན་པ་སོགས་ཀྱི་སྣོད་རུང་དུ་སྒྲུབ་པ་ནི་རྣམ་པར་དག་པའི་དབང་རྫོགས་པར་ཐོབ་ཅིང་། དེའི་དུས་སུ་ཁས་བླངས་ པའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྡོམ་པ་དང་དམ་ཚིག་རྣམས་ལེགས་པར་ཤེས་ནས་ཚུལ་བཞིན་དུ་བསྲུང་ཞིང་། ཐུན་བཞིའི་རྣལ་འབྱོར་ལ་བརྩོན་པས་ལྷའི་གསལ་སྣང་བརྟན་པར་བསྒྲུབས་པ་དང་། དེའི་ཐུགས་སྐུལ་བའི་བཟླས་པས་རྡོ་རྗེ་ 5-6-65a སེམས་དཔའ་མཉེས་པར་བྱས་པ་ཅིག་གིས། སྣོད་ལྡན་གྱི་སློབ་མ་ལ་རྒྱུད་སྡེ་དང་དེའི་དགོངས་འགྲེལ་གྱི་ཁུངས་ཐུབ་ཀྱི་གཞུང་ནས་འབྱུང་བ་ལ་གཞི་བྱས། དམ་པ་སྔ་མའི་ཕྱག་ལེན་རྣམ་པར་དག་པ་མཐོང་བ་བརྒྱུད་པའི་མན་ངག་ གི་བརྒྱན་ཞིང་ཆོ་གའི་ཡན་ལག་ཕྲ་རགས་ཐམས་ཅད་དམིགས་ཕྱེད་པར་བྱས་ཏེ་དབང་བསྐུར་བ་ཞིག་ལ་རག་ལས་པས། བློ་གྲོས་དང་ལྡན་པ་རྣམས་ཀྱིས་དེ་འདྲ་བའི་རྗེས་སུ་སློབ་པ་ལ་བརྩོན་པར་བྱའོ། །འདིར་མ་བཤད་པའི་ཆོ་ག་ཕྲ་རགས་ཐམས་ ཅད་ཀྱི་ཡིད་ཆེས་པའི་ཁུངས་དང་། དེ་དག་གི་དོན་དམིགས་ཕྱེད་པའི་བཤད་པ་དང་། ཁྱད་པར་དུ་དབང་གི་དོན་ཐམས་ཅད་ལམ་གྱི་རིམ་པར་བསྒྲིགས་ནས། རྣམ་པར་དག་པའི་དབང་ལ་ངེས་པ་ཐུན་མོང་མ་ཡིན་པ་བསྐྱེད་པའི་ཚུལ་ནི། རྡོ་རྗེ་འཆང་ཆེན་ པོའི་ལམ་གྱི་རིམ་པར་བཤད་ཟིན་པ་ལས་ཤེས་པར་བྱས་ཏེ། སྔར་བཤད་པ་བཞིན་སྣོད་ལྡན་པ་དབང་བསྐུར་ན་རྡོ་རྗེ་ཐེག་པའི་བསྟན་པ་ཐམས་ཅད་རང་གཞན་གྱི་རྒྱུད་ལ་རྒྱས་པར་བྱེད་ནུས་པ་ཡིན་ནོ། །རྣམས་དག་དབང་ཐོབ་དམ་ཚིག་སྲུང་ལ་ བརྩོན། །ཐུན་བཞིའི་སྦྱོར་བས་ཐ་མལ་སྣང་ཞེན་བཟློག །མཆོད་དང་བཟླས་པས་ལྷག་པའི་ལྷ་མཉེས་བྱས། ཆོ་ག་ཐམས་ཅད་རྒྱུད་བཞིན་ཤེས་པ་དེས། སྙིང་ནས་ཐར་པ་དོན་གཉེར་སྣོད་ལྡན་ལ། །རང་རང་སྐབས་ཀྱི་ཆོ་ག་མ་འདྲེས་པར། ། ལེགས་པར་ཕྱེ་ནས་ཐབས་མཁས་རྟེན་འབྲེལ་ནི། །ཚུལ་བཞིན་སྒྲིགས་པ་དེ་ལ་གློ་བ་དགའ། །རྣམ་དག་དབང་གིས་དམན་ཞིང་བསྲུང་སྡོམ་ལྷོད། །ཐུན་བཞིའི་རྣལ་འབྱོར་མ་གོམས་བཟླས་མི་བརྩོན། །ཚིག་ཙམ་བྱང་དང་དེ་ཡང་མེད་པ་ཡིས། ། 5-6-65b གཞན་དག་སྣོད་རུང་འདོད་ན་ད་དུང་སྦྱོངས། །ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས་དཔའ་ཡི། །ཞལ་གྱི་པདྨ་ལས་འོངས་རྒྱུད་སྡེའི་གཞུང་། སྟོང་ཕྲག་སུམ་ཅུ་གསུམ་གྱི་རྩ་བ་མཆོག །དཔལ་ལྡན་འདུས་པ་ཐུགས་ཀྱི་རྡོ་རྗེ་ཡི། །དཀྱིལ་འཁོར་ཆེན་པོར་ དབང་བསྐུར་ཆོ་ག་འདི། །ལམ་འདིར་སྒྲུབ་པ་སྙིང་པོར་བྱེད་པ་ཡི། །སྡོམ་བརྩོན་མང་པོས་རིང་ནས་བསྐུལ་བའི་ངོར། །གྲུབ་པ་མཆོག་བརྙེས་ཀླུ་བྱང་གཞུང་བཞིན་སྦྱར། །རྩ་རྒྱུད་བཤད་རྒྱུད་གཉིས་ལས་གསུངས་པའི་དབང་། །གསང་བ་གྲུབ་པར་ རྫོགས་རིམ་དབང་ཙམ་བཤད། །རིམ་ལྔ་སྤྱོད་པ་བསྡུས་པས་བསྐྱེད་རིམ་གྱི། །དབང་དགུ་རྫོགས་རིམ་དབང་རྣམས་མདོར་བསྡུས་གསུངས། །དེར་གསུངས་དབང་དགུ་ཀླུ་ཡི་བྱང་ཆུབ་ཀྱིས། །རྒྱས་པར་བཤད་པའི་གཞུང་རྣམས་གུང་བསྒྲུགས་ཤིང་། ། དེ་ཡི་ཁ་སྐོང་ཟླ་བ་གྲགས་པ་དང་། །སྒྲ་གཅན་འཛིན་དཔལ་བཤེས་གཉེན་ནཱ་རོ་པ། །འཇིགས་མེད་འབྱུང་གནས་དམ་ཚིག་རྡོ་རྗེ་ཡི། །གཞུང་གིས་མེད་མི་རུང་རྣམས་ཁ་བསྐངས་པ། །འདི་ནི་དཀྱིལ་ཆོག་འདི་ཡི་ཁྱད་པར་ཏེ། །དེ་ཕྱིར་འདིར་འབད་ངོ་མཚན་ མེད་པ་མིན། །ཚུལ་འདིར་རིང་དུ་འབད་ལས་རབ་སྦྱར་མོད། །འོན་ཀྱང་བདག་ཅག་ཚུ་རོལ་མཐོང་བའི་བློ། །ཉམ་ཆུང་རྒྱུད་སྡེའི་དགོངས་པ་དཔག་པར་དཀའ། །དེ་ཕྱིར་གང་ནོངས་གནོང་ཞིང་འགྱོད་པས་བཤགས། །བླ་མའི་དྲིན་གྱིས་ལེགས་པར་བཤད་ པའི་ཆ། །ཇི་སྙེད་མཆིས་པས་བསྐྲུན་པའི་དགེ་བ་ཡིས། །འགྲོ་ཀུན་ལམ་བཟང་འདི་དང་མི་འབྲལ་ཞིང་། །རྒྱལ་བའི་བསྟན་པ་ཕྱོགས་བཅུར་རྒྱས་པར་ཤོག །ཅེས་དཔལ་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག་དབང་གི་དོན་གྱི་དེ་ 5-6-66a ཉིད་རབ་ཏུ་གསལ་བ་ཞེས་བྱ་བ་འདི་ནི་འདུས་པའི་ལམ་མ་སྒྲུབ་པ་སྙིང་པོར་བྱེད་པའི་སྡོམ་བརྩོན་མང་པོས་བསྐུར་བའི་དོན་དུ། དཔལ་གསང་བ་འདུས་པའི་རྣལ་འབྱོར་པ་བློ་བཟང་གྲགས་པའི་དཔལ་གྱིས་འོལ་ཁའི་དབེན་གནས་ བསམ་གཏན་གླིང་དུ་སྦྱར་བའོ།། སརྦ་མངྒལཾ།། 5-6-66b empty page 5-7-1a ༄༅། །གསང་འདུས་བསྐྱེད་རིམ་གྱི་ཟིན་བྲིས་བཞུགས་སོ།། 5-7-1b ༄༅། །བླ་མ་དང་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འདུས་པའི་སྒྲུབ་ཐབས་རྣལ་འབྱོར་དག་པའི་རིམ་པ་ལ་མཆོད་པར་བརྗོད་ཅིང་རྩོམ་པར་དམ་བཅའ་བ། གཞུང་ གི་དོན་དངོས་གཏན་ལ་དབབ་པ། ཡོངས་སུ་རྫོགས་པ་མཇུག་གི་དོན་དང་གསུམ། གཉིས་པ་ལ་གང་གིས་སྒྲུབ་པ་རྟེན་གྱིས་གང་ཟག །གང་དུ་བསྒྲུབ་པ་གནས་ཀྱི་དེ་ཉིད། །ཇི་ལྟར་ བསྒྲུབ་པ་ལམ་གྱི་རིམ་པའོ། །དང་པོ་ནི་ལམ་འདིར་འཇུག་པའི་གང་ཟག་ནི། དང་པོར་སངས་རྒྱས་ཀྱི་ཐེག་པ་སྟེ་ཐུན་མོང་བ་ཕར་ཕྱིན་གྱི་ཐེག་པ་ལ་བསླབས་པ་དགོས་ཤིང་། མཚན་ ཉིད་ཀྱི་ཐེག་པ་ལ་སངས་རྒྱས་ཀྱི་ཐེག་པ་ཞེས་པ་དང་། སྔགས་ཀྱི་ཐེག་པ་ལ་ཐེག་པ་གསར་བ་ཞེས་པའི་བརྡའ་འདོགས་པ་ནི་འཕགས་པ་ཡབ་སྲས་ཀྱི་ལུགས་ཡིན་ནོ། །མཚན་ 5-7-2a ཉིད་ཀྱི་ཐེག་པ་ལས་གསུངས་པའི་ལམ་སྨོན་འཇུག་གི་སེམས་གཉིས་ལ་དགེ་བའི་བཤེས་གཉེན་གྱིས་ལེགས་པར་ཁྲིད་ནས་མྱོང་བ་ཅུང་ཟད་རྙེད་པ་ནི་ངེས་པར་དགོས་ཏེ། ལག་ན་ རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། ལག་ན་རྡོ་རྗེས་སྨྲས་པ། འཇམ་དཔལ་གང་དག་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་ཞུགས་པ་དང་། གང་གི་ཚེ་དེ་དག་གིས་བྱང་ཆུབ་ཀྱི་སེམས་གྲུབ་པར་གྱུར་པ་དེའི་ཚེ། འཇམ་དཔལ་བྱང་ཆུབ་སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོ་ནས་སྤྱོད་པའི་བྱང་ཆུབ་སེམས་དཔའ་དེ་དག་ཡེ་ཤེས་ཆེན་པོར་དབང་བསྐུར་བའི་གཟུངས་སྔགས་ཀྱི་དཀྱིལ་འཁོར་དུ་གཞུག་ པར་བྱའི། གང་དག་གིས་བྱང་ཆུབ་ཀྱི་སེམས་རྫོགས་པར་མ་གྱུར་པ་དེ་དག་ནི་གཞུག་པར་མི་བྱ་སྟེ། དེ་དག་ནི་དཀྱིལ་འཁོར་ཡང་བལྟར་མི་གཞུག་གོ། དེ་དག་ལ་ནི་ཕྱག་རྒྱ་དང་གསང་སྔགས་ 5-7-2b ཀྱང་བསྟན་པར་མི་བྱའོ། །ཞེས་དབང་བསྐུར་བའི་སྔ་རོལ་ཏུ་བྱང་ཆུབ་ཀྱི་སེམས་རྫོགས་པར་བྱ་བར་གསུངས་པའི་ཕྱིར་རོ། །འོ་ན་དེ་ཙམ་གྱིས་ཆོག་གམ་ཞེ་ན་དེས་མི་ཆོག་སྟེ། གཉིས་སུ་པའི་ཡེ་ཤེས་ནི་དཔལ་ཏེ་དེ་ཉིད་རང་གི་ངོ་བོར་ལྡན་པ། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་འདུས་པ་མི་བསྐྱོད་པ་ལྷ་སོས་གཉིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་སྐུ་གསུམ་གྱི་ས་བོན་འཇོག་ནུས་པ་ཚིག་རྗེས་སུ་འབྲངས་པ་ཙམ་མ་ཡིན་པར་དམིགས་ལེགས་པར་ཕྱེད་པ་ཐོབ་ པ་དགོས་ཏེ། ལམ་གྱི་ཆ་མ་ལུས་པའི་ས་བོན་ཐེབས་ནས་རྒྱུད་སྣོད་རུང་དུ་གྱུར་པ་དགོས་པའི་ཕྱིར་རོ། །དེ་ལྟར་སྣོད་རུང་དུ་གྱུར་ནས་ཀྱང་དབང་བསྐུར་བ་དེའི་དུས་སུ་བླ་མ་རྒྱལ་བ་སྲས་བཅས་དབང་དུ་བཞག་ནས་ཁས་བླངས་པའི་ དམ་ཚིག་དང་སྡོམ་པ་བསྲུང་བ་ལ་བརྩོན་པ་དགོས་ཏེ། སྡོམ་པ་འབྱུང་བ་ལས། ཅི་སྟེ་དངོས་གྲུབ་མཆོག་འདོད་ན། །སྲོག་ནི་ཡོངས་སུ་གཏོང་ཡང་བླ། །འཆི་བའི་དུས་ལ་བབ་ཀྱང་བླ། །རྟག་ཏུ་དམ་ཚིག་བསྲུང་བར་བྱ། །ཞེས་ སྲོག་དང་བསྡོས་ནས་བསྲུང་དགོས་པར་གསུངས་པའི་ཕྱིར། གལ་ཏེ་མ་བསྲུངས་ན་དངོས་གྲུབ་མི་འཐོབ་ཅིང་ངན་འགྲོ་ལྟུང་བའི་ཕྱིར་རོ། །དེའང་རྩེ་མོ་ལས། བསྐལ་པ་བརྒྱ་ཕྲག་དག་ཏུ་ནི། །ཅི་སྟེ་མངོན་པར་བརྩོན་བྱས་ཀྱང་། །གང་ཟག་བཞི་ནི་ འཇིག་རྟེན་དུ། །བསྒྲུབས་ཀྱང་འགྲུབ་པ་ཉིད་མི་འགྱུར། །བྱང་ཆུ་སེམས་ནི་མ་སྐྱེས་དང་། །ཐེ་ཚོམ་ལྡན་པ་ཉིད་དང་ནི། །དཀའ་བཞིན་དུ་ནི་མི་སྤྱོད་པ། །དད་པ་མེད་ཉིད་འགྲུབ་མི་འགྱུར། །ཞེས་དང་། མཉམ་སྦྱོར་ལས། དཀྱིལ་འཁོར་དག་ཏུ་མ་ཞུགས་ 5-7-3a དང་། །དམ་ཚིག་རྣམས་ནི་སྤངས་པ་དང་། གསང་བའི་དེ་ཉིད་མི་ཤེས་པས། །བསྒྲུབས་ཀྱང་ཅི་ཡང་འགྲུབ་མི་འགྱུར། །ཞེས་སོ། །དེ་བཞིན་དུ་རྩ་བའི་ལྟུང་བ་བྱུང་ན། མཁའ་འགྲོ་དང་འབྱུང་པོས་སྲོག་འཕྲོག་ཅིང་ དམྱལ་བར་འགྲོ་བ་དང་། སྦོམ་པོའི་ཉེས་དམིགས་ཀྱང་དེ་དང་འདྲ་བར་འབྱུང་བ་དང་། དམ་ཚིག་ཉམས་པའི་ཕྱག་དང་མཆོད་པ་སོགས་ཀྱང་སངས་རྒྱས་ཀྱིས་མི་བཞེས་པ་དང་། དེ་ཤ་ཟ་སོགས་ཀྱིས་ཟོས་ཀྱང་སྟོན་པས་བསྐྱབ་པར་མི་མཛད་པར་རྒྱུད་ ལས་གསུངས་པ་རྩ་ལྟུང་གི་རྣམ་བཤད་དུ་དྲངས་པ་རྣམས་ཤེས་པར་བྱ་ཞིང་། ལྟུང་བ་དེ་ཡིས་ངན་འགྲོར་འཁྲིད་པའི་ཆའམ་ནུས་པ་དེ་སྟོབས་བཞིའི་སྒོ་ནས་འདག་པར་ནུས་ཀྱང་། ཡོན་ཏན་གོང་ནས་གོང་དུ་འགྲོ་བའི་ནུས་པ་བཀག་ནས་རྒྱུད་ཆུད་ ཟོས་པར་བྱེད་པ་ནི་འདག་པར་མི་ནུས་པར་གསུངས་པས། དང་པོ་ནས་ལྟུང་བས་མགོས་པ་ཉིད་ལ་འབད་པར་བྱའོ། །དམ་ཚིག་བསྲུངས་ན་ལམ་བསྒོམ་པ་ཆེར་མ་བྱུང་ཡང་སྐྱེ་བ་བདུན་ལ་སོགས་པ་ཚུན་ཆད་ཀྱིས་མཆོག་འགྲུབ་པ་དང་། དམ་ཚིག་ ཡལ་བར་དོར་ནས་མངོན་རྟོགས་སོགས་ལ་འབད་པ་ལྟར་བྱས་ཀྱང་དངོས་གྲུབ་ལྟ་ཞོག་བདེ་འགྲོའང་རྙེད་དཀའ་སྟེ། གསང་བའི་མཛོད་ལས། དབང་བསྐུར་ཡང་དག་སྦྱིན་ལྡན་ན། །སྐྱེ་དང་སྐྱེ་བར་དབང་བསྐུར་འགྱུར། །དེ་ཡིས་སྐྱེ་བ་བདུན་ལ་ ནི། །མ་བསྒོམས་པར་ཡང་དངོས་གྲུབ་འཐོབ། །གང་ལས་སྡོམ་པ་དང་ལྡན་ཞིང་། །གལ་ཏེ་དམ་ཚིག་སྡོམ་ལ་གནས། །སྐྱེ་འདིར་ལས་དབང་གིས་མ་གྲུབ། །སྐྱེ་བ་གཞན་དུ་དངོས་གྲུབ་འཐོབ། །རེ་ཞིག་དམ་ཚིག་ཉམས་པ་ལ། །དངོས་གྲུབ་ 5-7-3b འཐོབ་པ་ལྟ་ཞོག་གི། མི་ཡི་སྐྱེ་བ་རྙེད་པར་དཀའ། །ཞེས་དང་། དམ་ཚིག་ལྔ་པ་ལས་ཀྱང་། གལ་ཏེ་ལྟུང་བ་མེད་གྱུར་ན། །སྐྱེ་བ་བཅུ་དྲུག་ངག་ན་འགྲུབ། །ཅེས་སོགས་གསུངས་སོ། །དེ་ལྟར་ན་བྱང་ཆུབ་ཀྱི་སེམས་སྦྱང་བ། །དབང་རྣམ་དག་ལེན་པ། དམ་ཚིག་ དང་སྡོམ་པ་ཚུལ་བཞིན་བསྲུང་བ་དང་གསུམ་པོ་འདི་མེད་མི་རུང་གི་སྔོན་འགྲོའི་མཆོག་ཡིན་པས། གདམས་ངག་དམ་པ་རྒྱུད་སྡེའི་སྙིང་པོ་ཕྱུང་བ་ཡིན་པས་གལ་ཆུང་དུ་མི་བཞག་པར་ཐོག་མ་ཉིད་དུ་དེ་གསུམ་ཚགས་སུ་ཆུད་པ་ཞིག་བྱ་དགོས་སོ། ། འདི་དག་གཙིགས་མེད་དུ་དོར་ནས་བླ་མ་མདུན་དུ་བསྒོམས་ནས་འོད་ཟེར་སྤྲོ་བསྡུ་བྱེད་པའི་དམིགས་ལ་ཐན་ཐུན་དང་། ཡིག་བརྒྱ་མཎྜལ་ལ་སྔོན་འགྲོའི་མཆོག་ཏུ་བྱེད་པ་ནི། གསུང་རབ་གདམས་པར་ཤར་བའི་བཤེས་གཉེན་གྱིས་མ་ཟིན་ཞིང་། མདོ་ སྔགས་ཀྱི་གཞུང་ལ་མ་སྦྱངས་པས་ལམ་གྱི་འགྲོ་ཚུལ་ལ་གོ་བ་མ་ཆགས་པས་ལན་པ་ཡིན་ཏེ། དམ་ཚིག་དང་སྡོམ་པའི་སྐོར་རྣམས་ལེགས་པར་ཤེས་ན་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་པོའི་གདམས་པ་ཤིན་ཏུ་རྒྱས་པ་དེ་ནས་འོང་བ་ཡིན་པས། བླ་མའི་རྣལ་འབྱོར་ཞེས་པ་དེ་དམིགས་པ་ཐུན་རེ་ཙམ་ཁོ་ན་ལ་ཟེར་བ་མིན་ནོ། །དེ་ལྟར་ཆོས་གསུམ་དང་ལྡན་པའི་སྒྲུབ་པ་པོ་དེས། བླ་མ་ལས་ལྷའི་རྣལ་འབྱོར་བསྒོམ་པའི་གནང་བ་ཐོབ་པ་སྟེ། གནང་བ་ཞུ་བ་འདི་མ་རྒྱུད་པ་རྣམས་ཀྱི་ལུགས་ལ་སྣང་ ཞིང་། འཕགས་སྐོར་གྱི་མདོར་བྱས་ཀྱི་འགྲེལ་པ་ཁ་ཅིག་ལས་ཀྱང་འབྱུང་ངོ་། །གཉིས་པ་ནི། རྩ་རྒྱུད་ལས། དགོན་པ་ཆེན་པོའི་ས་ཕྱོགས་ནི། མེ་ཏོག་འབྲས་བུ་སོགས་པས་བརྒྱན། །རི་བོ་དབེན་པའི་ས་ཕྱོགས་སུ། །དངོས་གྲུབ་ཐམས་ཅད་བསྡུས་པས་ 5-7-4a འགྲུབ། །ཅེས་པའི་དོན་འདིར་བཀོད་པ་ཡིན་ལ། འདི་ལ་སྒྲོན་གསལ་དུ་བཤད་པའི་ཚུལ་མང་དུ་ཡོད་ཀྱང་འདིར་ནི་སྒྲས་ཟིན་ཚོད་ཀྱི་དོན་ཉིད་གཟུང་བར་བྱ་བ་ཡིན་ནོ། །གནས་དེར་ཕྱག་བདར་དང་ཆག་ཆག་གདབ་པ་དང་མེ་ཏོག་ བཀྲམ། རྡོར་དྲིལ་ལ་སོགས་པའི་ཆས་རྣམས་དང་ལྡན་པར་བྱའོ། །སྐབས་འདི་ནས་བསམ་གཏན་གྱི་ཁང་པ་བསྒྲུབ་དགོས་པ་ཡིན་ལ་དེའི་ཚུལ་ནི་འོག་ཏུ་བཤད་པར་བྱའོ། །གནས་དེར་འཇམ་པའི་སྟན་ལ་ཁ་ཤར་དུ་ཕྱོགས་ནས་བསྒྲུབ་པར་བཤད་ཅིང་། འཕྲིན་ལས་བསྒྲུབ་པའི་དུས་སུ་ཕྱོགས་ཀྱི་ངེས་པ་ཤིན་ཏུ་དགོས་ཤིང་། བསྙེན་པའི་སྐབས་སུ་མ་གྲུབ་ན་ཕྱོགས་བཏགས་པ་ཙམ་ཡིན་པའི་བསམ་པས་གང་ཡང་རུང་བའི་ཕྱོགས་སུ་བསྟན་པས་ཆོག་གོ། །སེམས་དཔའི་སྐྱིལ་ཀྲུང་ནི་རྡོ་རྗེ་སྐྱིལ་ ཀྲུང་ལས་རྐང་པ་གཡོན་གདན་ལ་ཕབ་ནས་གཡས་བརླ་སྟེང་དུ་བཞག་པ་སྟེ། མགོན་པོ་ཀླུ་སྒྲུབ་ཀྱིས། འཇམ་པའི་སྟན་ལ་འདུག་ནས་ནི། །སེམས་དཔའི་སྐྱིལ་ཀྲུང་ལེགས་གནས་ཏེ། །ཞེས་མདོར་བྱས་སུ་གསུངས་སོ། །གསུམ་པ་ལ་བསྐྱེད་རིམ་སྤྱིའི་ རྣམ་གཞག་དང་། མངོན་པར་རྟོགས་པའི་རིམ་པ་བཤད་པའོ། །དང་པོ་ནི། བཤད་རྒྱུད་རྡོ་རྗེ་ཕྲེ་བ་ལས། རྣལ་འབྱོར་རྗེས་སུ་རྣལ་འབྱོར་དང་། །ཤིན་ཏུ་རྣལ་འབྱོར་རྣལ་འབྱོར་ཆེ། །དང་པོའི་སྦྱོར་བ་མདོར་བསྡུས་པ། །དེ་བཞིན་དཀྱིལ་འཁོར་རྒྱལ་ པོ་མཆོག །ལས་ཀྱི་རྒྱལ་མཆོག་རྣལ་འབྱོར་མཆོག །ཅེས་གསུངས་ཏེ། རང་དོན་སྐུ་གསུམ་གྱི་གོ་འཕང་བསྒྲུབ་པ་ལ་དང་པོ་སྦྱོར་བ། གཞན་དོན་འཕྲིན་ལས་ཕུན་ཚོགས་བསྒྲུབ་པ་ལ་དཀྱིལ་འཁོར་རྒྱལ་མཆོག་དང་ལས་རྒྱལ་མཆོག་གཉིས་ 5-7-4b ཡིན་ཞིང་། ཏིང་ངེ་འཛིན་རྒྱལ་མཆོག་ལའང་ཐ་མལ་གྱི་སྐྱེ་འཆི་བར་དོ་གསུམ་སྦྱངས་ནས་དེའི་དོད་ལ་སྐུ་གསུམ་འོང་བའི་ཐབས་རྣལ་འབྱོར་རྣམ་པ་བཞིར་ངེས་པར་གསུངས་སོ། །དེ་དག་ཀྱང་ཞིབ་ཏུ་ཕྱེ་ན་དེ་ཉིད་བཞི་བཅུ་ཞེ་དགུར་འགྱུར་རོ། །དེ་བཞིན་དུ་བསྙེན་ སྒྲུབ་བཞི་དང་རྣལ་འབྱོར་དྲུག་ཏུ་རིམ་པ་དང་པོ་འདུ་བའི་ཚུལ་ཡང་མིང་དུ་གསུངས་ཏེ། སྤྱིའི་ཆིངས་དེ་རྣམས་ལ་ལེགས་པར་སྦྱངས་ནས་རིམ་པ་དང་པོའི་ལམ་ཡོངས་སུ་རྫོགས་པའི་གནད་ལ་གོ་བ་ཆགས་པ་དང་། དེའི་ལམ་ཚང་བ་དང་མ་ཚང་བའི་ མཚམས་རྣམས་ཤེས་པར་བྱས་ལ། རིམ་པ་དང་པོའི་གནད་ལ་གོ་བ་མ་ལོན་པར་བྱས་པའི་མངོན་རྟོགས་ལྷ་དམ་ཚིག་པ་བསྐྱེད་ཡེ་ཤེས་པ་བཅུག་དབང་བསྐུར་ནས་མཆོད་པ་ཙམ་རེ་བྱས་པའི་ཡིག་ཆ་རྣམས་ཀྱིས་མགོ་མི་འཁོར་བར། རྫོགས་རིམ་གྱི་ ལམ་ཐམས་ཅད་སྨིན་བྱེད་དུ་འགྲོ་བའི་གདམས་པ་ཡོངས་སུ་རྫོགས་པ་ལ་བསླབ་པར་བྱའོ། །གཉིས་པ་ལ་ཐུན་གྱི་ངོ་བོའི་རྣལ་འབྱོར་དང་། ཐུན་མཚམས་ཀྱི་རྣལ་འབྱོར་རོ། །དང་པོ་ལ་གསུམ། རྣལ་འབྱོར་དངོས་ཀྱི་སྔོན་འགྲོ་དང་། རྣལ་འབྱོར་དངོས་ གཞི་ཡན་ལག་དང་བཅས་པ་དང་། མཇུག་གི་བྱ་བའོ། །དང་པོ་ལ་གཉིས། མཐུན་རྐྱེན་བསྒྲུབ་པ་ཚོགས་བསགས་པ་དང་། འགལ་རྐྱེན་སེལ་བ་བསྲུང་བའི་འཁོར་ལོའོ། །དང་པོ་ནི་སྔོན་འགྲོ་གཏོར་མ་སྦྱིན་པར་མཚོ་སྐྱེས་དང་ནག་པོ་སྤྱོད་པས་གསུངས་ པས་ཕྱོགས་སྐྱོང་ལ་གཏོར་མ་ཕུལ་ནས་སྒྲུབ་པའི་བར་ཚད་ཞི་བའི་འཕྲིན་ལས་བཅོལ། རྒྱ་གཞུང་ཐམས་ཅད་ལས་ཐུན་མཚམས་སུ་ཡིག་བརྒྱ་ཟློ་བ་མ་གཏོགས་སྔོན་འགྲོ་ལ་མཛད་པའི་བཤད་པ་མེད་ཀྱང་། དམ་ཚིག་ཉམས་ཆགས་སྐོང་བའི་ 5-7-5a ཕྱིར་སྔོན་དུ་བཟླ་བར་བོད་ཀྱི་བླ་མ་རྣམས་བཞེད་ལ། དེ་ལྟར་བྱས་ཀྱང་འགལ་བ་མེད་དོ། །དེའི་ཚུལ་ནི། སངས་རྒྱས་ཀུན་གྱི་སྐུ་གཅིག་པུ། །པད་དཀར་ཟླ་བའི་དབུས་གནས་པ། །ཞེས་སོགས་རྡོར་སེམས་བསྒོམས་ནས་ཡིག་བརྒྱ་བཟླ་ བར་གསུངས་ལ། རང་ཉིད་དེར་བསྒོམ་པ་དང་རང་གི་སྤྱི་བོ་བསྒོམ་པ་གང་ཡིན་མི་གསལ་ལ། བོད་ཀྱི་བླ་མ་རྣམས་ཀྱིས་སྤྱི་བོར་བསྒོམས་པར་བཞེད་དོ། །ས་སྐྱ་བས་ཡུམ་རྡོ་རྗེ་སྙེམས་མ་གྲི་གུག་དང་ཐོད་བ་འཛིན་པས་ཡབ་རྡོར་སེམས་དཀར་པོ་རྡོར་དྲིལ་ འཛིན་པ་ལ་འཁྱུད་པར་བཤད་ཅིང་། རུས་རྒྱན་ཡང་བྱེད་ལ། རིན་པོ་ཆེ་བས་ཡུམ་རྡོར་དྲིལ་འཛིན་པ་དང་རིན་པོ་ཆེའི་རྒྱན་ཅན་དུ་བྱས་ནས་རུས་རྒྱན་དུ་མི་མཛད་དོ། །ཡུམ་གྱི་ཐོད་འཛིན་པ་རྒྱ་གཞུང་དུ་མི་གསལ་ལ། འདུས་པའི་སྐབས་སུ་ཡབ་ཀྱི་ཕྱག་ མཚན་ཡུམ་ལའང་འོད་བར་སྣང་ཞིང་། རིན་པོ་ཆེའི་རྒྱན་ཚང་བར་ཡོད་པ་ལ་རུས་བརྒྱན་བཤད་པ་མེད་ལ། རུས་རྒྱན་ཡོད་པ་རྣམས་ལའང་རིན་པོ་ཆེའི་རྒྱན་བཤད་པ་མེད་པས་རིན་པོ་ཆེ་བའི་ལུགས་ལྟར་བྱའོ། །དེ་ལ་ཡེ་ཤེས་པ་གཞུག་དབང་བསྐུར་ རྒྱས་བཏབ་མཆོད་ནས། བདག་ནི་མི་ཤེས་རྨོང་པ་ཡིས། །ཞེས་སོགས་ཀྱིས་གསོལ་བ་བཏབ་ནས་འོད་ཟེར་སྤྲོ་བསྡུ་ལན་གཉིས་བྱེད་པ་ས་སྐྱ་པ་ལ་མེད་ཀྱང་རིན་པོ་ཆེ་བ་བཞེད་པ་ལྟར་བྱས་པས་མཆོག་ལ། རྗེས་སུ་གསོལ་བདག་བྱེད་པ་ས་སྐྱ་པ་ལ་ ཡོད་ཀྱང་ཡོད་དུ་འདུན་པ་དྲག་པོས་གསོལ་བ་བཏབ་ན་དེས་ཁྱབ་པས་རིན་པོ་ཆེ་བའི་ལུགས་ལྟར་བྱས་པས་ཆོག་གོ། ཡིག་བརྒྱ་ཉེར་གཅིག་རེ་བཟླས་ན་ལྟུང་བ་མི་འཕེལ་བ་དང་འབུམ་དུ་བཟླས་ན་ཉེས་པ་ཀུན་འདག་པར་གསུངས་སོ། །བླ་མའི་རྣལ་ 5-7-5b འབྱོར་ནི། མདུན་དུ་བླ་མ་རྡོ་རྗེ་འཆང་དུ་བསྒོམས་ནས་མཆོད་པ་སོགས་ཏེ། དང་པོར་བསྟན་པའི་ཕན་ཡོན་མ་བསྟེན་པའི་ཉེས་དམིགས་བསམས་ནས་ཡིད་འཁུལ་བ་རེ་བྱ། དེ་ནས་བླ་མའི་སྐྱོན་བརྗོད་ནས་སངས་རྒྱས་དངོས་སུ་བཞུགས་པ་ལ་སྨད་པ་ དང་ཉེས་པ་མཉམ་པ་དང་། བླ་མའི་གྲིབ་མ་ཡན་ཆད་ལ་འགོམས་ན་མཆོད་རྟེན་བཤིག་པའི་ཉེས་པ་དང་མཉམ་པ་དང་། མཚམས་མེད་པ་ལྔ་བྱས་པས་ཀྱང་དངོས་གྲུབ་ཐོབ་པ་སྲིད་ལ་བླ་མ་ལ་སྨད་པས་དངོས་གྲུབ་འཐོབ་མི་སྲིད་པར་གསུངས་ པ་རྣམས་བསམས་ལ་བླ་མའི་སྐྱོན་རྟོག་པ་མ་ཤོར་བར་བྱེད་པའི་སྡོམ་སེམས་མང་དུ་བཏང་། དེ་ནས་བླ་མའི་ཡོན་ཏན་དྲན་པར་བྱས་པ་དད་པ་བསྒོམ་ཏེ། རྡོ་རྗེ་སློབ་དཔོན་དེ་དཀྱིལ་འཁོར་གྱི་གཙོ་བོ་དང་ཡོན་དབུལ་བ་དངོས་གྲུབ་ཞུ་བ་གཉིས་ཀྱི་ ཡུལ་དུ་མཉམ་པ་དང་། བླ་མའི་ཕུང་པོ་ལྔ་རིགས་ལྔ་སོགས་སུ་བཞུགས་པ་དང་། བླ་མའི་སྐུ་ལུས་ལས་སངས་རྒྱས་བཞུགས་ནས་མཆོད་པ་ལེན་པ་དང་། བླ་མ་ཡོན་ཏན་ཆེ་ཆུང་གང་ཡིན་ཀྱང་བླའི་སྔགས་ཀྱིས་འབྲེལ་ཕྱིན་ཆད་རྡོ་རྗེ་སློབ་དཔོན་དེ་དང་། ཡི་ དམ་གྱི་ལྷ་གཉིས་རང་ལ་དངོས་གྲུབ་གྲུབ་སྟེར་བའི་ཡུལ་ལ་ཁྱད་པར་མེད་པའི་ཚུལ་རྣམས་ཤེས་པར་བྱས་ནས་དད་གུས་དྲག་པོ་མ་སྐྱེས་ཀྱི་བར་དུ་བསྒོམ། དེ་ནས་མཆོད་བསྟོད་བྱ་ཞིང་ཏིང་ངེ་འཛིན་གྱི་དབང་བླང་པར་བྱས་ལ་བླ་མ་རང་ལ་བསྟིམ་མོ། །ཏིང་ ངེ་འཛིན་གྱི་དབང་གིས་དབང་བཞི་ཐོབ་པའི་གོ་མི་ཆོད་ཀྱང་དབང་གསུམ་གྱིས་སྒོ་གསུམ་གྱི་སྒྲིབ་པ་སྦྱོང་བ་དང་སྒོ་བསྟུན་ནས་དབང་དེ་དག་ཐོབ་པར་མོས་པ་ཡིན་ནོ། །རྒྱལ་གཞུང་རྣམས་ལས་ཚོགས་ཞིང་གི་སྐབས་སུ་སྐྱབས་འགྲོ་སེམས་ 5-7-6a བསྐྱེད་བྱེད་པ་མ་གཏོགས་ཐོག་མར་མཛད་པ་མི་སྣང་ཡང་བོད་ཀྱི་ཕྱག་བཞེས་ལ་ཐོག་མར་མཛད་པ་ཡོད་པས་དེ་ལྟར་བྱའོ། །བོད་ཀྱི་ཕྱག་ལེན་ཁུངས་ཐུབ་ཀྱི་གཞུང་དང་མི་འགལ་བ་དེ་ལྟར་བྱས་ཀྱང་སྐྱོན་མེད་པ་རྣམས་ མི་འཆོས་པ་དང་ཁུངས་ཐུབ་ཀྱི་གཞུང་དང་འགལ་བ་རྣམས་འཆོས་པར་བཞེད་པས་དེ་ལྟར་བྱའོ། །སྒྲུབ་པ་ཐབས་ཀུན་བཟང་ལས། སྙིང་རྗེས་འཇིག་རྟེན་འདི་ནི་མ་ལུས་པ། །ལྟ་བའི་དྲ་བས་བཅིངས་ལ་དམིགས་ནས་ནི། །ཡང་དག་བྱང་ཆུབ་སེམས་ ནི་མཉམ་མེད་པ། །སྔགས་པས་ཆོ་ག་འདི་ལྟར་བསྒོམས་པར་བྱ། །ཞེས་པའི་དོན་འདིར་བཀོད་པ་ནི། དེ་ནས་བདག་གཉིས་སུ་འཛིན་པའི་བག་ཆགས་ཞེས་སོགས་ཡིན་ནོ། །འཕགས་ལུགས་ལ་ཚོགས་ཞིང་དང་བདུན་རྣམ་དག་གི་གསལ་ཁ་ཆེར་ མི་སྣང་ཡང་། ཡེ་ཤེས་ཞབས་སོགས་ལུགས་གཞན་ལ་ཡོད་པས་འདྲ་བར་དགོངས་ནས་རིན་པོ་ཆེ་བས་འདིར་དེ་དག་བསྣན་པར་སྣང་ལ། འདི་སྙིང་རྗེ་ཆེན་པོ་ལ་དམིགས་པའི་དེ་ཉིད་ཀྱི་མཚོན་དོན་ཡིན་ལ། ལྭ་བ་པས་ཨརྒྷཾ་ཕུལ་ལ་ཞེས་ པ་ཙམ་གསུངས་ཤིང་ཚོགས་རྫོགས་པ་དང་སྒྲིབ་པ་སྦྱོང་བའི་ཡན་ལག་ཡིན་པས་དེ་དག་ཤིན་ཏུ་ལེགས་སོ། །དེ་དག་གི་དོན་ལ་གསུམ་སྟེ། གང་གི་མདུན་དུ་ཚོགས་གསོག་པའི་ཡུལ་ཚོགས་ཞིང་སྤྱན་འདྲེན་པ། དེའི་སྤྱན་སྔར་ཚོགས་ ཇི་ལྟར་གསོག་པའི་ཚུལ། མཐར་ཚོགས་ཞིང་རང་གནས་སུ་གཤེགས་པའོ། །དང་པོ་ནི་སྔགས་པས་བྱ་བ་ཐམས་ཅད་ལྷའི་རྣལ་འབྱོར་གྱིས་བྱ་དགོས་པས་རང་ལྷག་པའི་ལྷ་མི་བསྐྱོད་པར་གསལ་གདབ། འདིར་རྒྱུ་རྡོ་རྗེ་འཛིན་པའི་ང་རྒྱལ་ 5-7-6b གྱིས་ཚོགས་ཞིང་སྤྱན་འདྲེན་པའི་ལུགས་འཇིགས་བྱེད་ཀྱི་སྒྲུབ་ཐབས་སོགས་སུ་ཡོད་ཀྱང་འདིར་འབྲས་བུ་རྡོ་རྗེ་འཛིན་པ་ཡིན་ནོ། །ཐུགས་ཀར་ཕྱག་མཚན་བསམ་པ་དཔལ་འབྲས་རྡོ་རྗེས་བཤད་ཅིང་། ས་བོན་རྐྱང་པ་བྱེད་པའང་མང་པས་བཤད་ པས་གང་རུང་གིས་ཆོག་ལ། འདིར་སླ་བའི་ཕྱིར་པད་ཉི་དང་ས་བོན་ཙམ་མཛད་པའོ། །དེས་ན་རང་ཉིད་དཀྱིལ་འཁོར་གྱི་གཙོ་བོ་མི་བསྐྱོད་པ་ཞེ་སྣང་རྡོ་རྗེར་གསལ་བའི་ཐུགས་ཀར་ཏེ། ནུ་མའི་བར་གྱི་དབུས་དྲང་པོར་སྣ་ཚོགས་པདྨ་ནི་ཕྱོགས་བཞི་དམར་ མེ་རླུང་སེར་དབང་ལྡན་ནག་བདེན་བྲལ་ལྗང་ནག་ལྟེ་བ་ལྗང་གེ་སར་སེར་བ་སྟེ་སྤྱིར་སྣ་ཚོགས་པདྨ་ལ་རིགས་མང་ཡང་འདིར་དེ་གཟུང་བར་བྱའོ། །ཧཱུཾ་སྔོན་པོར་བྱེད་པ་ནི་ལྷའི་ཁ་དོག་དང་བསྟུན་པའོ། །དེའི་འོད་ཟེར་གྱིས་ཚོགས་ཞིང་གསལ་ བར་བྱས་པ་དང་འོད་ཟེར་གྱི་སྣེ་མོར་ཚོགས་ཞིང་སྤྲུལ་པ་དང་འོད་ཟེར་གྱིས་མདུན་གྱི་ནམ་མཁའ་ལ་སྤྱན་འདྲེན་པ་དང་གསུམ་ཡོད་པ་ལས་འདིར་ཐ་མ་ལྟར་རོ། །སྤྱན་འདྲེན་པ་ལ་འོག་མིན་ནས་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་བྱས་ ནས་བཀུག་ཟིན་པ་དང་འདོ་ཟེར་རང་གི་སྙིང་གར་སྡུད་པ་ནི་ཨ་བྷ་ཡའི་ལུགས་སོ། །ཚོགས་ཞིང་སངས་རྒྱས་དང་བྱང་སེམས་སྤྱིའི་རྣམ་པ་ཅན་དུ་བྱེད་པ་ཡེ་ཤེས་ཞབས་ལུགས་སོགས་སོ། །སྒོམ་རྒྱུའི་དཀྱིལ་འཁོར་གྱི་རྣམ་པར་བྱེད་པ་ ལྭ་བ་པ་དང་མན་ངག་སྙེ་མར་བཤད་དོ། །རྡོ་རྗེ་གུར་ལས། བླ་མ་རྡོ་རྗེ་ཅན་མཆོད་ཅིང་། །བདུན་པོ་རྣམ་པར་དག་པར་བྱ། །ཞེས་བླ་མ་ལ་ཚོགས་གསོག་པར་གསུངས་ལ། བླ་མ་དང་གཙོ་བོ་ཐ་མི་དད་དུ་བྱེད་པར་གུར་འགྲེལ་ལས་བཤད། ལྭ་ 5-7-7a བ་པས་དཀྱིལ་འཁོར་གྱི་ཤར་དུར་ཁྲོད་ནང་དུ་རྡོ་རྗེ་སེམས་དཔའ་ལྟར་རྒྱན་ཐམས་ཅད་ཀྱིས་བརྒྱན་ནས་བཞུགས་པར་བཤད་པ་ལས། རིན་པོ་ཆེ་བས། བླ་མའི་བཞུགས་གནས་དམས་པ་ཡིན་པས་དེ་མི་འཐད་ལ་ དེས་ན་འདི་ལྭ་བ་པས་མཛད་པ་མིན་གསུངས་ཡང་། གསན་ཀྱི་སྒོ་ནས་དགག་པ་མི་འཐད་དེ། བཅོམ་ལྡན་འདས་གནོད་མཛེས་རྐང་མཐིལ་དུ་དགོད་པར་གསུངས་པའི་ཕྱིར་རོ། །ལྭ་བ་པས་མཛད་པ་ཡིན་པར་སྣང་བས་རྒྱུ་མཚན་དེས་མ་མཛད་པར་ བསྒྲུབ་པ་མི་འཐད་དོ། །གཉིས་པ་ལ་བདུན་རྣམ་དག་བྱང་བ་དང་། སྡོམ་པ་བཟུང་བ་གཉིས་ལས། དང་པོ་ལ་ཆོ་གའི་རིམ་པ་རྒྱས་པར་བཤད་པ། མདོར་བསྡུས་ཏེ་རྐང་གྲངས་བསྟན་པའོ། །དང་པོ་ལ་བདུན་ལས། མཆོད་པ་འབུལ་བ་ནི། ཚོགས་ ཀྱི་ཞིང་འདུས་པའི་དཀྱིལ་འཁོར་ཡང་ནམ་མཁའི་རྒྱ་དང་མཉམ་པར་བཞུགས་པ་ལ་མཆོད་པའི་ལྷ་མོའང་དེ་ཙམ་དུ་སྤྲུལ་ནས་མཆོད་པར་བྱ་ཞིང་། སྔགས་རྡོ་རྗེ་གསུམ་གྱི་ཡི་གེའི་བར་དུ་བཅུག་ནས་ཕུལ་བས་ཡི་གེ་གསུམ་གྱི་བྱིན་གྱིས་རླབ་པ་ ཡིན་ལ། ཨོཾ་ནི་སྔགས་ཀྱི་མགོ་འདྲེན་པ་དང་། སརྦ་ཏ་ཐཱ་ག་ཏ་ནི་དེ་བཞིན་གཤེགས་པ་ཐམས་ཅད། ཨརྒྷཾ་མཆོད་ཡོན། པཱུ་ཛ་མེ་གྷ་མཆོད་སྤྲིན། ས་མུ་དྲ་རྒྱ་མཚོ་སྟེ་མཆོད་སྔགས་འདི་རྣམས་བསྒྱུར་བས་མཆོད་པའི་ཚིག་ཏུ་འོང་བར་སྣང་ལ། གཤིན་རྗེ་གཤེད་སྐོར་དུ་ཧྲཱིཿཥྚིཿཧཿ ཞེས་སོགས་རྣམས་ཀྱིས་མཆོད་པ་མི་སྟོན་ཡང་མཆོད་སྔགས་སུ་འགྲོ་བར་སྣང་ངོ་། །འདོད་ཡོན་ལྔ་འབུལ་བར་མདོར་བྱས་ཀྱི་འགྲེལ་པ་ཟླ་འོད་ལས་འབྱུང་ལ། འབུལ་བའི་སྔགས་ལ་གོང་མ་རྣམས་ 5-7-7b ཡི་གེ་གསུམ་གྱི་བར་དུ་བཅུག་ནས་པཱུ་ཛ་མི་གྷ་སོགས་ཀྱིས་འབུལ་བར་མཛད་ནས། འདོད་ཡོན་ལྔ་སྔགས་གཞན་ལྟར་འབུལ་བའི་ཚུལ་ཞིག་རིན་པོ་ཆེ་པས་མཛད་སྣང་ནའང་ཉེར་སྤྱོད་རྣམས་འབུལ་བ་ལྟར་འདོད་ཡོན་ལྔ་འང་རུང་བས་སྔགས་གོང་མ་ དེ་ཉིད་ཀྱིས་རིགས་བསྒྲེས་ནས་ཕུལ་བས་ཆོག་གོ། གཉིས་པ་ཕྱག་འཚལ་བའི་ཡན་ལག་ནི། སྒྲུབ་ཐབས་འགའ་ཞིག་ཏུ་མདོར་བྱས་ཀྱི་མཆོད་བརྗོད་ཀྱིས་མཛད་ལ། དེར་གཙོ་བོ་ལ་ཕྱག་འཚལ་བ་བྱུང་ཡང་ལྷ་སོ་གཉིས་པོ་ཀུན་ལ་ཕྱག་འཚལ་བར་ མི་འགྲོ་ཞིང་ཚིགས་བཅད་འདི་རྣམས་རྒྱུད་ཕྱི་མར་བཞུགས་པ་ཡིན་ལ། འདི་དག་ལྷས་གཉིས་ལ་ཕྱག་འཚལ་བ་ཡིན་པར་ནོ་པས་བཤད་དོ། །འདི་ལ་གཤེགས་པ་གཤེགས་མ་སེམས་དཔའ་སེམས་མ་ཁྲོ་བོ་ལ་ཕྱག་འཚལ་བ་རྣམས་ལས། དང་པོ་ནི་ཕྱག་འཚལ་ལོ། །གང་ལ་ན། གང་ཞིག་གཟུགས་ཕུང་རྣམ་པར་དག་པའི་རྣམ་སྣང་དཀྱིལ་འཁོར་གྱི་གཙོ་བོ་བྱང་སེམས་རྡོ་རྗེ་དང་འདྲ་བ་སྟེ་སྤངས་རྟོགས་མཉམ་པ་དེ་ལ་ཕྱག་འཚལ་ལོ། །དེ་བཞིན་དུ་ཚོར་བ་རིན་འབྱུང༌། འདུ་ཤེས་ འོད་དཔག་མེད། འདུ་བྱེད་ཡོད་གྲུབ་པ། རྣམ་པར་ཤེས་པ་མི་བསྐྱོད་པ། གཟུགས་ནས་རེག་བྱའི་བར་སྐྱེ་མཆེད་ལྔ་ནི་གཟུགས་རྡོ་རྗེས་སོགས་ལྔ་དང༌། མིག་གི་དབང་པོ་སོགས་ལྔ་ནི་སའི་སྙིང་པོ་སོགས་ཡིན་ལ། ས་ཆུ་མེ་རླུང་བཞི་ ནི་གཤེགས་མ་བཞིའོ། སྒྲུབ་ཐབས་སུ་བྱམས་པ་རྩ་རྒྱུས་དང་ཀུན་བཟང་ཚིག་ལ་བཤད་ཅིང་དེ་ལྟར་ན་དེ་གཉིས་ལུས་དབང་གི་བྱེ་བྲག་ཏུ་འགྲོ་བར་སྣང་ནའང་རྒྱུད་ཀྱི་གླེང་གཞིར་ཆོས་དབྱིངས་རྡོ་རྗེ་ཞེས་པ་དང་ནམ་མཁའ་རྡོ་རྗེ་ཞེས་པ་ 5-7-8a གཉིས་འགྲེལ་པར་བྱང་སེམས་ཀུན་ཏུ་བཟང་པོ་དང་འཇམ་དབྱངས་ལ་བཤད་པས་འདིར་ཡང་དེ་ལྟར་བྱའོ། །དེས་ན་ཡིད་དབང་བྱམས་པར་བྱེད་པ་ལས་འོས་མེད་དོ། །ལྷ་རྣམས་གཙོ་འཁོར་གྱི་རྣམ་པར་ཡོད་པས་ སྤངས་རྟོགས་ལའང་ཁྱད་པར་ཡོད་དམ་སྙམ་ན་བྱང་ཆུང་སེམས་འདྲ་ཞེས་པས་རྡོ་རྗེ་འཆང་དང་སྤངས་རྟོགས་མཐོ་དམན་མེད་པའོ། །རྒྱ་ཆེ་བ་ནི་ལྷའི་སྐུ་ཡིན་ལ་དེ་དག་རྣམས་ལ་ཕྱག་འཚལ་བའོ། །ཁྲོ་བོ་ལ་ཕྱག་འཚལ་བ་ནི་གཏི་ མུག་རྣམ་པར་དག་པ་རྣམ་སྣང་གི་རིགས་ཅན་གཤིན་རྗེ་གཤེད་དང་། དེ་བཞིན་དུ་ཉེས་པ་ནི་ང་རྒྱལ་ཏེ་སྤྱི་མིང་བྱེ་བྲག་ལ་ཞུགས་པ་ང་རྒྱལ་ལ་ཉེས་པ་དང་སྒྲིབ་པའི་མིང་གིས་བཏགས་པ་མང་དུ་འབྱུང་ངོ་། །ང་རྒྱལ་རིན་འབྱུང་དེའི་རིགས་ཅན་ ཤེས་རབ་མཐར་བྱེད་དང་འདོད་ཆགས་ཆོས་ནི་འོད་དཔག་མེད་དེའི་རིགས་ཅན་རྟ་མགྲིན། རྡོ་རྗེ་ནི་དོན་གྲུབ་སྟེ། སྒྲོམ་ལ་ལ་བཛྲ་ར་ཏི་ཞེས་སོགས་ཡུམ་བཞི་རང་གི་ཡབ་ལ་དགའ་བ་ཞེས་འབྱུང་ཞིང་། དོན་གྲུབ་དང་དེ་ལ་དགའ་བས་ རྡོ་རྗེ་དགའ་མར་བཤད་པ་ལྟར་རོ། །དེའི་རིགས་ཅན་བགེགས་མཐར་བྱེད་དོ། །བཅས་པ་ནི་གོང་དུ་སྨོས་པའི་ལྷའི་ཚོགས་དེ་དག་དང་བཅས་པ་ཞེས་པའི་དོན་ནོ། །རིག་པ་ནི་ལྷ་མོ་སྟེ་རང་རང་གི་ཡུམ་མོ། །དེ་དག་དང་སྦྱར་བ་ལས་ བྱུང་བའི་རྣམ་པ་སྣ་ཚོགས་དགའ་བ་ཆེན་པོས་དུས་རྟུག་ཏུ་མྱོས་པ་སྟེ་བདེ་དང་སྟོང་པ་དབྱེར་མེད་པ་ལ་རྟག་ཏུ་མཉམ་པར་བཞག་པ། བྱང་ཆུབ་སེམས་འདྲ་ནི་སྔར་ལྟར་རོ། །སྡུད་པ་སྟེ་འགུགས་པའི་ལས་མཛད་པས་འདོད་རྒྱལ། 5-7-8b