3-1-1a ༄༅། །རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པའི་བཀའ་འབུམ་ག་པའི་དཀར་ཆག་བཞུགས་སོ།། 3-1-1b ༄༅༅། །སྭསྟི། མ་སྙིང་སྟོབས་ལྷོ་ལམ་ལས་འོངས་པའི། །དཔྱད་བཟོད་གཏམ་གྱི་དྲི་བསུང་ཡོངས་རྫོགས་པ། །ལུང་རིགས་མགྱོགས་འགྲོའི་ཤུགས་ ཀྱིས་འཛམ་གླིང་ཁྱོན། །ཀུན་ཁྱབ་འཇམ་མགོན་ཡབ་སྲས་ཞིང་འདིའི་དཔལ། །གང་དེའི་བཞེད་སྲོལ་ཛམྦུའི་གསེར་བཞུན་རྒྱུན། །དབྱིག་ལྡན་སྒེག་མོའི་ལྟོ་བར་ཡུན་འཁྱིལ་སླད། ། དགའ་ལྡན་སྐུ་བཅར་དར་ཧན་མཁན་པོ་ཡིས། །འཛད་མེད་བར་གྱི་ཆོས་སྦྱིན་སྤེལ་བ་ལས། །སྔོན་རབས་མཁས་སྙེམས་མེས་རྒན་རྣམ་དཔྱོད་ཀྱིས། །མ་ལྕིགས་ཁུངས་ལྡན་མདོ་རྒྱུད་དཀའ་ གནད་གཟུགས། །རྫོགས་པའི་ལེགས་བཤད་ཀུན་མཐོང་པུསྟ་ཀར། །རྡོ་རྗེ་འཆང་གི་ལམ་གྱི་རིམ་པ་བཞུགས། ༼ག༽ པར་རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་ལམ་གྱིས་རིམ་པ་གསང་བ་ ཀུན་གྱི་གནད་རྣམ་པར་ཕྱེ་བ་ལ་ ༤༤༡ དཀར་ཆག་ལ་ ༡ བཅས་བསྡོམས་ཤོག་གྲངས་ ༤༤༢ བཞུགས།། །། 3-2-1a ༄༅། །རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་གསང་བ་ཀུན་གྱི་གནད་རྣམ་པར་ཕྱེ་བ་ཞེས་བྱ་བ་བཞུགས་སོ། ། 3-2-1b ༄༅། །རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་གསང་བ་ཀུན་གྱི་གནད་རྣམ་པར་ཕྱེ་བ་ཞེས་བྱ་བ། བླ་མ་དམ་པ་རྣམས་དང་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞབས་ཀྱི་པདྨོ་ལ་སྐྱེ་བ་ཀུན་ཏུ་ གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །གང་གི་ཞབས་པད་གཙུག་ན་གུས་བསྟེན་པས། །སྲིད་ཞིའི་རྒུད་པ་གཅོད་པའི་དྲི་མེད་ལམ། །བརྩེ་བའི་ཐུགས་ཀྱིས་ཇི་བཞིན་འདོམས་མཛད་པ། །བཤེས་ གཉེན་དམ་པ་རྣམས་ཀྱི་ཞབས་ལ་འདུད། །དྲི་མེད་མཁའ་ལ་ཡིད་འཕྲོག་འཇའ་ཚོན་བཞིན། །སྤྲོས་ཀུན་ཉེར་ཞིའི་གནས་ལས་མ་གཡོས་པར། །རྣམ་རོལ་སྐུ་ཡི་བཀོད་པས་ལྷ་ཡི་ཚོགས། །རབ་འབྱམས་སྤྲོ་ མཛད་འཁོར་ལོའི་མགོན་དེས་སྐྱོངས། །དེ་ཡིས་ཇི་སྙེད་གསུངས་པའི་གསང་བའི་གནས། །མ་ལུས་སྡུད་མཛད་རིག་སྔགས་འཆང་བའི་རྗེ། །མཐུ་སྟོབས་མགོན་ལ་བདག་གིས་གུས་བཏུད་ཀྱིས། །ད་ནི་བདུད་སྡེ་བག་ཡོད་ 3-2-2a བསྟེན་པར་རིགས། །རྒྱལ་བ་ཀུན་གྱི་ཡབ་གཅིག་འཇམ་པའི་དབྱངས། །དགྱེས་ནས་སྤྱན་རས་ཙམ་གྱིས་བཙས་པ་ལའང༌། །རྒྱལ་བའི་དགོངས་ཟབ་རྟོགས་པའི་རྣམ་དཔྱོད་ཀྱི། །མཆོག་སྦྱིན་མཛད་ ཅེས་ཐོས་ནས་རིང་ཞིག་ནས། །རྒྱུན་མི་ཆད་དུ་ལྷག་པའི་ལྷར་བསྟེན་ཅིང༌། །ད་དུང་ཁྱོད་ཀྱི་ཞབས་པད་སྤངས་ནས་ནི། །ནམ་ཡང་སྐྱབས་གཞན་མེད་དོ་མཁྱེན་པའི་གཏེར། །བདག་གི་རེ་བ་འབྲས་བུ་མཆིས་པར་མཛོད། །རྒྱུད་ དོན་མཁས་པས་བཀྲལ་བ་ཇི་བཞིན་དུ། །ཚུལ་བཞིན་སྒྲུབ་པར་འདོད་པ་མང་པོ་དང༌། །རབ་འབྱམས་གཞུང་ལ་མཁྱེན་པ་རབ་རྒྱས་པ། །སྐད་གཉིས་སྨྲ་བས་རིང་ནས་བསྐུལ་གྱུར་ཅིང་། །སྐྱེ་དགུའི་གཙུག་ན་བསོད་ནམས་དུ་མས་ བརྗིད། །དཔལ་ལྡན་རྡོ་རྗེ་ཐེག་པ་ཕྱོགས་ཀུན་ཏུ། །རྒྱས་པའི་ཁུར་འཛིན་ལྷག་བསམ་བཟང་པོ་ཅན། །དེ་ཡིས་ཡང་ཡང་ཉེ་བར་བསྐུལ་བ་དང༌། །གཞུང་ལུགས་གདམས་པར་མ་ཤར་ཕྱོགས་རེས་ཚིམ། །ལུང་དོན་དྲི་མེད་ རིགས་པས་དཔྱོད་མི་ནུས། །མང་དུ་ཐོས་ཀྱང་སྒྲུབ་ལ་མི་བརྩོན་པ། །དེ་ཡིས་རྒྱལ་བ་དགྱེས་པར་མི་ནུས་པར། །གཟིགས་ནས་བསྟན་ལ་ཚུལ་བཞིན་ལེགས་སློབ་པའི། །སྔོན་གྱི་དམ་པའི་སྤྱོད་པས་བདག་གི་ཡིད། །ཆེས་ཆེར་ དྲངས་པས་དེ་དག་རྣམས་ཀྱི་ལུགས། །གསལ་བའི་ཕྱིར་དུ་འདི་ན་འབད་པ་ལ། །ཞིང་སྐྱེས་ལྷན་ཅིག་སྐྱེས་དང་སྔགས་སྐྱེས་ཀྱི། །མཁའ་འགྲོའི་ཚོགས་ཀྱིས་བུ་ལ་མ་བཞིན་དུ། །བརྩེ་བར་དགོངས་ནས་དངོས་གྲུབ་ཀུན་ 3-2-2b སྩོལ་ཞིང༌། །བགེགས་ཀུན་ཉེ་བར་ཞི་བའི་བཀའ་དྲིན་མཛོད། །གང་ཞིག་ཐེག་པ་མཆོག་གི་རིགས་ཀྱི་ནུས་པ་མི་དམན་པ། བཤེས་གཉེན་དམ་པའི་མགོན་གྱིས་ཟིན་ནས་ལམ་ཐུན་མོང་བ་ལ་སྦྱངས་པས་སྙིང་རྗེ་ཆེན་པོས་ཡིད་ཆེས་ཆེར་བསྐྱོད་པས། འཁོར་བ་ན་ འཁྱམ་པའི་མ་དྲིན་ཅན་རྣམས་དེ་ནས་འདོན་པ་ལ་ཤིན་ཏུ་རིངས་པ་དེ་དག་ནི། སེམས་ཅན་ཐམས་ཅད་ཀྱི་སྐྱབས་གཅིག་པུ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གོ་འཕང་མྱུར་དུ་སྟེར་བའི་ཉེ་ལམ་ཟབ་མོ་རྡོ་རྗེ་ཐེག་པར་འཇུག་པར་བྱའོ། །དེའི་ཕྱིར་འདིར་ རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་བཤད་པར་བྱའོ། །འདི་ལ་གཉིས། རྒྱལ་བའི་བསྟན་པ་ཁོ་ན་ཐར་འདོད་ཀྱི་འཇུག་ངོགས་སུ་བསྟན་པ་དང༌། དེ་ལ་འཇུག་པའི་རིམ་པ་མི་འདྲ་བའི་སྒོ་བསྟན་པའོ། །དང་པོ་ནི། རང་དང་གཞན་གྱི་དོན་ཆེན་པོའི་ གནས་ལ་དཔྱོད་པ་ཞུགས་ནས་སྲོག་འདི་ཇི་སྲིད་འཚོ་བ་དེ་སྲིད་ཚུན་ཆད་ཀྱི་བདེ་བ་སྒྲུབ་པ་དང༌། སྡུག་བསྔལ་སེལ་བའི་འཇུག་ལྡོག་འཇིག་རྟེན་པའི་རྒན་པོ་རྣམས་ཀྱིས་རྣམ་པར་ཕྱེ་བའི་ལུགས་ཙམ་གྱིས་ཆོག་པར་མི་འཛིན་པར། འཇིག་རྟེན་ཕྱི་མ་ ཕན་ཆད་ཀྱི་གོང་མའི་ཁྱད་པར་ཚོལ་བ་རྣམས་ཀྱི་འཇུག་ངོགས་ནི། གང་ཟག་གཞན་ཕལ་མོ་ཆེས་སྙིང་ཐག་པ་ནས་རྗེས་སུ་ཡི་རང་བ་ཙམ་ཡང་བྱ་བར་དཀའ་ལ། འཇིག་རྟེན་ཐམས་ཅད་དང་མི་མཐུན་པའི་གཏམ་གྱི་གཞིར་གྱུར་པ་བདག་པས་ གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་དང༌། དེས་ཀུན་ཏུ་དྲངས་པའི་རྒྱལ་སྲས་ཀྱི་སྤྱོད་པ་རླབས་ཆེ་བ་རྣམས་ལ་བསླབས་པ་ལ་བརྟེན་ནས་རྨད་དུ་བྱུང་བའི་གོ་འཕང་མཆོག་བརྙེས་པས། ཐ་ན་དབུགས་ཕྱི་ནང་དུ་རྒྱུ་བ་ཙམ་ཡང་སེམས་ཅན་རྣམས་ 3-2-3a ལ་སྨན་པའི་ཐབས་ཆེན་པོར་འགྱུར་བ། སྐྱེ་དགུ་ཐམས་ཅད་ཀྱི་ཉེར་འཚོའི་གཞི་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་ཞེས་སྙན་པའི་བ་དན་ས་གསུམ་ན་རྣམ་པར་གཡོ་བ་དེའི་བསྟན་པ་ཁོ་ན་ཡིན་ཏེ། སྤེལ་མར་བསྟོད་པ་ལས། གཏིང་ མཐའ་མེད་པའི་འཁོར་བ་ནི། །རྒྱ་མཚོའི་ནང་ན་རྣམ་པར་གནས། །འདོད་ཆགས་ལ་སོགས་མི་བཟད་པའི། །ཆུ་སྲིན་གྱིས་ནི་ལུས་ཟོས་པས། །དེ་རིང་གང་ལ་སྐྱབས་སུ་མཆི། །གང་ལ་ཉེས་པ་ཐམས་ཅད་ཀུན། །གཏན་ནས་ཡོང་ཡེ་མི་མངའ་ཞིང༌། །གང་ ཞིག་ལ་ནི་ཡོན་ཏན་ཀུན། །རྣམ་པ་ཀུན་ཏུ་གནས་གྱུར་པ། །གལ་ཏེ་སེམས་ཤིག་ཡོད་ན་ནི། །དེ་ཉིད་ལ་ནི་སྐྱབས་འགྲོ་ཞིང༌། །དེ་བསྟོད་དེ་ནི་བཀུར་བ་དང༌། །དེ་ཡི་བསྟན་ལ་གནས་པའི་རིགས། །ཞེས་གང་གསུངས་པ་ལྟར་རོ། །དེ་ལྟ་ ནའང་རྣམ་པར་གྲོལ་བའི་ལམ་མི་ཤེས་བཞིན་དུ་ཤེས་པར་རློམ་པའི་ང་རྒྱལ་གྱི་དུག་ཆུས་མྱོས་པའི་སྟོན་པར་རློམ་པ་སེར་སྐྱ་ལ་སོགས་པས། བདེ་བར་གཤེགས་པ་རྣམས་ཀྱིས་ཉེ་བར་བསྟན་པ་ལས་ཚུལ་གཞན་དུ་དངོས་པོའི་དེ་ཁོ་ ན་ཉིད་བསྟན་པར་འདོད་ནས་ཡང་དག་པའི་ལམ་ལྟར་བཅོས་པའི་གཞུང་མི་འདྲ་བ་དུ་མ་ཞིག་སྦྱར་ནས་ཐར་འདོད་རྣམས་ལ་འདོམས་པར་བྱེད་དོ། །དེའི་ཕྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་དང༌། དེས་ཉེ་བར་བསྟན་པ་དང༌། དེ་ལ་ ཚུལ་བཞིན་དུ་སློབ་པ་རྣམས་ཁོ་ན་ཐར་པ་འདོད་པ་རྣམས་ཀྱི་སྟོན་པ་དང་ལམ་དང་ཐར་པར་བགྲོད་པའི་གྲོགས་ཡིན་གྱི། ཆོས་འདི་ལས་གཞན་དུ་གྱུར་པའི་སྟོན་པ་དང་བསྟན་པ་དང་དེ་ལ་སློབ་པ་རྣམས་ནི་དེ་ལྟ་མ་ཡིན་ནོ་ཞེས་སྐྱབས་གནས་ 3-2-3b ལ་ཡིད་གཞན་དུ་མི་གཡོ་བའི་ངེས་པ་རྙེད་དགོས་ལ། དེ་ལྟ་ན་ཐུབ་པའི་བསྟན་པ་ཁོ་ན་ཐར་པ་འདོད་པ་རྣམས་ཀྱི་འཇུག་ངོགས་སུ་རྟོགས་པར་འགྱུར་རོ། །ངེས་པ་དེ་ཡང་བློའི་མཐུ་ཆུང་བས་ནི་ཡིད་དཔྱོད་ཙམ་གྱིས་ཡིན་ལ། བློའི་མཐུ་ཆེ་བས་ནི་ཚད་མས་ དྲངས་པའི་ངེས་པ་བརྟན་པོ་བཙལ་བར་བྱ་སྟེ། དེ་ལྟ་མ་ཡིན་ན་དམ་བཅའ་བ་ཙམ་དུ་ཟད་པས་སོ། །དེ་ཡང་ལྷ་ལས་ཕུལ་བྱུང་གི་བསྟོད་པ་ལས། བདག་ནི་སངས་རྒྱས་ཕྱོགས་མི་འཛིན། །སེར་སྐྱ་སོགས་ལ་མི་སྡང་ཡང༌། །གང་ཞིག་རིགས་པར་ ལྡན་པའི་ཚིག །དེ་ཉིད་སྟོན་པར་ཡོངས་སུ་འཛིན། །ཞེས་གསུངས་པ་ལྟར། རང་དང་གཞན་གྱི་སྟོན་པའི་ལུགས་ལ་ཕྱོགས་ལྷུང་དང་སྡང་ཞུགས་དོར་ནས་འདི་གཉིས་ལས་གང་ནི་ལེགས་པར་བཤད་པ་ཡིན་ལ། གང་ནི་ཉེས་པར་བཤད་པ་ཡིན་ སྙམ་དུ་དཔྱད་པ་ན། གདུལ་བྱའི་དོན་གཉིས་འགྲུབ་པའི་ཐབས་སྟོན་པ་གང་ལ་སྒྲུབ་བྱེད་ཡང་དག་ཡོད་པ་དེ་ཉིད་ནི་བླང་བར་བྱ་བ་ཡིན་ནོ། །དེའི་ཚེ་ལུང་གཉིས་ནི་བདེན་པའི་དོན་ཅན་ཡིན་མིན་དཔྱོད་པའི་གཞི་ཡིན་པས་རྩོད་གཞི་སྒྲུབ་བྱེད་དུ་ མི་རུང་བའི་ཕྱིར་རིགས་པ་ཉིད་ཀྱིས་བདེན་པའི་དོན་ཅན་ཡིན་མིན་དབྱེ་བར་བྱའོ། །དེའི་ཚུལ་ནི་གང་ཟག་གི་རྒྱུད་ལ་སྐྱེ་བ་ན་གནས་སྐབས་ཀྱི་ཐོབ་བྱ་མངོན་མཐོ་སྔོན་དུ་ཐོབ་ནས་ཕྱི་ནས་ངེས་ལེགས་ཐོབ་པར་བྱ་བ་ཡིན་མོད་ཀྱང༌། ལུང་གང་སྐྱེས་ བུའི་དོན་གཉིས་སྟོན་པ་རྣམས་དེ་ལ་སླུ་མི་སླུ་དཔྱོད་པའི་ཚེ་ནི། གཙོ་བོའི་དོན་ངེས་ལེགས་ལ་མི་སླུ་བར་རིགས་པས་གྲུབ་པ་སྔོན་དུ་བཏང་ནས་ཐོབ་བྱ་ཕལ་པ་མངོན་མཐོ་ལ་མི་སླུ་བར་དཔོག་པ་ནི་མཁས་པའི་དབང་པོ་རྣམས་ཀྱི་བཞེད་པ་ཡིན་ཏེ། རྣམ་ 3-2-4a འགྲེལ་ལས། གཙོ་བོའི་དོན་ལ་མི་སླུའི་ཕྱིར། །གཞན་ལ་རྗེས་སུ་དཔག་པ་ཡིན། །ཞེས་དང༌། བཞི་བརྒྱ་པ་ལས་ཀྱང༌། སངས་རྒྱས་ཀྱིས་གསུངས་ལྐོག་གྱུར་ལ། །གང་ཞིག་ཐེ་ཚོམ་སྐྱེ་འགྱུར་བ། །དེ་ཡིས་སྟོང་པ་ཉིད་བརྟེན་ཏེ། །འདི་ ཉིད་ཁོ་ནར་ཡིད་ཆེས་བྱ། །ཞེས་གསུངས་པ་བཞིན་ནོ། །དེས་ན་བདག་ཏུ་འཛིན་པའི་ཀུན་འབྱུང་ལས་སྡུག་བསྔལ་གྱི་ཕུང་པོ་ཉིང་མཚམས་སྦྱོར་བའི་འཁོར་བ་དང༌། བདག་མེད་རྟོགས་པའི་ཤེས་རབ་ཀྱིས་རྣམ་པར་གྲོལ་བའི་གོ་འཕང་སྒྲུབ་པའི་ཐར་ བར་བགྲོད་པའི་རིམ་པ་རྣམས་རིགས་པའི་གཞུང་ལུགས་རྣམས་སུ་རིགས་པས་བསྒྲུབས་པ་ལྟར་རིགས་པས་གྲུབ་པ་དགོས་ཀྱི། དེ་དག་ཚུར་མཐོང་ལ་ཤིན་ཏུ་ལྐོག་གྱུར་ཡིན་པས་སྒྲུབ་བྱེད་ལུང་ཙམ་དུ་ཟད་དོ་ཞེས་སྨྲ་བ་ནི། བདག་ནི་སྟོན་པ་ གཞན་སྤངས་ནས་བཅོམ་ལྡན་ཁྱོད་ལ་སྐྱབས་སུ་སོང་བ་འདི་ནི་རང་གི་འདོད་པ་ཙམ་དུ་ཟད་ཀྱི། སྒྲུབ་བྱེད་ཡང་དག་པ་ཅི་ཡང་མེད་དོ་ཞེས་རང་གི་སྐྱབས་འགྲོའི་མཚང་སྒྲོག་པ་སྟེ། དེའི་ཚེ་ལུང་སྒྲུབ་བྱེད་དུ་མི་རུང་ལ་རིགས་པའི་སྒྲུབ་བྱེད་ཀྱང་མེད་ པར་འདོད་པའི་ཕྱིར་རོ། །གཞན་ཡང་རང་གཞན་གྱི་སྟོན་པས་སྐྱེ་བ་སྔ་ཕྱི་ཡོད་མེད་དང༌། ཕུང་པོ་རྟག་མི་རྟག་དང༌། བདག་ཡོད་མེད་སོགས་མི་མཐུན་པ་བསྟན་པའི་ལུང་རྣམས་ལ་གང་འཐད་ལ་གང་མི་འཐད་ཅེས་རང་གི་སྡེ་པ་ཆེན་པོ་རྣམས་དང་གཞན་ སྡེ་རྣམས་རྩོད་པ་ན། རང་གི་སྟོན་པའི་ལུང་དེ་རྣམས་རྣམ་དག་ཏུ་སྒྲུབ་མི་ནུས་པར་ཡང་འགྱུར་རོ། །དངོས་སྟོབས་ཀྱི་ཚད་མས་མི་འགྲུབ་པའི་ཤིན་ཏུ་ལྐོག་གྱུར་སྟོན་པའི་ལུང་རྣམས་ནི་རང་གི་བསྟན་བྱའི་དོན་ལ་མི་སླུ་བར་དཔྱད་པ་གསུམ་གྱིས་དག་ 3-2-4b པའི་གཏན་ཚིགས་ཀྱིས་སྒྲུབ་ལ། དེའི་ཚུལ་སྒྲུབ་པ་ཡང་རིགས་པས་འགྲུབ་ཀྱི་ལུང་སྒྲུབ་བྱེད་དུ་ཁས་ལེན་པ་ལ་མི་ལྟོས་ཏེ་འདིར་ནི་སྒོ་ཙམ་ཞིག་བསྟན་གྱི་རྒྱས་པར་གཞན་དུ་བྱའོ། །གཞན་སྡེའི་ལུང་སྐྱེས་བུའི་དོན་གྱི་གཙོ་བོ་སྟོན་པ་རྣམས་ནི་སྔ་ཕྱི་འགལ་བ་ ཉིད་ཡིན་ཏེ། དཔེར་ན། གཙོ་བོ་དང་དབང་ཕྱུག་ལ་སོགས་པའི་རྟག་པ་འཁོར་བའི་བྱེད་པ་པོར་སྨྲ་ཞིང༌། ཡང་གྲོལ་བ་དོན་གཉེར་གྱིས་ལམ་བསྒོམས་པའི་མཐར་འཁོར་བ་ལྡོག་པར་ཡང་འདོད་པ་ལྟ་བུ་སྟེ། འཁོར་བའི་རྒྱུའི་གཙོ་བོ་མ་ལོག་ན་འཁོར་བ་མི་ ལྡོག་པའི་ཕྱིར་དང་རྟག་པའི་རྒྱུ་ཡིན་ན་དུས་ནམ་ཡང་ལྡོག་པར་མི་རུང་བའི་ཕྱིར་རོ། །དེ་བཞིན་དུ་བདག་མེད་པའི་ལྟ་བ་སུན་འབྱིན་ཞིང་འཁོར་བར་འཆིང་བ་ཆད་པའི་གྲོལ་བ་ཐོབ་བྱར་བྱེད་པ་ཡང་འགལ་བའོ། །སྔར་བཤད་པ་ལྟར་རང་གི་སྟོན་པ་ལ་ སོགས་པའི་སྐྱབས་གསུམ་ཐར་འདོད་ཀྱི་སྐྱབས་ཡིན་གྱི། དེ་དང་མི་མཐུན་པའི་སྟོན་པ་ལ་སོགས་པ་སྐྱབས་གཏན་མིན་ནོ་སྙམ་པའི་ངེས་པ་མ་དྲངས་ན། རང་གི་སྐྱབས་གནས་ལ་རྩེ་གཅིག་པའི་བློ་བརྟན་པོ་མི་འབྱུང་ལ། དེ་འབྱུང་བ་ཡང་ལུགས་གཉིས་ ཀྱི་སྐྱོན་ཡོན་རིགས་པས་མཐོང་བ་ལ་རག་ལས་པས། མུ་སྟེགས་བྱེད་དངོས་སུ་ཡོད་དམ་མེད་ཀྱང་སླ་ཡི་བློ་གྲོས་ཆེ་བ་རྣམས་ཀྱིས་སྐྱབས་འགྲོའི་བློ་ཁྱད་པར་ཅན་སྐྱེད་པར་འདོད་ན་སྔར་ལྟར་བྱའོ། །དེས་ན་སྡེ་བདུན་ལ་སོགས་པ་རིགས་པའི་བསྟན་བཅོས་ རྣམས་ནི། རང་གི་སྟོན་པ་སངས་རྒྱས་དང་དེའི་བསྟན་པ་ལུང་རྟོགས་གཉིས་དང་དེ་དག་ཚུལ་བཞིན་དུ་ཉམས་སུ་ལེན་པ་ལ་ཚིག་ཙམ་མིན་པའི་གུས་པ་ཆེན་པོ་སྐྱེད་པའི་ཐབས་མཆོག་ཏུ་ཤེས་པར་བྱོས་ཤིག །གཉིས་པ་ལ་གཉིས། ཐེག་པ་སྤྱིའི་དབྱེ་བ་དང༌། 3-2-5a ཐེག་པ་ཆེན་པོའི་དབྱེ་བའོ། །དང་པོ་ལ་བཞི། ཇི་ལྟར་དབྱེ་བའི་སྒོ། གང་གིས་འབྱེད་པའི་རྒྱུ་མཚན། ཕྱེ་བ་སོ་སོའི་རང་བཞིན། ཐམས་ཅད་ཀྱང་མཐར་འཚང་རྒྱ་བའི་ཡན་ལག་ཏུ་བསྟན་པའོ། །དང་པོ་ནི། སྤྱོད་བསྡུས་སྒྲོན་མེར་གདུལ་བྱའི་མོས་པ་ གསུམ་གྱི་དབང་དུ་བྱས་ནས་སྤྱོད་པ་གསུམ་དུ་བསྡུས་ནས་ཕྱེ་སྟེ། དམན་པ་ལ་མོས་པ་ལ་ཆགས་བྲལ་གྱི་སྤྱོད་པ་དང༌། རྒྱ་ཆེན་པོ་ལ་མོས་པ་ལ་ས་དང་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་དང༌། ཟབ་མོ་ལ་ལྷག་པར་མོས་པ་ལ་འདོད་ཆགས་ཀྱི་སྤྱོད་པ་བསྟན་པའོ། །དེ་ བཞིན་དུ་ཚུལ་གསུམ་སྒྲོན་མེ་ལས་ཀྱང༌། བདེན་པའི་དེ་ཉིད་ཚུལ་སྟོན་གང༌། །ཕ་རོལ་ཕྱིན་ཚུལ་དོན་གང་ཡང༌། །གསང་སྔགས་ཆེན་པོའི་ཚུལ་དོན་ཡང༌། །བསྡུས་ནས་འདིར་ནི་བསྟན་པ་ཡིན། །ཞེས་སློབ་དཔོན་ཀྲྀ་པི་ཏ་ཀ་མ་ལས་བདེན་པ་བཞིའི་རྣལ་ འབྱོར་པའི་ཚུལ་ལ་སོགས་པ་ཚུལ་གསུམ་དུ་བསྡུས་ལ། ཡེ་ཤེས་གྲགས་པས་ཀྱང་བཀའ་མ་ལུས་པ་མདོར་བསྡུས་ཏེ་བཤད་པའི་རབ་ཏུ་བྱེད་པ་ལས་དེ་ལྟར་དུ་བསྡུས་སོ། །མདོ་སྡེའི་རྒྱན་ལས་ནི། སྡེ་སྣོད་དག་ནི་གསུམ་མམ་གཉིས་ཀྱང་རུང༌། །ཞེས་ ཐེག་པ་མཆོག་དམན་གྱི་སྡེ་སྣོད་གཉིས་སུ་གསུངས་ཏེ། དེ་རྣམས་ཀྱང་གསུང་རབ་ཀྱི་དབྱེ་བ་དང་ལམ་མམ་ཐེག་པའི་དབྱེ་བ་གཉིས་ཀ་ལ་དྲངས་ཏེ་བཤད་པས་ཆོག་གོ །གཉིས་པ་ནི། དབྱེ་བའི་སྒོ་གཉིས་སུ་གསུངས་པའི་རྒྱུ་མཚན་བཤད་ན། ཆེད་དུ་བྱ་བ་ དམན་པ་བདག་གཅིག་པུའི་ཕྱིར་དུ་ཐོབ་བྱ་དམན་པ་འཁོར་བའི་སྡུག་བསྔལ་ཙམ་ཞི་བའི་གོ་འཕང་དོན་དུ་གཉེར་བ་དང༌། ཆེད་དུ་བྱ་བ་ཁྱད་པར་དུ་འཕགས་པ་སེམས་ཅན་ཐམས་ཅད་ཀྱི་ཕྱིར་དུ་ཐོབ་བྱ་མཆོག་སངས་རྒྱས་ཀྱི་གོ་འཕང་དོན་དུ་གཉེར་བའི་ 3-2-5b གདུལ་བྱ་དམན་མཆོག་གཉིས་ཡོད་པས། དེ་གཉིས་ཐེག་པ་གང་གིས་རང་རང་གི་གོ་འཕང་དུ་འགྲོ་བའི་ཐེག་པ་གཉིས་ལ་ཐེག་པ་དམན་པ་དང་ཐེག་པ་ཆེན་པོ་ཞེས་བྱ་ལ། དེ་ཉིད་ཀྱི་དབང་དུ་བྱས་ནས་གསུངས་པའི་ཆོས་གཉིས་ལ་ཐེག་པ་མཆོག་དམན་གྱི་ སྡེ་སྣོད་ཅེས་བྱའོ། །ཐེག་པ་དམན་པ་ལ་ཉན་རང་གཉིས་ཡོད་ཅིང་དེ་དག་རང་རང་གི་གོ་འཕང་དུ་འཁྲིད་པར་བྱེད་པའི་ལམ་ལ་ཉན་རང་གི་ཐེག་པ་གཉིས་སུ་ཕྱེ་བས་ཐེག་པ་གསུམ་མོ། །གསུམ་པ་ལ་གཉིས། ཐེག་པ་དམན་པའི་རྣམ་གཞག་དང༌། ཐེག་པ་ ཆེན་པོའི་རྣམ་གཞག་གོ། དང་པོ་ནི། ཉན་རང་གཉིས་ལ་དབང་པོ་དང་འབྲས་བུ་ལ་མཆོག་དམན་ཡོད་ཀྱང་ལམ་གྱི་རྣམ་གཞག་ཕལ་ཆེར་མཚུངས་པར་སའི་དངོས་གཞི་ལས་གསུངས་ལ། ཁྱད་པར་ཞིབ་པ་ནི་ཚིག་མངས་སུ་དོགས་པས་འདིར་གཉིས་ ཀའི་སྤྱིའི་རྣམ་གཞག་རགས་པ་འགའ་ཞིག་བརྗོད་པར་བྱའོ། །འདི་གཉིས་ཀྱི་རིགས་ཅན་རྣམས་ནི་གཞན་གྱི་དོན་ཁུར་དུ་འཁུར་བ་ལ་རྒྱབ་ཀྱིས་ཕྱོགས་པས་རང་གྲོལ་བ་ཙམ་གྱི་ཕྱིར་དུ་ཞུགས་པ་ཡིན་ལ། རྣལ་གྲོལ་ཐར་པ་འཐོབ་པའི་རྒྱུའི་གཙོ་བོ་ནི་བདག་ མེད་པའི་དོན་རྟོགས་པའི་ཤེས་རབ་སྟེ། འཁོར་བར་འཆིང་བའི་རྒྱུའི་གཙོ་བོ་བདག་འཛིན་ཡིན་པའི་ཕྱིར་རོ། །དེས་ན་དེ་དག་གིས་ཀྱང་དོན་དེ་རྟོགས་ནས་ཤེས་རབ་དེ་བཙལ་ཏེ་ཚུལ་ཁྲིམས་དང་ཏིང་ངེ་འཛིན་ལ་སོགས་པའི་ལམ་གཞན་གྱིས་གྲོགས་བྱས་ནས་ བསྒོམས་པས་ཉོན་མོངས་པ་ཐམས་ཅད་ཟད་པར་བྱེད་དོ། །འདི་དག་གིས་གང་ཟག་གདོད་མ་ནས་རང་གི་མཚན་ཉིད་ཀྱིས་གྲུབ་པའི་རང་བཞིན་གྱིས་སྟོང་ཡང་དེར་སྣང་བའི་སྒྱུ་མ་ལྟ་བུའི་དོན་མ་རྟོགས་ཀྱི། གང་ཟག་ལ་ཕྱི་རོལ་པས་བཏགས་པའི་རྫས་ཡོད་ 3-2-6a ཀྱི་བདག་མེད་པར་རྟོགས་པ་གང་ཟག་གི་བདག་མེད་རྟོགས་པའི་དོན་དུ་མདོ་སྡེ་པ་དང་ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་དང༌། སེམས་ཙམ་པ་དང་དབུ་མ་པ་ཁ་ཅིག་འཆད་དོ། །དཔལ་ལྡན་ཟླ་བ་གྲགས་པ་ནི་དེ་ལྟ་ན་གང་ཟག་ལ་བདེན་པར་ འཛིན་པ་ཅུང་ཟད་ཀྱང་མི་ལྡོག་པས་དེ་འདྲ་བ་དེ་ལ་གང་ཟག་གི་བདག་མེད་པ་རྟོགས་པའི་དོན་མེད་དེ། གང་ཟག་ལ་བདེན་པར་འཛིན་པ་དེ་སྲིད་དུ་གང་ཟག་གི་བདག་འཛིན་ཡང་མི་ལྡོག་པའི་ཕྱིར་དང༌། ཕུང་པོ་ལ་སོགས་པའི་ཆོས་རང་བཞིན་ མེད་པར་རྟོགས་པ་ཆོས་ཀྱི་བདག་མེད་རྟོགས་པའི་དོན་དུ་གཞག་དགོས་པ་ལྟར། གང་ཟག་རང་བཞིན་མེད་པར་རྟོགས་པ་ཡང་གང་ཟག་གི་བདག་མེད་རྟོགས་པའི་དོན་དུ་གཞག་དགོས་པའི་ཕྱིར་རོ། །དེས་ན་ཕུང་པོ་ལ་བདེན་པར་འཛིན་པ་དེ་ སྲིད་དུ་གང་ཟག་ལ་ཡང་བདེན་འཛིན་འཇུག་ལ། དེ་འཇུག་པ་དེ་སྲིད་དུ་ཉོན་མོངས་པ་མ་ལུས་པར་ལྡོག་པ་མེད་པས། ཉན་རང་རྣམས་ཀྱིས་ཇི་ཙམ་འབད་ཀྱང་འཁོར་བ་ལས་མི་གྲོལ་བར་འདོད་དགོས་ན། དེ་ཡང་མི་རིགས་སོ་སྙམ་དུ་དགོངས་ ནས། འཇུག་པ་ལས། ཁྱེད་ཀྱི་རྣལ་འབྱོར་བདག་མེད་མཐོང་བ་ཡིས། །གཟུགས་སོགས་དེ་ཉིད་རྟོགས་པར་མི་འགྱུར་ཞིང༌། །གཟུགས་ལ་དམིགས་ནས་འཇུག་ཕྱིར་འདོད་ཆགས་སོགས། །སྐྱེ་འགྱུར་དེ་ཡི་ངོ་བོ་རྟོགས་མེད་ཕྱིར། །ཞེས་ དང༌། འཇུག་འགྲེལ་ལས་ཀྱང༌། གཟུགས་ལ་སོགས་པའི་རང་གི་ངོ་བོ་ལ་དམིགས་པས་ཕྱིན་ཅི་ལོག་ཏུ་གྱུར་པའི་ཕྱིར། གང་ཟག་གི་བདག་མེད་པ་ཡང་རྟོགས་པར་མི་འགྱུར་ཏེ། བདག་ཏུ་གདགས་པའི་རྒྱུ་ཕུང་པོ་ལ་དམིགས་པའི་ 3-2-6b ཕྱིར་རོ། །ཞེས་གསུངས་སོ། །འདི་ནི་མགོན་པོ་ཀླུ་སྒྲུབ་ཀྱི་བཞེད་པ་ཡིན་ཏེ། རིན་ཆེན་ཕྲེང་བ་ལས། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཉིད། །ངར་འཛིན་ཡོད་ན་ཡང་ལས་ཏེ། །ལས་ལས་ཡང་ནི་སྐྱེ་བ་ཡིན། །ཞེས་དང༌། རྩ་ཤེ་ལས། ལས་དང་ཉོན་མོངས་ཟད་པས་ཐར། །ལས་དང་ཉོན་མོངས་རྣམ་རྟོག་ལས། །དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །ཞེས་ཕུང་པོ་ལ་བདེན་འཛིན་གྱིས་འཁོར་བར་འཆིང་བ་དང༌། འཁོར་བ་ལས་ ཐར་བ་ལ་དེའི་རྩ་བ་བདེན་འཛིན་གྱི་སྤྲོས་པ་ལྡོག་དགོས་ལ། དེ་རང་བཞིན་གྱིས་སྟོང་པའི་དོན་རྟོགས་པས་ཟློག་པར་གསུངས་པའི་ཕྱིར་རོ། །རྣམ་པར་མི་རྟོག་པར་བསྟོད་པ་ལས་ཀྱང༌། སངས་རྒྱས་རང་སངས་རྒྱས་རྣམས་དང༌། །ཉན་ཐོས་རྣམས་ཀྱིས་ ངེས་བསྟེན་པའི། །ཐར་བའི་ལམ་ནི་གཅིག་ཉིད་ཁྱོད། །གཞན་དག་མེད་ཅེས་བྱ་བར་ངེས། །ཞེས་ཆོས་རང་བཞིན་མེད་པར་རྟོགས་པའི་རྣམ་པར་མི་རྟོག་པའི་ཡུམ་གཅིག་པུ་ཐེག་པ་གསུམ་གའི་ཐར་ལམ་དུ་གསུངས་ཏེ། རྒྱལ་བའི་ཡུམ་ལས། ཉན་ཐོས་ཀྱི་ས་ ལ་སློབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབ་པར་བྱ། ཞེས་གསུངས་ཤིང༌། རང་རྒྱལ་དང་སངས་རྒྱས་ཀྱི་ས་ལ་ཡང་དེ་ལྟར་གསུངས་པ་དང༌། སྡུད་པ་ལས། གང་དག་བདེར་གཤེགས་ཉན་ཐོས་འགྱུར་བར་བྱ་སྙམ་དང༌། །རང་ སངས་རྒྱས་དང་དེ་བཞིན་ཆོས་རྒྱལ་འགྱུར་འདོད་པ། །བཟོད་པ་འདི་ལ་མ་བརྟེན་ཐོབ་པར་མི་ནུས་ཏེ། །ཞེས་གསུངས་པའི་དོན་བསྡུས་པའོ། །ཉན་ཐོས་ཀྱི་སྡེ་སྣོད་ལས་ཀྱང༌། གཟུགས་ནི་དབུ་བ་བརྡོས་པ་འདྲ། །ཚོར་བ་ཆུ་ཡི་ཆུ་བུར་བཞིན། །འདུ་ཤེས་ 3-2-7a སྨིག་རྒྱུ་ལྟ་བུ་སྟེ། །འདུ་བྱེད་རྣམས་ནི་ཆུ་ཤིང་བཞིན། །རྣམ་ཤེས་སྒྱུ་མ་ལྟ་བུ་ཞེས། །ཉི་མའི་གཉེན་གྱིས་བཀའ་སྩལ་ཏོ། །ཞེས་གསུངས་ཤིང༌། དོན་དེ་ཉིད་སྟོན་པ་ན་རྩ་ཤེ་ལས་ཀྱང༌། བཅོམ་ལྡན་དངོས་དང་དངོས་མེད་པ། ། མཁྱེན་པས་ཀཱ་ཏྱཱ་ན་ཡི། །གདམས་ངག་ལས་ནི་ཡོད་པ་དང༌། །མེད་པ་གཉིས་ཀའང་དགག་པ་མཛད། །ཅེས་གསུངས་པས། ཐེག་པ་དམན་པའི་སྡེ་སྣོད་དུ་ཡང་ཆོས་ཀྱི་བདག་མེད་པ་མ་བསྟན་པ་མ་ཡིན་ནོ། །འོན་ཀྱང་ཉན་ཐོས་ཀྱི་སྡེ་སྣོད་དུ་མི་རྟག་ པ་ལ་སོགས་པ་བཅུ་དྲུག་གི་ལྟ་བས་དགྲ་བཅོམ་པའི་བར་དུ་བགྲོད་པར་བཤད་པ་མང་ལ། ཐེག་ཆེན་དུ་ཡང་ཆོས་རང་བཞིན་མེད་རྟོགས་དང་མི་རྟག་སོགས་ཀྱི་ལམ་གྱིས་བགྲོད་པའི་ཚུལ་གཉིས་ཀ་གསུངས་མོད་ཀྱང༌། དཔེར་ན། ཐེག་ཆེན་གྱི་ མདོ་སྡེར་སེམས་ཙམ་དང་དབུ་མའི་ལྟ་བས་རྣམ་མཁྱེན་དུ་བགྲོད་པའི་ཚུལ་གཉིས་གསུངས་པ་ལ། སློབ་དཔོན་འཕགས་པས་དབུ་མའི་ཚུལ་སྟོན་པའི་མདོ་རྣམས་ནི། གཞན་དུ་དྲང་དུ་མི་རུང་བར་རིགས་པའི་ཚོགས་ཀྱིས་ངེས་པར་མཛད་པས། སེམས་ཙམ་གྱི་ཚུལ་གསལ་བར་བྱེད་པའི་མདོ་སྡེ་རྣམས་ནི་ཇི་ལྟར་བསྟན་པ་ལས་གཞན་དུ་དྲང་བར་བྱ་དགོས་པ་ལྟར། འདིར་ཡང་ཚུལ་དེ་བཞིན་དུ་འདོད་པར་བྱའོ། །རྒྱུད་སྡེ་རྣམས་ནས་ཀྱང་ཉན་རང་གིས་དངོས་པོའི་དེ་ཁོ་ན་ཉིད་མ་རྟོགས་པ་ ཡང་མང་དུ་གསུངས་ལ། དངོས་པོའི་དེ་ཁོ་ན་ཉིད་མ་རྟོགས་ན་འཁོར་བ་ལས་བརྒལ་མི་ནུས་པ་དང་དངོས་པོ་ལ་བདེན་པར་འཛིན་པའི་རྟོག་པས་འཁོར་བར་འཆིང་བ་ཡང་མང་དུ་གསུངས་ཡོད་པས་མི་འགལ་བར་འཆད་པའི་ཚུལ་ཤེས་ 3-2-7b དགོས་སོ། །འོ་ན་མི་རྟག་པ་ལ་སོགས་པའི་ལམ་བསྟན་པ་དེས་འཁོར་བ་ལས་མི་གྲོལ་ན་དགོས་པ་ཅིའི་ཕྱིར་དུ་བསྟན་སྙམ་ན། རིགས་པ་དྲུག་ཅུ་པ་ལས། སྐྱེ་བ་དང་ནི་འཇིག་པའི་ལམ། །དགོས་པའི་དོན་དུ་བསྟན་པའོ། །སྐྱེ་བ་ཤེས་པས་འཇིག་པ་ཤེས། ། འཇིག་པ་ཤེས་པས་མི་རྟག་ཤེས། །མི་རྟག་ཉིད་ལ་འཇུག་ཤེས་པས། །དམ་པའི་ཆོས་ཀྱང་རྟོགས་པར་འགྱུར། །གང་དག་རྟེན་ཅིང་འབྲེལ་འབྱུང་བ། །སྐྱེ་དང་འཇིག་པ་རྣམ་སྤངས་པར། །ཤེས་པར་གྱུར་པ་དེ་དག་ནི། །ལྟ་གྱུར་སྲིད་པའི་རྒྱ་མཚོ་བརྒལ། ། ཞེས་གསུངས་པ་ལྟར་ཤེས་པར་བྱ་སྟེ། འདུས་བྱས་རྣམས་ལ་ཡིད་ཀུན་ཏུ་ཆགས་པ་ནི་འཁོར་བ་ལས་འདའ་བར་འདོད་པ་མི་འབྱུང་བས། དེའི་གཉེན་པོར་མི་རྟག་པ་དང་སྡུག་བསྔལ་བའི་ལམ་བསྟན་པས་སྲིད་པ་ལས་འདའ་བར་འདོད་པ་འབྱུང་ངོ༌། ། དེ་ནས་སྐྱེ་བ་དང་འཇིག་པའི་རྒྱུ་མཚན་ལས་དམ་པའི་ཆོས་རྟེན་འབྲེལ་རང་བཞིན་གྱིས་སྐྱེ་འགག་མེད་པ་རྟོགས་པ་ན་དེ་འཁོར་བ་ལས་གྲོལ་བར་འགྱུར་བས་ན། གྲོལ་ལམ་ནི་གང་ཟག་དང་ཆོས་རང་བཞིན་མེད་པར་རྟོགས་པ་ཉིད་ཡིན་ལ། མི་རྟག་ སོགས་ཀྱི་ལམ་ནི་དེ་སྐྱེད་པའི་ཐབས་རྒྱུད་སྦྱོང་བར་བྱེད་པའི་ལམ་དུ་གཟུང་ངོ༌། །སློབ་དཔོན་གཞན་རྣམས་ཀྱང་སྟོང་པ་དང་བདག་མེད་པའི་ལམ་གྲོལ་བྱེད་དང༌། མི་རྟག་པ་ལ་སོགས་པའི་རྣམ་པ་ལྷག་མའི་ལམ་སྒོམ་པ་བདག་མེད་རྟོགས་པའི་དོན་དུ་ འཇུག་པའི་རྒྱུད་སྦྱོང་བྱེད་དུ་བཞེད་མོད་ཀྱང༌། རྣམ་པ་བཅུ་དྲུག་གི་སྐབས་ཀྱི་སྟོང་པ་དང་བདག་མེད་རྟོགས་པ་ནི། ཕྱི་རོལ་པས་ཀུན་བཏགས་པའི་བདག་ཙམ་ཞིག་མེད་པར་ངེས་པ་ཡིན་པས། གང་ཟག་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་ལྷན་ 3-2-8a སྐྱེས་ཀྱི་གཉེན་པོར་མི་རུང་ངོ༌། །དེའི་ཕྱིར་མི་རྟག་སོགས་བཅུ་དྲུག་པོའི་ལམ་ཐམས་ཅད་ཀྱང་གྲོལ་ལམ་མིན་པར་རྒྱུད་སྦྱོང་བྱེད་ཙམ་དུ་མཚུངས་སོ། །དེ་ལྟར་ན་རེ་ཞིག་ལ་རྒྱུད་སྦྱོང་བའི་ལམ་གྱི་སྣོད་དུ་རུང་ལ་གྲོལ་བྱེད་ཀྱི་ལམ་གྱི་ སྣོད་དུ་མི་རུང་བ་དང་རུང་བའི་ཐེག་དམན་པ་ནི་དབང་པོ་རྟུལ་བ་དང་རྣོ་བ་ཡིན་ལ། གང་གི་ཕྱིར་དུ་ཐེག་དམན་གྱི་སྡེ་སྣོད་གསུངས་པའི་གདུལ་བྱའི་གཙོ་བོའམ་ཆེད་དུ་བྱ་བའི་གདུལ་བྱ་ནི་ཕྱི་མ་ཡིན་གྱི་སྔ་མ་ནི་ཞར་བྱུང་གི་གདུལ་བྱའོ། ། ཐེག་དམན་པ་ལ་ཆོས་རང་བཞིན་མེད་པར་རྟོགས་པ་ཡོད་ཀྱང་ཐེག་པ་ཆེ་ཆུང་ཁྱད་མེད་དུ་མི་འགྱུར་ཏེ། ཐེག་ཆེན་བསྟན་པས་ནི་ཆོས་བདག་མེད་པ་ཙམ་གསལ་བར་བྱེད་པ་མིན་གྱི། ས་དང་ཕར་ཕྱིན་དང་སྨོན་ལམ་དང་སྙིང་རྗེ་ཆེན་པོ་ལ་ སོགས་པ་དང༌། བསྔོ་བ་དང་ཚོགས་གཉིས་དང་དྲི་མ་མ་ལུས་པས་དག་པའི་བསམ་མི་ཁྱབ་ཀྱི་ཆོས་ཉིད་ཀྱང་སྟོན་པས་སོ། །རིན་ཆེན་ཕྲེང་བ་ལས་ཀྱང༌། ཉན་ཐོས་ཐེག་པ་དེ་ལས་ནི། །བྱང་ཆུབ་སེམས་དཔའི་སྨོན་ལམ་དང༌། །སྤྱོད་པ་ ཡོངས་བསྔོ་མ་བཤད་དེས། །བྱང་ཆུབ་སེམས་དཔར་ག་ལ་འགྱུར། །བྱང་ཆུབ་སྤྱོད་ལ་གནས་པའི་དོན། །མདོ་སྡེ་ལས་ནི་བཀའ་མ་སྩལ། །ཐེག་པ་ཆེ་ལས་བཀའ་སྩལ་པ། །དེ་ཕྱིར་མཁས་པ་རྣམས་ཀྱིས་གཟུང༌། །ཞེས་སོ། །དེས་ན་ཐེག་ པ་ཆེ་ཆུང་ནི་ལྟ་བས་མི་འབྱེད་ཀྱི་ཐབས་མཁས་ཀྱི་སྤྱོད་པས་ཕྱེ་བར་འཕགས་པ་ཡབ་སྲས་བཞེད་དེ། མ་ནི་བུ་རྣམས་ཀྱི་ཐུན་མོང་གི་རྒྱུ་ཡིན་ལ། ཕ་ནི་དེ་དག་གི་རིགས་སོ་སོར་འབྱེད་པའི་རྒྱུ་ཡིན་པ་བཞིན་དུ། ཡུམ་ཤེར་ཕྱིན་ནི་སྲས་བཞི་ཁའི་ཐུན་མོང་ 3-2-8b གི་རྒྱུ་ཡིན་ལ། དེ་རྣམས་ཐེག་པ་ཆེ་ཆུང་གི་རིགས་སོ་སོར་འབྱེད་པའི་རྒྱུ་ནི་སེམས་བསྐྱེད་ལ་སོགས་པའི་ཐབས་རྣམས་ཡིན་པའི་ཕྱིར་རོ། །གཉིས་པ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འདོད་ནས་སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ ལ་སློབ་པ་ནི་འདིས་འགྲོ་བའི་ཐེག་པ་ཆེན་པོ་པ་སྤྱིའི་དོན་ཡིན་ཏེ། སྔགས་ཀྱི་ཐེག་པར་ཡང་ལམ་དེས་འགྲོ་བར་རྒྱུད་སྡེ་རྣམས་ནས་ལན་དུ་མར་གསུངས་པས་སོ། །འོན་ཀྱང་དེའི་སྟེང་དུ་ལམ་མི་འདྲ་བའི་ཁྱད་ཆོས་ནི་མང་དུ་ཡོད་དོ། །གང་ཟག་དེ་དག་གི་ལམ་ ནི་རྣམ་མཁྱེན་དུ་བགྲོད་པའི་ཐེག་པ་ཆེན་པོའོ། །ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་པ་རྣམས་ལ་ནི་ལམ་གྱི་སྤྱིའི་ལུས་དེ་ཙམ་དུ་ཟད་ལ། དེ་ལ་ཡང་ལྟ་བའི་སྒོ་ནས་ཕྱེ་ན་དབུ་མ་པ་དང་སེམས་ཙམ་པ་གཉིས་སུ་ཡོད་དོ། །དེ་ལྟ་ནའང་དེ་གཉིས་ལ་ཐེག་པ་མི་ འདྲ་བའི་རིམ་པ་བཤད་པ་མེད་པས་གཉིས་ཀ་ཡང་ཐེག་པ་ནི་གཅིག་གོ། དེ་ཁོ་ན་ཉིད་ཀྱི་གཏིང་དཔོགས་མི་དཔོགས་ཀྱི་ཁྱད་ཡོད་པས་སྔ་མ་ནི་དབང་པོ་རྣོ་ལ་ཕྱི་མ་ནི་དབང་པོ་རྟུལ་ལོ། །འདིར་ཡང་གང་གི་དབང་དུ་བྱས་ནས་ཕར་ཕྱིན་གྱི་ཐེག་པ་གསུངས་ པའི་ཆེད་དུ་བྱ་བའི་གདུལ་བྱའི་གཙོ་བོ་ནི་དབུ་མ་པ་ཡིན་ལ། སེམས་ཙམ་པ་ནི་ཐེག་པ་དེའི་ཞར་བྱུང་ངམ་ཕལ་པའི་གདུལ་བྱའོ། །ཕར་ཕྱིན་གྱི་ཐེག་པ་པ་འདི་ལའང་ལམ་མྱུར་བུལ་གྱི་སྒོ་ནས་ཕྱེ་ན་ལྔ་ཡོད་པར་ངེས་པ་དང་མ་ངེས་པ་ལ་འཇུག་པ་ཕྱག་ རྒྱའི་མདོ་ལས་གསུངས་ཏེ། ཕྱུགས་དང་གླང་པོ་ཆེའི་ཤིང་རྟ་ལྟ་བུས་འགྲོ་བ་གཉིས་དང༌། ཟླ་བ་དང་ཉི་མ་ལྟ་བུས་འགྲོ་བ་གཅིག་དང༌། ཉན་རང་དང་སངས་རྒྱས་ཀྱི་རྫུ་འཕྲུལ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་གཉིས་སོ། །དེ་དག་ནི་དཔེ་དེ་ 