དགའ་དང་ཞེས་པ་དབྱུག་སྔོན་ཅན་ཏེ་དགའ་བའི་སྐད་དོ་འཇོམས་པ་ལ་འཇུག་ཅིང་དབྱུང་སྔོན་ཅན་ནི་གཙོ་བོར་འཇོམས་པའི་ལས་བྱེད་པའོ། །རྣམ་པ་ནི་སྟོབས་པོ་ཆེ། མི་འགྱུར་ནི་མི་གཡོ་བ་རྒྱུའི་རང་བཞིན་ཧཱུཾ་མཛད། འབྲས་བུའི་རང་བཞིན་གཙུག་ཏོར་འཁོར་ལོས་སྒྱུར་བ། །སེམས་ནི་མི་བསྐྱོད་པ་དེའི་རྗེས་སུ་ཐོགས་པ་སྟེ་མི་བསྐྱོད་པའི་རྗེས་སུ་འབྲང་བ་སྟེང་འོག་གི་ཁྲོ་བོ་གཉིས་དེའི་རིགས་ཅན་ནོ། །མཚམས་གྱི་ཁྲོ་བོའི་ རིགས་བདག་འཆད་པ་ནི་རྨོངས་དང་ཞེས་སོགས་ཏེ་རྡོ་རྗེ་ཞེས་པ་ཀུན་གྱི་མཇུག་ཏུ་སྦྱར་ལ། རྨོངས་པ་ནི་གཏིང་མུག་སྟེ་རྣམ་སྣང་། དེའི་རིགས་ཅན་མི་གཡོ་བ། སྒྲིབ་པ་ནི་ང་རྒྱལ་ཏེ་རིན་འབྱུང་གི་རིགས་ཅན་འདོད་རྒྱལ་ཞེས་སོགས་སོ། ། གསུམ་པ་སྡིག་པ་བཤགས་པ་ནི། བཤགས་པར་བགྱིའོ། །གང་གི་མདུན་དུ་ན། ཐུགས་རྗེ་ཆེན་པོ་དང་ལྡན་པ་དཀྱིལ་འཁོར་བའི་སྤྱན་སྔར་རོ། །ཚུལ་ཇི་ལྟར་ན་ཆོ་ག་བཞིན་དུ་སྟེ་སྡིག་པའི་འཁོར་གསུམ་མི་དམིགས་པར་རྟོགས་པའི་ ཚུལ་གྱིས་སོ། །གང་ན་གང་ཞིག་རྟོག་པ་སྟེ་སྒྲིབ་པ་དེ་དག་རྣམས་ནིའོ། །སྒྲིབ་པ་དེ་རྒྱུ་གང་ལ་བརྟེན་ནས་བསགས་ན། བདག་གཉིས་སུ་འཛིན་པའི་ཀུན་རྟོག་མ་ལུས་པ་ལ་བརྟེན་ནས་བསགས་པའོ། །དུས་ཇི་ཙམ་ནས་བསགས་ན་ཆུ་ ཀླུང་ཆེན་པོའི་རྒྱུན་དང་འདྲ་བའི་སྲིད་པ་ཐོག་མ་མེད་པ་ནས་བསགས་པའོ། །བཞི་པ་རྗེས་སུ་ཡི་རང་བ་ནི། རྫོགས་པའི་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐེག་དམན་སློབ་མི་སློབ་གཉིས་དེ་ལས་གཞན་སོ་སྐྱེ་སྟེ་གང་ཟག་ལྔ་པོ་དེ་དག་གིས་མཛད་པའི་ 5-7-9a དགེ་ཀུན་ལ་ཡང་དག་པར་ཡི་རང་བ་སྟེ་དགའ་བ་ཆེན་པོ་བསྐྱེད་པར་བྱ་ཞིང་ཡི་རང་བའི་དགེ་བ་དེའང་བྱང་ཆུབ་ཆེན་པོའི་རྒྱུར་བསྔོ་བབ་བགྱིའོ། །ལྔ་པ་སྐྱབས་སུ་འགྲོ་བ་ནི། ཡིད་ཀྱི་རོལ་པ་སྟེ་ཆོས་ཐམས་ཅད་རང་བཞིན་ མེད་པར་རྟོགས་པའི་ཡིད་ཤེས་སྒྲིབ་པའི་དྲ་མ་མེད་པ་རྣམ་པར་དཀར་བའི་ཆོས་ཡིན་པས་ཟླ་བ་ལྟ་བུ་དེ་ལས་བསྒྲུབས་པ་སྟེ་དེ་མཐར་ཕྱིན་པའི་ཤེས་རབ་དང་། སེམས་ཅན་མ་ལུས་པ་སྡུག་བསྔལ་མཐའ་དག་ལས་སྒྲོལ་བར་བཞེད་པའི་སྙིང་རྗེ་དམ་པ་ མཐའ་ཡས་པའི་ཐབས་དང་གཉིས་པོ་དེ་སངས་རྒྱས་རང་གི་ཡིད་ལ་གནས་པར་གྱུར་པའི་བདེ་གཤེགས་རྣམས་ལ་སྐྱབས་སུ་མཆིའོ། །ཆོས་དང་གང་ཟག་གི་གཟུང་འཛིན་གྱི་རྟོག་པ་མ་ལུས་པ་ལས་གྲོལ་ཞིང་དེ་ལ་དམིགས་པས་སེམས་དཔའ་དམ་ པ་རྣམས་ཀྱིས་ཕུན་ཚོགས་ཐམས་ཅད་འཐོབ་པའི་གཞིར་གྱུར་པ་དངོས་པོ་ཐམས་ཅད་དེའི་ངོ་བོར་རོ་གཅིག་པ་དོན་དམ་པ་འགོག་པའི་བདེན་པ་ཆོས་དཀོན་མཆོག་དེ་ལ་སྐྱབས་སུ་མཆིའོ། །ཉོན་མོངས་ཀྱི་འཆིང་བ་ལས་གྲོལ་ཞིང་སྙིང་རྗེ་ཆེན་པོའི་ མ་མ་ལས་བསྐྲུན་པ། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་དག་དཀའ་ཐུབ་བམ་བརྟུལ་ཞུགས་འཛིན་པ་དབང་པོ་སྟེ་མཆོག་ཡིན་པས་དེ་དག་ལ་སྐྱབས་སུ་མཆིའོ། །དྲུག་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི། སེམས་ནི་བྱང་ཆུབ་དམ་ པར་བསྐྱེད་པར་བགྱིའོ། །ཇི་ལྟ་བུ་ཞིག་ལ། བསམ་པ་རྣམ་པར་དག་པ་སྨོན་པ་བྱང་ཆུབ་ཀྱི་སེམས་དང་། དེའི་རྣམ་སྨིན་དག་པ་སྟེ་དེས་དྲངས་པའི་འཇུག་པ་བྱང་ཆུབ་ཀྱི་སེམས་གཉིས་སོ། །རྒྱུ་གང་ལས་ན། སེམས་ཅན་ཐམས་ཅད་སྡུག་བསྔལ་ 5-7-9b ལས་གྲོལ་བར་ལྷག་པར་མོས་པ་སྟེ། དེའི་ཁུར་འཁྱེར་བའི་ལྷག་བསམ་གྱིས་བརྒྱན་པ་སྟེ་དེ་དང་ལྡན་པས་བསྐྱེད་པའོ། །བདུན་པ་ལམ་ལ་བརྟེན་པ་ནི། ཐེག་པ་ཆེན་པོའི་ཚུལ་རྣམ་དཀར་གྱི་ཡོན་ཏན་སྦྱིན་སོགས་ཕར་ཕྱིན་བཅུ་ནི་སངས་རྒྱས་སུ་འགྲོ་བའི་བགྲོད་ པ་གཅིག་པའི་ལམ་ཡིན་པས་དེ་ལ་ཡང་དག་ཉིད་དུ་ད་ནས་གནས་པར་བགྱིའོ། །རྫོགས་སངས་རྒྱས་ནི་རྡོ་རྗེ་འཆང་ཆེན་པོ་དེའི་བདག་ཉིད་ལྷ་སོ་གཉིས་མ་ལུས་པའི་ངོ་བོ་ཡིན་པའི་བློ་བསྐྱེད་པའི་རིམ་པ་དང་དེས་མཚོན་ནས་རྫོགས་པའི་རིམ་པ་གཉིས་ལ་དུས་ ད་ནས་བཟུང་སྟེ་ཇི་སྲིད་སངས་རྒྱས་མ་རྒྱས་ཀྱི་བར་དུ་མི་འབྲལ་བར་དམ་བཅའ་བ་སྙིང་ཐག་པ་ནས་ལན་མང་དུ་བྱའོ། །གཉིས་པ་ནི། ཞེས་འཁོར་གསུམ་ཞེ་སོགས་སོ། །གཉིས་པ་ནི། སྡོམ་པ་རྒྱུད་ལ་སྐྱེ་བར་བྱེད་པ་ལ་དབང་དང་འབྲེལ་བ་དགོས་ཀྱང་འདིར་ནི་དབང་ གི་དུས་སུ་ཁས་བླངས་པའི་སྡོམ་པ་བརྟན་པར་བྱ་བའི་ཆེད་དུ་འཛིན་པ་ཡིན་ནོ། །འདི་ལ་འགྱུར་མི་འདྲ་བ་ཤིན་ཏུ་མང་ཡང་སྒྲ་གཅན་བཟང་པོས་མཛད་པའི་དཀྱིལ་ཆོ་ག་ས་པཎ་གྱིས་བསྒྱུར་བ་ཤིན་ཏུ་བདེ་པ་ཡིན་པས། འདིར་ཡང་འགྱུར་དེ་ལྟར་བྱས་པ་ ཡིན་ལ། དཀྱིལ་ཆོག་ཀུན་ལ་འདིས་བྱས་པས་ཆོག་གོ། ཁ་ཅིག་ཐོག་མའི་ཤློ་ཀ་གཉིས་ནི་བྱང་སེམས་ཀྱི་སྡོམ་པ་འཛིན་པ་ཡིན་ཞེས་པ་ནི་ལམ་ཐུན་མོང་བ་ལ་གོ་བ་མ་ཆགས་པ་ཡིན་ཏེ། དེ་ལྟར་ན་བྱང་སེམས་ཀྱི་སྡོམ་པ་བཟུང་ཟིན་སྔགས་ སྡོམ་འཛིན་པ་དེས་འདི་བརྗོད་མི་དགོས་པར་འགྱུར་རོ། །དེས་ན་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་གསུམ་ནི་རིགས་ལྔའི་དམ་ཚིག་ཉིད་ཡིན་པས་རིགས་ལྔའི་དམ་ཚིག་བསྲུང་པ་ན་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་གསུམ་ལྷག་མ་མ་ལུས་ 5-7-10a པར་དེའི་ནང་དུ་འོང་བ་ཡིན་ནོ། །འདི་དག་རྒྱས་པར་ནི་རྩ་ལྟུང་གི་རྣམ་བཤད་དུ་ཤེས་པར་བྱ་ཞིང་མདོར་བསྡུ་ན་སྐྱབས་སུ་འགྲོ་བ་དང་ཚད་མེད་པ་བཞི་བསྒོམ་ནས་རང་གི་བདེ་དགེ་གཞན་ལ་སྦྱིན་པའི་བསམ་པ་མང་དུ་བཏང་སྟེ་རང་ཡི་ དམ་དུ་ལྷག་པར་མོས་པས་སོ། །རྡོ་རྗེ་སློབ་དཔོན་ལ། དངོས་གྲུབ་ཐམས་ཅད་རག་ལས་པར་བལྟ་བའི་ཚུལ་གྱིས་བླ་མའི་རྣལ་འབྱོར་བསྒོམ་ཞིང་། དངོས་སམ་ཡིད་ཀྱིས་མཆོད་ནས་བདག་མེད་པའི་དོན་ལ་མཉམ་པར་འཇོག་པ་ནི་རིགས་ལྔའི་དམ་ཚིག་ཡིན་ པས་ཐུན་དྲུག་ཏུ་མ་ཆག་པར་བྱའོ། །དེ་ལ་སྐྱབས་འགྲོ་སེམས་བསྐྱེད་ནི་རྣམ་སྣང་གི་དམ་ཚིག །ཚད་མེད་བཞི་དང་རང་གི་བདེ་དགེ་སེམས་ཅན་ལ་བསྔོ་བ་ནི་རིན་འབྱུང་གི་དམ་ཚིག །ལྷ་དང་བླ་མ་དང་སྟོང་ཉིད་བསྒོམ་པ་ནི་མི་བསྐྱོད་པའི་དམ་ཚིག། ། དེ་ལ་མཆོད་པ་ནི་དོན་གྲུབ་གྱི་དམ་ཚིག་གོ། དེའི་ཚེ་དམ་པའི་ཆོས་མ་ལུས་པར་འཛིན་པའི་སྨོན་པ་ཡང་བྱ་སྟེ་དེ་ནི་འོད་དཔག་མེད་པའི་དམ་ཚིག་གོ། བླངས་པའི་སྡོམ་པ་བརྟན་པར་བྱ་བའི་ཐབས་སུ་ཚོགས་ཞིང་གི་སྐབས་འདིར་སྡོམ་པ་བཟུང་ བར་སངས་རྒྱས་གསང་བ་ལ་སོགས་ཀྱིས་བཤད་ལ་མཐར་དེ་རྣམས་ཀྱིས་བྱིན་གྱིས་རློབ་པར་བསམས་ནས་ཡི་གེ་བརྒྱ་པ་འདོན་པར་ལྭ་བ་པས་བཤད་དོ། །དེ་ནས་དཔལ་འཛིན་སོགས་ཀྱིས་ཚོགས་ཞིང་གཤེགས་སུ་གསོལ་བ་དང༌། ལྭ་བ་པས་མི་ དམིགས་པར་སེམས་པར་བཤད་ལ་གཞན་ཕལ་མོ་ཆེས་ཇི་ལྟར་བྱེད་མི་གསལ་ལོ། །མན་སྙེ་ལས་དེ་དག་གི་དོན་མངོན་དུ་བྱེད་ཅིང་བཀླག་པར་བྱའོ། །ཞེས་བཤད་པས་བྱིང་རྒོད་ཀྱི་དབང་དུ་ཡེ་མ་སོང་ཞིང་སྐབས་དེ་ཉིད་ཀྱི་རྟོག་པ་རྣམས་མ་གཏོགས་ 5-7-10b པ་རྣམ་རྟོག་གཞན་གྱིས་བར་མ་ཆོད་པར་རྒྱུན་ལྡན་དུ་འཇུག་ཐུབ་པ་དང་། དེ་དག་གི་དོན་རྣམས་ཡིད་ལ་ལེགས་པར་ཤར་བའི་རྣམ་པ་ཅན་གྱི་ཚིག་སྤྱི་ཙམ་དུ་མ་སོང་བར་བྱའོ། །དེ་ལྟར་འོང་བ་ལ་དང་པོ་སྒོམ་རྒྱུའི་གྲངས་དང་གོ་རིམ་ངེས་པ་ཅན་དུ་བྱས་ལ་དེ་ལས་ གཞན་དུ་མི་བཏང་ངོ་སྙམ་པའི་འཕེན་པ་དྲག་པོ་བཏང་ནས་བྱེད་པ་དགོས་ཀྱི་གང་ཟིན་ཟིན་ནས་བསྐྱངས་ན་མི་རུང་ལ་ཡུན་ཐུང་ངེ་བ་ས་བཅད་ཅིང་དེ་ནས་ཡང་ལྷག་མ་དེ་བཞིན་དུ་བསྐྱངས་བར་བྱ་བ་ནི་ཐམས་ཅད་ལ་ཤེས་པར་བྱའོ། །དེ་ནས་ཡེ་ཤེས་ཀྱི་ཚོགས་བསོག་ པ་ནི་བདག་མེད་པའི་ལྟ་བ་ཕུ་ཐག་ཆོད་པར་བཙལ་ནས་དེ་ལ་བློ་བཞག་སྟེ་བརྟན་བྱེད་ཀྱི་སྔགས་བརྗོད་པའོ། །འཕགས་སྐོར་གཞུང་ཕལ་ཆེ་བ་རྣམས་སུ་ཤཱུ་ནྱ་ཏཱ་བརྗོད་པ་མང་ཡང་བྷ་བྱ་ཀཱིརྟིའི་འགྲེལ་ཆུང་དུ་སྭ་བྷཱ་ཝ་ཞེས་པའི་སྔགས་འདི་གསུངས་སོ། །སྐབས་ འདིར་སྟོང་ཉིད་བསྒོམས་པས་འོག་ནས་འབྱུང་བའི་མངོན་རྟོགས་ཀྱི་རིམ་པ་ཐམས་ཅད་སྒྱུ་མ་བཞིན་དུ་འཆར་བ་དང་ཐམས་ཅད་ཀྱི་སྣང་ཞེན་རྣམས་བསལ་ནས་མཆོག་གི་སྣང་ཞེན་འཆར་སླ་བ་དང་། ཆོས་ཀྱི་སྐུ་ལ་ང་རྒྱལ་འཛིན་པ་དང་སྲུང་འཁོར་གྱི་མཆོག་ ཏུ་འགྱུར་བ་ཡིན་པས་ཡུན་རིང་དུ་ངེས་པ་ཐོན་པར་བྱའོ། །ཀུན་བཟང་ལས། ངོ་བོ་ཉིད་དང་བྲལ་ཕྱིར་སྟོང་པ་སྟེ། །དེ་བཞིན་རྒྱུ་དང་བྲལ་བས་མཚན་མ་མེད། །རྟོག་པ་རྣམས་དང་བྲལ་ཕྱིར་དངོས་པོ་ནི། །མ་ལུས་སྨོན་པ་ལས་ནི་ངེས་པར་གྲོལ། །ཞེས་པ་ལྟར་ ཆོས་རྣམས་ཀྱི་ངོ་བོ་རྒྱུ་འབྲས་གསུམ་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པའི་དོན་བསྒོམ་པ་ཉིད་རྣམ་ཐར་སྒོམ་གསུམ་བསྒོམ་པ་ཡིན་ནོ། །སྔགས་ཀྱི་དོན་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་སྟོང་པ་ཉིད་དེ་ངའོ་ཞེས་པའི་དོན་ཏེ། 5-7-11a སྔགས་ཀྱི་འབྲུ་བཤད་པ་ན་ཨ་ཧཾ་ཞེས་ཕྲལ་ནས་བྱེད་ཀྱང་འདོན་པའི་ཚེ་སོ་སོར་བྱེད་པ་མིན་ནོ། །གཉིས་པ་ལ་སྔར་ཡོད་ཀྱི་བགེགས་ཚར་བཅད་པའི་ཕྱིར་ཕུར་བུས་གདབ་པ་སོགས་དང་། སྔར་མེད་ཀྱི་བགེགས་ཕྱིས་མི་འཇུག་པའི་ ཆེད་དུ་རབ་ལ་སོགས་པས་བསྲུང་བའི་དེ་ཉིད་དོ། །དང་པོ་ལ་གང་གིས་འདུལ་བར་བྱེད་པའི་ཁྲོ་བོ་བསྐྱེད་པ་དང་། དེས་བགེགས་ལ་ཕུར་བུ་གདབ་པའི་དེ་ཉིད་གཉིས། དང་པོ་ལ་བཀའི་འཁོར་ལོའི་གཙོ་བོ་བསྐྱེད་པའི་དེ་ཉིད་དང་འཁོར་ཁྲོ་བོ་བསྐྱེད་པའི་དེ་ཉིད་ གཉིས་ལས། དང་པོ་ནི་མདོར་བྱས་སུ། ཁྲོ་བོ་བཅུ་ནི་སྤྲོ་བར་བྱ། །ཕྱོགས་བཅུའི་དཀྱིལ་འཁོར་ཆ་རུ་ནི། །རིམ་པ་བཞིན་དུ་བསམ་པར་བྱ། །ཞེས་བཙམ་ལས་འཁོར་ལོ་རྩིབས་བཅུ་བ་བསྒོམ་པའི་གསལ་ཁ་ཆེར་མི་སྣང་ལ། དེ་ལ་བརྟེན་ནས་འཕགས་ལུགས་ ལ་འཁོར་ལོ་རྩིབས་བཅུ་པ་མི་བསྒོམ་ཟེར་ཡང་། ཨ་བྷ་ཡཱ་ཀ་ར་དང་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཀྱི་འགྲེལ་པར་བསྒོམ་པར་བཤད་ཅིང་། རྒྱུད་ཕྱི་མ་ལས། ལོངས་སྤྱོད་བཞི་དང་ཡང་དག་ལྡན། །རིག་པའི་སྐྱེས་བུ་རྡོ་རྗེ་ཅན། །སྐུ་གསུང་ཐུགས་ཀྱི་དབྱེ་བ་ ཡིས། །གྲུ་གསུམ་དུ་ནི་རྣམ་པར་བསྒོམ། །ཀུན་ནས་སེར་བའི་འཁོར་ལོ་ནི། །རྩིབས་བཅུ་དེ་དབུས་རྣམ་པར་བསྒོམ། །རྩིབས་བཅུ་ལ་ནི་ཁྲོ་བོ་བཅུ། །ཡེ་ཤེས་བདག་ཉིད་བཅུ་ལས་ཕྱུང་། །འགོག་པའི་རྡོ་རྗེ་བསྒོམ་བྱ་ཞིང་། །མཆོག་ཏུ་མཛེས་པ་བསྒྲུབ་ པར་བྱ། །རྡོ་རྗེ་འབར་བའི་སྤྲིན་སྤྲོས་པས། །མི་གཡོ་བ་དང་མཚུངས་པར་འཁོར། །ཞེས་རྩིབས་བཅུ་པའི་འཁོར་ལོ་བསྒོམ་པར་བཤད་ཅིང་། དེའང་སྲུང་འཁོར་གྱི་སྐབས་འདིར་བསྒོམ་པ་ཡིན་པར་ནཱ་རོ་པས་གསུངས་པ་ཡིན་པས་དེ་ལྟར་བྱ་ཞིང་། 5-7-11b འདི་རྣམས་ཀྱི་དོན་འགྲེལ་པ་ལས་ཤེས་པར་བྱ་སྟེ་འདིར་ཚིག་མངས་ཀྱི་དོགས་པས་མ་བྲིས་སོ། །གཞུང་འདི་དག་གིས་ནི་རྩིབས་བཅུ་པའི་འཁོར་ལོ་དང་དེའི་དབུས་སུ་རྡོ་རྗེ་འཆང་དང་དེ་སེམས་དཔའ་སུམ་རྩེགས་སུ་བྱེད་པ་རྣམས་བསྟན་པ་ཡིན་ལ། མདོར་ བྱས་སུ། ཞེ་སྡང་རྡོ་རྗེའི་ཏིང་འཛིན་གནས། །གནས་བསྲུང་བ་ནི་བརྩམ་པར་བྱ། །ཞེས་པ་ཙམ་ལས་དང་པོར་རྡོ་རྗེ་འཆང་བསྐྱེད་པ་མི་གསལ་ཡང་། མདོ་བསྲེ་ལས། དེ་ལ་དང་པོ་ཁོ་ནར་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་གཟུགས་ཅན་ཞེས་བྱ་བ་བསྐྱེད་པར་བྱ་སྟེ། རྡོ་ རྗེ་འཆང་ཆེན་པོ་སྐུ་མདོག་དཀར་པོར་བདག་ཉིད་ཇི་ལྟ་བ་བཞིན་དུ་མོས་པར་བྱའོ་ཞེས་གསུངས་ཤིང་། དེ་དག་གི་ཁུངས་སུ་ལེའུ་གསུམ་པ་དང་བཅོ་ལྔ་པའི་རྒྱུད་ཚན་གཉིས་དྲངས་ལ་དེ་ནས་ཞེ་སྡང་རྡོ་རྗེར་བསྒྱུར་བའང་ཡེ་ཤེས་སྒྲོན་མ་རྡོ་རྗེའི་ཏིང་ངེ་འཛིན་ གྱི་ཚུལ་དུ་བྱེད་པར་གསུངས་ཤིང་། དེ་ནི་སྙོམས་པར་ཞུགས་པས་མི་བསྐྱོད་པ་མངལ་འབྱིན་མཛད་པ་ཡིན་ལ་དེས་མཛད་པ་སོགས་སྒོ་དུ་མས་བསྐྱེད་པ་ནི་ཕྱུང་བའི་དཀྱིལ་འཁོར་དང་འདྲ་བས་དེ་ལྟར་མཛད་ཅིང་། མི་བསྐྱོད་པ་ཞུགས་ནས་ཞེ་སྡང་རྡོ་རྗེར་ བསྒྱུར་པའང་མདོ་བསྲེ་དེ་ཉིད་དུ་བཤད་ལ། མདོར་བྱས་སུ། ཁྲོ་བོ་བཅུ་ནི་སྤྲོ་བར་བྱ། །ཞེས་དང་། མདོར་བསྲེ་ལས་ཀྱང་། ཁྲོ་བོའོ་རྒྱལ་པོ་བཅུ་ཕྱུང་ལ། །ཞེས་འབྱུང་ལ། ཕྱུང་བའང་རང་གི་སྐུ་ལས་ཡིན་པས་ཕྱི་རོལ་ཏུ་བསྐྱེད་པ་མིན་ནོ། །མདོར་ བྱས་མདོ་བསྲེ་གཉིས་སུ་ཞེ་སྡང་རྡོ་རྗེར་བསྒྱུར་ནས་ཁྲོ་བཅུ་བསྐྱེད་ཅིང་ཕྱུང་བ་འདྲ་བ་ཞིག་སྣང་ནའང༌། ཁྲོ་བོ་རྣམས་མི་བསྐྱོད་པ་དང་ལྷན་ཅིག་ཏུ་བསྐྱེད་པ་ལ་འགལ་བ་མེད་ཅིང་ཞེ་སྡང་རྡོ་རྗེར་གྱུར་ཟིན་ནས་འབྱིན་པས་གཞུང་དང་མི་འགལ་ལོ། ། 5-7-12a དེ་དག་ནི་ཁུངས་དགོད་པ་སྟེ་གཞུང་གི་དོན་ལ་དང་པོར་བཀའི་འཁོར་ལོའི་གཙོ་བོ་བསྐྱེད་པའི་དེ་ཉིད་ནི་སྟོང་པའི་ངང་ལས་ཞེས་སོགས་ཏེ། འཁོར་ལོའི་ལྟེ་བ་ཁོང་སྟོང་དང་དེའི་སྟེང་འོག་གི་ཆ་གཉིས་རྩིབས་གཉིས་སུ་བྱས་ ནས་དེའི་ནང་དུ་ཁྲོ་བོ་བཀོད་པ་དང་རྩིབས་བརྒྱད་ལྟེ་བ་ལ་ཟུག་པའི་རྩིབས་སྟེང་དུ་མ་རེག་པར་ཁྲོ་བོ་བཀོད་པའི་ཚུལ་འདི་ནི་ཨ་བྷ་ཡའི་ལུགས་ཡིན་པས་འདི་རྣམས་ཞིབ་པར་ངག་ལས་ཤེས་པར་བྱའོ། །འཁོར་ལོ་སེར་པོ་གཡས་སྐོར་དུ་མགྱོགས་ པར་འཁོར་ཞིང་མེ་འབར་བའི་འོད་འཕྲོ་བར་ཨ་བྷ་ཡ་ཀ་ར་བཞེད་ལ། སྲུང་འཁོར་གྱི་ཚེ་གཙོ་བོ་ཧཱུཾ་མཛད་དང་ཕྱིར་ཟློག་གི་དུས་སུ་གཙུག་ཏོར་འཁོར་ལོས་སྒྱུར་བས་བྱེད་པ་དང་དེའི་ཚེ་འཁོར་ལོ་གཡོན་སྐོར་དུ་བྱེད་པའང་ཁུངས་ཐུབ་ཀྱིས་བཤད་ པས་རུང་ལ། བསྲུང་བྱ་སྙིང་གར་སྦེད་པ་སོགས་ལ་ཁུངས་མི་སྣང་ཞིང་མདུན་དུ་སྲུང་འཁོར་ཁྲོ་བོ་དང་བཅས་པ་བསྐྱེད་ནས་གཙོ་བོའི་མངལ་དུ་བསྲུང་བྱ་བསྒོམ་པར་ཨ་བྷ་ཡས་བཤད་དོ། །སྔོན་བྱུང་ལ་དང་པོར་ཞི་བའི་སྐུར་བཞུགས་པ་དེ་ ཁྲོ་བོར་བསྒྱུར་ནས་བགེགས་གཞོན་པར་མཛད་པ་བཞིན་དུ་འདིར་ཡང་རྡོ་རྗེ་འཆང་ཞི་བ་དེ་ཞེ་སྡང་རྡོ་རྗེར་བསྒྱུར་བ་ཡིན་ལ། གཞན་དུ་ནི་ཧཱུཾ་མཛད་དུ་བསྒྱུར་བའང་མང་ངོ་། །རྡོ་རྗེ་འཆང་ལ་ལོངས་སྤྲུལ་གཉིས་ཡོད་ཅིང་ཡུམ་ཡང་རྡོ་རྗེ་དབྱིངས་ ཀྱི་དབང་ཕྱུག་མ་དང་རེག་བྱ་རྡོ་རྗེ་མ་གཉིས་ཡོད་ལ་ལོངས་སྐུ་དཀར་པོ་ལ་ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་སྤྲུལ་སྐུ་སྔོན་པོ་ལ་ཡུམ་རེག་བྱ་རྡོ་རྗེ་མར་མཛད་དོ། །ཞལ་གྱི་རིམ་པ་ནི་གཡས་བསྐོར་ཡིན་པས་དང་པོ་རྩ་ཞལ་གཉིས་པ་ 5-7-12b གཡས་གསུམ་པ་གཡོན་ཞལ་གྱི་ཁ་དོག་ཡིན་ནོ། །ཕྱག་མཚན་དང་རྒྱན་ལ་སོགས་པ་འོག་ཏུ་བཤད་པར་བྱའོ། །རྡོ་རྗེ་འཆང་ཞི་བ་ལ་ཟླ་གདན་དང་ཞེ་སྡང་རྡོ་རྗེ་ཉི་གདན་འབྱུང་བས་འདིར་གདན་བསྒྱུར་ཞིང་། རྡོ་རྗེ་ནི་དགྱེས་པ་ཁ་དོག་ནག་པོ་གནམ་ལྕགས་ འབར་བ་ལས་གྲུབ་པ་སྟེ་ཁྲོ་བོའི་རྡོ་རྗེ་ཡིན་པའི་ཕྱིར་རོ། །གཉིས་པ་འཁོར་ཁྲོ་བོ་བསྐྱེད་པའི་དེ་ཉིད་ནི། གཤིན་རྗེ་ཞེས་སོགས་ཏེ་འོག་ཏུ་བཤད་པར་བྱའོ། །འདི་དག་ལ་བཀའི་འཁོར་ཞེས་པ་ནི་གཙོ་བོའི་བཀའ་བསྒོ་བསྒྲུབ་པའི་འཁོར་ཡིན་པས་སྒྲུབ་པ་ པོའི་ཕྱི་ནང་གི་བགེགས་གཞོམ་པའི་བཀའ་བསྒོ་བ་ཡིད་ཀྱིས་བྱའོ། །གཉིས་པ་ལ། བགེགས་དགུག་པ་དང་། དེ་ལ་ཕུར་བུ་གདན་པ་གཉིས། དང་པོ་ནི། དེ་ནས་སྲུང་འཁོར་གྱི་གཙོ་བོས་གནོད་མཛེས་ལ་གཟིགས་པ་ནི་འཕགས་སྐོར་བ་རྣམས་བཞེད་ ལ། དེའི་བཀའ་ཉན་པའི་ཚུལ་དུ་བྱེད་པ་ནི་སྒྲོན་གསལ་ལེའུ་བཅུ་བཞི་པར་བཤད་ཅིང་། མདོར་བྱས་སུ། བགེགས་ཀུན་རྣམ་པར་གཞིག་པའི་ཕྱིར། །གནོད་མཛེས་བཀའ་སྩལ་ཕུར་བུས་གདབ། ཨོཾ་སུཾ་བྷ་ནི་སུཾ་བྷ་ཞེས་ཕུར་བུ་འདེབས་སྔགས་སུ་གསུངས་ པ་འདྲ་བ་ཞིག་ཡོད་ཀྱང་། འོག་ཏུ་ཁྲོ་བོའི་གཟུགས་ཅན་འདི་ཡིས་ནི། །བགེགས་ཀྱི་དབང་པོ་ཉིད་བཀུག་ནས། །ཞེས་དང་པོར་ཧཱུཾ་བཞི་པའི་སྔགས་ཀྱིས་བཀའ་བསྒོས་ནས་བགེགས་བཀུག་པའི་རྗེས་སུ་ཕུར་བུ་འདེབས་པར་གསུངས་ལ། མདོར་བསྲེ་ ལས་ཀྱང་དེ་ལྟར་གསུངས་སོ། །སྔགས་ཀྱི་ཨོཾ་དང་མཐར་སྭཱཧཱ་ཡོད་པ་ནི་སྤྲུལ་དང་། གང་ཡང་མེད་པ་ནི་བཏུས་པ་དང་། མགོ་དང་མཇུག་གང་རུང་ཞིག་མེད་པ་ནི་རིམ་བཞིན་མགོ་མེད་དང་མཐའ་མེད་ཅེས་པ་སྟེ་སྔགས་ཀྱི་བརྡ་རྣམ་པ་བཞི་ལས་ 5-7-13a འདིར་ནི་མཐའ་མེད་དེ། འདི་ལ་ཧཱུཾ་བཞི་པ་དང་ཞལ་བཞི་པའི་སྔགས་ཞེས་ཀྱང་བྱ་སྟེ་གནོད་མཛེས་ཀྱི་ཕྲེང་སྔགས་སོ། །དེ་ལ་ཨོཾ་ནི་སྔགས་ཀྱི་མགོ་འདྲེན་པ། སུཾ་བྷ་འདུལ་བ་ནི་སུཾ་བྷ་ངེས་པར་འདུལ་བ། ཧཱུཾ་ནི་གསལ་བར་ བྱེད་པ། གྲྀཧྞ་གྲྀཧྞ་ནི་ཟུང་ཟུང་། གྲྀཧྞ་པཱ་ཡ་གྲྀཧྞ་པཱ་ཡ་ནི་འཛིན་དུ་ཆུག་འཛིན་དུ་ཆུག །ཨཱ་ན་ཡ་ཁུག་ཅིག །ཧེ་བྷ་ག་ཝཱ་ན། ཀྱེ་བཅོམ་ལྡན་འདས། བིདྱ་རཱ་ཛ་རིག་པའི་རྒྱལ་པོ་ཞེས་གནོད་མཛེས་ལ་བོས་ནས། ཀྱེ་བཅོལ་ལྡན་འདས་རིག་པའི་ རྒྱལ་པོ་ཞེས་བསྟོད་པ་མཛད་ཅིང་། བགེགས་རྣམས་བཟུང་ལ་ཁུག །འཁོར་རྣམས་ཀྱང་བགེགས་འཛིན་དུ་ཆུག་ཅེས་བསྐུལ་བའོ། །དེ་ནས་གནོད་མཛེས་ཀྱི་བགེགས་བཀུག་ནས་ཁྲོན་པར་འཇུག་པར་ནག་པོ་དམ་ཚིག་རྡོ་རྗེས་བཤད་ལ། དེ་ཧཱུཾ་ལས་སྐྱེས་པར་བདེ་མཆོག་སོགས་ལས་འབྱུང་ངོ་། །གཉིས་པ་ནི། བསམ་གཏན་གྱི་ཕུར་བུ་བསྒྲུབ་པར་རྩ་རྒྱུད་དུ་གསུངས་ལ་སྐབས་འདིར་བྱེད་པར་མདོ་བསྲེར་བཤད་ཅིང་། དེ་ནས་གཙོ་བོས་བྱང་གི་ཁྲོ་བོ་ལ་གཟིགས་པས་དེ་ལས་ ཁྲོ་བོ་རྡོ་རྗེ་ཕུང་བུ་སྟོད་བདུད་རྩི་འཁྱིལ་པ་དང་སྨད་མདུང་རྩེ་གཅིག་པའི་རྣམ་པ་ཅན་དུ་བྱེད་པར་མདོར་བྱས་ལས་གསུངས། རྡོ་རྗེ་ཕུར་བུ་ཉིད་བསྐུལ་བས་དེ་རྣམས་བྱོན་ནས་བགེགས་ཀྱི་མགོར་ཟུག་པ་ཡིན་པས་སྔགས་དོན་ལས་གསལ་ བས་གནོད་མཛེས་ཀྱིས་ཕུར་བུ་ཁྱེར་ནས་འདེབས་པ་མིན་ནོ། །གྷ་གྷ་གསོད་བྱེད་གྷཱ་ཏ་ཡ་གྷཱ་ཏ་ཡ་གཏོར་ཤིག་གཏོར་ཤིག །སརྦ་དུཥྚ་ན་གདུག་པ་ཅན་ཐམས་ཅད་ཕཊ་ཕཊ་ཁོས་ཁོས། ཀཱི་ལ་ཡ་ཀཱི་ལ་ཡ་ཕུར་བུས་ཐོབ་ཕུར་བུས་ཐོབ། སརྦ་པཱ་ 5-7-13b པཾ་སྡིག་པ་ཐམས་ཅད་དེ་སྡིག་པའི་སེམས་དང་ལྡན་པ་ཞེས་པའི་དོན་ཡིན་ནོ། །བཛྲ་ཀཱི་ལ་ཡ་ནི་རྡོ་རྗེ་ཕུར་བུ་བཛྲ་དྷ་ར་ཨཛྙཱ་པ་ཡ་ནི་རྡོ་རྗེ་འཆང་གི་བཀའ་ཉོན་ཅིག་ཅེས་པ་སྟེ། རྡོ་རྗེ་ཕུར་བུ་གསོད་བྱེད་ཅེས་བོས་ནས་རྡོ་རྗེ་འཆང་གི་བཀའ་ཉོན་ཅིག་ ཅེས་བསྐུལ་ཞིང་ཉན་ནས་ཅི་བྱེད་ཅེ་ན་སྡིག་པའི་སེམས་དང་ལྡན་པའི་བགེགས་ཐམས་ཅད་གཏོགས་ཤིག་ལུས་ངག་ཡིད་གསུམ་ལ་ཕུང་བུ་ཐོབ་ཅིག་ཁོས་ཤིག་ཅེས་བསྐུལ་བའོ། །འདིར་གཤིན་རྗེ་གཤེད་ལ་ཐོབ་གཡར་ཞེས་པ་མ་དག་སྟེ། དེའི་ཕྱག་ན་ཐོབ་མི་སྣང་ལ་ཕྱག་མཚན་དང་པོ་ཐོ་བར་བསྒྱུར་བས་ཆོག་པའི་ཕྱིར་རོ། །བགེགས་ལྷ་མ་བསྲེགས་ཤིང་ཤུལ་མེ་རིས་འཁོར་བར་བསམ་མོ། །གཉིས་པ་ནི། མདོར་བྱས་སུ། ཕྱོགས་བཅུར་ཕུར་བུས་བཏབ་ནས་ནི། །སྟེང་དང་ འོག་ཀྱང་བྱིན་གྱིས་བརླབ། །ཅེས་དང་། མདོ་བསྲེར། འདོད་པའི་རྒྱལ་པོའི་སྔགས་ཀྱིས་རྡོ་རྗེའི་ར་བ་བསམ་པ་དང་ཧཱུཾ་མཛད་ཀྱིས་རྡོ་རྗེའི་དྲ་བ་ཡི་གེ་ཧཱུཾ་གིས་སའི་ཆ་རྡོ་རྗེའི་རང་བཞིན་དུ་བསམ་ཞིང་། ཡི་གེ་གསུམ་གྱི་ཆོ་ག་ལ་སོགས་པ་ བྱའོ། །ཞེས་གསུངས་པ་ལས། ཧཱུཾ་ཀ་ར་ཧཱུཾ་ཞེས་འདོན་པ་ཡོད་ཀྱང་། ཊཱཀྐི་ཧཱུཾ་ཛཿ ཞེས་པས་བྱ་བ་ལེགས་སོ། །རིམ་པ་གཉིས་རྒྱུད་ལ་སྐྱེ་བའི་གེགས་ནི་གཉིས་ཏེ། བསོད་ནམས་མིན་པའི་ལས་དང་བདུད་ལ་སོགས་པས་བར་དུ་གཅོད་པའོ། ། དེ་དག་ཞི་བར་བྱེད་པའི་ཐབས་རྨད་དུ་བྱུང་བ་ནི་སྔོན་འགྲོའི་ཆོས་གཉིས་ཡིན་པར་མང་དུ་གསུངས་པ་ལ་ངེས་པ་རྙེད་པར་བྱས་ལ། ཡིད་དང་འདྲེས་ངེས་པ་རེ་བྱ་ཞིང་། ཡིད་ཀྱིས་མི་བསྒོམ་པར་ངག་འདོན་བསྒྲིགས་པའི་བཤར་སྦྱང་ལ་མངོན་ 5-7-14a རྟོགས་བསྒོམ་པར་མ་འཁྲུལ་བར་བྱའོ། །གཉིས་པ་ལ་གང་དུ་འཚང་རྒྱ་བའི་གནས། དེར་འཚང་རྒྱ་བའི་ཚུལ། སངས་རྒྱས་ནས་གཞན་དོན་མཛད་པའི་ཚུལ་དང་གསུམ། དང་པོ་ལ་སྣོད་འཇིག་པ་དང་མཐུན་པ་ཡེ་ ཤེས་ཀྱི་སའི་དེ་ཉིད། ཆགས་པ་དང་མཐུན་པ་རྡོ་རྗེའི་སའི་ཆུ་བསྐྱེད་པའི་དེ་ཉིད། དེར་གཞལ་ཡས་ཁང་བསྒོམ་པ་རྟེན་གྱི་དཀྱིལ་འཁོར་བསྐྱེད་པའི་དེ་ཉིད་དོ། །དང་པོ་ནི། ལམ་འདི་ལ་འབྲས་བུའི་ཐེག་པ་ཞེས་ཟེར་ལ་འབྲས་བུ་ནི་སངས་རྒྱས་ ཀྱི་གནས་ལུས་ཡོངས་སྤྱོད་མཛད་པ་ཡོངས་སུ་དག་པ་བཞི་སྟེ། སངས་རྒྱས་ཀྱི་ཕོ་བྲང་དང་སྐུ་དང་འབྱོར་པ་དང་འཕྲིན་ལས་ལས་སོ། །ཚུལ་དེ་དང་རྗེས་སུ་མཐུན་པར་ད་ལྟ་ནས་གཞལ་ཡས་ཁང་དང་ལྷའི་འཁོར་ལོ་དང་མཆོད་པའི་ཡོད་བྱད་ དང་སྣོད་བཅུད་སྤྱོང་བ་སོགས་ཀྱི་མཛ་པ་ཅན་དུ་བསྒོམས་པས་ན་འབྲས་བུའི་ཐེག་པ་སྟེ། འབྲས་བུའི་རྣམ་པ་དང་མཐུན་པར་བསྒོམས་ནས་བགྲོད་པའི་ཕྱིར་ཏེ་མོས་པ་ལམ་དུ་བྱེད་པའི་དོན་ཡང་དེ་ཡིན་ནོ། །དེ་ལྟ་ན་ལས་འདི་ལ་ནི་སྦྱང་ གཞིའི་དུས་ཀྱི་འཁོར་བར་འཇུག་པའི་རིམ་པ་དང་བསྟུན་ནས་སྦྱང་འབྲས་ཀྱི་རྣམ་པ་ཅི་ལྟ་བ་བཞིན་དུ་བསྒོམ་པ་ཡིན་ཏེ། ཐ་མལ་སྣོད་བཅུད་དང་འཁོར་བར་འཇུག་བ་སྦྱངས་ནས་དེའི་དོད་ལ་མཆོག་གི་སྣང་བ་དང་སྐུ་གསུམ་སྒྲུབ་པ་ ཡིན་པའི་ཕྱིར་རོ། །དེས་ན་རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་བསྐྱེད་རིམ་བསྒོམ་པ་ནི་སྲིད་པར་སྐྱེ་བའི་རིམ་པ་ལྟར་བསྒོམ་པ་ཡིན་ལ། དེའང་ཐོག་མར་སྣོད་ཀྱི་སྲིད་པ་སྟོངས་པ་དང་མཐུན་པར་བསྒོམ་དགོས་པས་སྣོད་ལ་སོགས་པ་སྟོང་པ་ཉིད་ 5-7-14b དུ་བསྒོམ་པ་ནི་མདོར་བྱས་སུ། དངོས་པོ་མེད་པས་སྒོམ་པ་མེད། །ཅེས་སོགས་ཀྱི་མཇུག་ཏུ། ཚིགས་བཅད་འདི་ཡིས་རྒྱུ་མི་རྒྱུའི། །བདག་ཉིད་ཅན་རྣམས་སྟོང་པར་བསྒོམ། །ཆོ་གའི་སྦྱོར་བ་འདི་ཡིས་ནི། །ཡེ་ཤེས་ས་གཞིར་བྱིན་གྱི་བརླབ། ། ཅེས་གསུངས་པས། སྐབས་གཞན་དུ་སྭ་བྷཱ་ཝ་དང་ཤཱུནྱ་ཏཱ་ལ་སོགས་པའི་སྔགས་ངག་ཏུ་བརྗོད་ནས་སྔགས་དོན་ཡིད་ལ་སེམས་པ་དང་འདྲ་བར། འདིར་ཡང་ཚིགས་བཅད་འདོན་པ་དང་མཉམ་དུ་དེའི་དོན་བསྒོམ་པ་ཡིན་པས་བརྗོད་པ་ དང་བསྒོམ་པ་གཉིས་ཀ་བྱའོ། །ཚིགས་བཅད་འདི་རྩ་རྒྱུད་ལེའུ་གཉིས་པར་རྡོ་རྗེ་འཆང་གིས་གསུངས་ཤིང་སྒྲོན་གསལ་དུ་ཚུལ་བཞིར་བསད་པའི་ཡིག་དོན་དང་སྤྱི་དོན་གཉིས་འདིར་སྐབས་སུ་བབ་ཅིང་། སྤྱི་དོན་ལ་སྔགས་མཚན་ ཉིད་གཉིས་ཀྱི་སྤྱིར་འགྲོ་བ་དང་བསྐྱེད་རྫོགས་གཉིས་ཀྱི་ཐུན་མོང་དུ་འགྲོ་བའི་ཚུལ་གཉིས་ཡོད་དོ། །འདིའི་སྤྱིའི་དོན་ནི་སྒོམ་པ་པོ་དང་བསྒོམ་པར་བྱ་བ་དང་སྒོམ་པ་ལ་རང་བཞིན་མེད་པའི་འཁོར་གསུམ་མི་དམིགས་པ་དང་སྟོང་པ་ཉིད་དང་ མཚན་མ་མེད་པ་དང་སྨོན་པ་མེད་པ་ལ་གསུངས་སོ། །རིན་པོ་ཆེ་བས་སྐབས་འདིར་ས་ཆུ་ལ་ཐིམ་པ་སོགས་ཀྱི་རིམ་པས་བསྒོམ་གསུངས་ཞིང་མ་རྒྱུད་སོགས་ལུགས་གཞན་དུ་འདིའི་སྐབས་ཀྱི་སྟོང་པ་བསྒོམ་པ་འཆི་བ་དང་ཆོས་ མཐུན་པར་བཤད་པ་སྣང་མོད་ཀྱང་དེ་དག་དང་འདི་རྣམས་མི་གཅིག་ལ་འདིར་སྟོང་ཉིད་བསྒོམ་པའི་ཆོས་མཐུན་སྦྱོར་བ་ནི་སྣོད་ཞིག་པ་ལ་བྱ་ཡིས་བཅུད་ཞིག་པ་ལ་མི་བཟུང་སྟེ་སེམས་ཅན་ཤི་བ་དང་ཆོས་མཐུན་པར་བསྒོམ་ 5-7-15a པ་ནི་ལྷག་མོས་འོད་གསལ་དུ་སྡུད་པའི་སྐབས་ཡིན་ནོ། །དེས་ན་སྐབས་ཀྱི་དོན་སྣོད་ཞིག་པ་ལ་ཤེས་པར་བྱས་ནས་དེ་དང་ཆོས་མཐུན་པར་སྟོང་ཉིད་བསྒོམ་པ་ཡིན་པ་ལ། ཞལ་ལ་བཅུད་ཀྱང་སྟོང་པར་བསྒོམ་པ་ནི་ སྣོད་མེད་པར་བཅུད་མི་གནས་པའི་ཕྱིར་རོ། །འོ་ན་སྣོད་བཅུད་ཞིག་པའི་ནམ་མཁའ་དང་ཆོས་མཐུན་པར་བསྒོམ་པ་འདི་སྟོང་ཉིད་ཀྱི་ལྟ་བ་མ་རྙེད་ཀྱང་སྣོད་བཅུད་ཀྱི་སྣང་བ་རྣམས་ཉེ་བར་བཏུས་པ་ཙམ་ཡིད་ལ་བྱས་པས་ཆོག་གམ་ལྟ་བ་རྙེད་པའི་དོན་ སྐབས་དེར་དྲན་པ་དགོས་ཤེ་ན། འདིར་ནི་ཕྱི་མ་དགོས་པར་རྒྱུད་སྡེ་དང་མཁས་གྲུབ་དུ་མས་གསུངས་ཤིང་། ཆོས་ཐམས་ཅད་དོན་དམ་པར་ཅིར་ཡང་མ་གྲུབ་པར་ཤེས་པའི་རིག་དོན་སྣང་བ་ཐམས་ཅད་ལྡོག་པས་སྣང་བ་ཞི་བའང་བསྒོམ་པར་འགྲོ་ལ། གལ་ཏེ་ལྟ་བ་དྲན་ནས་ཀྱང་ཐ་མལ་གྱི་སྣང་བ་བློ་ངོ་དེར་མི་ལྡོག་པར་སྣང་ན། སྣང་བ་ཐམས་ཅད་འཇའ་ཡལ་བ་བཞིན་དུ་བཏང་བའི་ནམ་མཁའ་ལྟ་བུའང་བསྒོམ་དགོས་ཏེ། མཚན་ཉིད་ཀྱི་ཐེག་པར་སྟོང་ཉིད་བསྒོམས་ནས་སྣང་བ་ངེས་པར་སྡུད་པའི་ བཤད་པ་མེད་ཀྱང་སྔགས་ཀྱི་ཐེག་པ་འདིར་ནི་དེ་ངེས་པར་དགོས་ཏེ། མཆོག་གི་སྣང་ཞེན་སྐྱེ་བ་ལ་ཐ་མལ་གྱི་སྣང་ཞེན་སྡུད་པ་ངེས་པར་དགོས་པའི་ཕྱིར་ཏེ། ཡིད་ཤེས་གཅིག་གི་དོན་དེ་གཉིས་འདུ་བར་མི་རུང་བའི་ཕྱིར་རོ། །དེས་ན་སཾ་པུ་ཊ་ལས། དང་ པོར་སྟོང་ཉིད་རྣམ་བསམས་པས། །ལུས་ཅན་རྣམས་ཀྱི་དྲི་མ་བཀྲུ། །ཞེས་པ་ལྟར། ནང་གི་དྲི་མ་བདག་གཉིས་སུ་འཛིན་པ་དག་པར་བྱེད་པ་ལ་མདོར་བྱས་ནས་གསུངས་པ་ལྟར། རྒྱུ་བ་བཅུད་སེམས་ཅན་དང་མི་རྒྱུ་བ་སྣོད་འཇིག་རྟེན་གྱི་སྣང་བ་ཐམས་ཅད་ 5-7-15b སྟོང་ཉིད་ཀྱིས་སྦྱངས་ནས་མ་བསླད་པའི་ཆོས་ཅན་དང་ཆོས་ཉིད་ཤེས་པ་དང་ལུས་ཀྱི་རྣམ་གཞག་ལ་ངེས་པ་རྙེད་པར་བྱའོ། །ཆོས་རྣམས་རང་བཞིན་མེད་པར་ཕུ་ཐག་ཆོད་པའི་ལྟ་བ་སྐབས་འདིར་དྲན་པར་བྱ་བའི་ཡུལ་ནི་ཤཱུ་ནྱ་ཏཱ་ཡིན་ལ། ཡུལ་ཅན་ནི་ཛྙཱ་ནའོ། ། དེ་གཉིས་ཆུ་ལ་ཆུ་བཞག་པ་བཞིན་དབྱེར་མི་ཕྱེད་པར་སོང་བ་ནི་བཛྲའི་དོན་ཡིན་པས་དེ་ལྟར་སོང་བར་མོས་ནས་རིང་དུ་མཉམ་པར་བཞག་པ་དགོས་ཀྱི། ལྟ་བ་ལ་གོ་ཡུལ་ཅུང་ཟད་ཀྱང་མེད་པ་དང་། ཡོད་དུ་ཆུག་ཀྱང་ཡིད་གཞན་དུ་གཡེང་ནས་ཆོས་ཐམས་ ཅད་སྟོང་པ་ཉིད་དུ་གྱུར་ཞེས་བརྗོད་པས་ཅིའང་མི་ཕན་ནོ། །དེ་ལྟར་བདག་མེད་པའི་དོན་ལ་མཉམ་པར་བཞག་པའི་ཡེ་ཤེས་ནི་ཡོན་ཏན་ཐམས་ཅད་ཀྱི་རྟེན་ཡིན་པའི་ཕྱིར་ཡེ་ཤེས་ཀྱིས་ཞེས་བྱའོ། །སྲུང་འཁོར་འོད་གསལ་དུ་སྡུད་པ་ཨ་བྷ་ཡས་བཤད་དོ། ། གཉིས་པ་ནི། མདོར་བྱས་ལས། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཧཱུཾ་གཉིས་ས་བོན་ཡཾ་ལས་བྱུང་། །རླུང་གི་དཀྱིལ་འཁོར་བསྒོམ་པར་བྱ། །ཞེས་གསུངས་པའི་ནམ་མཁའི་དབྱིངས་ནི་ཆོས་འབྱུང་དང་། དབུས་ཞེས་པས་པདྨ་བསྟན་པར་ཨ་ བྷ་ཡ་བཞེད་དོ། །ཐུན་མོང་མ་ཡིན་པའི་སྲུང་འཁོར་འོད་གསལ་དུ་བསྡུས་ཀྱང་། རྡོ་རྗེའི་ར་བ་མེ་རི་རྣམས་འདིར་འདོད་དགོས་ཏེ། གཞལ་ཡས་ཁང་འདྲི་བའི་ཚེ་མེ་རི་དང་རྡོར་རའི་ནང་དུ་ཆུད་པ་དགོས་པ་ཀླུ་བྱང་གིས་གསུངས་ཤིང་། འདི་ནི་བསྒོམ་པ་ ལའང་མཚུངས་པའི་ཕྱིར་རོ། །དེའི་ནང་དུ་ཆོས་འབྱུང་སྒོམ་མི་སྒོམ་གཉིས་ཡོད་ཀྱང་། སྒྲོན་གསལ་དུ་གླེང་གཞི་བཤད་པར་ཆོས་འབྱུང་བསྒོམ་པ་ཐོན་པས་དེ་ལྟར་བྱ་ཞིང་། ཆོས་འབྱུང་འདོད་པ་ལའང་དབྱིབས་ཡོད་མེད་གཉིས་ལས་འདིར་ནི་རྒྱུད་ 5-7-16a ཕྱི་མ་ལས། སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །གྲུ་གསུམ་དུ་ནི་རྣམ་པར་བསྒོམ། །ཞེས་པ་ལྟར་ཟུར་གསུམ་དུ་བྱེད་ལ། ས་བོན་གྱི་ཡི་གེ་ལས་བསྐྱེད་མི་བསྐྱེད་གཉིས་ཡོད་ཀྱང་འདིར་ནི་ཕྱི་མ་ལྟར་བཞེད་ཅིང་། ཁ་དོག་ནི་དམར་ སྐྱ་སྟེ། བྲི་བྱ་ལ་སྣ་ཚོགས་པདྨའི་འདབ་མ་དམར་སྐྱ་བྱེད་པའང་ཆོས་འབྱུང་གི་ཁ་དོག་ཡིན་ནོ། །ཆོས་འབྱུང་གི་ཟུར་གཉིས་ནི་སྟེང་དང་གཅིག་འོག་ཏུ་བསྟན་པ་ངོས་ཀྱིས་ནི་ཐལ་མར་གནས་པ་སྟེ། ཆོས་འབྱུང་ཞེང་དང་དཀྱུས་ཀྱི་མཉམ་ལྷག་པ་ ལྟ་བུ་མིན་པས་རྒྱ་ཆེན་པོ་བྱ་དགོས་སོ། །ཟུང་འོག་གི་ཕྲད་ཕྲད་མཚམས་ནས་པདྨའི་ཡུ་བ་བྱུང་ནས་ཆོས་འབྱུང་གི་དབུས་སུ་པདྨ་ཁ་ཕྱེ་བ་འདབ་མ་སྣ་ཚོགས་པ་ཤིན་ཏུ་རྒྱ་ཆེ་བར་གནས་པའོ། །དེའི་སྟེང་དུ་ཧཱཾ་གཉིས་ས་བོན་ཡཾ་ལས་བྱུང་། །ཞེས་པའི་དོན་ནི། ཧཱུཾ་གཉིས་ཀྱི་བར་དུ་རླུང་གི་ས་བོན་བཅུག་པ་ཡིན་ལ། ཡཾ་ལས་རླུང་དང་ཧཱུཾ་གཉིས་ལས་རྡོ་རྗེ་གཉིས་སུ་འགྱུར་བ་ཡིན་ཞིང་རྡོ་རྗེའི་ཁ་དོག་ཀྱང་འབྱུང་བ་དང་འདྲ་བར་བཞེད་དོ། །ལུགས་གཞན་ལ་བ་དན་གྱིས་མཚན་པ་སོགས་ཡོད་ཀྱང་འདིར་མདོར་བྱས་སུ་ དཀྱིལ་འཁོར་བཞི་ཆར་ལ་རྡོ་རྗེས་མཚན་པར་གསུངས་སོ། །མང་རབ་ནི། རླུང་གིས་མེ་སྦར་དེས་ས་བསྲེགས་དེས་ཆུ་བསྐོལ་ནས་དཀྱིལ་འཁོར་བཞི་ཞུ་བས་གཅིག་ཏུ་འདྲེས་པ་ལས་ཞོ་ཆགས་པ་བཞིན་དུ་སྣ་ཚོགས་རྡོ་རྗེར་གྱུར་པར་བཞེད་ཀྱང་། འཕགས་ སྐོར་ཀྱི་གཞུང་གང་དུའང་གསལ་ཁ་མི་སྣང་བས། སྐད་ཅིག་གིས་འདྲེས་པར་བསྒོམ་པས་ཆོག་གོ། དེ་ལྟ་བུ་སྣ་ཚོགས་རྡོ་རྗེ་དེ་ནི་མཐའ་ནས་མཐའི་བར་དུ་ཆ་ཆེན་བཅུ་གཉིས་པ་གྲུ་བཞི་མཉམ་པ་ཡིན་ལ། ཁ་དོག་ནི་སྣ་ཚོགས་མདོག་སྟེ་དེ་ལའང་ 5-7-16b ལྗང་གུ་འབའ་ཞིག་དང་མདོག་མི་འདྲ་བ་དུ་མ་དང་ལྡན་པ་གཉིས་ལས་འདིར་ཕྱི་མ་ཡིན་ནོ། །དེའང་ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་དབུས་སྔོ་བའོ། །དེའི་ཕྱོགས་བཞིའི་ངོས་ལ་རྡོ་རྗེའི་རྭ་ལྔ་རེ་ལྔ་རེའི་ཉིན་ཤུ་དང་གསུམ་གསུམ་བཅུ་གཉིས་གང་རུང་སྟེ། ཁ་ དོག་ནི་རྭ་བཅུག་གཉིས་པ་ལ་སྣ་ཚོགས་རྡོ་རྗེ་ཉིད་བཞིན་དུ་ཕྱོགས་མདོག་སྟེ་ཤར་གྱི་རྭ་གསུམ་དཀར་བ་སོགས་དང་། ཡང་དབུས་རྭ་དཀར་བ་གཡས་གཡོན་གྱི་རྭ་ལྷོ་བྱང་གི་མདོག་ལྟར་བྱེད་པ་སྟེ་ཕྱོགས་གཞན་ཡང་དེ་བཞིན་ནོ། །དེ་ལྟར་ཚུལ་གཉིས་དང་གཞན་ ཡང་ཟུག་མཚམས་རིང་ཐུང་ཞེང་ཚད་བྱ་ཚུལ་ལ་སོགས་པ་ཐིག་གི་སྒོ་ནས་ཞིབ་ཏུ་ཤེས་དགོས་ཏེ། འདི་ལ་ནི་ཕྱག་ལེན་ནོར་བ་བརྒྱུད་པ་མང་བར་སྣང་ངོ་། །དེ་ལྟར་བུའི་སྣ་ཚོགས་རྡོ་རྗེ་དེ་ཉིད་དཀྱིལ་འཁོར་ཆེན་པོའི་རྟེན་ཡིན་པའི་ཕྱིར་སའི་ཆ་ཞེས་བྱའོ། །དེ་ དག་རྩ་རྒྱུད་ལེའུ་བཅུ་གཅིག་པ་ལས། དཀྱིལ་འཁོར་རྡོ་རྗེ་ཀུན་ལ་སྐྱེས། །ནམ་མཁའི་རྡོ་རྗེའི་དབུས་སུ་བསམ། །ཞེས་དང་། བསྡུ་བ་དག་ཀྱང་རབ་ཏུ་བྱ། །ཞེས་པའི་དོན་ཡིན་པར་ཀླུ་སྒྲུབ་ཀྱིས་གསུངས་ཤིང་། མདོར་བྱས་སུ། དཀྱིལ་འཁོར་ཆེན་པོ་ཡང་དག་ བསྡུས། །རྡོ་རྗེ་ས་གཞིའི་དཀྱིལ་འཁོར་ལ། །ཞེས་གསུངས་པའི་དོན་ཏེ། དེ་རྣམས་སྣོད་འཇིག་འཆགས་དང་སྦྱར་བ་ཡིན་པར་ཀླུ་བྱང་གིས་གསུངས་སོ། །གསུམ་པ་ནི། ལེའུ་བཅུ་གཅིག་པར་ཡི་གེ་བྷྲཱུཾ་གྱི་གནས་སྒོམ་སྟེ། ཞེས་དང་། ལེའུ་བརྒྱད་པར། དཔག་ ཚད་བྱེ་བའི་ཁྱོན་ཙམ་དུ། །གྲུ་བཞི་ཤིན་ཏུ་མཛེས་པ་ཡི། །མཆོད་རྟེན་རིན་ཆེན་སྣ་བཞི་པ། །གསལ་ཞིང་རང་བཞིན་དྲི་མ་མེད། །ཅེས་པའི་དོན་མདོར་བྱས་སུ། །དེར་ནི་བྷྲཱུཾ་ལས་བྱུང་བ་ཡི། །གཞལ་ཡས་ཁང་པ་རྣམ་པར་བསྒོམ། །ཟུར་བཞི་དང་ནི་སྒོ་བཞི་ 5-7-17a དང༌། །ཞེས་བྷྲཱུཾ་ལས་བསྐྱེད་པར་གསུངས་ཤིང་། དཀར་པོར་བྱེད་པ་པཎྜི་ཏ་ཐུབ་པ་དཔལ་བཟང་པོས་བཤད་ལ། སངས་རྒྱས་རྣམ་སྣང་གི་སྤྲིན་འཕྲོ་བར། སྒྲོན་གསལ་དུ་འབྱུང་ངོ་། །སྐབས་འདིར་བྷྲཱུཾ་གཅིག་པུ་ལས་གཞལ་ཡས་ ཁང་ཡོངས་སུ་རྫོགས་པར་གཅིག་ཅར་དུ་གྲུབ་པར་མོས་པ་ཡིན་ལ། འོག་ལུས་དཀྱིལ་གྱི་སྐབས་སུ་ནི་ཆ་སོ་སོ་ལ་རྒྱུ་ཡང་ཐ་དད་དུ་འབྱུང་ངོ་། །རྩིག་པ་རིམ་པ་ལྔ་ནི། ཕྱི་མ་ཤར་གྱི་དེ་བཞིན་གཤེགས་པའི་ཁ་དོག་དེ་ནས་ལྷོ་སྟེ་གཡས་སྐོར་དུ་བྱས་ནས། རྩིག་པ་ནང་མ་དབུས་ཀྱི་དེ་བཞིན་གཤེགས་པའི་ཁ་དོག་སྟེ་དེའང་རིགས་བདག་དབང་བཙན་པས་དེའི་ཁ་དོག་སྟེ། དཔེར་ན། བཅོམ་ལྡན་འདས་ཞེ་སྔ་གཤིན་རྗེ་གཤེད་དཀར་པོར་ཡོད་ཀྱང་རིགས་བདག་མི་བསྐྱོད་པ་ཡིན་པས་རྩིག་པ་ནང་མ་སྔོན་པོས་ འོང་བ་ལྟ་བུའོ། །རྩིག་པ་ནི་ལྔ་སྦྲགས་ཏེ་རེ་རེའི་ཁ་དོག་ཀྱང་ཕྱོགས་བཞི་ཆར་འཁོར་བ་ཡིན་ལ་ནང་ནས་ཕྱིར་རྩི་ན་ནི་སྔོ་ལྗང་དམར་སེར་དཀར་ཞེས་པ་སྟེ་འདི་ནི་ཨ་བྷ་ཡའི་ལུགས་ཡིན་ལ་དཀྱིལ་འཁོར་ཕལ་ཆེ་བ་ལ་འདིས་ཁྱབ་པར་སྣང་ངོ་། །དེའི་ སྟེང་དུ་ཕ་གུ་ནི་འདི་ལྟ་བུར་ཨ་བྷ་ཡས་བཤད་པས་སེར་པོ་ཁོ་ནར་མ་ངེས་སོ། །ཕ་གུའི་སྟེང་བྲེ་ཕུལ་བྱས་ནས་གསེར་གྱི་གདུང་བཞི་ཕྱི་ནང་དུ་བསྒྲིགས་པའི་ཕྱི་མའི་ངོས་ལ་ཆུ་སྲིན་གྱི་ཁ་ནས་དོ་ཤ་དང་དོ་ཤལ་ཕྱེད་པ་འཕྱང་བ་སྟེ། དེ་ལ་བྱ་འདབ་ གུད་པ་བཏགས་ནས་ལྕམ་སྣེར་ཤར་བུ་རུས་རྒྱན་སྙིང་པའི་ཟར་ཚགས་སམ་རིལ་བ་ཐུར་དུ་ལྡོག་པ་ལྟ་བུ་ཡིན་ལ། དེ་དག་གང་དུ་ཡོད་པའི་སྟེང་དུ་མདའ་ཡབ་བྱེད་པར་ཨ་བྷ་ཡས་བཤད་དོ། །འདི་ལ་རྒྱ་སྐད་དུ་ཀྲ་མ་ཤིརྵ་ཞེས་པ་ལ་དེ་ནི་རྡོ་རྗེ་ལྟ་བུའི་ 5-7-17b ཞེས་ཟེར་བ་རྒྱ་སྐད་མ་ཤེས་པའི་བླུན་གཏམ་ཡིན་ལ། དེ་དག་བསྒྱུར་ན་མགོ་བོའི་རིམ་པ་ཞེས་པ་སྟེ། གཞལ་ཡས་ཁང་གི་ཡ་མཐའ་ཡིན་པར་སྟོན་ཞེས་རིན་པོ་ཆེ་བ་གསུང་ངོ་། །མདའ་ཡབ་འབུར་གསུམ་གྱི་དབུས་མ་མཐོ་བ་ལ་གསེར་གྱི་བུམ་པ་གནས་པ་ སྟེ་དེ་ལས་ཐོན་པའི་རྒྱལ་མཚན་དང་བ་དན་ནི་དར་ལྕེ་གསུམ་པ་ལ་རི་དྭགས་དང་ཉ་སྤུ་རྒྱས་པ་ལ་སོགས་པའི་སེམས་ཅན་གྱི་གཟུགས་ཡོད་མེད་ཀྱི་ཁྱད་པར་ཏེ། བོད་ཀྱི་རྒྱལ་མཚན་ལྟ་བུ་མིན་ནོ། །དེའང་ཕྱོགས་རེ་རེ་བཞི་བཞི་དང་གཉིས་གཉིས་བྱེད་པའི་ལུགས་ གཉིས་སོ། །རྩིག་པའི་རྩ་བ་ནས་འདོད་སྣམ་ལ་ལྷ་མོ་སྣ་ཚོགས་ཤིན་ཏུ་མང་བར་གནས་པས་བཅུ་དྲུག་གི་ངེས་པ་མེད་ཅིང་། འདི་ལ་འདོད་ཡོན་གྱི་མཆོད་པ་གནས་པས་འདོད་སྣམ་དང་། གཟུངས་མ་རྣམས་གནས་པས་གཟུངས་སྣ་མ་དང་། གར་གྱི་ལྷ་ མོ་བཞུགས་པས་གར་གྱི་སྣམ་བུ་ཞེས་ཀྱང་བྱའོ། །ཟླ་ཕྱེད་རྡོ་རྗེ་ནི་ས་གཞིའི་སྟེང་དུའོ། །རྟ་བབས་ཀྱི་ཀ་བ་ལ་འཕགས་ལམ་ཡན་ལག་བརྒྱད་ཀྱི་དག་པ་སྦྱར་བས་ཕྱོགས་རེ་རེ་གཉིས་གཉིས་ཡིན་གསུང་པ་མ་ངེས་ཏེ། སྒོ་ཁྱུད་བརྒྱད་ལ་རྫུ་འཕྲུལ་རྐང་ པ་བཞིའི་དག་པ་སྦྱར་བའི་ཕྱིར་རོ། །ལམ་འདིས་བགྲོད་པའི་རྣལ་འབྱོར་པ་ཡིན་ན་རྟེན་དང་བརྟེན་པའི་དཀྱིལ་འཁོར་ལ་གསལ་སྣང་ཡོངས་སུ་རྫོགས་པར་བྱ་དགོས་ལ། དེ་ལ་ནི་དེ་དག་གི་དོན་སྤྱི་གསལ་བོར་ཆགས་པ་དགོས་པས་གཞལ་ ཡས་ཁང་གི་རྣམ་གཞག་ཐིག་གི་སྒོ་ནས་ཤིན་ཏུ་ཞིབ་པར་ཤེས་པར་བྱ་ཡི་འདིར་ཅུང་ཟད་བརྗོད་པ་ཙམ་གྱིས་ནི་གོ་བར་མི་ནུས་པས་མ་སྤྲོས་པ་ཡིན་ནོ། །ལྷ་རྣམས་ལ་ཕྱོགས་ཀྱི་དེ་བཞིན་གཤེགས་པའི་ཕྱག་མཚན་གདན་དུ་འོང་བ་ལྟར་ན། 5-7-18a ཤར་ཕྱོགས་པ་རྣམས་ལ་འཁོར་ལོའང་དགོས་པར་སྣང་ནའང་། ལེའུ་དང་པོ་ལས། གསལ་བ་ལ་སོགས་དཀྱིལ་འཁོར་ལྡན། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཞེས་གསུངས་པའི་དོན། སྣ་ཚོགས་པདྨའི་སྟེང་ དུ་ཟླ་བའི་གདན་བསྐྱེད་པ་ཡིན་པར་མདོ་བསྲེ་ལས་གསུངས་སོ། །མཱ་མ་ཀཱི་རིགས་གཉིས་འཛིན་པས་རྡོ་རྗེའི་གདན་ནོ། །སྤྱི་ནི་རྒྱ་གཞུང་རྣམས་སུ། གཞལ་ཡས་ཁང་བསྐྱེད་པ་ལ་འབྱུང་བ་རིམ་བརྩེགས་མི་བསྐྱེད་པ་དང་བསྐྱེད་པ་གཉིས་ཏེ། དང་ པོ་ནི་ཡེ་ཤེས་ཞབས་དང་དཔལ་འཛིན་སོགས་ཡིན་ལ། གཉིས་པ་ནི་འཕགས་སོགས་ཡིན་ནོ། །འབྱུང་བ་རིམ་རྩེགས་བསྐྱེད་པ་ལའང་རྩིབས་བཅུ་པའི་ལྟེ་བའི་ནང་དུ་བསྐྱེད་མི་བསྐྱེད་གཉིས་ཏེ། མི་བསྐྱེད་པའི་ཕྱོགས་ལ་འབྱུང་བ་ཞུ་མི་ཞུ་གཉིས་ དང་། ཞུ་བ་ལས་སྣ་ཚོགས་རྡོ་རྗེར་བསྐྱེད་པ་དང་གཞལ་ཡས་ཁང་བསྐྱེད་པའི་ལུགས་གཉིས་སོ། །དེ་བཞིན་དུ་རྟེན་དང་བརྟེན་པ་གཅིག་ཅར་དུ་བསྐྱེད་པ་ལཱུ་ཨི་པ་དང་། རྟེན་ཕྱིས་ནས་བསྐྱེད་ཅིང་བརྟེན་པ་དང་པོར་བསྐྱེད་པ་རྡོ་རྗེ་དབྱིངས་དང་། བརྟེན་པ་རྗེས་སུ་བསྐྱེད་པ་དཀྱིལ་འཁོར་ཕལ་མོ་ཆེའི་ལུགས་སོ། །འདིར་ནི་རྩ་རྒྱུད་ལས། གནས་བསྐྱེད་པ་ནི་སྔོན་འགྲོ་བས། །རྡོ་རྗེ་གསུམ་བསྐྱེད་བསྒོམ་པར་བྱ། །ཞེས་པ་ལྟར་མཛད་པའོ། །གཉིས་པ་ལ་ལྷག་མོས་མཛད་པ་དང་བཅས་ པ་བསྒོམ་པ་ནི། འདིར་ལྷ་སོ་གཉིས་པོ་ཀུན་གྲུབ་པར་ལྷག་པར་མོས་པ་ཙམ་ལས་བསྐྱེད་པས་རྒྱུ་ཡི་གེ་སོགས་མི་བསྒོམ་སྟེ། བསྐལ་པ་དང་པོའི་མི་རྫུས་ཏེ་སྐྱེ་བ་དང་བསྟུན་པའི་ཕྱིར་རོ། །དེས་ན་འདི་ལ་ལྷག་མོས་ཀྱིས་དཀྱིལ་འཁོར་ཞེས་ 5-7-18b བྱའོ། །འདི་ལ་བོད་ཀྱི་བླ་མ་ཁ་ཅིག་རིགས་སུའི་ཟློས་པ་པོ་ཡིན་ཀྱང་ལྷག་མོས་ཀྱི་གཙོ་བོ་རྡོ་རྗེ་འཆང་གིས་བྱེད་པ་ལ་འཕགས་པ་ཡབ་སྲས་གཞན་རྣམས་མཐུན་པ་ལ་རྣམ་གཞག་རིམ་པར་མི་བསྐྱོད་པ་ལ་སོགས་ཞེས་གསུངས་པ་ནི་དེའི་རིགས་ཀྱི་ ཟློས་པ་པོ་ལ་དགོད་པ་ཡིན་ཞེས་གསུངས་པ་མི་འཐད་དེ། འདིར་མི་བསྐྱོད་པ་དཀྱིལ་འཁོར་ལ་དགོད་བྱར་གསུངས་ཀྱི་འགོད་པ་པོར་མ་བཤད་པས་ཡི་གེའི་དོན་དུ་མི་སྣང་བའི་ཕྱིར་རོ། །བླ་མ་གཞན་གྱིས་ནི་སྒྲོན་མ་རབ་གསལ་དང་འགྲེལ་པ་རིན་ཆེན་ ཕྲེང་བར་མི་བསྐྱོད་པ་ཞེ་སྡང་རྡོ་རྗེ་ལྷག་མོས་ཀྱི་གཙོ་བོར་བཤད་པ། མདོར་བྱས་དང་མདོར་བསྲེ་དང་ཟླ་བ་གྲགས་པས་རྡོ་རྗེ་འཆང་དུ་གསུངས་པའི་ལུང་གིས་བཀག་ནས་མི་བསྐྱོད་པ་གཙོ་བོ་མ་ཡིན་པར་འཆད་དོ། །མདོར་བྱས་སུ། རེག་བྱ་རྡོ་རྗེ་ཉིད་ཀྱང་ནི། ། རྡོ་རྗེ་སེམས་དཔའ་དང་ལྡན་གནས། །ཞེས་གསུངས་ཤིང་རྡོ་རྗེ་སེམས་དཔའ་ནི་རྡོ་རྗེ་འཆང་ངོ་། །གལ་ཏེ་ལྷག་མོས་ཀྱི་གཙོ་བོ་རྡོ་རྗེ་འཆང་ཡིན་ན་རྣམ་གཞག་རིམ་པར་མི་བསྐྱོད་པ་གསུངས་པ་ཅི་ལྟར་ཡིན་ཞེ་ན། མདོ་བསྲེ་ལས། གནས་བསྐྱེད་ པ་སྔོན་དུ་འགྲོ་བས་རྡོ་རྗེ་གསུམ་བསྐྱེད་པ་བསྒོམ་པར་བྱའོ། །ཞེས་གསུངས་པས་ལྷག་པར་མོས་པ་ཅན་གྱི་བདག་ཉིད་རྡོ་རྗེ་འཆང་ཆེན་པོ་ཉིད་དུ་གྱུར་ནས། ཞེས་གསུངས་པ་དང་། རྣམ་གཞག་རིམ་པར། དེ་ནས་རྣམ་པར་ཤེས་པའི་བདག་ པོ་རྡོ་རྗེ་འཆང་ཆེན་པོ་སེམས་ཅན་ཐམས་ཅད་བསྐྱེད་པར་མཛད་པ་པོས་སྣོད་ཀྱི་འཇིག་རྟེན་བསྐྱེད་པའི་འོག་ཏུ་སེམས་ཅན་གྱི་ཁམས་ངེས་པར་སྤྲུལ་པར་མཛད་དེ། གནས་ནི་སྒྲུབ་པ་སྔོན་འགྲོ་བས། །རྡོ་རྗེ་གསུམ་བསྐྱེད་པ་སྒོམ་པར་བྱ། །ཞེས་ 5-7-19a གསུངས་པ་གཉིས་དོན་གཅིག་ཏུ་སྣང་བ། སློབ་དཔོན་ཀླུ་བྱང་གིས་ཀྱང་རྡོ་རྗེ་འཆང་དུ་བཞེད་མོད་ཀྱང་མི་བསྐྱོད་པར་གསུངས་པ་ནི། ལེའུ་བཅུ་གཅིག་པའི་སྒྲོན་གསལ་ལས། བཅོམ་ལྡན་འདས་རྡོ་རྗེ་ མི་བསྐྱོད་པ་རྡོ་རྗེ་འཆང་ཆེན་པོས་དེ་སྐད་ཅེས་བཀའ་སྩལ་ཏོ། །ཞེས་གསུངས་ཤིང་རྡོ་རྗེ་འཆང་ལ་དེ་བཞིན་གཤེགས་པ་གཞན་གྱི་མིང་གིས་བཏགས་པའང་ཡོད་པས་མི་འགལ་ལོ། །དབུས་ཀྱི་གདན་ལ་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་སྔོན་པོ་ ཨིནྡྲ་ནཱི་ལ་ལྟ་བུར་གསུངས་ལ། འདི་དང་ཞེ་སྡང་རྡོ་རྗེ་དང་མི་བསྐྱོད་པ་ཞི་བ་གསུམ་སྤྱིར་སྔོན་པོ་འདྲའང་ཞེ་སྡང་རྡོ་རྗེ་མཐིང་ནག །མི་བསྐྱོད་པ་ནི་སྔོ་ཞིང་གནག་པ་སྟེ། འདི་ནི་སྔོ་སྐྱའི་རྣམ་པར་བྱའོ། །ཞལ་གྱི་རྣམ་གཞག་ཞིབ་པར་ཤེས་ དགོས་ཏེ་འདིར་མ་གསུངས་པས་མ་བྲིས་སོ། །དབུ་སྐྲ་ལ་ཐོར་ཚུགས་དང་ཕྱེད་བཅིངས་དང་གྱེན་བརྗེས་གསུམ་དང་། ཕྱེད་བཅིངས་ལ་ཟུར་ཕུད་གསུམ་པ་དང་ལྔ་པའི་ཚུལ་གཉིས་ལས་འདིར་གཤེགས་པ་རྣམས་དང་སེམས་དཔའ་བརྒྱད་ ནི་དབུ་སྐྲ་རལ་པ་ཐོར་ཚུགས་སུ་བཅིངས་པ་སྟེ། དེ་ནི་ལྷག་མེད་པར་སྤྱི་བོར་བཅིངས་པ་ཡིན་ལ། ལྷ་མོ་རྣམས་ནི་དབུ་སྐྲའི་ཕྱེད་སྤྱི་བོར་བཅིངས་ཤིང་ཕྱེད་ཐུར་དུ་འཕྱང་བའོ། །རིན་པོ་ཆེའི་རྒྱན་བརྒྱད་ནི། དབུ་རྒྱན། སྙན་རྒྱན་ གཉིས། མགུལ་རྒྱན། སེ་མོ་དོ། དོ་ཤལ་གསུམ་སྟེ། ལྔ། ཕྱག་གདུབ། ཞབས་གདུབ་གཉིས་དང་བདུན། འོག་པག་དང་བརྒྱད་ཡིན་ལ། དབུ་རྒྱན་ནི་རིན་པོ་ཆེའི་རྩེ་ཕྲན་ལྔ་རིན་པོ་ཆེའི་ཐག་པས་སྦྲེལ་བ་དབུ་ལ་བཅིངས་ 5-7-19b པ་ཡིན་ཞིང་། སྙན་རྒྱན་ནི། སྙན་ལ་འཕྱང་བའི་རིན་པོ་ཆེའི་གདུ་བུ་ལྟ་བུ་དང་། མགུལ་རྒྱན་ནི་མགུལ་འཁོར་བ་ཙམ་དང་། སེ་མེ་དོ་ནི་ནུ་མའི་བར་དུ་སླེབ་པ། དོ་ཤལ་ནི་བརླ་ཕྲ་སྦོམ་མཚམས་སུ་སླེབས་པ་སྟེ་དེ་གསུམ་ནི་མགུལ་བར་གྱོན་པའི་རྒྱན་ནོ། ། ཕྱག་གདུབ་ལ་ཕྱག་གི་མཁྲིག་མ་ལ་གྱོན་པ་དང་དཔུང་པ་ལ་བཅིངས་པའི་རྒྱན་གཉིས་སོ། །ཞབས་གདུབ་ནི་ཞབས་ཀྱི་མཁྲིག་མ་ལ་གྱོན་པའི་རྒྱན་ནོ། །འོག་བག་ནི་སྐ་རགས་ཁྱད་པར་ཅན་ཏེ། རིན་པོ་ཆེའི་ཚར་རྫར་དུ་མས་བརྒྱན་པ་ཡིན་ནོ། །ལྷ་རྫས་ ཀྱི་གོས་ཀྱི་ག་ཤལ་ནི་ཕྱོགས་གཉིས་ཀས་སེ་རལ་ཁ་བྱས་པའོ། །གཙོ་བོ་ཡབ་ཡུམ་ནི་ཤམ་ཐབས་འཕྱར་བ་སྟེ་དེ་ནི་རྒྱབ་ཏུ་བཤུགས་པ་ཡིན་ལ། ཁ་ཅིག་ཤམ་ཐབས་གྲོལ་བ་ཞེས་འབྱུང་ལ་དེ་ནི་བརླའི་སྟེང་དུ་ཕྱིར་སྙིགས་པ་ཡིན་ནོ། །དེ་ལྟར་ ལྷ་སོ་གཉིས་ཡོངས་སུ་རྫོགས་པར་བསྐྱེད་ནས། མདོར་བྱས་ལས། སླར་ཡང་ཁ་སྦྱོར་སྦྱོར་བ་ཡིས། །རང་གི་ལུས་ལ་དེ་རྣམས་གཟུང་། །ལུས་ཀྱི་དཀྱིལ་འཁོར་གཏོགས་སངས་རྒྱས། །རིམ་པ་ཅི་བཞིན་ཡང་དག་བསམ། །ཞེས་གསུངས་ཤིང་། ལྷག་མོས་ཀྱི་མཛད་པ་མི་གསལ་ཡང་། སྒྲོན་གསལ་ལེའུ་དང་པོར་རྡོ་རྗེ་འཆང་ཆེན་པོའི་དཀྱིལ་འཁོར་དུ་གྱུར་པ་དེས་ཅི་ཞིག་མཛད་ཅེ་ན། སེམས་ཅན་ཐམས་ཅད་དཔལ་རྡོ་རྗེ་སེམས་དཔའི་འཇུག་པས་ཞུགས་ནས་རྡོ་རྗེ་སེམས་དཔའ་དང་ ཉིད་ཐོབ་པའོ། །དེ་ནས་བདེ་བ་དང་ཡིད་བདེ་བ་ཐོབ་པར་གྱུར་ཏོ། །ཞེས་གསུངས་ལ། རྡོ་རྗེ་སེམས་དཔའི་འཇུག་པ་ནི་དཀྱིལ་འཁོར་གྱི་ཕྱོགས་ཐམས་ཅད་ནས་ཐོགས་པ་མེད་པར་འཇུག་པ་སྟེ། སྤྱིར་འཇུག་པ་བཞི་གསུངས་པ་ལས་སློབ་ 5-7-20a མའི་འཇུག་པ་ནི་དཀྱིལ་འཁོར་གྱི་སྒོ་ནས་འཇུག་པ་དང་། རྡོ་རྗེ་ཤུགས་ཀྱི་འཇུག་པ་ནི་སྟེང་དུ་བཏེག་ནས་དེའི་འོག་ཏུ་འཇུག་པ་དང་། ཡེ་ཤེས་སེམས་དཔའི་འཇུག་པ་ནི་དཀྱིལ་འཁོར་གྱི་སྟེང་ནས་ཕྱིར་ཐོགས་མེད་ དུ་འཇུག་པའོ། །ལྷག་མོས་ལུས་ལ་སྡུད་པའི་སྐབས་སུ་ཁ་སྦྱོར་ཞེས་གསུངས་པའི་དོན་གཉིས་སུ་མེད་པར་སྦྱོར་བ་སྟེ་དབྱེར་མེད་དུ་བྱེད་པའི་དོན་ཡིན་ལ། དབྱེར་མེད་རྒྱུན་ནི་རང་གི་ཕུང་ཁམས་སྐྱེ་མཆེད་དང་ལྷ་རྣམས་སོ། །དེ་ལྟར་ན་རང་གི་གཟུགས་ ཕུང་དང་རྣམ་སྣང་གཉིས་ཁ་སྦྱོར་བ་སྟེ་ངོ་བོ་དབྱེར་མེད་དུ་མོས་པ་དང་ལྷག་མ་རྣམས་ཀྱང་དེ་བཞིན་དུ་ཤེས་པར་བྱ་སྟེ། མདོ་བསྲེ་ལས་ཀྱང་། དཀྱིལ་འཁོར་གྱི་འཁོར་ལོར་བཀོད་པའི་དེ་བཞིན་གཤེགས་པ་རྣམས་ཕུང་པོ་ལ་སོགས་པའི་ངོ་ བོར་བསྡུས་ཏེ། ཞེས་གསུངས་པའི་དོན་ཏོ། །དེ་ནི་མངོན་པར་བྱང་ཆུབ་པ་ལྔ་བཤད་པར་བྱ་སྟེ། འདི་ལ་མི་འདྲ་བ་མང་དུ་ཡོད་ཀྱང་འཕགས་པ་ཡབ་སྲས་ཀྱི་བཞེད་པ་ནི་དེ་བཞིན་ཉིད་ལས་བྱང་ཆུབ་པ། ཟླ་བ་ལས་བྱང་ཆུབ་པ། ས་བོན་ལས་ བྱང་ཆུབ་པ། ཕྱག་མཚན་ལས་བྱང་ཆུབ་པ། སྐུ་རྫོགས་པ་ལས་བྱང་ཆུབ་པ་དང་ལྔ་ཡིན་ལ། བྱང་ཆུབ་པ་དང་པོ་བཞི་ནི་རྒྱུ་ཡིན་ཞིང་ལྔ་པ་ནི་འབྲས་བུ་ཡིན་ནོ། །བྱང་ཆུབ་དང་པོ་ལྷག་མོས་འོད་གསལ་དུ་སྡང་པ་འདི་ཡིན་ལ། ཇི་སྐད་དུ་ རྩ་རྒྱུད་ལེའུ་བདུན་པ་ལས། དམ་ཚིག་ཁུ་བྱུང་ཆོ་ག་བཞིན། །འབྲས་བུ་འདོད་པས་བཏུང་པར་བྱ། །དེ་བཞིན་གཤེགས་པའི་ཚོགས་བསད་ན། །དངོས་གྲུབ་རབ་མཆོག་འཐོབ་པར་འགྱུར། །ཞེས་གསུངས་པའི་གཞུང་དེ་སྐབས་འདིའི་ 5-7-20b དོན་དུ་མདོ་བསྲེ་ལས་གསུངས་ཤིང་འདི་ལ་སྒྲོན་གསལ་དུ་དགོངས་པས་བཤད་པ་མཛད་དོ། །དེ་ལ་དམ་ཚིག་ནི་ཐབས་ཤེས་སྦྱོར་བ་སྟེ་དེས་ཁུ་བ་སྟེ་ས་བོན་ཕྱུང་བ་སྟེ་བཏོན་ནས་མེར་མེར་པོ་ལ་སོགས་པའི་རིམ་གྱིས་མངོན་པར་འཕེལ་བ་དེ་ཉིད་ ས་བོན་ལས་མྱུ་གུ་འཕེལ་བ་དང་འདྲ་བར་ཡོངས་སུ་རྫོགས་པའི་ལུས་ཀྱི་ལྷ་རྣམས་སོ། །དེ་རྣམས་དོན་དམ་པའི་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་བཞིན་དུ་བཏུད་པ་སྟེ་འོད་གསལ་དུ་གཞུག་པར་བྱའོ། །ཆོ་ག་བཞིན་བཏུང་བའང་ཕུང་ པོ་ཁམས་དབང་པོ་ཡུལ་ཡེ་ཤེས་རྣམས་འོད་གསལ་དུ་རིམ་གྱིས་གཞུག་པ་ལ་བྱའོ། །ཅིའི་ཕྱིར་འབྱུང་ན་འབྲས་བུ་འོད་གསལ་བས་དག་པ་རྡོ་རྗེ་སེམས་དཔའི་སྐུ་འདོད་ཅིང་དོན་དུ་གཉེར་བས་དེའི་ཕྱིར་རོ། །རང་གི་ཕུང་པོ་དང་དབྱེར་ མེད་པའི་དེ་བཞིན་གཤེགས་པའི་ཚོགས་བསད་ན་སྟེ་འོད་གསལ་དུ་བཅུག་ན། དེའི་ཕན་ཡོན་དངོས་གྲུབ་རབ་མཆོག་འཐོབ་པར་འགྱུར་བའོ། །འོ་ན་འོད་གསལ་དུ་གཞུག་རྒྱུ་དེ་གང་ཡིན་ཞེ་ན། ལྔ་སྟེ་དེ་བཞིན་གཤེགས་པ་དང་རིན་ པོ་ཆེ་དང་པདྨ་དང་ལས་ཀྱི་རིགས་དང་རྡོ་རྗེའི་རིགས་སོ། །དང་པོ་ནི། རྡོ་རྗེ་ཕྲེང་བ་ལས། གཟུགས་ཕུང་གཏོགས་དང་མེ་ལོང་དང་། ས་ཁམས་མིག་གི་དབང་པོ་དང་། །གཟུགས་དང་རྣམ་ལྔར་གྱུར་པ་སྟེ། །ཁྲོ་བོ་གཉིས་དང་ ཡང་དག་ལྡན། །ཞེས་ཏེ། གཟུགས་ཕུང་རྣམ་སྣང་དེར་གཏོགས་པ་སྟེ་དེའི་རིགས་ཅན་རྣམས་པ་བདུན་ཏེ། སྦྱང་གཞི་ལ་གཟུགས་ཕུང་ས་ཁམས་མིག་གཟུགས་རྩ་རྒྱུད་དཔུང་བ་གཡས་གཡོན་བདུན་ནི་མངལ་སྐྱེས་འཆི་ 5-7-21a བའི་ཚེ་དེ་རྣམས་ཀྱི་རྣམས་ཤེས་བརྟེན་པའི་ནུས་པ་བསྡུས་ནས་འགྲོ་བ་ཡིན་ལ་དེ་དག་མཐུན་པར་སྦྱོང་བྱེད་ཀྱི་ལྷ་བདུན་པོའང་འོད་གསལ་དུ་འཇུག་པ་སྟེ། འདིར་རྣལ་འབྱོར་པའི་ཡིད་དོན་སྦྱང་གཞི་བདུན་ དང་སྦྱོང་བྱེད་བདུན་དང་བཅུ་བཞི་འོད་གསལ་དུ་གཞུག་པའོ། །གཉིས་པ་རིན་པོ་ཆེའི་རིགས་ནི། ཚོར་བའི་ཕུང་པོ་མཉམ་ཉིད་དང་། །ཆུ་ཁམས་རྣ་བའི་དབང་པོ་དང་། །སྒྲ་ཡང་ལྔ་པར་གྱུར་པ་སྟེ། །ཁྲོ་བོ་གཉིས་དང་ཡང་དག་ལྡན། །ཞེས་པ་སྟེ། ཚོར་བའི་ ཕུང་པོ་སྟེ་རིན་འབྱུང་གི་རིགས་ཅན་མཉམ་ཉིད་དེ་རིན་འབྱུང་། ཆུ་ཁམས་མཱ་མ་ཀཱི། རྣ་བའི་དབང་པོ་ཕྱག་ན་རྡོ་རྗེ། སྒྲ་རྡོ་རྗེ་མ། ལྔ་པ་ཞེས་པ་ནི་ཕུང་པོ་ཁམས་དབང་པོ་ཡུལ་ཡེ་ཤེས་ལྔའི་ལྔ་པ་ཡིན་པས་སོ། །ཁྲོ་བོ་གཞན་གྱིས་མི་ ཐུབ་པ་དང་འདོད་པའི་རྒྱལ་པོ་གཉིས་ཏེ་སྦྱང་གཞི་དྲུག་དང་། དེ་དང་དབྱེར་མེད་པའི་སྦྱོང་བྱེད་ལྷ་དྲུག་འོད་གསལ་དུ་གཞུག་པར་བྱའོ། །དེ་བཞིན་དུ་ལྷག་མ་རྣམས་ཀྱང་ཤེས་པར་བྱ་སྟེ། མཱ་མ་ཀཱི་དང་རེ་བྱ་རྡོ་རྗེ་མ་ནི་རིགས་གཉིས་འཛིན་ ལ། འཇམ་དཔལ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་སུ་བཤད་པས་འདིར་མི་བསྐྱོད་པའི་རིགས་ཅན་དུ་གསུངས་སོ། །འདིར་ལྷག་མོས་ཀྱི་ལྷ་ལུས་ལ་འགོད་པའི་ཚེའང་ལྷ་དེ་དག་རང་གི་ཕུང་ཁམས་དེ་དང་དེའི་ངོ་བོ་ཡིན་སྙམ་པའི་ ངེས་པ་དང་། འོད་གསལ་དུ་གཞུག་པའི་ཚེའང་ལྷ་དེ་དག་གནས་དེར་འཇའ་ཡལ་བ་བཞིན་དུ་སྟོང་པར་མོས་པ་དང་དེའི་ཚེ་རང་གི་ཕུང་སོགས་དེ་དང་དེ་ཡང་འོད་གསལ་དུ་ཞུགས་པར་མོས་པ་དང་བདག་མེད་པའི་དོན་དྲན་པ་གསུམ་ཤིན་ཏུ་ 5-7-21b གལ་ཆེ་བས་དལ་བུས་མཆད་པར་བྱས་ལ་དེའི་ཚེ་མངོན་རྟོགས་ཀྱི་ཚིག་རྣམས་ཀྱང་དལ་བུས་གདོན་པར་བྱ་ཞིང་ཡིད་ཀྱིས་དམིགས་པ་བསྒོམ་པ་དང་ངག་ཏུ་དེ་རྗོད་པ་གསུམ་མཉམ་དུ་འོང་བར་བྱ་ཞིང་ཡིད་དམིགས་པ་ལ་གོམས་པས་མགྱོགས་པར་ འཆར་བ་ན་ཚིག་ཀྱང་མགྱོགས་པར་གདོན་པར་བྱའོ། །དེ་ནས། མགོན་པོ་ཀླུ་སྒྲུབ་ཀྱིས། མགོ་བོ་ནས་ནི་རྐང་པའི་བར། །ཇི་སྲིད་སྙིང་གར་ཕྱིན་གྱི་བར། །རྣལ་འབྱོར་ཡང་དག་མཐའ་ལ་འཇུག །ཅེས་པ་ལྟར་གཙོ་བོའང་འོད་གསལ་དུ་བཅུག་ནས་གནས་ལུགས་ནམ་ མཁའ་ལྟ་བའི་ངང་ལ་མཉམ་པར་བཞག་ནས་བརྟན་བྱེད་ཀྱི་སྔགས་བརྗོད་པར་བྱ་སྟེ། རིམ་པ་དང་པོའི་སྐབས་སུ། འདི་རྣམས་མོས་པ་ཙམ་ཡིན་ལ། རིམ་པ་གཉིས་པའི་སྐབས་སུ་ཇི་ལྟ་བ་བཞིན་མངོན་དུ་འགྱུར་བ་ཡིན་ནོ། །དེ་ལ་ཨོཾ་ནི་ སྔགས་ཀྱི་མགོ་འདྲེན་པ། ཤཱུ་ནྱ་ཏཱ་ནི་སྟོང་པ་ཉིད་ཡུལ་ཆོས་ཀྱི་དབྱིངས་དང་། ཛྙཱ་ན་ནི་ཤས་པ་སྟེ་དེ་ཁོ་ན་ཉིད་རྟོགས་པའི་ཡེ་ཤེས་ཡིན་ཏེ་རྒྱ་སྐད་ལ་ཤེས་པ་དང་ཡེ་ཤེས་ལ་སྐད་ལོགས་པོར་མེད་ཀྱང་སྐབས་ཀྱི་བརྗོད་བྱ་ལ་བཏགས་ནས་ལོ་ཙཱ་པ་རྣམས་ ཀྱིས་ཡེ་བླ་ཐབས་སུ་བསྣན་པ་ཡིན་ནོ། །ཡུལ་སྟོང་པ་ཉིད་དང་ཡུལ་ཅན་ཡེ་ཤེས་གཉིས་དབྱེར་མེད་པའི་དེ་ཁོ་ན་ཉིད་ནི་བཛྲ་སྟེ་མི་མཐུན་ཕྱོགས་ཀྱིས་མི་ཕྱེད་པའི་ཕྱིར་རོ། །སྭ་བྷ་ཝ་ནི་རང་བཞིན་ཏེ་རང་བཞིན་གྱིས་རྣམ་པར་དག་པ་ཉིད་ གློ་བུར་གྱི་དྲི་མ་དང་བྲལ་བའི་རང་བཞིན་དུ་གནས་པ་ཨཱཏྨ་ཀཱཿ ནི་བདག་ཉིད་ཨ་ཧཾ་ངའོ། །ཞེས་པ་སྟེ་རང་བཞིན་གྱིས་དག་པའི་བདག་ཉིད་ནི་ངོའོ་ཞེས་པའོ། །སྔགས་དོན་རིགས་ལྔར་བཤད་པ་ནི་ཨོཾ་རྣམ་སྣང་ཤཱུནྱ་ཏཱ་གཉིས་པ་ཛྙཱ་ན་གསུམ་ 5-7-22a །པ་བཛྲ་བཞི་པ་སྭ་བྷ་ཝ་ཨཱཏྨ་ཀཱ་ལྔ་པ་ཨ་ཧཾ་དྲུག་པ་ཡིན་ལ། འདི་ནི་རིགས་དྲུག་འོད་གསལ་དུ་ཞུགས་པའི་ཆ་ནས་རྩིབས་ལྡོག་པས་ཕྱེ་བ་ཡིན་གྱི་ངོ་བོའི་སྒོ་ནས་དབྱེ་བ་མིན་ནོ། །དེ་ལྟར་ན་ཨོཾ་ཞེས་པ་ནི་རྣམས་སྣང་གི་རིགས་ བདུན་ཚན་གཉིས་འོད་གསལ་དུ་ཞུགས་པའི་དེ་ཁོ་ན་ཉིད་དྲན་པར་བྱེད་པ་སོགས་ཏེ་དེ་ལྟ་བུའི་ཆོས་ཀྱི་སྐུ་དེ་མངོན་དུ་གྱུར་པའི་ང་རྒྱལ་འཇོག་པ་ཡིན་ནོ། །དེ་དག་ནི་ཐོག་མཐའ་གཉིས་སུ་དོན་དམ་པའི་བདེན་པ་བསྙེན་པ་གཙོ་བོར་གྱུར་པས་བསྙེན་པའི་ ཡན་ལག་སྟེ་དེ་ཁོ་ན་ཉིད་བསྒོམ་པ་གཉིས་ནི་བསྙེན་པའི་དངོས་གཞི་ཡིན་ལ་ལྷ་བསྒོམ་པ་སོགས་དེའི་ཡན་ལག་ཡིན་ནོ། །འདི་དག་ནི་འཆི་བ་ཆོས་སྐུར་བསྒྱུར་བའི་རིམ་པ་དང་པོའི་མན་ངག་མཆོག་ཡིན་པས་ཤིན་ཏུ་འདྲིས་པར་བྱ་ཞིང་། རིམ་པ་ དང་པོའི་རྣལ་འབྱོར་པ་འཆི་བའི་ཚེ་ཕུང་ཁམས་ཐིམ་པ་ནའང་དེ་དང་དེའི་ངོ་བོར་གྱུར་པའི་ལྷན་རྣམས་འོད་གསལ་དུ་བཅུག་ནས། གཙོ་བོ་འདོ་གསལ་དུ་བཅུག་པ་དང་འཆི་བའི་འོད་གསལ་ཤར་བར་བྱས་ནས་བདག་མེད་པའི་དོན་ལ་གཞག་པར་བྱ་སྟེ་ གཉིད་ཀྱི་ཚེའང་ངོ་། །དམིགས་པ་འདི་རྣམས་ཡིད་ཀྱིས་མི་སྒོམ་པར་ཚིག་བཤར་བ་ཙམ་རེ་བྱས་ནས་སྔགས་འདྲེན་པ་ཙམ་ལ་ནུས་པ་སྤྲུག་པ་ནི་རིམ་པ་གཉིས་ལ་གོ་བ་མ་ཆགས་པའི་རྟགས་ཡང་དག་ཏུ་ཤེས་པར་བྱའོ། །བསྐྱེད་རིམ་ལ་སྦྱང་གཞི་ དང་སྦྱོང་བྱེད་ངོ་འཕྲོད་དགོས་པ་ལ་འཕྲོད་ལུགས་ཀྱང་སྐྱེ་འཆི་བར་དོ་གསུམ་ཇི་ལྟ་བ་དེ་བཞིན་དུ་བསྒོམ་པ་ཡིན་པས་དེའི་ཚུལ་བརྗོད་ན། སྤྱིར་འཕགས་པ་ཡབ་སྲས་ཀྱི་བཞེད་པས་སྔགས་ཀྱི་ལམ་གྱིས་སྙིགས་དུས་ཀྱི་མའི་ཚེ་གཅིག་ལ་བསྒྲུབ་པར་བྱ་བའི་འབྲས་བུ་ 5-7-22b ཐུན་མོང་མ་ཡིན་པ་ནི་གཞི་ལ་ཆོས་གསུམ་གནས་པ་ཇི་འདྲ་བ་དེ་འདྲ་བའི་སྐུ་གསུམ་གྱི་གོ་འཕང་ཞིག་ཡིན་ནོ། །སྐུ་གསུམ་གྱི་གོ་འཕང་མཐར་ཕྱིན་པ་མི་སློབ་པའི་ཟུང་འཇུག་གི་སྐབས་ལ་བཞག་དགོས་མོད་ཀྱང་ལམ་ལའང་བཤད་པ་ནི་ཡབ་སྲས་ཀྱི་གཞུང་ནས་མང་ དུ་འབྱུང་བས་འདིར་ནི་རིགས་པའི་དབང་དུ་བྱས་ཀྱི་ཞིབ་ཏུ་ནི་རྫོགས་རིམ་གྱི་སྐབས་སུ་ཤེས་པར་བྱའོ། །འདི་ལྟར་འཆི་བ་ནི་ཕུང་སོགས་ཐིམ་ནས་སྤྲོས་པ་རགས་པ་ཐམས་ཅད་ཞི་བར་གྱུར་ནས་ཆོས་ཀྱི་སྐུ་དང་རྗེས་སུ་མཐུན་ཞིང་བར་དོ་ནི་རླུང་སེམས་ཙམ་ལས་གྲུབ་ཅིང་ འཇའ་ལུས་ལྟར་ཤིན་ཏུ་ཕྲ་བའི་ལུས་ཅན་ཡིན་པས་ལོངས་སྐུ་དང་རྗེས་སུ་མཐུན་ལ། དེས་ཤའི་མིག་གི་ཡུལ་དུ་གྱུར་ནས་དེ་དག་གི་བྱ་བ་བསྒྲུབ་ནུས་པའི་སྐྱེ་བ་ལེན་པ་ནི། ལོངས་སྐུ་སྐྱེ་བ་ལེན་པའི་སྤྲུལ་པ་ཐ་མལ་པའི་མཐོང་བའི་ལམ་ དུ་བསྟན་ནས་དེ་དག་གི་དོན་བསྒྲུབ་པ་དང་འདྲའོ། །དེས་ན་དེ་གསུམ་དང་རིགས་འདྲ་བའི་ལམ་གསུམ་བསྒོམས་པས་མཐར་ཐ་མལ་པ་ལ་འཆི་བ་འོང་བའི་དོད་ལ་རྣལ་འབྱོར་པ་ལ་དོན་དམ་པའི་བདེན་པ་མངོན་དུ་བྱས་པའི་འཆི་བ་ཆོས་སྐུར་འོང་ཤིང་། ཐ་མལ་པ་ལ་བར་དོ་འོང་བའི་དོད་ལ་འོད་གསལ་ལས་ལུགས་ལྡོག་ཏུ་ཤར་བའི་རླུང་སེམས་ཙམ་ལས་གྲུབ་པའི་ལོངས་སྐུ་འོང་ལ་ཐ་མལ་པ་ལ་འཁོར་བའི་སྐྱེ་བ་འོང་བའི་དོད་ལ་རྣལ་འབྱོར་པ་ལ་འགྲོ་བའི་དོན་དུ་དགའ་མགུར་སྐྱེ་བ་ལེན་པའི་སྤྲུལ་སྐུ་འོང་བ་ ཡིན་ནོ། །འདི་ནི་གཞུང་གཞན་ནས་བཤད་པའི་སྐུ་གསུམ་དང་མི་འདྲའི་བའི་འདི་ཉིད་ཀྱི་ཁྱད་ཆོད་མཆོག་ཏུ་གྱུར་པའོ། །དེ་ལྟར་ན་ཐབས་མཁས་དང་བྲལ་བའི་འཁོར་བའི་རྒྱུ་འགྱུར་བའི་སྐྱེ་འཆི་བར་དོ་གསུམ་འོང་རྒྱུ་དེ་ཐབས་མཁས་ཀྱི་མཐུས་དེ་གསུམ་ 5-7-23a ཅི་འདྲ་བ་དེ་འདྲ་བའི་སྐུ་གསུམ་དུ་བསྒྱུར་བ་འདི་འཕགས་པ་ཡབ་སྲས་ཀྱིས་གསལ་བར་གསུངས་སོ། །དེས་ན་གཞིའི་སྐྱེ་འཆི་བར་དོ་གསུམ་དང་རིགས་མཐུན་པའི་སྐུ་གསུམ་བསྒྲུབ་བྱར་བྱེད་པའི་གནད་ཀྱིས་ལམ་དུའང་དེ་གསུམ་དང་ རྗེས་སུ་མཐུན་པའི་སྒོམ་པའི་རིམ་པ་སྟོན་པས་སྣོད་བཅུད་ཀྱི་སྲིད་པའི་རིམ་པ་རེ་དང་བསྟུན་ནས། དེའི་དོད་ལ་ལམ་འདི་འདྲ་ཞིག་བསྒོམ་ཞེས་གསུངས་ཏེ་དཔེར་ན་རས་བྲིས་ལ་དོན་མེད་པའི་གཟུགས་བརྙན་མང་པོ་འབྲི་བ་ཞིག་ལ་གཞན་ཞིག་གིས་ དེའི་དོད་ལ་སངས་རྒྱས་ཀྱི་སྐུ་འདི་བྲིས་ཤིག་ཅེས་སྨྲ་བ་བཞིན་དུ། འཁོར་བ་པ་ལ་སྣོད་བཅུད་འདི་ལྟར་འབྱུང་བ་བཞིན་དུ་དེའི་དོད་ལ་གཞལ་ཡས་ཁང་དང་སྐུ་གསུམ་འདི་འདྲ་བ་ཞིག་འོང་བ་གྱིས་ཞེས་གསུངས་པ་ཡིན་ཏེ། དེ་དག་བསྒོམ་པ་ནི་ཇི་ལྟར་ བསྒོམ་པ་དེ་དང་དེར་གྲུབ་པའི་རྣམ་པར་བསྒོམ་པའོ། །དེ་ལྟར་ན་རྣམ་གཞག་རིམ་པར་ཆོས་མཐུན་པ་སྒོམ་པ་པོ་འཛམྦུ་གླིང་པའི་མི་ཡིན་པར་བསྒྲུབ་པ་བཞིན་དུ་བྱ་དགོས་ལ་དེའི་ཕྱིར་གང་དང་མཐུན་པར་བསྒོམ་པའི་སྐུ་སྐྱེ་འཆི་བར་དོ་གསུམ་ཡང་ དེ་དང་མཐུན་པར་བསྒོམ་དགོས་སོ། །བསྐལ་པ་དང་པོའི་སྣོད་བཅུད་ཀྱི་སྲིད་པའི་རིམ་པ་རྣམས་ཆོས་མཐུན་གྱི་ཡུལ་ཡིན་ཡང་སྦྱང་གཞི་མིན་ཏེ། ད་ལྟ་ལམ་བསྒོམ་པའི་དབྱེ་བས་དེ་མི་སྦྱོང་བའི་ཕྱིར་རོ། །རིམ་པ་གཉིས་ཀས་སྐྱེ་འཆི་བར་ ངོ་གསུམ་སྦྱོང་བ་ཡིན་ལ་དེའང་གང་རུང་གིས་མི་ནུས་པས་གཉིས་ཆར་བསྒོམ་པ་དགོས་སོ། །སྤྱིར་བླ་མེད་ཀྱི་རིམ་པ་གཉིས་པའི་གནད་གོ་བ་རིམ་པ་དང་པོ་ལ་རག་ལས་པ་མང་ཞིང་ཁྱད་པར་དུ་འཕགས་ལུགས་ལ་ལམ་གྱི་གནད་ལ། གོ་བ་ 5-7-23b ཆགས་པ་ནི་རིམ་པ་དང་པོ་ཤིན་ཏུ་ཞིབ་པར་ཤེས་པ་ལ་རགས་ལས་པས། ལམ་འདིའི་གནད་ཤིན་ཏུ་ཞིབ་པར་གཏན་ལ་ཕེབས་པ་རྣམས་གཞག་རིམ་པའི་རྣམ་བཤད་ལ་འདྲིས་པར་བྱ་ཞིང་ཐོ་རེ་ལོང་དུ་མ་སོང་བར་ཡིད་བརྟན་པོས་དལ་བུས་བཙལ་བར་བྱའོ། ། ད་ནི་དཀྱུས་མ་ཉིད་བཤད་པར་བྱ་སྟེ། འཆི་བ་སྤྱོང་ཞིང་བདེ་བ་ཆེན་པོ་སྐྱེ་བའི་རྒྱུ་སྨིན་བྱེད་དོན་དམ་པའི་དཀྱིལ་འཁོར་ལ་འཇུག་པའི་དེ་ཉིད་ལ་མཉམ་པར་བཞག་ནས་དེ་ལས་ལྡང་པའི་ཚེ་བར་ངོ་སྦྱང་བའི་ཕྱིར་ཐ་མལ་པ་ཤི་ནས་རླུང་སེམས་ཙམ་ ལས་བར་དོའི་ལུས་ཅན་དུ་འབྱུང་བ་བཞིན་དུ་འདིར་ཡང་རླུང་སེམས་ཙམ་ལས་དང་པོའི་མགོན་པོའི་སྐུར་ལྡང་བ་ཡིན་ལ་དེའི་ཚུལ་ནི་འཆི་བ་འོད་གསལ་ལས་ཉེ་ཐོབ་དང་དེ་ལས་མཆེད་པ་དེ་ལས་སྣང་བ་འབྱུང་བའི་རིམ་པ་བཞིན་དུ་དེ་གསུམ་སྦྱོང་བའི་ ཕྱིར་ཟླ་པདྨ་གསུམ་བསྒོམ་པ་ཡིན་ལ། སྣང་བ་གསུམ་གྱི་བཞོན་པའི་རླུང་ནི་ཡི་གེ་གསུམ་མོ། སྔགས་དང་པདྨ་ཉི་མ་དག །ཟླ་བའི་དཀྱིལ་འཁོར་ལ་ཞུགས་པས། །ཞེས་མདོར་བྱས་སུ་གསུངས་པ་ལ་བརྟེན་ནས་ཡི་གེ་གསུམ་དང་པདྨ་ཟླ་བ་ ལ་ཡས་ཐིམ་པ་དང་ཉི་མ་མས་ཐིམ་པ་བྱས་ནས་ཟླ་བ་མི་བསྒྱུར་པའི་ལུགས་ཡོད་ཀྱང་མདོ་བསྲེ་ལས། དེ་ཐམས་ཅད་བསྡུས་ཏེ་ཞེས་དང༌། འཕགས་སྐོར་གཞན་དུའང་གསལ་བས་ཐམས་ཅད་འདྲིས་ཤིང་གྱུར་པ་ལས་ཟླ་བ་བསྒོམ་པ་ཡིན་ནོ། །སྣོད་ བཅུད་ཐམས་ཅད་ཟླ་བ་ལས་གཞན་ན་མེད་ཅིང་ཟླ་བ་དེ་ཉིད་རླུང་སེམས་ཙམ་ཞིག་ཡིན་ལ་དེ་ཉིད་ངའོ་སྙམ་དུ་ང་རྒྱལ་བཟུང་ནས་སྔགས་བརྗོད་པ་སྟེ། དྷརྨ་ནི་ཆོས། དྷཱ་ཏུ་ནི་ས་བོན་ནམ་ཁམས་སྭ་བྷཱ་ཝ་ནི་རང་བཞིན་ཨཱཏྨ་ཀཿ བདག་ཉིད་ཨ་ཧཾ་ནི་ 5-7-24a ངའོ་ཞེས་པ་སྟེ། སྣོད་བཅུད་ཀྱི་རྩ་བ་རླུང་སེམས་ཟླ་བར་སྣང་བ་དེ་ཉིད་ངའོ་ཞེས་པ་སྟེ་རྒྱུ་གང་ལས་བར་དོ་འགྲུབ་པའི་གཞི་རླུང་སེམས་ཙམ་དེ་ཉིད་དེ། ཆོས་ཐམས་ཅད་ཀྱི་རྩ་བ་སེམས་སུ་བཤད་པ་མཚན་ཉིད་ཀྱི་ཐེག་པར་གསུངས་ པ་ཡོད་ཀྱང་དེའི་གཞོན་པའི་རླུང་ནི་སྣོད་བཅུད་ཐམས་ཅད་ཀྱི་རྩ་བར་སྟོན་པ་ཐེག་པ་འདིའི་ལུགས་ཏེ་འདི་ལ་ལམ་གྱི་གནད་ཤིན་ཏུ་ཆེ་བས་མཐའ་དག་པར་ཁོངས་སུ་ཚུད་པར་བྱའོ། །རླུང་སེམས་ཙམ་ལས་གྲུབ་པའི་བར་དོའི་ངག་གསུང་ཆོས་ཀྱི་ཕྱག་ རྒྱ་ལས་མི་འདའ་བའི་ཚུལ་གྱིས་རྒྱས་བཏབ་ནས་ཐ་མལ་གྱི་ངག་སྦྱོང་བ་ནི་ཡི་གེ་གསུམ་བསྒོམ་པ་སྟེ། དེའང་སྟེང་དུ་ཨོཾ། དེའི་འོག་ཏུ་ཨཱཿ དེའི་འོག་ཏུ་ཧཱུཾ་བསམ་པ་ཡིན་ནོ། །རླུང་སེམས་ཙམ་ལས་གྲུབ་པའི་བར་དོའི་ཡིད་ཐུགས་དམ་ཚིག་གི་ཕྱག་ རྒྱ་ལས་མི་འདའ་བའི་ཚུལ་གྱིས་རྒྱས་བཏབ་ནས་ཐ་མལ་གྱི་ཡིད་སྦྱོང་བ་ནི་ཕྱག་མཚན་ལས་བྱང་ཆུབ་པ་སྟེ། རྡོ་རྗེ་ནི་དམར་པོ་དང་དཀར་པོར་བཤད་པ་གཉིས་ཀ་ཡོད་དོ། །བྱང་ཆུབ་པ་དང་པོ་གཉིས་ནི་རྣལ་འབྱོར་དང༌། ཕྱི་མ་གསུམ་ནི་རྗེས་ སུ་རྣལ་འབྱོར་དང༌། ལུས་དཀྱིལ་ནི་ཤིན་ཏུ་རྣལ་འབྱོར་དང་། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་སོགས་ནི་རྣལ་འབྱོར་ཆེན་པོ་སྟེ། རྣལ་འབྱོར་གྱི་སྐད་དོད་ནི་ཡོ་ག་ཞེས་པ་སྟེ་དེ་ནི་སྦྱོར་བ་ལའང་འཇུག་པས་ལོ་ཆེན་གྱི་འགྱུར་ཁ་ཅིག་ལས་སྦྱོར་ བ་དང་རྗེས་སུ་སྦྱོར་བ་ཞེས་ཀྱང་འབྱུང་ངོ་། །རྣལ་འབྱོར་གྱི་དངོས་གཞི་ཡིན་པས་རྣལ་འབྱོར་དང༌། དེའི་རྗེས་སུ་བྱེད་པས་རྗེས་སུ་རྣལ་འབྱོར་ཏེ། ཁ་ཅིག་ཏུ་རྗེས་སུའི་དོན་འདྲ་བ་ལ་བསྒྱུར་བའང་ཡོད་པས་དེ་ལྟར་དུ་བྱ་དགོས་སོ། །ལྷ་ཡོངས་སུ་ 5-7-24b རྫོགས་པར་བསྒྱུར་བས་ཤིན་ཏུ་རྣལ་འབྱོར་དང་། ཡེ་ཤེས་པའི་སྐུ་གསུང་ཐུགས་རྡོ་རྗེ་དང་དབྱེར་མེད་དུ་བསྒྲུབ་པའི་རྣལ་འབྱོར་ཆེན་པོའོ། །རླུང་སེམས་ཙམ་ལས་གྲུབ་པའི་བར་དོའི་ལུས་སྐུ་ཕྱག་རྒྱ་ཆེན་པོ་ལས་མི་འདའ་བའི་ཚུལ་གྱིས་ཐ་མལ་པའི་ལུས་ སྦྱོང་བ་ནི་སྐུ་རྫོགས་པ་ལས་བྱང་ཆུབ་པ་སྟེ། འདི་ལ་རིམ་ལྔར། ཟླ་བ་རྡོ་རྗེ་སོགས་མཉམ་སྦྱོར། ཞེས་ཟླ་བ་དང་རྡོ་རྗེ་གཉིས་ཀ་གྱུར་པ་ལས་ལྷའི་སྐུ་བསྐྱེད་པ་འདྲ་བ་ཞིག་གསུངས་ཀྱང་། ཡབ་སྲས་ཀྱི་གཞུང་གཞན་རྣམས་ལས་ཟླ་བ་གདན་གྱི་དོན་དུ་ གསུངས་པ་མང་ལས་མི་བསྒྱུར་ལ། འོན་ཀྱང་ཟླ་བ་ལས་མ་བསྐྱེད་པའི་སྐྱོན་མེད་དོ། ཡི་གེ་གསུམ་པོ་ཟླ་བས་བསྐྱེད་ཅིང་དེ་ལས་རྡོ་རྗེ་དང་དེ་ལྷའི་སྐུར་གྱུར་པའི་ཕྱིར་རོ། །དེས་ན་བྱང་ཆུབ་བཞི་ལས་མ་བསྒྲུབས་པའི་སྐྱོན་མེད་དོ། །འདི་དག་ནི་བར་དོ་སྦྱོང་ ཞིང་རྫོགས་རིམ་གྱིས་སྒྱུ་ལུས་ལ་སོགས་པ་སྐྱེ་བའི་སྨིན་བྱེད་ཀྱི་རྒྱུ་ཐུན་མོང་མ་ཡིན་པ་སྟེ། ཁྲིད་ཀྱི་དམིགས་པ་མང་པོ་མ་བྱུང་ན་བློ་མི་ཁེངས་པ་རྣམས་རྒྱུད་དང་འཕགས་པ་ཡབ་སྲས་ཀྱིས་གསུངས་པའི་དམིགས་པ་རྣམ་དག་འདི་རྣམས་ལ་རིང་དུ་ འདྲིས་པར་བྱའོ། །ད་ནི་གཞིའི་དུས་ན་བར་དོས་མངའ་དུ་སྐྱེ་བ་འཛིན་པ་དང་འབྲས་བུའི་དུས་སུ་ལོངས་སྐུས་སྤྲུལ་སྐུར་བསྒྱུར་བའི་ཕྱིར་མངལ་དུ་སྐྱེ་བ་འཛིན་པ་དང་མཚུངས་པར་རྣལ་འབྱོར་པས་ཀྱང་སྐྱེ་བ་སྤྲུལ་སྐུར་བསྒྱུར་བའི་ཕྱིར་དང་པོའི་མགོན་ པོར་སྐྱེ་བ་འཛིན་པ་སྟེ། དེ་ལ་སྐྱེ་བ་ལེན་པ་པོ་ནི་ལམ་བསྒོམས་པའི་སྔགས་པས་སོ། །དེས་ལུས་ཇི་འདྲ་བ་ཞིག་གི་སྐྱེ་བ་ལེན་པ་ནི་འབྲས་བུ་རྡོ་རྗེ་འཛིན་པ་སྤྲུལ་སྐུ་རྡོ་རྗེ་འཆང་ཆེན་པོའི། །གནས་གང་དུ་སྐྱེ་བ་འཛིན་པ་ནི་རྡོར་ནས་གཞལ་ཡས་ 5-7-25a ཁང་གདན་བཅས་ཀྱི་བར་ཏེ་དངོས་སུ་གཞལ་ཡས་ཁང་གི་གདན་དབུས་མའི་སྟེང་དེར་རོ། །ལམ་ཇི་འདྲ་བའ་ཞིག་བྱས་པས་སྐྱེ་བ་ལེན་པ་ནི་ཞིང་ཁྱད་པར་ཅན་ལ་དམིགས་ནས་ཕྱག་དང་མཆོད་པ་དང་སེམས་བསྐྱེད་ ཅིང་སྡོམ་པ་བཟུང་བ་སོགས་ཀྱིས་སོ། །དེ་ལྟར་ལྟའི་ལུས་ཁྱད་པར་བ་ལེན་པ་ལ་ཐ་མལ་པའི་ཕུང་པོ་མ་དོར་བར་ལེན་དུ་མི་རུང་བས། སྟོང་ཉིད་ཀྱིས་ཐ་མལ་གྱི་སྣང་ཞེན་ཞི་བར་བྱས་ནས་ལེན་ནོ། །སྔ་མའི་ཐ་མལ་པའི་ཕུང་པོ་དོར་ནས་ཕྱི་ མའི་ལྷའི་སྐུ་ཁྱད་པར་ཅན་མ་ཐོབ་ཀྱི་བར། བར་མ་དོར་ལུས་མེད་པར་ལྷའི་སྐུར་མི་སྐྱེ་པས་ཕུང་སོགས་འོད་གསལ་དུ་བཅུག་ནས་འབྲས་བུ་རྡོ་རྗེ་འཛིན་པར་མ་གྱུར་གྱི་བར་དུ་དང་པོའི་མགོན་པོར་གྱུར་པ་ཡིན་ནོ། །འདི་ལ་མདོར་བྱས་སུ། མི་ བསྐྱོད་པ་ནི་རྗེས་ཞུགས་པས། །ཞེས་པའི་དོན་རང་ཉིད་ཀྱི་ཐུགས་ཀར་མི་བསྐྱོད་པ་བསྐྱེད་ནས་སྤྲོས་ཏེ་དེ་ཉིད་ཚུལ་ལ་ཞུགས་པས་སྤྲུལ་སྐུར་བསྒྱུར་བར་འདོད་ཀྱང་འདིར་ནི་སྤྱང་གཞི་བར་དོ་འཇུག་པ་དང་བསྟན་ནས་བསྒོམ་དགོས་ཤིང་ རྣམ་གཞག་རིམ་པར་མེར་མེར་པོ་ལ་མི་བསྐྱེད་པར་གསུངས་པས་འདིའི་མི་བསྐྱོད་པ་ནི་བར་དོའི་རྣམ་ཤེས་གད་དུ་འཇུག་པའི་མེར་མེར་པོ་མཚོན་པ་ཡིན་ལ་དེ་ལྟར་ན་བར་དོའི་རྣམ་ཤེས་མེར་མེར་པོ་ལ་ཕར་འཇུག་པ་ཡིན་གྱི་མེར་མེར་ པོ་ཚུར་འཇུག་པ་མིན་པས་སྦྱང་གཞི་དང་ཆོས་མི་མཐུན་ཞིང་། རྣམ་གཞག་རིམ་པར་ཟིལ་གནོན་རྡོ་རྗེའི་སྐབས་དང་བསྟུན་པར་གསུངས་ལ་དེའི་ཚུལ་ནི་མངོན་རྟོགས་ཀྱི་གཞུང་ནས་འབྱུང་བ་བཞིན་དུ་ཡིན་ནོ། །དེ་བཞིན་གཤེགས་ 5-7-25b པ་ཡབ་ཡུམ་སྙོམས་པར་ཞུགས་པ་ནི་ཕ་མ་གཉིས་སྦྱོང་བ་དང་། མི་བསྐྱོད་པས་ནམ་མཁའ་གང་བ་ནི་རྩ་བདུན་ཁྲི་ཉིས་སྟོང་དུ་ཐིག་ལེ་འབབ་པ་དང་། སེམས་ཅན་ཐམས་ཅད་ནི་ཕུང་སོགས་ཡིན་ལ་བྱིན་གྱིས་བརླབ་པ་ནི་ཐབས་ཀྱི་ཡེ་ཤེས་ཤར་བ། བདེ་བ་དང་ཡིད་བདེ་བ་ཐོབ་པ་ནི་དབང་པོ་གཉིས་སྦྱོར་གྱི་བདེ་བ་མྱོང་བ་རྣམས་མཚོན་ཞིང་དེ་དག་སྦྱོང་བ་ཡིན་ནོ། །དེས་ན་དེ་བཞིན་ཉིད་ལས་བྱང་ཆུབ་པ་ལྷག་མོས་འོད་གསལ་དུ་སྡུད་པ་ནི་བསྐལ་པ་དང་པོའི་མི་རིག་ཀྱི་ཐ་མལ་པར་གྱུར་ ནས་འཆི་བའི་འོད་གསལ་ཉམས་སུ་མྱོང་བ་དང་འདྲ་སྟེ། མདོར་བྱས་ལས་ཆོས་སྐུར་གསུངས་པས་འཆི་བ་སྦྱོང་བྱེད་ཆོས་སྐུ་བསྒོམ་པ་ཡིན་ལ། འདིའི་དུས་སུ་ཕུང་ཁམས་སྐྱེ་མཆེད་ཀྱི་སྣང་བ་རྣམས་འོད་གསལ་དུ་ཐིམ་པ་ནི་བློས་མོས་པ་ཙམ་ ཡིན་ཀྱང་རིང་དུ་འདྲིས་པར་བྱས་པས་རིམ་གཉིས་པའི་སྐབས་སུ་རླུང་དང་གཏུམ་མོ་སོགས་ཀྱི་ནུས་པས་སྣང་བ་ཐམས་ཅད་ཐིམ་པའི་ཡེ་ཤེས་དངོས་སུ་ཉམས་སུ་མྱོང་བ་ཡིན་ལ། དེ་དག་གོམས་པའི་མཐར་སྣང་མཆེད་ཐོབ་གསུམ་འོད་གསལ་ དུ་ཞུགས་པའི་སྟོང་པ་ཆེན་པོ་དངོས་སུ་འབྱུང་ཞིང་། དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པ་ཡིན་ལ། དེ་དག་གོམས་པར་བྱས་པས་མཐར་བདེ་སྟོང་དབྱེར་མེད་པ་རྟག་ཏུ་མཉམ་པར་བཞག་པའི་འོད་གསལ་ཆེན་པོར་འགྱུར་བ་ཡིན་ནོ། །དེས་ན་ བྱང་ཆུབ་པ་ལྷག་མ་བཞིས་དང་པོའི་མགོན་པོ་བསྐྱེད་པ་ནི་ཤ་བའི་འོད་གསལ་ལས་ལངས་པའི་མཐར་བར་དོ་འགྲུབ་པ་དང་འདྲ་སྟེ། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ལས། དེ་ལྟར་རྣལ་འབྱོར་དང་རྗེ་སུ་རྣལ་འབྱོར་གྱི་རིམ་པས་བདག་ཉིན་ 5-7-26a ལོངས་སྤྱོད་རྫོགས་པའི་སྐུར་བསྐྱེད་ནས། ཞེས་གསུངས་པས་བར་དོ་སྤྱོང་བྱེད་ལོངས་སྐུར་བསྒོམ་པའོ། །འདིར་ནི་ཕུང་སོགས་འོད་གསལ་དུ་བཅུག་པའི་རྗེས་སུ་སྟོང་པའི་ངང་ལས་ཉི་མ་ལ་སོགས་རིམ་གྱིས་ ལོངས་སྐུ་དང་པོའི་མགོན་པོར་བཞེངས་པ་ནི་བློས་མོས་པ་ཙམ་ཡིན་པ་ལ། འདི་ལ་རིང་དུ་འདྲིས་པར་བྱས་ན་རིམ་པ་གཉིས་པའི་སྐབས་སུ་སེམས་དབེན་ཉམས་སུ་མྱོང་བའི་ཚེ་ཕུང་སོགས་རིམ་གྱིས་ཐིམ་ནས་བདེ་སྟོང་ནམ་མཁའ་ ལྟ་བུ་ཤར་བའི་མཐར་ཉི་མ་དང་ཟླ་བ་དང་པདྨ་དང་ཡི་གེ་གསུམ་གྱི་མཚོན་དོན་རླུང་སེམས་ཙམ་ལས་ལྷའི་སྐུ་སྒྱུ་མ་ལྟ་བུར་དངོས་སུ་ལྡང་ནུས་པ་ཡིན་ལ། དེ་དག་གོམས་པས་འོད་གསལ་ཆེན་པོའི་མཐར་ཡང་སློབ་པའི་ཟུང་འཇུག་གི་ སྐུར་ལྡང་བ་ཡིན་ནོ། །དེ་དག་ནི་རིམ་གྱིས་གོམས་པས་ལོངས་སྤྱོད་རྫོགས་པའི་སྐུར་འགྱུར་བ་སྟེ་རིམ་པ་དང་པོའི་སྐབས་འདིར་ནི་སྟོང་པའི་ངང་ལས་ཉི་མ་ལ་སོགས་པ་རིམ་གྱིས་ལྡང་བ་ནི་རིམ་པ་གཉིས་པའི་སྐབས་སུ་སྟོང་པའི་ངང་ ལས་རླུང་སེམས་ཙམ་ལས་ལྷའི་སྐུར་ལྡང་བའི་དོད་ཡིན་ལ། དེ་ནས་བསྐྱེད་རིམ་པས་ལོངས་སྐུ་དང་པོའི་མགོན་པོ་སྤྲུལ་སྐུར་བསྒྱུར་བ་ནི་བར་དོས་མངལ་དུ་སྐྱེ་བ་བླངས་པ་དང་འདྲ་སྟེ་སྐྱེ་བ་སྦྱོར་བྱེད་སྤྲུལ་སྐུ་བསྒོམ་པ་ཡིན་ལ། འདིའང་ ད་ལྟ་མོས་པ་ཡིད་བྱེད་ཀྱིས་གོམས་པར་བྱས་པས་རིམ་པ་གཉིས་པའི་སྐབས་སུ་ནི་དངོས་སུ་དེ་ལྟར་འགྱུར་བ་ཡིན་ནོ། །དེ་ལྟ་ན་སྲིད་པ་སྐྱེ་བ་དང་ཆོས་མཐུན་སྦྱོར་བ་རྣམས་ཀྱི་སྙིང་པོ་ནི་སྐྱེ་ཤི་བར་དོ་གསུམ་དང་མཐུན་པར་ལམ་གྱི་ 5-7-26b སྐུ་གསུམ་བསྒོམས་པས་འབྲས་བུའི་སྐུ་གསུམ་དང་ཡང་མཐུན་པར་འབྲས་བུའི་རྣམ་པ་ལམ་དུ་བྱེད་པ་འདི་ཡིན་ལ། རིམ་པ་གཉིས་ཀ་ལ་གཞི་འབྲས་ཀྱི་སྐུ་གསུམ་དང་མཐུན་པར་སྐུ་གསུམ་བསྒོམ་པ་ནི་འདྲ་བ་ཡིན་ནོ། །དེའི་ཕྱིར་ རིམ་པ་དང་པོའི་སྐབས་སུ་སྐྱེ་ཤི་བར་དོ་གསུམ་གྱི་སོ་སོའི་ཆོས་མཐུན་ངེས་མ་ཟིན་པར་འཕྱུགས་ན་རྒྱུད་འགྲེལ་དུ་སེམས་དབེན་དང་འོད་གསལ་གྱི་མཐར་སྒྱུ་མ་དང་ཟུང་འཇུག་གི་སྐུར་བཞེངས་པ་ལོངས་སྐུ་དང་། དེ་སྤྲུལ་སྐུར་བསྒྱུར་བའི་ རྣམ་གཞག་ཡང་ཡང་གསུངས་པ་རྣམས་ཀྱི་གནད་ཟིན་པའང་ངེས་པར་འཕྱུགས་པ་ཡིན་པས་འདི་གལ་ཆེའོ། །གལ་ཏེ་རིམ་པ་དང་པོའི་སྦྱང་གཞི་ལ་སྐྱེ་འཆི་བར་དོ་གསུམ་འཇོག་ན་རྫོགས་རིམ་གྱི་སྦྱང་གཞི་མེད་པར་འགྱུར་ལ། གཉིས་ཀའི་ སྦྱང་གཞིར་འཇོག་ན་སྦྱང་བྱ་གཅིག་ལ་སྦྱོང་བྱེད་གཉིས་དོན་མེད་དོ་ཞེ་ན། སྐྱོན་མེད་དེ་འདིར་ཐ་མལ་པ་འཆི་བའི་འབྱུང་བ་ཐིམ་པའི་རིམ་ཅན་གྱི་ཉམས་ཇི་ལྟར་སྐྱེ་བ་དེ་འདྲ་བའི་རྫོགས་རིམ་བསྐྱེད་པར་གསུངས་པ་ལྟར་གཞིའི་སྐྱེ་ཤི་ བར་དོ་གསུམ་དང་འདྲ་བའི་ལམ་བསྒོམས་པས་དེ་གསུམ་དག་པར་བྱེད་པ་གནད་ཀྱི་དོན་ཡིན་ལ། ཚུལ་དེས་ལམ་སྒོམ་པ་པོ་རང་གི་སྐྱེ་འཆི་བར་དོ་གསུམ་སྦྱོང་བ་ལ་འོད་གསལ་དུ་སྡུད་པ་དང་སེམས་དཔེ་ན་དང་འོད་གསལ་ནི་འཆི་ བ་དང་རྣམ་པ་རྗེས་སུ་མཐུན་པར་བསྒོམ་པ་འཆི་བ་སྦྱོང་བྱེད་ཡིན་ལ། དང་པོའི་མགོན་པོ་དང་སྒྱུ་ལུས་དང་ཞུང་འཇུག་ནི་བར་དོ་དང་རྣམ་པ་རྗེས་སུ་མཐུན་པར་བསྒོམ་པ་བར་དོ་སྦྱོང་བྱེད་དང་། དེ་གསུམ་རང་རང་གི་སྐབས་ཀྱི་སྤྲུལ་སྐུར་ 5-7-27a བསྒྱུར་བ་ནི་སྐྱེ་པ་ལེན་པ་དང་རྣམས་པ་རྗེས་སུ་མཐུན་པར་བསྒོམ་པ་སྐྱེ་བ་སྦྱོང་བྱེད་ཡིན་ཏེ། སྦྱང་གཞི་གཅིག་སྤྱོད་པ་ལ་རབ་འབྲིང་ཐ་གསུམ་ཀྱི་རྟོགས་པ་ཐོག་མཐའ་བར་གསུམ་དུ་སྐྱེ་བར་སྐབས་ཀྱི་གདང་བུའི་ རིམ་པ་དང་འདྲའོ། །སྦྱང་གཞི་གསུམ་པོ་སྦྱང་བ་ན་དེ་དང་རིགས་མཐུན་པའི་རྟོགས་པ་བསྐྱེད་ངན་སྦྱོང་དགོས་པ་ལ་མཚན་ཉིད་ཇི་ལྟ་བ་བཞིན་མཐུན་པའི་རྟོགས་པ་རྫོགས་རིམ་གྱི་སྐབས་མིན་པར་སྐྱེ་ཞིང་དེ་སྐྱེ་བ་ལའང་དང་པོ་ ཞིགས་མཐུན་ཙན་གྱི་ལམ་རིམ་པ་དང་པོ་རྒྱུད་སྨིན་པར་བྱ་དགོས། དེས་སྨིན་པར་མ་བྱས་ན་དགེ་རྩ་མ་སྨིན་པར་རྫོགས་པ་མིན་སྲིད་པས་རིམ་པ་གཉིས་པ་མི་སྐྱེ་བའི་ཕྱིར་རོ། །དེས་ན་རིམ་པ་དང་པོས་དགེ་རྩ་སྨིན་པར་བྱས་ པས་སྦྱང་གཞི་གསུམ་ཇི་ཙམ་ཞིག་སྦྱོང་བ་དང་། དེས་སྦྱོང་མ་ནུས་པའི་ལྷག་མ་རིམ་པ་གཉིས་པས་ཇི་ཙམ་རེ་སྦྱོང་བ་རྣམས་ཀྱི་ཁྱད་པར་ལེགས་པར་ཕྱེད་ན་རིམ་གཉིས་གོ་རིམ་ངེས་པ་ཅན་དུ་གསུངས་པ་ལ་ངེས་པ་བརྟན་ པོ་རྙེད་ནས་ཉམས་ལེན་མི་འཕྱུག་ལ། དེ་ལྟ་མིན་ན་འཕགས་པས་གདམས་པ་མདོར་བྱས་ནས་འབྱུང་བའི་ཏིང་ངེ་འཛིན་གསུམ་ལ་སོགས་པ་གཙིགས་མེད་དུ་བཞག་ནས་རྒྱུད་ཀྱི་དོན་ཡབ་སྲས་ཀྱིས་གཏན་ལ་ ཕབ་པའི་གཞུང་འདིས་བསྟན་ཟེར་རྒྱུ་མེད་པའི་མན་ངག་ཕྲ་མོ་འགལ་ཞིང་གིས་དུས་འདས་ནས་ལམ་གྱི་ལུས་མི་རྙེད་པས་བསྐྱེད་རྫོགས་གཉིས་ཀའི་ཆོས་སྐད་རྣམས་སྤྱང་གཞིའི་གནད་གཅིག་ལ་བསྐོར་ནས་ལམ་ 5-7-27b ལྟར་སྣང་བས་བཀྲི་བར་མི་ནུས་པའི་ངེས་པ་བརྟན་པོ་བླ་མ་ལས་བཙལ་བར་བྱ་ཞིང་འདི་རྣམས་ཀྱི་མཐའ་གཅོད་དང་ལུང་ཁུངས་དང་སྒྲུབ་བྱེད་རྒྱས་པར་ནི་གསང་ཆེན་ལམ་གྱི་རིམ་པ་དང་རྣམ་གཞག་རིམ་པའི་རྣམ་བཤད་དཔལ་གསང་ བ་འདུས་པའི་གནད་ཀྱི་དོན་གསལ་བ་ཞེས་བྱ་བ་འཇིག་རྟེན་གསུམ་གྱི་རིམ་པོ་ཆེ་དེ་དག་ལས་ཤེས་བར་བའོ། །རྣལ་འབྱོར་ཆེན་པོའི་རྒྱུད་སྡེ་དག་ནས་རྟེན་བརྟེན་པའི་རྣལ་འབྱོར་རྣམས་སྲིད་པ་སྐྱེ་བའི་རིམ་པ་དང་མཐུན་པར་བསྒོམ་པར་རྣམས་ལ། འཕགས་པ་ཡབ་སྲས་ཀྱི་དགོངས་པ་འདི་འདྲ་བའི་འགྲེལ་ལུགས་ཤིག་མེད་ན། གང་མཐུན་མཐུན་བསྒྲིལ་བའི་སྟོང་ཉིད་བསྒོམ་པ་འཆི་བ་དང་འདྲ་ཞེས་སོགས་འདྲ་བསྒྲིག་པ་ཙམ་རེའི་བཤད་པ་ལས་ནུས་པ་མི་ཐོན་པས་བློ་གྲོས་ཆེན་པོ་དག་ཚིམ་ པར་ག་ལ་འགྱུར། །དེའི་ཕྱིར་ལམ་གྱི་གནད་འཕགས་པ་ཡབ་སྲས་ཀྱི་དགོངས་པ་རྒྱུད་སྡེ་ཐམས་ཅད་ཀྱི་སྙིང་པོ་རྣལ་འབྱོར་ཆོན་པའི་རྒྱུད་དོན་འགྲེལ་པ་ལ། གངས་ཅན་གྱི་ཁྲོད་འདིར་ཤིང་རྟ་ཆེན་པོའི་སྲོལ་འབྱེད་དམ་པར་གྱུར་པ་དཔལ་ལྡན་བླ་མའི་ གཞུང་རྣམས་ལ་རྣམ་དཔྱོད་ཀྱི་བློ་ཞིབ་མོས་རིང་དུ་འདྲིས་པར་བྱའོ། །ལུས་དཀྱིལ་ལ་ལུས་རྟེན་གྱི་དཀྱིལ་འཁོར་དུ་སྒོམ་པ་དང་། བརྟེན་པའི་དཀྱིལ་འཁོར་དུ་བསྒོམ་པ་གཉིས་ཀྱི་དང་པོ་ནི་ལུས་ཀྱི་མདུན་རྒྱབ་ཅེས་སོགས་ཏེ་མདོར་བྱས་དང་མདོ་ བསྲེར་མི་གསལ་ཡང་འདུས་པའི་བཤད་རྒྱུད་རྡོ་རྗེ་ཕྲེང་བ་དང་སྒྲོན་གསལ་དང་རྣམ་གཞག་རིམ་པར་གསུངས་པས་ངེས་པར་དགོས་ལ། མ་ཅིག་ལུས་ཀྱི་ཆ་རྣམས་གཞལ་ཡས་ཁང་གི་ཆ་དེའི་དོད་ཐུབ་ལྟ་བུར་བྱས་ནས་རྣམ་པ་མི་བསྒྱུར་བ་ཡོད་ཀྱང་། རྡོ་ 5-7-28a རྗེ་ཕྲེང་བར། ལུས་ནི་གཞལ་ཡས་ཁང་དུ་བསྒྱུར། །ཞེས་པ་དང་། དོན་བསྡུར་ཡང་། ལུས་ནི་གཞལ་ཡས་ཁང་དུ་བསྒོམ། །ཞེས་སོགས་དང་། རྣམ་གཞག་རིམ་པར་ཡང་གྲུབ་བཞི་སོགས་ཀྱི་རྣམ་པར་བསྒོམ་པར་བཤད་པས་ གཞལ་ཡས་ཁང་དུ་གྱུར་པར་མོས་པ་དགོས་སོ། །རྒྱུད་གཞན་དག་ལས་འབྱུང་བཞི་རི་རབ་སྲུང་འཁོར་དང་བཅས་པ་བསྒོམ་པ་ཡོད་ཀྱང་ལུགས་འདིར་ལ་རྡོ་རྗེ་ཕྲེང་བར་གཞལ་ཡས་ཁང་རྟ་བབས་ཚུན་ཆད་བསྒོམ་པ་ལས་མ་གསུངས་པས་དེ་དང་ བསྟུན་པའོ། །དེ་ལ་ལུས་ཀྱི་མདུན་ནི་གཞལ་ཡས་ཁང་གི་ཤར་ངོས་དང་གཡས་ལྷོ་རྒྱབ་ནུབ་གཡོན་བྱང་སྟེ་ཟུར་བཞི་ཞེས་པ་ཐིག་ཕྲད་མཚམས་ཀྱི་ཟུར་ཁོ་ནར་མི་བཟུང་ངོ་། །སྒོ་བཞི་ནི་གང་དང་གང་སྦྱོར་བ་མི་གསལ་ཡང་གང་འོས་སུ་སྦྱར་ བས་ཆོག་ལ། གཞུང་ཁ་ཅིག་ཏུ་ཁ་ཟླ་པྱེད་ཅེས་འབྱུང་བ་བོད་ཁ་ཅིག་ཁ་ཟླ་ཕྱེད་ཀྱི་རྣམ་པར་ཡོད་པས་ཞེས་ཟེར་བ་ནི་ཡིག་ནོར་བ་མ་ཕྱེད་པ་སྟེ། ཆ་ཟླ་ཕྱེད་ཅེས་པ་ཡིན་ལ་ཆ་ནི་བྱང་སེམས་དཀར་པོ་སྟེ། དེ་ལ་ཡར་ངོ་མར་ངོའི་ཆ་ཤས་བཅུ་དྲུག་ཡོད་ པས་དེ་སྐད་དུ་གསུངས་སོ། །འདི་དག་ནི་རྡོ་རྗེ་ཕྲེང་བའི་གཞུང་དོན་བཀོད་པ་ཡིན་ལ། མེ་ལོང་དང་དྲིལ་བུ་དང་མེ་ཏོག་གི་ཕྲེང་བ་དང་དར་འཕེན་ལ་སོགས་པ་རྣམས་གཞལ་ཡས་ཁང་གི་གང་ན་ཡོད་མི་གསལ་ཡང་དྲ་ཕྱེད་ཀྱི་རྒྱན་ལ་སོགས་པ་སྐབས་ དང་སྦྱར་བ་ནི་དོན་འཐོབ་ཡིན་ལ་མེ་ལོང་ལ་སོགས་པ་ཀུན་མིག་དབང་སོགས་ལས་བསྐྱེད་པས་ཆོག་གོ། དེ་བཞིན་དུ་དབུས་ཀྱི་པདྨ་ཞེས་པའང་གཞལ་ཡས་ཁང་གི་ནང་ལ་དབུས་ཞེས་བཤད་པ་མང་བས་པདྨ་སོ་གཅིག་པོ་ཀུན་བསྐྱེད་པས་རུང་ངོ་། ། 5-7-28b དེ་ལྟར་ན་ལུས་ཉིད་གཞལ་ཡས་ཁང་དུ་གྱུར་པར་བསྒོམ་སྟེ། ལུས་བརྟེན་པའི་དཀྱིལ་འཁོར་དུ་བསྒོམ་པར་གསུངས་པ་ལ་ལུས་ལྷར་གྱུར་ནས་ཞལ་ཕྱག་གི་རྣམ་པ་ཅན་དུ་སོང་བར་བསྒོམས་ན་དེ་ནི་རྟེན་གྱི་དཀྱིལ་འཁོར་ལའང་ཤིན་ཏུ་མཚུངས་པ་ཡིན་ ནོ། །ལུས་བརྟེན་པའི་དཀྱིལ་འཁོར་དུ་བསྒོམ་པ་ནི་མདོར་བྱས་སུ་སྤྱི་བོ་སོགས་སུ་རྣམ་སྣང་སོགས་བསྒོམ་ཞེས་གསུངས་ནས་དེའི་རྗེས་སུ་ས་བོན་གྱི་ཡི་གེ་རྣམས་གསུངས་ཤིང་ལྷའི་སྐུ་མདོག་སོགས་མི་གསལ་ལ། དེ་ལ་བརྟེན་ནས་ས་བོན་གྱི་ཡི་གེ་བསྒོམས་ ནས་དེ་ལྷའི་ངོ་བོར་མོས་པ་ཙམ་བྱེད་པའི་ལུགས་ཡོད་ལ། རྒྱུད་གཞན་དག་གི་སྐབས་སུ་ལུས་ལ་ལྷའི་ས་བོན་བསྒོམས་པས་ལུས་དཀྱིལ་དུ་འགྲོ་བའི་སྐབས་ཡོད་ཀྱང་འདིར་ནི་དེས་མི་ཆོག་སྟེ། སྒྲོན་གསལ་དུ་ལུས་དཀྱིལ་གྱི་སྐབས་ན་ལྷའི་ས་བོན་རྣམས་ ལྷ་དེ་དང་དེའི་རྒྱུར་བྱས་ནས་ས་བོན་ལས་ལྷ་བསྐྱེད་པར་ཤིན་ཏུ་གསལ་བར་གསུངས་ཤིང་། རྣམ་གཞག་རིམ་པར་ཡུམ་གྱི་ལུས་དཀྱིལ་བསྒོམ་པ་ནའང་ས་སྙིང་སོགས་ཡུམ་དུ་སྙོམས་པར་འཇུག་པ་བསྒོམ་པར་བཤད་ལ་ཡབ་ཡུམ་གྱི་ལུས་དཀྱིལ་ ལ་ཁྱད་པར་མེད་ཅིང་ཡི་གེ་ལ་སྙོམས་པར་འཇུག་པ་མི་རུང་བའི་ཕྱིར་རོ། །འདིར་ཁ་ཅིག་ཡབ་ཀྱི་ལུས་ལ་ལྷ་ཚང་བར་མི་བསྒོམ་པར་ཡབ་ཡུམ་གཉིས་ཀའི་ལུས་དཀྱིལ་ཚོགས་པ་ལས་ལྷ་སོ་གཉིས་བྱེད་པ་ཡོད་ཀྱང་མི་འཐད་དོ། རྡོ་རྗེ་ཕྲེང་བར་སློབ་དཔོན་ གྱི་ལུས་ལ་ལྷ་སོ་གཉིས་ཚང་བར་གསུངས་ཤིང་ལུས་དཀྱིལ་ལ་ལྷ་སོ་གཉིས་ཡོད་པ་སྒྲུབ་བྱེད་དུ་བཀོད་ནས་ཕྱུང་བའི་དཀྱིལ་འཁོར་ལ་ལྷ་སོ་གཉིས་ཡོད་པར་བསྒྲུབ་ཅིང་རྡོ་རྗེ་མ་ལྔ་ལ་སོགས་པའང་ས་སྙིང་སོགས་དང་སྙོམས་པར་འཇུག་པ་བསྒོམ་ 5-7-29a པར་རྣམ་གཞག་རིམ་པར་གསུངས་པའི་ཕྱིར་རོ། །གལ་ཏེ་ལུས་ལ་ལྷ་བཀོད་ནས་བསྒོམ་པ་ལུས་དཀྱིལ་དུ་འཇོག་ན་སྐྱེ་མཆེད་དུ་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའི་ཚེ་ལྷ་སྒོམ་པ་ཡོད་པས་ལུས་དཀྱིལ་བསྒོམ་པར་འགྱུར་ ཞིང་དེ་ལྟར་ཡང་མི་འདོད་པས་ལུས་ཀྱི་དཀྱིལ་འཁོར་དུ་འཇོག་བྱེད་ཐུན་མོང་མ་ཡིན་པ་བརྗོད་པར་བྱ་དགོས་སོ་ཞེ་ན། རྟོགས་པ་དང་ལྡན་པ་ཁྱོད་ལེགས་པར་ཉོན་ཅིང་དང་བཤད་པར་བྱའོ། དེ་ལ་འདིར་ལུས་ཀྱི་དཀྱིལ་འཁོར་ཞེས་པ་ནི་ལུས་ཉིད་ཐུན་མོང་ མ་ཡིན་པའི་རྒྱུར་གྱུར་པའི་ཚུལ་གྱིས་ལུས་ལས་བསྐྱེད་པའི་དཀྱིལ་འཁོར་ཡིན་པའི་ཕྱིར་ལུས་དཀྱིལ་ཞེས་བྱ་སྟེ། དཔེར་ན་མིག་གི་དབང་པོས་ཐུན་མོང་མ་ཡིན་པའི་རྒྱུ་བྱས་ནས། བསྐྱེད་པའི་ཤེས་པ་ལ་མི་གི་ཤེས་པ་ཞེས་བརྗོད་པ་ལྟ་བུ་སྟེ། ཐུན་ མོང་མ་ཡིན་རྒྱུ་ཡི་ཕྱིར། །དེ་ཡི་ཐ་སྙད་དབང་པོས་བྱས། །ཞེས་གསུངས་པ་ལྟར་རོ། འོ་ན་ལུས་ཀྱི་ཆ་དེ་དང་དེ་ལས་བསྐྱེད་པས་ས་བོན་གྱི་ཡི་གེ་ལས་བསྐྱེད་པ་དོན་མེད་དོ་ཞེ་ན། སྐྱོན་མེད་དེ་བདེ་མཆོག་ལུས་དཀྱིལ་གྱི་སྐབས་སུ་སྒོ་མཚམས་མ་ བརྒྱད་ས་བོན་ལས་ཀྱང་བསྐྱེད་པར་གསུངས་པ་ལྟར་ལུས་དང་ཡི་གེ་གཉིས་ཆར་ལས་བསྐྱེད་པའི་ཚུལ་དུ་མ་ཡོད་པས་སོ། །དེས་ན་རང་གི་གཟུགས་ཀྱི་ཕུང་པོ་དེ་ཉིད་ཡི་གེ་ཨོཾ་གྱི་རྣམ་པར་གྱུར་ནས་དེ་ཞུ་བ་ལ་ས་རྣམ་སྣང་དུ་བསྐྱེད་པ་དང་དེའི་ཚེའང་རང་ གི་གཟུགས་ཕུང་དང་དབྱེར་མེད་པར་གཟུགས་ཕུང་གི་ངོ་བོ་ཉིད་དུ་མོས་པའི་ང་རྒྱལ་རེ་རེ་བྱེད་པ་སྟེ། དེ་ལྟར་ན་གཟུགས་ཕུང་དུ་གྱུར་པའི་ལྷ་ཡིན་པ་དང་ལྷ་དེའི་ང་རྒྱལ་དང་རྣམ་པ་དྲན་པ་དང་གཟུགས་ཕུང་གི་ངོ་བོ་ཉིད་དུ་མོས་པ་གསུམ་ཆར་དང་ལྡན་ 5-7-29b པ་དགོས་སོ། །གོང་དུ་ལུས་བརྟེན་པའི་དཀྱིལ་འཁོར་དུ་བསྒྱུར་ཟིན་པས་ཕྱིས་ཡང་ལུས་ལྷར་བསྒོམ་པ་མི་འཐད་དེ་གང་ཟག་གཅིག་ལ་ལུས་གཉིས་མེད་པའི་ཕྱིར་རོ་ཞེ་ན། འོ་ན་མིག་དབང་སོགས་སེམས་དཔར་བསྒོམ་པ་དང་། ས་ཁམས་སྤྱན་མ་སོགས་ ཡུམ་བཞིར་བསྒོམ་པ་སོགས་ཀྱང་མི་འཐད་པ་དང་། གཟུགས་གཟུགས་རྡོ་རྗེ་མར་བསྒོམ་པ་སོགས་ཀྱང་མི་འཐད་པར་ཐལ་ཏེ། གཟུགས་ཕུང་རྣམ་སྣང་དུ་བསྒོམ་ཟིན་པའི་ཕྱིར་རོ། །དེས་ན་འདི་ནི་དངོས་པོའི་གནས་ཚོད་དང་བློས་བསྒོམ་པ་གཉིས་མ་ཕྱེད་པ་ ཡིན་ཏེ་སྔགས་ཀྱི་སྐབས་འདིར་རང་ཉིད་སངས་རྒྱས་ཡིན་པར་བསྒོམས་ནས་ཡང་སྒྲིབ་གཉིས་ཕྱིས་དག་པ་བསྒོམ་པ་སོགས་མང་ངོ་། །དེ་ལྟར་ལུས་དཀྱིལ་ལ་ལུས་ཉིད་དཀྱིལ་འཁོར་གྱི་རྒྱུར་འགྲོ་བ་བཞིན་དུ་རྡུལ་ཚོན་གྱི་དཀྱིལ་འཁོར་ལའང་ཤེས་པར་བྱ་ ཞིང་། ཏིང་ངེ་འཛིན་གྱིས་ཡུམ་བསྐྱེད་ནས་དེའི་ལུས་ལ་ལྷ་འགོད་པ་ནི་ལུས་དཀྱིལ་དུ་མི་འགྱུར་ཏེ་ལུས་མེད་པའི་ཕྱིར་རོ། །དེས་ན་ཡུམ་གྱི་ལུས་དཀྱིལ་ནི་ལས་རྒྱའི་དབང་དུ་བྱས་པ་ཡིན་ནོ། །རྣམ་སྣང་གི་སྐྱིལ་ཀྲུང་རང་གི་སྨིན་མཚམས་དང་། གཙུག་ ཏོར་རང་གི་སྤྱི་གཙུག་ཏུ་སླེབས་པ་དང་། དེ་བཞིན་དུ་འོད་དཔག་མེད་ཀྱི་གཙུག་ཏོར་རང་གི་སྐྲ་མཚམས་འོག་ཙམ་དང་། སྐྱིལ་ཀྲུང་མགྲིན་པར་སླེབས་པ་སོགས་སོ། དོན་གྲུབ་འགོད་པའི་གནས་ནི་མདོར་བྱས་ཀྱི་འགྱུར་ཁ་ཅིག་ཏུ་རྐང་མཐིལ་པར་ཞེས་ དང་ཁ་ཅིག་ཏུ་རྐང་པའི་བར་ཞེས་འབྱུང་ལ། རྩ་རྒྱུད་དུ་ལྟེ་བ་རྐེད་པ་གསང་བར་རྒྱལ་བའི་ཞེས་འབྱུང་ལ་སྒྲོན་གསལ་དུ་རྒྱུད་ཚིག་དེས་གནས་གཞིའི་སྒྲ་མི་མངོན་པར་བྱས་པ་ཡིན་པར་བཤད་པས་འགྱུར་ཁ་ཅིག་ཏུ་ལྟེ་བ་རྐེད་པ་གསང་བ་ཞེས་འབྱུང་ 5-7-30a བ་མ་དག་སྟེ། དེ་ལྟར་ན་གནས་གཞིའི་སྐྲ་ཤིན་ཏུ་གསལ་བར་བརྗོད་པས་འགྲེལ་པ་དང་འགལ་བའི་ཕྱིར་རོ། །འདི་ནི་རིན་འབྱུང་འགོད་པའི་གནས་མདུན་གྱི་ལྟེ་བ་དང་རྒྱབ་ཀྱི་རྐེད་པའི་ཐད་ལུས་ཀྱི་ནང་དུ་འགོད་པ་ཡིན་ པར་སྔ་མ་རྣམས་གསུང་ངོ་། །དོན་གྲུབ་བརླའི་རྩ་བར་འགོད་པར་བཤད་ཅིང་དེའི་ཡན་ལག་གང་དུ་འགོད་མི་གསལ་བར་སྣང་བས་མདོར་བྱས་སོགས་ཀྱི་དགོས་པ་ལེགས་པར་བརྟག་པར་བྱའོ། །ཡུམ་གཞི་ནི་འབྱུང་བ་བཞིའི་ངོ་བོ་ཡིན་ལ་སྒྲོལ་ མ་ནི་ཐུར་སེལ་རླུང་གི་ངོ་བོ་ཡིན་པས་གསང་གནས་སུ་འགོད་པ་ཡིན་ཞེས་ཟེར་བ་ཡོད་ཀྱང་སྤྱི་བོར་འགོད་པ་རྒྱུད་དེ་ལས་གསུངས་པས་དེ་ལྟར་བྱའོ། །སའི་ཁམས་སྤྱན་མར་བསྒོམ་པའི་ས་ཁམས་ནི་ཕྱི་རོལ་གྱིས་མིན་ཏེ། འདི་ལུས་དཀྱིལ་ ཡིན་པས་རང་གི་ཕུང་པོས་བསྡུས་པ་དགོས་པའི་ཕྱིར་རོ། །དེས་ན་ཐོག་མར་རང་གི་ལུས་ཀྱི་སྲ་བའི་ཆ་ཐམས་ཅད་བློས་གཅིག་ཏུ་བསྡོམས་ནས་དེ་ལཾ་ཡིག་གི་ངོ་བོར་མོས་པ་དང་དེ་ལས་སྤྱན་མ་བསྐྱེད་ཅིང་བདག་གི་ལུས་ཀྱི་སྲ་བའི་ཆ་ཐམས་ཅད་བཅོམ་ ལྡན་འདས་མ་སངས་རྒྱས་སྤྱན་ཡིན་ནོ་སྙམ་པའི་ང་རྒྱལ་བརྟེན་པོ་བྱ་སྟེ་འོག་མ་རྣམས་ལའང་དེ་བཞིན་དུ་ཤེས་པར་བྱའོ། །གལ་ཏེ་མིག་གཉིས་ལས་སྙིང་གཉིས་བཀོད་ན་ལྷ་སོ་གཉིས་ལས་མང་བར་འགྱུར་ལ། མིག་ཡ་གཅིག་ལ་མི་འགོད་ ན་དེ་སྦྱར་བ་དང་བྱིན་གྱིས་བརླབ་པ་མེད་པར་འགྱུར་རོ། །ཞེ་ན། གཞུང་རྣམས་སུ་དེའི་མིག་གི་དབང་པོ་གཉིས་ལ་ཞེས་སོགས་འབྱུང་བས་མིག་གཉིས་ཀ་ལ་སྒོམ་དགོས་ཤིང་དེའང་ས་སྙིང་གཅིག་གི་སྐུས་གཉིས་ཀར་ཁྱབ་པའང་མི་བདེ་ 5-7-30b བས་གཉིས་སྒོམ་ལ། ལྷ་མངས་བོའམ་ལྷག་པར་མི་འགྱུར་ཏེ་གཉིས་ཀའང་ས་སྙིང་གཅིག་ཉིད་ཡིན་པའི་ཕྱིར་རོ། །གཟུགས་རྡོ་རྗེ་མ་ལ་སོགས་པ་ལྔ་ནི་རྒྱུ་བ་ལ་སོགས་པའི་རླུང་ལྔ་ལས་བསྐྱེད་པ་ཡོད་ཀྱང་། རླུང་དེ་དག་གཟུགས་སྒྲ་དྲི་རོ་ གསལ་བྱེད་དུ་གསུངས་ཀྱི་སྒྲ་ལ་སོགས་པར་མི་རུང་ལ། རྡོ་རྗེ་མ་ལྔ་སྐྱེ་མཆེད་ལྔ་ལས་བསྐྱེད་དགོས་པས་རང་གི་གཟུགས་སྒྲ་སོགས་ལས་བསྐྱེད་པར་བྱའོ། །ཁྲོ་བོ་རྣམས་ནི་ཤིན་ཏུ་གོ་སླ་ལ། དེ་ལྟར་ལུས་ལྷའི་ངོ་བོར་བསྒོམས་པས་རིམ་པ་གཉིས་ པའི་སྐབས་སུ་ཕུང་སོགས་འོད་གསལ་དུ་སྡུད་ནས་པར་མདོར་བྱས་ལས་གསུངས་ཤིང་ལུས་བྱིན་གྱིས་བརླབ་པ་དང་། ལུས་ཁྲོ་བོར་བསྒོམས་པས་ལུས་ཀྱི་ཆ་དེ་རྣམས་ཀྱི་བགེགས་ལ་སོགས་པ་འབད་པ་མེད་པར་ཟློག་པར་ཡང་གསུངས་སོ། །དེས་ན་ སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ནི། གཞན་རྣམས་སླ་ལ། དཔལ་ནི་སངས་རྒྱས་སྤྱན་མ་སྟེ་དེ་དང་མཉམ་པར་སྦྱོར་བས་ལྡན་པ་སྟེ་དཔལ་ལྡན་གྱི་ཡིན་ལ། སངས་རྒྱས་ཐམས་ཅད་ཀྱི་སྐུའི་ངོ་བོར་བཞུགས་པས་སྐུ་འཆང་བ་ཞེས་པའོ། །རྡོ་རྗེ་ གསུམ་དབྱེར་མི་ཕྱེད་པ་རྡོ་རྗེ་འཆང་དུ་བསྒོམ་པའི་སྒྲུབ་པ་པོ་བདག་དེང་སྟེ་ད་ལྟ་ཉིད་དུ་བྱིན་གྱིས་རློབས་ཤིག །ཚུལ་ཇི་ལྟར་ན། རྡོ་རྗེའི་སྐུ་རྣམ་སྣང་གིས་བདག་གི་ལུས་དེ་དང་ངོ་བོ་དབྱེར་མེད་པར་མཛད་དུ་གསོལ། ཞེས་པའོ། །འཁོར་གྱི་དེ་ བཞིན་གཤེགས་པ་རྣམས་ལ་གསོལ་བ་འདེབས་པའང་དེ་དང་འདྲ་ཞིང་། འདི་དག་གི་གཙོ་འཁོར་ནི་དབུས་ན་བཞུགས་པ་དང་སྐུ་ཆེ་བའི་ཁྱད་པར་ལས་སོ། །དེ་ལྟར་གསོལ་བ་བཏབ་པས་ལྷ་ཞུ་བ་བྱང་སེམས་ཀྱི་རྣམ་པར་བྱེད་པ་ནི་རྡོ་རྗེ་སེམས་ 5-7-31a དཔའི་སྒྲུབ་ཐབས་སུ་བཤད་ལ། ཡེ་ཤེས་ཀྱི་ས་ཐོབ་པ་ནི་ཆོས་ཐམས་ཅད་འོད་གསལ་བར་ཞུགས་པ་ལ་བྱ་ཞིང་། མདོར་བྱས་སུ་སྨོན་ལམ་བཏབ་ནས་རང་རྣམ་སྣང་དུ་བསྒྱུར་བ་འདྲ་བ་ཞིག་ཡོད་ཀྱང་དེའི་དོན་ཡེ་ཤེས་ཀྱི་ས་ཐོབ་ པའི་སྐད་ཅིག་ལ་རང་ཉིད་སངས་རྒྱས་ཐམས་ཅད་ཀྱི་སྐུའི་ངོ་བོ་རྣམ་སྣང་དུ་གྱུར་ནས་དེ་ནས་སངས་རྒྱས་ཀུན་གྱི་སྐུ་གང་ཡིན་ཞེས་སོགས་ཀྱི་སྨོན་ལམ་འདེབས་པ་ཡིན་ནོ། །དེ་བཞིན་དུ་ལྷག་མ་རྣམས་ལའང་ཤེས་པར་བྱ་ཞིང་། གསུང་བྱིན་རླབས་ ཀྱི་སྐབས་སུ་ཆོས་ཀྱི་གསུང་ལམ་དཔལ་ལྡན་པ་ཞེས་པ་ནི། ཆོས་ནི་འོད་དཔག་མེད་དེ་ངག་གི་དབང་ཕྱུག་ཏུ་གྱུར་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་ངོ་བོ་དཔལ་ཏེ་ལྷ་མོ་གོས་དཀར་མོ་དང་ལྡན་པས་ན་དེ་སྐད་ཅེས་བྱའོ། །རྡོ་རྗེ་ཆོས་ཀྱི་ གསུང་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་སྟེ་བདག་གི་ངག་ཀྱང་དེ་དང་འདྲ་བར་ཤོག །ཅེས་པའོ། །གཞན་རྣམས་སླ་ལ། སྔགས་ཀྱི་དོན་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་བདག་ཉིད་ནི་ངའོ་ཞེས་པ་སོགས་ཏེ་ང་རྒྱལ་འཛིན་ པའི་དོན་ཡིན་ལ་ཡེ་ཤེས་སེམས་དཔའི་སྐུ་མདོག་དམར་པོར་བྱེད་པ་དང་ཡུམ་བསྒོམ་པ་སོགས་ནི་ཟླ་བ་གྲགས་པའི་བཞེད་པ་ཡིན་ལ་སེམས་དཔའ་སུམ་རྩེགས་སུ་བྱེད་པའི་རྒྱུ་མཚན་ནི་རྫོགས་རིམ་གྱི་སྐབས་སུ་འབྱུང་བར་འགྱུར་རོ། ། འབྲས་བུའི་དུས་སུ་ལོངས་སྐུས་སྐྱེ་བ་བཟུང་ནས་ཡུམ་གྱི་མངལ་ལས་ཕྱིར་འཐོན་པའི་ཆ་ཐ་མལ་པ་རྣམས་ཀྱི་མིག་གིས་མཐོང་བར་ནུས་པ་བཞིན་དུ་སྐབས་འདི་ནས་སྐྱེ་བ་སྤྲུལ་སྐུར་འཁྱེར་བའི་རྣལ་འབྱོར་ཡོངས་སུ་རྫོགས་པ་ཡིན་ནོ། །རྫོགས་ 5-7-31b རིམ་གྱི་མན་ངག་ཏུ་འཆི་བ་ཆོས་སྐུ་དང་བསྲེ་བ། བར་དོ་ལོངས་སྐུ་དང་བསྲེ་བ་སྐྱེ་བ་སྤྲུལ་སྐུ་དང་བསྲེ་བ་སྟེ་གཙོ་བོ་གསུམ་དང་། གཉིད་རྨི་ལས་སད་པའི་སྐབས་སུ་བསྲེ་བའི་གདམས་པ་ནི་རྗེ་མར་པ་ལས་བྱུང་ཞིང་གདམས་ངག་འདིའི་ཁུངས་དང་གཏུགས་ སུ་མཐར་ཐུག་པ་རྣམས་གསང་བ་འདུས་པ་ལ་ཤེས་དགོས་ལ། སྤྱིར་བླ་མེད་ཀྱི་ལམ་རིམ་པ་དང་དང་པོའི་སྒྲུབས་ཐབས་ཁུངས་ཐུབ་ཀྱིས་མཛད་པ་ཡིན་ན་དེ་ལ་རིམ་པ་གཉིས་པའི་གཞི་ལེགས་པར་ཐིངས་པ་ཞིག་འོང་ལ་ཁྱད་པར་གསང་འདུས་ལ་ནི་ ཤིན་ཏུ་ཞིབ་པར་རིམ་པ་དང་པོའི་སྐབས་འདིར་རིམ་པ་གཉིས་པའི་གཞི་འདིང་བར་མཛད་པ་ནི་འཕགས་པ་ཡབ་སྲས་ཀྱི་དགོངས་པ་ཡིན་པས། དེའི་ཕྱིར་སྐྱེ་འཆི་བར་དོ་གསུམ་ལམ་དུ་འཁྱེར་བའི་ཚུལ་རྣམས་རིམ་པ་དང་པོའི་སྐབས་སུ་གོ་བ་ཆགས་ པ་དགོས་ལ། མར་པའི་བསྟན་ཆོས་འདི་རྣམས་ཞིབ་ཏུ་གཏན་ལ་འབེབས་པ་ནི་མི་སྣང་ལ། རྗེས་སུ་འབྲང་བའི་བསྟན་ཆོས་ཅི་རིགས་སྣང་ནའང་གདམས་པའི་གནད་ལོན་པ་དང་རྒྱུད་སྡེའི་དགོངས་པར་འགྲོ་བའང་ཅི་རིགས་སུ་སྣང་ཞིང་། འདོད་ ཆགས་དབང་དང་བསྲེ་བ། གཏི་མུག་འོད་གསལ་དང་བསྲེ་བ། ཞེས་སྡང་སྒྱུ་ལུས་དང་བསྲེ་བའི་བཤད་པ་སྣང་ནའང༌། སྐབས་འདིའི་གདམས་པའི་འགྲོས་དང་ཤིན་ཏུ་འགྲིག་དཀའ་ལ་གལ་ཏེ་དུག་གསུམ་དང་བསྲེ་བ་ཡོད་ནའང་ཐོག་མར་སྐྱེ་འཆི་ བར་དོའི་བསྲེ་བ་འདི་རྣམས་སྔོན་དུ་འགྲོ་དགོས་པར་སྣང་ལ། མར་ལུགས་ཀྱི་བླ་མ་བརྒྱུད་པའི་གདམས་པ་མ་ལུས་པར་གསན་ཅིང་ཐུགས་སུ་ཆུད་ནས། རྒྱ་བོད་ཀྱི་འགྲེལ་པ་མཛད་པ་རྣམས་ཀྱི་དགོངས་པ་ལེགས་པར་རྟོགས་ཤིང་དེ་དག་ 5-7-32a རྒྱུད་སྡེ་ཟབ་མོ་ལ་གཏུགས་ནས་ཤིན་ཏུ་དག་པར་རྨད་དུ་བྱུང་བའི་རིགས་པས་གཏན་ལ་ཕབ་པའི་གདམས་པ་འདི་ལྟ་བུ་དག་ནི་དུས་འདིར་ཤིན་ཏུ་ངོ་མཚར་བ་དག་བྱུང་བ་ནི་འདི་ལྟ་སྟེ། ལོང་བ་དག་གིས་ཕྱག་དར་གྱི་ ཁྲོད་ནས་ཡིད་བཞན་གྱི་ནོར་བུ་རིན་པོ་ཆེ་དག་རྙེད་པ་ལྟ་བུ་ཡིན་པས་ལམ་ཡོངས་སུ་རྫོགས་པ་ལ་ཐ་ན་སྨོན་ལམ་གྱིས་ཀྱང་འདྲིས་པར་བྱས་ལ་བག་ཆགས་བརྟན་པོ་དང་ལྡན་པར་བྱའོ། །དེ་ལྟར་བསྐྱེད་རིམ་གྱི་སྐབས་སུ་གཞིའི་ཆོས་ གསུམ་འབྲས་བུའི་ཆོས་གསུམ་དུ་བསྒྱུར་བའི་གདམས་པ་འདི་དག་ལ་ངེས་པ་རྙེད་ནས་རིམ་པ་གཉིས་པའི་སྐབས་སུའང་དེ་ཉིད་བསྟན་བྱའི་གཙོ་བོར་འགྲོ་བའི་ཚུལ་ལ་ཤིན་ཏུ་མཁས་པར་བྱའོ། །བདག་ཅག་གི་སྟོན་པ་འཇིག་རྟེན་ཐམས་ཅད་ ཀྱི་གཙུག་རྒྱན་དུ་གྱུར་པ་དེས་གདུལ་བྱ་རིགས་གསུམ་ལ་དགོངས་ནས་སྤྱོད་པ་གསུམ་བསྟན་ཏེ། འདི་ལྟར་དམན་པ་ལ་མོས་པ་ལ་ཆགས་བྲལ་གྱི་སྤྱོད་པ། རྒྱ་ཆེན་པོ་ལ་མོས་པ་ལས་དང་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ། ཟབ་མོ་ལ་ལྷག་པར་ མོས་པ་རྣམས་ལ་འདོད་ཆགས་ཆོས་ཀྱི་སྤྱོད་པ་དང་གསུམ་ལས། འདིར་ནི་རྩ་རྒྱུད་དུ། འདོད་ཆགས་ཆོས་ཀྱིས་སེམས་ཅན་རྣམས་གདུལ་བའི་ཐབས་སྟོན་པའི་ཕྱིར་དུ་ལྷ་མོ་དགུ་སྤྲུལ་པར་གསུངས་པས། སྔར་བཤད་པའི་སྐུ་གསུམ་ གྱི་གོ་འཕང་དེ་སྒྲུབ་པར་བྱེད་པའི་ལམ་ནི། ཕྱག་རྒྱ་མའི་བདེ་བ་ལམ་དུ་བྱས་ནས་བསྒྲུབ་པ་སྟེ། རིག་མའི་འདོད་ཡོན་གྱི་སྒོ་ནས་སངས་རྒྱས་པའི་ལ་སྟོན་པས་འདིར་ཡང་ཕྱག་རྒྱ་འདུ་བྱ་བ་སྟོན་ལ། དེའི་ཚུལ་ནི། རང་རིགས་ཀྱི་བུ་མོ་སྙིང་ 5-7-32b ག་ནས་ཕྱུང་སྟེ་མདུན་དུ་དགོད་པ་ཡིན་ལ། དང་པོ་སྙིང་ག་ནས་ཕྱུང་བའི་ཚེ་རེག་བྱ་རྡོ་རྗེ་མའི་རྣམ་པར་བྱེད་པ་མིན་ཏེ། ཕྱུང་ཟིན་ནས་སྟོང་པར་སྤྱང་སྟེ་རིམ་གྱིས་རེག་བྱ་རྡོ་རྗེ་མར་བསྐྱེད་པའི་ཕྱིར་རོ། །ཁྲོ་མོ་འདི་རྣམས་རང་གི་ཡབ་དང་འདྲ་བར་ཨ་བྷ་ ཡས་བཤད་དོ། །མདོར་བྱས་ཀུན་ལས་རྒྱལ་དབང་དུ་མཛད་ལ་དེ་ལྟར་ན་ལུས་དཀྱིལ་དུ་བྱ་དགོས་ཀྱང་འདིར་ནི་ལུས་དཀྱིལ་མ་ཡིན་ཏེ་ཡུམ་གྱི་ལུས་མེད་པའི་ཕྱིར་ཏེ་ཡིད་ཀྱིས་སྤྲུལ་པ་ཙམ་ཡིན་པའི་ཕྱིར་རོ། །རྡོ་རྗེ་མ་ལྔ་ནི་གནས་ཀྱི་དངོས་གཞི་ བཟུང་ནས་ས་སྙིང་སོགས་ཀྱིས་ཕར་ལ་འཁྱུད་པ་ཡིན་ལ་ཡབ་ཀྱི་ལུས་དཀྱིལ་ལ་ནི་ལྡོག་པས་སོ། །ཕཌ་ཀྱི་ཡི་གེས་བྱང་སེམས་འགོག་པ་ནི་གཟུགས་ཅན་ཡིན་ལ་འབྱིན་པ་ནི་ངག་གི་གདངས་ཡིན་ནོ། །མཆོད་པའི་དུས་སུ་ནི་བདག་ཉིད་དེ་བཞིན་ བཤེགས་པ་ཐམས་ཅད་ཀྱི་ངོ་བོ་ཡིན་ལ། དེ་ལ་མཆོད་པས་སངས་རྒྱས་ཐམས་ཅད་བདེ་བས་ཚིམ་པར་མོས་པ་ཡིན་ནོ། །སྔགས་ཀྱི་དོན་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པའི་རྡོ་རྗེའི་བདག་ཉིད་ནི་ངའོ་སྙམ་དུ་ང་རྒྱལ་འཛིན་ པའོ། །འདི་རྣམས་སྔར་བྷཱུཾ་ལས་བསྐྱེད་པའི་གཞལ་ཡས་ཁང་དེ་ཉིད་ཀྱི་དབུས་སུ་བྱ་བར་གསུངས་པས་ལུས་དཀྱིལ་གྱི་གཞལ་ཡས་ཁང་ཉིས་རིམ་གྱི་རྣམ་པར་བྱེད་པ་མིན་ནོ། །མདོར་བྱས་སུ་གཙོ་བོ་ཞེ་སྡང་རྡོ་རྗེར་གྱུར་པ་ཡན་ཆད་ དང་པོ་སྦྱོར་བར་གསུངས་པ་ནི་གཙོ་བོའི་དབང་དུ་བྱས་པ་སྟེ། འཁོར་རྣམས་དང་རྟེན་གྱི་དབང་དུ་བྱས་ནས་འདིར་ནི་ཡུམ་གྱི་པདྨར་རྟེན་བསྐྱེད་པ་ཕྱིན་ཆད་དཀྱིལ་འཁོར་རྒྱལ་མཆོག་ཏུ་མཛད་པའོ། །རྒྱུད་སྡེ་གཞན་རྣམས་སུ་མངོན་རྟོགས་ 5-7-33a བསྡུས་པ་བསྒོམ་པའི་ཚུལ་མང་དུ་ཡོད་ཀྱང་འདིར་ནི་བསྡུས་པ་བྱེད་ན་དང་པོའི་སྦྱོར་བ་ཡན་ཆད་བསྒོམ་པ་ཡིན་ནོ། །ཇི་ལྟར་དགྲ་བོའི་གཟུགས་བརྙན་བྲིས་ནས་དེ་ལ་རྣམ་ཤེས་བཀུག་ཅིང་དེ་མཚོན་གྱིས་གཏུབས་ པ་ལས་དགྲ་དེ་འཆི་བ་བཞིན་དུ། རང་གི་ལུས་དེ་བཞིན་གཤེགས་པའི་ངོ་བོར་མོས་ནས་ཡེ་ཤེས་པ་ཡང་ཡང་སྤྱན་དྲངས་བསྟིམ་པས་སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབ་པ་ཡིན་ལ་དེ་ནི་སྔགས་ཀྱི་ཆེ་བ་ཡིན་པས་ངེས་པ་རྙེད་པར་ བྱའོ། །དང་པོ་སྦྱོར་བ་ནི་རང་གི་དོན་སྐུ་གསུམ་གྱི་གོ་འཕང་སྒྲུབ་པར་བྱེད་པ་སྟེ་བསྙེན་སྒྲུབ་ཡན་ལག་བཞིའི་བདག་ཉིད་ཅན་ཡིན་ལ། ལྷ་རེ་རེ་ལའང་བསྙེན་སྒྲུབ་བཞི་བཞི་སྦྱོར་བའི་ཚུལ་ཡོད་ཀྱང་། འདིར་བསྐྱེད་རིམ་གྱི་ལམ་རྫོགས་པ་ལ་ བསྙེན་སྒྲུབ་བཞིར་བསྡུས་ཏེ། འདི་དག་རྒྱུད་ཕྱི་མའི་བསྙེན་སྒྲུབ་བཞི་གསུངས་པའི་ནང་ནས་བསྙེན་པའི་ཡན་ལག་ཡིན་ནོ། །བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་སྡུད་པའི་ཐབས་ལ་མཁས་པ་ནི་དཀྱིལ་འཁོར་རྒྱལ་པོ་མཆོག་ཡིན་ལ། འདི་དག་རྟེན་བརྟེན་པ་ཐིག་ལེ་ལས་བསྐྱེད་པ་འཕགས་སྐོར་དུ་གསལ་ཞིང་། ས་བོན་གྱི་ཡི་གེ་རྣམས་ཨོཾ་ཨཱཿཧཱུཾ་དང་སྦྱར་ནས་དེ་ལས་བསྐྱེད་པ་ལྷ་མོ་བཞིས་ཞུས་ལས་འབྱུང་ཞིང་། དཀྱིལ་འཁོར་རྒྱལ་མཆོག་གི་ལྷ་སོ་གཉིས་པོ་ཀུན་ལ་ བདག་ཉིད་ལྷ་དེ་དང་དེ་ཡིན་སྙམ་པའི་ང་རྒྱལ་དགོས་པར་ཟླ་བ་གྲགས་པས་བཤད་ལ། རིན་པོ་ཆེ་བས། འབྱིན་པའི་ཚེ་དེ་ལྟར་མཛད་པ་མི་འཐད་དེ། ཞེ་སྡང་རྡོ་རྗེའི་ཏིང་ངེ་འཛིན་ལ་གནས་ནས་ལྷ་ལྷག་མ་སོ་གཅིག་པོ་ཀུན་འབྱིན་པར་གསུངས་ 5-7-33b པའི་ཕྱིར་རོ། །དེས་ན་བསྐྱེད་པའི་ལྷ་རང་རང་གི་ང་རྒྱལ་བྱའོ། མི་བསྐྱོད་པ་ཕྱུང་ནས་མཛད་པ་མཛད་དེ་རང་ལ་ཞུགས་ནས་ཞེ་སྡང་རྡོ་རྗེར་གྱུར་པ་ནི་དང་པོ་སྦྱོར་བའི་ཆ་ཡིན་ནོ། །མདོར་བྱས་སུ་རེག་བྱ་རྡོ་རྗེ་མ་རོ་རྡོ་རྗེ་མ་ལ་སོགས་པའི་སྐབས་སུ་འབྱིན་ པའི་བཤད་པ་ཡོད་ཀྱང་སྐབས་འདིར་མཛད་པ་ལྟར་ཡིན་པས་དེ་ལྟར་བྱ་ཞིང་། མི་བསྐྱོད་པ་གཙོ་བོ་ལ་བསྟིམ་པའི་ཕྱིར་རེག་བྱ་རྡོ་རྗེ་མའང་ཡུམ་ལ་བསྟིམ་པ་ཤིན་ཏུ་རིགས་སོ། །ཐུགས་ཀར་དྲངས་ཞེས་པའི་དོན་གསང་འདུས་ཡེ་ཤེས་ཞབས་ ལུགས་པ་རྣམས་ཡུམ་གྱི་པདྨ་ལ་ཐུགས་ཀར་མཛད་པ་ཡོད་ཀྱང་འདིར་ནི་དེ་དང་མི་འདྲ་ཞིང་། ཁ་ཅིག་ལས་ཡབ་ཀྱི་བ་སྤུའི་བུ་ག་ནས་སྤྲོ་བའང་སྣང་ངོ་། །ཛི་ན་ཛི་ཀ་ཅེས་སོགས་ལྷ་ལ་འབོད་པ་ལྟ་བུ་ཡིན་ལ། ཛི་ན་ཛི་ཀ་ནི་རྒྱལ་བ་རྒྱལ་ཏེ་རྩིབས་ བཅུ་པའི་འཁོར་ལོས་བདུད་བཞི་ལས་རྒྱལ་བའོ། །རཏྣ་དྷྲྀཀ་ནི་རིན་ཆེན་འཆང་སྟེ་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཐམས་ཅད་རྫོགས་པར་མཛད་པའི་ཕྱིར་རིན་པོ་ཆེ་ཆ་དགུ་པ་བསྣམས་པའོ། །ཨཱ་རོ་ལིཀ་ནི་འཁོར་བ་མ་ལུས་པ་ལས་ འདས་པ་སྟེ། འཁོར་བ་ན་གནས་ཀྱང་དེས་མགོས་པའི་བརྡར་པདྨ་འཛིན་པའོ། །པྲཛྙཱ་དྷྲྀཀ་ནི་ཤེས་རབ་འཆང་སྟེ་དོན་ཡོད་གྲུབ་པའོ། །མོ་ཧ་ར་ཏི་ནི་གཏི་མུག་དགའ་མ་སྟེ། གཏི་མུག་ནི་རྣམ་སྣང་ཡིན་ལ་དེ་ལ་དགའ་བའོ། །དེ་བཞིན་དུ་དྭེ་ཥ་ར་ཏི་ནི་ ཞེ་སྡང་དགའ་མ། རཱ་ག་ར་ཏི་ནི་འདོད་ཆགས་དགའ་མ། བཛྲ་ར་ཏི་ནི་རྡོ་རྗེ་དགའ་མ་སྟེ་ཡུམ་བཞི་རང་རང་གི་ཡབ་ལ་དགའ་བའོ། །རཱུ་པ་དང་ཤཔྟ་དང་གནྡྷེ་དང་ར་ས་དང་སྤཪྴ་རྣམས་ལ་བཛྲ་ཞེས་སྦྱོར་བ་ནི་རྡོ་རྗེ་མ་ལྔའི་འབྱིན་སྔགས་ཏེ། རཱུ་པ་ 5-7-34a སོགས་ལྔ་ནི་བལྟ་བར་བྱ་བས་ན་གཟུགས་ཞེས་སོགས་ཡུལ་ལྔ་ཡིན་ལ། རྡོ་རྗེའི་སྒྲས་ནི་ཡུལ་དེ་དག་གི་ལྷ་མོའི་རང་བཞིན་གྱིས་གཟུགས་སོགས་དག་པར་བྱེད་པ་སྟོན་ནོ། །ཀྵི་ཏི་གརྦྷ་ནི་སའི་སྙིང་པོ་ཞེས་པ་སྙེས་ལྟར་ མི་གཡོ་བའི་ཏིང་ངེ་འཛིན་སྙིང་པོ་སྟེ་དེ་དག་ལྡན་པས་དེ་སྐད་ཅེས་བྱའོ། །མཻ་ཏྲི་ནི་བྱམས་པ་སྟེ་བྱམས་པ་ཆེན་པོ་གཙོ་བོར་གྱུར་པའི་ཡོན་ཏན་མངའ་བས་སོ། །བཛྲ་པཱ་ཎི་ནི་ཕྱག་ན་རྡོ་རྗེ་སྟེ་ཡེ་ཤེས་ལྔའི་རང་བཞིན་གྱི་རྡོ་རྗེ་འཆང་བས་སོ། །ཁ་གརྦྷ་ནི་ནམ་མཁའི་སྙིང་པོ་ སྟེ་ནམ་མཁའ་ནི་སྒྲིབ་པ་དང་བྲལ་བའི་ཡེ་ཤེས་ཏེ་དེ་ཉིད་སྙིང་པོ་ཡིན་ཅིང་དེ་དང་ལྡན་པས་དེ་སྐད་ཅེས་བྱའོ། །ལོ་ཀེ་ཤྭ་ར་ཞེས་པ་འཇིག་རྟེན་དབང་ཕྱུག་སྟེ། ཨི་མཚམས་སྦྱར་བས་ལོ་ཀེ་ཤྭ་ར་ཞེས་པ་ཡིན་ལ། ཏིང་ངེ་འཛིན་གྱི་སྟོབས་ཀྱིས་འཇིག་རྟེན་དབང་ དུ་མཛད་པས་དེ་སྐད་ཅེས་བྱའོ། །མཉྫུ་ཤྲཱི་ནི་འཇམ་དཔལ་ཏེ་སྐུའི་འོད་གསལ་ཞིང་འཇམ་པ་དང་ཏིང་ངེ་འཛིན་གྱིས་བསྐུལ་བའི་དཔལ་དང་ལྡན་པས་སོ། །སརྦ་ནི་ཝ་ར་ཎ་བི་སྐཾ་བི་ནི་ཞེས་པ་ནི། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་སྟེ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཉོན་མོངས་པ་ཐམས་ཅད་མནན་པས་སོ། །ས་མནྟ་བྷ་དྲ་ནི་ཀུན་ནས་མཛེས་པའམ་ཀུན་ཏུ་བཟང་པོ་སྟེ་དེ་རྣམས་ནི་ཉེ་བའི་སྲས་བརྒྱད་འབྱིན་པའོ། །ཡ་མ་ནི་གཤིན་རྗེའམ་དམྱལ་བ། ཨནྟ་ཞེས་པ་མཐའ། ཀྲྀཏ་ ནི་བྱེད་པ་སྟེ་འདོན་པའི་ཚེ་ཨ་ན་ཞེས་པ་མཚམས་སྦྱར་དུ་བཏང་ནས་ཡ་མཱནྟ་ཀྲྀ་ཏ་ཅེས་པ་ཁྲོ་བོ་ཆེན་པོ་འདིའི་ཏིང་ངེ་འཛིན་གྱིས་དམྱལ་བའི་སྡུག་བསྔལ་འཇོམས་པར་བྱེད་པའོ། །པྲཛྙཱནྟ་ཀྲྀཏ་ཅེས་པ་ནི་ཤེས་རབ་མཐར་བྱེད་དེ། ཤེས་རབ་ 5-7-34b ཀྱིས་ཉོན་མོངས་འཇོམས་པར་བྱེད་པའོ། །པདྨཱནྟ་ཀྲྀཏ་ནི་པདྨ་མཐར་བྱེད་དོ། པདྨ་དེ་ཆུས་མ་གོས་པ་བཞིན་དུ་ཆགས་སོགས་ཉོན་མོངས་ཀྱིས་མ་གོས་ཤིང་ཉོན་མོངས་འཇོམས་པར་བྱེད་པའོ། །བྷི་གྷྣནྟ་ཀྲྀཏ་ནི་བགེགས་མཐར་བྱེད་དེ་ཁྲོ་བོ་ཆེན་པོ་འདིའི་ ཏིང་ངེ་འཛིན་གྱིས་བགེགས་ཏེ་བདུད་བཞི་འཇོམས་པར་བྱེད་པའོ། །ཙ་ལ་གཡོ་བ་དང་ཨ་ནི་དེ་འགོག་པས་གཡོ་བ་མེད་པའམ་མི་གཡོ་བ་སྟེ་འཇིག་རྟེན་ཆོས་བརྒྱད་ཀྱིས་རྟག་ཏུ་སེམས་བསྐྱོད་པ་རྣམས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་མནན་ཅིང་བཅོམ་ པས་དེ་སྐད་ཅེས་བྱའོ། །ཊཱཀྐི་རཱ་ཛ་ནི་འདོད་པའི་རྒྱལ་པོ་སྟེ་འདོད་པའི་འདོད་ཆགས་བསལ་ཞིང་དག་པར་བྱེད་པས་སོ། ནཱི་ལ་དཎྜ་ནི་དབྱུག་པ་སྔོན་པོ་སྟེ་སྔོན་པོ་ནི་འདིར་ནག་པོ་དང་སྐད་དོད་གཅིག་པས་ནག་པོའི་ལས་སྡིག་པ་སྟེ། དབྱུག་པ་ནི་དེ་ཚར་གཅོད་ པར་མཛད་པས་སོ། །མ་ཧཱ་པཱ་ལ་ནི་སྟོབས་པོ་ཆེ་སྟེ་དོན་དམ་པའི་བདེན་པའི་སྟོབས་ཀྱིས་སེམས་ཅན་གྱི་ཉོན་མོངས་འཇོམས་པས་སོ། ཨུཥྞཱི་ཥ་ཙ་ཀྲ་ལྦ་རྟི་ནི་གཙུག་ཏོར་འཁོར་ལོས་སྒྱུར་བ་སྟེ་སེམས་ཅན་རྣམས་ལ་ཁམས་གསུམ་ལས་གྲོལ་བའི་ ཡེ་ཤེས་སྩོལ་བས་གཙུག་ཏོར་ཏེ་འཁོར་ལོས་སྒྱུར་བའི་སྒྲ་བཤད་མི་སྣང་ངོ་། །སུཾ་བྷ་རཱ་ཛ་ནི་གནོད་མཛེས་ཏེ་སུཾ་བྷ་ཞེས་འདུལ་བའམ་གནོད་པ་དང་རཱ་ཛ་རྒྱལ་པོ་དང་མཛེས་པ་སོགས་ལ་འཇུག་པ་ཡིན་ལ། ཕྱོགས་བཅུའི་བགེགས་བཀུག་ནས་ ཕུར་བུས་འདེབས་པར་བྱེད་པའི་དོན་གྱིས་སོ། །དེ་ལྟར་ལྷ་སོ་གཉིས་སྒོ་བདུན་གྱིས་རྫོགས་པར་བྱས་ལ། ཚོགས་བརྟེན་ནས་འདིའི་བར་ཡིད་ཀྱིས་རིམ་པས་དཔྱོད་སྒོམ་བྱ་སྟེ། དེ་ནས་ལྷ་ལ་དམིགས་པའི་ཏིང་ངེ་འཛིན་བརྟན་པོ་བསྐྱེད་པའི་ཕྱིར་ 5-7-35a དམིགས་རྟེན་གསལ་བཏབ་ནས་ཇི་ཙམ་གནས་ཀྱི་བར་དུ་འཇོག་པ་ཡིན་ནོ། །འདི་ལ་བླ་མ་འགོས་ཀྱི་གདམས་པ་ནི་རྣམ་པ་ལ་བསླབ་པ་དང༌། གོ་རིམ་ལ་བསླབ་པ་དང༌། ཐུན་ལ་བསླབ་པ་གསུམ་ཡིན་ལ། དེའང་ཐོག་མར་མངོན་ རྟོགས་རིམ་གྱིས་བསྒོམ་པའི་ཚེ། གང་སྒོམ་རྒྱུད་དེའི་རྣམ་པ་མ་ཤར་གྱི་བར་དུ་ཕྱི་མ་གསལ་མི་འདེབས་པ་དང་། ཕྱི་མ་གསལ་འདེབས་པའི་ཚེའང་སྔ་མའི་དོན་སྤྱི་རྒྱང་སྐྱུར་མི་བྱེད་པར་ཡིད་ཡུལ་དུ་བྱེད་པ་དང་། རྣམ་པ་ཤར་པའི་ཚེ་དེ་དང་དེའི་ང་རྒྱལ་རེའང་འཇོག་ པ་སྟེ། དེ་ལྟར་བྱས་ན་མངོན་རྟོགས་ཚར་རེ་བསྒོམ་ཞིང་རྒྱུན་དུ་དེ་ལྟར་གོམས་པར་བྱས་པས་ངག་ཏུ་འདོན་པ་དང་ཡིད་ལ་འཆར་བ་གཉིས་ཀྱང་བྱང་མོར་སོང་ནས་ཚིག་མགྱོགས་པར་ཐོན་པ་བཞིན་དུ་ཡིད་ལའང་མགྱོགས་པར་འཆར་ཞིང་། དེ་ལྟར་མིན་ ན་ངག་ལ་ཤིན་ཏུ་མགྱོགས་པར་ཐོན་ཀྱང་ཡིད་ལ་དོན་སྤྱི་ཅུང་ཟད་རེའང་མི་འཆར་བར་འགྱུར་བ་ཡིན་ལ། དེ་ལྟ་ན་དེ་མངོན་རྟོགས་བསྒོམ་པར་མི་འགྱུར་གྱི་བཤར་སྦྱང་ཙམ་ཡིན་ཏེ། གལ་ཏེ་དེས་མངོན་རྟོགས་བསྒོམས་པ་ཡིན་ན་རིམ་ལྔའི་གཞུང་ ཚར་གཅིག་བཤར་བའི་ཚེའང་རྡོ་རྗེ་བཟླས་པ་དང་སེམས་དབེན་སྒྱུར་ལུས་འོད་གསལ་ཟུང་འཇུག་རྣམས་བསྒོམས་པ་ཡིན་པར་འགྱུར་རོ། །དེས་ན་མངོན་རྟོགས་ཀྱི་རིམ་པ་ཡིད་ཡུལ་དུ་བསྒོམས་པ་འདི་མེད་ན་སྐྱེ་འཆི་བར་དོ་གསུམ་སྦྱོང་བ་དང་རྫོགས་ རིམ་རྒྱུད་ལ་སྐྱེ་བ་རྣམས་འབྱུང་མི་སྲིད་པས་རབ་ཐུན་བཞིར་མངོན་རྟོགས་ཀྱི་རིམ་པ་ལ་བསླབས་ནས་ཡིད་ལ་ལེགས་པར་འཆར་ཐུབ་པ་བྱ་དགོས་སོ། །དེ་ལྟར་དཀྱིལ་འཁོར་རྒྱལ་མཆོག་གི་བར་དུ་གསལ་བཏབ་ནས། དེའི་འོག་ཏུ་གཙོ་བོ་ལྟ་ 5-7-35b བུ་ལ་དམིགས་རྟེན་བྱས་ནས་སེམས་རྩེ་གཅིག་ཏུ་འཇོག་པ་ཡིན་ནོ། །དེའང་ལྷའི་སྐུ་མདོག་ཕྱག་མཚན་སོགས་ཀྱི་དོན་སྤྱི་ཡིད་དོན་ཤར་བའི་རྣམ་པ་གསལ་བ། ལྷ་དེ་དང་དེ་ཡིན་པའི་ང་རྒྱལ་བརྟན་པ་གཉིས་དགོས་ཤིང་། གལ་ཏེ་རྣམ་པ་ཤིན་ཏུ་ འཚར་ཡང་ང་རྒྱལ་བརྟན་པོ་མེད་པ་ཙ་ཀ་ལི་འམ་ཐང་སྐུ་མཐོང་བ་ལྟ་བུར་མ་སོང་བ་དགོས་ཏེ། རྣམ་པ་དང་ང་རྒྱལ་གཉིས་ལས་ཀྱང་ང་རྒྱལ་གཙོ་བོ་ཡིན་པས་ཤིན་ཏུ་གལ་ཆེ་ཞིང་དེ་དང་མ་བྲལ་བའི་ངང་ནས་རྣམ་པ་གསལ་འདེབས་ཏེ། དེའང་རང་བཞིན་གྱིས་གནས་ ན་བཞུགས་པའི་བཅོམ་ལྡན་འདས་གསང་བ་འདུས་པའི་དཀྱིལ་འཁོར་དེ་ཉིད་དངོས་ཡིན་པའི་བློ་ཤིན་ཏུ་བརྟན་པ་དགོས་ཤིང་། དེ་བརྟན་པའི་ཕྱིར་སྐུ་མདོག་ཞལ་ཕྱག་སོགས་གསལ་འདེབས་པ་ཞིག་དགོས་པས་རྣམ་པ་དང་ང་རྒྱལ་གཉིས་ཐགས་མཁན་ གྱི་རྐང་པ་བཞིན་མ་སོང་བ་ཤིན་ཏུ་གལ་ཆེའོ། །དེ་ལ་དང་པོ་དང་པོ་ལྷའི་སྐུ་རགས་པ་སྦྱི་ཙམ་ཞིག་གསལ་བཏབ་ནས་བསྒོམ་པ་ཡིན་ལ། བློའི་རིགས་ཀྱིས་འགའ་ཞིག་ལ་ཐོག་མར་ཤིན་ཏུ་གསལ་བ་འཆར་ལ་དེ་ལ་གོམས་པར་བྱས་པས་བརྟན་མི་བརྟན་ཅི་རིགས་ སུ་འགྱུར་ཞིང་། ཕལ་ཆེར་ནི་ཐོག་མའི་གསལ་སྣང་དེ་ཉམས་ཡིན་པས་ཡལ་ནས་འགྲོ་བ་མང་ངོ་། །གང་ལྟར་ཡང་ཐོག་མར་དམིགས་རྟེན་གསལ་བཏབ་ནས་དེ་ལ་ཅི་གནས་ཀྱི་བར་དུ་འཇོག་དེ་ཡལ་བའང་ཤེས་པ་བྱིང་རྒོད་དུ་སོང་ནས་ཤེས་བཞིན་གྱིས་ རིག་པར་བྱས་དམིགས་རྟེན་གསལ་བཏབ་ལ་དེའི་རྣམ་པ་མ་བརྗེད་པར་བསྐྱང་། གསལ་བཏབ་པའི་དམིགས་པ་དེ་ལས་ཆེ་བ་དང་ཆུང་བ་དང་དེ་དང་ཁ་དོག་མི་མཐུན་པ་དང་དབྱིབས་མི་མཐུན་པ་ཤར་ནས་བྱུང་དེའི་རྗེས་སུ་མི་འབྲང་བར་སྔར་ 5-7-36a གྱི་དམིགས་པ་ཉིད་དྲན་པས་བཟུང་ལ་དེའི་སྟེང་དུ་ཅི་གནས་བྱ། གལ་ཏེ་མི་བསྐྱོད་པ་ལྟ་བུ་བསྒོམ་པའི་ཚེ་རྣམ་སྣང་ལྟ་བུ་ཤིན་ཏུ་གསལ་བར་འཆར་ཞིང་འདི་ལ་དམིགས་རྟེན་བྱས་ན་མྱུར་དུ་སྐྱེ་བ་འདྲ་སྙམ་པ་བྱུང་ཡང་། སྔ་མའི་དམིགས་ པ་ཉིད་བསྐྱང་བར་བྱ་སྟེ། གལ་ཏེ་ཕྱི་མ་ལ་འཇུས་ནས་ཅུང་ཟད་བསྒོམ་ན་ཡང་དེ་ཡལ་ནས་གཞན་རེ་འཆར་ཞིང་འོང་བ་ཡིན་ནོ། །ལྷའི་རྣམ་པ་གསལ་པོ་མི་འཆར་བར་སྣང་ན། སྒོམ་ཁང་ཞལ་ཞལ་ལེགས་པ་ཚོན་གསལ་པོ་ཡོད་པ་ལ། ཤར་དང་ལྷོའི་ ཐད་དུ་སྐར་ཁུང་རྒྱ་ཆེ་བ་རེ་བྱ་ཞིང་ཁང་པའི་དབུས་སྐར་ཁུང་གི་འོད་འཕོག་པའི་ཐད་ཀར་སྣོད་ཆེན་པོ་ཆུས་བཀང་བ་བཞག་སྟེ་དེའི་སྟེང་གི་ནམ་མཁར་མེ་ལོང་ངམ་རལ་གྲི་ལ་སོགས་པ་བྱས་ལ། བྱང་ངམ་ནུབ་ཀྱི་ལོགས་ལ་ཡི་དམ་གྱི་སྐུ་ལེགས་ པར་བྲིས་པའི་ཐང་སྐུ་བཀྲམ་ནས་དེ་ལ་དམིགས་རྟེན་བྱ་ཞིང་སྐྱོང་བ་ཡིན་ནོ། །གལ་ཏེ་དེ་རྣམས་མ་འཛོམ་ཀྱང་དམིགས་རྟེན་གྱི་སྐུ་ལུགས་མའམ་མེད་ནའང་རས་བྲིས་ལེགས་པ་རེ་ཚགས་བྱས་ནས་དེའི་རྣམ་པ་ལ་བལྟ་ཞིང་ཡིད་ཡུལ་དུ་དོན་སྤྱི་འཆར་དུ་ གཞུག་པར་བྱ་ཞིང་ཉི་མ་དང་འོད་ཀྱི་རྣམ་པ་ཡིད་ལ་འདྲིས་སུ་བཅུག་ལ་ལྷའི་སྐུ་འོད་དང་ལྡན་པ་འཆར་བར་བྱའོ། །ཐང་སྐུ་ལ་ཉི་མའི་འོད་ཕོག་པའི་གཟུགས་བརྙན་མེ་ལོང་དུ་འཆར་བར་བྱས་ལ་དེའི་དོན་སྤྱི་གོམས་སུ་གཞུག་ཅིང་། ཐོག་མར་དོན་སྤྱི་ རགས་པ་ལུས་ཀྱི་དབྱིབས་གྲུབ་ཙམ་ཤར་ན་དེ་ལ་མི་དཔྱད་པར་རེ་ཞིག་དམིགས་པ་དེ་ཙམ་གྱིས་ཆོག་ཤེས་པར་བྱས་ལ་བསྐྱང་། དེ་ནས་རིམ་གྱིས་གསལ་དུ་བཏང་། ཞལ་གྱིས་རྣམ་འགྱུར་ལ་སོགས་པ་སྐུའི་དབྱིབས་བྱེ་བྲག་གསལ་ན་དེ་ལ་སེམས་བཟུང་། 5-7-36b དེ་མི་གསལ་བར་སོང་ནའང་སྤྱི་ཙམ་གསལ་བཏབ་བོ། །མདོར་ན་རྣམ་པ་གསལ་ཞིང་ང་རྒྱལ་བརྟན་པ་གཉིས་བློས་ནམ་གྱི་ཚེ་གསལ་བཏབ་ཀྱང་འཆར་བ་དང་། གསལ་འདེབས་མི་འདོད་པའི་ཚེ་མི་འཆར་བ་དང་། སྐུའི་ཚད་རྣམ་པ་དབྱིབས་ལ་སོགས་ པ་རང་གིས་ཚད་ལ་ཕབ་ནས་བསྒོམས་པས་ཇི་ལྟར་འདོད་པ་བཞིན་འཆར་བ་དང་དེ་ལ་རིང་དུ་གནས་པ་དགོས་ལ། ལས་དང་པོ་པ་ལ་བྱིང་རྒོད་ཀྱི་སྐྱོན་རིག་མི་རིག་གི་མཚམས་དང་། གྲིམས་ལྷོད་ཀྱི་སྐྱོན་དང་ཡོན་ཏན་གྲིམས་ལྷོད་རིན་པོའི་ མཚམས། དམིགས་རྟེན་རྙེད་པ་དང་མ་རྙེད་པའི་ཁྱད་པར། ང་རྒྱལ་འཕོ་ཐུབ་མི་ཐུབ་ཀྱི་ཚད། བྱིང་རྒོད་ཕྲ་རགས་ངོས་ཟིན་མི་ཟིན་ལ་སོགས་པ་རྣམས་བླ་མས་ལེགས་པར་བསྟན་པར་བྱ་ཞིང་སློབ་མས་ཀྱང་དམིགས་རྣམས་བསྐྱངས་པའི་སྒོ་ནས་དེ་ རྣམས་རིག་པར་བྱའོ། །དང་པོར་གཙོ་བོ་ཞལ་གཅིག་ཕྱག་གཉིས་པ་རྒྱན་དང་ན་བཟའ་གང་ཡང་མེད་པ་ལ་གོམས་སུ་བཅུག །དེ་ཤར་ན་ཞལ་ཕྱག་ལྷག་མ་རྣམས་དང་། ན་བཟའ་རྒྱན་ལ་སོགས་པ་རིམ་གྱིས་གསལ་བཏབ་ལ་གོམས་སུ་ གཞུག །གཙོ་བོ་ཡོངས་རྫོགས་ཤར་ནས་འཁོར་གྱི་ལྷ་གཅིག་གཉིས་བསྣན་ནས་བསྒོམ། དེ་ནས་རིམ་གྱིས་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཐམས་ཅད་ལ་གསལ་སྣང་བསྐྱེད་པར་བྱ་ཞིང་དེའང་སྔ་མ་གསལ་བའི་སྟེང་དུ་ཕྱི་མ་སྣོན་ པ་ཡིན་གྱི་སྔ་མ་དོར་ནས་ཕྱི་མ་བསྒོམ་པ་མིན་ཏེ་ཐམས་ཅད་ལ་གཅིག་ཅར་དུ་གསལ་སྣང་ཐོན་པ་དགོས་པའི་ཕྱིར་རོ། །དེ་ལྟར་མངོན་རྟོགས་ཀྱི་དབུ་ནས་ཞབས་ཀྱི་བར་རིམ་གྱིས་གསལ་འདེབས་པའི་དཔྱད་སྒོམ་དང་། དེ་ནས་གཙོ་བོ་ཡབ་ 5-7-37a ཡུམ་ལ་སེམས་འཛིན་པའི་འཇོག་སྒོམ་གཉིས་ཀ་བྱ་ཞིང་རྟེན་བརྟེན་པ་ཡོངས་རྫོགས་ཀྱི་དོན་སྤྱི་ཡང་དང་ཡང་དུ་གསལ་བཏབ་ནས་བསྒོམས་པས་དང་པོར་ང་རྒྱལ་ཙམ་མིན་པ་གསལ་བར་མི་འཆར་ཞིང་། དེ་ནས་མུན་སྲོས་པ་ན་ མི་མཐོང་བ་ལྟར་ལྷ་རྣམས་བཞུགས་པའི་གནས་དེ་རྣམས་སུ་མཐོ་ཡོར་ལྟ་བུར་ནག་ཡོམ་མེ་བཙམ་འཆར་ཞིང་དེ་ནས་ཐང་སྐུ་ལ་སོགས་པ་དམིགས་རྟེན་དུ་བཞག་ནས་དེའི་རྣམ་པ་དྲན་པར་བྱས་ལ་རིང་དུ་བསྒོམས་པས་ལྷ་ཐམས་ཅད་སྐུ་མདོག་ དང་ཞལ་ཕྱག་གི་དབྱིབས་ལ་སོགས་པ་རགས་པའི་རྣམ་པ་ལམ་མེ་བ་འཆར་ཞིང་། དེ་ནས་མེ་དང་ཉི་མའི་འོད་ལ་སོགས་པའི་དོན་སྤྱི་བཟུང་ནས་ལྷའི་སྐུ་དེ་རྣམས་འོད་ཟེར་འཆར་བའི་རྣམ་པ་ཅན་དུ་བསྒོམས་ནས། རྒྱན་དང་ཕྱག་མཚན་ལ་སོགས་ པ་ཞིབ་ཏུ་ངེས་པར་བྱ་སྟེ་དེའང་རྣམ་སྣང་སྤྱན་མ་གཤིན་རྗེ་གཤེད་གསུམ་ལྟ་བུ་རང་རང་གི་བཞུགས་སྟབས་སྐུའི་དབྱིབས་རགས་པ་གསལ་པོར་འཆར་བ་བྱུང་ན། གཞན་ལ་དེ་གསུམ་གྱི་རྣམ་པ་དེས་མ་ཁྱབ་པའི་མི་འོང་བས་དེ་ལྟར་བྱ་ཞིང་གོམས་པའི་ སྟོབས་ཀྱི་ལྷ་སོ་གཉིས་ཀྱི་རྟེན་དང་བརྟེན་པ་ཤིན་ཏུ་གསལ་ཞིང་ནམ་འདོད་དུ་འཆར་བ་ཡིན་ཀྱང་ཡུད་ཙམ་གྱིས་གསལ་བར་མི་ནུས་ན་ལས་དང་པོ་པ་ཡིན་ལ། དེ་ནས་རགས་པའི་དཀྱིལ་འཁོར་ཡུད་ཙམ་གྱིས་གསལ་བར་ནུས་ཀྱང་སྐྱེ་མཆེད་ ཀྱི་ལྷ་དེ་ལྟར་མི་ནུས་ན་ཡེ་ཤེས་ཅུང་ཟད་བབས་པ་དང་། སྐྱེ་མཆེད་ཀྱི་ལྷ་ཚུན་ཆད་ཀྱང་ཡུད་ཙམ་གྱིས་གསལ་བར་འཆར་ཞིང་ནམ་འདོད་དུ་འོང་བ་ནི་ཡེ་ཤེས་ལ་ཅུང་ཟད་དབང་བ་ཡིན་ནོ། །དེ་ལྟར་ལྷ་གསལ་བར་འཆར་བའི་ཚེའང་སེམས་ཤིན་ 5-7-37b ཏུ་བརྟེན་པར་བྱ་འི་ཕྱིར་ཕྲ་མོ་བསྒོམ་སྟེ། གནས་སྐབས་དང་པོ་གཉིས་སུ་སྟེང་འོག་གི་སྣ་རྩེར་ཕྱག་མཚན་དང་། ཐིག་ལེ་ཕྲ་མོ་བསྒོམ་པས་གནས་པ་ཤིན་ཏུ་བརྟན་པར་འགྱུར་ལ། དེས་ན་གྲངས་ཀྱི་བསྙེན་པ་ཡོངས་སུ་རྫོགས་པར་བྱས་ནས་རྫས་ དང་སྔགས་ལ་བརྟེན་པའི་དངོས་གྲུབ་རྣམས་རྒྱུད་ནས་བཤད་པའི་ཆོ་ག་བཞིན་བསྒྲུབས་པས་ཅི་ལྟར་འདོད་པ་བཞིན་འགྲུབ་པ་ཡིན་ལ། གནས་སྐབས་གསུམ་པའི་ཚེ་ནི་ཕྲ་མོའི་ནང་དུ་རྟེན་བརྟེན་པ་ཡོངས་རྫོགས་བསྒོམས་ནས་སྤྲོ་བསྡུ་མང་ དུ་བྱས་པས་དཔྱད་སྒོམ་གྱི་ཏིང་ངེ་འཛིན་སྟོབས་ཅན་འདྲེན་པས་ཞི་ལྷག་ཟུང་འབྲེལ་དུའང་འགྱུར་ཏེ་འདིའི་སྐབས་སུ་རྣལ་འབྱོར་པས་བླ་གབ་མེད་པའི་གནས་སུ་གཞལ་ཡས་ཁང་བསྒོམས་པས་ཆུ་ཐུབ་པ་དང་། ཆུ་བོ་ཆེན་པོ་རྡོ་རྗེའི་རྡུལ་ ཕྲ་རབ་ཏུ་བསྒོམས་ནས་དེ་སྟེང་དུ་མི་བྱིང་བར་འགྲོ་བ་དང་། ནམ་མཁའ་ལ་རིན་པོ་ཆེའི་སྐས་བསམས་པས་དེ་ལ་འཛེགས་ཏེ་འགྲོ་བས་ཆོག་པ་ལ་སོགས་པ་འབྱུང་ཞིང་དེ་ལྟ་བུའི་རྣལ་འབྱོར་པ་དེས་དངོས་གྲུབ་ཐམས་ཅད་རྫས་ སྔགས་ལ་མི་ལྟོས་པར་ཏིང་ངེ་འཛིན་གྱིས་བསྒྲུབ་པར་གསུངས་སོ། །གལ་ཏེ་ཐུན་མོང་གི་དངོས་གྲུབ་དོན་དུ་མི་གཉེར་བས་མཆོག་སྒྲུབ་ན་གྲངས་ཀྱི་བསྙེན་པ་དང་སྤྱོད་པ་ལ་སོགས་པ་མི་བྱེད་པར་རྫོགས་རིམ་གྱི་དམིགས་པ་བསྒོམ་ པ་ཡིན་ལ། དེ་ནི་ནང་ལ་མཆོག་ཏུ་གཞོལ་བའི་རྣལ་འབྱོར་པ་ཞེས་བྱའོ། །གལ་ཏེ་ཐུན་མོང་གི་དངོས་གྲུབ་ཆེན་པོ་བརྒྱད་ལ་སོགས་པ་བསྒྲུབ་ན་བསྐྱེད་རིམ་བརྟེན་ནས་གྲངས་ཀྱི་བསྙེན་པ་དང་སྤྱོད་པ་བྱས་ཏེ་དེ་དག་གི་ཆོ་གས་བསྒྲུབ་པ་ 5-7-38a ཡིན་ཏེ་དེ་ནི་སྔགས་ལ་གཞོལ་བའི་རྣལ་འབྱོར་པ་ཞེས་བྱའོ། །དངོས་གྲུབ་ཕྲ་མོ་འགའ་ཞིག་སྤྱོད་པ་བྱས་ནས་སྒྲུབ་པ་མི་དགོས་ཀྱང་གྲུབ་པ་ཆེན་པོ་བརྒྱད་ལ་སོགས་པ་ནི་བསྐྱེད་རིམ་བརྟན་ཀྱང་སྤྱོད་པ་མ་བྱས་ན་མི་འགྲུབ་ པ་ཡིན་ནོ། །འདིར་བསྒྲུབ་པར་བྱ་བ་ནི་ལྷའི་ང་རྒྱལ་དང་རྣམ་པ་ཤིན་ཏུ་གསལ་བར་དང་དེ་ལ་བྱིང་རྒོད་དང་བྲལ་ནས་རྩེ་གཅིག་ཏུ་གནས་པ་གཉིས་ཀ་དགོས་ངེས་ཕྱི་མ་བསྒྲུབ་པའི་ཆེད་དུ་ཕྲ་མོ་བསྒོམ་པ་ཡིན་ལ། བསྒོས་པའི་གནས་དང་དམིགས་རྟེན་ གྱི་གནད་ཀྱིས་རིམ་གྱིས་རླུང་ནང་དུ་གནས་པའི་རྐྱེན་བྱེད་པས་དཔྱད་སྒོམ་གྱི་དམིགས་པ་མང་པོ་དང་བསྲེས་ཀྱང་རླུང་རིམ་གྱིས་དུལ་བའི་མཐུས་སྒོམ་པ་སྔ་མའི་རྒོད་པ་སོགས་མྱུར་དུ་དགག་ནུས་པས་གཞུང་གཞན་ནས་བཤད་པའི་ཏིང་ངེ་འཛིན་ སྒྲུབ་ལུགས་དང་མི་འདྲའོ། །དེ་ལ་སྟེང་འོག་གི་ཕྲ་མོ་གཉིས་གདམས་ང་ཅན་དུ་གསུངས་པས་གང་རུང་གིས་ཆོག་ལ། གལ་ཏེ་བྱིང་ཤས་ཆེ་ན་སྟེང་སྒོའི་ཕྲ་མོ་དང་རྒོད་ཤས་ཆེ་ན་འོག་སྒོའི་ཕྲ་མོ་ལ་དེ་དག་མ་ཞིའི་བར་དུ་བསྒོམ་པར་གསུངས་སོ། ། དེའང་རེག་མཐོང་གི་མཚན་མ་མ་རྙེད་ཀྱི་བར་དུ་བསྒོམ་སྟེ་དང་པོ་གསལ་བ་དང་དེ་ནས་ལག་པས་འཛིན་ཐུབ་པ་སྙམ་བྱེད་པ་དང་མཐར་ནི་ལུས་ཀྱིས་རེག་པར་བྱར་རུང་བར་འགྱུར་རོ། །དེ་ནས་སྒོམ་པས་སྐྱོན་བཟླས་པ་བྱ་བ་ནི་ཡིད་བཟླས་བྱེད་ ཚུལ་ཏེ་སྔགས་དེ་དག་ཡིད་ཀྱིས་འདོད་པ་ཡིན་ནོ། །དེ་ལ་ཕྲེང་བའི་རྒྱུ་ནི། ཁ་སྦྱོར་ལས། ས་དང་ཉ་ཕྱིས་མུ་ཏིག་དང་། །ཁམ་ནི་དཀར་པོ་ལ་སོགས་གཞན། །ཞི་བའི་ལས་ལ་ཁྱད་པར་དུ། །འཕྲེང་བ་ཡི་ནི་མཚན་ཉིད་དོ། །གསེར་དང་དངུལ་ 5-7-38b དང་ཟངས་དག་དང་། །པདྨའི་ས་བོན་ཁྱད་པར་དུ། །རྒྱས་པ་ལ་ནི་འཕྲེང་བ་ཉིད། །རྣམ་པར་མཁས་པས་བགྲང་བར་བྱ། །གུར་གུམ་ལ་སོགས་དྲི་སོགས་ཀྱི། །དྲི་ནི་ཐམས་ཅད་ཁྱད་པར་དུ། །བསྒྲུབས་ཤིང་རིལ་བུ་བྱས་ནས་ནི། །དབང་ལ་ཡོངས་སུ་རབ་ཏུ་ གྲགས། །རུ་རག་ཤ་དང་ལུང་ཐང་དང་། །དེ་བཞིན་སྐྱེས་པའི་རུས་པ་ཉིད། །དྲག་པོའི་ལས་ལ་སྦྱར་བར་བྱ། །ཞེས་དང་། ཞི་རྒྱས་དབང་དང་མངོན་སྤྱོད་ལ། །པོ་དེ་རྩེ་ནི་ལས་ཀུན་བྱེད། །ཅེས་སོ། །འཕྲེང་རྡོག་གི་གྲངས་ཀྱང་དེ་ཉིད་ལས། སྔགས་ཀྱིས་བསྒྲུབ་ པ་ལྔ་བཅུ་སྟེ། །དབང་ལ་དེ་ཡི་ཕྱེད་ཉིད་དོ། །བརྒྱ་ཕྲག་གཅིག་ནི་ཞི་བ་ལ། །དེ་བཞིན་རྒྱས་ལ་ལྷག་པར་བརྒྱད། །མངོན་སྤྱོད་ལ་ནི་དྲུག་ཅུ་ཉིད། །ཅེས་གསུངས་སོ། །བཟླས་པའི་དམིགས་པ་མངོན་རྟོགས་སུ་གསལ་ལ་ཞིབ་པར་སྔགས་རིམ་ལས་ཤེས་ དགོས་ཤིང་བཟླས་བྱའི་སྔགས་ནི་རྩ་རྒྱུད་དང་ལྷ་མོ་བཞིས་ཞུས་ལས་འབྱུང་བ་ལྟར་ཡིན་ནོ། །ཞུ་བ་གླུས་བསྐུལ་དང་བསྟོད་པའི་ཚིགས་སུ་བཅད་པ་འདི་རྣམས་རྩ་རྒྱུད་ཀྱི་གཞུང་ཚིག་ཡིན་ལ་དེ་དག་གི་བཤད་པ་ནི་ཚིག་དོན་ལེགས་པར་ཕྱེ་ནས་ སྒྲོན་གསལ་དུ་བཤད་པས་དེར་ཤེས་པར་བྱ་ཞིང་། གཏོར་མའི་ཆོ་ག་སོགས་ནི་གསང་ཆེན་ལམ་རིམ་དུ་བལྟ་བར་བྱ་སྟེ། འདིར་ནི་རིམ་པ་དང་པོའི་མན་ངག་གི་གནད་རྣམས་དང་བླ་མའི་གསུང་བགྲོས་གཞན་དུ་མི་གསལ་བ་རྣམས་བརྗེད་ཐོ་ ཙམ་དུ་བྲིས་པའི་ཕྱིར་རོ།། །།དཔལ་གསང་བ་འདུས་པའི་བླ་མ་བརྒྱུད་པ་ནི། སངས་རྒྱས་རྡོ་རྗེ་འཆང་། གསང་བདག་ཕྱག་ན་རྡོ་རྗེ། །རྒྱལ་པོ་ཨིནྡྲ་བོ་དྷི། ཀླུའི་རྣལ་འབྱོར་མ། རྒྱལ་པོ་བི་སུ་ཀལྤ། བྲམ་ཟེ་ས་ར་ཧ། མགོན་པོ་ 5-7-39a ཀླུ་སྒྲུབ། ཨཱརྱ་དེ་བ། ཀླུའི་བྱང་ཆུབ། ཤཱཀྱ་བཤེས་གཉེན། ཟླ་བ་གྲགས་པ། སློབ་པའི་རྡོ་རྗེ། ནག་པོ་སྤྱོད་པ། ས་འདྲེས་པ། སྒྲ་བསྒྱུར་འགོས། རྔོག་ཡེ་ཤེས་རྒྱལ་མཚན། ཡེ་ཤེས་སེང་གེ། གླན་ཙྪ་ཉི་མ་ལྕམ། བླ་མ་ གཞོན་ནུ་འོད། ཀུན་མཁྱེན་ཆོས་སྐུ་འོད་ཟེར། འཕགས་འོད་ཡོན་ཏན་རྒྱ་མཚོ། བུ་སྟོན་ཐམས་ཅད་མཁྱེན་པ། རིན་པོ་ཆེ་ཁྱུང་པོ། རྗེ་བཙུན་དམ་པ་བློ་བཟང་གྲགས་པའི་དཔལ། ཡང་བུ་སྟོན་རིན་ཆེན། ལོ་ཙཱ་བ་བྱང་རྩེ། རྗེ་བཙུན་རེད་མདའ་ པ། ཐམས་ཅད་མཁྱེན་པ་བློ་བཟང་གྲགས་པའི་དཔལ། ཡང་བུ་སྙོན། བླ་མ་ཆོས་ཀྱི་དཔལ། མཁྱེན་རབ་ཀྱི་དབང་ཕྱུག་བློ་བཟང་གྲགས་པའི་དཔལ་ལོ།། །།འདིར་འབའ་སེར་དཀར་བཅུ་པ་ཞེས་པས་རིམ་པ་དང་པོའི་མན་ངག་གི་ གནད་རྣམས་དང་རྗེའི་གསུང་བགྲོས་གཞན་དུ་མི་གསལ་བ་རྣམས་བརྗེད་ཐོ་ཙམ་དུ་བཀོད་པ་ཡིན་ནོ།། 5-7-39b empty page 5-8-1a ༄༅། །གསང་འདུས་དཀའ་གནད་ཟིན་བྲིས་བཞུགས་སོ།། 5-8-1b ༄༅། །བླ་མ་རྗེ་བཙུན་རྣམས་ལ་ཕྱག་འཚལ་ལོ། །དེ་ལ་གསང་སྔགས་བླ་ན་མེད་པའི་ལམ་གྱི་མྱུར་ཁྱད་ནི། བསྐྱེད་རིམ་ལའང་རྒྱུད་སྡེ་འོག་མ་རྣམས་ལས་ཆེས་ཕུལ་དུ་བྱུང་བའི་ཁྱད་པར་མཐའ་ཡས་པ་ ཡོད་མོད་ཀྱང་། ཐུན་མོང་མ་ཡིན་པའི་གཙོ་བོ་ནི། རྫོགས་རིམ་གྱི་སྐབས་ལས་ཤེས་དགོས་པས། དེ་ལ་ལམ་གྱི་གཙོ་བོ་ངོས་བཟུང་བ་དང་། དེ་ཇི་ལྟར་བསྐྱེད་པའི་ཚུལ་དང་། སྦྱོར་བ་ཡན་ལག་དྲུག་ཏུ་བསྡུས་ནས་ ཉམས་སུ་ལེན་པའི་ཚུལ་ལོ། །དང་པོ་ནི། རྒྱུད་སྡེ་རྣམས་ལས་འབྱུང་བའི་སྟོང་པ་དང་སྙིང་རྗེ་དབྱེར་མེད་པ་ཞེས་སམ་བདེ་སྟོང་དབྱེར་མེད་པ་ཤེས་པའི་ལྷན་ཅིག་སྐྱེས་པའི་བདེ་བ་གང་ཡིན་པའོ། །དེ་ལ་བདེ་ བ་དང་སྟོང་པ་ངོས་བཟུང་བ་དང་། དེ་གཉིས་དབྱེར་མེད་པའི་ཚུལ་ལོ། །དང་པོ་ནི། བསམ་གཏན་གྱི་ཉེར་སྡོགས་ཀྱི་བསྡུས་པའི་ལུས་སེམས་ཤིན་ཏུ་སྦྱངས་པའི་བདེ་བ་ཙམ་ཡང་མ་ཡིན་ཏེ། དེ་ནི་ཕྱི་རོལ་ 5-8-2a པ་རྣམས་ལའང་ཡོད་པའི་ཕྱིར་དང་། ཕར་ཕྱིན་ཐེག་པ་པ་རྣམས་དང་ཡང་ཐུན་མོང་བ་ཡིན་པའི་ཕྱིར་རོ། །དེ་བསམ་གཏན་གྱི་སའི་དངོས་གཞིས་བསྡུས་པ་རྣམས་ཀྱང་མ་ཡིན་ནོ། །བྱ་སྤྱོད་ཀྱི་ལམ་ བསྒོམ་པའི་སྐབས་སུ་སྲོག་རྩོལ་བསྡམས་པ་ལས་སྐྱེས་པའི་བདེ་བ་དང་། རྣལ་འབྱོར་རྒྱུད་ཀྱི་དོན་ཕྲ་མོ་བསྒོམས་པ་སོགས་ལས་སྐྱེས་པའི་བདེ་བའང་མ་ཡིན་ཏེ། འདི་ནི་བླ་མེད་ཀྱི་ཐུན་མོང་མ་ཡིན་པའི་ལམ་གྱིས་ བསྡུས་པའི་བདེ་བ་ཡིན་པའོ། །སྟོང་པའང་ཡུལ་གྱི་སྣང་བསྡུས་པ་ཙམ་གྱིས་མི་ཆོག་གི་བདེན་པའི་སྤྲོས་པས་དབེན་པའི་རང་བཞིན་མེད་པའི་ཆོས་ཉིད་དོ། །གཉིས་པ་ནི། བདེ་བ་དང་པོར་བསྐྱེད་ནས་དེ་ལས་སྟོང་ ཉིད་རྟོགས་པའི་ཤེས་རབ་ཀྱིས་རྒྱས་འདེབས་པ་དང་། ཡང་ཤེས་རབ་དེ་ཉིད་ལ་བདེ་བས་རྒྱས་འདེབས་པ་དང་། དེ་གཉིས་ཀ་གཙོ་བོ་ཡིད་ཀྱི་ཤེས་པ་གཅིག་གི་འཁོར་དུ་མཚུངས་ལྡན་དུ་སྐྱེད་པ་ལྟ་བུ་ 5-8-2b མ་ཡིན་གྱི། ལྟེ་བའི་ཨ་ཐུང་འབར་ནས་སྤྱི་བོའི་ཧཾ་ཡིག་ཞུ་བའི་འདུ་འཕྲོད་ལ་བརྟེན་ནས་བྱུང་བའི་བདེ་བས་སྟོང་པ་ཡུལ་དུ་བྱས་ནས་འཛིན་པ་ནི་བདེ་སྟོང་དབྱེར་མེད་པའི་དོན་ནོ། །དེ་ནས་ཕར་ཕྱིན་ཐེག་པ་ལ་སྟོང་ཉིད་གཏན་ལ་ཕེབས་ནས་དེ་རྟོགས་ ཀྱི་བློ་ཟུར་ཏུ་བསྐྱེད་མི་དགོས་ལ། འདི་ནི་བདེ་བ་ཟུར་དུ་བསྐྱེད་ནས་དེས་སྟོང་པ་ཉིད་ཡུལ་དུ་བྱེད་པ་ཡིན་ནོ། །གཉིས་པ་ནི། ལམ་གྱི་མྱུར་ཁྱད་ལུས་ལ་གནད་དུ་བསྣུན་པ་ལས་ཡིན་ལ། དེ་ལའང་ཐོག་མར་ལུས་ཀྱི་འཆགས་ཚུལ་ཤེས་དགོས་པས་དེའང༌། གནས་ པ་རྩ། གཡོ་བ་རླུང་། བཀོད་པ་བྱང་ཆུབ་ཀྱི་སེམས་གསུམ་མམ། ཡང་ན་རྟེན་དང་བརྟེན་པ་གཉིས་ཀྱིས་ཤེས་པར་བྱའོ། །དེ་ལ་རྟེན་རྩ་ཡིན་ལ། བརྟེན་པ་རླུང་དང་ཁམས་དཀར་དམར་རོ། །རྩ་ལའང་རྒྱས་པར་ཕྱེ་ན་བདུན་ཁྲི་ཉིས་སྟོང་དང་། འཁོར་ལོ་བཞིའི་དབྱེ་བས་ གཙོ་བོ་བརྒྱ་ཉི་ཤུ་དང་། དེའི་ནང་ནས་གཙོ་བོ་ཉེར་བཞི། དེ་ལས་ཀྱང་གཙོ་བོ་རོ་རྐྱང་དབུ་མ་གསུམ་པོ་རྣམས་ཀྱི་གྲངས་དང་། སྐྱེ་ཚུལ་གྱི་གོ་རིམ་ངེས་པ་དང་། གནས་ཚུལ་དང་། དེ་དག་ལ་དོགས་གཅོད་ཀྱི་ཡན་ལག་དང་། དེ་དག་གི་ནང་དུ་རྩ་བའི་རླུང་ལྔ་དང་ཡན་ལག་གི་རླུང་ལྔ་ཇི་ ལྟར་རྒྱུ་ཚུལ་དང་། དེ་ལ་བརྟེན་ནས་ཁམས་དཀར་དམར་འདུ་འཕྲོད་བྱེད་ཚུལ་རྣམས་ནི་གཞན་དུ་འབྱུང་བར་འགྱུར་རོ། །དེ་ལ་གནད་དུ་བསྣུན་པའི་ཏིང་ངེ་འཛིན་བསྒོམ་པ་ལའང་གཏུམ་མོ་བསྒོམ་པ་དང་། ཐིག་ལེ་དང་ཡི་གེ་དམིགས་པ་དང་། རུང་བུམ་པ་ཅན་ འཛིན་པ་དང་། རྡོར་བཟླས་བྱེད་པ་སོགས་དུ་མ་ཞིག་རྒྱུད་སྡེ་རྣམས་ལས་བྱུང་བ་དེ་དག་གི་དོན་རགས་པ་རྣམས་འོག་ནས་འབྱུང་བར་འགྱུར་རོ། །གསུམ་པ་ལ། གྲངས་ཀྱི་དབྱེ་བ་མདོར་བསྟན་པ་དང་། སོ་སོའི་དོན་རྒྱས་པར་བཤད་པའོ། །དང་པོ་ནི། གསང་བ་འདུས་ 5-8-3a པའི་རྒྱུད་ཕྱི་མ་ལས། སོ་སོར་སྡུད་དང་བསམ་གཏན་དང་། །སྲོག་རྩོལ་ལ་དེ་བཞིན་འཛིན་པ་དང་། །རྗེས་སུ་དྲན་དང་ཏིང་འཛིན་རྣམས། །སྦྱོར་བའི་ཡན་ལག་དྲུག་ཅེས་བྱ། །ཞེས་གསུངས་སོ། །རྣལ་འབྱོར་དྲུག་པོ་འདི། ལུས་དབེན་ནས་ཟུང་འཇུག་ གི་བར་རྣམས་དང་དོན་གཅིག་ཏུ་འགྱུར་བ་ཡིན་ནོ། །གཉིས་པ་ལ་སོར་སྡུད་དང་བསམ་གཏན་གཉིས་བཤད་པ་དང་། སྲོག་རྩོལ་བཤད་པ་དང་། ལྷག་མ་རྣམས་བཤད་པའོ། །དང་པོ་ལ། སོར་སྡུད་ནི་རྒྱུད་ཕྱི་མ་ལས། དབང་པོ་བཅུ་པོ་རྣམས་ཀྱི་ཡང་། །རང་གི་འཇུག་གནས་ ཐམས་ཅད་དུ། །འདོད་པ་སོ་སོར་སྡུད་པས་ན། །སོ་སོར་སྡུད་པ་ཞེས་བཤད་དོ། །ཞེས་གསུངས་ཏེ། དབང་པོ་བཅུ་ནི་མིག་ལ་སོགས་པའི་དབང་པོ་ལྔ་དང་། གཟུགས་ལ་སོགས་པའི་ཡུལ་ལྔ་རྣམས་སོ། །དབང་པོས་ཡུལ་འཛིན་པ་ནི་རང་གི་འཇུག་པ་ཡིན་ལ་ ཡུལ་འཛིན་པ་དེར་གནས་པས་རང་གི་འཇུག་གནས་སོ། །དེའང་ཡུལ་དམན་པ་དང་། བར་མ་དང་། མཆོག་གི་བྱེ་བྲག་ཐམས་ཅད་དུ་འཇུག་པས་སོ། །འདོད་པ་ནི་འདིས་འདོད་པ་དོན་གཉེར་གྱི་འདུན་པ་དང་། འདི་འདོད་པ་ཡུལ་གཟུགས་སོགས་གཉིས་ལས་ ཕྱི་མ་སྟེ། དེ་ཡང་དང་ཡང་དུ་སྡུད་ཅིང་ལེན་པས་སོ་སོར་སྡུད་པ་ཞེས་བྱའོ། །དོན་ནི་འདི་ལྟར་ཤེས་པར་བྱ་སྟེ། རང་ཉིད་རྡོ་རྗེ་འཆང་ཡབ་ཡུམ་ཞལ་གསུམ་ཕྱག་དྲུག་པར་བསྒོམས་ནས་ཡབ་ཡུམ་གྱི་མཁའ་གསང་བྱིན་གྱིས་བརླབས་ཏེ་སྙོམས་འཇུག་ བྱས་ནས་ཞུ་བ་ལས་བྱུང་བའི་ཐིག་ལེ་ཁ་དོག་སྔོན་པོ་ཡུངས་འབྲུ་ཙམ་རྡོ་རྗེ་ནོར་བུའི་བུ་ག་ཕཊ་སེར་པོས་བཀག་པའི་ནང་ཙམ་དུ་གནས་པ་ལ་དམིགས་པ་བཟུང་ནས་རྩེ་གཅིག་ཏུ་བསྒོམས་པ་ལས་བདེ་བ་སྐྱེལ། བདེ་བ་དེས་སྟོང་པ་ཡུལ་དུ་བྱས་ནས་བཟུང་ 5-8-3b བའི་བདེ་སྟོང་དབྱེར་མེད་དེ་ཉིད་མིག་ལ་སོགས་པའི་དབང་པོ་དང་། གཟུགས་སྒྲ་ལ་སོགས་པའི་ཡུལ་གྱི་རྣམ་པ་ཤར་ནས་དབང་པོ་ཡུལ་ལ་ལོངས་སྤྱོད་པར་རྩེ་གཅིག་ཏུ་སེམས་པར་བྱེད་པ་ཡིན་ནོ། །བསམ་གཏན་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་དང་། སོར་སྡུད་དང་བསམ་གཏན་གྱི་ཁྱད་པར་བཤད་པ་དང་། དེ་གཉིས་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་ལོ། །དང་པོ་ནི། རྒྱུད་ཕྱི་མ་ལས། འདོད་པ་ལྔ་ནི་མདོར་བསྡུ་ན། །སངས་རྒྱས་ལྔ་རུ་སྦྱོར་བ་ཡིས། །བརྟག་པ་བསམ་གཏན་ཞེས་བཤད་དེ། །བསམ་གཏན་དེ་ནི་རྣམ་ལྔར་ འགྱུར། །ཞེས་དང་པོ་གསུམ་གྱིས་མཚན་ཉིད་དང་། བཞི་པས་གྲངས་མདོར་བསྟན་པ་ཡིན་ནོ། །འདིར་ཁ་ཅིག་འདིའི་ཐད་ཀྱི་མཚམས་སྦྱོར་ལ། སྒྲོན་གསལ་ལས། སོ་སོར་སྡུད་པ་རྣམ་པར་སྦྱང་བར་བྱ་བའི་དོན་དུ་ཡན་ལག་གཉིས་པ་བསྟན་པའི་ཕྱིར་ཞེས་གསུངས་ པའི་ཚིག་ལ་བསམས་ནས་སོར་སྡུད་ནི་ཐ་མའི་དབང་པོ་ཡུལ་ལ་ལོངས་སྤྱོ་པ་ཙམ་ཡིན་པས་སྤང་བྱའི་ཕྱོགས་ཀྱིས་བསྡུས་པ་སྦྱང་གཞི་དང་། བསམ་གཏན་ནི་དེ་སྦྱོང་བྱེད་གཉེན་པོ་ཡན་ལག་ཡིན་ནོ། །ཞེས་ཟེར་བ་མི་རིགས་ཏེ། དེ་ལྟར་ན་སོར་སྡུད་ལམ་མ་ཡིན་ པས་རྒྱུད་ཕྱི་མ་ལས། ཐུན་མོང་མཆོག་གི་དབྱེ་བ་ཡིས། །བསྙེན་པ་རྣམ་པ་གཉིས་སུའོ། །ཐ་མལ་བ་ནི་རྡོ་རྗེ་བཞི། །མཆོག་ནི་ཡན་ལག་དྲུག་གིས་སོ། །ཞེས་མཆོག་སྒྲུབ་པའི་ལམ་རྣལ་འབྱོར་ཡན་ལག་དྲུག་ཏུ་བཤད་པ་དང་འགལ་ལོ། །ཡང་སོར་སྡུད་སོར་ སྤོང་གི་དོན་དུ་འཆད་པ་ནི། རྒྱུད་གཞན་གྱི་ལུགས་ཡིན་པས་ལུགས་འདི་དང་གཅིག་ཏུ་མི་བསྲེའོ། །དེ་ལ་འདོད་པར་བྱ་བ་ཡུལ་ལྔ་དང་སངས་རྒྱས་ཏེ་དབང་པོ་ལྔ་དེ་བཞིན་གཤེགས་པ་ལྔར་སྦྱར་ནས་བརྟག་ཅིང་སེམས་པར་བྱེད་པའི་ཏིང་ངེ་འཛིན་ལ་བསམ་གཏན་ 5-8-4a ཞེས་བཤད་དེ། ཆོས་མངོན་པ་ལས། བསམ་གཏན་གྱི་སྐད་ཀྱི་བྱིངས་སེམས་པར་བྱེད་པ་ལ་བཤད་པ་ལྟར་རོ། །མདོར་བསྡུ་བ་ནི། ཡུལ་དང་དབང་པོ་དེ་བཞིན་གཤེགས་པ་གཅིག་ཏུ་བྱས་པའི་དོན་ནོ། །སངས་རྒྱས་ལ་སྦྱངས་ལྟ་བུར་བཤད་ཀྱང་སྦྱར་ བར་བྱ་བའི་ཆོས་ཡིན་པས། སངས་རྒྱས་ལྔ་ཡི་སྦྱོར་བ་ལས། །ཞེས་པའི་དོན་དུ་ཤེས་པར་བྱའོ། །ཡུལ་དང་དབང་པོ་དེ་བཞིན་གཤེགས་པ་ལྔའི་རྣམ་པར་སེམས་པ་བསམ་གཏན་གྱི་སྤྱིའི་མཚན་ཉིད་དུ་མི་འཐད་དེ། བསམ་གཏན་གྱི་ཡན་ལག་རྟོག་དཔྱོད་གཉིས་ ལ་མཚན་ཉིད་དེ་ཞུགས་ཀྱང་བདེ་སྟོད་དབྱེར་མེད་ཀྱི་ཏིང་ངེ་འཛིན་མཚན་ཉིད་དུ་བསྟན་པས་དགའ་བ་བདེ་དང་སེམས་རྩེ་གཅིག་པ་ལ་མ་ཁྱབ་པར་འགྱུར་ཏེ། སྒྲོན་གསལ་ལས། དགའ་བ་ལ་དེ་ཁོ་ན་ཉིད་ལ་མངོན་པར་འཇུག་པ་ལ་ཕྱོགས་པས་ཞེས་དང་། བདེ་བ་ལ་ དེ་ཁོ་ན་ཉིད་ལ་མངོན་པར་ཞུགས་པས་ཞེས་དང་། སེམས་རྩེ་གཅིག་པ་ལ་སེམས་ཀྱི་གཟུང་བ་དང་འཛིན་པ་སྟོང་པ་ཉིད་ཅེས་གསུངས་པའི་ཕྱིར་རོ་ཞེ་ན་སྐྱོན་མེད་དེ། བདེ་སྟོང་དབྱེར་མེད་ཉིད་ལྷའི་རྣམ་པར་ཤར་ནས་དབང་པོ་ཡུལ་ལ་ལོངས་སྤྱོད་པར་སེམས་ པ་བསམ་གཏན་གྱི་སྤྱིའི་མཚན་ཉིད་དུ་འདོད་པ་ཡིན་ནོ། །གཉིས་པ་ལ་གྲངས་ཀྱི་དབྱེ་བ་དང་། སོ་སོའི་དོན་རྒྱས་པར་བཤད་པའོ། །དང་པོ་ནི། རྒྱུད་དེ་ལས། རྟོག་དང་དཔྱོད་དང་དགའ་བ་དང་། །དེ་བཞིན་བདེ་བ་ཉིད་དང་ཡང་། །སེམས་ཀྱི་རྩེ་གཅིག་ཉིད་དག་སྟེ། ། ལྔ་པོ་དེར་ནི་བསམ་གཏན་བསྡུ། །ཞེས་སོ། །གཉིས་པ་ནི། རྒྱུད་དེ་ལས། གསང་བའི་རྒྱུད་ནི་ཐམས་ཅད་དུ། །རྣམ་པ་དུ་མར་ཡོངས་བཤད་པ། །གསང་བ་གསུམ་འབྱུང་རྟོག་པ་སྟེ། །དེ་ཉིད་རྟོག་པ་དཔྱོད་པའོ། །དགའ་དང་འདྲ་བ་གསུམ་པ་སྟེ། །བདེ་བས་བསྡུས་ 5-8-4b པ་བཞི་པའོ། །ཤེས་དང་ཤེས་བྱ་བྱུང་ཟད་པའི། །རང་སེམས་ལྔ་པར་ཤེས་པར་བྱ། །སངས་རྒྱས་ཀུན་དངོས་ཞི་བ་ནི། །འདོད་པ་ཀུན་ལ་རབ་ཏུ་གནས། ཞེས་གསུངས་ཏེ། གསང་བའི་རྒྱུད་ནི་རྣལ་འབྱོར་བླ་ན་མེད་པའི་རྒྱུད་དོ། །གསང་བ་གསུམ་ནི། དབང་པོ་དང་། ཡུལ་དང་། དབང་པོའི་རྣམ་པར་ཤེས་པ་གསུམ་སྟེ། རྒྱས་པར་ཕྱེ་ན་ལྔ་གསུམ་བཅོ་ལྔའོ། །སོ་སོར་མ་ཕྱེ་བར་ཡུལ་དབང་རྣམ་ཤེས་གསུམ་སྤྱིར་གྱི་དེ་བཞིན་གཤེགས་པའི་རྣམ་པར་སེམས་པར་བྱེད་པ་རྟོག་པ་དང་། དེ་ཉིད་ཞིབ་ཏུ་ཕྱེ་ནས་ཡུལ་ལའང་ཐབས་ཀྱི་རྣམ་དག་དང་། ཤེས་རབ་ཀྱི་རྣམ་དག་གཉིས་ཀྱིས་དང་པོ། གཟུགས་རྣམ་སྣང་དང་། སྒྲ་མི་བསྐྱོད་པ་དང་། དྲི་རིན་འབྱུང་དང་། རོ་འོད་དཔག་མེད་དང་། རེག་བྱ་དོན་ཡོད་གྲུབ་པར་སེམས་པ་དང་། གཉིས་པ་གཟུགས་གཟུགས་རྡོ་རྗེ་མ་ནས། རེག་བྱ་རེག་བྱ་རྡོ་རྗེ་མར་སེམས་པ་དང་། མིག་སོགས་དབང་པོ་རྣམས་ཀྱང་ས་སྙིང་ལ་སོགས་པའི་བྱང་ཆུབ་སེམས་དཔར་སེམས་པ་ནི་དཔྱོད་པའོ། །རྟོག་དཔྱོད་ཀྱིས་དེ་ལྟར་བསྒོམས་པའི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ཡིད་ཤེས་འཁོར་དུ་ཚོར་བ་སིམ་པ་སྐྱེས་པ་ནི་དགའ་བ་དང་། དབང་ཤེས་འཁོར་དུ་ཚོར་བ་སིམ་པ་སྐྱེས་པ་ནི་བདེ་བའོ། །དེ་ལྟར་ སྦྱངས་པའི་སྟོབས་ཀྱིས་ཤེས་པ་མིག་ལ་སོགས་པའི་རྣམ་པར་ཤེས་པ་དྲུག་དང་། ཤེས་བྱ་གཟུགས་ནས་ཆོས་ཀྱི་བར་དུ་བྱུང་བ་ནི་ཤེས་དང་ཤེས་བྱ་བྱུང་བའོ། །དེ་ཟད་པ་ནི་སྟོང་ཉིད་རྟོགས་པའི་ཤེས་རབ་དེ་ཉིད་གཉིས་སྣང་རགས་པ་ལོག་ནས་རྩེ་གཅིག་ཏུ་གནས་པ་ནི་སེམས་ རྩེ་གཅིག་པའོ། །དེ་ཉིད་བཤད་པ་ནི། རྐང་པ་ཐ་མ་གཉིས་ཏེ། དེའང་སངས་རྒྱས་ཀུན་རང་བཞིན་ཞི་བ། ཞེས་པ་དང་། པ་ཚབ་ཀྱི་འགྱུར་དུ། རྐང་པ་ཐ་མ། ནམ་མཁའ་ཀུན་ལ་རབ་ཏུ་གནས། །ཞེས་འབྱུང་བ་ལྟར་བཤད་དོ། །སངས་རྒྱས་ཀུན་གྱི་རང་བཞིན་ 5-8-5a ནི་སྟོང་པ་ཉིད་ཡིན་ལ། དེ་བསྒོམས་པའི་སྟོབས་ཀྱིས་རང་བཞིན་བརྒྱད་ཅུའི་རྣམ་རྟོག་རགས་པ་ལོག་པ་ནི་ཞི་བའོ། །ནམ་མཁའ་ནི་སྟོང་པ་ཡིན་ལ་ཀུན་ནི་ཐམས་ཅད་ཡིན་པས་སྟོང་པ་བཞི་པ་བསྟན་པ་ཡིན་ནོ། །དེ་ལྟར་ཡང་ སྒྲོན་གསལ་དུ། སྣང་བ་ཙམ་དང་ཞེས་པས་རྐང་པ་སྔ་མའི་དོན་སྣང་མཆེད་ཐོབ་གསུམ་བསྟན་ལ། ཐམས་ཅད་སྟོང་པ་ཞེས་པས་ཐ་མའི་དོན་སྟོང་པ་བཞི་པ་བསྟན་ཏོ། །སྟོང་པ་བཞིའི་དབྱེ་བ་བྱུང་ཡང་སེམས་དབེན་གྱིས་བསྡུས་པ་མ་ཡིན་ནོ། །དེ་དང་རིགས་ མཐུན་པའི་ལུས་དབེན་གྱི་སྐབས་ཀྱི་སྟོང་པའོ། །དེས་ན་ཁ་ཅིག་རྐང་པ་ཐ་མ་གཉིས་སྒྱུ་ལུས་དང་། དེའི་སྔ་མ་གཉིས་སེམས་དབེན་ལ་སྦྱོར་བ་མི་རིགས་པར་ཤེས་པར་བྱའོ། །གསུམ་པ་ནི། བདེ་སྟོང་དབྱེར་མེད་ཉིད་ཐ་མལ་བའི་དབང་ཡུལ་གྱི་རྣམ་པར་ཤར་ ནས་དབང་པོས་ཡུལ་ལ་ལོངས་སྤྱོད་པར་སེམས་པ་སོར་སྡུད་ཡིན་ལ། དབང་ཡུལ་སོགས་ལྷའི་རྣམ་པར་བསྒྱུར་བ་བསམ་གཏན་ཡིན་ནོ། །དེས་ན་ཐ་མལ་བའི་སྣང་བ་ཁྱད་པར་ཅན་གྱི་སྣང་བར་བསྒྱུར་བ་སྦྱོང་བའི་དོན་ཡིན་གྱི་སྤང་གཉེན་མ་ཡིན་ ཏེ། གཉིས་ཀ་ལམ་གྱིས་བསྡུས་པའི་ཐབས་དང་ཐབས་བྱུང་ཡིན་པའི་ཕྱིར། དེ་རྣམ་པར་སྦྱོར་བ་ཞེས་པའི་ཚིག་ཙམ་གྱིས་སྤང་བྱར་འགྱུར་ན་སྒྱུ་ལུས་ཀྱང་འོད་གསལ་གྱི་སྤང་བྱར་འགྱུར་ཏེ། རིམ་ལྔ་ལས། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན། །ཡང་དག་ མཐས་ནི་རྣམ་པར་སྦྱང་། །ཞེས་གསུངས་པའི་ཕྱིར་རོ། །སོར་སྡུད་ཀྱང་སྔར་བཤད་པ་ལྟར་སེམས་པར་བྱེད་པའི་ཡིད་ཀྱིས་བསྡུས་པའི་ཏིང་ངེ་འཛིན་གྱི་ངོ་བོ་ཡིན་གྱི་ཐ་མལ་པའི་དབང་ཡལ་ནི་སོར་བསམ་གང་དུའང་མི་འགྱུར་རོ། །བཞི་པ་ནི། 5-8-5b ལུས་རྣམ་པར་དབེན་པའི་སྐབས་སུ་རིགས་བརྒྱ་དང་ལྔ་དང་གསུམ་གསང་ཆེན་རྡོ་རྗེ་འཆང་གི་རིགས་གཅིག་ཏུ་བསྡུས་ནས་ཉམས་སུ་ལེན་པར་བཤད་པ་ནི། ཡན་ལག་དྲུག་གི་སོར་བསམ་གཉིས་དང་སྦྱར་བར་བྱ་བ་ཡིན་ནོ། །བསམ་གཏན་གྱི་ཡན་ལག་ལྔ་ཡོད་ པའི་རྟོག་དཔྱོད་དང་། སེམས་རྩེ་གཅིག་པའི་ཕྱོགས་ཙམ་ནི་འཕྲལ་དུ་ལག་ཏུ་ལེན་པའི་ཚུལ་སྟོན་པ་ཡིན་ལ། དགའ་བདེ་དང་འདིར་བཤད་ཀྱི་སེམས་རྩེ་གཅིག་པ་རྫོགས་པ་ནི་ཕན་ཡོན་གྱི་ཡན་ལག་ཡིན་ནོ། །དེ་ལྟར་སྔར་བཤད་པའི་བདེ་བ་བསྐྱེད་ནས་དེས་སྟོང་ པ་ཡུལ་དུ་བྱས་ཤིང་དེའང་ཆུ་ལ་ཆུ་བཞག་གི་ཚུལ་དུ་གཉིས་སུ་མེད་པའི་ཡེ་ཤེས་ཆོས་ཀྱི་སྐུའི་བདག་ཉིད་དུ་མོས་པར་བྱས་ནས་དབང་ཡུལ་མཐའ་དག་དེའི་རྣམ་འགྱུར་དུ་མོས་ཤིང་ལྷའི་རྣམ་པར་མ་བསྒྱུར་བར་དབང་པོ་ཡུལ་ལ་ལོངས་སྤྱོད་པར་སེམས་པ་ནི་སོར་ སྡུད་ཡིན་ལ། ལྷའི་རྣམ་པར་བསྒྱུར་བ་ཙམ་ནི་བསམ་གཏན་ནོ། །དེ་ལའང་རྡོ་རྗེ་འཆང་གི་རྣམ་པ་ཙམ་དུ་མོས་པ་རྟོག་པ་དང་། ཡུལ་དབང་སོ་སོར་ལྷ་སོ་སོ་དང་སྦྱར་ནས་ཞིབ་ཏུ་སེམས་པར་བྱེད་པ་ནི་དཔྱོད་པ་ཡིན་ལ། དེ་གཉིས་ཀའི་མཐར་ཡང་དོན་དེ་ཉིད་ལ་ སེམས་རྩེ་གཅིག་ཏུ་གནས་པ་རེའང་བྱའོ། །གཉིས་པ་སྲོག་རྩོལ་བཤད་པ་ནི། རྒྱུད་ཕྱི་མ་ལས། ཡེ་ཤེས་ལྔ་ཡི་རང་བཞིན་དབུགས། །འབྱུང་བ་ལྔ་ཡི་ངོ་བོ་ཉིད། །གོང་བུའི་གཟུགས་སུ་ཕྱུང་ནས་ནི། །སྣ་ཡི་རྩེ་མོར་རབ་ཏུ་བརྟག། །རིན་ཆེན་ཁ་དོག་ སྣ་ལྔ་པ། །སྲོག་དང་རྩོལ་བ་ཞེས་བྱར་བཤད། །རང་སྔགས་སྙིང་ཁར་བསམས་ནས་ནི། །སྲོག་ནི་ཐིག་ལེར་གྱུར་པར་བཞག །ཅེས་གསུངས་ཏེ། དེ་ལ་ཕ་རྒྱུ་དང་མ་རྒྱུད་ཀྱི་ཁྱད་པར་དང་། དེ་དག་ལ་ཇི་ལྟར་བསྟན་པའི་ཚུལ་དང་། རྒྱུད་ཕྱི་མའི་ཚིག་དེའི་ 5-8-6a དོན་བཤད་པའོ། །དང་པོ་ནི། རླུང་དང་གཏུམ་མོ་བསྒོམ་པ་སོགས་ཀྱི་ཐབས་ལས་ལྷན་ཅིག་སྐྱེས་པའི་བདེ་བ་ཤེས་རབ་ཀྱི་ཆ་གཙོ་བོར་གཏན་ལ་འབེབས་པ་དེ་ལ་མའི་རྒྱུད་དང་། ཤེས་རབ་དེ་ཉིད་ལྷའི་རྣམ་པར་བཞེངས་པའི་ཐབས་ཀྱི་ཆ་གཙོ་ བོར་སྟོན་པ་ལ་ཕའི་རྒྱུད་ཅེས་བྱའོ། །གཉིས་པ་ནི། ཕ་རྒྱུད་མ་རྒྱུད་གང་ཡིན་ཡང་རུང་ཁམས་འབར་འཛག་ལས་བྱུང་བའི་ལྷན་སྐྱེས་ཀྱི་ཞུ་བ་དེ་ལས་སྒྲུབ་པ་ལ་ཀུན་མཐུན་ཏེ། དེ་ཉིད་ཕར་ཕྱིན་ཐེག་པ་སོགས་ལས་མྱུར་བར་སྒྲུབ་བྱེད་ཀྱི་གཙོ་བོ་ཡིན་པའི་ཕྱིར་རོ། ། མཚན་ཉིད་ཐེག་པའི་ས་བརྒྱད་པ་ཐོབ་པས་ཀྱང་སྟོང་ཉིད་རྟོག་པའི་ཤེས་རབ་འབའ་ཞིག་ལ་མཉམ་པར་བཞག་ན་གཟུགས་སྐུ་སྒྲུབ་པའི་རྒྱུ་མ་ཚང་པས་རྒྱལ་བ་རྣམས་ཀྱིས་དེ་ལས་བསྐུལ་བྱར་མཛད་པ་ཡིན་ལ། འདིར་ནི་སྟོང་ཉིད་རྟོགས་པའི་ལྷན་སྐྱེས་ཀྱི་ བདེ་བ་འབའ་ཞིག་ལ་གོམས་པར་བྱས་པས་ཆོ་ག་པར་གསུངས་པའང་ལམ་གཅིག་པོ་འདི་ཉིད་ལ་གཟུགས་སྐུའི་རྒྱུ་མ་ཚང་བ་མེད་པར་ཡོད་པ་ཡིན་ལ། དེའང་སེམས་དབེན་ཐོབ་རྗེས་ནས་ཡིན་གྱི་དེ་མན་ཆད་དུ་ནི་ལྷན་སྐྱེས་ཀྱི་བདེ་བ་འབའ་ཞིག་ལ་གོམས་ སུ་མི་རུང་སྟེ། དབང་བཞི་རྒྱུན་གཅིག་ལ་བསྐུར་བའི་ཚེ་དབང་གསུམ་པ་མཚན་ཉིད་ཡོངས་སུ་རྫོགས་པར་ཐོབ་པ་ན་ལྷན་སྐྱེས་ཀྱི་བདེ་བ་སྐྱེ་བས་བསྐྱེད་རིམ་ཡང་སྒོམ་མི་དགོས་པར་འགྱུར་རོ། །རྒྱུད་གཞན་ལས་བདེ་བ་དེ་བསྐྱེད་པའི་ཐབས་སུ་རླུང་བུམ་ པ་ཅན་འཛིན་པ་དང་། ཡི་གེ་དང་ཐིག་ལེ་སོགས་ལ་དམིགས་པ་དང་། གཏུམ་མོ་སྒོམ་པ་སོགས་མང་དུ་བཤད་ཀྱང་། གསང་འདུས་རྩ་རྒྱུད་དང་། རྒྱུད་ཕྱི་མ་དང་། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་དང་། དགོངས་པ་ལུང་སྟོན་པ་དང་། དེ་དག་གི་དགོངས་ 5-8-6b འགྲེལ་སློབ་དཔོན་ཡབ་སྲས་རྣམ་པ་ལྔའི་གཞུང་རྣམས་སུ་རྡོར་བཟླས་ཙམ་གསུངས་ཀྱི་གཞན་མ་གསུངས་ལ། དེའི་རྒྱུ་མཚན་ཡང་གཏུམ་མོ་སོགས་ཀྱི་དགོས་པ་རྡོར་བཟླས་འབའ་ཞིག་གིས་འགྲུབ་པར་དགོངས་ཤིང་རྡོ་བཟླས་ཉིད་མཆོག་ཏུ་གྱུར་པར་གཟིགས་ ནས་མ་གསུངས་པ་ཡིན་ཏེ་རྒྱུ་མཚན་འཆད་པར་འགྱུར་རོ། །དེའང་ལུས་དབེན་ནས་ངག་དབེན་དང་དེ་ལས་སེམས་དབེན་དུ་འཕོ་ཚུལ་སོགས་ཀྱི་གོ་རིམ་ཕྱིན་ཅི་མ་ལོག་པར་ངེས་པ་ལ་རྟོགས་དགོས་ཤིང་། ལུས་དབེན་ནས་ངག་དབེན་དང་། བསམ་གཏན་ནས་སྲོག་ རྩོལ་དུ་འཕོ་བ་དོན་གཅིག་གོ། དེ་ལ་ཁ་ཅིག་གིས་པི་ཝང་གི་ཁོག་པ་ལེགས་པར་མ་སྦྱངས་པར་སྐད་ཁྱད་པར་ཅན་མི་འབྱུང་བ་བཞིན་དུ། ལུས་དབེན་དང་ངག་དབེན་ཡང་ཡིན་ནོ་ཞེས་པའང་ཚིག་ཙམ་གྱིས་མི་འགྲུབ་སྟེ། བསྐྱེད་རིམ་གྱིས་མ་སྦྱངས་པའི་ ལུས་དབེན་ལ་ཁྱད་པར་ཡོད་པ་འཆད་དགོས་སོ། །ཡང་ཟློས་པ་ཁྱད་པར་ཅན་དུ་འགྲུབ་པ་ལ་ཟློས་པ་པོ་ཁྱད་པར་ཅན་དུ་འགྲུབ་དགོས་པས། ལུས་དབེན་དགོས་ཞེས་བྱེད་པ་པོ་དང་བྱེད་པའི་སྒོ་ནས་གོ་རིམ་ངེས་པར་སྒྲུབ་པའང་ཕྱོགས་ཙམ་སྟེ་དེ་ཙམ་གྱིས་ མི་ཆོག་གོ། གསུམ་པ་ནི། ཡེ་ཤེས་ལྔའི་རང་བཞན་གྱི་དབུགས་ནི་རླུང་ཡིན་ལ། ཡེ་ཤེས་ལྔ་ནི་མེ་ལོང་ལྟ་བུ་སོགས་སམ་སངས་རྒྱས་ལྔའི་རང་བཞིན་གྱི་རླུང་ཁ་དོག་ལྔའོ། །འབྱུང་བ་ལྔ་ནི་ས་ལ་སོགས་པ་སྤྱོད་བསྡུས་ནས་བཤད་པ་ལྟར་རོ། །དེ་ཉིད་ གོང་བའི་གཟུགས་སུ་བྱུང་ཞེས་པ། རླུང་དེ་ཉིད་ཐིག་ལེར་འགྱུར་བར་སྟོན་པ་མིན་གྱི་རླུང་གིས་བསྐྱོད་པའི་ཐིག་ལེ་ཉིད་རྡོ་རྗེའི་བུ་ག་ནས་བྱུང་ནས་ཡུམ་གྱི་པདྨའི་སྣའི་རྩེ་མོར་ཐིག་ལེའི་གཟུགས་སུ་བསྒོམ་པར་བྱའོ། །དེ་ཉིད་གྱེན་དུ་འགྲོ་བའི་རླུང་ 5-8-7a ཁ་དོག་སྣ་ལྔ་པ་ནི་རིན་ཆེན་ཁ་དོག་སྣ་ལྔ་པའོ། །སྲོག་ནི་དབུགས་ཡིན་ལ་དེ་ཉིད་རྩོལ་ཞིང་རིང་དུ་སྤྲོས་པ་ནི་སྲོག་དང་རྩོལ་བ་ཞེས་བྱ་བར་བཤད་དོ། །རང་སྔགས་སྙིང་གར་ཏེ་སྙིང་ཁའི་སྣ་རྩེར་སྔགས་བསམ་པར་བྱའོ། །དེ་ནི་མི་ ཤིགས་པའི་ཐིག་ལེར་བྱས་ནས་འགོད་པའི་དོན་ནོ། །བཤད་རྒྱུད་རྡོ་རྗེ་ཕྲེང་བར། སྣ་རྩེ་གསུམ་དང་ཐིག་ལེ་གསུམ་གཏན་ལ་འབེབས་པའི་ལེའུ་སོ་སོར་བཤད་ལ། སྣ་རྩེ་གསུམ་ནི། གསང་བའི་སྣ་རྩེ་དང་། གདོང་གི་སྣ་རྩེ་དང་། སྙིང་གི་སྣ་རྩེའོ། །ཐིག་ལེ་ གསུམ་ནི། རྫས་ཀྱི་ཐིག་ལེ་དང་། འོད་ཀྱི་ཐིག་ལེ་དང་། སྔགས་ཀྱི་ཐིག་ལེའོ། །དེ་གསུམ་གང་དུ་སྒོམ་པ་ནི། སྔར་བཤད་པའི་སྣ་རྩེ་གསུམ་དུའོ། །དེ་ལ་རྐང་པ་དང་པོ་བཞིས་གསང་བའི་སྣ་རྩེ་དེར་བསྒོམ་པའི་ཐིག་ལེ་དང་བཅས་པ་བསྟན་ལ། དེ་ནས་རྐང་ པ་གཉིས་ཀྱིས་གདོང་ནི་སྣང་རྩེ་ཐིག་ལེ་དང་བཅས་པ་བསྟན་ཏེ། རྩ་རྒྱུད་ལས། རིན་ཆེན་ཁ་དོག་སྣ་ལྔ་པ། །ཡུངས་ཀར་གྱི་ནི་འབྲུ་ཚད་ཙམ། །སྣ་ཡི་རྩེ་མོར་ནན་ཏན་དུ། །རྣལ་འབྱོར་རིགས་པས་རྟག་ཏུ་བསྒོམ་ཞེས་པ་ལ་དྲང་ངེས་ཀྱི་བཤད་པ་གཉིས་བྱས་ པའི་དྲང་དོན་གྱི་བཤད་པ་ལས་ཤེས་སོ། །རྐང་པ་ཐ་མ་གཉིས་ཀྱིས་སྙིང་གི་སྣ་རྩེ་ཐིག་ལེ་དང་བཅས་པ་བསྟན་ཏོ། །དོན་དེ་དག་གང་ཟག་གཅིག་གིས་སམ་སོ་སོ་བས་བསྒོམ་པར་བྱ་བ་དང་། གང་གཙོ་བོ་ཡིན་ཞུས་པའི་ལན་སོགས་ཀྱང་རྒྱུད་རྡོར་ཕྲེང་ དུ་རྒྱས་པར་གསུངས་སོ། །ཇི་ལྟར་ཞེ་ན། འདོད་ཆགས་ཅན་གྱིས་གསང་བའི་སྣང་རྩེར་རྫས་ཀྱི་ཐིག་ལེ་དང་། ཞེ་སྡ་ཅན་གྱིས་སྙིང་གི་སྣ་རྩེར་སྔགས་ཀྱི་ཐིག་ལེ་དང་། གཏི་མུག་ཅན་གྱིས་གདོང་གི་སྣ་རྩེར་འོད་ཀྱི་ཐིག་ལེ་བསྒོམ་པར་བཤད་ཅིང་། དེ་ 5-8-7b རྣམས་ལས་བར་པ་གཙོ་བོར་བསྟན་ཅིང་ཇི་ལྟར་གཙོ་བོ་ཡིན་ནི་འཆད་པར་འགྱུར་རོ། །ཁ་ཅིག་གིས་རྡོ་རྗེའི་བཟླས་པ་བྱེད་ཚུལ་ལ། བེམ་པོའི་རླུང་རགས་པ་ལ་བསླབ་པ་དང་། ཕྲ་བ་དང་། གསལ་བའི་རླུང་ཤེས་པ་དང་འདྲེ་བ་ལ་བསླབ་པའོ། །དང་པོ་ལ་བསླབས་ པས་ནི་ཁམས་སྙོམས་པ་དང་། ཇི་ལྟར་རྒྱུ་བ་མཐོང་བའི་རྒྱུ་བ་གསལ་བར་འགྱུར་རོ། །གཉིས་པ་ལ་བསླབས་པས་ནི། འདོད་པ་ཙམ་གྱིས་རླུང་གཡས་གཡོན་སྤོ་ནུས་པ་དང་། ཚ་གྲང་གི་རེག་པས་མི་གནོད་པའི་རེག་པ་བདེ་བར་འགྱུར་རོ། །གསུམ་པ་ལ་ བསླབས་པས་ནི་ཇི་ཙམ་དུ་འདོད་པར་བུམ་པ་ཅན་གྱི་རླུང་བསྡམ་ནུས་པ་དང་། ནང་རླུང་ཕྱིར་བུས་ནས་ཇི་ཙམ་འདོད་པར་ཕྱི་རུ་འཛིན་ནུས་པ་དང་། ནང་དུ་རྔུབས་ནས་ནང་དུ་འདོད་འདོད་དུ་འཛིན་ནུས་པའི་ཕྱི་ནང་བསྲེ་ཐུབ་པ་འབྱུང་ལ། དེ་ནས་གཏུམ་ མོ་འབར་ནས་ལྷན་ཅིག་སྐྱེས་པའི་བདེ་བ་སྐྱེའོ་ཞེས། བུམ་པ་ཅན་གྱིས་འབར་འཛག་པ་སྒྲུབ་ཅིང་། བུམ་པ་ཅན་རྡོར་བཟླས་ཀྱི་འབྲུས་བུར་འདོད་པའང་མི་འཐད་ཅིང་། ཡང་སེམས་གནས་རྙེད་པ་ཙམ་རྡོར་བཟླས་ཀྱི་དགོས་པར་འཆད་པའང་ཤིན་ཏུ་ མི་འཐད་དོ། །ཡང་སེམས་དབེན་གྱི་སྐབས་སུ་ཕྱི་ནང་གི་ཕྱག་རྒྱ་ལ་བརྟེན་ནས་དགའ་བཞིའི་རྟོགས་པ་བསྐྱེད་པ་ན་ཁམས་དབབ་པ་དང་། བཟུང་བ་དང་། ལྡོག་པ་དང་། དགྲམ་པ་དང་། བསྡུ་བ་ལྔར་འགྱུར་ཏེ། དང་པོ་ལས་ཀྱིས་བསྐུལ་བའི་རླུང་གིས་ གཏུམ་མོ་འབར་ནས་ཁམས་ཞུ་བ་ནོར་བུའི་ནང་དུ་བཟུང་ནས་བདེ་སྟོང་བསྒོམ་པ་དང་། དེའང་ཕྱིར་མི་འཕོ་བའི་ཐབས་ཤིན་ཏུ་མང་ཡང་དེར་འཛིན་པའི་ཐབས་ཐུན་མོང་མ་ཡིན་པ་ཤེས་དགོས་སོ། །དེ་ལྟར་ཡས་ཐབས་ཀྱི་དགའ་བཞི་སྐྱེས་ 5-8-8a པ་དང་། མས་བརྟན་གྱི་དགའ་བཞི་བསྐྱེད་པ་ན་ཁམས་གྱེན་དུ་ལྡོག་ནས་སྤྲུལ་པའི་འཁོར་ལོའི་ལྟེ་བར་སླེབས་པའི་ཚེ། རྩ་འདབ་རྣམས་ལ་དགྲམ་པ་དང་སླར་ཡང་ལྟེ་བར་སྡུད་པ་དང་དེ་ལྟར་འཁོར་ལོ་གོང་མ་རྣམས་ སུའང་བྱེད་པའི་ཐབས་ནི་རྩ་ལམ་རྣམས་རླུང་གིས་ལེགས་པར་སྦྱངས་ནས་རླུང་ཇི་ལྟར་འདོད་པའི་རྗེས་སུ་བྱེད་ནུས་ཤིང་དེའི་རྗེས་སུ་ཐིག་ལེ་དཀར་དམར་ཇི་ལྟར་འདོད་པར་ཁྲིད་ནུས་ལ། རླུང་ལས་རུང་དུ་ངག་དབེན་གྱིས་བྱེད་པས་ངག་དབེན་གྱི་དགོས་ པ་དེ་ཉིད་ཡིན་ཅིང་སེམས་དབེན་དང་གོ་རིམ་ངེས་ཚུལ་ཡང་དེ་ལྟར་ཡིན་སྙམ་པའི་དོགས་པ་སྐྱེས་ཡོད་དེ་དེས་མི་ཆོག་གསུང་ངོ་། །འོན་ཀྱང་ཡིན་ཞེ་ན། དེ་ལ་རྒྱུད་རྡོག་ཕྲེང་དུ་རྡོ་རྗེའི་བཟླས་པ་མི་ཤེས་པའི་ཉེས་དམིགས་དང་། ཤེས་པའི་ཕན་ ཡོན་དང་། ཇི་ལྟར་བྱེད་ཚུལ་སོགས་ཀྱིས་སྟོན་ཏེ། ལེའུ་དྲུག་པར། ཐིག་ལེའི་དབྱེ་བ་བླ་ན་མེད། །འཇིག་རྟེན་ཐིག་ལེའི་དབྱེས་དབེན་ན། །འཁོར་བར་ཡང་དང་ཡང་དུ་འཁོར། །ཞེས་རྡོར་བཟླས་བྱེད་པའི་གཞི་སྔར་བཤད་པའི་ ཐིག་ལེ་གསུམ་གྱི་དབྱེ་བ་སོགས་མ་ཤེས་པ་ལས་སོ། །ཤེས་པའི་ཕན་ཡོན་ནི། ཐིག་ལེའི་དབྱེ་བ་རིགས་བཅས་པ། །གང་ཤེས་མྱུར་དུ་རྣལ་འབྱོར་མཆོག །སྦྱོར་བས་མདུད་པ་འབྱེད་པར་བྱེད། །ཁམས་གསུམ་པ་མི་འགྲོ་བ་འདི། ། མྱུར་དུ་དངོས་གྲུབ་མཆོག་ཏུ་འགྲོ། །ཞེས་ཐིག་ལེའི་དབྱེ་བ་རིགས་པ་ཐབས་དང་བཅས་པ་གོམས་པས་མདུད་པ་འགྲོལ་བར་བྱེད་ཅིང་དེ་ལས་ཐར་པ་ཐོབ་པར་གསུངས་སོ། །མདུད་པ་དེ་གང་གིས་འགྲོལ་ཞེན། སྔགས་ཀྱི་དེ་ཉིད་ཀྱིས་ 5-8-8b དེ་འབྱེད། །ཅེས་སྔར་བཤད་པའི་མི་ཤིགས་པའི་ཐིག་ལེ་དང་སྔགས་སྙིང་གར་བསམ་པ་ཉིད་ཀྱིས་འབྱེད་པ་ཡིན་ནོ། །འོ་ན་དབྱེ་བར་བྱ་བའི་མདུད་པ་གང་ན་གནས་ཤིང་དེ་ཐབས་གང་གིས་དབྱེ་བར་བྱ་ཞེ་ན། སྙིང་གི་པདྨའི་སྦུབས་མཁའ་ལ། ། ཡེ་ཤེས་རྡོ་རྗེ་རྟག་ཏུ་བཞུགས། །སྟེང་འོག་ཡང་དག་བརྟེན་ནས་ནི། སྲོག་དང་ཐུར་སེལ་རླུང་ཆེན་གནས། །དེ་ལའང་དབྱེ་བར་དཀའ་བ་ཡི། །དབུས་སུ་མདུད་པ་གསུམ་གྱིས་དཀྲིས། །དེ་ཡིས་ཐུར་སེལ་བཅོམ་བྱས་པས། །སྟེང་དུ་འགྲོ་བ་ཐོབ་ མི་བྱེད། །ཅེས་གསུངས་ཏེ། སྤྱིར་འཁོར་ལོ་བཞི་དང་དྲུག་དང་བདུན་ལ་སོགས་པ་བཤད་པ་རྣམས་ཀྱི་འཁོར་ལོའི་ལྟེ་བ་ན་རྩ་མདུད་ཡོད་ལ་དག་གི་ནང་ནས་གཙོ་བོ་སྙིང་ག་ཆོས་ཀྱི་འཁོར་ལོའི་མདུད་པ་ཉིད་གཙོ་བོ་ཡིན་ལ། དེ་གྲོལ་ན་མདུད་ པ་གཞན་ཐམས་ཅད་ཀྱང་རང་གྲོལ་བར་འགྱུར་རོ། །དེའང་སྙིང་གའི་དབུས་སུ་རྩ་དབུ་མ་ལ་མདུད་པ་གསུམ་གྱིས་དཀྲིས་ཤིང་མདུད་པ་དེའི་དབུས་དབུ་མའི་ནང་གི་སྦུབས་ཀྱི་ནམ་མཁའ་ལ་མི་ཤིགས་པའི་ཐིག་ལེ་གནས་སོ། །མདུད་པ་དེའི་ དབང་གིས་འདོམས་ནས་གནས་པའི་ཐུར་སེལ་གྱི་རླུང་སྟེང་དུ་འགྲོ་བ་དང་རླུང་ཐུར་དུ་འགྲོ་བ་བཅོམས་ནས་འགྲོར་མི་སྟེར་བ་ཡིན་ནོ། །འོ་ན་ཐུར་སེལ་སོགས་སྣ་བུ་ག་ནས་རྒྱུ་བར་བཤད་པ་དང་འགལ་ལོ། ཞེ་ན། དབུ་མའི་ལམ་ནས་རྒྱུ་བ་ མདུད་པས་བཀག་པ་ཡིན་གྱི་དེར་མི་རྒྱུའང་ལམ་གཞན་ནས་རྒྱུ་བ་ལ་འགལ་བ་ཅིའང་མེད་དོ། །སྲོག་ཐུར་དབུ་མའི་ནང་ནས་རྒྱུ་བ་སྒྲུབ་པར་འདོད་ཀྱི་ལམ་བཞིན་ནས་རྒྱུ་བ་ལ་ཤེས་འདོད་མེད་དོ། །མདུད་པ་དེའི་ནང་ཁ་སྦྱོར་ལས། ཆུ་ཤིང་གི་མེ་ 5-8-9a ཏོག་ལྟར་ཅུང་ཟད་ཁ་ཕྱེ་བར་གསུངས་པས། སྲོག་ཐུར་རྒྱུ་བ་བཀག་ཀྱང་བར་སྟོང་ཅུང་ཟད་ཡོད་པས་སྦུབས་མཁའ་ཞེས་གསུངས་སོ། །མདུད་པ་དེ་ལ་མ་རིག་སྒོ་ངའི་སྦུབས་ཞེས་ཀྱང་གསུངས་སོ། །དེ་ཇི་ལྟར་འབྱེད་པ་ནི་ལེའུ་ཉེར་གཅིག་པ་ སྐུ་གསུང་ཐུགས་ཀྱི་སྙིང་པོ་བཤད་པ་ལས་སྐུ་རྡོ་རྗེའི་སྙིང་པོ་ཨོཾ་ལ་བཏུ་བར་བྱ་བའི་ཡི་གེ་གསུམ་ཡོད་དེ་ཨ་དང་ཨོཾ་དང་མའོ། །དང་པོ་ནི། སྙིང་གའི་མི་ཤིགས་པའི་ཐིག་ལེ་སྟེ་སྲོག་རླུང་ཡིན་ལ། གཉིས་པ་ནི། མགྲིན་པར་གནས་པའི་གྱེན་རྒྱུའི་རླུང་ངོ་། །གསུམ་ པ་ནི། སྤྱི་བོ་ན་གནས་སོ། །རླུང་དེ་དག་སྤྱི་བོར་བསྲེ་ནས་པ་ན། སྤྱི་བོའི་རྩ་མདུད་འབྱེད་ལ། གསུང་རྡོ་རྗེའི་སྙིང་པོ་ཨ་ལ་ཡི་གེ་གསུམ། ཨ་ཐུང་ངུ་དང་རིང་པོ་དང་ཧའོ། །དང་པོ་ནི་སྙིང་གར་གནས་པའི་སྒྲོག་རླུང་ངོ་། །གཉིས་པ་ནི་མགྲིན་པར་གནས་པའི་གྱེན་རྒྱུའོ། ། གསུམ་པ་ནི་འདོམས་ན་གནས་པའི་ཐུར་སེལ་གྱི་རླུང་ངོ་། །རྡོར་བཟླས་ཀྱིས་དེ་དག་མགྲིན་པར་བསྲེ་ཐུབ་པ་ན་དེའི་འཁོར་ལོའི་ལྟེ་བའི་མདུད་པ་འབྱེད་པར་བྱེད་དོ། །ཐུགས་རྡོ་རྗེའི་སྙིང་པོ་ལ་ཡི་གེ་གསུམ་ཡོད་དེ་ཧ་དང་ཨུ་དང་མྲའོ། །དང་པོ་ནི་ཐུར་སེལ་གྱི་ རླུང་ངོ་། །གཉིས་པ་ནི་གྱེན་རྒྱུའོ། །གསུམ་པ་ནི་སྲོག་རླུང་སྟེ་སྨིན་མཚམས་ཀྱི་རླུང་གི་འཁོར་ལོའི་ལྟེ་བར་གནས་སོ། །དེ་དག་རྡོར་བཟླས་ཀྱིས་སྙིང་གར་བསྲེ་ནུས་པ་ན་སྙིང་གའི་དབུ་མའི་མདུད་པ་འབྱེད་ཅིང་། དེའི་སྟོབས་ཀྱིས་མདུད་པ་གཞན་ཡང་འབྱེད་དོ། ། སྐུ་གསུང་ཐུགས་ཀྱི་སྔགས་བཏུས་པའི་དགོས་པའང་དེ་ཉིད་དོ། །དེ་རྣམས་ཀྱི་ནང་ནས་གཙོ་བོ་གང་ཡིན་ཞེ་ན། ཐུགས་ཀྱི་ས་བོན་བདག་པོ་སྟེ། །ཀུན་གྱི་ནང་ནས་རྣམ་རྟོག་མེད། །གང་ཕྱིར་གཙོ་བོ་གཞན་རྣམས་ནི། །འགྲིབ་དང་དེ་བཞིན་འཕྲོག་པར་ 5-8-9b བྱེད། །རྣམ་པར་རྟོག་པའི་རླུང་གཉིས་ནི། །ལུས་ཀུན་ལ་ནི་ཁྱབ་པར་བྱེད། །ཅེས་ཐུགས་ཀྱི་ས་བོན་གཙོ་བོར་གསུངས་ལ། །རྣམ་རྟོག་གི་རླུང་གཉིས་ནི། སྲོག་དང་ཐུར་སེལ་གྱི་རླུང་གཉིས་ཏེ། རྩ་མདུད་ཀྱིས་དེ་གཉིས་དབུ་མའི་ནང་ནས་རྒྱུ་བ་བཀག་པའི་སྟོབས་ ཀྱིས་རང་བཞིན་བརྒྱད་ཅུའི་རྣམ་པར་རྟོག་པ་བསྐྱེད་ཅིང་མདུད་པ་ཕྱེད་ནས་དེ་གཉིས་དབུ་མར་བརྒྱུས་པ་ན་རོ་རྐྱང་གི་ནང་དུ་རླུང་རྒྱུ་བ་རང་འགགས་དང་ལྟེ་བའི་མེ་རང་འབར་དུ་འགྱུར་བས་བདེ་བ་རང་སྟོབས་ཀྱིས་སྐྱེ་ཞིང་སེམས་གཡོ་བའི་རྟོག་པ་རང་འགགས་སུ་འགྱུར་བ་ཡིན་ནོ། ། དེ་ལྟར་ཡང་། འདིར་ནི་པདྨ་གཉིས་སུ་གསུངས། །དྲུག་ཅུ་རྩ་བཞི་བརྒྱད་འདབ་གཉིས། །སྟེང་དང་འོག་ཏུ་ཁ་བལྟས་ཤིང་། །སྟེང་འོག་ཡན་ལག་བརྟེན་ནས་ནི། །སྲོག་དང་ཐུར་སེལ་རྒྱུ་བར་བྱེད། །དེ་ཁོ་ན་ཉིད་རྟག་བཅས་པ། །རླུང་གཉིས་སུ་ནི་གསལ་བར་གསུངས། །སྐུ་དང་ གསུང་གི་སྙིང་པོ་གཉིས། །ཞེས་དང་། གང་ཕྱིར་དེ་ནི་བཟླས་བྱས་ནས། །སྙིང་གའི་པདྨ་འང་སྟེང་བལྟས་འཇིགས། །དེ་ནས་གསང་བའི་པདྨ་ཡིས། །ཁ་སྦྱོར་བ་ནི་ཕྱེ་ནས་ཀྱང་། །རྣམ་པར་རྟོག་པའི་རླུང་གཉིས་ནི། །དེ་ནས་རྣམ་པར་བཅད་ནས་འགྲོ། །ཞེས་གསུངས་ཏེ། འདབ་མ་ གཉིས་ནི་ལྟེ་བའི་དང་སྙིང་གའོ། །དེའང་སྙིང་གའི་འཁོར་ལོ་ཁ་ཐུར་བལྟ་དང་། ལྟེ་བའི་འཁོར་ལོ་གྱེན་ལྟའོ། །དེས་ན་གཏུམ་མོ་བསྒོམ་པ་སོགས་རྒྱུད་གཞན་ནས་གསུངས་པའི་བར་འཛག་གིས་བདེ་བ་བསྒྲུབ་པའི་བྱེད་ལས་མཐའ་དག་རྡོ་རྗེའི་བཟླས་པས་འགྲུབ་པའི་ཚུལ་དེ་ ལྟར་ཤེས་པ་ན་དེ་ལས་སེམས་དབེན་གྱི་སྐབས་སུ་དགའ་བཞིའི་རྟོགས་པ་བསྐྱེད་པའི་དབེན་པ་གཉིས་ཀྱི་གོ་རིམ་ཡང་བདེ་བླག་ཏུ་རྙེད་པར་འགྱུར་རོ། །ལུས་དབེན་གྱིས་ནི་གཡས་གཡོན་གྱི་རྒྱུ་བ་འགགས་ནས་དབུ་མར་རྒྱུ་བའི་མགོ་རྩོམ་པར་བྱེད་པས་དབུ་མའི་ 5-8-10a ལམ་སྦྱོང་བྱེད་ཡིན་ལ། དེ་ནས་རྡོར་བཟླས་བྱེད་པས་དབེན་པ་དང་པོ་གཉིས་ཀྱི་གོ་རིམ་ཡང་དེ་ལྟར་རོ། །སྤྱོད་བསྡུས་ལས་ཀྱང་། དགོངས་པ་ལུང་སྟོན་གྱི། ཐུང་ངུ་མ་ལུས་དག་ཏུ་འགྱུར། །ཞེས་པའི་ཚིག་ལ་སྒོས་སུ་དྲིས་ལན་མཛད་ནས། ཡི་གེ་ ཨ་གང་དུ་དང་། ཅིའི་ཕྱིར་དང་། ཇི་ལྟར་འཇུག་པ་སོགས་ཀྱི་དོན་ཡོངས་སུ་རྫོགས་པ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ལས་མ་གཏོགས་གཞན་གྱིས་མི་ཤེས་སོ་ཞེས་རྒྱས་པར་གསུངས་ཤིང་། རྡོ་རྗེ་དཀྱིལ་འཁོར་རྒྱན་ཅེས་བྱ་བའི་རྒྱུད་ལས་ཨ་གསལ་བར་བསྟན་པའི་ ཕྱི་མ་སྙིང་གི་དབུས་ན་མི་ཤིགས་པ། །གསལ་ཞིང་མར་མེ་དག་དང་མཚུངས། །མི་འགྱུར་མཆོག་ཏུ་ཕྲ་བ་སྟེ། །ཨ་ནི་གཙོ་བོ་དམ་པའོ། །ཞེས་སོགས་དྲངས་ནས་སྔར་བསྟན་པའི་དོན་དེ་ཉིད་རྒྱས་པར་གསུངས་སོ། །མདོར་བསྡུ་ན་དང་པོར་རྣམ་པར་ཤེས་པ་ལྷན་ཅིག་སྐྱེས་ པའི་རླུང་དང་ལྷན་ཅིག་ཏུ་ཁུ་ཁྲག་གི་དབུས་སུ་གང་ཞུགས་པ་དེ་ཉིད་སྟིང་ག་ཡིན་ལ། འཆི་བའི་ཚེའང་འབྱུང་བ་རིམ་གྱིས་བསྡུས་ནས་སྙིང་གནས་འཆི་འཕོ་བ་ཡིན་ནོ། །རྩ་བདུན་ཁྲི་ཉིས་སྟོང་གི་རླུང་རྒྱུ་བ་སྟོང་ཕྲག་ཉེར་བཞི་དང་། ཁམས་དཀར་པོ་དང་དམར་པོ་རྒྱུ་བ་ སྟོང་ཕྲག་ཉེར་བཞི་པ་རེ་རེ་ཡོད་པའི་དང་པོའི་ཆགས་ས་ནི་སྙིང་ག་ཡིན་ལ། རྩ་ཆགས་པའི་གོང་དུ་རྣམ་ཤེས་དེར་ཞུགས་ཀྱང་ཕྱི་ནས་སྙིང་གའི་རྩ་མདུད་ཀྱི་དབུས་སུ་རྣམ་ཤེས་གནས་པ་ཡིན་ནོ། །སྙིང་གའང་འཇིག་རྟེན་ན་གྲགས་པའི་སྙིང་དང་བྱང་ཁོག་གི་དབུས་ ལ་མི་བྱེད་ཀྱི་ཚིགས་པའི་ནང་ངོས་ན་སྲོག་རྩ་དང་ལྷན་ཅིག་ཏུ་རྩ་དབུ་མ་གནས་པའི་ཆོས་འཁོར་གྱི་མདུད་པའི་དབུས་སོ། །བསྐྱེད་རིམ་སྒོམ་པའི་དུས་སུ་སྦྱང་གཞིའི་འབྱུང་བ་ཐིམ་པའི་རིམ་པ་དང་མཐུན་པར་དམ་ཚིག་སེམས་དཔའ་ཡེ་ཤེས་སེམས་དཔའ་ 5-8-10b ལ་ཐིམ། །དེ་ཏིང་ངེ་འཛིན་སེམས་དཔའ་ལ་ཐིམ་པ་ནས་ནཱ་ད་འོད་གསལ་ལ་ཞུགས་པའི་བར་ཡང་གནས་དེར་དམིགས་པ་གཏོང་ཅིང་རྫོགས་རིམ་གྱི་སྐབས་སུ་འབྱུང་བ་ཐིམ་པའི་རིམ་པ་དང་མཐུན་པར་ཏིང་ངེ་འཛིན་བསྒོམ་པའང་ངོ་། །མཐར་སྙིང་གའི་རྣམ་ཤེས་འོད་གསལ་ དུ་ཞུགས་པའི་བར་དུ་བྱེད་ཅིང་དེ་ལས་ཀྱང་ལུགས་ལྡོག་ཏུ་ལྷའི་རྣམ་པར་འཆར་བ་སོགས་བྱེད་པ་ཡིན་ནོ། །དེ་ལ་རྡོ་རྗེའི་བཟླས་པ་ནི། མདོར་བསྡུ་ན་དོན་གསུམ་གྱིས་ཤེས་པར་བྱ་ཞིང་། མཚོན་བྱེད་ཀྱི་ཡི་གེ་དང་། དེས་མཚོན་པར་བྱ་བའི་སྔགས་ཀྱི་དེ་ཁོ་ན་ཉིད་དང་། དེ་ལ་ རྡོར་བཟླས་བྱེད་ཚུལ་ལོ། དང་པོ་ནི་སྔར་བཤད་པ་ལྟར་སྒྲ་པ་དང་གསུང་རབ་འཆད་པ་གཞན་རྣམས་ཀྱིས་མཚོན་བྱེད་ཀྱི་ཡི་གེའི་འཇུག་ཚུལ་ཙམ་ཤེས་ཀྱང་དེས་མཚོན་པར་བྱ་བའི་དོན་མི་ཤེས་ཏེ། འཇིག་རྟེན་ལས་འདས་པའི་དགོས་པ་ཁྱད་པར་ཅན་ཐར་པ་དང་ཐམས་ ཅད་མཁྱེན་པ་དང་། འཇིག་རྟེན་པའི་དགོས་པ་ཁྱད་པར་ཅན་ཐུན་མོང་གི་དངོས་གྲུབ་སྒྲུབ་པ་སོགས་དེ་དག་ཕྱིན་ཅི་མ་ལོག་པར་སྟོན་པའི་གནས་མཆོག་ལ་རག་ལས་ཤིང་དེའང་དབྱངས་གསལ་གྱི་ཡི་གེ་དང་། དེའང་ཨ་ཐུང་སྲོག་ཏུ་ཞུགས་ནས་དོན་སྟོན་པ་མ་གཏོགས་ བརྗོད་བྱ་བརྗོད་པའི་ནུས་པ་མེད་པ་དེ་ཙམ་ཤེས་ཀྱང་དེ་ནི་མཚོན་བྱེད་ཀྱི་ཡི་གེ་ཡིན་གྱི་མཚོན་བྱའི་དོན་མིན་ནོ། །དེ་བཞིན་དུ་ངག་ཏུ་བརྗོད་པའི་ཡི་གེ་འབྲུ་གསུམ་ཡང་མཚོན་བྱེད་ཙམ་མོ། །གཉིས་པ་ནི། རླུང་འཇུག་གནས་ལྗང་གསུམ་གྱི་སྒྲ་དེ་ལྕེ་རྐན་སོགས་ཀྱི་རྩོལ་ བ་ལ་ལྟོས་པ་མེད་པར་རིམ་པ་བཞིན་དུ་ཨོཾ་ཨཱཿཧཱུཾ་གསུམ་གྱི་གདངས་སུ་རང་ཆས་སུ་ཡོད་ལ་དེའང་། རྡོ་རྗེ་དཀྱིལ་འཁོར་རྒྱན་གྱི་རྒྱུད་སྔར་དྲངས་པ་ལྟར། མི་ཤིགས་པའི་ཐིག་ལེའི་མིང་གིས་བསྟན་པའི་ལྷན་ཅིག་སྐྱེས་པའི་ཡི་ཧེ་ཨ་ཐུང་སྲོག་རླུང་གི་ངོ་བོར་ 5-8-11a གནས་པ་དེ་ལས་འབྱུང་བ་ཡིན་ནོ། །འདི་དང་འབྲུ་གསུམ་གྱི་ཨ་དོན་སོ་སོ་བ་ཡིན་ཏེ། སྤྱོད་བསྡུས་ལས། དེའང་རེ་རེ་བཞིན་མི་ཤིས་པ་དང་ལྷན་ཅིག་གི་ཡི་གེ་གསུམ་གསུམ་ལས་བྱུང་བ་ཡིན་ནོ། །ཞེས་གསུངས་སོ། །དབྱངས་གསལ་གྱི་ཡི་ གེ་ཞེ་དགུ་པོ་རྣམས་བུད་མེད་དང་། སྐྱེས་པ་དང་མ་ནིང་གི་ཡི་གེ་གསུམ་དུ་འདུས་ཚུལ་དང་། དེ་ཉིད་འབྲུ་གསུམ་དུ་འདུས་པ་དང་། དེའང་སྔགས་ཀྱི་དེ་ཁོ་ན་ཉིད་བཤད་མ་ཐག་པ་གསུམ་པོ་ལས་བྱུང་བ་དང་། དེའང་མི་ཤིགས་པའི་ཐིག་ལེ་ལས་བྱུང་ཚུལ་སོགས་མཁས་ པར་བྱའོ། །སྔར་བཤད་པའི་མདུད་པ་འབྱེད་པར་བྱེད་པའི་སྔགས་ཀྱི་དེ་ཁོ་ན་ཉིད་ཧཱུཾ་དང་ཧོ་གཉིས་སུ་བསྡུས་ནས་བཟླས་པ་བྱ་བའང་རྒྱུད་རྡོར་ཕྲེང་དུ་གསུངས་སོ། །གསུམ་པ་ལ། ལུས་ཀྱི་སྤྱོད་ལམ་ཇི་ལྟར་བྱ་བ་དང་། བྱས་ནས་བཟླས་པ་བྱེད་ཚུལ་དང་། བཟླས་པ་ བྱས་པའི་དགོས་པོའོ། །དང་པོ་ནི། ཡིད་དང་རྗེས་སུ་མཐུན་པའི་གནས་སུ་བདེ་བའི་སྟན་ལ་འདུག་ཅིང་། སེམས་དཔའི་སྐྱིལ་ཀྲུང་བཅས་མིག་གཉིས་སྣ་རྩེར་གཏད་ནས་ཕྲག་གོང་མཉམ་པ་དང་། ལྕེ་རྐན་ལ་སྦྱར། སོ་དང་མཆུ་རང་སོར་བཞག དབུགས་འབྱུང་རྔུབ་ གློད་ནས་ཅུང་ཟད་རྩོལ་བ་དང་བྲལ་བར་བྱའོ། །གཉིས་པ་ལ། སྒོམ་པའི་རྟེན་རྩ་གསལ་གདབ་པ་དང་། དེར་བསྒོམ་པའི་སྔགས་དང་། ཇི་ལྟར་སྒོམ་ཚུལ་ལོ། །དང་པོ་ནི། རོ་རྐྱང་དབུ་མ་གསུམ་ལུས་ཀྱི་ཕྱོགས་གང་དུ་གནས་པ་དང་། ཁ་དོག་དང་དབྱིབས་ཇི་ལྟར་ཡོད་པ་ གཉིས་ཀྱིས་ཤེས་པར་བྱའོ། །གང་དུ་གནས་པ་ནི་ཚིགས་པའི་ལོགས་ལ་སྲོག་རྩ་ཡོད་པ་དང་ལྷན་ཅིག་ཏུ་གནས་པའོ། །ཁ་དོག་དང་དབྱིབས་ནི་རོམ་དམར་པོ་དང་རྐྱང་མ་དཀར་པོ་དང་། དབུ་མའི་ཁ་དོག་ཏིལ་མར་གྱི་མར་མེ་ལྟར་དམར་སེར་དུ་གསུངས་པ་ནི། གཏུམ་ 5-8-11b མོ་འབར་བའི་དུས་ཀྱི། ཁ་དོག་ཡིན་མོད་ཀྱང་དང་པོར་རྡོར་བཟླས་བྱེད་པའི་ཚེའང་དེ་ལྟར་བསམས་པས་རུང་གསུང་སོ། །རིང་ཐུང་གི་དབྱིབས་ནི་སྤྱི་གཙུག་ནས་རྐང་མཐིལ་གྱི་བར་དུ་གནས་ཀྱང་སྨིན་དབུས་ནས་ནོར་བུའི་རྩེ་མོའི་བར་དུ་དབུ་མའི་ནང་ཉིད་དུ་དམིགས་ནས་བཟླས་ པ་བྱའོ། །སྦོམ་ཕྲའི་ཚད་ནི་གྲོ་སྲོག་གི་སྦུབས་ཙམ་མོ། །གོང་གི་སྲད་བུའི་རྣམ་པར་གནས། ཞེས་པ་ནི། སྦོམ་ཕྲའི་ཚད་སྟོན་པ་ཡིན་ནོ། །གཉིས་པ་དེར་སྒོམ་པའི་སྔགས་ནི་ཡི་གེ་འབྲུ་གསུམ་ཡིན་ནོ། །གསུམ་པ་ནི། མི་ཞིག་ཚུར་འོངས་ནས་ཕར་འགྲོ་བ་བཞིན་དུ་ནང་དུ་ འཇུག་པའི་རླུང་དེ་ཉིད་གནས་པ་དང་འབྱུང་བསམ་ཞིང་། དེའང་དང་པོར་ནང་དུ་འཇུག་པའི་ཚེ་སྨིན་དབུས་ནས་ནོར་བུའི་རྩེ་མོའི་བར་གྱི་དབུ་མའི་ནང་དུ་རིམ་གྱིས་ཨོཾ་ཞེས་པའི་སྐད་རང་གྲགས་སུ་སྒྲོག་པར་བསམ་ཞིང་། ནོར་བུའི་རྩེ་མོར་སླེབ་མ་ཐག་གི་མཚམས་ ནས་མི་འབྱུང་བའི་བར་དུ་ཨཱ་ཞེས་པའི་སྒྲ་སྒྲོག་པ་དང་། ཕྱིར་འབྱུང་བའི་ཚེ་ཧཱུཾ་གི་སྒྲ་སྒྲོག་པར་བསམ་མོ། །དེ་ལྟར་གཡས་རྒྱུ་དང་གཡོན་རྒྱུ་དང་མཉམ་རྒྱུའི་རླུང་གང་ལ་རྡོར་བཟླས་བྱེད་ཀྱང་དེ་ལྟར་བྱའོ། །སྨིན་མའི་དབུས་ནས་གནས་པའི་རླུང་གི་འཁོར་ལོ་འདབ་མ་ དྲུག་པ་དང་། མགྲིན་པའི་འོག་ན་གནས་པའི་མེའི་འཁོར་ལོ་འདབ་མ་གསུམ་པ་དང་བཅས་པའི་འཁོར་ལོ་དྲུག་དང་། གསང་གནས་ཀྱི་འཁོར་ལོ་དང་བདུན་པོ་གང་ཡིན་ལ་སེམས་ཀྱང་འཁོར་ལོའི་ལྟེ་བའི་རྩ་མདུད་རྣམས་ཅུང་ཟད་ཅུང་ཟད་ཡངས་སུ་སོང་བར་ བསམ་ཞིང་། གཙོ་བོ་སྙིང་ག་ཆོས་འཁོར་གྱིས་ལྟེ་བའི་རྩ་མདུད་ཅུང་ཟད་གྲོལ་བར་བསམ་གྱི་གཞན་རྣམས་མ་བསམས་ཀྱང་རུང་ངོ་། །དང་པོར་རླུང་གང་ལ་རྡོར་བཟླས་བྱེད་པ་ནི། གཡས་ནས་རྒྱུ་བ་ཁ་དོག་དམར་པོ་པདྨ་མགོན་པོའི་རླུང་ལ་བྱའོ། །དེའང་གཡས་ 5-8-12a རྒྱུ་འགོ་རྩོམ་པའི་དུས་ཤེས་པར་བྱས་ནས་དེ་ནས་བཟུང་སྟེ་བྱའི་ཕྱིས་ནི་གང་ལྟར་ཡང་རུང་ངོ་། །རླུང་སྒྲོལ་མའི་བདག་ཉིད་ཡིན་པས་དེའི་ཡབ་དོན་གྲུབ་ཡིན་ཀྱང་རྡོར་བཟླས་གསུང་རྡོ་རྗེའི་བཟླས་པ་ཡིན་པས་འོད་དཔག་མེད་ཀྱི་རླུང་ནས་ འགོ་རྩོམ་པ་ཡིན་ནོ། །འོ་ན་རྡོར་བཟླས་ཀྱི་སྐབས་སུ་ཐིག་ལེ་གསུམ་བསམ་པ་མི་དགོས་པར་འགྱུར་རམ་སྙམ་ནའང་འོད་ཀྱི་ཐིག་ལེ་ནི་གཡས་གཡོན་གྱི་རླུང་ལ་རྡོར་བཟླས་བྱེད་པའི་ཚེ་རང་བསམ་དུ་འབྱུང་ལ། སྔགས་ཀྱི་ཐིག་ལེ་ནི་བཟླས་བྱའི་སྔགས་ཀྱི་ འབྱུང་གནས་སུ་བསམ་ལ། རྫས་ཀྱི་ཐིག་ལེ་ནི་རླུང་ལ་གོམས་པ་ན་འཇུག་པའི་ཚེ་གཏུམ་མོ་འབར་ནས་འབྱུང་བའི་ཆེ་ཁམས་ཞུ་བ་ནོར་བུའི་རྩེར་འབྱུང་བས། གོང་བུའི་གཟུགས་སུ་ཕྱུང་ནས་ནི། །སྣ་ཡི་རྩེ་མོར་རབ་ཏུ་བརྟག །ཅེས་པའི་རྐང་པ་གཉིས་ ཞར་བྱུང་དུ་མི་བསམ་མོ། །སློབ་དཔོན་ཨ་བྷ་ཡས། ཕྲ་མོའི་རྣལ་འབྱོར་ཀྱིས་སེམས་བརྟན་པར་བྱས་པའི་དབང་དང་། རྡོ་བཟླས་བྱས་པ་དང་། འབྱུང་བའི་ཚེ་འབར་བ་དང་། འཇུག་པའི་ཚེ་འཛག་པར་བསམ་པ་དང་། འབར་འཛག་ཉིད་ལ་དམིགས་ནས་ མོས་པར་བྱེད་པའི་ཚུལ་བཞི་གང་ཟག་གི་དབང་གིས་གསུངས་སོ། །གསུམ་པ་དགོས་པ་ནི། དེ་ལྟར་རྡོར་བཟླས་བྱས་པའི་སྟོབས་ཀྱིས་སྙིང་གའི་མདུད་པ་བཤིག་ནས་ཐུར་སེལ་གྱི་རླུང་དབུ་མའི་ནང་ནས་སྲོག་རླུང་ཇི་སྙེད་ཡོད་པའི་གནས་སུ་རྒྱུ་ཞིང་སྲོག་ རླུང་ཡང་ཐུར་སེལ་གྱི་གནས་སུ་དེ་ལྟར་རྒྱུ་བ་ན་སྲོག་ཐུར་འདྲེས་པ་ཞེས་བྱ་ལ། དེའི་ཚེ་རླུང་རྒྱུ་བའི་རྩ་དང་ཁམས་དཀར་དམར་རྒྱུ་བའི་རྩ་སྟོང་ཕྲག་ཉེར་བཞི་རེ་ཡོད་པའི་ནང་གི་རླུང་དང་ཐིག་ལེ་དབུ་མའི་ནང་ནས་རང་སྟོབས་ཀྱི་འཇུག་ལྡོག་བྱེད་ 5-8-12b ཅིང་གཏུམ་མོ་རང་སྟོབས་ཀྱིས་འབར་ནས་ལྷན་སྐྱེས་ཀྱི་བདེ་བ་སྐྱེ་ཞིང་དེས་སྟོང་པ་ཡུལ་དུ་བྱས་ནས་བསྒོམས་པས་ཡས་བབས་ཀྱི་དགའ་བཞི་དང་། མས་བརྟན་གྱི་དགའ་བཞི་དང་། བདེ་སྟོང་གི་ཉམས་ཁྱད་པར་ཅན་སྐྱེ་བ་ཡིན་ནོ། །བཤད་རྒྱུད་རྡོ་རྗེ་ཕྲེང་བར། བསྐྱེད་རིམ་དང་ལུས་དབེན་མཐར་ཕྱིན་པའི་གང་ཟག་གིས་རྡོར་བཟླས་ཟླ་བ་དྲུག་བྱས་པས་ངག་དབེན་མཐར་ཕྱིན་པར་གསུངས་ཏེ། དེའང་མཚན་ཕྱེད་ཀྱི་དུས་ནས་སྙིང་གའི་འཁོར་ལོར་རླུང་དགུ་རྒྱུ་ཞིང་ཉི་མ་ཕྱེད་པ་ན་འཁོར་ལོ་དྲུག་ཏུ་རླུང་དགུ་དགུ་རྒྱུ་བས་ དགུ་དྲུག་ལྡ་བཅུ་རྩ་བཞི་དང་། དེ་ལྟར་ཉིན་ཕྱེད་ནས་མཚན་ཕྱེད་ཀྱི་བར་དུའང་རྒྱུ་བས་ཞག་གཅིག་ལ་རླུང་བརྒྱ་དང་བརྒྱད་རྒྱུ་བ་ལ་ཟླ་བ་དྲུག་རྡོར་བཟླས་བྱེད་པའི་ཚེ་ཞག་ཉེར་བདུན་རེ་ན་ཉམས་མི་འདྲ་བ་རེ་སྐྱེ་ཚུལ་རྣམས་གསུངས་སོ། །རྣམ་པར་རྟོག་པ་ བརྒྱ་རྩ་བརྒྱད་ཀྱི་གྲངས་གསུངས་པའང་རྡོར་ཕྲེང་ལས་བཤད་པའི་རླུང་རང་མིང་གིས་བསྟན་པའི་བརྒྱ་རྩ་བརྒྱད་ཀྱིས་བསྐྱེད་པའི་དབང་གིས་བཞག་པ་ཡིན་ནོ། །དེ་ལ་ཉམས་སྐྱེད་ཚུལ་ནི། བསྐྱེད་རིམ་དང་ལུས་དབེན་མཐར་ཕྱིན་པའི་གང་ཟག་གིས་རྡོ་རྗེའི་བཟླས་ པ་ཟླ་བ་དྲུག་བྱ་བར་གསུངས་ལ་དེའང་ཞག་ཉེར་བདུན་རེ་ལ་རེར་སྐྱེ་བར་བཤད་དེ། དེ་ལ་བགྲང་བའི་བཟླས་པ་དང་། རྗེས་འགྲོའི་བཟླས་པ་དང་། གནས་ཀྱི་དབྱེ་བ་དང་། དུས་ཀྱི་དབྱེ་བ་དང་། རླུང་ལྡོག་པའི་དུས་དང་། རྣམ་རྟོག་སྤངས་པའང་ཡོངས་སུ་དག་པའི་ བཟླས་པའོ། །དང་པོ་ནི། ཉིན་ཞག་ཕྲུགས་གཅིག་ལ་འཇུག་གནས་ལྡང་གསུམ་གྲངས་གཅིག་ཏུ་བྱས་པའི་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བའི་ཆགས་ཚུལ་གོ་ཡུལ་ཙམ་མ་ཡིན་པར་མྱོང་བའི་རྣམ་པས་རྟོགས་པའོ། །གཉིས་པ་ནི། ཉིན་ཞག་གཅིག་ལ་ 5-8-13a ཐུན་ཚོད་བརྒྱད་ཡོང་ཅིང་ཐུན་ཚོད་རེའི་དུས་སུ་རླུང་ཉིས་སྟོང་བདུན་བརྒྱ་རེ་རྒྱུ་ལ་སྙིང་གའི་རྩ་འདབ་བརྒྱད་ལའང་ཐུན་ཚོད་ཀྱི་རྩ་ཞེས་བྱའོ། །དེས་ན་ཕྱི་རོལ་གྱི་ཉི་མའི་ཚོད་ལ་སོགས་པའི་ཐུན་ཚོད་ལ་ལྟོས་པ་མེད་པར་ནང་པར་སྔ་དྲོའི་ དུས་ཀྱི་ཐུན་དང་པོ་ནས་རྡོར་བཟླས་བྱས་པ་ནི། སྙིང་གའི་རྩ་འདབ་རེ་ནས་ཐུན་ཚོད་ཀྱི་རླུང་རྒྱུ་བ་རྫོགས་མ་རྫོགས་ཇི་ལྟར་གནས་པ་ལྟར་མྱོང་བའི་རྣམ་པས་རྟོགས་པའོ། །གསུམ་པ་ནི། དེ་ལྟར་ལྟེ་བ་ན་གནས་པའི་དབྱུག་གུ་དྲུག་ཅུ་རྩ་བཞིའི་རྩ་འདབ་དང་། སྤྱི་ ཕན་གནས་པའི་ཆུ་ཚོད་སུམ་ཅུ་རྩ་གཉིས་ཀྱི་རྩ་འདབ་དང་། མགྲིན་པ་ན་འཕོ་བ་བཅུ་དྲུག་གི་རྩ་འདབ་རྣམས་ནས་རླུང་རྒྱུ་ཚུལ་ཇི་ལྟ་བ་བཞིན་དུ་རྟོགས་པའོ། །བཞི་པ་ནི། སྔར་བཤད་པ་ལྟར་མཚན་ཕྱེད་ཀྱི་དུས་ནས་བཟུང་སྟེ་སྙིང་གའི་རྩ་འདབ་ནས་ མགོ་བརྩམས་ནས་འཁོར་ལོ་དྲུག་ཏུ་རླུང་དགུ་རྒྱུ་བ་ཉིན་ཕྱེད་ཀྱི་དུས་སུ་རྫོགས་པ་དང་། དེ་ལྟར་མཚན་ཕྱེད་ཚུན་ཆད་དུའང་རླུང་རྒྱུ་བས་བརྒྱ་རྩ་བརྒྱད་ཀྱི་རྒྱུ་ཚུལ་ཇི་ལྟ་བ་བཞིན་རྟོགས་པའོ། །ལྔ་པ་ནི། དེ་ལྟར་བསྒོམས་པས་གཡས་གཡོན་གྱི་རྒྱུ་བ་ འགགས་ནས་རླུང་ཨ་བ་དྷཱུ་ཏཱིར་ཚུད་པའི་མགོ་བརྩམ་པ་རྟོགས་པའོ། །དྲུག་པ་ནི། དབུ་མའི་ནང་གིའང་སྙིང་གའི་རྩ་འདབ་ཀྱི་ལྟེ་བར་རླུང་ཇི་ལྟར་འདོད་པར་གནས་ནས་རྣལ་འབྱོར་བསྒོམ་པའོ། །དེ་ལྟར་རྩ་འཁོར་དང་མ་སྦྱར་བར་རླུང་རྐྱང་པ་ལ་དམིགས་ པ་དང་། རྩ་གནས་སུ་ཇི་ལྟར་རྒྱུ་རྟོགས་པའི་རྩ་འཁོར་དང་སྦྱར་ཏེ་དམིགས་པ་དང་། དབུ་མ་རྐྱང་པ་དང་སྦྱར་ནས་དམིགས་པ་གཉིས་གཉིས་ཏེ་དྲུག་གོ། །བེམ་པོའི་རླུང་ཕྲ་རགས་ལ་སློབ་མའི་ཕྲ་རགས་ཀྱི་ཚུལ་ནི། འདི་ལྟར་གོང་བར་བྱ་སྟེ། དེ་ 5-8-13b ལ་མགོན་པོ་བཞིའི་རླུང་དགུ་བརྒྱ་པ་ཕྲག་རེ་རེ་རྒྱུ་བའི་ཚེ། ལྷ་མོ་བཞིའི་རླུང་ཉིས་བརྒྱ་ཉེར་ལྔ་པ་རེ་རྒྱུ་ལ། དེ་ལྟར་རླུང་གི་རྣལ་འབྱོར་བྱས་པ་ན་གཡས་ནས་པདྨ་མགོན་པོའི་རྒྱུ་བ་ཁ་དོག་དམར་པོ་རྒྱུ་བ་མཐོང་ཞིང་། དེ་དང་ལྷན་ཅིག་ལྷ་མོ་བཞིའི་རླུང་ ཁ་དོག་བཞི་ཡོད་པ་རྣམས་མི་མཐོང་བའི་ཚེ་རགས་པ་ལ་བསླབས་པ་ཞེས་བྱ་ལ། དེ་དག་ཀྱང་གསལ་བར་མཐོང་བའི་ཚེ་ཕྲ་བ་ལ་བསླབ་པ་ཞེས་བྱའོ། །སྔར་བཤད་པའི་གྲངས་དང་ཐ་སྙད་ཀྱང་ཕལ་ཆེར་ཆོས་མངོན་པ་ལས། བགྲང་དང་རྗེས་འགྲོ་ འཇོག་པ་དང་། །བསྒྱུར་བ་དང་ནི་རྟོགས་པ་དང་། །ཡོངས་དག་རྣམ་པ་དྲུག་ཏུ་འདོད། །ཅེས་བཤད་པ་དང་མཐུན་པར་སྣང་ངོ་། །ད་ནི་སེམས་རྣམ་པར་དབེན་པ་བཤད་པར་བྱ་སྟེ། དེ་ལ་རྒྱུ་ཕྱི་མ་ནས་བསྟན་ཚུལ་དང་། རང་གི་ངོ་བོ་རྒྱས་པར་བཤད་ པའོ། །དང་པོ་ནི། བླ་མ་སྔ་མ་དག །རྒྱུད་ཕྱི་མའི་ཚིག་དེས་རྫོགས་རིམ་མཐའ་དག་བསྟན་པར་བསམས་ནས་སོང་སྡུད་སྤྱོད་པ་ལ་སྦྱོར་ཞིང་། ཤེས་དང་ཤེས་བྱ་བྱུང་ཟད་པའི། ཞེས་པའི་རྐང་པ་གཉིས་ཀྱིས་སེམས་དབེན་དང་། དེ་ནས་རྐང་པ་གཉིས་ཀྱིས་ སྒྱུ་ལུས་བསྟན་པར་བཞེད་པ་ནི་མི་འཐད་པ་སྔར་བསྟན་ཟིན་ཅིང་སྟོན་པའི་གོ་རིམ་ཡང་མི་འཐད་དོ། །འོ་ན་ཇི་ལྟར་བསྟན་ཞེ་ན། ཡན་ལག་བཞི་པ་འཛིན་པས་སེམས་དབེན་འཕགས་ཤིང་། ཡན་ལག་དྲུག་པ་ཏིང་ངེ་འཛིན་ལ་བརྟེན་ནས་སྒྱུ་ལུས་རྟོགས་ ནུས་པས་མ་བསྟན་པ་ཡིན་ནོ། །རྟོགས་ཚུལ་ཡང་འོད་གསལ་དུ་འཇུག་པའི་སྟོང་པ་གསུམ་དང་སེམས་དབེན་མཚན་ཉིད་མཚུངས་པས་རྟོགས་ནུས་ལ། ཏིང་ངེ་འཛིན་གྱི་ཡན་ལག་ཟུང་འཇུག་དང་། སྒྱུ་ལུས་གཉིས་རླུང་སེམས་ལས་གྲུབ་པའི་ལྷ་སྐུར་ 5-8-14a མཚུངས་ཤིང་སྟོང་པ་གསུམ་གྱི་མཐར་སྒྱུ་ལུས་གྱུར་ཅིང་། བཞི་གའི་མཐར་ཟུང་འཇུག་གྲུབ་པ་ཙམ་མ་གཏོགས་མཚན་ཉིད་མཚུངས་པས་སོ། །གཉིས་པ་ལ། གཞན་གྱི་བཞེད་པ་དགོད་པ་དང་། རང་གི་ལུགས་སོ། །དང་པོ་ན། རིམ་ ལྔའི་འགྲེལ་པ་ལག་མིས་མཛད་པ་དང་ནོར་བུའི་ཕྲེང་བ་དང་། སྒྲོན་གསལ་གྱི་འགྲེལ་བཤད་སྐལ་ལྡན་གྲགས་པས་མཛད་པ་རྣམས་སུ། སྤྱི་བོ་དང་མགྲིན་པ་དང་སྙིང་ག་རྣམས་སུ་འཁོར་ལོ་རྩིབས་བརྒྱད་པ་ཁ་དོག་དཀར་པོ་དང་དམར་པོ་དང་སྔོན་པོ་རྣམས་ལ་ལྟེ་ བར་ཡི་གེ་དང་བཅས་པ་བཀོད་ནས་དེ་ལ་དམིགས་པ་བཟུང་སྟེ་སྲེག་པའི་རྣམ་པ་སོགས་ཀྱིས་སེམས་དབེན་བསྐྱེད་པ་དང་། ཡང་སྙིང་གའི་ཨ་ཐུང་སྤུས་བྲིས་པ་ལྟ་བུ་ལ་དམིགས་པ་འཛིན་པ་སོགས་དུ་མ་བཤད་ཀྱང་། རྒྱུད་དང་ཡབ་སྲས་རྣམ་པ་ལྔའི་གཞུང་གང་ ནའང་མི་གསལ་བས་ཡིད་བརྟན་མི་རུང་ངོ་། །ཡང་རྗེ་འགོས་ཀྱི་བཞེད་པས། སེམས་དབེན་ནི། འོད་གསལ་ལ་སེམས་གསལ་ཙམ་ཀུན་རྫོབ་གསལ་བའི་འོད་གསལ་དང་། དངོས་པོ་རྣམས་ཀྱི་དེ་ཁོ་ན་ཉིད་དོན་དམ་སྟོང་པའི་འོད་གསལ་གཉིས་ཡོད་པའི་ སེམས་ཀྱི་གསལ་རིག་ཙམ་ལ་དམིགས་པ་ཡིན་གྱི། སྟོང་པ་ཉིད་ལ་དམིགས་པ་མ་ཡིན་ཏེ་དེ་ལྟ་ན་འོད་གསལ་དང་ཁྱད་མེད་དུ་འགྱུར་བས་སོ། །འདི་ནི་ཞི་ལྷག་གཉིས་ཀྱི་ནང་ནས་སྔ་མ་ཡིན་ལ། མ་རྒྱུད་རྣམས་ནས་ཀྱང་ལམ་གྱི་རྟོགས་པ་འདི་ལས་ ལྷག་པ་མ་བསྟན་པས་དེ་དག་ནི་དབང་པོ་རྟུལ་པོ་གཞུག་པའི་ཕྱིར་དུ་གསུངས་པ་ཡིན་ལ། གསང་བ་འདུས་པ་འདིར་ནི། ལམ་རྫོགས་པར་བསྟན་ཞིང་། དེའང་སྤང་བྱ་ཤེས་སྒྲིབ་ལ་གཟུང་བ་ལ་མངོན་པར་ཞེན་པ་དང་། འཛིན་པ་ལ་ཞེན་པ་དང་། 5-8-14b གཟུང་འཛིན་ཐ་དད་ལ་ཞེན་པ་གསུམ་གྱི་གཉེན་པོར་རིམ་པ་བཞིན་སྒྱུ་ལུས་དང་འོད་གསལ་དང་ཟུང་འཇུག་རྣམས་བསྟན་པ་ཡིན་ནོ། །བཤད་ཟིན་པའི་སེམས་དབེན་དེ་ཉིད་བེམ་པོའི་རླུང་ཕྲ་རགས་ལ་བསླབ་པའི་རྡོར་བཟླས་དང་། ཕྱི་རོལ་གྱི་ཕྱག་རྒྱ་ལ་བརྟེན་ནས་སྔར་བཤད་པའི་ཁམས་དབབ་ལྡོག་ དང་དགྲམ་པ་དང་བསྡུ་བ་སོགས་ཀྱི་སྒོ་ནས་བསྐྱེད་པ་ཡིན་ནོ་ཞེས་གསུངས་སོ། །ཕྱི་རོལ་གྱི་ཕྱག་རྒྱ་བརྟེན་ནས་གསལ་བར་གསུངས་ཀྱང་། ངོ་བོ་ངོས་འཛིན་དེ་ནི་མི་འཐད་དེ། དེ་ཁོ་ན་ཉིད་བསྡུས་པའི་ལུང་སྤྱོད་པ་སྡུས་སུ་དྲངས་པ་ལས། རིགས་ཀྱི་བུ་མཉམ་པར་བཞག་པས་རང་གི་སེམས་ལ་སོ་སོར་ རྟོགས་ཤིང་ཅེས། དེ་བཞིན་གཤེགས་པ་རྣམས་ཀྱི་སེ་གོལ་གྱི་སྒྲས་སེམས་ཀྱི་དེ་ཁོ་ན་ཉིད་ཀྱི་རྟོགས་པ་བསྐྱེད་པ་ལ་བསྐུལ་བར་གསུངས་པས། ཤེས་པ་གསལ་རིག་ལ་དམིགས་པའི་ཏིང་ངེ་འཛིན་བསྐྱེད་པ་ཙམ་ལ་དེ་ཙམ་བསྐུལ་མི་རིགས་པའི་ཕྱིར་དང་། རྣམ་སྣང་མངོན་བྱང་ལས་ཀྱང་། བྱང་ཆུབ་ནི་ རང་གི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའོ། །ཞེས་སེམས་དབེན་གྱིས་སྟོང་ཉིད་རྟོགས་པར་གསུངས་པ་དང་། སྲིད་པའི་འཆིང་བ་གཅོད་པའི་དོན་དམ་བྱང་ཆུབ་ཀྱི་སེམས་སུ་སྤྱོད་བསྡུས་སུ་གསུངས་པས་སྟོང་ཉིད་རྟོགས་པར་གསུངས་པ་ ཤིན་ཏུ་མང་ངོ་། །འོད་གསལ་དང་ཁྱད་མེད་དུའང་མི་འགྱུར་ཏེ། དེ་ནི་སྟོང་ཉིད་མངོན་སུམ་དུ་རྟོགས་པ་ཡིན་ལ་འདིས་ནི་དོན་སྤྱི་ཙམ་གྱིས་རྟོགས་པ་ཡིན་པས་སོ། །གཉིས་པ་ལ། མིང་གི་རྣམས་གྲངས་དང་། རྒྱུ་གང་ལ་བརྟེན་ནས་སྐྱེ་བ་དང་། ངོ་བོ་ངོས་ བཟུང་བ་དང་། སེམས་གསུང་རྒྱུན་གཅིག་ལ་སྐྱེ་མི་སྐྱེ་དཔྱད་པའོ། །དང་པོ་ནི། ཐེག་པ་ཐུན་མོང་བ་ལ་གྲགས་པའི་སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་ཀུན་བརྟགས་གཞན་དབང་ཡོངས་གྲུབ་དང་དུག་གསུམ་དང་ངོ་བོ་ཉིད་མེད་པ་གསུམ་ལ་ 5-8-15a སོགས་པའོ། །ཐུན་མོང་མ་ཡིན་པ་ལ་གྲགས་པའི་མིང་ནི། སྣང་མཆེད་ཐོག་གསུམ་དང་། སྟོང་པ་ཤིན་ཏུ་སྟོང་པ་སྟོང་པ་ཆེན་པོ་དང་། སེམས་སེམས་བྱུང་མ་རིག་པ་དང་། ཆགས་བྲལ་དང་འདོད་ཆགས་དང་། འདོད་ཆགས་བར་ མ་ཞེས་བྱའོ། །གཉིས་ཀ་ལ་གྲགས་པ་འཇམ་རྩུབ་བར་མ་དང་། སྐྱེས་པ་བུད་མེད་མ་ནིང་དང་། ཟླ་ཉིད་དང་མཚམས་ཀྱི་མུན་པ་སོགས་སོ། །གཉིས་པ་ནི། ནང་གི་རྐྱེན་དང་། ཕྱིའི་རྐྱེན་ནོ། །དང་པོ་ནི། སྔར་རྡོར་བཟླས་ཀྱི་རྟོགས་པ་དྲུག་བཤད་པའི་ལྔ་པའི་ཡོན་ ཏན་སྐྱེས་པའོ། །དེའང་རླུང་དབུ་མར་ཚུད་པ་ཙམ་གྱིས་མི་ཆོག་གི་རྡོར་བཟླས་བྱས་པའི་སྟོབས་ཀྱིས་སྟོང་གའི་རྩ་མདུད་བཤིག་ནས་དེའི་དབུས་སུ་ལྷན་ཅིག་སྐྱེས་པའི་རླུང་དང་ཐིག་ལེ་དང་སེམས་རྣམས་འདུ་འཕྲོད་བྱས་ནས་མི་ཤིགས་པའི་ཨ་ཐུང་དང་བཅས་ པ་འདུ་འཕྲོད་བྱས་པའི་སྟོབས་ཀྱིས་བདེ་བ་ཁྱད་པར་ཅན་སྐྱེས་པའོ། །དེའང་དབུ་མའི་ནང་གི་མེ་དེའི་ནང་གི་རླུང་བསྐུལ་བ་ལས་ཡིན་ནོ། །གཉིས་པ་ཕྱིའི་རྐྱེན་ནི་རིམ་ལྔ་ལས། སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཡེ་ ཤེས་གསུམ་གྱི་དབྱེ་བ་ནི། གསལ་བར་དེ་ནས་མཚོན་པར་འགྱུར། །ཞེས་གསུངས་པས། ཕྱིར་རོལ་གྱི་ཕྱག་རྒྱ་ལས་བརྟེན་པའོ། །གསུམ་པ་ལ་གསུམ་གྱི་དང་པོ་སྣང་བ་ནི། སྤྱོད་བསྡུས་ལས། དེ་ལ་སྣང་བའི་མཚན་ཉིད་གང་ཞེ་ན། རྣམ་པ་མེད་པའི་ རང་བཞིན་ལུས་དང་ངག་མེད་པ་སྟེ། ཇི་ལྟར་སྟོན་གྱི་དུས་སུ་ནམ་མཁའ་དྲི་མ་མེད་པ་ལ་ཟླ་བའི་དཀྱིལ་འཁོར་གྱི་འོད་ཟེར་སྣང་བར་བྱེད་པས་ཁྱབ་པར་བྱེད་པ་བཞིན་དུ། རང་བཞིན་གྱིས་གསལ་བའི་རྣམ་པར་དངོས་པོ་མ་ལུས་པ་ཐམས་ཅད་ 5-8-15b ལ་དམིགས་པས་ན་སྣང་བ་སྟེ། འདི་ནི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཤེས་རབ་ཀྱི་སྣང་བ་སྟོང་པ་དང་པོ་སྟེ། ཨོཾ་ཞེས་པ་ངག་གི་སྒོ་ལ་བརྟེན་པའི་ས་བོན་བརྟན་པར་བྱེད་པའི་རྒྱུ་ཞེས་གསུངས་སོ། །གཉིས་པ་སྣང་བ་མཆེད་པ་ནི། སྣང་བ་མཆེད་པའི་མཚན་ ཉིད་གང་ཞེ་ན། དེའང་གཟུང་པ་དང་འཛིན་པ་དང་བྲལ་བའི་གཟུགས་ཅན་ལུས་དང་དག་མེད་པ་སྟེ། ཇི་ལྟར་སྟོན་ཀའི་དུས་སུ་ཉི་མའི་འོད་ཟེར་གྱིས་ཁྱད་པ་བཞིན་དུ་ཤིན་ཏུ་གསལ་ཞིང་དྲི་མ་མེད་པའི་ངོ་བོ་ཉིད་དུ་དངོས་པོ་མ་ལུས་པ་དམིགས་པ་བྱང་ ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོ་གཉིས་པ་སྟེ། རིང་པ་གཉིས་པ་ཤིན་ཏུ་སྟོང་པའི་མཚན་ཉིད་ཅན་ཨཿཞེས་བྱ་བ་ངག་གི་སྒོ་ལ་བརྟེན་པའི་ས་བོན་བརྟན་པར་བྱེད་པའི་རྒྱུ་སྟེ་ཞེས་གསུངས། གསུམ་པ་སྣང་བ་ཐོབ་པ་ནི། སྣང་བ་ཐོབ་པ་གང་ཞེ་ན། དེ་བཞིན་དུ་ནམ་མཁའི་མཚན་ཉིད་དངོས་པོ་མེད་པའི་གཟུགས་ཅན་ལུས་དང་ངག་མེད་པ་སྟེ། ཇི་ལྟར་མཚམས་ཀྱི་མུན་པ་ལ་བབ་པའི་ངོ་བོར་ཁྱབ་པ་ཕྲ་ཞིང་བདག་མེད་པ་སྲོག་དང་རྩོལ་བ་མི་རྒྱུ་བས་རྒྱུ་བ་མེད་པ་སྟེ་སེམས་མེད་པ་དང་མི་ གཡོ་བ། ངག་གི་ས་བོན་ལ་བརྟེན་པའི་སྒོ་ནས་ཡོངས་སུ་གྲུབ་པ་ཞེས་བྱ་བ་འདི་ནི་སྣང་བ་ཐོབ་པ་མ་རིག་པའི་མཚན་ཉིད་ཅན་སྟོང་པ་ཆེན་པོ་སྟེ། ཞེས་གསུངས་ཏེ། དེ་དག་གི་དོན་ནི་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལས། རྣམ་པར་ཤེས་པ་རླུང་ལ་ ཞོན་ཏེ། རང་བཞིན་བརྒྱད་ཅུའི་རྣམ་པར་རྟོག་པ་གཡོ་བའི་བར་དུ་གསུངས་པ་དང་། རྒྱུད་ཕྱི་མ་ལས་འབྱུང་བ་ཐིམ་པའི་རྟགས་བཤད་པ་རྣམས་སེམས་དབེན་གྱི་སྐབས་སུའང་རྣམ་པ་ཅི་འདྲ་བ་འོད་གསལ་དུ་འཇུག་པ་དང་རིགས་མཚུངས་ 5-8-16a པ་འབྱུང་སྟེ། དེའང་སྔར་གྱི་ཕྱི་ནང་གི་རྐྱེན་ལ་བརྟེན་ཏེ་སྟོང་པ་ཉིད་བསྒོམས་པས་ས་ཆུ་ལ་ཐིམ་དེ་མེ་དང་དེ་རླུང་དང་། རླུང་རྣམ་ཤེས་ལ་ཐིམ་ནས་སེམས་དབེན་གྱི་རྟོག་པ་སྐྱེ་བ་ཡིན་ཏེ། ཞེ་སྡང་ལས་གྱུར་པའི་རྟོག་པ་སུམ་ཅུ་རྩ་ གསུམ་གཡོ་བྱེད་ཀྱི་རླུང་འགགས་པའི་སྟོབས་ཀྱིས་རྟོག་པ་དེ་དག་འགགས་ནས་སྣང་བའི་ཡེ་ཤེས་སྐྱེ་ལ་དེ་ལ་སྟོན་དུས་ཀྱི་མཚན་མོ་ནམ་མཁའ་དྲི་མ་མེད་པ་ལ་ཟླ་བའི་འོད་ཟེར་སྣང་བ་དང་འདྲ་བར་སྟོང་ཉིད་རྟོགས་པ་སྟེ། དེའི་དུས་སུ་རྣལ་འབྱོར་ པའི་ལུས་སྒུལ་བསྐྱོད་དང་ངག་སྨྲ་བརྗོད་མེད་པས་ལུས་ངག་མེད་པ་ཞེས་བྱའི། སྤྱིར་ལུས་ངག་ཙམ་དང་ཤེས་ངོ་དེར་མེད་པ་ཙམ་ལ་མི་ཟེར་རོ། །དེ་དུས་གཡས་གཡོན་གྱི་རླུང་རྒྱུ་བ་མ་འགགས་པས་ཨོཾ་ཞེས་པ་ངག་གི་སྒོ་ལ་བརྟེན་པ་ཞེས་སོ། ། སྒོ་ནི་ཡི་གེ་དང་ས་བོན་རླུང་ངོ་། །དངོས་པོ་མ་ལུས་པ་ཐམས་ཅད་ལ་དམིགས་པ་ཞེས་པ་ནི། དེ་མཐའ་དག་གི་ཆོས་ཉིད་རིས་ཚད་མེད་པར་རྟོགས་པ་ཡིན་གྱི། ཆོས་ཅན་ལ་དམིགས་པ་ནི་མ་ཡིན་ནོ། །མཆེད་པའི་སྐབས་ཀྱི་ལུང་ཚིག་གི་ དོན་ཡང་དེ་ལ་བརྟེན་ནས་ཤེས་པར་བྱའོ། །འདོད་ཆགས་ལས་གྱུར་པའི་རྟོག་པ་བཞི་བཅུ་གཡོ་བའི་རྒྱུ་འགགས་པའི་སྟོབས་ཀྱིས་རྟོག་པ་དེ་དག་འགགས་པ་ན་སྣང་བ་མཆེད་པའི་ཡེ་ཤེས་སྐྱེ་བ་ཡིན་ནོ། །དེའང་སྔ་མ་ལྟར་སྟོང་ཉིད་རྟོགས་ པར་འདྲ་བ་ལ། ཉིན་པར་གྱི་ནམ་མཁའ་དྭངས་པ་ལ་ཉི་མའི་འོད་ཟེར་གྱི་སྣང་བས་ཁྱབ་པ་དང་འདྲ་བར་གསལ་བའོ། །གཏི་མུག་ལས་གྱུར་པའི་རྟོག་པ་བདུན་གཡོ་བའི་རླུང་འགགས་པའི་སྟོབས་ཀྱིས་རྟོག་པ་དེ་དག་འགགས་པ་ན། ཉེར་ཐོབ་ 