3-2-9a དག་དང་འདྲ་བར་ལམ་གྱི་འགྲོས་མགྱོགས་བུལ་ཆེས་ཤིན་ཏུ་ཁྱད་པར་ཆེ་ཡང༌། དེ་དག་ལ་ཐེག་པ་སོ་སོ་བ་མེད་པའི་ཕྱིར་ན་དབང་པོ་རྣོ་རྟུལ་ཙམ་དང་ལམ་བགྲོད་པའི་གཅོད་ཆེ་ཆུང་ཙམ་གྱིས་ཐེག་པ་སོ་སོར་འབྱེད་མི་ནུས་སོ། །དེས་ན་གང་དུ་ བགྲོད་པར་བྱ་བའི་འབྲས་བུའི་ཐེག་པ་ལ་མཆོག་དམན་གྱི་ཁྱད་པར་ཆེས་ཆེ་བའམ། ཡང་ན་གང་གིས་བགྲོད་པའི་རྒྱུའི་ཐེག་པ་ལ་ལུས་མི་འདྲ་བའི་ལམ་གྱི་རིམ་པ་གཞན་ཡོད་ན་ཐེག་པ་སོ་སོ་བར་གཞག་ལ། ལམ་གྱི་ལུས་ལ་རིགས་མི་འདྲ་བ་ཆེན་ པོའི་རྣམ་དབྱེ་མེད་ན། ལམ་གྱི་ནང་གསེས་ཀྱི་དབྱེ་བ་མི་འདྲ་བ་དང་ལམ་དེས་འགྲོ་བའི་གང་ཟག་ལ་མཆོག་དམན་ཡོད་པ་ཙམ་གྱིས་ཐེག་པའི་རིམ་པ་ཡོད་པར་གཞག་མི་ནུས་སོ། །བཞི་པ་ནི། ཐེག་པ་དམན་པ་བ་རྣམས་ཀྱིས་སངས་རྒྱས་ཐོབ་པའི་ དོན་དུ་དམིགས་ནས་རང་གི་ལམ་ལ་འཇུག་པ་མིན་ཡང༌། དེ་དག་གི་ལམ་ནི་གང་ཟག་དེ་རྣམས་སངས་རྒྱས་ཀྱི་སར་འཁྲིད་པའི་ཐབས་ཡིན་པས་ན། ཐེག་དམན་གྱི་ལམ་རྣམས་མཐའ་གཅིག་ཏུ་འཚང་རྒྱ་བའི་གེགས་སུ་མི་གཟུང་སྟེ། དམ་ཆོས་པད་ དཀར་ལས། སངས་རྒྱས་ཡེ་ཤེས་རབ་ཏུ་རྟོགས་བྱའི་ཕྱིར། །ཐབས་འདི་རང་བྱུང་གིས་ནི་མཛད་གྱུར་གྱི། །དེ་དག་རྣམས་ལ་ཁྱེད་ཅག་སངས་རྒྱས་སུ། །འགྱུར་རོ་ཞེས་ནི་ནམ་ཡང་མི་གསུང་ངོ༌། །ཅི་ཕྱིར་ཞེ་ན་སྐྱོབ་པ་དུས་ལ་གཟིགས། །ཞེས་དང༌། སངས་རྒྱས་ཡེ་ཤེས་རབ་ཏུ་རྟོགས་བྱའི་ཕྱིར། །འཇིག་རྟེན་དུ་ནི་མགོན་པོ་གཅིག་པུ་འབྱུང༌། །ཐེག་པ་གཅིག་སྟེ་ཐེག་པ་གཉིས་པ་མེད། །སངས་རྒྱས་ཐེག་པ་དམན་པས་འཁྲིད་མི་མཛད། །གང་ལ་སངས་རྒྱས་རང་བྱུང་བདག་ཉིད་གང༌། །རབ་ཏུ་ 3-2-9b གནས་ཤིང་རྟོགས་ལམ་གང་ཅི་འདྲ། །སྟོབས་དང་བསམ་གཏན་རྣམ་པར་ཐར་དང་དབང༌། །དེ་ཉིད་ལ་ནི་སེམས་ཅན་རྣམས་འགོད་དོ། །བྱང་ཆུབ་རྡུལ་བྲལ་ཁྱད་པར་ཅན་རེག་ནས། །གལ་ཏེ་ང་ཡིས་ཐེག་པ་དམན་པ་ལ། །སེམས་ཅན་འགའ་ཞིག་ བཀོད་པར་གྱུར་ན་ཡང༌། །ང་ལ་སེར་སྣའི་ཉེས་འགྱུར་ལེགས་མ་ཡིན། །ཐེག་པ་གཅིག་སྟེ་གཉིས་པ་ཡོད་མ་ཡིན། །གསུམ་པའང་ནམ་ཡང་ཡོད་མིན་འཇིག་རྟེན་ན། །སྐྱེས་བུ་མཆོག་རྣམས་ཐབས་ཀྱིས་ཐེག་པ་གང༌། །སྣ་ཚོགས་ཉེ་བར་སྟོན་པར་མཛད་མ་ གཏོགས། །ཞེས་གསུངས་སོ། །དེའི་དོན་ནི་སངས་རྒྱས་འཇིག་རྟེན་དུ་བྱོན་པའི་དགོས་པ་ནི་རང་གིས་བརྙེས་པའི་ཡེ་ཤེས་སེམས་ཅན་གྱིས་ཐོབ་པར་བྱ་བའི་ཕྱིར་ཡིན་པས། ལམ་བསྟན་པ་རྣམས་ཀྱང་སངས་རྒྱས་སུ་འཁྲིད་པའི་ཐབས་གཅིག་ཏུ་ཟད་ཀྱི། དེར་ བཀྲི་བའི་ཐབས་སུ་མ་གྱུར་པའི་ཐེག་པ་དམན་པས་སེམས་ཅན་མི་འཁྲིད་དོ། །དེས་ན་རང་ཉིད་གོ་འཕང་གང་ལ་གནས་པའི་སྟོབས་ལ་སོགས་པ་ལ་སེམས་ཅན་རྣམས་ཀྱང་འགོད་དོ། །གལ་ཏེ་བྱང་ཆུབ་བརྙེས་ནས་སེམས་ཅན་འགའ་ཞིག་སངས་རྒྱས་ཀྱི་སར་ འགྲོ་བའི་ཐབས་སུ་མ་གྱུར་པའི་ཐེག་དམན་ལ་བཀོད་ན། ཆོས་ལ་དཔེ་མཁྱུད་བྱེད་པའི་སེར་སྣ་ཡོད་པར་འགྱུར་ཏེ། མཐར་ཐུག་ཐེག་པ་གཅིག་ཡིན་པས་ཐེག་པ་དམན་པའི་རིགས་ཅན་དེ་དག་ཀྱང་སངས་རྒྱས་ཀྱི་སར་ནི་འཁྲིད་དུ་ཡོད་ལ། དེའི་ཐབས་ཀྱང་ཤེས་བཞིན་ དུ་དེ་དག་ལ་སངས་རྒྱས་ཀྱི་སར་བཀྲི་བའི་ཆོས་མི་སྟོན་པར་སྦེད་པའི་ཕྱིར་རོ་ཞེས་པའོ། །བདེན་པ་པོའི་ལེའུ་ལས་ཀྱང༌། འཇམ་དཔལ་གལ་ཏེ་དེ་བཞིན་གཤེགས་པས་སེམས་ཅན་ཁ་ཅིག་ལ་ནི་ཐེག་པ་ཆེན་པོ་སྟོན། ཁ་ཅིག་ལ་ནི་རང་སངས་རྒྱས་ཀྱི་ཐེག་པ་ 3-2-10a སྟོན། ཁ་ཅིག་ལ་ནི་ཉན་ཐོས་ཀྱི་ཐེག་པ་སྟོན་ན། དེ་ནི་དེ་བཞིན་གཤེགས་པའི་སེམས་ཡོངས་སུ་མ་དག་པར་འགྱུར་རོ། །སེམས་མ་སྙོམས་པ་ཉིད་དུ་ཡང་འགྱུར་རོ། །མངོན་པར་ཞེན་པའི་སྐྱོན་དུ་ཡང་འགྱུར་རོ། །སྙིང་རྗེ་ཆེན་པོ་ཕྱོགས་གཅིག་ པར་ཡང་འགྱུར་རོ། །འདུ་ཤེས་ཐ་དད་པའི་སྐྱོན་དུའང་འགྱུར་རོ། །ངས་ཆོས་ལ་སློབ་དཔོན་གྱི་དཔེ་མཁྱུད་བྱས་པར་ཡང་འགྱུར་རོ། །འཇམ་དཔལ་ངས་སེམས་ཅན་རྣམས་ལ་ཆོས་གང་དང་གང་བསྟན་པ་དེ་དག་ཐམས་ཅད་ནི། འདི་ལྟ་སྟེ། ཐམས་ཅད་མཁྱེན་ པའི་ཡེ་ཤེས་ཐོབ་པར་བྱ་བ་ཕྱིར་བྱང་ཆུབ་ལ་གཞོལ་བ། ཐེག་པ་ཆེན་པོ་ལ་འབབ་པ། ཐམས་ཅད་མཁྱེན་པ་ཉིད་སྒྲུབ་པ། ཡུལ་གཅིག་ཏུ་ཡང་དག་པར་ཕྱིན་པར་བྱེད་པ་སྟེ། དེ་བས་ན་ང་ལ་ཐེག་པ་ཐ་དད་པ་རྣམ་པར་དགོད་པ་མེད་དོ། །ཞེས་གསལ་བར་གསུངས་ ཏེ། ཐེག་པ་སོ་སོ་བསྟན་ན་ཞེས་པའི་དོན་ནི་སྔར་བཤད་པ་ལྟར་རོ། །འོ་ན་མདོ་སྡེ་རྒྱན་ལས། བློ་དང་ལྡན་པ་དམྱལ་བར་གནས་པ་དུས་ཀུན་ཏུ། །བྱང་ཆུབ་དྲི་མེད་ཡངས་པའི་བར་དུ་གཅོད་བྱེད་མིན། །ཐེག་པ་གཞན་ལ་རབ་བསིལ་རྣམ་རྟོག་བདག་ཕན་པ། ། རབ་ཏུ་བདེ་བར་གནས་ཀྱང་བར་དུ་གཅོད་པར་བྱེད། །ཅེས་ཐེག་དམན་གྱི་བསམ་པ་བསྐྱེད་པ་དང་དམྱལ་བར་སྐྱེས་པ་གཉིས་སངས་རྒྱས་ཐོབ་པ་ལ་སྔ་མས་བར་དུ་གཅོད་པ་ཙམ་ཕྱི་མས་མི་གཅོད་པར་གསུངས་པ་ཇི་ལྟར་དྲངས་སྙམ་ན། དེ་ནི་བློ་དང་ལྡན་པ་ བྱང་སེམས་ཀྱིས་ཐེག་དམན་དུ་སེམས་བསྐྱེད་པས་སངས་རྒྱས་ལ་རིང་དུ་བྱེད་པ་ཙམ་བྱང་སེམས་དམྱལ་བར་གནས་པས་མི་བྱེད་ཅེས་པའི་དོན་ཡིན་པས་སྐྱོན་མེད་དེ། ཐེག་ཆེན་པ་ལ་ཐེག་དམན་འཚང་རྒྱ་བའི་གེགས་ཡིན་པ་དང༌། ཐེག་དམན་གྱི་རིགས་ 3-2-10b ཅན་ལ་འཚང་རྒྱ་བའི་ཐབས་སུ་འགྲོ་བ་གཉིས་ལ་འགལ་བ་ཅི་ཡང་མེད་པའི་ཕྱིར་རོ། །ཚིགས་བཅད་དེའི་གོང་ཉིད་དུ་ཡང་དེ་འདྲ་བ་དེ་རྒྱལ་སྲས་ལ་གསུངས་ཡོད་པས་རྩོད་པའི་གནས་མེད་དོ། །འཕགས་པ་རྣམ་པར་འཐག་པ་བསྡུས་པ་ལས། རྒྱལ་བའི་བཀའ་ ལ་བཟང་ངན་དང་རིགས་མི་རིགས་དང༌། ཉན་རང་དང་བྱང་སེམས་ཀྱི་ཆེད་དུ་གསུངས་པའོ་ཞེས་སོ་སོར་བཅད་ན་ཆོས་སྤོང་དུ་གསུངས་པ་ཡང༌། བཀའ་འགའ་ཞིག་ལ་འཚང་རྒྱ་བའི་ཐབས་དང་འགའ་ཞིག་འཚང་རྒྱ་བ་ལ་གེགས་བྱེད་པར་བཟུངས་བ་ཉིད་ཡིན་ནོ། ། མདོ་དེར་སྡིག་གྲོགས་ཀྱི་དབང་གིས་དེར་བཤད་པའི་ཆོས་སྤོང་བྱུང་ན་ལོ་བདུན་གྱི་བར་དུ་ཞག་རེ་ལ་ལན་གསུམ་གསུམ་དུ་བཤགས་ན་སྡིག་པ་འདག་པ་དང༌། འོན་ཀྱང་མྱུར་ནའང་བཟོད་པ་འཐོབ་པ་ལ་བསྐལ་པ་བཅུ་དགོས་པར་གསུངས་པས། གོ་བ་ལོག་པ་དེས་ དུས་འདས་ན་དོན་མ་ཡིན་པ་ཆེན་པོ་ལ་སྦྱོར་ཞིང༌། མ་ནོར་བའི་གོ་བ་རྙེད་ན་རྙེད་པ་ཙམ་གྱིས་ཉེས་པ་དེ་དག་མི་འབྱུང་ངོ༌། །དེའི་ཕྱིར་བདེན་པ་པོའི་ལེའུ་ལས་རྒྱ་མཚོ་ཆེན་པོར་སྒོ་ཐ་དད་པ་ནས་ཆུ་མང་པོ་འབབ་པ་བཞིན་དུ། ཐེག་པ་གསུམ་གྱི་ཆོས་ཀྱི་ཆུ་ཐམས་ ཅད་ཀྱང་དེ་བཞིན་གཤེགས་པའི་རྒྱ་མཚོ་ཆེན་པོར་འབབ་པར་གསུངས་པ་ལྟར། སངས་རྒྱས་ཀྱིས་ཆོས་གང་གསུངས་ཐམས་ཅད་ཐད་ཀ་ཐད་ཀའི་གདུལ་བྱ་ལ་ལྟོས་ཏེ་སངས་རྒྱས་ཀྱི་སར་འཁྲིད་པའི་ཐབས་ཁོ་ནར་གོ་བར་བྱའོ། །འོན་ཀྱང་ཐབས་དེ་ལ་ གདུལ་བྱའི་མཆོག་དམན་གྱི་དབང་གིས་ཐབས་རྫོགས་མ་རྫོགས་དང༌། ལམ་མྱུར་བུལ་ལ་སོགས་པའི་ཁྱད་པར་ཡང་འཐད་པས་སངས་རྒྱས་ཀྱི་སར་འཁྲིད་པའི་ཡན་ལག་ཏུ་གྱུར་པའི་ལམ་དང༌། ཐེག་ཆེན་གྱི་ལམ་གཉིས་ནི་མི་གཅིག་གོ། དོན་ 3-2-11a གྱི་དབང་འདི་དག་གཟིགས་ནས་མཚན་བརྗོད་ལས་ཀྱང༌། ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་གསུངས་སོ། །གཉིས་པ་ལ་གཉིས། ཐེག་པ་ཆེན་པོ་ལ་གཉིས་སུ་དབྱེ་བ་དང༌། རྡོ་རྗེ་ ཐེག་པ་ལ་འཇུག་པའི་རྣམ་དབྱེ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གསུམ། ཇི་ལྟར་དུ་ཕྱེ་བའི་གྲངས་དང༌། ཕྱེ་བ་སོ་སོའི་དོན་དང༌། དེ་ལྟར་དུ་འབྱེད་པའི་རྒྱུ་མཚན་ནོ། །དང་པོ་ནི། རྣལ་འབྱོར་བླ་མེད་ཀྱི་རྒྱུད་དོན་ལ་འཇུག་པ་ལས། བྱང་ཆུབ་སེམས་ དཔའི་ཐེག་པ་ལ་ཡང་གཉིས་ཏེ། ས་དང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང༌། གསང་སྔགས་འབྲས་བུ་རྡོ་རྗེ་ཐེག་པའོ། །ཞེས་ཤྲཱདྡྷཱ་ཀ་རེ་ཝརྨས་བཤད་པ་ལྟར་གསང་སྔགས་ཀྱི་ཐེག་པ་དང་འབྲས་བུའི་ཐེག་པ་དང་རྡོ་རྗེ་ཐེག་པ་ཞེས་པ་ནི་སྔགས་ཀྱི་ཐེག་ པའི་རྣམ་གྲངས་ཡིན་ལ། ཐབས་ཀྱི་ཐེག་པ་ཞེས་ཀྱང་འབྱུང་ངོ༌། །རྒྱུ་འབྲས་ཀྱི་ཐེག་པ་ནི་ཐེག་པ་གཉིས་ཀྱི་རྣམ་གྲངས་ཡིན་ཏེ། འཕགས་པ་གསང་བ་ལུང་བསྟན་པའི་མདོ་ལས། རྒྱུ་ལ་སྦྱོར་བ་རྒྱུ་ཡི་ཆོས། །འཁོར་ལོ་རབ་ཏུ་བསྐོར་བྱས་ནས། །འབྲས་ བུའི་ཐེག་པ་ཉེ་ལམ་ཞིག །ཅེས་ཛྙཱ་ན་ཤྲཱིས་མཐའ་གཉིས་སེལ་བར་དྲངས་པ་ལྟར་རོ། །ཡང་རྡོ་རྗེ་ཐེག་པའི་གཞུང་ལ་ནི་རིག་པ་འཛིན་པའི་སྡེ་སྣོད་དང་རྒྱུད་སྡེ་ཞེས་སུའང་གྲགས་སོ། །གཉིས་པ་ནི། གསང་ཞིང་སྦས་པས་འགྲུབ་ལ་སྣོད་མིན་གྱི་ཡུལ་ མིན་པས་དེ་ལ་མི་བསྟན་པས་ན་གསང་བའོ། །སྔགས་ཀྱི་སྐད་དོད་མཱནྟྲཱ་ལ་མཱ་ན་ནི་ཡིད། ཏྲཱ་ཡ་ནི་སྐྱོབ་པས་ན་སྔགས་ཏེ། འདུས་པའི་རྒྱུད་ཕྱི་མ་ལས། དབང་པོ་དང་ནི་ཡུལ་རྣམས་ཀྱི། །རྐྱེན་གྱིས་གང་དང་གང་བྱུང་ཡིད། །ཡིད་དེ་མཱན་ཞེས་བྱ་བར་ 3-2-11b བཤད། །ཏྲཱ་ནི་སྐྱོབ་པར་བྱེད་པའི་དོན། །འཇིག་རྟེན་སྤྱོད་ལས་རྣམ་གྲོལ་བར། །གང་བཤད་དམ་ཚིག་སྡོམ་པ་སྟེ། །རྡོ་རྗེ་ཀུན་གྱིས་བསྲུང་བ་ནི། །སྔགས་ཀྱི་སྤྱོད་པ་ཞེས་བཤད་དོ། །ཞེས་སོ། །རྣམ་གྲངས་གཞན་ཡང་མཱ་ན་དང་ཏྲཱ་ཡའི་སྒྲ་དེ་ཉིད་ཤེས་པ་ དང་འགྲོ་བ་སྐྱོང་བའི་སྙིང་རྗེ་ལ་དྲངས་ནས་གསུངས་པ་ལྟར་ཡང་ཤེས་པར་བྱའོ། །ཐེག་པ་ནི་འདིར་འདོང་བ་འབྲས་བུ་དང་འདིས་འདོང་བ་རྒྱུའི་ཐེག་པ་སྟེ་བགྲོད་པས་ན་ཐེག་པའོ། །འབྲས་བུ་ནི་གནས་ལུས་ལོངས་སྤྱོད་མཛད་པ་ཡོངས་སུ་དག་པ་བཞི་ སྟེ། སངས་རྒྱས་ཀྱི་ཕོ་བྲང་དང་སྐུ་དང་འབྱོར་པ་དང་འཕྲིན་ལས་སོ། །ཚུལ་དེ་དང་རྗེས་སུ་མཐུན་པར་ད་ལྟ་ནས་གཞལ་ཡས་ཁང་དང་ལྷའི་འཁོར་ལོ་དང་མཆོད་པའི་ཡོ་བྱད་དང་སྣོད་བཅུད་སྦྱོང་བ་སོགས་ཀྱི་མཛད་པ་ཅན་དུ་སྒོམ་པས་ན། འབྲས་བུའི་ཐེག་ པ་སྟེ་འབྲས་བུའི་རྣམ་པ་དང་མཐུན་པར་བསྒོམས་ནས་བགྲོད་པའི་ཕྱིར་ཏེ། བླ་མེད་ཀྱི་རྒྱུད་དོན་ལ་འཇུག་པ་ལས། དེ་ནི་སྐུ་དང་ལོངས་སྤྱོད་དང་གནས་དང་མཛད་པ་ཡོངས་སུ་དག་པའི་ཚུལ་གྱིས་འཇུག་པས་ན་འབྲས་བུ་སྟེ། ཞེས་བཤད་པ་བཞིན་ནོ། ། དྲི་མེད་འོད་ལས། རྡོ་རྗེ་ནི་མི་ཕྱེད་པ་དང་མི་ཆོད་པ་ཆེན་པོ་ཡིན་ལ་དེ་ཉིད་ཐེག་པ་ཆེན་པོ་ཡིན་པ་ནི་རྡོ་རྗེ་ཐེག་པ་སྟེ། སྔགས་ཀྱི་ཚུལ་དང་ཕ་རོལ་ཏུ་ཕྱིན་པའི་ཚུལ་འབྲས་བུ་དང་རྒྱུའི་བདག་ཉིད་གཅིག་ཏུ་འདྲེས་པར་གྱུར་བའོ། །ཞེས་རྡོ་རྗེའི་དོན་སྔགས་ ཀྱི་ཚུལ་གྱི་འབྲས་བུ་དང༌། ཕར་ཕྱིན་གྱི་ཚུལ་གྱི་རྒྱུ་གཉིས་དབྱེར་མི་ཕྱེད་པ་ལ་མཛད་ནས་རྡོ་རྗེ་ཐེག་པའི་མིང་དོན་གསུངས་སོ། །དེའི་རྒྱུ་འབྲས་ནི་དབང་མདོར་བསྟན་ལས། སྟོང་ཉིད་གཟུགས་འཛིན་རྒྱུ་ཡིན་ཏེ། །འབྲས་བུ་སྙིང་རྗེ་མི་འགྱུར་འཛིན། ། 3-2-12a སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ཞེས་བྱ་བར་བཤད། །ཅེས་གསུངས་པ་ལྟར། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དང་མཆོག་ཏུ་མི་འགྱུར་བའི་བདེ་བའོ། །དེ་གཉིས་མི་ཕྱེད་པ་དེ་ལ་འདིས་བགྲོད་པ་དང་འདིར་བགྲོད་པའི་ རྒྱུ་འབྲས་ཀྱི་ཐེག་པ་གཉིས་སུ་ཡོད་དོ། །དེ་འདྲ་བའི་རྡོ་རྗེ་ཐེག་པ་ནི་བླ་མེད་ལ་དགོངས་ཀྱི། རྒྱུད་སྡེ་འོག་མའི་སྐབས་སུ་མི་རུང་སྟེ། མཆོག་ཏུ་མི་འགྱུར་བའི་བདེ་བ་ནི་ཏིང་ངེ་འཛིན་གྱི་ཡན་ལག་ཐོབ་པ་ནས་གཞག་དགོས་པས་རྗེས་དྲན་མན་ཆད་ཀྱི་ ཡན་ལག་གིས་སྒྲུབ་དགོས་ན། རྒྱུའི་ཡན་ལག་དེ་དག་ཚང་བ་དེ་རྣམས་ལ་མེད་པའི་ཕྱིར་རོ། །དེས་ན་འདིར་རྡོ་རྗེ་ཐེག་པ་སྤྱིའི་དོན་ངོས་འཛིན་པའི་སྐབས་སུ་ཁྱབ་ཆུང་པ་ཡིན་ལ། ཚུལ་དེས་རྒྱུ་འབྲས་ཀྱི་ཐེག་པའི་དོན་འཇོག་པ་ཡང་སྤྱིའི་རྣམ་གཞག་ ལ་མ་ཁྱབ་པ་ཡིན་ནོ། །དེའི་ཕྱིར་འདིར་ནི་སྙིམ་པའི་མེ་ཏོག་ལས་གསུངས་པ་ལྟར་བྱ་སྟེ། རྡོ་རྗེའི་ཐེག་པ་ཞེས་བྱ་བ་ནི། ཐེག་པ་ཆེན་པོ་མ་ལུས་པ་བསྡུས་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡིན་ལ། དེ་རྣམས་བསྡུས་པ་ནི་ཐབས་དང་ཤེས་རབ་ཡིན་ཞིང་ དེ་དག་ཀྱང་བསྡུས་པ་རོ་གཅིག་པ་དེ་ནི་བྱང་ཆུབ་ཀྱི་སེམས་ཡིན་ཏེ། དེ་ཡང་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཡིན་ལ་དེ་ཉིད་ནི་རྡོ་རྗེ་ཡིན་ནོ། །རྡོ་རྗེ་ཡང་དེ་ཡིན་ལ་ཐེག་པ་ཡང་ཡིན་པས་ན་རྡོ་རྗེ་ཐེག་པ་སྟེ་སྔགས་ཀྱི་ཐེག་པ་ཞེས་བྱ་བའི་དོན་ནོ། །ཞེས་ གསུངས་པ་ལྟར། ཐབས་དང་ཤེས་རབ་དབྱེར་མེད་པར་སྦྱོར་བའི་རྡོ་རྗེ་སེམས་དཔའི་རྣལ་འབྱོར་ནི་རྡོ་རྗེ་ཐེག་པ་ཡིན་ལ་དེ་ལ་ལམ་དང་འབྲས་བུའི་སྐབས་གཉིས་ཀ་ཡོད་དོ། །ཕར་ཕྱིན་གྱི་ཐེག་པ་ལས་ཐབས་མཁས་པ་ཆེ་བའི་ཕྱིར་ན་ཐབས་ཀྱི་ཐེག་པའོ། ། 3-2-12b མཐའ་གཉིས་སེལ་བ་ལས་ཀྱང༌། དབྱེར་མེད་པ་དང༌། འབྲས་བུ་ཉིད་ལམ་དུ་གྱུར་པ་དང༌། ཐབས་ཀྱི་ཆེ་བ་དང་ཤིན་ཏུ་གསང་བར་བྱ་བའི་ཕྱིར་རྡོ་རྗེའི་ཐེག་པ་དང༌། འབྲས་བུའི་ཐེག་པ་དང༌། ཐབས་ཀྱི་ཐེག་པ་དང༌། གསང་བའི་ཐེག་པ་ཞེས་བྱའོ། །ཞེས་སོ། ། རིག་འཛིན་གྱི་སྡེ་སྣོད་ནི། རིག་སྔགས་འཆང་རྣམས་ཀྱི་བསླབ་པའི་གཞི་དང་གྲུབ་པའི་མཐའ་སྟོན་པ་ལ་དཔུང་བཟང་གིས་ཞུས་པའི་འགྲེལ་པར་བཤད་པ་ལྟར་རོ། །བླ་མེད་ཀྱི་རྒྱུད་དོན་ལ་འཇུག་པ་ལས། རིག་འཛིན་གྱི་སྡེ་སྣོད་སྡེ་སྣོད་གསུམ་དུ་མི་གཏོགས་ པའི་སྡེ་སྣོད་བཞི་པར་འདོད་པ་དང༌། སྡེ་སྣོད་གསུམ་དུ་གཏོགས་པའི་ལུགས་གཉིས་བཤད་ཀྱང༌། དཔུང་བཟང་ལས། གསང་སྔགས་མདོ་སྡེའི་ཚུལ་དུ་བཤད་ཀྱིས་ཉོན། །ཞེས་པ་དང༌། གཞན་ཡང་རྒྱུད་མང་པོ་ལས་མདོ་དང་མདོ་སྡེར་བཤད་པས། ཤཱནྟི་བས་ཟབ་དོན་བསྡུས་ཏེ་སྟོན་པས་མདོ་སྡེར་བཞེད་པ་ལྟར་ལེགས་ལ། དེ་ལ་ཡང་ནང་གསེས་ཀྱིས་ཕྱེ་ན་སྡེ་སྣོད་གཞན་གཉིས་ཀྱིའང་དོན་སྟོན་པས་ན། ཨ་བྷྱས་སྡེ་སྣོད་གསུམ་གར་གཏོགས་པར་བཞེད་པ་ཡང་འཐད་དོ། །རྒྱུད་ནི་རྒྱུན་ཆགས་ པ་ཡིན་ལ་དེ་ལ་ལམ་གྱི་བྱེད་པ་འཇུག་པའི་གཞིའི་རྒྱུད་དང༌། དེ་སྦྱོང་བྱེད་ལམ་གྱི་རྒྱུད་དང༌། སྦྱངས་འབྲས་འབྲས་བུའི་རྒྱུད་གསུམ་དུ་འདུས་པ་ཕྱི་མ་ལས་གསུངས་པ་ནི་བརྗོད་བྱ་དོན་གྱི་རྒྱུད་ཡིན་ལ། དེ་དག་ཅི་རིགས་པར་བརྗོད་བྱར་བྱེད་པའི་ གསུང་རབ་ནི་རྗོད་བྱེད་གཞུང་གི་རྒྱུད་དོ། །སྡེ་ནི་རྒྱུད་དེའི་ཚོགས་སམ་རིས་སོ། །ཕར་ཕྱིན་གྱི་ཐེག་པ་ནི་ཐེག་པ་གང་ལ་སྤྱོད་པའི་རྟེན་སེམས་བསྐྱེད་པ་དང་སྤྱོད་པ་ཕྱིན་དྲུག་གིས་བགྲོད་ཅིང་དེ་ལས་གཞན་པའི་རིམ་གཉིས་ལ་སོགས་པའི་ལམ་ 3-2-13a མེད་པ་ལ་བྱ་ཡི། སེམས་བསྐྱེད་དང་ཕྱིན་དྲུག་གིས་བགྲོད་པ་ཡོད་པ་ལ་བྱེད་ན་རྡོ་རྗེ་ཐེག་པ་ཡང་དེར་འགྱུར་རོ། །རྒྱུའི་ཐེག་པ་ཞེས་པ་ཡང་སྔར་བཤད་པ་ལྟར་གྱི་འབྲས་བུ་བཞི་པོ་དེ་དག་དང་རྣམ་པ་རྗེས་སུ་མཐུན་པའི་ལམ་མི་སྒོམ་པར་དེ་ དག་གི་རྒྱུ་ཙམ་སྒོམ་པ་ལ་བྱའོ། །གསུམ་པ་ལ་གཉིས། རྟོགས་ལྡན་ལ་སྐྱེ་བའི་དོགས་པའི་གནས་དགོད་པ་དང༌། དེ་ལ་ལན་གདབ་པའོ། །དང་པོ་ནི། གལ་ཏེ་ཐེག་པ་ཆེན་པོ་ལ་ཐེག་པ་གཉིས་སུ་འབྱེད་པ་འདི་གང་གི་སྒོ་ནས་ཡིན། སེམས་བསྐྱེད་པའི་སྒོ་ ནས་ནི་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་སྔགས་དང་ཕ་རོལ་ཏུ་ཕྱིན་པའི་སྒོ་ནས་སྤྱོད་པ་གཉིས་ཀ་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱ་བའི་ཕྱིར་དུ་ཞུགས་པར་མཚུངས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དོན་དུ་གཉེར་བྱའི་ བྱང་ཆུབ་ལ་ཡང་མཆོག་དམན་མེད་པས་དེའི་སྒོ་ནས་ཀྱང་ཐེག་པ་གཉིས་སུ་དབྱེ་བར་མི་རིགས་སོ། །ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་རྟོགས་པའི་ལྟ་བ་ཡོད་མེད་ཀྱི་སྒོ་ནས་ཀྱང་མ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ངེས་དོན་གྱི་མདོ་སྡེ་ རྣམས་ཀྱི་དགོངས་པ་འཕགས་པ་ཀླུ་སྒྲུབ་ཀྱིས་དབུ་མའི་བསྟན་བཅོས་སུ་གཏན་ལ་ཕབ་པ་ལས་ལྷག་པའི་ལྟ་བ་མེད་པའི་ཕྱིར་དང༌། ཡོད་དུ་ཆུག་ཀྱང་དེས་ཐེག་པ་སོ་སོ་བ་ཡོད་པར་འཇོག་མི་ནུས་ཏེ། ཕར་ཕྱིན་གྱི་ཐེག་ཆེན་ལ་དབུ་མ་པ་དང་སེམས་ ཙམ་པ་གཉིས་ཡོད་ཀྱང་དེ་གཉིས་ལ་ཐེག་པ་སོ་སོ་བ་མེད་པ་བཞིན་ནོ། །ཕྱིན་དྲུག་གི་སྤྱོད་པ་ལ་སྤྱོད་པ་ཡང་གཉིས་ཀ་ལ་ཡོད་དོ། །དེའི་ཕྱིར་སྐུ་གཉིས་སྒྲུབ་པའི་ལམ་ཐབས་དང་ཤེས་རབ་ཀྱི་གཙོ་བོ་གཉིས་ལ་ཁྱད་མི་སྣང་ཞིང༌། ཕར་ཕྱིན་གྱི་ 3-2-13b ཐེག་པ་ལ་མེད་པའི་ལམ་གྱི་ཁྱད་པར་འགའ་ཞིག་ཡོད་མོད་ཀྱང་ལམ་གྱི་གཙོ་བོའི་ཁྱད་པར་མ་ཡིན་པས་དེ་ཙམ་གྱིས་ཐེག་པ་སོ་སོ་བར་གཞག་མི་ནུས་ལ། གང་ཟག་ལ་དབང་པོ་རྣོ་རྟུལ་ཡོད་པ་ཙམ་དང་ལམ་བགྲོད་པ་མྱུར་བུལ་ ཡོད་པ་ཙམ་གྱིས་ཀྱང་གཞག་པར་མི་ནུས་ཏེ། ཕར་ཕྱིན་གྱི་ཐེག་པ་ལ་དེ་དག་གི་ཁྱད་པར་དུ་མ་ཡོད་ཀྱང་ཐེག་པ་སོ་སོ་བ་མེད་པ་བཞིན་ནོ། །གཞན་དུ་ན་སྔགས་ཀྱི་ཐེག་པ་ཉིད་ལ་ཡང་ཐེག་པ་སོ་སོ་བ་དུ་མ་གཞག་དགོས་པར་འགྱུར་རོ་ཞེ་ན། གཉིས་པ་ ལ་གཉིས། གཞན་གྱིས་བརྟགས་པའི་མཐའ་དགག་པ་དང༌། ལེགས་པར་གནས་པའི་ཕྱོགས་གཞག་པའོ། །དང་པོ་ནི། ཁ་ཅིག་ན་རེ། སྔགས་ནི་གདུལ་བྱ་ཆགས་ཅན་དང༌། ཕར་ཕྱིན་ནི་གདུལ་བྱ་ཆགས་བྲལ་འདུལ་བའི་དོན་དུ་གསུངས་པས། འདོད་ཡོན་ལ་ཆགས་པ་མི་སྤོང་བར་ལམ་སྒོམ་པ་དང༌། ཆགས་པ་དེ་སྤོང་བའི་ལམ་སྒོམ་པ་ནི་ཐེག་པ་གཉིས་སུ་འབྱེད་པའི་རྒྱུ་མཚན་ནོ། །ཞེས་ཟེར་རོ། །འདི་ལ་བཤད་པར་བྱ་སྟེ། ཐེག་པ་དེ་གཉིས་ཀྱི་གདུལ་བྱ་ལ་འདོད་ཡོན་ལ་ཆགས་པ་མ་སྤངས་ པར་ལམ་སྒོམ་པ་དང་སྤོང་བའི་ལམ་སྒོམ་པ་ཡོད་པས་འབྱེད་ན་ནི། གཉིས་ཀ་ལ་གཉིས་ཀ་ཡོད་པས་ཁྱད་པར་དེས་ཐེག་པ་སོ་སོ་བར་འབྱེད་མི་ནུས་ཏེ། འདི་ལྟར་ཕར་ཕྱིན་གྱི་ཐེག་པའི་ལམ་དུ་ཞུགས་པའི་ཁྱིམ་པའི་བྱང་སེམས་མི་ཚངས་ སྤྱོད་མ་སྤངས་པ་དུ་མ་ཡོད་ཅིང༌། བྲམ་ཟེའི་ཁྱེའུ་སྐར་མ་ལྟ་བུའི་ཐབས་མཁས་པ་ལ་གཞན་དོན་ཆེན་པོ་དང་འབྲེལ་བའི་ཚེ་མི་ཚངས་སྤྱོད་གནང་བ་ཡང་དུ་མ་ཡོད་ཕྱིར་དང༌། སྔགས་ཀྱི་ཐེག་པའི་གདུལ་བྱ་ལ་ཡང་འདོད་ཡོན་ལ་ 3-2-14a སྲེད་པ་སྤངས་པ་དུ་མ་ཡོད་པའི་ཕྱིར་ཏེ། གཞན་དུ་ན་སངས་མ་རྒྱས་ཀྱི་བར་དུ་འདོད་པའི་འདོད་ཆགས་ལས་གྲོལ་བ་མི་སྲིད་པའམ་སངས་རྒྱས་ནས་ཀྱང་དེ་མ་སྤངས་པའི་སྐྱོན་དུ་འགྱུར་རོ། །གལ་ཏེ་དེ་གཉིས་ཀྱི་གདུལ་བྱ་གང་ ཡིན་ལ་མི་བྱེད་ཀྱི། རང་རང་གི་ཐུན་མོང་མ་ཡིན་པའམ་གཙོ་བོའི་གདུལ་བྱ་ཐོག་མར་ལམ་དེ་ལ་འཇུག་པའི་དབང་དུ་བྱེད་ལ། དེ་ཡང་འདོད་ཡོན་ལ་ཆགས་པ་ཆེད་དུ་མི་སྤོང་བར་ཐེག་པ་དེའི་ལམ་སྒོམ་དུ་རུང་བ་ཙམ་མ་ཡིན་གྱི། ཆགས་པ་དེ་ ལམ་གྱི་གྲོགས་སུ་བྱེད་ནུས་པས་གྲོལ་བའི་རྒྱུར་འགྱུར་བའི་སྐལ་བ་ཅན་ཡིན་མིན་གྱི་དབང་དུ་བྱེད་དོ་སྙམ་ན། རྒོད་དང་བལྟས་དང་ལག་བཅངས་དང༌། །ཞེས་སོགས་འོག་ནས་འཆད་པ་ལྟར་འདོད་ཡོན་ལ་ཆགས་པ་རིགས་བཞི་ལ་བརྟེན་པའི་ དགའ་བ་ལམ་དུ་བྱེད་པ་ཞིག་རྒྱུད་བཞིའི་གདུལ་བྱ་ལ་ཡོད་པར་ཁས་བླང་དགོས་མོད་ཀྱང༌། དེ་འདྲ་བ་དེ་ཐེག་པ་དེ་གཉིས་ལ་ཐོག་མར་འཇུག་པའི་གང་ཟག་གི་ཁྱད་པར་དུ་སྦྱོར་ན་རུང་གི་ཐེག་པའི་འབྱེད་བྱེད་མིན་ནོ། །དེ་བཞིན་དུ་ལམ་བདེ་བས་ བརྒྱན་མ་བརྒྱན་དང་ལུས་དང་སེམས་ལ་གནད་དུ་བསྣུན་པའི་ཁྱད་པར་གྱིས་ཀྱང་ཐེག་པ་གཉིས་སུ་དབྱེ་བར་མི་ནུས་ཏེ། ལམ་དེ་བསྒོམས་པས་ལུས་ལ་བདེ་བ་དང་སེམས་ལ་དགའ་བ་ཁྱད་པར་ཅན་སྐྱེ་ལ་དེའི་མཐུས་སེམས་དམིགས་པ་ལ་བརྟན་ གནས་པ་ལ་བདེ་བས་བརྒྱན་པར་བྱེད་ན་ནི། ཞི་གནས་ཐོག་མར་འགྲུབ་པ་ཐམས་ཅད་ལ་དང་པོར་ལུས་ཀྱི་རླུང་ལས་སུ་རུང་བ་སྐྱེ་ཞིང་དེས་ལུས་ཤིན་སྦྱངས་བསྐྱེད་པ་ན་ལུས་ལ་བདེ་བ་ཆེན་པོ་དང༌། དེ་ནས་དེའི་མཐུས་སེམས་ལ་དགའ་བ་ཁྱད་ 3-2-14b པར་ཅན་སྐྱེས་པ་ལ་བརྟེན་ནས་སེམས་དམིགས་པ་ལ་ཞི་བར་གནས་པ་འབྱུང་བར་ས་སྡེ་ལས་གསུངས་པས། དེ་ནི་ཕྱི་ནང་གཉིས་ཀའི་ཞི་གནས་ལ་ཡོད་པའི་ཕྱིར་དེས་སྔགས་དང་ཕར་ཕྱིན་གྱི་ལམ་སོ་སོར་འབྱེད་ག་ལ་ནུས། འདི་ནི་ཐེག་པ་ཐུན་མོང་ གི་ལམ་གྱི་རིམ་པར་རྒྱས་པར་བཤད་ཟིན་པས་མི་སྤྲོའོ། །གལ་ཏེ་བདེ་བས་བརྒྱན་པའི་དོན་ནི། བྱང་སེམས་དཀར་དམར་གཉིས་ཀྱི་འཕྲོད་འདུའི་གནད་ཁྱད་པར་ཅན་སྒྲུབ་པའི་གདམས་པ་ལ་བརྟེན་ནས་ཞུ་བདེ་ལ་བརྟེན་པའི་དེ་ཁོ་ན་ཉིད་ཀྱི་དོན་ རྟོགས་པ་ལ་བྱེད་དོ་སྙམ་ན། དེ་ལྟ་ན་རྡོ་རྗེ་ཐེག་པ་སྤྱི་དང་ཕར་ཕྱིན་གྱི་ཐེག་པ་གཉིས་སོ་སོར་འཇོག་པའི་ཁྱད་པར་དུ་མི་རིགས་ཏེ། དེ་ནི་སྔགས་བླ་མེད་ཁོ་ནའི་ཁྱད་ཆོས་ཡིན་པའི་ཕྱིར་རོ། །རིགས་པ་འདིས་ལུས་དང་སེམས་ལ་གནད་དུ་བསྣུན་པ་ཡང་ཐེག་ པ་གཉིས་སོ་སོར་འབྱེད་པའི་ཁྱད་པར་དུ་མི་འཐད་པ་ཤེས་པར་བྱའོ། །གཉིས་པ་ལ་གཉིས། ཐེག་པ་གཉིས་སུ་འབྱེད་པའི་རྒྱུ་མཚན་དངོས་དང༌། ལམ་ལ་ཁྱད་པར་ཡོད་ཀྱང་འབྲས་བུ་ལ་མཆོག་དམན་མེད་པར་བསྟན་པའོ། །དང་པོ་ལ་གསུམ། དངོས་ཀྱི་དོན་ བསྟན་པ་དང༌། དེའི་ཁུངས་དགོད་པ་དང༌། དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི། འདིར་བགྲོད་པར་བྱ་བ་འབྲས་བུའི་ཐེག་པ་ལ་ནི། སྔགས་དང་ཕར་ཕྱིན་གཉིས་མཆོག་དམན་གྱི་ཁྱད་པར་མེད་དེ། ལམ་གཉིས་ཀའི་ཐོབ་བྱ་ཡང་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ རྫོགས་ཀྱི་སངས་རྒྱས་སུ་མཚུངས་པའི་ཕྱིར་རོ། །དེས་ན་འདིས་བགྲོད་པ་རྒྱུའི་ཐེག་པའི་ཁྱད་པར་ཡིན་ལ་དེ་ལ་ཡང་རྟོགས་པ་ལྟ་བ་དང༌། བསམ་པ་སེམས་བསྐྱེད་དང༌། སྤྱོད་པ་ཕྱིན་དྲུག་ལ་སློབ་པ་ཙམ་ལ་ཁྱད་པར་མེད་པས་དེ་དག་གི་སྒོ་ནས་དབྱེ་བར་ 3-2-15a མི་ནུས་སོ། །འོ་ན་གང་ནས་འབྱེད་སྙམ་ན། ཐེག་ཆེན་པ་གཉིས་ཀའི་ཡང་མངོན་པར་འདོད་པའི་དོན་གྱི་གཙོ་བོ་ནི་གཞན་དོན་ཡིན་གྱི་རང་གི་ཐོབ་བྱའི་དོན་བྱང་ཆུབ་མིན་ཏེ། སངས་རྒྱས་ཀྱང་གཞན་དོན་སྒྲུབ་པའི་ཐབས་སུ་མཐོང་ ནས་དེའི་ཡན་ལག་ཏུ་དོན་དུ་གཉེར་བའི་ཕྱིར་ཏེ། མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངས་པའི་ཕྱིར་དང་སེམས་བསྐྱེད་འདྲ་བའི་ཕྱིར་རོ། །གདུལ་བྱ་ལ་དངོས་སུ་སྣང་ ནས་དེ་དག་གི་དོན་སྒྲུབ་པའི་སངས་རྒྱས་ནི་ཆོས་ཀྱི་སྐུ་མིན་གྱི། གཟུགས་ཀྱི་སྐུ་རྣམ་པ་གཉིས་ཡིན་ནོ། །དེ་ལ་ཟབ་མོ་རྟོགས་པའི་ཤེས་རབ་ཀྱིས་ཆོས་ཀྱི་སྐུ་དང༌། རྒྱ་ཆེ་བའི་ཐབས་ཀྱིས་གཟུགས་ཀྱི་སྐུ་སྒྲུབ་པ་དང༌། ཐབས་དང་བྲལ་བའི་ཤེས་རབ་དང་ཤེས་རབ་དང་བྲལ་ བའི་ཐབས་ཀྱིས་སྐུ་གཉིས་སྒྲུབ་པར་མི་ནུས་པས། ཐབས་དང་ཤེས་རབ་ཡ་མ་བྲལ་བ་དགོས་སོ་ཞེས་པ་འདི་ནི་ཐེག་པ་ཆེན་པོ་པ་སྤྱིའི་གྲུབ་པའི་མཐའོ། །གནས་ལུགས་ཀྱི་དོན་མ་རྟོགས་པར་ཉོན་མོངས་པ་ཐམས་ཅད་ཟད་པར་བྱས་ནས་འཁོར་བའི་རྒྱ་ མཚོའི་ཕ་རོལ་ཏུ་བརྒལ་བར་མི་ནུས་པས། ཟབ་མོ་རྟོགས་པའི་ཤེས་རབ་ནི་འཕགས་པ་འོག་མ་གཉིས་དང་ཡང་ཐུན་མོང་བའོ། །དེའི་ཕྱིར་ཐེག་ཆེན་གྱི་ལམ་གྱི་ཁྱད་པར་གྱི་གཙོ་བོ་ནི། གཟུགས་ཀྱི་སྐུ་སྐལ་བ་དང་ལྡན་པའི་གདུལ་བྱ་ལ་སྣང་ནས་འཁོར་ བ་ཇི་སྲིད་གནས་ཀྱི་བར་དུ་སེམས་ཅན་རྣམས་ཀྱི་མགོན་སྐྱབས་མཛད་པའི་རྒྱུར་གྱུར་པའི་ཐབས་ལ་བྱ་དགོས་སོ། །ཕ་རོལ་ཏུ་ཕྱིན་པ་པ་རྣམས་ལ་ནི། ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་སྤྲོས་པ་དང་བྲལ་བ་སྒོམ་པས་ཆོས་ཀྱི་སྐུ་དང་རྣམ་པ་རྗེས་སུ་མཐུན་པའི་ 3-2-15b ལམ་སྒོམ་པ་ཡོད་ཀྱང༌། གཟུགས་ཀྱི་སྐུ་མཚན་དཔེས་སྤྲས་པ་དང་རྣམ་པ་འདྲ་བར་སྒོམ་པའི་ལམ་མེད་ལ་སྔགས་ལ་ནི་ཡོད་དོ། །དེས་ན་གཞན་དོན་གཟུགས་ཀྱི་སྐུ་སྒྲུབ་པའི་ཐབས་ལ་ལམ་གྱི་ལུས་མི་འདྲ་བའི་ཁྱད་པར་ཆེན་པོ་ཡོད་པས་ཐེག་པ་ གཉིས་སུ་མཛད་པ་ཡིན་ཏེ། སྤྱིར་ཐེག་པ་ཆེ་ཆུང་སྟོང་པ་ཉིད་ཀྱི་ཤེས་རབ་ཀྱིས་མི་འབྱེད་པར་ཐབས་ཀྱིས་འབྱེད་དགོས་ལ། ཁྱད་པར་དུ་ཐེག་པ་ཆེན་པོ་ལ་གཉིས་སུ་ཕྱེ་བ་ཡང་ཟབ་མོ་རྟོགས་པའི་ཤེས་རབ་ཀྱིས་མི་འབྱེད་ཀྱི། ཐབས་ཀྱིས་དབྱེ་དགོས་ཤིང་ ཐབས་ཀྱི་གཙོ་བོ་ཡང་གཟུགས་སྐུ་སྒྲུབ་པའི་ཆ་ནས་ཡིན་ལ། གཟུགས་སྐུའི་སྒྲུབ་བྱེད་ཀྱི་ཐབས་ནི་དེ་དང་རྣམ་པ་འདྲ་བར་སྒོམ་པའི་ལྷའི་རྣལ་འབྱོར་ཉིད་ཐེག་པ་གཞན་གྱི་ཐབས་ལས་མཆོག་ཡིན་པའི་ཕྱིར་རོ། །གཉིས་པ་ལ་གཉིས། རྣལ་འབྱོར་བླ་མེད་ ཀྱི་གཞུང་ནས་བཤད་པ་དང༌། རྒྱུད་སྡེ་འོག་མའི་གཞུང་ནས་བཤད་པའི་ཚུལ་ལོ། །དང་པོ་ལ་གཉིས། རྒྱུད་ནས་བཤད་པའི་ཚུལ་དང༌། དགོངས་འགྲེལ་རྣམས་ཀྱིས་ཇི་ལྟར་བཤད་པའོ། །དང་པོ་ནི། རྡོ་རྗེ་གུར་གྱི་ལེའུ་དང་པོ་ལས། གལ་ཏེ་སྟོང་པ་ཐབས་ ཡིན་ན། །དེ་ཚེ་སངས་རྒྱས་ཉིད་མི་འགྱུར། །རྒྱུ་ལས་འབྲས་བུ་གཞན་མེད་ཕྱིར། །ཐབས་ནི་སྟོང་པ་ཉིད་མ་ཡིན། །ལྟ་བ་རྣམས་ལས་ལོག་རྣམས་དང༌། །བདག་ཏུ་ལྟ་བ་འཚོལ་རྣམས་ཀྱི། །བདག་ཏུ་འཛིན་པ་བཟློག་པའི་ཕྱིར། །རྒྱལ་བ་རྣམས་ཀྱིས་སྟོང་པར་བསྟན། ། དེ་ཕྱིར་དཀྱིལ་འཁོར་འཁོར་ལོ་ཞེས། །བདེ་བའི་ཐབས་ཀྱི་སྡོམ་པ་སྟེ། །སངས་རྒྱས་ང་རྒྱལ་རྣལ་འབྱོར་གྱིས། །སངས་རྒྱས་ཉིད་ཡུན་རིང་མི་འགྱུར། །སྟོན་པ་སུམ་ཅུ་རྩ་གཉིས་མཚན། །མངའ་བདག་དཔེ་བྱད་བརྒྱད་ཅུར་ལྡན། །དེ་ཕྱིར་ཐབས་དེས་བསྒྲུབ་ 3-2-16a བྱ་སྟེ། །ཐབས་ནི་སྟོན་པའི་གཟུགས་ཅན་ནོ། །ཞེས་གསལ་བར་གསུངས་སོ། །འདི་དག་གིས་ནི་སྟོང་ཉིད་སྒོམ་པ་ཙམ་ཞིག་ཐབས་སུ་འདོད་པ་དགག་པ་དང༌། སྟོང་ཉིད་བསྟན་པའི་དགོས་པ་དང༌། ཐུན་མོང་མ་ཡིན་པའི་ཐབས་ཆེ་བ་དང་བཅས་པ་དང༌། ཐབས་དེས་སྒྲུབ་དགོས་པའི་རྒྱུ་མཚན་རྣམས་བསྟན་ཏེ། ཚིགས་སུ་བཅད་པ་བཞི་དང་གོ་རིམ་བཞིན་ནོ། །དེ་ལ་རྐང་པ་དང་པོའི་དོན་ནི་གུར་དུ་རང་གི་རྣམ་རྟོག་གི་དྲི་མས་སེམས་སྦགས་པར་བྱས་པས་འབད་པ་ཀུན་གྱིས་སེམས་སྦྱང་བར་བྱའོ་ཞེས་སྔོན་ དུ་བསྟན་པ་ལ་འཕྲོས་ནས། དེ་ལྟ་ན་དྲི་མ་སྦྱོང་བ་ལ་སྟོང་པ་ཉིད་ཙམ་ཞིག་བསྒོམ་པར་བྱ་སྟེ། བདག་མེད་པའི་དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་ཉིད་བདག་ཏུ་འཛིན་པའི་རྣམ་རྟོག་དང་རྣམ་པ་འགལ་བ་ཡིན་གྱི། ལམ་གཞན་དང་མི་འགལ་བའི་ཕྱིར་རོ། །དེས་ན་ འཚང་རྒྱ་བའི་ཐབས་ནི་སྟོང་ཉིད་སྒོམ་པ་ཙམ་དུ་ཟད་ཀྱི། སྤྲོས་པ་གཞན་གྱིས་ཅི་བྱ་སྙམ་པའོ། །དེའི་ཚེ་ཐབས་དེ་ལ་ཇི་ཙམ་འབད་ཀྱང་སངས་རྒྱ་བར་མི་འགྱུར་ཏེ། དེ་འདྲ་བ་དེ་ལ་ནི་རྒྱུ་སྟོང་ཉིད་སྒོམ་པ་དེ་ལས་གཞན་འབྲས་བུའི་ཐབས་མེད་པའི་ཕྱིར་ན། ཐབས་ཀྱི་ཡན་ལག་དང་བྲལ་བས་རྒྱུ་མ་ཚང་བའི་ཕྱིར་རོ། །དེའི་སྟོང་པ་ཉིད་ཙམ་ལ་གོམས་པར་བྱེད་པ་ནི་ཐབས་ཚང་བ་མ་ཡིན་ནོ། །ཚུལ་དེ་ནི་སྔགས་སུ་མ་ཟད་ཕར་ཕྱིན་གྱི་ཐེག་པའི་ལུགས་ཀྱང་ཡིན་ནོ་ཞེས། ལྷའི་རིགས་ཀྱི་བློ་གྲོས་ཀྱི་བཤད་ དེ་ལེགས་པ་ཡིན་ནོ། །འོ་ན་སྟོང་ཉིད་བསྟན་པའི་དགོས་པ་ཅི་ཡིན་སྙམ་ན། ཆོས་བདག་མེད་པ་ལ་སོགས་པའི་ལྟ་བ་ལས་ཕྱིན་ཅི་ལོག་པ་དང༌། བདག་ཏུ་ལྟ་བ་འཚོལ་བ་སྟེ་བདག་ཏུ་འཛིན་པ་ལ་མངོན་པར་ཞེན་པ་རྣམས་ཀྱི་བདག་ཏུ་འཛིན་པ་ 