5-8-16b ཀྱི་ཡེ་ཤེས་སྐྱེལ་དེའང་ཉི་མ་དང་ཟླ་བའི་འོད་ཟེར་གྱི་སྣང་བ་མེད་པའི་མཚམས་ཀྱིས་མུན་པ་དང་འདྲ་བར་རྟོགས་པའོ། །དེ་ལ་མཉམ་པར་བཞག་པའི་དུས་སུ་གཡས་གཡོན་གྱི་རླུང་རྒྱུ་བ་འགགས་པས་སྲོག་དང་རྩོལ་བ་མེད་པ་ཞེས་བྱ་ལ། ཡི་གེ་མ་ གསུངས་པའི་དོན་ཡང་དེ་ཉིད་དོ། །རླུང་རྣམ་ཤེས་ལ་ཐིམ་པའི་དོན་དེ་ལྟར་ཡིན་གྱི་ལྷན་སྐྱེས་ཀྱི་རླུང་ཐིམ་པ་ནི་མ་ཡིན་ནོ། །དེས་ན་སེམས་དབེན་གྱི་སྟོང་པ་སྐྱེ་ཚུལ་ནི་ཕྱི་ནང་གི་རྐྱེན་ལ་བརྟེན་ནས་རྟོག་པ་རིམ་གྱིས་འགགས་ནས་སྐྱེས་པའི་རྟོགས་པ་ ཡིན་གྱི། རྒྱུད་གཞན་ནས་བཤད་པའི་དོན་སྔར་བཤད་པ་ལྟར་འཁོར་ལོ་བཞི་ལ་སོགས་པའི་ལུས་ཀྱི་གནས་དེ་དང་དེར་ཐིག་ལེའི་འདུ་འཕྲོད་བྱས་པའི་སྟོབས་ཀྱིས་སྐྱེས་པའི་དགའ་བཞིའི་རྟོགས་པ་སྐྱེ་བའི་རིམ་པ་རྣམས་དང་དོན་མི་གཅིག་གོ། སློབ་ དཔོན་ཡབ་སྲས་རྣམ་པ་ལྔས་ཀྱང་སེམས་དབེན་ཀྱི་སྐབས་སུ་དགའ་བཞི་སྐྱེ་བའི་ཚུལ་དེ་ལྟ་བུ་མ་གསུངས་སོ། །དེས་ན་དགའ་བཞིའི་རྟགས་པ་སྐྱེ་ཚུལ་གྱི་རིམ་པ་ཐམས་ཅད་སེམས་དབེན་གྱི་ཉམས་ལེན་ལ་སྦྱོར་བ་ནི་མི་འཐད་དེ། གང་ཟག་གི་ཁྱད་ པར་འགའ་ཞིག་ལ་དབང་དང་བསྐྱེད་རིམ་གྱི་སྐབས་གཉིས་ཀ་རུ་ཕྱི་རོལ་གྱི་ཕྱག་རྒྱ་ལ་བརྟེན་ནས་སྐྱེ་བའི་དགའ་བཞིའི་རྟོགས་པ་གསུངས་པ་དང་། དེ་བཞིན་དུ་ཕྲ་མོ་སྒོམ་པ་དང་། ལུས་དབེན་གྱི་རང་བཞིན་གྱི་སོར་བསམ་དང་། ངག་དབེན་ལ་བརྟེན་ནས་ སྐྱེ་པ་སོགས་དང་། དགའ་བཞིའི་མིང་འདྲའང་དོན་མི་འདྲ་བས་དེ་དག་ལེགས་པར་དམིགས་ཕྱེད་པར་བྱའོ། །སྐབས་འདི་ནས་རྫོགས་རིམ་པའི་སྤྱོད་པ་བྱེད་པ་ཡིན་ཏེ། རང་བཞིན་སྣང་བའི་དབྱེ་ཤེས་ནས། དེ་ནས་སྤྱོད་པ་རབ་ཏུ་བྱ། ། 5-8-17a ཞེས་གསུངས་སོ། །བཞི་པ་སྔར་བཤད་པ་ལྟ་གྱི་རྒྱུ་རྐྱེན་དེ་དག་ཡང་དང་ཡང་དུ་གོམས་པར་བྱས་པས་སྣང་བའི་ཡེ་ཤེས་སྐྱེ་ལ། ཡང་རྒྱུད་ཚོགས་དེ་དག་ལན་མང་པོའི་བར་དུ་གོམས་པར་བྱས་པས་མཆེད་པའི་ཡེ་ཤེས་ སོགས་སྐྱེ་བ་ཡིན་གྱི། སྔ་མ་སྐྱེས་པའི་རྒྱུན་གཅིག་ལ་སྐྱེ་བ་ནི་མ་ཡིན་ནོ། །ཐམས་ཅད་སྟོང་པ་འོད་གསལ་ནི། ཉི་འོད་ཀྱི་སྣང་བ་མེད་པའི་ཐོ་རངས་ཀྱི་ནམ་མཁའི་རང་མདོག་གི་དཔེས་གསུངས་སོ། །དེའང་སྤྱིར་བསྐྱེད་རིམ་ལ་སོགས་པ་རྣམས་ ལའང་ཐུན་མོང་མ་ཡིན་པའི་ཁྱད་པར་མཐའ་ཡས་ཀྱང་གཙོ་བོ་ནི་རྫོགས་རིམ་ལས་ཡིན་ལ། དེའི་ནང་ནས་ཀྱང་སློབ་དཔོན་ཀླུ་སྒྲུབ་མདོའི་དགོངས་པ་ཕྱིན་ཅི་མ་ལོག་པར་འགྲེལ་པར་ལུང་བསྟན་པའི་དགོས་པའི་གཙོ་བོ་གཉིས་ཏེ། ཕ་རོལ་ཏུ་ཕྱིན་པའི་ཐེག་ པ་ལས་རྟག་ཆད་ཀྱི་མཐའ་དང་བྲལ་བའི་རྟེན་འབྲེལ་ལ་བྱ་བྱེད་འཐད་པ་དང་སྔགས་ཀྱི་ཐེག་པ་ལ་སྒྱུ་ལུས་སོ། །འདི་མི་ཤེས་ན་ཟུང་འཇུག་ཀྱང་མི་རྟོགས་ལ། འདི་ཤེས་ན་རིམ་པ་ལྔ་དང་སྦྱོར་བ་དྲུག་གི་ལམ་གྱི་གཙོ་བོ་རྟོགས་པར་འགྱུར་བས་སོ། །འདིའང་ སྦྱོད་བསྡུས་ན་ཅུང་ཟད་རྒྱས་པར་ཡོད་པས་དེའི་དོན་ཅུང་ཟད་བཤད་ན། དྲི་བ་དང་། ལན་དང་། ལན་ལ་དོགས་པ་ཞུས་པ་དང་། དེ་ལ་ལན་བསྟན་པའོ། །དང་པོ་ལ་དྲི་བ་དངོས་དང་། དོགས་པ་དེ་སྐྱེ་བའི་རྒྱུ་མཚན་ནོ། །དང་པོ་ནི། རྡོ་རྗེ་སློབ་མས་གསོལ་བ། རྡོ་རྗེ་སློབ་དཔོན་གྱི་ཞལ་སྔ་ནས་ཀྱི་བཀའ་དྲིན་གྱིས་བཤད་མ་ཐག་པའི་གསུང་རབ་ཀྱི་རྗེས་སུ་འབྲངས་ནས། དབེན་པ་གསུམ་གྱི་མཚན་ཉིད་རྟོགས་ལགས་ན། ད་དུང་ལྷ་སྐུ་མཚན་ཉིད་པའི་སྒྱུ་མ་ལྟ་བུའི་ལུས་མ་ཤེས་པས་ཞུ་བ་འཚལ་ཏེ། བསྐྱེད་ 5-8-17b རིམ་ནས་བརྩམས་ཏེ་ལུས་དབེན་གྱི་བར་གྱི་སྐུ་རྡོ་རྗེ་ལ་སོགས་པའི་རྡོ་རྗེ་གསུམ་དང་། སོགས་པས་རིགས་བརྒྱ་དང་ལྔ་དང་གསང་ཆེན་རིགས་གཅིག་པ་རྣམས་ལའང་ལྷག་པར་མོས་པ་ཙམ་མ་གཏོགས་ལྷ་མཚན་ཉིད་པ་མེད། དེའང་ལུས་དབེན་ལ་མེད་དེ། ལྷར་ མོས་པའི་གཞི་རྡུལ་ཕྲན་བསགས་པ་ཙམ་ཡིན་པའི་ཕྱིར། ངག་དབེན་ལ་མེད་དེ། དེ་གོམས་པའི་ལག་རྗེས་ལ་ལྷའི་རྣམ་པ་མི་འབྱུང་བའི་ཕྱིར། སེམས་དབེན་ལ་མེད་དོ། །སྟོང་ཉིད་རྟོགས་པའི་སེམས་ཀྱི་སྣང་བ་ཙམ་ཡིན་པའི་ཕྱིར། དེས་ན་ཀུན་རྫོབ་ ལྷ་སྐུ་ལ་གནས་པ་མ་རྙེད་པས་བཤད་དུ་གསོལ། ཞེས་པའོ། །གཉིས་པ་ནི། སྐབས་འདིར་དྲི་བ་གློ་བུར་བ་ལྟ་བུར་སྣང་ཡང་། རྟོགས་ལྡན་ལ་སྐྱེ་བའི་དོགས་པའི་གཞི་དང་པོ་ནས་ཡོད་དེ། རྒྱུད་སྡེ་འོག་མ་རྣམས་དང་། བསྐྱེད་རིམ་གྱི་སྐབས་སུའང་ཤི་ནས་སྐྱེ་བ་བླངས་ པ་དང་རྣམ་པ་མཚུངས་པར་སྭ་བྷཱ་ཝ་ས་སྟོང་པར་སྦྱངས་ནས་སྣང་བ་ཚུན་ཆོད་བསྡུས་ཏེ། དེ་ཉིད་ལྷས་ཤར་བའི་རྣམ་པ་ཅན་ཡང་དང་ཡང་དུ་མཐོང་བས་ལུགས་འདི་ལ་ད་ལྟ་ལྷར་བློས་བཏགས་ནས་བསྒོམ་པ་ཙམ་ཡིན་ཡང་། ལམ་གོང་མ་གཅིག་གི་སྐབས་ སུ་ལྷག་པར་མོས་པ་ཙམ་མིན་པའི་ལྷ་སྐུ་གདོན་མི་ཟ་བར་འབྱུང་བར་གསལ་བས་དེ་སྔར་མ་བྱུང་ཞིང་གང་དུ་འབྱུང་བ་བཤད་དུ་གསོལ་ཞེས་བྱའོ། །གཉིས་པ་ནི། ལྷའི་དེ་ཁོ་ན་ཉིད་བླ་མ་བརྒྱུད་པའི་རིམ་པ་ལས་འོངས་པ་ས་བཅུའི་དབང་ཕྱུག་གིས་ཀྱང་བསྒོམས་ པས་ཁོང་དུ་མ་ཆུད་པ་དེ་ངས་ཁྱོད་ལ་བཤད་པར་བྱའོ། །དེ་གང་ཞེ་ན། རང་གི་སེམས་ཀྱི་གནས་ལུགས་ཇི་ལྟ་བ་བཞིན་དུ་ཤེས་པ་ཡེ་ཤེས་གསུམ་གྱིས་སྣང་བ་ཙམ་མཚན་དཔེ་ཐམས་ཅད་དང་ལྡན་པའི་ལྷ་སྐུ་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལས། སྒྱུ་མ་ 5-8-18a ལ་སོགས་པའི་དཔེ་བཅུ་གཉིས་ཀྱིས་མཚོན་པའི་བདེ་བ་ཆེན་པོའི་སྐུ་དེ་ཉིད་ཡིན་ནོ། །ས་བཅུ་པ་ནི་སེམས་དབེན་ནོ། །གསུམ་པ་ནི། ལུང་ལས་ལུས་དང་སེམས་ཡ་བྲལ་དུ་མི་འབྱུང་བར་གསུངས་པས་སེམས་ཙམ་ལ་ཞལ་ཕྱག་སོགས་དང་ ལྡན་པའི་ལྷའི་སྐུ་རྫོགས་པར་ཇི་ལྟར་འགྱུར། དམིགས་པའི་ལྟ་བ་ཅན་རྣམས་ལུང་རིགས་མེད་པར་ཡིད་མི་ཆེས་པས་ལྷའི་དེ་ཁོ་ན་ཉིད་བདེ་བླག་ཏུ་ཁོང་དུ་ཆུད་པའི་ཐབས་བཤད་དུ་གསོལ། ཞེས་སོ། །ཡེ་ཤེས་ཙམ་ཡིན་ན་ཞལ་ཕྱག་དང་ལྡན་པའང་འགལ་སྙམ་ དུ་བསམ་པའོ། །བཞི་པ་ནི། སྒྱུ་ལུས་ནི། ཕར་ཕྱིན་གྱི་ཐེག་པ་ལ་གནས་པ་རྣམས་ཀྱིས་ཀྱང་མི་ཤེས་ལ། བསྐྱེད་རིམ་ལ་གནས་པ་རྣམས་ཀྱིས་ཀྱང་སྒྱུ་མ་ལྟ་བུ་སོགས་དཔེར་བརྗོད་ཅིང་ལྷག་པར་མོས་ཀྱང་དཔེ་དེས་བདག་ལ་བྱིན་གྱིས་བརླབ་པའི་ལྷ་སྐུ་མི་ ཤེས་སོ། །འདིས་ནི་ལྷ་སྐུ་སྣང་ལ་རང་བཞིན་མེད་པ་སྒྱུ་ལུས་སུ་འདོད་པ་སོགས་ཀྱང་གསལ་བ་ཡིན་ཏེ། དེ་དག་གིས་སྣང་ལ་རང་བཞིན་མེད་པའི་སྒྱུ་མ་ལྟ་བུ་ཤེས་ཀྱང་སྒྱུ་ལུས་མི་ཤེས་པར་གསུངས་པའི་ཕྱིར་རོ། །དེ་བས་ན་ངས་རྣལ་འབྱོར་རྒྱུད་ཀྱི་རྗེས་སུ་འབྲངས་ ནས་རྡོ་རྗེ་སེམས་དཔའི་སྐུ་རྫོགས་པར་འགྱུར་བའི་རྒྱུ་རྐྱེན་བཤད་པར་བྱའོ། །སེམས་ནི་ཡང་དག་པར་ན་དབྱིབས་དང་ཁ་དོག་དང་བྲལ་བ་ཡིན་ཀྱང་ཡེ་ཤེས་ཙམ་ཞེས་པའི་ཙམ་གྱི་སྒྲས་བེམ་པོའི་ཁམས་རགས་པ་གཅོད་པ་ཡིན་གྱི། ཤེས་པ་མ་ཡིན་པ་མཐའ་ དག་གཅོད་པ་མ་ཡིན་ཏེ། སེམས་གསུམ་རླུང་འོད་ཟེར་ལྔ་དང་བཅས་པ་ལས་ཞལ་ཕྱག་གི་རྣམ་པ་ཅན་གྱི་ལྷ་སྐུ་འབྱུང་བ་མི་འགལ་བ་ཡིན་ནོ། །དེ་ལ་རླུང་འོད་ཟེར་ལྔ་དང་བཅས་པ་ནི་སྒྱུ་ལུས་ཀྱི་ཉེ་བར་ལེན་པའི་རྒྱུ་ཡིན་ལ། སྟོང་ཉིད་རྟོགས་པའི་སེམས་དབེན་ 5-8-18b གྱི་ཡེ་ཤེས་ནི་ལྷན་ཅིག་བྱེད་པའི་རྐྱེན་ཡིན་ནོ། །དེ་ལྟར་དྲི་བ་དང་། ཡེ་ཤེས་ཙམ་གྱི་ཡིད་ཀྱི་རང་བཞིན་གྱི་སྐུ་དཔེ་བཅུ་གཉིས་ཀྱིས་མཚོན་པ་དེ་སྒྱུ་ལུས་སུ་བཤད་པའི་ལན་དང་། དེ་ལྟ་ན་ཞལ་ཕྱག་གི་རྣམ་པ་ཅན་དུ་མི་འཐད་པའི་དོགས་པ་ཞུས་པ་དང་། དེ་ལ་ལན་བསྟན་པ་སོགས་ བཤད་ནས། ད་ནི་སྒྱུ་ལུས་རྒྱས་པར་བཤད་པ་ལ་དྲི་བ་དང་། ལན་དང་། ཤེས་བྱེད་དགོས་པའོ། །དང་པོ་ནི་ཡུན་རིང་པོར་གཉིད་ལོག་ནས་ལུས་ཀྱི་ཁོག་པ་འདི་བོར་ཏེ་སུམ་ཅུ་རྩ་གསུམ་ལ་སོགས་པའི་ཡུལ་གཞན་དུ་སོང་ནས་འདོད་པའི་ཡོན་ཏན་ལྔ་མྱོང་སྟེ། ཡང་ལུས་འདི་ ལ་འཇུག་པའི་རྒྱུ་ཅི་ཡིན་ཞེས་པ་དང་། རྨི་ལམ་དགེ་མི་དགེའི་འབྲས་བུ་ཐོབ་པའི་རྒྱུ་ཅི་ཡིན་ཞེས་པ་དང་། གཉིད་ལོག་པ་དང་མ་ལོག་པའི་དུས་ཀྱི་སྐབས་དག་ཐ་དད་པར་མཆིས་སམ་མ་མཆིས་ཞེས་པའོ། །གཉིས་པ་ནི་ཐོག་མ་མེད་པའི་ལུས་ལ་དངོས་པོར་འཛིན་པ་ རྣམས་ཀྱི་ཐེ་ཚོམ་བསལ་བའི་ཕྱིར་དང་། བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་གསལ་བར་བྱ་བའི་ཕྱིར་རྨི་ལམ་གྱི་མཚན་ཉིད་འདྲི་བར་བྱེད་པ་ལེགས་སོ། །རྒྱུ་དང་མདོ་སྡེ་རྣམས་ཀྱི་རྗེས་སུ་འབྲངས་ནས་བཤད་པར་བྱའོ། །དེ་གང་ཞེ་ན། ཕུང་པོ་ཁམས་དང་སྐྱེ་མཆེད་ དབང་སོགས་པ། །ཤེས་པ་གཉིས་པ་དེ་འདིར་རབ་འདུས་ན། །སྟོང་ཆེན་གྱུར་པས་གང་ཞིག་གཉིད་ལོག་པ། །རླུང་གི་ཤུགས་ཀྱིས་རྨི་ལམ་མཐོང་བར་འགྱུར། །རྨི་ལམ་སད་ལ་བྱེ་བྲག་གཞན་མེད་པར། །ཀུན་ཏུ་རྟོག་པས་རྨི་ལམ་འབྲས་འདོད་པ། །འགྲོ་བ་ཉིན་མཚན་ ཉེ་བར་གཉིད་ལོག་ཅིང་། །ས་མཐུག་གྱུར་པས་རབ་ཏུ་རིང་གཉིད་ལོག །ཅེས་སོ། །དེ་དག་གི་དོན་ནི། འོག་ནས་སྤྱོད་པའི་ཐབས་སུ་བཤད་པ་ལྟར། ཕུང་པོ་ལྔ་དང་ཁམས་བཞི་དང་། ཕྱིའི་སྐྱེ་མཆེད་དང་། ནང་གི་སྐྱེ་མཆེད་སོགས་རགས་པ་རྣམས་ས་ལ་ཐིམ། ས་ཆུ་ལ། 5-8-19a དེ་མེ་ལ། དེ་རླུང་ལ། དེ་སེམས་ལ། དེ་སེམས་བྱུང་ལ། དེ་ཉེར་ཐོབ་ལ་ཐིམ་པས་ཤེས་པ་གཉིས་པོ་སྟོང་ཆེན་དུ་གྱུར་པའོ། །ཤེས་པ་གཉིས་ནི། སྣང་བ་དང་། མཆོད་པ་དང་། ཤིན་ཏུ་སྟོང་པའི་མིང་གིས་བསྟན་པའི་སེམས་སེམས་བྱུང་ངོ་། ། ཉེར་ཐོབ་ནི། གཉིད་ལོག་པའི་ཚེ་གཉིད་འཐུག་ཡིན་གྱི་འོད་གསལ་མིན་ལ། དེ་ལས་གྲོལ་ནས་རྨི་ལམ་ཡང་མ་དམིགས་པའི་བར་གྱི་ནམ་མཁའ་དྭངས་པ་ལྟ་བུའི་རྣམ་པ་ཅན་གྱི་ཤེས་པ་ནི་གཉིད་ཀྱི་འོག་གསལ་ལོ། །དེ་ནས་རླུང་གི་ཤུགས་ཀྱིས་རྟོག་པ་གཡོས་ ནས་རྨི་ལམ་མཐོང་བ་ཡིན་ནོ། །རྐང་པ་ཐ་མ་གཉིས་ནི། དེ་ཉིད་རྒྱས་པར་བཤད་པའོ། །དྲི་བ་གཉིས་པའི་ལན་ནི། འབྲས་བུ་མ་སྨིན་བྱས་པའི་ལས་རྣམས་ཀྱིས། །སྐྱེ་འདིར་སླར་ཡང་རླུང་ནི་འཇུག་པར་འགྱུར། །འབྲས་བུ་སྨིན་པར་གྱུར་ན་རླུང་འདི་ཉིད། །འཇིག་ རྟེན་འཆི་བ་གཞན་དུ་མྱུར་འགོ་འགྱུར། །ཞེས་པའོ། །རྨི་ལམ་གྱི་ལུས་དེ་སླར་ཡང་ལུས་འདི་ལ་འཇུག་པའི་རྒྱུ་ནི། དེ་ནི་རྟེན་བྱེད་པའི་ནུས་པ་མ་རྫོགས་པ་ཡིན་ལ། ནུས་པ་རྫོགས་ནས་འཆི་འཕོ་བར་འགྱུར་རོ། །དཔེས་མཚོན་པའི་དོན་གྱི་ཕྱོགས་གཅིག་ནི་ཇི་ ལྟར་ཞེས་པའི་རྐང་པ་བཞིས་བསྟན་ཏོ། །ལོངས་སྐུ་ལ་རྐང་རུས་སོགས་མེད་ཀྱང་སེམས་ཅན་འདུལ་བའི་ཕྱིར་དུ་སྤྲུལ་པའི་སྐུ་བྱ་བ་མཛད་པ་དང་ཡང་ཆོས་མཚུངས་སོ། །དཔེ་དོན་སྦྱར་བ་དངོས་ནི་རིམ་པ་དེ་བཞིན་ཤེས་པ་རྐང་པ་བཞིའོ། །དོན་ནི་ འདི་ལྟར་ཤེས་པར་བྱ་སྟེ། གཉིད་ལོག་པའི་ཚེ་འཆི་བ་དང་རྗེས་སུ་མཐུན་པར་འབྱུང་བ་ཐིམ་པའི་རྣམ་པ་ཅན་དང་། སེམས་སེམས་བྱུང་ལ། དེ་ཉེར་ཐོབ་ལ། དེ་གཉིད་འོད་གསལ་ལ། དེ་ལས་རྨི་ལམ་གྱི་ལུས་སུ་ཤར་ནས་དེ་ལས་ངའོ་སྙམ་པའི་ངར་ 5-8-19b འཛིན་འཕོ་བར་འགྱུར་གྱི། ཐ་མལ་གྱི་ལུས་ལ་ངའོ་སྙམ་པ་མི་འབྱུང་བའི་སྐབས་ལྟར་སྔར་བཤད་པའི་རྡོ་རྗེའི་བཟླས་པས་སྙིང་གའི་རྩ་མདུད་བཤིག་སྟེ་ལྷན་ཅིག་སྐྱེས་པའི་རླུང་སེམས་སོགས་གནས་དེར་འདུས་ནས་འབྱུང་བ་རྣམས་རིམ་པས་ཐིམ་ནས། དེའི་རྗེས་སུ་སྟོང་ ཉིད་ལ་མཉམ་པར་བཞག་པས་སེམས་གསུམ་གྱི་རྟོགས་པའི་མཐར་སྒྱུ་མ་ལྟ་བུའི་ལྷའི་སྐུ་གྲུབ་ནས་དེ་ལ་ང་རྒྱལ་འཕོ་བར་འགྱུར་བ་ཡིན་ནོ། །དེས་ན་ལུས་དབེན་མན་ཆད་དུ་རྡུལ་ཕྲ་རབ་བསགས་པའི་ལུས་ལ་འདོད་པ་ཙམ་གྱི་ལྷར་དམིགས་ནས་དེ་ལ་ང་རྒྱལ་འཇོག་པ་ ཡིན་པས་ལུས་དབེན་ལ་ལྷའི་སྐུ་མེད་དེ་ལུས་ནི་རྡུལ་ཕྲ་རབ་བསགས་པ་ཙམ་ཡིན་པའི་ཕྱིར་ཞེས་པའོ། །དེ་ལ་རྨི་ལམ་ཡང་བྱེ་བྲག་པ་དེ་ཉིད་དཔེར་འཛིན་ལ་སད་པའང་བྱེ་བྲག་པ་སྒྱུ་མ་ལྟ་བུའི་ལུས་དོན་དུ་བྱས་ནས་དྲི་བ་ལན་བཏབ་པ་ཡིན་ནོ། །གསུམ་པ་ནི། དེ་ ཉིད་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལས། སྒྱུ་མ་ལ་སོགས་པའི་དཔེ་བཅུ་གཉིས་ཀྱིས་མཚོན་ཏེ་བསྟན་པ་དང་། བཟང་སྐྱོང་གིས་ཞུས་པའི་མདོ་ལས་བསྟན་པ་དང་། རྣམ་སྣང་མངོན་བྱང་ལས། འཇའ་ཚོན་ལྟ་བུའི་ལུས་ངག་ནི། །དེ་ཉིད་བསྒོམ་པས་ཐོབ་པར་འགྱུར། ། ཞེས་སོགས་ཀྱི་དོན་ཡང་དེ་བཞིན་དུ་ཤེས་པར་བྱའོ། །རིམ་ལྔ་ལས་ཀྱང་། རྣམ་ཤེས་གསུམ་པོ་སླར་ཡང་ནི། །རྣལ་འབྱོར་པ་ཡི་ལུས་སུ་འགྱུར། །ཞེས་སོགས་གསུངས་སོ། །བླ་མ་སྔ་མ་དག་དཔེ་བཅུ་གཉིས་ལ་མཚོན་དོན་མི་འདྲ་བ་རེ་དང་། དཔེའི་གཙོ་བོའང་ ཡན་ལག་རྫོགས་པར་གཅིག་ཆར་དུ་འཆར་བས་མེ་ལོང་ནང་གི་གཟུགས་བརྙན་དང་། ཁ་དོག་གི་དབྱེ་བ་མ་འདྲེས་པར་སྣང་བ་འཇའ་ཚོན་དང་། དུ་མ་ལ་གཅིག་ཆར་ཁྱབ་པ་ཆུ་ཟླ་རྣམས་ལ་འཆད་དོ། །མ་རྒྱུད་རྣམས་ལས་འབྱུང་བ་ཐིམ་པའི་རིམ་པས་འོད་གསལ་ 5-8-20a དུ་ཞུགས་པའི་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱི་ཆ་ཤས་རྒྱས་པར་གསུངས་ཀྱང་། ཤེས་རབ་དེ་ཉིད་ལྷའི་སྐུར་འཆར་བའི་ཐབས་ཀྱི་ཆ་རྣམས་རྫོགས་པར་མ་གསུངས་ཤིང་། དེ་ཉིད་དཔལ་གསང་བ་འདུས་པ་སོགས་ཕ་རྒྱུད་རྣམས་ལས་ གསངས་བ་ཡིན་ནོ། །ཕ་རྒྱུད་དང་མ་རྒྱུད་ཀྱི་དབྱེ་བའང་ཇི་སྐད་བཤད་པའི་ཐབས་དང་། ཤེས་རབ་གཉིས་བརྗོད་བྱའི་གཙོ་བོར་སྟོན་མི་སྟོན་གྱི་སྒོ་ནས་དབྱེ་ཡི། གཉིས་ཀས་ཀྱང་གཉིས་ཀ་མ་བསྟན་པ་ནི་མ་ཡིན་ནོ། །མདོར་ན་ཐ་མལ་པ་ཤི་བའི་ཚེ་བར་དོ་གྲུབ་ ནས་འཁོར་བའི་རྒྱུར་འགྱུར་བ་དེ་ཉིད་རྣལ་འབྱོར་པས་ཏིང་ངེ་འཛིན་གྱི་སྟོབས་ཀྱི་སྒྱུ་མ་ལྟ་བུའི་ལྷའི་སྐུར་འཆར་ནུས་པ་ཡིན་ནོ། །དེ་རྣམས་ཀྱི་དོན་མདོར་བསྡུ་ན། དཔེའི་གཙོ་བོ་ངོས་བཟུང་བ་དང་། དཔེ་དོན་ཆོས་མཐུན་སྦྱར་བ་དང་། དཔེས་མཚོན་པའི་ དོན་ལས་དབྱིབས་དང་ཁ་དོག་གི་རྣམ་པ་ཇི་ལྟར་འབྱུང་བ་དང་། སྒྱུ་ལུས་འགྲུབ་བྱེད་ཀྱི་རྒྱུ་ངོས་བཟུང་བའོ། །དང་པོ་ནི། སྒྱུ་མ་ལྟ་བུ་དང་། སྒྱུ་ལུས་དཔེ་དོན་ཙམ་དུ་སྦྱར་དུ་རུང་ཡང་། དོན་མི་གཅིག་ཅིང་ཆོས་མཚུངས་རྒྱས་པར་སྦྱར་ས་མེད་པས་སྔ་མ་རྣམས་ཀྱིས་ སྒྱུ་མ་དང་། སྒྱུ་ལུས་ཀྱི་ཁྱད་པར་ལེགས་པར་མ་ཕྱེད་ཅིང་མེ་ལོང་ནང་གི་གཟུགས་བརྙན་སོགས་ཀྱང་དཔེའི་གཙོ་བོར་མི་རུང་ངོ་། །དེས་ན་དཔེའི་གཙོ་བོ་ནི། བར་སྲིད་ཀྱི་ལུས་དང་རྨི་ལམ་གྱི་ལུས་གཉིས་ཡིན་ལ། དེ་ལས་སྔ་མ་གཙོ་བོ་ཡིན་ནའང་། ད་ལྟ་ མྱོང་བས་གྲུབ་པའི་རྣམ་པ་སྦྱར་དུ་མེད་པས་རྨི་ལམ་ཉིད་ལས་མཚོན་པར་བྱའོ། །གཉིས་པ་ནི། ཆོས་མཐུན་ལྔས་ཤེས་པར་བྱ་སྟེ། རྨི་ལམ་ལ་ཤི་བ་དང་རྣམ་པ་རྗེས་སུ་མཐུན་པ་འབྱུང་བ་བཞི་དང་། སེམས་དང་སེམས་བྱུང་དང་། ཉེར་ཐོབ་རྣམས་ 5-8-20b རིམ་པ་བཞིན་དུ་གཉིད་ཀྱི་འོད་གསལ་ལ་ཐིམ་ནས་དེ་ནས་རྨི་ལམ་གྱི་ལུས་སུ་ལྡང་བ་དང་། རླུང་སེམས་ཙམ་ལས་གྲུབ་པའི་ཡིད་ལུས་ཡིན་པ་དང་། ལུས་རང་དགའ་བ་དེ་ལས་ལོགས་སུ་ཕྱེ་བ་ལྟ་བུར་སྣང་བ་དང་། ངའོ་སྙམ་པའི་བློ་གོ་ས་འཕོས་ནས་རྨི་ལམ་གྱི་ ལུས་ལ་འཛིན་པ་དང་། རྨི་ལམ་གྱི་ལུས་དེ་ཉིད་སླར་ཡང་ལུས་ཐ་མལ་པ་དེ་ལ་འཇུག་པ། དཔེ་དེ་བཞིན་དུ་སྒྱུ་ལུས་ཀྱང་འབྱུང་བ་བཞི་དང་། སྣང་མཆེད་ཐོབ་གསུམ་ལུགས་འབྱུང་དུ་བརྩམས་ནས་སླར་ཡང་ལུགས་ལྡོགས་ཏུ་ཤར་བའི་སྣང་བ་གསུམ་གྱི་མཐར་སྒྱུ་ལུས་ ཀྱི་ལྷ་སྐུར་ལྡང་བ་དང་། རླུང་སེམས་ཙམ་ལས་གྲུབ་པའི་ལྷ་སྐུ་དང་། རྣམ་སྨིན་གྱི་ལུས་ལས་ལོགས་སུ་ཕྱེ་བ་ལྟ་བུར་སྣང་བ་དང་། དེ་ཉིད་ལ་ང་རྒྱལ་འཕོས་པ་དང་། སླར་ཡང་ལུས་སྔ་མ་ལ་འཇུག་པའོ། །རྨི་ལམ་དང་སྒྱུ་ལུས་གཉིས་ཀ་དངོས་པོ་ལ་ཐ་ མལ་པའི་ལུས་དང་། རྟེན་དང་བརྟེན་པའི་འབྲེལ་བ་ཞིག་ནས་ལོགས་སུ་ཆད་པ་ནི་མ་ཡིན་གྱི། བསམ་དོན་དེ་ལྟར་སྣང་བ་ཡིན་ལ་འོན་ཀྱང་སྒྱུ་ལུས་དེ་ཉིད་རླུང་སེམས་ལས་གྲུབ་པའི་ལྷ་སྐུ་མཚན་ཉིད་པ་ཡིན་པས་ཡེ་ཤེས་ཀྱི་སྐུ་ཞེས་བྱའི་རྡོ་རྗེ་འཆང་ མཚན་ཉིད་པ་ནི་མ་ཡིན་ནོ། །བསྐྱེད་རིམ་སོགས་ཀྱི་སྐབས་སུ་རྟོག་པས་ལྷར་མོས་པ་ཙམ་མ་གཏོགས་ལྷ་སྐུ་མཚན་ཉིད་པ་མེད་དོ། །འོ་ན་སློབ་པའི་ཟུང་འཇུག་དང་ཁྱད་མེད་པར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། སྒྱུ་ལུས་རྣམས་སྨིན་གྱི་ལུས་དང་ལས་ དབང་གིས་བཞག་པའི་རྟེན་བརྟེན་པའི་འབྲེལ་བ་མ་ཞིག་ལ། ཟུང་འཇུག་གི་ཚེ་ཞིག་པས་སོ། །དེ་ལྟར་ནའང་ཤི་བ་བཞིན་དུ་མི་འགྱུར་ཏེ། ཏིང་ངེ་འཛིན་གྱི་སྟོབས་ཀྱིས་རྟེན་དང་བརྟེན་པར་འགྱུར་བས་སོ། །རྨི་ལམ་གྱི་ལུས་སླར་ཡང་འཇུག་པ་ནི། 5-8-21a འབྲས་བུ་མ་སྨིན་བྱས་པའི་ལས་རྣམས་ཀྱིས། །སྐྱེ་འདིར་སླར་ཡང་རླུང་ནི་འཇུག་པར་འགྱུར། །ཞེས་པས་བསྟན་ཏོ། །གསུམ་པ་ནི། བསྐྱེད་རིམ་གྱི་སྐབས་སུ་དང་པོའི་མགོན་པོ་སྐུ་མདོག་དཀར་པོ་ཞལ་གསུམ་ཕྱག་དྲུག་པ་ཡུམ་དང་ བཅས་པ་བསྐྱེད་ནས་དེ་ཉིད་སྤྲུལ་སྐུར་བསྒྱུར་བ་ལྟར། སྒྱུ་ལུས་འདིའང་དབྱིབས་དང་ཁ་དོག་དེ་ལྟར་འབྱུང་ཞིང་འཇིག་རྟེན་གྱི་ཁམས་ཐམས་ཅད་ལ་འོད་ཀྱིས་ཁྱབ་པ་ལྟ་བུ་དང་མཚན་དང་དཔེ་བྱེད་ཀྱིས་བརྒྱན་པའི་སྐུར་འགྱུར་བ་ཡིན་ནོ། །ལོངས་སྐུ་དང་ འདྲ་བར་སམ་ཐོབ་པ་རྣམས་ཀྱི་སྤྱོད་ཡུལ་དུ་མི་འགྱུར་བས་དེ་ནས་སྤྲུལ་སྐུར་བསྒྱུར་བ་ཡིན་ནོ། །བསྐྱེད་རིམ་སྐབས་ཀྱི་ལོངས་སྤྲུལ་གྱི་དོན་ཡང་དེ་ལྟར་ཤེས་པར་བྱའོ། །བཞི་པ་ནི། སྔར་བཤད་པ་ལྟར། རྩ་བདུན་ཁྲི་ཉིས་སྟོང་གི་དབྱེར་བསྡུ་དང་། དེའི་ ནང་དུ་རླུང་ཉི་ཁྲི་ཆིག་སྟོང་དང་ཁམས་དཀར་དམར་རྒྱུ་ཚུལ་དང་མཐར་འདུ་འཕྲོད་གང་དུ་བྱེད་པའི་གནས་སྔར་བཤད་པ་ལྟར་ངག་དབེན་གྱིས་སྙིང་གའི་རྩ་མདུད་བཤིག་ནས་དེར་ཐམས་ཅད་འདུས་ཏེ། ལྷན་སྐྱེས་ཀྱི་བདེ་བ་བསྒོམས་ནས་རང་བཞིན་ བརྒྱད་ཅུའི་རྣམ་རྟོག་རིམ་གྱིས་འགགས་ནས་སེམས་གསུམ་གྱི་རྟོགས་པ་རིམ་གྱིས་སྐྱེ་ཞིང་དེ་ཉིད་ལུགས་ལྡོག་ཏུ་ཤར་ནས་སྣང་བའི་ཡེ་ཤེས་སྐྱེས་པའི་ཆ་སྒྱུ་མའི་སྐུར་ལྡང་བ་ཡིན་ནོ། །འོ་ན་རྒྱུད་དེ་ཙམ་གྱིས་ཆོ་ག་གམ་སྙམ་ན་ལེ་ལོ་ཅན་བར་དོར་ འཚང་རྒྱ་བའི་སྐབས་སུ་བཤད་པ་ལྟར། སེམས་གསུམ་གྱི་མཐར་ལྷའི་སྐུར་ལྡང་བར་བྱའོ་སྙམ་པའི་འཕེན་པ་སྔོན་དུ་བཏང་བ་ལ་ངེས་པར་བལྟོས་པ་ཡིན་ནོ། །དཔེར་ན་དུས་འདི་ཙམ་ལ་སད་པར་བྱའོ་སྙམ་པའི་འཕེན་པ་བཏང་ནས་གཉིད་ལོག་ནས་ 5-8-21b དེའི་དུས་སུ་ལྡང་བར་འགྱུར་བ་བཞིན་ནོ། །བར་དོར་འཚང་རྒྱ་ཞེས་པའི་དོན་ཡང་དབེན་པ་གསུམ་ཐོབ་ནས་སྤྱོད་པ་མ་སྤྱད་པའི་རྣལ་འབྱོལ་པ་ཞིག་འཆི་བ་ལ་བབ་པའི་ཚེ་བར་དོ་རང་ག་བར་མ་ཤོར་བར་ལྷའི་སྐུར་ལྡང་བར་བྱའོ་སྙམ་པའི་འཕེན་པ་བཏང་བ་ན་གཞན་ ལ་བར་དོ་གྲུབ་པའི་དོད་ལ་སྒྱུ་ལུས་གྲུབ་ནས་དེ་ནས་ལམ་ལྷག་མ་སྦྱངས་ཏེ། རྡོ་རྗེ་འཆང་གི་སྐུར་འགྱུར་བ་ཡིན་གྱི། བར་དོ་རང་ག་བ་གྲུབ་ནས་རྟེན་དེ་ལ་འཚང་རྒྱ་བ་ནི། སྤྱོད་བསྡུས་སོགས་ཀྱི་དགོངས་པ་ཡེ་ནས་མ་ཡིན་ནོ། །འོན་ཀྱང་སྔ་མ་ཁ་ཅིག་བཞེད་པ་ལྟར་ གྱི་བར་དོའི་གདམས་ངག་རྣམས་ཁྱད་པར་ནི་ཤིན་ཏུ་ཆེའོ། ཐིག་ལེའི་རྣལ་འབྱོར་གོམས་པར་བྱས་པས་འཁོར་ལོ་བཞིའི་ལྟེ་བར་དགའ་བཞིའི་རྟོགས་པ་བསྐྱེད་པ་དང་། རླུང་གི་རྣལ་འབྱོར་ལ་གོམས་པར་བྱས་པས་འབྱུང་བ་བཞིའི་རླུང་འབྱོངས་ནས་རིམ་ པ་བཞིན་དུ་སུས་ཀྱང་བསྒུལ་མི་ནས་པ་དང་། མེས་མི་འཚིག་པ་དང་། འཁྱགས་སྦུབས་སུ་བཅུག་ཀྱང་དྲོད་འབར་བ་དང་། ནམ་མཁའ་ལ་འགྲོ་བ་སོགས་བྱུང་ཡང་སྒྱུ་ལུས་ཀྱི་དོན་མ་ཤེས་ན་ཚེ་གཅིག་ལ་འཚར་རྒྱ་བའི་ལམ་གྱི་གནད་མི་ཟིན་པས་སྔར་ བཤད་པ་ལྟར་རླུང་སེམས་ལས་སྒྱུ་མའི་སྐུ་འགྲུབ་ལུགས་ལ་མཁས་པར་བྱའོ། །དེ་ལྟར་སེམས་དབེན་དང་སྒྱུ་ལུས་ནི། རྒྱུད་ཕྱི་མའི་ཚིག་དེས་དངོས་སུ་མ་བསྟན་ཡང་ཞལ་ལ་རྟོགས་ནུས་པས་བཤད་པ་ཡིན་ལ། ད་ནི་རྣལ་འབྱོར་ཡན་ལག་ བཞི་པ་འཛིན་པའི་ཡན་ལག་དང་རིམ་པ་ལྔའི་འོད་གསལ་དོན་གཅིག་པས་དེ་བཤད་པ་ནི། རྒྱུད་ཕྱི་མ་ལས། རང་དབང་རིན་ཆེན་དགག་པ་ཡིས། །གཟུང་བ་འཛིན་པ་ཡིན་པར་བཤད། ཅེས་སོ། རང་གི་གཟུགས་སྒྲ་ལ་སོགས་པའི་ཡུལ་དང་ 5-8-22a དབང་པོ་མིག་ལ་སོགས་པ་དང་། རིན་པོ་ཆེ་ནི་ཡུལ་དབང་གི་རྟེན་རླུང་སེམས་ཏེ། དེ་དག་དོན་དམ་པའི་བདེན་པ་དང་ཆུ་ལ་ཆུ་བཞག་གི་ཚུལ་དུ་ཐིམ་པ་ནི་འགགས་པའོ། །ཡུལ་དབང་མེད་པར་སོང་བ་མ་ཡིན་གྱི་རྣམ་ཤེས་ཀྱི་དམིགས་པ་ དང་རྟེན་བྱེད་པའི་ནུས་པ་ལོག་པ་ཡིན་ནོ། །རྒྱུད་ཁ་ཅིག་ནས། རླུང་དབུ་མའི་ནང་དུ་འཛིན་པ་ལ་འཛིན་པའི་ཡན་ལག་ཏུ་བཤད་དོ། །འོ་ན་འོད་གསལ་མངོན་དུ་འགྱུར་བ་ལ་རྟགས་ཇི་ལྟར་འབྱུང་ཞེ་ན། དེ་ཉིད་ལས། སེམས་ནི་འགོག་པའི་རྡོ་རྗེར་འགྱུར། །མཚན་མ་ཉེར་འཛིན་འབྱུང་བར་ འགྱུར། །མཚན་མའི་ཁམས་ནི་རྣམ་པ་ལྔར། །བྱང་ཆུབ་རྡོ་རྗེས་གསུངས་པ་ཡིན། །ཞེས་ཏེ། འགོག་པའི་རྡོ་རྗེ་ནི་ཡང་དག་པའི་མཐའ་འོད་གསལ་ལོ། །བྱང་ཆུབ་རྡོ་རྗེ་ནི་རྡོ་རྗེ་འཆང་ངོ་། །མཚན་མ་ལྔ་པོ་གང་ཞེ་ན། སྨིག་རྒྱུ་འདྲ་བ་དང་པོ་སྟེ། །དུ་བ་ལྟ་བུ་གཉིས་པ་ཡིན། །མཁའ་ སྣང་འདྲ་བ་གསུམ་པ་སྟེ། །མར་མེ་ལྟར་འབར་བཞི་པའོ། །སྤྲིན་མེད་ནམ་མཁའ་ལྟ་བུ་ནི། །རྟག་ཏུ་སྣང་བ་ལྔ་པའོ། །ཞེས་གསུངས་ཏེ། དང་པོ་ནི་ས་ཆུ་ལ་ཐིམ་པའི་རྟགས་ཡིན་ལ། གཉིས་པ་ནི་ཆུ་མེ་ལ་ཐིམ་པ་དང་། གསུམ་ནི་མེ་རླུང་ལ་ཐིམ་པའི་རྟགས་ཏེ། མཁའ་སྣང་ནི་དམར་རྩེག་རྩེག་པོར་སྣང་བར་གྱུར་པའོ། །བཞི་པ་ནི་རླུང་སྣང་བ་གསུམ་ལ་ཐིམ་པའི་རྟགས་ཏེ། དེའང་སྔར་བཤད་པ་ལྟར་རླུང་རགས་པ་ལ་སོགས་པ་ཡིན་གྱི་ལྷན་སྐྱེས་ཀྱི་རླུང་ནི་འོད་གསལ་གྱི་ཚེ་འང་ཡོད་དོ། །ལྔ་པ་ནི་རང་བཞིན་སྣང་བ་ ལ་ཐིམ་ཞིང་སྣང་བ་གསུམ་ཡང་རིམ་གྱིས་ཐིམ་པའི་རྟགས་ཏེ། རྟག་ཏུ་སྣང་བ་འོད་གསལ་དུ་གྱུར་པ་ཞེས་བཤད་ཀྱང་འོད་གསལ་འཆང་བའི་རྟགས་ཡིན་གྱི་དངོས་མིན་ནོ། །སྔ་མ་དག་རྟགས་ཅན་གྱི་ཤེས་པ་བརྟན་གཡོའི་ཚད་ཡིན། འོད་གསལ་མངོན་ 5-8-22b དུ་འགྱུར་བ་ལ་རྣམ་པ་དེ་ལྟར་སྣང་བ་མ་ཡིན་ནོ། །ཞེས་གསུངས་ཀྱང་རྣམ་པའང་དེ་ཁོ་ན་ལྟར་འབྱུང་བ་ཡིན་ཏེ། བརྟན་འགྱུར་རྡོ་རྗེའི་ལམ་ནས་ནི། །ནམ་མཁའ་ཁྱབ་པར་སྤྲོ་བར་བྱ། །ཞེས་གསུངས་ཏེ། བརྟེན་པ་ནི་འོད་གསལ་དུ་རྣམ་པར་དག་པ་གྱུར་པ་ཡིན་ལ། རྡོ་རྗེ་ནི་ཇི་སྐད་བཤད་པའི་རྟགས་ལྔའི་གོ་རིམ་དང་རྣམ་པ་དེ་ཁོ་ན་ལས་འདའ་བར་མི་བྱའོ། །ནམ་མཁའ་ཁྱབ་པ་ནི་དངོས་པོ་མཐའ་དག་གི་ཆོས་ཉིད་ལ་ཆུ་ལ་ཆུ་བཞག་གི་ཚུལ་དུ་རིས་སུ་མ་ཆད་པར་བྱའོ། །མཐའ་དྲུག་གི་སྐབས་སུ་འོད་གསལ་དང་ཟུང་ འཇུག་མཐར་ཐུག་གི་དོན་དུ་བཤད་པ་ལ། ཁ་ཅིག་འོད་གསལ་དངོས་པོའི་མཐར་ཐུག་དང་ཟུང་འཇུག་ལམ་གྱི་མཐར་ཐུག་ཏུ་འཆད་པ་དང་། ཡང་ཁ་ཅིག་སྔ་མ་ལམ་དང་། ཕྱི་མ་འབྲས་བུའི་མཐར་ཐུག་དང་། ཁ་ཅིག་འོད་གསལ་ལ་མཚན་ཉིད་ཐེག་པའི་མཐར་ ཐུག་དང་། ཟུང་འཇུག་སྔགས་ཀྱི་ཐེག་པའི་མཐར་ཏུག་ཏུ་འཆད་པ་རྣམས་རྒྱུད་ཀྱི་དགོངས་པ་མ་ཡིན་གྱི། སྔར་བཤད་པའི་དབེན་གསུམ་དང་སྒྱུ་ལུས་ཀྱི་རྒྱུའི་ཁྱད་པར་ལས་རྣལ་འབྱོར་པའི་སེམས་དེ་ཁོ་ན་ཉིད་ཀྱི་རྣམ་པ་ཅན་དུ་མཐར་ཐུག་པ་དང་། དེའི་རྟེན་ལུས་ རྡོ་རྗེ་འཆང་གི་རྣམ་པ་ཅན་གྱི་ལྷ་སྐུར་མཐར་ཐུག་པ་ཡིན་ནོ། །ཡན་ལག་ལྔ་པ་རྗེས་དྲན་ནི། རྗེས་དྲན་གང་ཞིག་རྣམ་བསྒོམས་པ། །དེ་དང་འདྲ་བར་སྤྲོ་བར་བྱ། །རྗེས་སུ་དྲན་པ་ཞེས་བཤད་དེ། །སོ་སོར་སྣང་བ་དེ་ལས་སྐྱེ། །ཞེས་སོ། །འོད་གསལ་ལས་ལངས་ནས་སེམས་ གསུམ་ལུགས་ལྡོག་ཏུ་ཤར་བ་ནི་འོད་གསལ་ཡིན་ལ། སོ་སོར་སྣང་བ་ཞེས་པ་ཁ་ཅིག་གིས་ཀུན་རྫོབ་བདེན་པ་ལ་བཤད་ཀྱང་། འོད་གསལ་ལ་བཤད་པ་ལྟར་འཐད་པས་དེ་ལས་རྗེས་སུ་སྐྱེ་བས་བསྐྱེད་བྱར་བྱའོ། །ཡན་ལག་དྲུག་པའི་ཏིང་ངེ་འཛིན་ནི། ཐབས་ 5-8-23a དང་ཤེས་རབ་སྙོམས་འཇུག་པས། དངོས་པོ་ཐམས་ཅད་མདོར་བསྡུས་པ། །གོང་བུའི་ཚུལ་གྱིས་བསྡུས་ནས་ནི། །དབུས་སུ་གཟུགས་ནི་རྣམ་པར་བསྒོམ། །ཡུད་ཀྱིས་ཡེ་ཤེས་རྫོགས་བྱེད་པས། །ཏིང་ངེ་འཛིན་ཅེས་བཏགས་པ་ཡིན། །ཞེས་སོ། །ཐབས་ཀུན་ རྫོབ་བདེན་པ་སྒྱུ་ལུས་དང་ཤེས་རབ་འོད་གསལ་གཉིས་དུས་གཅིག་ཏུ་འདུས་ནས་དབྱེར་མེད་རོ་གཅིག་ཏུ་གྱུར་པ་ནི་སྙོམས་པར་འཇུག་པ་སྟེ་ཟུང་འཇུག་གོ། དངོས་པོ་ཐམས་ཅད་ནི་རྒྱུ་བ་དང་མི་རྒྱུ་བའོ། །གོང་བུ་ནི། རྡོ་རྗེ་འཆང་གི་གཟུགས་ཏེ། བརྟན་ གཡོའི་དབུས་སུ་བདག་ཉིད་རྡོ་རྗེ་འཆང་གི་སྐུ་ཟུང་འཇུག་གི་བདག་ཉིད་དུ་གྱུར་པ་ནི་རྣམ་པར་བསྒོམ་པའོ། །རིམ་པ་དེ་ཉིད་ཀྱིས་སྐད་ཅིག་ཙམ་གྱིས་ཡེ་ཤེས་ཀྱི་སྐུ་རྫོགས་པ་ནི་ཏིང་ངེ་འཛིན་ཡིན་ནོ། །སློབ་པའི་ཟུང་འཇུག་ཐོབ་པ་ནས་བཟུང་སྟེ། དུས་ནམ་ ཡང་རྡོ་རྗེའི་སྐུ་རྒྱུན་ཆད་པ་མི་སྲིད་ཅིང་། སྒྱུ་ལུས་ནི་འོད་གསལ་མངོན་དུ་གྱུར་པའི་ཚེ་འགག་གོ། དེའི་རྒྱུ་མཚན་ཡང་སྒྱུ་ལུས་ཀྱི་གཞིར་ཆོས་ཉིད་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་སེམས་གསུམ་གྱི་སྣང་བ་དགོས་ལ་ཆོས་ཉིད་མངོན་གསུམ་དུ་རྟོགས་པའི་ཚེ་དེ་མི་ སྲིད་པས་སོ། །སློབ་པའི་ཟུང་འཇུག་ཐོབ་པ་ནས་རྣམ་སྨིན་གྱི་ལུས་དང་ལས་དབང་རྟེན་བརྟེན་པའི་འབྲེལ་བ་ཞིག་པས་ཏིང་ངེ་འཛིན་གྱི་མཐུས་བཟུང་བ་ཙམ་མོ། །འོད་གསལ་ལས་ལངས་ནས་སེམས་གསུམ་ལུགས་ལྡོག་ཏུ་ཤར་བའི་མཐར་ལྷ་སྐུ་འགྲུབ་པ་ ཙམ་ནས་ཟུང་འཇུག་ཏུ་མི་འཇོག་ལ། དེ་ནས་ལུས་དེ་ལྟར་གནས་བཞིན་པ་ལ་འོད་གསལ་བཞག་ནས་དུས་གཅིག་ཏུ་འདུས་པ་དེ་ཕྱིན་ནས་བཟུང་ངོ་། །ཉེ་རྒྱུ་སྤྱོད་པ་བྱེད་པའི་དུས་ནི། སེམས་དབེན་ཐོབ་པ་ནས་བཟུང་སྟེ། འོད་གསལ་མངོན་དུ་མ་གྱུར་པའི་ 5-8-23b བར་ཡིན་གྱི། དེ་ཕྱིན་ཆད་འོད་གསོ་ལ་གོམས་ནས་སྒྲིབ་པ་སྤོང་བར་བྱེད་པ་ཙམ་མོ། །དེ་ལྟར་སེམས་དབེན་དང་སྒྱུ་ལུས་རྒྱུད་ཕྱི་མའི་ཚིག་གིས་དངོས་སུམ་བསྟན་ཀྱང་། ཟུང་འཇུག་བསྟན་པ་ན་ཡ་སོ་སོར་དེའི་གོང་དུ་བསྒྲུབ་དགོས་ཤིང་། དེའང་ཡན་ལག་གསུམ་པ་སྲོག་རྩོལ་ གྱི་ལག་རྗེས་ལ་ཇི་ལྟར་འབྱུང་དང་འོད་གསལ་མངོན་དུ་འགྱུར་བའི་རྟགས་སོགས་ལ་དཔགས་ནས་ཤེས་སོ། །འདི་ཕག་ལོ་སྟོན་དུས་དབུས་ཀྱི་ལྷ་ས་སེར་ཆོས་སྡིངས་སུ། བླ་མ་རིན་པོ་ཆེ་བློ་བཟང་གྲགས་པའི་ཞལ་སྔ་ནས། དྲུང་འཁོར་ཉི་ཤུ་རྩ་ལྔ་ལ་གསང་འདུས་རིམ་ལྔའི་ ཁྲིད་གནང་དུས། སློན་དཔོན་དཀའ་བཅུ་པ་དར་མ་རིན་ཆེན་གྱིས་ཟིན་བྲིས་སུ་མཛད་ཅིང་བཀའ་རྒྱ་ཤིན་ཏུ་དམ་པར་མཛད་དོ།། །།ཨོཾ་སྭསྟི། །ཕན་བདེའི་འབྱུང་གནས་རྒྱལ་བསྟན་ཡོངས་འདུའི་ལྗོན། །རབ་རྒྱས་འགྲོ་ཀུན་ཐར་མཆོག་འབྲས་བཟང་ ལ། །སྤྱོད་ཕྱིར་དགའ་ལྡན་རྣམ་རྒྱལ་ཆོས་གྲྭ་ཆེར། །ཆོས་སྦྱིན་འཛད་མེད་དལ་འགྲོའི་རྒྱུན་འདི་སྤེལ།། སརྦ་མངྒ་ལཾ། །