3-2-16b གཉིས་བཟློག་པའི་ཕྱིར་བདག་མེད་པའི་སྟོང་པ་ཉིད་བསྟན་ཏོ། །འདིས་ནི་བདག་གཉིས་སུ་ཀུན་ཏུ་རྟོག་པའི་དྲི་མ་སྦྱོང་བ་ལ་གདོན་མི་ཟ་བར་བདག་མེད་པའི་དེ་ཁོ་ན་ཉིད་རྟོགས་པའི་ལྟ་བ་བཙལ་ནས་སྒོམ་དགོས་པར་བསྟན་ཏེ། འདི་དག་གི་ཆ་ནི་ཕ་རོལ་ཏུ་ཕྱིན་པ་དང་འདྲ་ བ་ཡིན་ནོ། །ལྟ་བ་རྣམས་ལས་ལོག་རྣམས་ཞེས་སོགས་རྐང་པ་གཉིས་ཀྱི་བཤད་པ་ནི་གུར་འགྲེལ་གྱི་དགོངས་པ་ལྟར་རོ། །སྟོང་ཉིད་སྒོམ་པ་ཙམ་ལ་ཐབས་མ་ཚང་ན་ཐབས་ཁྱད་པར་བ་དེ་གང་ཡིན་སྙམ་ན། སྟོང་ཉིད་སྒོམ་པ་ཙམ་ཐབས་སུ་མི་འཐད་པ་དེའི་ ཕྱིར་ཐབས་ཁྱད་པར་བ་ནི་དཀྱིལ་འཁོར་གྱི་འཁོར་ལོ་ཞེས་གསུངས་པ་དེའོ་ཞེས་སྦྱར་ཏེ། གུར་འགྲེལ་དུ། ཐབས་ནི་བདེ་བའི་སྡོམ་པ་སྟེ། །ཞེས་བསྒྱུར་བ་བདེའོ། །འདིར་ཕར་ཕྱིན་གྱི་ཐེག་པ་ལས་ཐབས་མཆོག་ཏུ་གྱུར་པ་སྟོན་པའི་སྐབས་ཡིན་ཞིང༌། སྟོང་ཉིད་ སྒོམ་པ་ཙམ་ལ་ཐབས་མ་ཚང་བར་བསྟན་པའི་རྒྱུ་མཚན་གྱིས། སྟོང་ཉིད་སྒོམ་པ་ལ་བསྣན་རྒྱུའི་ཐབས་དེ་ལྷའི་རྣལ་འབྱོར་དུ་གསུངས་པས་ན། དཀྱིལ་འཁོར་གྱི་འཁོར་ལོ་སྒོམ་པ་གཟུགས་སྐུའི་ཐབས་ཀྱི་གཙོ་བོར་ཤེས་པ་ཡིན་ནོ། །ཐབས་དེའི་ཁྱད་པར་ནི་ གཉིས་ལས། བདེ་བ་ནི་དཀའ་སྤྱད་ལ་མི་ལྟོས་པའོ། །སྡོམ་པ་ལ་ཀྱཻ་རྡོ་རྗེར་སྡོམ་ལུགས་མང་དུ་གསུངས་ཀྱང༌། སྐབས་འདིར་རྣམ་པ་ལྷའི་འཁོར་ལོར་སྣང་བའི་ཐབས་དང་རང་བཞིན་སྟོང་ཉིད་དུ་རྟོགས་པའི་ཤེས་རབ་མི་ཕྱེད་པ་ལ་བྱའོ། །དེ་འདྲ་བའི་རྣམ་སྣང་ལ་ སོགས་པའི་སངས་རྒྱས་ཀྱི་ང་རྒྱལ་སྒོམ་པའི་ཐབས་ཤེས་ཀྱི་རྣལ་འབྱོར་གྱིས་སངས་རྒྱས་ཀྱི་གོ་འཕང་ཕར་ཕྱིན་གྱི་ཐེག་པ་ལྟར་ཡུན་རིང་པོ་མ་ཡིན་པར་ཐོབ་པར་བྱེད་དོ་ཞེས་པ་ནི་ལམ་དེའི་ཆེ་བ་བརྗོད་པའོ། །ལྷའི་རྣལ་འབྱོར་མྱུར་ལམ་དུ་བཤད་པ་འདིས་ 3-2-17a ནི་ལྷའི་རྣལ་འབྱོར་རྣམས་མཆོག་སྒྲུབ་པ་ལ་དོན་མེད་དོ་སྙམ་དུ་འཛིན་པའི་ལོག་པར་རྟོག་པ་རྣམས་འགོག་པ་ཡིན་ནོ། །འོ་ན་གཟུགས་ཀྱི་སྐུ་སྒྲུབ་པ་ལ་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པ་ཅན་གྱི་སངས་རྒྱས་ཀྱི་ང་རྒྱལ་འཆང་བའི་རྣལ་ འབྱོར་དགོས་པའི་རྒྱུ་མཚན་ཅི་ཡིན་སྙམ་ན། སྟོན་པ་ཞེས་སོགས་རྐང་པ་གཉིས་དང་དེ་ཕྱིར་ཞེས་པས་བསྒྲུབ་བྱ་གཟུགས་ཀྱི་སྐུ་དེ་མཚན་དཔེས་བརྒྱན་པ་ཡིན་པ་གཏན་ཚིགས་སུ་བྱས་ནས། འབྲས་བུ་སྟོན་པ་དེའི་གཟུགས་ཅན་ནམ་རྣམ་པ་ཅན་གྱི་ཐབས་ དེས་སྒྲུབ་དགོས་སོ་ཞེས་གསུངས་སོ། །གུར་གྱི་འགྲེལ་པ་གཞན་གཉིས་སུ་དོགས་པ་བསལ་ནས་གསལ་བར་བཤད་པ་མི་སྣང་ལ། ལྷའི་རིགས་ཀྱི་བློ་གྲོས་ཀྱི་འགྲེལ་པ་ལས། རྐང་པ་དང་པོ་གཉིས་ཀྱིས་སྟོང་ཉིད་སྒོམ་པ་ཙམ་ཞིག་ཐབས་སུ་འདོད་པ་ བཀག་པའི་སྐབས་སུ། ཐབས་དང་བྲལ་བའི་སྟོང་པ་འབའ་ཞིག་བསྒོམས་ན་ནམ་མཁའ་མཐའ་ཡས་ལ་སོགས་པའི་མི་ཁོམ་པར་སྐྱེ་བར་འགྱུར་རོ། །ཞེས་བཤད་པ་ནི་འཐད་པར་མ་མཐོང་ངོ༌། །དེ་ནས་སྟོང་ཉིད་ལམ་གྱི་སྐབས་སུ་ཐབས་དང་སྨིན་པའི་སྐབས་སུ་ འབྲས་བུ་ཡིན་ཞེས་སྨྲ་བའི་ལན་དུ། དེའི་ཚེ་རྒྱུ་ལམ་དང་འབྲས་བུ་སྨིན་པ་གཉིས་ཀྱི་སྟོང་ཉིད་ལ་ཁྱད་པར་གཞན་མེད་པའི་ཕྱིར་འབྲས་བུར་འདོད་པ་བཞིན་དུ་སྟོང་ཉིད་ཀྱང་ཐབས་མིན་པར་འགྱུར་རོ། །རྒྱུ་ནི་དམིགས་བཅས་སྤྲོས་པའི་ངོ་བོ་ཉིད་དང་འབྲས་ བུ་ནི་དེ་ལས་བཟློག་པ་ཡིན་པས། རྒྱུ་འབྲས་ཐ་དད་དུ་གྲུབ་པས་ཐབས་ནི་སྟོང་ཉིད་འབའ་ཞིག་མ་ཡིན་ནོ་ཞེས་འཆད་དོ། །སྟོང་ཉིད་བསྟན་པའི་དགོས་པ་ནི་སྔར་དང་འདྲའོ། །དེ་ནས་ཤེར་ཕྱིན་ཕར་ཕྱིན་ལྷག་མ་ལྔའི་ཐབས་ཀྱིས་ཟིན་པ་བསྐལ་པ་གྲངས་ 3-2-17b མེད་གསུམ་དུ་སྤྱད་པས་བྱང་ཆུབ་འགྲུབ་པ་ཕར་ཕྱིན་གྱི་ཐེག་པར་བསྟན་པ་ན། དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པའི་ཐབས་ཀྱིས་ཅི་བྱ་སྙམ་པའི་དོགས་པ་སེལ་བ་ལ་དེ་ཕྱིར་ཞེས་སོགས་རྐང་པ་བཞི་འཆད་ཅིང་དེའི་བདེ་བ་སྔར་དང་འདྲ། སྡོམ་པ་ནི་དབང་པོ་ གཉིས་སྦྱོར་གྱི་བདེ་བ་མྱོང་བ་དང༌། སངས་རྒྱས་ཀྱི་ང་རྒྱལ་ནི་ཐ་མལ་བའི་ང་རྒྱལ་དང་བྲལ་བ་དང༌། ཡུན་མི་རིང་བ་ནི་ཚེ་འདི་ལ་འཐོབ་པ་ལ་འཆད་དོ། །དེ་ནས་སངས་རྒྱས་ཀྱི་སྐུ་ཆོས་སྐུའི་ཚུལ་གྱིས་བསྒོམ་པར་བྱའམ་སྙམ་པའི་དོགས་པ་སེལ་བ་ལ། སྟོན་པ་ཞེས་ སོགས་རྐང་པ་བཞི་སྟེ། ཐབས་ནི་སྐུ་གསུམ་གྱི་གཟུགས་ཅན་གྱི་ཏིང་ངེ་འཛིན་གསུམ་ལ་འཆད་པར་སྣང་ངོ༌། །འདིར་དཀྱིལ་འཁོར་གྱི་འཁོར་ལོའི་ལྷའི་རྣལ་འབྱོར་བསྟན་པ་དེ་རིམ་པ་དང་པོ་ཁོ་ན་ལ་བོད་ཀྱི་བླ་མ་མང་པོས་སྦྱར་བ་ནི། ལྷའི་རྣལ་འབྱོར་དང་བསྐྱེད་ རིམ་གཉིས་ཀྱི་རྒྱ་ཆེ་ཆུང་མ་ཕྱེད་པའི་སྐྱོན་ཡིན་པས་རིམ་པ་གཉིས་ཀའི་སྐབས་སུ་གཟུང་དགོས་སོ། །མཆོག་སྒྲུབ་པ་ལ་ལྷའི་རྣལ་འབྱོར་འདོར་བའི་ལོག་རྟོག་གི་གཞི་ཆེ་བ་ནི། སྟོང་ཉིད་བསྒོམས་པ་ཉིད་སྐུ་གཉིས་ཀའི་སྒྲུབ་བྱེད་དུ་འཛིན་པ་འདི་ཡིན་ལ། དེའི་ དོགས་པ་གསལ་བར་བཅད་ནས་གཟུགས་སྐུའི་རྒྱུར་ལྷའི་རྣལ་འབྱོར་ངེས་པར་སྒོམ་དགོས་པར་གུར་ནས་གསུངས་པ་འདི་གསལ་བར་སྣང་བས་དྲངས་པ་ཡིན་པས། དེས་མཚོན་ནས་རྒྱུད་གཞན་གྱིས་བསྟན་པ་ཡང་ཤེས་པར་བྱ་སྟེ། འདིར་ནི་མངས་སུ་དོགས་ ནས་མ་བྲིས་སོ། །གཉིས་པ་ལ་གཉིས། སློབ་དཔོན་ཡེ་ཤེས་ཞབས་ཀྱི་གཞུང་ནས་ཇི་ལྟར་བཤད་པ་དང༌། སློབ་དཔོན་གཞན་གྱིས་ཇི་ལྟར་བཤད་པའོ། །དང་པོ་ནི། སྔར་དྲངས་པའི་རྒྱུད་ཀྱིས་བསྟན་པ་ལྟར་ཤིན་ཏུ་གསལ་བར་སྒྲུབ་པ་ནི་སློབ་དཔོན་ཆེན་པོ་ 3-2-18a ཡེ་ཤེས་ཞབས་ཀྱི་བདག་སྒྲུབ་པའི་ཐབས་ལས་གསུངས་སོ། །དེ་ཡང་སྔོན་དུ་ཕར་ཕྱིན་གྱི་ཐེག་པའི་ཚུལ་གསུངས་ཏེ། ཇི་སྐད་དུ། བདག་མེད་པ་ལ་གོམས་པ་ཡང་ཐབས་ཀྱི་བྱེ་བྲག་དང་བྲལ་བ་ཡིན་ན། གང་གི་ཕྱིར་དེས་རྟོག་པའི་དྲི་མ་མ་ ལུས་པ་དང་བྲལ་ཞིང་འགྲོ་བ་མ་ལུས་པ་ལ་ཕན་པ་མཛད་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐྱེད་པར་མི་ནུས་པ་དེའི་ཕྱིར། ཐབས་ཤིན་ཏུ་མངོན་དུ་གྱུར་པ་ལ་རབ་ཏུ་འབད་པར་བྱའོ། །སྐྱེ་བོ་མ་ལུས་པ་ལ་ཕན་པའི་བདག་ཉིད་ནི་ཐམས་ཅད་མཁྱེན་པའི་ ཡེ་ཤེས་ཡིན་ལ་ཕན་པ་ཡང་མཐར་ཐུག་པའི་རྒྱ་ཆེ་བ་ལས་བྱུང་བ་ཡིན་ནོ། །དེའི་རྒྱུ་ཡང་ཐབས་གོམས་པ་ཁོ་ན་ཡིན་ཏེ། བདག་མེད་པ་ལ་གོམས་པ་ནི་རྣམ་པར་རྟོག་པ་ཙམ་སྤངས་པའི་འབྲས་བུ་ཅན་ཉིད་ཡིན་པའི་ཕྱིར་རོ། །དེ་ཡང༌། ཟབ་པའི་ཕྱིར་དང་ རྒྱ་ཆེའི་ཕྱིར། །རྣམ་མི་རྟོག་དང་ཡོངས་སུ་སྨིན། །འདི་ལ་དེ་གཉིས་བསྟན་པས་ན། །དེ་ཕྱིར་བླ་ན་མེད་པའི་ཐབས། །ཞེས་གསུངས་སོ། །དེ་བས་ན་ཕྱིན་ཅི་མ་ལོག་པའི་སྦྱིན་པ་ལ་སོགས་པའི་སེམས་པ་རབ་ཏུ་འཇུག་པ་ནི་ཐབས་ཡིན་ཏེ། ཐམས་ཅད་ མཁྱེན་པ་ཉིད་ལ་ཡོངས་སུ་བསྔོས་པར་གྱུར་ན་དེ་དག་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་ཉིད་དུ་འགྱུར་བའི་ཕྱིར་རོ། །དེ་སྐད་དུ་ཡང༌། སྦྱིན་དང་ཚུལ་ཁྲིམས་བཟོད་དང་དེ་བཞིན་བརྩོན་འགྲུས་དང༌། །བསམ་གཏན་ཤེས་རབ་བྱང་ཆུབ་ཡོངས་སུ་བསྔོ་བར་བགྱིས། །བྱང་ ཆུབ་ཕུང་པོར་ཞེན་ནས་མཆོག་འཛིན་མ་བྱེད་ཅེས། །དང་པོའི་ལས་ཅན་དེ་ལ་དེ་སྐད་བསྟན་པར་བྱ། །ཞེས་གསུངས་པ་ཡིན་ནོ་ཞེས་སོ། །དེ་དག་གི་དོན་ནི་རྒྱ་ཆེ་བའི་ཐབས་དང་བྲལ་ན་བདག་མེད་པ་ཅི་ཙམ་གོམས་ཀྱང་འགྲོ་བ་ཀུན་གྱི་གསོས་སུ་གྱུར་པའི་ 3-2-18b སངས་རྒྱས་མི་འཐོབ་པས་ཐབས་ལ་འབད་དགོས་པ་དང་སེམས་ཅན་མ་ལུས་པ་ལ་ཕན་འདོགས་པའི་གོ་འཕང་དེ་ཡང་རྒྱ་ཆེ་བའི་ཐབས་གོམས་པ་ཁོ་ནའི་ལག་རྗེས་ཡིན་ཏེ། བདག་མེད་གོམས་པའི་ལག་རྗེས་ནི་དྲི་མ་ཟད་པ་ཙམ་གྱི་སྤངས་པ་ཡིན་པའི་ ཕྱིར་རོ། །འདིས་ནི་རྒྱ་ཆེ་བའི་ཐབས་དང་བྲལ་བའི་སྟོང་ཉིད་བསྒོམས་པས་དྲི་མ་ཐམས་ཅད་ཟད་པར་བྱེད་ནུས་ཀྱང༌། སེམས་ཅན་ཐམས་ཅད་ཀྱི་དོན་སྒྲུབ་པ་མི་འབྱུང་ཞེས་སྟོན་པ་མིན་ལ། སྟོང་ཉིད་སྒོམ་པ་དང་བྲལ་བའི་རྒྱ་ཆེ་བའི་ཐབས་ཙམ་ལ་གོམས་པས་ཀྱང་སེམས་ ཅན་ཐམས་ཅད་ཀྱི་དོན་སྒྲུབ་པའི་གཟུགས་སྐུ་ཐོབ་ནུས་ཀྱང༌། དྲི་མ་ཐམས་ཅད་ཟད་པའི་ཆོས་སྐུ་མི་འཐོབ་ཅེས་སྟོན་པ་ཡང་མ་ཡིན་ཏེ། ཆོས་སྐུ་དང་གཟུགས་སྐུ་གཉིས་གཅིག་ཐོབ་ནས་གཅིག་ཤོས་མ་ཐོབ་པ་མི་སྲིད་པའི་ཕྱིར་ཏེ། དེ་གཉིས་ནི་རྒྱུ་ཚོགས་པ་ གཅིག་ལ་རག་ལས་ཀྱི་འབྲེལ་བ་ངེས་པ་ཅན་ཡིན་པས་ནམ་ཡང་མི་འབྲལ་བའི་ཕྱིར་རོ། །དེ་ཡང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེས་འཕངས་པའི་སྟོང་ཉིད་རྟོགས་པའི་ཤེས་རབ་ནི་བདག་ཏུ་འཛིན་པའི་དྲི་མ་མཐའ་དག་འདག་བྱེད་ཡིན་པས། དག་པ་གཉིས་ལྡན་ གྱི་ཆོས་ཀྱི་སྐུའི་ཐུན་མོང་མ་ཡིན་པའི་རྒྱུ་ཡིན་ཡང༌། གཟུགས་ཀྱི་སྐུའི་ཡང་ལྷན་ཅིག་བྱེད་པའི་རྐྱེན་ནོ། །དེ་བཞིན་དུ་རྒྱ་ཆེ་བའི་ཐབས་རྣམས་ཀྱང་གཟུགས་སྐུའི་ཐུན་མོང་མ་ཡིན་པའི་རྒྱུ་ཡིན་ཡང༌། ཆོས་སྐུའི་ཡང་ལྷན་ཅིག་བྱེད་པའི་རྐྱེན་ཡིན་ཏེ། རྒྱ་ཆེ་བའི་ ཐབས་ལ་མ་འབད་ན་དངོས་པོའི་དེ་ཁོ་ན་ཉིད་ལ་ཇི་ཙམ་ཞིག་གོམས་པར་བྱས་ཀྱང་འཁོར་བ་ལས་བརྒལ་བ་ཙམ་སྲིད་ཀྱི། དྲི་མ་ཐམས་ཅད་ཟད་པའི་ཆོས་སྐུ་ལ་གཏུག་མི་ནུས་པའི་ཕྱིར་དང༌། སྟོང་ཉིད་རྟོགས་པའི་ཤེས་རབ་ལ་མ་འབད་ན་རྒྱ་ཆེ་བའི་ཐབས་ 3-2-19a ལ་ཅི་ཙམ་འབད་ཀྱང་གཟུགས་ཀྱི་སྐུ་ལ་གཏུག་པར་མི་ནུས་པའི་ཕྱིར་རོ། །དེ་ལྟ་ནའང་སངས་རྒྱས་པའི་སྐབས་ཀྱི་དྲི་མ་ཐམས་ཅད་ཟད་པ་ནི་སྟོང་ཉིད་བསྒོམས་པའི་ལག་རྗེས་ཡིན་ལ། འགྲོ་བ་མ་ལུས་པའི་གསོས་སུ་འགྱུར་ བ་ནི་ཐབས་རྒྱ་ཆེ་བའི་ལག་རྗེས་སུ་བྱ་དགོས་ཏེ། དཔེར་ན། སྔོན་པོ་འཛིན་པའི་མིག་གི་ཤེས་པ་སྐྱེ་བ་ལ་རྐྱེན་གསུམ་ཚང་དགོས་པས། གསུམ་གའི་འབྲས་བུ་ཡིན་མོད་ཀྱང་གཟུགས་ལ་འཛིན་གྱི། སྒྲ་ལ་སོགས་པ་ཡུལ་གཞན་ལ་མི་འཇུག་པ་ནི་ དབང་པོའི་ལག་རྗེས་དང༌། མྱོང་བའི་ངོ་བོར་སྐྱེས་པ་དེ་མ་ཐག་རྐྱེན་དང༌། སྔོན་པོའི་རྣམ་པ་ཅན་དུ་སྐྱེས་པ་དམིགས་རྐྱེན་གྱི་ལག་རྗེས་ཡིན་པ་དང་འདྲའོ། །ཟབ་པའི་ཕྱིར་དང་ཞེས་སོགས་མདོ་སྡེ་རྒྱན་གྱི་ལུང་ནི། ཐབས་དང་ཤེས་རབ་ཀྱི་ ཕྱོགས་གཉིས་ཀ་ཚང་ན་འབྲས་བུ་སྒྲུབ་པའི་ཐབས་བླ་ན་མེད་པར་འགྱུར་བའི་ཁུངས་སོ། །སྦྱིན་དང་ཞེས་སོགས་ཀྱི་སྡུད་པའི་ལུང་ནི། སྦྱིན་སོགས་སངས་རྒྱས་སྒྲུབ་པའི་ཐབས་རྣམས་ཀྱང་བྱང་ཆུབ་ཏུ་བསྔོ་བ་དང༌། དམིགས་སུ་མེད་པའི་ཤེས་རབ་ཀྱིས་ཟིན་པར་ བྱས་ན་ཐབས་སུ་འགྱུར་བའི་ཁུངས་སོ། །དེའི་འོག་ཏུ་སྔགས་ཀྱི་ཐེག་པའི་ཐུན་མོང་མ་ཡིན་པའི་ཐབས་གསུངས་པ་ནི། ཇི་སྐད་དུ། དེ་ནི་དེ་ཁོ་ན་ལྟར་ཡང་མ་ཡིན་ཏེ། རྒྱུ་མི་འདྲ་བ་གོམས་པ་ལས་རྫོགས་པའི་བྱང་ཆུབ་མངོན་དུ་གྱུར་པ་དང་རྗེས་སུ་མཐུན་པའི་ སྒོམ་པ་མེད་པའི་ཕྱིར་རོ། །ཞེས་སོ། །དེའི་དོན་ནི་སྦྱིན་སོགས་ཐབས་སུ་བཤད་པ་དེ་རྣམས་བླ་ན་མེད་པའམ་གོང་ན་མེད་པའི་ཐབས་སུ་གསུངས་པ་དེ་ནི་དེ་ལྟར་མ་ཡིན་ཏེ། སངས་རྒྱས་ཀྱི་སྐུ་མངོན་དུ་གྱུར་པ་དང་རྣམ་པ་རྗེས་སུ་མཐུན་པའི་ལམ་སྒོམ་པ་མེད་ 3-2-19b པའི་ཕྱིར་ཏེ། འབྲས་བུ་དང་རྣམ་པ་ཡེ་མི་འདྲ་བའི་ལམ་ཙམ་ཞིག་གོམས་པར་བྱེད་པའི་ཕྱིར་རོ། ཞེས་པའོ། །གཟུགས་སྐུ་དང་རྣམ་པ་མཐུན་པའི་ལམ་སྒོམ་པ་མེད་ན་སངས་རྒྱས་སྒྲུབ་པའི་ཐབས་གོང་ན་མེད་པ་མ་ཡིན་པ་སྒྲུབ་པ་ནི། དེ་ཉིད་ལས་བདག་ཉིད་ཀྱི་རང་གི་ངོ་བོ་ཉིད་ཀྱིས་ ཟབ་པ་དང་རྒྱ་ཆེ་བའི་བདག་ཉིད་ཅན་གྱི་འབྲས་བུ་ནི་རང་གི་རང་བཞིན་ལས་བསྒྲུབ་པར་བྱ་བ་ཡིན་ལ། ཞེས་པའོ། །དེ་ལ་སྤྱིར་ཐོབ་པར་བྱ་བའི་འབྲས་བུ་ནི་ཟབ་པ་ཆོས་ཀྱི་སྐུའི་བདག་ཉིད་ཅན་དང༌། རྒྱ་ཆེ་བ་མཚན་དཔེས་སྤྲས་པའི་བདག་ཉིད་ཅན་ཞིག་སྟེ། དེ་ཡང་ཐུགས་ ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་དང་རོ་མཉམ་པར་ཞུགས་ནས་དེ་ལས་ནམ་ཡང་ལྡང་བ་མེད་པ་དང༌། དེ་ཉིད་ཀྱི་དུས་སུ་སྐུ་མཚན་དང་དཔེ་བྱད་འབར་བས་བརྒྱན་པ་ནམ་ཡང་རྣམ་པར་འགྱུར་བ་མི་སྟོན་པར་བཞུགས་པ་གཉིས་ཀའང་ངོ་བོ་དབྱེར་མེད་པ་སྟེ། བདག་ཉིད་ཀྱི་རང་ གི་ངོ་བོ་ཉིད་ཀྱིས་ཞེས་གསུངས་པའི་དོན་ནོ། །དེ་ལྟར་ན་དེ་སྒྲུབ་པའི་ཐབས་དང་ཤེས་རབ་ཀྱང་དེ་དང་མཐུན་པ་ཞིག་དགོས་ཏེ། དཔེར་ན། རྒྱལ་བའི་ཐུགས་ཆོས་སྐུ་སྒྲུབ་པ་ན་རྣལ་འབྱོར་པས་ད་ལྟ་ནས་རང་གི་སེམས་དངོས་པོའི་དེ་ཁོ་ན་ཉིད་ཀྱི་དོན་ལ་བཞག་ནས་རྒྱལ་ བའི་ཐུགས་དང་རྣམ་པ་རྗེས་སུ་མཐུན་པའི་ལམ་སྒོམ་པ་བཞིན་དུ། གཟུགས་ཀྱི་སྐུ་སྒྲུབ་པ་ནའང་རང་གི་ལུས་མཚན་དཔེའི་རྣམ་པ་ཅན་དུ་སྣང་བའི་སྐུ་དང་རྣམ་པ་རྗེས་སུ་མཐུན་པའི་ལམ་སྒོམ་དགོས་ཏེ། འདི་གཉིས་ནི་བྱེད་ན་བྱེད་མཉམ་དང་འཇོག་ན་འཇོག་ མཉམ་དུ་ཀུན་ནས་མཚུངས་པའི་ཕྱིར་རོ། །དེ་ལ་དགོངས་ནས་བདག་སྒྲུབ་པ་ལས། དེ་བས་ན་བདག་མེད་པ་དང་འདྲ་བར་རྒྱ་ཆེ་བའི་རང་གི་ངོ་བོ་ཡང་ཐ་མི་དད་པ་ཉིད་དུ་བསྒོམ་པར་བྱའོ། །ཞེས་གསུངས་ཏེ། འདིའི་ལུགས་ཀྱི་རྒྱ་ཆེ་བ་ནི་ལྷའི་རྣལ་འབྱོར་ལ་བྱེད་ 3-2-20a པ་ཡིན་ལ། རྒྱ་ཆེ་ལུགས་ནི་འོག་ནས་བཤད་པར་བྱའོ། །དེ་ལྟ་བུའི་ཚུལ་གྱིས་སྒྲུབ་པ་ལ་རང་གི་རང་བཞིན་ལས་སྒྲུབ་པ་ཞེས་གསུངས་སོ། །འབྲས་བུའི་སྐབས་སུ་ལུས་མཚན་དཔེས་སྤྲས་པའི་རྟེན་དང་དེ་ལ་བརྟེན་པའི་དམིགས་མེད་ཀྱི་ཐུགས་ གཉིས་ངོ་བོ་དབྱེར་མེད་དུས་གཅིག་ཏུ་གནས་པ་བཞིན་དུ། ལམ་གྱི་སྐབས་སུ་ཡང་རྣལ་འབྱོར་བའི་ཡིད་ངོ་ན་རང་གི་སྐུ་དེ་བཞིན་གཤེགས་པའི་སྐུའི་རྣམ་པར་སྣང་བའི་ཐབས་དང༌། དེའི་ཚེ་རང་གི་སེམས་ཆོས་ཀྱི་དེ་ཁོ་ན་ཉིད་རང་བཞིན་མེད་པ་ལ་དམིགས་ པའི་ཤེས་རབ་གཉིས་ཤེས་པ་གཅིག་གི་ངོ་བོར་དབྱེར་མེད་པ་དུས་གཅིག་ཏུ་ཚོགས་པའི་ཐབས་ཤེས་དབྱེར་མེད་དུ་བྱ་དགོས་ཏེ། འདི་གཉིས་དུས་གཅིག་ཏུ་སྦྱོར་བའི་རྣལ་འབྱོར་ལ་གོམས་པར་བྱས་པས་མཐར་གཉིས་སུ་མེད་པའི་ཡེ་ཤེས་ཉིད་གདུལ་བྱ་ ལ་གཟུགས་ཀྱི་སྐུར་སྣང་བའི་གོ་འཕང་འགྲུབ་པའི་ཕྱིར་རོ། །དེ་ལྟར་ལྷར་སྣང་བའི་ཐབས་ཀྱི་མཆོག་ཀྱང༌། རང་གི་སེམས་ཀྱི་ངོ་བོ་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཤེས་རབ་དང་བྲལ་ནས་དེས་ཕོངས་པར་གྱུར་ན། སངས་རྒྱས་སུ་བགྲོད་མི་ནུས་པས། གཉིས་ ཚོགས་པ་དགོས་པར་བདག་སྒྲུབ་པ་ལས། དེ་ལ་ཡང་ཐུབ་པ་འོད་ཟེར་དཔག་ཏུ་མེད་པ་སྤྲོ་བ་དང་ལྡན་པ། རང་དང་གཞན་གྱི་ཕུན་སུམ་ཚོགས་པ་མཐའ་ཡས་པའི་རྟེན་དུ་གྱུར་པ་ཉིད་ཀྱིས་ཡང་དག་པའི་ཐབས་ཀྱི་མཆོག་གི་མཚན་ཉིད་ཅན། ཤེས་རབ་ དང་བྲལ་བས་ཕོངས་པར་གྱུར་པ་ནི་མངོན་དུ་ཕྱོགས་པས་སྒོམ་པར་བྱེད་ནའང་ཕུན་སུམ་ཚོགས་པ་མ་ལུས་པ་འཐོབ་པར་བྱེད་པ་མ་ཡིན་པའི་ཕྱིར་དེའི་ངོ་བོ་ལ་ཕྱིན་ཅི་མ་ལོག་པའི་སེམས་སུ་བྱའོ། །ཞེས་སོ། །གཟུང་རྣམ་ལྷའི་རྣམ་པར་སྣང་བའི་རང་བཞིན་ 3-2-20b མེད་རྟོགས་ཀྱི་ཤེས་རབ་དེ་ཉིད་རྒྱ་ཆེ་བ་ལྷའི་རྣལ་འབྱོར་གྱི་སེམས་དང་ངོ་བོ་གཅིག་ཡིན་ཡང་ཐབས་ཤེས་ཐ་དད་དུ་འཇོག་པ་ནི། ལོག་ས་ཐ་དད་ལ་ལྟོས་པའི་ལྡོག་པ་ཐ་དད་པའི་ཐ་སྙད་ཀྱི་དབང་གིས་ཡིན་ཏེ། འདི་ལྟར་དེ་ཁོ་ན་ཉིད་ཀྱི་དོན་ལ་སེམས་ཕྱིན་ཅི་ལོག་ཏུ་ འཛིན་པ་ལས་བཟློག་པའི་ཆ་ནས་ཤེས་རབ་ཏུ་འཇོག་སྟེ། ཤེས་བྱའི་མཐར་ཐུག་པ་དོན་དམ་པ་ཤེས་པ་ནི་ཤེས་པ་མཆོག་ཡིན་པའི་ཕྱིར་རོ། །རང་གི་འབྲས་བུ་སངས་རྒྱས་སྒྲུབ་པའི་ནུས་པ་མེད་པ་ལས་ལོག་པའི་ཆ་ནས་ཐབས་སུ་འཇོག་སྟེ། སངས་རྒྱས་ཀྱི་ཐབས་ ནི་སངས་རྒྱས་སྒྲུབ་པར་ནུས་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་བདག་གྲུབ་པ་ལས། དེ་དག་ཀྱང་ཕྱིན་ཅི་མ་ལོག་པའི་རྒྱ་ཆེ་བའི་སེམས་དང་མཚན་ཉིད་གཅིག་པ་ཉིད་ཡིན་ནའང༌། ཐ་དད་པའི་ཐ་སྙད་ནི་ཐ་དད་པར་ཁོང་དུ་ཆུད་པར་བྱེད་པ་སྟེ། འདི་ལྟར་དེ་ཁོ་ན་ཉིད་ ལ་སེམས་ཕྱིན་ཅི་ལོག་པ་ལས་བཟློག་པའི་ངོ་བོ་ཉིད་ཀྱིས་ཤེས་རབ་ཏུ་ཤེས་པར་བྱ་ལ། རང་གི་འབྲས་བུ་ལ་ནུས་པ་མེད་པ་ལས་བཟློག་པ་ནི་ཐབས་སུ་བསྟན་པ་ཡིན་ནོ། །ཞེས་སོ། །འདིར་ཐབས་ཤེས་སུ་འཇོག་པའི་ཚུལ་སྤྱི་འགྲོ་ལྟར་གསུངས་ཀྱང༌། ཐབས་ཤེས་སུ་འཇོག་པའི་གཞི་ནི་སྔགས་ཀྱི་ཐབས་ཤེས་ཁྱད་པར་ཅན་ཡིན་ནོ། །དེ་ལྟར་ན་གཟུང་ཆ་ལྷའི་འཁོར་ལོར་སྣང་བས་གཟུགས་ཀྱི་སྐུ་སྒྲུབ་ཅིང༌། རང་བཞིན་སྟོང་ཉིད་རྟོགས་པས་ཆོས་ཀྱི་སྐུ་སྒྲུབ་པའི་ཐབས་ཤེས་གཉིས་མེད་དུ་སྦྱོར་བ་ནི། སྔགས་ ནས་གསུངས་པའི་ཐབས་ཤེས་དང་རྣལ་འབྱོར་རྣམས་ཀྱི་གཙོ་བོའི་དོན་དུ་ཤེས་པར་བྱའོ། །གཉིས་པ་ནི། བཞི་བརྒྱ་ལྔ་བཅུ་པའི་འགྲེལ་པ་ལས། ཡང་ན་ལྷའི་བདག་ཉིད་ཅན་འབའ་ཞིག་ཙམ་བསྒོམས་ན་དེ་ལྟ་ན་ནི་དེ་ཙམ་གྱིས་འཚང་རྒྱ་བ་ཉིད་དུ་མི་འགྱུར་ 3-2-21a ཏེ། ལས་རྫོགས་པ་མ་ཚང་བའི་ཕྱིར་རོ། །ཡང་ན་ལྷ་རྣམས་ཀྱི་དེ་ཁོ་ན་ཉིད་སྒོམ་གྱི་ལྷ་རྣམས་མ་ཡིན་ན་ནི། དེ་ལྟ་ན་ཡང་བསྐལ་པ་གྲངས་མེད་པ་མང་པོར་སངས་རྒྱས་ཉིད་ཐོབ་པར་འགྱུར་གྱི། མྱུར་དུ་ནི་མ་ཡིན་ནོ། །དེ་བས་ན་གཉིས་ ཀ་སྒོམ་པ་ནི་ཤིན་ཏུ་ཡིད་དུ་འོང་བ་ཡིན་པའི་ཕྱིར་དང༌། བྱིན་གྱིས་བརླབས་ཀྱི་ཁྱད་པར་གྱིས་མཆོག་ཏུ་མྱུར་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་རོ། །ཞེས་ཤཱནྟི་པས་གསུངས་ཏེ། ལྷའི་རྣལ་འབྱོར་ཙམ་ཞིག་སྒོམ་ན་ གཏན་འཚང་རྒྱ་མི་ནུས་པ་དང༌། ལྷ་མ་བསྒོམས་ན་སྟོང་ཉིད་ཐབས་གཞན་དང་ལྡན་པར་བསྒོམས་པས་བསྐལ་པ་གྲངས་མེད་མང་པོས་འཚང་རྒྱ་བ་དང༌། ལྷ་དང་སྟོང་ཉིད་གཉིས་ཀ་བསྒོམས་ན་ལམ་མྱུར་བར་གསུངས་སོ། །དེས་ན་སློབ་དཔོན་འདི་ཡང་སྟོང་ ཉིད་ཀྱི་ལྟ་བ་ཐེག་ཆེན་པ་གཉིས་ཀའི་ཐུན་མོང་བ་ཡིན་པས་ལྷའི་རྣལ་འབྱོར་མེད་ན་ཕར་ཕྱིན་གྱི་ཐེག་པ་ལྟར་ལམ་འགྱང་པ་དང༌། ལྷའི་རྣལ་འབྱོར་སྟོང་ཉིད་ཀྱི་ལྟ་བ་དང་སྦྲེལ་བས་ལམ་མྱུར་བར་བཞེད་པ་ཡིན་ཏེ། སྔར་བཤད་པའི་རྗེས་སུ་འབྲང་བའོ། །མན་ ངག་སྙེ་མའི་སྙེ་མ་བཅོ་བརྒྱད་པ་ལས་ཀྱང༌། ཨ་བྷྱས་ཤཱནྟི་པ་ཇི་ལྟར་བཞེད་པ་བཞིན་བཤད་ནས་དེའི་ཤེས་བྱེད་དུ། ཐ་མལ་ང་རྒྱལ་གཞོམ་དོན་དུ། །བསྒོམ་པ་ཡང་དག་རབ་ཏུ་བསྒྲགས། །ཞེས་དང༌། སླར་ཡང་འོན་ཀྱང་མི་གཙང་བའི་ལུས་སྦྱང་བའི་སླད་ དུ་སངས་རྒྱས་ཀྱི་སྐུ་སྒོམ་པར་བགྱིའོ། །ཞེས་གུར་གྱི་ལེའུ་བཅུ་བཞི་པ་ལས་གསུངས་པ་དྲངས་སོ། །མི་ཐུབ་ཟླ་བས་གུར་གྱི་ལེའུ་དང་པོ་དང་བཅུ་བཞི་པ་ནས་ལུང་དྲངས་ནས་མི་འདྲ་བའི་རྒྱུས་མི་འདྲ་བའི་འབྲས་བུ་སྒྲུབ་མི་ནུས་པར་བརྟག་གཉིས་ཀྱི་ 3-2-21b ལེའུ་དང་པོའི་འགྲེལ་པར་བཤད་དོ། །དགྲ་ནག་གི་འགྲེལ་པ་ལྷན་ཅིག་སྐྱེས་པའི་སྣང་བ་ལས་ཀྱང༌། སྦྱིན་པ་ལ་སོགས་པ་ཐབས་ཀྱི་སྒོ་ནས་དང༌། སྨོན་ལམ་གྱི་སྟོབས་ཀྱིས་འབྱུང་བར་འགྱུར་རོ་ཞེས་བརྗོད་པར་ཡང་མི་བྱ་སྟེ། གང་གི་ཕྱིར་མ་བསྒོམས་པའི་ལོངས་ སྤྱོད་རྫོགས་པ་དང༌། སྤྲུལ་པའི་བདག་ཉིད་དག་ལ་ཡང་ཐེ་ཚོམ་ཟ་བ་ནི་ཇི་ལྟར་སེམས་ངེས་པར་འགྱུར། དེ་ལྟར་ཡང་སྨོན་ལམ་གྱི་སྟོབས་ཀྱིས་འབྱུང་བར་འགྱུར་རོ་ཞེ་ན། བདག་མེད་པ་ཡང་མ་བསྒོམས་པ་ཉིད་དུ་མངོན་སུམ་ཉིད་དུ་འགྱུར་བས་དེ་བསྒོམ་པའི་ངལ་ བས་ཅི་ཞིག་བྱ། གལ་ཏེ་དེ་ནི་བསྒོམས་པ་ཉིད་ཀྱིས་འབྱུང་བར་འགྱུར་རོ་ཞེ་ན། ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་གཉིས་ཀྱིས་ཉེས་པ་ཅི་ཞིག་བྱས་ན་གང་གི་ཕྱིར་དེ་དག་བསྒོམ་པར་མི་བྱ། དེའི་ཕྱིར་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་གནས་པས་ཀྱང་སྐུ་གསུམ་ གྱི་བདག་ཉིད་ཅན་གྱི་སངས་རྒྱས་ཁས་བླང་བར་བྱའོ། །དེ་ནི་བསྒོམས་པས་གསལ་བར་འགྱུར་རོ། །ཞེས་ཆོས་སྐུའི་རྣམ་པ་ཅན་གྱི་བདག་མེད་སྒོམ་ན་གཟུགས་སྐུའི་རྣམ་པ་ཅན་གྱི་ལྷ་ཡང་བསྒོམ་དགོས་ལ། དེ་མི་སྒོམ་ན་སྔ་མ་ཡང་མ་བསྒོམས་པར་ཆོས་ སྐུ་མངོན་དུ་འགྱུར་བར་འདོད་དགོས་སོ་ཞེས་འགོ་མཚུངས་བྱེད་དོ། །དེའི་ཤེས་བྱེད་ཀྱང་དེ་ཉིད་ལས། དེའི་ཕྱིར། སངས་རྒྱས་ཉིད་ནི་སྒྲུབ་པའི་རྒྱུ། །སངས་རྒྱས་རྣལ་འབྱོར་ཀུན་ཏུ་ཡང༌། །རྒྱུ་དང་འདྲ་བའི་འབྲས་བུ་ཉིད། །ཀུན་ཏུ་མཐོང་བ་མ་ཡིན་ནམ། །ཞེས་ བསྟན་པ་དང༌། ཐམས་ཅད་གསང་བ་ལས་ཀྱང༌། སངས་རྒྱས་ཉིད་ཀྱང་མདོར་བསྡུ་ན། །ཏིང་འཛིན་ཡེ་ཤེས་ལས་ངེས་འབྱུང༌། །སངས་རྒྱས་རྣལ་འབྱོར་མ་གཏོགས་པར། །སངས་རྒྱས་རྣལ་འབྱོར་པས་མི་འཐོབ། །ཅེས་པ་རྣམས་ཤྲཱི་དྷ་རས་དྲངས་ཏེ་འདི་དང་འདྲ་བར་དམ་ཚིག་རྡོ་རྗེས་ཀྱང་ 3-2-22a དགྲ་ནག་འགྲེལ་པར་བཤད་ལ། རྒྱལ་བས་བྱིན་གྱིས་ཀྱང་གསང་འདུས་འགྲེལ་པར་བཤད་དོ། །འདུལ་བས་བྱིན་གྱིས་ཀྱང༌། དོན་འདི་ནི་བླ་མའི་ཞལ་སྔ་ནས་ཀྱང་གསུངས་ཏེ། གཟུགས་སྐུ་ཆོས་ཀྱི་སྐུ་ཡིན་སྒོམ་བྱེད་པ། །ཀྭ་ཡེ་ངེས་པར་བྱང་ཆུབ་ འཐོབ་པ་ཡིན། །ཆོས་སྐུ་རྒྱལ་བའི་བསམ་གཏན་གྱིས་འཐོབ་ན། །གཟུགས་ཀྱི་སྐུ་ལ་ཅི་སྟེ་སྒོམ་མི་བྱེད། །གཟུགས་སྐུ་བསོད་ནམས་ཚོགས་ཀྱིས་འཐོབ་ན་ཡང༌། །དེ་ནི་ཡུན་རིང་དུས་གཞན་དམན་པ་སྟེ། །འབྲས་བུའི་ཁྱད་པར་རྒྱུ་ཡི་ཁྱད་པར་ལས། །སྐུ་གསུམ་དུས་ མཉམ་པར་ནི་སྣང་བ་ཡིན། །ཞེས་སྒྱུ་མ་ཆེན་མོའི་དཀྱིལ་ཆོག་ཏུ་རྒྱས་པར་བཤད་དོ། །བསྟན་བཅོས་ཀྱི་ཁུངས་གཞན་ཡང་ཡོད་མོད་ཀྱི་འདི་དག་གསལ་བར་སྣང་བས་བཀོད་དོ། །གཉིས་པ་ནི། བདག་སྒྲུབ་པའི་ཐབས་ལས་རྒྱ་ཆེ་བའི་ལྷའི་རྣལ་འབྱོར་ཕར་ཕྱིན་ཐེག་ པ་བ་དང་སྔགས་གཉིས་ཀྱི་ཐབས་ཀྱི་ཁྱད་པར་དུ་གསུངས་པ་དེ། དེ་ཉིད་བསྡུས་པའི་མངོན་བྱང་གིས་ལྷར་སྐྱེད་པའི་ལུངས་དྲངས་ནས་བསྒྲུབས་ཤིང༌། རྣལ་འབྱོར་དེ་ལ་རྡོ་རྗེ་དབྱིངས་ཀྱི་ལྷ་རྣམས་ཚང་ལུགས་ཀྱང་གསལ་བར་གསུངས་པས་བླ་མེད་དུ་མ་ཟད་རྣལ་ འབྱོར་རྒྱུད་དང་གཉིས་ཀའི་ཐབས་ཀྱི་ཁྱད་པར་དུ་བཞེད་དོ། །དེ་བཞིན་དུ་སློབ་དཔོན་གཞན་རྣམས་ཀྱིས་བཤད་པ་ཡང་བླ་མེད་ཀྱི་སྐབས་སུ་བཤད་མོད་ཀྱང༌། རང་ཉིད་ལྷའི་རྣམ་པར་སྐྱེད་པའི་རྒྱུད་སྡེ་ཀུན་ལ་འདྲ་སྟེ་དེ་ལྟར་སྒོམ་དགོས་པའི་རྒྱུ་མཚན་མཚུངས་པའི་ ཕྱིར་རོ། །འོན་ཀྱང་རྣལ་འབྱོར་གྱི་རྒྱུད་ནས་ཀྱང་མང་དུ་གསུངས་ཏེ། དེ་ཉིད་བསྡུས་པའི་དུམ་བུ་དང་པོ་ལས། ལུས་དང་ངག་སེམས་རྡོ་རྗེ་ཡི། །རང་གི་རྡུལ་ནི་ཕྲ་མོ་རྣམས། །སངས་རྒྱས་ཀྱི་ནི་སྐུར་བསྒོམས་ན། །རྫོགས་པའི་སངས་རྒྱས་ཉིད་དུ་འགྱུར། །ཞེས་པའི་ 3-2-22b འགྲེལ་པ་ཀོ་ས་ལའི་རྒྱན་ལས། རྡུལ་ཕྲ་རབ་དེ་ཉིད་རྡོ་རྗེ་ལ་སོགས་པར་བསྒོམས་པས་ཡིད་ལ་བྱེད་པ་ཐུལ་བའི་རྣལ་འབྱོར་པས། སངས་རྒྱས་ཉིད་ཀྱི་སྐུར་ཉིན་རེ་བཞིན་ཐུན་བཞིར་བསྒོམས་ནའོ། །སངས་རྒྱས་ཀྱིས་ནི་སྐུར་བསྒོམས་པས་དངོས་གྲུབ་གང་ཞིག་ འཐོབ་ཅེ་ན། རྫོགས་པའི་སངས་རྒྱས་ཉིད་དུ་འགྱུར། །ཞེས་བྱ་བ་གསུངས་ཏེ། སངས་རྒྱས་ཀྱི་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ནོ། །ཞེས་སོ། །དེ་ཉིད་སྣང་བའི་སྟོད་འགྲེལ་ལས་ཀྱང༌། གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པ་ རྣམས་ཀྱིས་ཀྱང་སངས་རྒྱས་རྗེས་སུ་དྲན་པ་སྒོམ་པར་བྱ་སྟེ། དེ་བཞིན་གཤེགས་པ་ཉིད་ཀྱི་གཟུགས་ཀྱི་སྐུ་དང་ཆོས་ཉིད་རྗེས་སུ་དྲན་པར་བྱའོ། །ཞེས་རྟོགས་པར་བྱ་བའི་ཕྱིར་རོ། །ཞེས་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབུས་ན་གནས་པ་དེ་ལ་ འཁྱུད་པར་བྱ་ཞིང༌། ཆོས་ཀྱི་སྐུའི་ཚུལ་དང་གཟུགས་ཀྱི་སྐུའི་ཚུལ་གྱིས་དེ་དང་ལྷན་ཅིག་བདག་ཉིད་ཐ་མི་དད་ཅིང་དབྱེར་མེད་པར་ཇི་སྲིད་མངོན་སུམ་དུ་རང་ཉིད་མཐོང་བ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །ཞེས་སོ། །ཆོས་ཀྱི་སྐུ་ནི་སྟོང་ཉིད་རྟོགས་པའི་ཤེས་ རབ་ཀྱིས་སྒྲུབ་པ་ཤིན་ཏུ་གསལ་བས་ཁུངས་སུ་མ་བྲིས་སོ། །བྱ་སྤྱོད་ཀྱི་གཞུང་ནས་ཀྱང་གསུངས་པའི་ཚུལ་ནི། རྣམ་སྣང་མངོན་བྱང་གི་བསྡུས་དོན་གྱི་འགྲེལ་བ་སངས་རྒྱས་གསང་བས་མཛད་པ་ལས། འདི་ལས་མཚན་མ་དང་བཅས་པ་དང་མཚན་མ་མེད་ པ་གཉིས་ཀྱི་གོ་རིམ་བཞིན་དུ་ཡོངས་སུ་དག་པ་དང༌། ཡོངས་སུ་མ་དག་པའི་སྐུ་གཉིས་ཀྱི་བྱེ་བྲག་གི་སྒོ་ནས་ལྷའི་སྐུའི་ངོ་བོ་ཉིད་རྣམ་པ་གཉིས་སུ་བསྟན་ནོ། །དེ་ལ་ཡང་ཡོངས་སུ་དག་པ་ནི་ཆོས་ཀྱི་སྐུའི་མཚན་མ་མེད་པའི་ཏིང་ངེ་འཛིན་གྱི་ངོ་བོ་ཉིད་ཡེ་ཤེས་ 3-2-23a རྣམ་པ་མེད་པའི་མཚན་ཉིད་ཀྱི་རང་བཞིན་ཡིན་ནོ། །ཡོངས་སུ་མ་དག་པ་ཡང་ཀུན་ཏུ་བརྟགས་པའི་གཟུགས་ཀྱི་ངོ་བོ་ཉིད་རྫོགས་པའི་སངས་རྒྱས་རྣམས་ཀྱི་ལོངས་སྤྱོད་རྫོགས་པ་དང༌། སྤྲུལ་པའི་སྐུའི་མཚན་ཉིད་གདུལ་ བྱའི་སྐྱེ་བོ་ལ་སྣང་བའི་དབང་གིས་ཁ་དོག་དང་དབྱིབས་ཀྱི་བདག་ཉིད་དུ་རྣམ་པར་བཞག་པ་ཡིན་ནོ། །ཞེས་སྐུ་གཉིས་དང་རྣམ་པ་རྗེས་སུ་མཐུན་པར་སྒོམ་པའི་རྣལ་འབྱོར་གཉིས་བསྟན་ཏེ་འདི་བྱ་སྤྱོད་གཉིས་ཀ་ལ་འདྲའོ། །འདིར་ཐེག་ཆེན་པ་གཉིས་ལ་ ལྟ་བ་ལ་མཆོག་དམན་མེད་ཀྱང་རྒྱ་ཆེ་བ་ལྷའི་རྣལ་འབྱོར་གྱི་སྒོ་ནས་ཕྱེ་བ་ནི་ཐེག་པ་གསུམ་རྣམ་པར་བཞག་པར་ཡང་གསལ་བར་གསུངས་ཏེ། ཇི་སྐད་དུ། དེའི་ཕྱིར་དོན་དམ་པའི་བདེན་པ་བཅོམ་ལྡན་འདས་དང་ཀླུ་སྒྲུབ་ལ་སོགས་པས་རྣམ་པར་བཞག་ པ་ལས་ཁྱད་པར་དུ་གྱུར་པའི་དོན་དམ་པའི་བདེན་པ་གཉིས་པ་ནི་མེད་དོ། །ཀུན་རྫོབ་ཙམ་གྱིས་ཇི་ལྟར་རྒྱ་ཆེ་བར་འགྱུར་ཞེས་གང་སྨྲས་པ་ནི་འདིར། དམིགས་པ་རྣམ་པར་དག་པ་དང༌། །གྲོགས་ཀྱི་མཐུ་དང་སྤྱོད་པ་ཡིས། །བློ་ལྡན་རྣམས་ཀྱིས་ཐེག་ པ་ནི། །ཆེན་པོའི་ཆེན་པོ་ཉིད་དུ་བསྒྲགས། །ཞེས་རྣམ་པར་དག་པའི་ལྷའི་བདག་ཉིད་དུ་རྟོགས་པ་དང༌། རྒྱལ་བ་རྣམས་ཀྱི་དམ་ཚིག་གཟུང་བས་བྱིན་རླབས་སྐྱེ་བ་དང༌། རྒྱལ་བ་སྲས་བཅས་ཀྱིས་འགྲོ་བའི་དོན་བྱེད་ཅིང་ཞིང་དག་པར་མཛད་པ་ལྟར་ བྱེད་པས། དམིགས་པ་དང་གྲོགས་དང་རྗེས་སུ་སྤྱོད་པ་གསུམ་རྒྱ་ཆེ་བས་ཕ་རོལ་ཏུ་ཕྱིན་པའི་དབུ་མ་པ་ལས་ཁྱད་པར་དུ་འཕགས་པར་བཤད་ཅིང༌། ཁྱད་པར་དེ་གསུམ་དང་ལྡན་པའི་ཐེག་པ་ལ་བྱ་སྤྱོད་སོགས་ཀྱི་རྒྱུད་སྡེའི་དབྱེ་བ་བཤད་པའི་ཕྱིར་སྔགས་ 3-2-23b སྤྱིའི་ཁྱད་པར་དུ་འདོད་དོ། །མདོར་ན་ཆོས་རྣམས་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པས་སྟོང་པའི་རང་བཞིན་མེད་པ་ངེས་པའི་ལྟ་བ་དང་རང་ཉིད་ལྷར་སྐྱེད་པའི་ལྷའི་རྣལ་འབྱོར་གཉིས་སྦྲེལ་ནས་འབྲས་བུ་སྐུ་གཉིས་སྒྲུབ་པ་ནི། རྡོ་རྗེ་ཐེག་པ་གང་གི་དབང་དུ་མཛད་ ནས་གསུངས་པའི་གདུལ་བྱའི་གཙོ་བོ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་དུ་བྱས་ནས། རྒྱུད་སྡེ་སོ་སོ་ནས་དེ་གཉིས་ལས་གཞན་པའི་ལམ་མང་པོ་བཤད་པ་རྣམས་ཁ་ཅིག་སྟོང་ཉིད་ཀྱི་རྟོགས་པ་ཁྱད་ཞུགས་པར་འགྲོ་བའི་ཐབས་དང༌། ཁ་ཅིག་ ལྷའི་རྣལ་འབྱོར་གྱི་ཡན་ལག་ཏུ་ཤེས་པར་བྱ་བ་ནི་གནད་ཀྱི་དོན་དུ་གཟུང་བར་བྱའོ། །གསུམ་པ་ནི། ཁ་ཅིག་ན་རེ། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་གཟུགས་སྐུའི་འདྲ་བའི་རྒྱུ་མེད་ལ་སྔགས་ལ་དེ་ཡོད་པས་མཆོག་དམན་དུ་འཇོག་པ་མི་རིགས་ཏེ། འབྲས་ བུ་དང་འདྲ་བའི་རྒྱུས་འབྲས་བུ་སྒྲུབ་པ་ནི་ཤིན་ཏུ་ཡང་མ་ངེས་པའི་ཕྱིར་ཏེ། འདི་ལྟར་འབྲས་བུ་མཚན་དཔེས་སྤྲས་པའི་སྐུ་སྒྲུབ་པ་ལ་རྒྱུ་ལ་ཡང་མཚན་དཔེའི་རྣམ་པ་ཅན་གྱི་ལམ་སྒོམ་དགོས་ན། འཁོར་ལོས་སྒྱུར་བ་ལྟ་བུ་མཚན་བཟང་པོས་བརྒྱན་ པའི་ལུས་འགྲུབ་པའི་རྒྱུར་ཡང་མཚན་དཔེའི་རྣམ་པ་ཅན་གྱི་ལམ་སྒོམ་དགོས་པར་འགྱུར་ལ། དེ་བཞིན་དུ་བདེ་འགྲོ་དང་ངན་འགྲོའི་ལུས་འགྲུབ་པའི་རྒྱུ་གསོག་པའི་སྐབས་ཐམས་ཅད་དུ་ཡང་འགྲོ་བ་གཉིས་ཀྱི་རྣམ་པ་ཅན་གྱི་རྒྱུ་སྒྲུབ་དགོས་པར་ཧ་ ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །འོན་ཏེ་འབྲས་བུ་དེ་དག་ལ་རང་དང་རྣམ་པ་རྗེས་སུ་མཐུན་པའི་རྒྱུ་མི་དགོས་ན། སངས་རྒྱས་ལ་དེ་ལྟར་བྱ་དགོས་པའི་རྒྱུ་མཚན་ཡང་དག་པ་སྨྲ་བར་བྱ་དགོས་ན་དེ་ཡང་མི་རྙེད་དོ། །དེའི་ཕྱིར་གཟུགས་སྐུའི་རྣམ་པ་ 3-2-24a ཅན་གྱི་ལམ་གྱིས་གཟུགས་སྐུ་སྒྲུབ་པ་སྔགས་ཀྱི་ཐེག་པ་བ་རྣམས་ཀྱི་ཁྱད་ཆོས་ཡིན་ནོ་ཞེས་པ་ནི་དད་པར་བྱ་བ་ཙམ་དུ་ཟད་དོ་ཞེ་ན། འདི་ལ་བཤད་པར་བྱ་སྟེ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་བ་རྣམས་གཟུགས་ཀྱི་སྐུའི་ངོ་བོའི་རྒྱུ་བསོད་ནམས་ཀྱི་ ཚོགས་མཆོག་རྣམས་དང༌། མཚན་དཔེ་ལ་སོགས་པ་ཁྱད་པར་གྱི་རྒྱུ་བླ་མ་བསུ་སྐྱེལ་ལ་སོགས་པ་རྣམས་ཚེ་རབས་དུ་མ་ཞིག་ཏུ་བསགས་པའི་མཐུས་ས་མཐོན་པོར་སོང་བ་ན། མཚན་དཔེ་རྗེས་མཐུན་པས་བརྒྱན་པའི་ལུས་ཐོབ་སྟེ། དེ་ཡང་ཇེ་བཟང་ཇེ་ བཟང་དུ་སོང་སྟེ་མཐར་སྲིད་པ་ཐ་མ་པར་གྱུར་པ་ན། སློབ་པའི་མཚན་དཔེ་མཐར་ཐུག་པ་ཐོབ་པར་འགྱུར་རོ། །དེའི་ཚེ་རྟེན་དེ་ལ་ཆོས་ཀྱི་སྐུ་མངོན་དུ་བྱས་པ་ན་ལུས་ཀྱི་མཚན་དཔེའི་རིགས་འདྲ་དེ་ཉིད་ལོངས་སྐུར་འགྱུར་བ་ཡིན་གྱི། ལམ་དུས་སུ་མཚན་དཔེ་མེད་ པར་འབྲས་བུ་ཐོབ་མ་ཐག་གསར་དུ་འབྱུང་བར་མི་འདོད་དོ། །དེ་བཞིན་དུ་རྡོ་རྗེ་ཐེག་པ་བ་རྣམས་ཀྱང་ཚེ་གཅིག་ལ་སངས་རྒྱས་སྒྲུབ་པ་ན། སློབ་པའི་དུས་སུ་མི་སློབ་པའི་མཚན་དཔེ་དང་རྗེས་སུ་མཐུན་པའི་མཚན་དཔེ་མེད་ན་མཐར་ཐུག་པའི་མཚན་དཔེ་ གློ་བུར་དུ་འབྱུང་བར་མི་འདོད་དོ། །དེ་ལྟར་ན་སློབ་པའི་ལམ་དུ་མཚན་དཔེ་མེད་ན་གཟུགས་སྐུ་མི་འགྲུབ་པ་ནི་ཐེག་པ་ཆེན་པོ་གཉིས་ཀའི་ལུགས་སོ། །དེའི་ཚེ་ཚེ་གཅིག་ལ་འཚང་རྒྱ་བ་སྔགས་པ་འཇུག་པའི་ལས་དང་པོ་བ་དེ་ལ། དང་པོར་སྐྱེས་ཙམ་ ནས་ལུས་ལ་མཚན་དཔེས་བརྒྱན་པ་ཞིག་དགོས་པར་སྔགས་ནས་མ་གསུངས་ཤིང༌། ཡོད་པ་ཡང་མིན་པས་ལུས་ཀྱི་མཚན་དཔེས་གཟུགས་སྐུའི་མཚན་དཔེའི་རྒྱུ་བྱེད་པ་གཞག་ཏུ་མེད་པས། ཚེ་དེ་ལ་གསར་དུ་བསྒོམས་ནས་མཚན་དཔེའི་རིགས་ 3-2-24b མཐུན་གྱི་རྒྱུ་ཞིག་སྒྲུབ་དགོས་ལ། དེ་ཡང་ལྷའི་རྣལ་འབྱོར་ལས་གཞན་དུ་འཐད་པ་མ་ཡིན་ནོ། །དེ་ལྟར་བྱས་ན་བདེ་འགྲོ་དང་ངན་འགྲོའི་ལུས་འགྲུབ་པ་ལ་རྒྱུའི་སྐབས་སུ་དེའི་རྣམ་པ་ཅན་གྱི་རྒྱུ་བསག་མི་དགོས་པ་དང༌། སངས་རྒྱས་ཀྱི་གཟུགས་སྐུ་ འགྲུབ་པའི་སྔོན་རོལ་ཏུ་དེ་དང་རྣམ་པ་རྗེས་སུ་མཐུན་པའི་རྒྱུ་དགོས་པ་གཉིས་ཇི་ལྟར་མཚུངས། ཁོ་བོ་ཅག་གིས་གཟུགས་སྐུར་སྐྱེ་བ་ལེན་པའི་རྣམ་སྨིན་གྱི་རྒྱུར་དེའི་རྣམ་པ་ཅན་གྱི་ལམ་སྒོམ་དགོས་ཞེས་འདོད་པ་མིན་གྱི་སངས་རྒྱས་ཀྱི་མཚན་དཔེ་འགྲུབ་པའི་སྔ་ རོལ་ཏུ་དེ་དང་རྗེས་སུ་མཐུན་པའི་རིགས་མཐུན་གྱི་རྒྱུ་དགོས་སོ་ཞེས་འདོད་པ་ཡིན་པས་ཀླན་ཀའི་གནས་མེད་དོ། །འོ་ན་རྒྱུད་སྡེ་འོག་མ་གསུམ་གྱི་ལྷའི་རྣལ་འབྱོར་སྒོམ་པ་དང༌། བླ་མེད་ཀྱིའང་ཚེ་དེ་ལ་སངས་རྒྱས་མི་འགྲུབ་པར་སྐྱེ་བ་བརྒྱུད་དགོས་པའི་ལྷའི་སྐུ་སྒོམ་ པ་རྣམས་གཟུགས་སྐུའི་རྗེས་སུ་མཐུན་པའི་རྒྱུར་ཇི་ལྟར་འགྱུར་སྙམ་ན། འདི་དག་ཀྱང་ཚེ་འདིར་དེ་ལྟར་གོམས་པས་མཐར་སྐྱེ་བ་གཞན་དུ་ཚེ་དེ་ལ་གཟུགས་སྐུ་འགྲུབ་པའི་ཚེ་རིགས་མཐུན་པའི་རྒྱུར་འགྲོ་བ་ཡིན་གྱི། གཟུགས་སྐུར་སྐྱེ་བ་ལེན་པའི་རྣམ་སྨིན་གྱི་རྒྱུ་ མ་ཡིན་ནོ། །དེ་ལྟར་ཇི་སྐད་བཤད་པའི་དོགས་པ་རྣམས་ལེགས་པར་བཅད་ནས་ལྷའི་རྣལ་འབྱོར་སྒོམ་པ་མེད་མི་རུང་ཡིན་པ་ལ་ངེས་པ་རྙེད་དགོས་ཏེ། རྡོ་རྗེ་མཁའ་འགྲོའི་དང་པོ་ལས། བདག་ཉིད་སངས་རྒྱས་ཐམས་ཅད་དང༌། །དཔའ་བོ་ཐམས་ཅད་ཉིད་ཡིན་ཏེ། ། རང་གི་ལྷ་ཡི་སྦྱོར་བ་ཡིས། །བདག་ཉིད་རབ་ཏུ་བསྒྲུབ་པར་བྱ། །འདི་ཡིས་སངས་རྒྱས་ཐམས་ཅད་དང༌། །དཔའ་བོ་ཐམས་ཅད་ཉིད་དང་ནི། །རྡོ་རྗེ་འཛིན་པ་ཐམས་ཅད་དུ། །ཚེ་འདི་ཉིད་དུ་འགྲུབ་འགྱུར་ཞེས། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་ 3-2-25a འགྲོ་བདེ་བའི་མཆོག །རྡོ་རྗེ་སེམས་དཔའི་དེ་བཞིན་གཤེགས། །དཔལ་ལྡན་བཅོམ་ལྡན་འདས་ཀྱིས་གསུངས། །ཞེས་དང༌། ཕྱག་རྒྱའི་སྦྱོར་བ་འདི་ཡིས་ནི། །ས་གསུམ་མ་ལུས་བཟའ་བར་བྱ། །གཞན་དུ་གལ་ཏེ་སྦྱོར་བ་ནི། །མ་ཚང་མར་ མེ་ལྟ་བུར་འདའ། །ཞེས་གསུངས་ཤིང་དེའི་འགྲེལ་པ་ལས། འདི་ཡིས་ནི་ཞེས་བྱ་བ་བསྟན་མ་ཐག་པའི་སྟོང་པ་ཉིད་ཀྱི་ཕྱག་རྒྱ་འདིས་སོ། །ཕྱག་དང་ཞལ་ལ་སོགས་པའི་ཀུན་རྫོབ་ཀྱི་ཕྱག་རྒྱ་དང་མཉམ་པར་སྦྱོར་བ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། ། རྣལ་འབྱོར་པ་དེས་ཅི་ཞིག་བྱ་ཞེ་ན། ས་གསུམ་མ་ལུས་བཟའ་བར་བྱ། །ཞེས་བྱ་བ་སྟེ། སྐུ་ལ་སོགས་པའི་ཐ་མལ་བའི་གཟུགས་བཟློག་པར་བྱ་ཞེས་བྱ་བའི་དོན་ནོ། །སྟོང་པ་ཉིད་ཀྱི་བསམ་གཏན་འབའ་ཞིག་གིས་ཇི་ལྟར་ཡང་བྱང་ཆུབ་འགྲུབ་པ་མེད་པར་བསྟན་པའི་ ཕྱིར། གཞན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་དུ་ཞེས་བྱ་བ་ནི་སྟོང་པ་ཉིད་འབའ་ཞིག་གིས་སོ། །སྦྱོར་བ་མ་ཚང་བ་ཞེས་བྱ་བ་ནི་སྣང་བ་ལས་འདས་པའོ། །འདའ་ཞེས་བྱ་བ་ནི་བདག་གི་དོན་ཙམ་ཡང་མེད་པར་མྱ་ངན་ལས་འདའ་པའོ། །ཇི་ལྟ་ བུར་ཞེ་ན། མར་མེ་ལྟ་བུར་ཏེ་ཇི་ལྟར་མར་མེ་མར་གྱི་རྒྱུན་གྱིས་ནམ་མཁའི་ངོས་སུ་གསལ་ཞིང་འབར་བ་ལས། གང་གི་ཚེ་མར་གྱི་རྒྱུན་ཟད་པ་དེའི་ཚེ་དེ་ཉིད་དུ་ཟད་ཅིང་གཏུགས་པར་གྱུར་པས། བདག་ཉིད་ཀྱང་མི་སྣང་ན་གཞན་སྣང་བར་བྱེད་པ་ལྟ་ཅི་སྨོས། དེ་བཞིན་དུ་སྟོང་པ་ཉིད་འབའ་ཞིག་གི་ཏིང་ངེ་འཛིན་ཡང་བལྟ་བར་བྱའོ། །ཞེས་བཤད་པས་སྔགས་ཀྱི་ལམ་ལ་ལྷའི་རྣལ་འབྱོར་སྒོམ་པ་མེད་ན་སྟོང་པ་ཉིད་ལ་སོགས་པ་ལ་ཇི་ཙམ་གོམས་ཀྱང་འབྲས་བུའི་སྐབས་སུ་ཞི་བའི་མཐར་ལྟུང་བ་འགོག་མི་ 3-2-25b ནུས་པ་ནི་རྒྱུད་སྡེའི་དགོངས་པ་དམ་པའོ། །དེ་དག་ལ་ངེས་པ་ལེགས་པོར་མ་རྙེད་ན་ལྷའི་རྣལ་འབྱོར་དོར་ནས་སྔགས་ཀྱི་ལམ་གྱི་ཆ་ཕྱོགས་རེ་བ་ལ་སྦྱོང་བས། ལམ་གྱི་ལུས་གཏན་རྙེད་པ་མ་ཡིན་པར་ཤེས་པར་བྱའོ། །གཉིས་པ་ལ་གཉིས། དངོས་ཀྱི་དོན་བཤད་པ་དང༌། ལམ་གྱི་ཁྱད་པར་ ཉིད་བཤད་པའོ། །དང་པོ་ནི། ཁ་ཅིག་ན་རེ། ཐེག་པ་གཉིས་ཀྱི་ལམ་ལ་མཆོག་དམན་ཡོད་ན། ཐོབ་བྱའི་སངས་རྒྱས་ལ་ཡང་མཆོག་དམན་ཡོད་དགོས་ཏེ། རྒྱུ་ལ་ཁྱད་ཡོད་ན་འབྲས་བུ་ལ་ཁྱད་མེད་པ་འགལ་བའི་ཕྱིར་ཏེ་དེ་ལྟ་མ་ཡིན་ན་རྒྱུའི་ཁྱད་པར་དོན་མེད་པ་ཉིད་དུ་འགྱུར་བའི་ ཕྱིར་རོ། །དེས་ན་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ནི་རྡོ་རྗེ་འཆང་གི་གོ་འཕང་ལས་དམན་པ་ཡིན་ཏེ། ཁ་སྦྱོར་གྱི་བརྟག་པ་དང་པོའི་རབ་བྱེད་བཞི་པ་ལས། མདོར་བསྡུས་པས་ནི་སངས་རྒྱས་ཉིད། །བསྐལ་པ་བྱེ་བ་གྲངས་མེད་པས། །ཇི་སྲིད་སངས་རྒྱས་གང་ཐོབ་པ། །གང་ གིས་དམ་པའི་བདེ་བས་ཁྱོད། །སྐྱེ་བ་འདིར་ནི་ཐོབ་པར་འགྱུར། །ཡང་ན་རྡོ་རྗེ་འཛིན་པ་ཉིད། །ཅེས་བསྐལ་པ་བྱེ་བ་དང་གྲངས་མེད་ཀྱིས་ཐོབ་པའི་སངས་རྒྱས་དང་རྡོ་རྗེ་འཆང་གཉིས་སོ་སོར་བཤད་པའི་ཕྱིར་དང༌། ཡང་དེ་ཉིད་ལས། སྐྱེ་བ་འདིར་སངས་རྒྱས་ཉིད་དམ་རྡོ་རྗེ་ སེམས་དཔའ་ཐོབ་པར་འགྱུར་ཏེ། གང་དག་བསམ་གྱིས་མི་ཁྱབ་པའི་གནས་མ་ཐོབ་པ་དེ་ནི་བདེ་བར་གཤེགས་པ་སྟེ་སངས་རྒྱས་ཡིན་ནོ། །མཚན་གཞི་མཚོན་པར་བྱེད་པ་ནི་སེམས་དཔར་ཡང་དག་པར་གསུངས་སོ་ཞེས་བཤད་པའི་ཕྱིར་རོ་ཞེས་ཟེར་རོ། །འདི་ནི་ འཐད་པ་མ་ཡིན་ཏེ། ལུང་དེས་བླ་མེད་ཀྱི་ལམ་གྱིས་ཚེ་གཅིག་ལ། ཡང་ན་ཕར་ཕྱིན་ནས་བཤད་པའི་ཀུན་ཏུ་འོད་འགྲུབ་ལ། ཡང་ན་སྔགས་ནས་བཤད་པའི་རྡོ་རྗེ་འཆང་འགྲུབ་ཅེས་སྟོན་པ་མིན་པའི་ཕྱིར་དང༌། བསྐལ་པ་གྲངས་མེད་ཀྱིས་ཐོབ་པར་བྱ་བའི་སངས་རྒྱས་ 3-2-26a དང་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་གཉིས་ཁྱད་མེད་པར་ཕར་ཕྱིན་གྱི་ཐེག་པ་བས་ཀྱང་མི་འདོད་པའི་ཕྱིར་རོ། །འདི་ལྟར་བསྐལ་པ་གྲངས་མེད་ཀྱིས་ཐོབ་པར་བྱ་བ་དེ་ལ་གཉིས་སུ་བྱས་པའི་སངས་རྒྱས་ནི་མངོན་རྟོགས་རྒྱན་ལས། ས་དགུ་འདས་ནས་ཡེ་ཤེས་ ནི། །གང་གིས་སངས་རྒྱས་སར་གནས་པ། །དེ་ནི་བྱང་ཆུབ་སེམས་དཔའི་ས། །བཅུ་པ་ཡིན་པར་ཤེས་པར་བྱ། །ཞེས་ས་བཅུ་པ་བ་ལ་སངས་རྒྱས་སུ་གསུངས་པ་དེ་ཡིན་ལ། རྡོ་རྗེ་འཆང་གི་ས་ནི་ས་བཅུ་གཅིག་པ་ཡིན་པའི་ཕྱིར་རོ། །སྔགས་ནས་ས་བཅུ་གཉིས་དང་བཅུ་གསུམ་ དང་བཅུ་བཞིར་བཤད་པ་ཡོད་ཀྱང་དེ་དག་ནི་ཕར་ཕྱིན་ནས་བཤད་པའི་ས་རྣམས་དང་དབྱེ་བསྡུ་ཡིན་པར་རྒྱ་གར་གྱི་མཁས་པས་བཤད་དེ་འབྲས་བུའི་སྐབས་སུ་འཆད་པར་འགྱུར་རོ། །དེས་ན་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ཉིད་རྡོ་རྗེ་འཆང་གི་ས་དང་དོན་གཅིག་ཏུ་བྱ་ལ་ དེ་ཉིད་མདོ་སྡེ་ལས་གྲངས་མེད་གསུམ་དང༌། རྒྱུད་སྡེ་ནས་ཚེ་གཅིག་ལ་འགྲུབ་པར་གསུངས་པར་ཤེས་པར་བྱ་ཡི་རྡོ་རྗེ་འཆང་ཞེས་གསུངས་པས་ཕར་ཕྱིན་ཐེག་པའི་འབྲས་བུ་མིན་ནོ་སྙམ་དུ་མི་གཟུང་སྟེ། དེ་ཁོ་ན་ཉིད་གྲུབ་པའི་རབ་བྱེད་ལས། དཔལ་བདེ་བ་ཆེན་པོ་ རྡོ་རྗེ་སེམས་དཔའ་ལམ་གཞན་དག་གིས་བསྐལ་པ་དུ་མ་གྲངས་མེད་པས་རྟོགས་པར་བྱ་བ། རྡོ་རྗེ་ཐེག་པའི་ཐབས་དང་ལྡན་པ་རྣམས་ཀྱིས་ཚེ་འདི་ཉིད་ལ་དཀའ་བ་མེད་པར་བསྒྲུབ་པར་བྱ་བ། ཞེས་རྡོ་རྗེ་འཆང་ཉིད་ལམ་གཉིས་ཀའི་ཐོབ་བྱར་དཔལ་ལྡན་ཞི་བ་འཚོས་ གསུངས་པ་ལྟར་བྱའོ། །ཁ་སྦྱོར་གྱི་ལུང་དེའི་འགྲེལ་པ་མན་སྙེ་ལས་ཀྱང༌། སངས་རྒྱས་ཉིད་ནི་ས་བཅུའི་དབང་ཕྱུག་གོ། རྣམ་སངས་རྒྱས་ཉིད་ནི་ཁྱད་པར་གྱི་ལམ་ཐོབ་པ་ཉིད་དོ། །རྡོ་རྗེ་འཛིན་པ་ཉིད་ནི་ས་བཅུ་གཅིག་གི་དབང་ཕྱུག་ཉིད་དོ། །ཞེས་གསུངས་ཤིང་ 3-2-26b ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་ན་ཡང་མ་རྨོངས་དང༌། །ཞེས་པའི་དོན་སྔགས་དང་ཕར་ཕྱིན་གཉིས་ཐོབ་བྱའི་དོན་གཅིག་ཏུ་རང་ཉིད་ཀྱིས་ཀྱང་ཁས་བླངས་པའི་ཕྱིར་རོ། །གཞན་ཡང་ཕར་ཕྱིན་ནས་ཀུན་ཏུ་འོད་ཀྱི་ས་བརྙེས་པ་དེ་སྒྲིབ་གཉིས་བག་ ཆགས་དང་བཅས་པ་ཐམས་ཅད་སྤངས་ཤིང༌། སྟོབས་དང་མི་འཇིགས་པ་དང་མ་འདྲེས་པ་ལ་སོགས་པའི་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཐོབ་པར་གསུངས་པས། དེར་བཤད་པའི་སངས་རྒྱས་དེ་ལས་ལྷག་པ་ཡོད་ན་སྒྲིབ་གཉིས་བག་ཆགས་དང་བཅས་ པ་ཟད་ཀྱང་ད་དུང་སྐྱོན་མ་ཟད་པ་དང༌། སྟོབས་བཅུ་ལ་སོགས་པའི་ཟག་མེད་ཀྱི་ཡོན་ཏན་བརྒྱ་ཞེ་བཞི་སོགས་ཐོབ་ཀྱང་ད་དུང་ཡོན་ཏན་རྫོགས་པར་མ་ཐོབ་པ་ཁས་བླང་དགོས་པར་འགྱུར་རོ། །དེས་ན་དེ་འདྲ་བའི་གོ་འཕང་དེར་སྔགས་ཀྱི་ལམ་ལ་མ་ལྟོས་པར་ ཕར་ཕྱིན་ནས་བཤད་པའི་ལམ་ཙམ་གྱིས་བགྲོད་པར་ནུས་མི་ནུས་དཔྱོད་ན་རྒྱ་གར་པའི་ཡང་མཁས་པ་མང་པོས་མཛད་སྣང་བ་ལྟར་དཔྱོད་རིགས་མོད་ཀྱང༌། ཀུན་ཏུ་འོད་ཀྱི་སའི་བར་དུ་ཕར་ཕྱིན་གྱི་ལམ་རྐྱང་བས་བགྲོད་ནུས་པར་ཁས་བླངས་ནས། དེ་ལྟ་ཡིན་ཀྱང་ ད་དུང་དེ་ལས་གོང་དུ་བགྲོད་པར་བྱར་ཡོད་དོ། །ཞེས་པ་ནི་འཐད་པར་མ་མཐོང་ངོ༌། །ལམ་གཉིས་ཀྱི་བགྲོད་པ་ལ་གྲངས་མེད་ལ་མ་ལྟོས་པར་འཚང་རྒྱ་ནུས་མི་ནུས་ཀྱི་མཆོག་དམན་བྱུང་ཡང་འབྲས་བུ་བཟང་ངན་དུ་བྱེད་པའི་རྒྱུར་མ་སོང་བས་རྒྱུའི་ཁྱད་པར་དོན་ མེད་དུ་སྒྲུབ་མི་ནུས་ཏེ། འབྲས་བུ་ལ་བཟང་ངན་མ་བྱུང་ཡང་འབྲས་བུ་ལ་ཉེ་རིང་གི་ཁྱད་པར་ཆེན་པོ་བྱུང་བའི་ཕྱིར་རོ། །གཉིས་པ་ལ་གཉིས། རང་གི་ལུགས་ཀྱི་ཁྱད་པར་དང༌། སློབ་དཔོན་གཞན་གྱིས་བཤད་པའི་ཁྱད་པར་རོ། །དང་པོ་ན། རྒྱུད་སྡེ་འོག་མ་གསུམ་ 3-2-27a དང་ཕར་ཕྱིན་གྱི་ཐེག་པའི་མྱུར་ཁྱད་ནི་ལྷའི་རྣལ་འབྱོར་དང་བཟླས་པའི་མཐུ་ལ་བརྟེན་ནས་ཐུན་མོང་གི་དངོས་གྲུབ་མང་པོ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་དངོས་སུ་རྗེས་སུ་བཟུངས་ནས་བྱིན་གྱིས་རློབ་པ་ལ་ སོགས་པའི་ཐབས་མཁས་མང་པོས་བྱང་ཆུབ་ཀྱི་སྤྱོད་པ་རྫོགས་པར་བྱེད་པ་ཡིན་ལ། བླ་མེད་ཀྱི་མྱུར་ཁྱད་ནི། བསྐྱེད་རིམ་ལ་ཡང་རྒྱུད་སྡེ་འོག་མ་ལ་མེད་པའི་ཟབ་གནས་མང་ལ། རྫོགས་རིམ་ལ་ནི་མཆོག་ཏུ་གྱུར་པའི་ཟབ་གནས་དག་ཡོད་དེ་འཆད་ པར་འགྱུར་རོ། །བསྐལ་པ་གྲངས་མེད་འདའ་བ་ལ་མ་ལྟོས་པར་འཚང་རྒྱ་བའི་མྱུར་ཁྱད་ནི་བླ་མེད་ཀྱི་ཁྱད་ཆོས་ཡིན་པས། རྒྱུད་སྡེ་འོག་མའི་གདུལ་བྱས་དེ་ལྟར་འཐོབ་པ་ཡང་བླ་མེད་ཀྱི་རིམ་གཉིས་ལ་ཞུགས་པ་ལ་ལྟོས་ཀྱི་རང་གི་ལམ་ཙམ་གྱིས་མི་ ཆོག་གོ། དེའི་ཕྱིར་སྔགས་ཀྱི་མྱུར་ཁྱད་ཐམས་ཅད་རྩོད་དུས་ཀྱི་ཚེ་གཅིག་ལ་འཚང་རྒྱ་བའམ་བསྐལ་པ་གྲངས་མེད་ལ་མ་ལྟོས་པར་འཚང་རྒྱ་བ་ཁོ་ནར་མི་གཟུང་ངོ༌། །གཉིས་པ་ལ་གཉིས། སྡོམ་འབྱུང་འགྲེལ་པ་ལས་བཤད་པའི་ཚུལ་དང༌། ཚུལ་ གསུམ་སྒྲོན་མེ་ལས་བཤད་པའི་ཚུལ་ལོ། །དང་པོ་ནི། རདྣ་རཀྵི་ཏས་རྫོགས་རིམ་གྱི་སྐབས་སུ་སྤྲོས་བྲལ་སྒོམ་པ་ནི་གཉིས་ཀ་ལ་འདྲ་བ་དང༌། ཡབ་སྲས་མཇལ་བ་ལས་ཆོས་ཐམས་ཅད་བདེ་བས་ཁྱབ་པའི་ཏིང་ངེ་འཛིན་ཐོབ་པའི་བྱང་ཆུབ་སེམས་ དཔའ་ལ་དམིགས་པ་ཐམས་ཅད་ལ་ཚོར་བ་བདེ་བ་ཁོ་ན་འབྱུང་གི་སྡུག་བསྔལ་དང་བཏང་སྙོམས་མི་འབྱུང་བ་དང༌། ཀརྵ་པ་ནའི་ཚད་ཙམ་དུ་བཅད་ཅིང་གཏུབས་པ་དང་གླང་པོ་རྣམས་ཀྱིས་བརྫིས་པ་ལ་ཡང་བདེ་བའི་འདུ་ཤེས་ཁོ་ན་འཇུག་པར་ 3-2-27b གསུངས་པ་དང༌། བདེ་བ་དེ་ཡང་སྔགས་ཀྱི་ཐེག་པ་དང་མི་མཐུན་པ་མ་ཡིན་ཞིང་དེའི་ཐབས་ཀྱང་གསུངས་ཏེ། འཇིག་རྟེན་ལས་འདས་མ་འདས་ཀྱི་ཕུན་ཚོགས་ཐམས་ཅད་ཀྱི་རྒྱུའི་གཙོ་བོ་བྱང་ཆུབ་ཀྱི་སེམས་སུ་ཕར་ཕྱིན་ནས་གསུངས་ལ། དེ་བཞིན་ དུ་སྔགས་སུ་ཡང་བསྟན་ཏོ་ཞེས་སྣང་བ་རྡོ་རྗེར་འཆར་བ་སོགས་ཁུངས་སུ་དྲངས་ནས་བདེ་བ་ཆེན་པོ་ཡང་ཐུན་མོང་བར་བསྒྲུབས་སོ། །མངོན་རྟོགས་རྒྱན་ལས། འདོད་ལ་སྤྱོད་ལ་ཐབས་མཁས་དང༌། །ཞེས་དང༌། འོད་སྲུངས་ཀྱི་ལེའུ་ལས་ཞིང་ པའི་དཔེས་ཉོན་མོངས་པའི་ལུད་སངས་རྒྱས་ཀྱི་ཆོས་སྐྱེད་པ་ལ་ཉེ་བར་མཁོ་བར་གསུངས་པས་འདོད་ཡོན་ལ་སྤྱོད་པ་ཡང་ཐུན་མོང་ངོ༌། །འབྲས་བུའི་ས་ལ་སོགས་པ་ཡང་མཚུངས་པས་ན་བསྐྱེད་རིམ་ཉིད་སྔགས་ཀྱི་ཁྱད་ཆོས་སུ་བཤད་དེ། སྡོམ་འབྱུང་གི་བཅུ་གསུམ་པའི་འགྲེལ་པ་ལས། དེའི་ཕྱིར་བསྐྱེད་པའི་རིམ་པ་སྒོམ་པ་མེད་ན་སྔགས་ཀྱི་ཚུལ་ལས་ཁྱད་པར་མེད་པ་ཁོ་ནའོ་ཞེས་གསུངས་ཏེ། འདིས་ལྷའི་རྣལ་འབྱོར་སྒོམ་པ་ཐམས་ཅད་བསྐྱེད་རིམ་དུ་བསྡུས་ཤིང་རྩ་རླུང་ ཐིག་ལེའི་རྣལ་འབྱོར་རྣམས་བདེ་བ་སྐྱེད་པའི་རྣལ་འབྱོར་ཡིན་ལ་བདེ་བ་ཡང་འདྲ་བས་སོ་སྙམ་དུ་བསམས་སོ། །གཉིས་པ་ནི། དོན་གཅིག་ན་ཡང་མ་རྨོངས་དང༌། །ཐབས་མང་དཀའ་བ་མེད་པ་དང༌། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ ཀྱི་བསྟན་བཅོས་ཁྱད་པར་འཕགས། །ཞེས་ཐམས་ཅད་མཁྱེན་པར་བཤད་པའི་འབྲས་བུ་ནི་སྔགས་དང་ཕར་ཕྱིན་གཉིས་ལ་ཁྱད་པར་མེད་མོད་ཀྱི། འོན་ཀྱང་ཁྱད་པར་བཞིས་སྔགས་ཀྱི་རྒྱུད་སྡེ་བཞི་ཕར་ཕྱིན་ལས་ཁྱད་པར་དུ་འཕགས་པར་ 3-2-28a གསུངས་སོ། །དེ་ལ་མ་རྨོངས་པའི་ཁྱད་པར་ནི། ཕར་ཕྱིན་པ་རྣམས་སྦྱིན་སོགས་ལ་འཇུག་པ་ན་འཁོར་གསུམ་མི་དམིགས་པས་འཇུག་པས་ཤིན་ཏུ་རྨོངས་པ་མིན་ཡང༌། མགོ་ལ་སོགས་པ་གཏོང་བ་ཕྱིའི་སྦྱིན་སོགས་ལ་འཇུག་ པས་དབང་པོ་ཤིན་ཏུ་མི་རྣོ་བས་ཡུན་རིང་པོས་བྱང་ཆུབ་ཐོབ་པར་བྱེད་དོ། །སྔགས་ཀྱི་སྒོར་སྤྱོད་པ་རྣམས་ལ་རྨོངས་པ་དེ་མེད་དེ། ཕ་རོལ་ཏུ་ཕྱིན་པ་ནི་སེམས་ཅན་ཐམས་ཅད་ཀྱི་འདོད་དོན་ཅིག་ཅར་དུ་རྫོགས་པར་བྱེད་ནུས་པ་ཡིན་ལ། མགོ་གཏོང་བ་ སོགས་ཀྱིས་ནི་སེམས་ཅན་མཐའ་ཡས་པ་གསོ་མི་ནུས་པས། དེ་ནི་ཏིང་ངེ་འཛིན་གྱི་འབྲས་བུར་མཐོང་སྟེ་ཐ་མལ་པའི་ཐབས་དེ་ལ་སྨད་ནས་ཐབས་ཀྱི་མཆོག་ཚོལ་བར་བྱེད་དེ། དེ་ཡང་ཐབས་ཤེས་གཉིས་མེད་ཀྱི་ཏིང་ངེ་འཛིན་དེ་ཕྱོགས་ཆད་པ་མེད་ པ་དང༌། རྒྱུན་མི་འཆད་པར་གོམས་པར་བྱས་པས་སེམས་ཅན་མཐའ་ཡས་པའི་འདོད་དོན་རྫོགས་པར་བྱེད་ནུས་པས་སྦྱིན་པའི་ཕར་ཕྱིན་རྫོགས་ལ། དེའི་ཚེ་ཕར་ཕྱིན་ལྷག་མ་རྣམས་ཀྱང་རྫོགས་པར་འགྱུར་རོ། །ཐ་མལ་པའི་ལུས་སྦྱིན་པ་སོགས་ ལ་དེ་མེད་པས་ཕ་རོལ་ཏུ་ཕྱིན་པར་མི་གཞག་གོ། ཐབས་མང་བའི་ཁྱད་པར་ནི། ཕར་ཕྱིན་ནས་དཀའ་ཐུབ་དང་སྡོམ་པ་དང་བརྟུལ་ཞུགས་ལ་སོགས་པ་མཐོ་རིས་དང་ཐར་པའི་ཐབས་སུ་གསུངས་པ་ནི་ཤིན་ཏུ་ཞི་བའི་ལས་ལ་སྤྱོད་པའི་དབང་དུ་ མཛད་པས་ན་སེམས་ཅན་ཐམས་ཅད་རྗེས་སུ་འཛིན་མི་ནུས་སོ། །སྔགས་ཀྱིས་ནི་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བའི་ཕྱིར་རྒྱུད་སྡེ་བཞི་གསུངས་སོ། །སྐབས་འདིར་ཐོག་མར་རང་ཉིད་ཉོན་མོངས་གང་ཆེ་བའི་རིགས་ཤེས་པར་བྱས་ནས་འདོད་ཆགས་ 3-2-28b སོགས་འོད་དཔག་མེད་སོགས་སུ་བསྐྱེད་ནས་སྔགས་ཟློ་བའི་ཐུགས་ཀྱི་དཀྱིལ་འཁོར་དང༌། དབྱངས་གསལ་རྣམས་ལྷར་སྐྱེད་པའི་གསུང་གི་དཀྱིལ་འཁོར་དང༌། གཞལ་ཡས་ཁང་རྟེན་བཅས་སྒོམ་པའི་སྐུའི་དཀྱིལ་འཁོར་གསུམ་ལ་འཇུག་པའི་སྒོ་མི་ འདྲ་བ་གསུམ་གསུངས་སོ། །དཀའ་བ་མེད་པའི་ཁྱད་པར་ནི། དཀའ་མི་དཀའ་བློ་ལ་བལྟོས་ནས་ཡིན་གྱི་དངོས་པོ་ལ་མ་ངེས་ཏེ། ཁ་ཅིག་ལ་དཀའ་བ་གཞན་ལ་སླ་བ་ཡོད་པའི་ཕྱིར་རོ། །དེས་ན་རང་ཉིད་ཇི་ལྟར་འདོད་པ་དང་མཐུན་པར་བཀྲིར་ཡོད་པ་ནི་བདེ་བས་བདེ་བ་ཐོབ་པར་ བྱེད་པས་སྔགས་སུ་ནི་དཀའ་སྤྱོད་མི་སྟོན་ནོ། །དེ་ལ་དབང་པོ་རབ་ཀྱི་རབ་ཆགས་སོགས་ཀྱི་ཉེས་པ་མི་སྤྱོད་པ་རྣམ་རྟོག་ཤས་ཆུང་བ་སྙིང་རྗེ་ཆེ་བ་གཉིས་མེད་ཀྱི་དེ་ཁོ་ན་ཉིད་ལ་བརྩོན་པ་ལ། སྙིང་རྗེ་ཆེན་པོ་དང་རོ་གཅིག་པ་ཆོས་བདག་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ ཉིད་མིང་གཞན་ཐབས་ཤེས་ཞེས་བྱ་བའི་ཕྱག་ཆེན་སྟོན་ནོ། །དབང་པོ་བར་མ་ཐ་མལ་པའི་ཡུལ་ལ་སྤྱོད་པ་ལ་རྒྱབ་ཀྱིས་ཕྱོགས་ཀྱང་ཆགས་སོགས་ཀྱི་རྣམ་རྟོག་མ་པ་སྤངས་པ་དོན་དམ་པའི་ཡེ་ཤེས་ཀྱི་རྒྱ་མཚོར་འཇུག་མི་ནུས་པའི་ཕྱིར་དུ་ཡེ་ཤེས་ཀྱི་ཕྱག་ རྒྱ་སྒོམ་པ་གསུངས་ཏེ། དེ་ཡང་དེ་བཞིན་གཤེགས་པ་རིགས་ལྔ་དང་དེ་དག་གི་རིག་པ་སྤྱན་ལ་སོགས་པའི་ལྷ་མོ་སྒོམ་པའོ། །དེ་དག་བསྒོམས་པས་དེ་ཁོ་ན་ཉིད་ལ་འཇུག་ཚུལ་ནི། ལྷའི་སྐུ་ལ་སེམས་བརྟན་པ་ན་སེམས་ཉིད་ལྷར་སྣང་གི། ཕྱི་རོལ་ནི་མེད་པས། བསྒོམ་བྱ་སོགས་ཀྱི་འཁོར་གསུམ་དུ་ཞེན་པར་མི་བྱའོ་ཞེས་ཤེས་པར་བྱས་པ་ན། ཕྱི་རོལ་དང་གཟུང་འཛིན་དུ་རྟོག་པ་དང་བྲལ་བའི་སྐུར་གནས་པར་འགྱུར་ལ། ཡང་སྐུ་དེ་རྣམས་གཅིག་དང་དུ་མ་དང་བྲལ་བས་དངོས་པོ་མེད་པ་ཉིད་དུ་བླ་མའི་མན་ངག་གིས་ 3-2-29a རྟོགས་པར་འགྱུར་རོ། །དེ་ནས་དེ་དང་འདྲ་བར་ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་དུ་རྟོགས་པར་འགྱུར་ཏེ། དེ་ལ་དགོངས་ནས་ལྷ་སྒོམ་པ་མཐའ་ཡས་པ་ཞིག་གསུངས་སོ་ཞེས་ཡེ་ཤེས་གྲགས་པས་བཤད་དོ། །དབང་པོ་མཆོག་གི་ཐ་མ་ གཉིས་མེད་ཀྱི་ཡེ་ཤེས་ལ་དགའ་ཡང་འདོད་པའི་ཆགས་པ་མ་སྤངས་ཤིང༌། འདོད་པའི་ཡུལ་དང་ཉེ་བ་ལས་སེམས་གཡེངས་ཤིང་ཏིང་ངེ་འཛིན་དུ་མི་འགྱུར་བ་ལ་དམ་ཚིག་གི་ཕྱག་རྒྱ་གནང་སྟེ། དེ་ནི་གཞན་ནས་བཤད་པའི་རིག་མ་མཚན་ཉིད་ དང་ལྡན་པའོ། །འདོད་ཆགས་ལྷག་པར་ཆེ་ཞིང་དེ་ཁོ་ན་ཉིད་ཀྱི་བློ་ཆེ་བ་མ་ཡིན་པ་ཐབས་དེ་ལས་གཞན་གྱིས་སེམས་མཉམ་པར་འཇོག་མི་ནུས་པ་ལ་ལས་རྒྱ་གསུངས་ཏེ། དེར་ཡང་རྗེས་སུ་མཐུན་པའི་ལས་སུ་བྱེད་པ་ཉིད་ཀྱིས་ཉམས་སུ་ལེན་པའོ། ། འདི་ལ་ཚུལ་གསུམ་སྒྲོན་མེ་ལས་དབང་པོ་ཇི་ལྟ་བུ་དང་ལས་རྒྱ་ཇི་འདྲ་ཡིན་མ་གསུངས་ལ། ཡེ་ཤེས་གྲགས་པས་རབ་ཀྱི་ཐ་མ་ལ་དམ་ཚིག་དང་ལས་རྒྱ་གཉིས་གདམ་ང་ཅན་དུ་བཤད་དེ། དངོས་སུ་ལས་ལ་སྦྱོར་མི་སྦྱོར་རམ་རིག་མ་མཚན་ཉིད་ཚང་བ་ ཡིན་མིན་གཉིས་ལ་དགོངས་པ་འདྲའོ། །དེ་ལྟར་ན་སྔགས་ལ་འཇུག་པའི་གདུལ་བྱ་དབང་པོ་རབ་ལ་རིག་མའི་འདོད་ཡོན་ལ་ཆགས་མ་ཆགས་གཉིས་ལས་ཕྱི་མ་ལ་ཕྱག་ཆེན་སྒོམ་པ་གསུངས་ཤིང༌། སྔ་མ་ལ་ཕྱིའི་རིག་མ་ལ་ཆགས་པ་ཡོད་མེད་ གཉིས་ལས་ཕྱི་མ་ལ་ཡེ་རྒྱ་སྒོམ་པ་དང༌། སྔ་མ་ལ་དམ་རྒྱ་དང་ལས་རྒྱ་གཉིས་གནང་བར་བཞེད་པས། སློབ་དཔོན་འདིའི་ལུགས་རང་ལུགས་ལ་འདོད་པ་དང༌། བླ་མེད་ཀྱི་གདུལ་བྱའི་གཙོ་བོ་ལ་ཕྱིའི་རིག་མའི་འདོད་ཡོན་ལ་ཆགས་པ་ཆེ་བ་དགོས་ 3-2-29b པར་འདོད་པ་ནི་འགལ་བའོ། །དབང་པོ་རྣོ་བའི་ཁྱད་པར་ནི། བདེན་པ་བཞིའི་རྣལ་འབྱོར་པ་ནི་དེ་ཁོ་ན་ཉིད་མ་ཤེས་པས་དབང་པོ་རྟུལ་ལ། ཕར་ཕྱིན་གྱི་རྣལ་འབྱོར་པ་ནི་ཐབས་ལ་འཁྲུལ་བས་དབང་པོ་འབྲིང་ངོ༌། །སྔགས་ཀྱི་སྒོར་སྤྱོད་པ་རྣམས་ནི་གང་དུ་ཡང་མ་ རྨོངས་པས་དབང་པོ་རྣོ་སྟེ། གཞན་གྱིས་བྱས་ན་ངན་འགྲོར་འགྲོ་བ་དེ་ཐབས་མཁས་པས་སྤྱད་པས་རྣམ་པར་དག་པའི་གནས་ཐོབ་པར་བྱེད་པའི་ཕྱིར་རོ་ཞེས་སློབ་དཔོན་ཀྲྀ་བི་ཏ་ཀ་མ་ལས་བཤད་དོ། །ཡེ་ཤེས་གྲགས་པས། གང་ཞིག་ཡེ་ཤེས་ཕྱག་རྒྱ་སོགས། ། སྒོམ་ལ་མངོན་དགའ་མེད་གྱུར་པ། །ཤེས་རབ་ཉམ་ཆུང་ཉིད་ཡིན་ཕྱིར། །ཕྱག་རྒྱ་ཆེན་པོ་སྒོམ་པ་མིན། །དེ་ལ་ཀུན་མཁྱེན་ཕན་བཞེད་པས། །ཕྱག་རྒྱ་ཆེན་པོའི་མིང་གིས་ནི། །རྡོ་རྗེ་སེམས་དཔའ་ལ་སོགས་པའི། །གཟུགས་དེ་ཉིད་ནི་ངེས་པར་བསྟན། ། ཞེས་ཤེས་རབ་སྟོབས་ཆུང་བས་ཕྱག་ཆེན་སྒོམ་མི་ནུས་ཤིང་ཕྱག་རྒྱ་གཞན་གསུམ་སྒོམ་པ་ལ་མི་དགའ་བ་ལ་ལྷའི་སྐུ་ལ་ཕྱག་ཆེན་དུ་མིང་བཏགས་ནས་བསྟན་པར་བཤད་དེ་རྣལ་འབྱོར་རྒྱུད་ཀྱི་སྒོམ་པའོ། །འདིས་བྱ་སྤྱོད་གཉིས་ཀྱང་ཤེས་པར་ བྱའོ། །ཐབས་སྙིང་རྗེ་ཆེན་པོ་དང་ཆོས་བདག་མེད་པའི་དེ་ཁོ་ན་རྟོགས་པའི་ཤེས་རབ་གཉིས་ལམ་གྱི་སྲོག་ཏུ་ཕར་ཕྱིན་པས་ཀྱང་འདོད་ཅིང༌། མགོ་ལ་སོགས་པའི་ཟང་ཟིང་གི་རྫས་བཏང་ནས་སེམས་ཅན་གྱི་འདོད་པ་རྫོགས་པ་སྦྱིན་པའི་ཕར་ ཕྱིན་ཡིན་ན། སྦྱིན་པའི་ཕར་ཕྱིན་རྫོགས་པ་མི་སྲིད་དོ་ཞེས་བཀག་ནས་རང་ལ་བདོག་པ་ཐམས་ཅད་ལ་སེར་སྣ་དང་རང་གི་ཕྱིར་དུ་ཀུན་འཛིན་གྱི་དྲི་མ་སྦྱངས་ནས། གཏོང་སེམས་རབ་ཀྱི་མཐར་ཐུག་པར་འཕེལ་བ་ལ་སྦྱིན་པའི་ཕར་ཕྱིན་དུ་ཕར་ཕྱིན་ 3-2-30a གྱི་ཐེག་པ་ནས་གསུངས་ཏེ། སྤྱོད་འཇུག་ལས། གལ་ཏེ་འགྲོ་བ་དབུལ་བོར་བས། །སྦྱིན་པའི་ཕ་རོལ་ཕྱིན་ཡིན་ན། །ད་དུང་འགྲོ་བཀྲེན་ཡོད་ན་སྔོན། །སྐྱོབ་པ་ཇི་ལྟར་ཕ་རོལ་ཕྱིན། །བདོག་པ་ཐམས་ཅད་འབྲས་བཅས་ཏེ། །སྐྱེ་བོ་ ཀུན་ལ་བཏང་སེམས་ཀྱིས། །སྦྱིན་པའི་ཕ་རོལ་ཕྱིན་གསུངས་ཏེ། །དེ་ལྟས་དེ་ནི་སེམས་ཉིད་དོ། །ཞེས་གསུངས་སོ། །དེས་ན་མ་རྨོངས་པའི་ཁྱད་པར་བཤད་པ་ཡང་དཀའ་བར་སྣང་ལ། དབང་པོ་རྣོན་པོའི་ཁྱད་པར་ཡང་དཀའ་སྟེ། ཐབས་ལ་མ་རྨོངས་པ་ལ་བྱེད་ན་ སྔ་མ་དང་ཟློས་ཤིང༌། འདོད་ཡོན་གྱི་ཆགས་པ་ལམ་དུ་བྱེད་པ་ལ་འདོད་ན། དེ་སྔགས་ཀྱི་གདུལ་བྱ་རབ་ཏུ་མི་སྣང་བས་གཙོ་བོའི་གདུལ་བྱ་ལ་ཁྱད་པར་དེ་མེད་པའི་ཕྱིར་རོ། །སྔགས་ལ་འཇུག་པའི་གདུལ་བྱ་ཡང་རབ་རིམ་པ་དང་པོས་རྫོགས་པར་ཁྲིད་ནས་ རིམ་པ་གཉིས་པ་ལ་འཁྲིད་པ་དང༌། རྫོགས་རིམ་བརྟན་པའི་ཚེ་དེ་ལ་འཚང་རྒྱ་བ་མང་དུ་བཤད་པའི་ཕྱིར། ཡེ་རྒྱ་སྒོམ་པ་དང་དམ་རྒྱ་སོགས་གནང་བ་དབང་པོ་འབྲིང་དང་ཐ་མར་བཞེད་པ་ཡང་གཞག་དཀའ་བར་སྣང་བས། བློ་གྲོས་དང་ལྡན་པ་རྣམས་ཀྱིས་དེ་ དག་ལ་སོགས་པ་རྣམས་དཔྱད་པར་བྱའོ། །བོད་ཀྱི་བླ་མ་དག་ཐབས་མང་བ་ནི་ཞི་སོགས་ཀྱི་ལས་ཚོགས་མང་བ་དང༌། དཀའ་བ་མེད་པ་འདོད་ཡོན་ལམ་བྱེད་ལ་འཆད་པ་ནི་སློབ་དཔོན་འདི་དང་ཡེ་ཤེས་གྲགས་པ་གཉིས་ཀའི་གཞུང་ན་མི་སྣང་ངོ༌། །གཉིས་པ་ ལ་གསུམ། སྔགས་ལ་འཇུག་པའི་སྒོ་མི་འདྲ་བ་ཅི་ཙམ་ཞིག་ཡོད་པ་དང༌། འཇུག་སྒོ་མི་འདྲ་བར་འཇོག་པའི་ཁྱད་པར་ངོས་གཟུང་བ་དང༌། ཁྱད་པར་དེ་དག་དང་ལྡན་པ་རྣམས་ཀྱི་ལམ་བགྲོད་པའི་ཚུལ་བསྟན་པའོ། །དང་པོ་ནི། གུར་གྱི་བཅུ་གསུམ་པ་ 3-2-30b ལས། དམན་པ་རྣམས་ལ་བྱ་བའི་རྒྱུད། །བྱ་མེད་རྣལ་འབྱོར་དེ་ལྟག་ལའོ། །རྣལ་འབྱོར་མཆོག་ནི་སེམས་ཅན་མཆོག །རྣལ་འབྱོར་བླ་མེད་དེ་ལྟག་ལའོ། །ཞེས་གསུངས་པ་ལྟར། རྡོ་རྗེ་ཐེག་པའི་གདུལ་བྱ་ལ་དམན་པ་དང་དེའི་ལྟག་འབྲིང་དང༌། མཆོག་དང་ དེའི་ལྟག་མ་ཆེས་མཆོག་ཏུ་གྱུར་པ་བཞི་ལ་རྒྱུད་སྡེ་བཞི་གསུངས་པས། རྒྱུད་སྡེ་བཞིའི་སྒོ་ནས་འཇུག་པའི་སྒོ་བཞིའོ། །བླ་མེད་ཀྱི་རྒྱུད་དོན་ལ་འཇུག་པ་ལས་ཀྱང༌། གསང་སྔགས་འབྲས་བུ་རྡོ་རྗེ་ཐེག་པ་ལ་ནི་འཇུག་པའི་སྒོ་རྣམ་པ་བཞི་སྟེ། བྱ་བའི་རྒྱུད་དང་སྤྱོད་ པའི་རྒྱུད་དང་རྣལ་འབྱོར་གྱི་རྒྱུད་དང་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཅེས་སྤྱིར་གྲགས་པ་ཡིན་ནོ། །ཞེས་བཤད་དོ། །གཉིས་པ་ལ་གཉིས། དྲི་བ་དང༌། ལན་ནོ། དང་པོ་ནི། གལ་ཏེ་གདུལ་བྱའི་དམན་མཆོག་གི་སྒོ་ནས་རྒྱུད་སྡེའི་རིམ་པ་མི་འདྲ་བའི་འཇུག་སྒོ་ འདི་ཆེད་དུ་བྱ་བ་དང་ཐོབ་བྱ་དམན་མཆོག་གི་སྒོ་ནས་ནི་མ་ཡིན་ཏེ། རྡོ་རྗེ་ཐེག་པ་ལ་ཞུགས་པ་ཐམས་ཅད་ཀྱང་སེམས་ཅན་ཐམས་ཅད་ཀྱི་ཕྱིར་དུ་བླ་ན་མེད་པའི་བྱང་ཆུབ་དོན་དུ་གཉེར་བའི་ཐེག་ཆེན་གྱི་སེམས་བསྐྱེད་པ་ཅན་དུ་ཁྱད་པར་མེད་པའི་ཕྱིར་རོ། ། ཐོབ་བྱ་སྐུ་གཉིས་ཀྱི་རྒྱུའི་གཙོ་བོར་གྱུར་པའི་ལམ་གྱི་སྤྱི་ལ་མི་འདྲ་བ་ཡོད་པའི་སྒོ་ནས་ཀྱང་མ་ཡིན་ཏེ། རང་བཞིན་མེད་རྟོགས་ཀྱི་ཤེས་རབ་ཀྱིས་ཆོས་སྐུ་སྒྲུབ་པ་ལ་འདྲ་ཞིང་ལྷའི་རྣལ་འབྱོར་བསྒོམས་ནས་གཟུགས་སྐུ་སྒྲུབ་པའི་སྤྱི་ཡང་འདྲ་བའི་ཕྱིར་རོ། ། དེའི་ཕྱིར་ཐམས་ཅད་ཀྱང་རྡོ་རྗེའི་ཐེག་པ་ཞེས་པའི་ཐེག་པ་གཅིག་ཏུ་ཟད་དེ། ལྷའི་རྣལ་འབྱོར་མི་འདྲ་བ་ལ་སོགས་པའི་ལམ་གྱི་ཁྱད་པར་མི་འདྲ་བ་མང་དུ་ཡོད་པ་ཙམ་གྱིས་ཐེག་པ་སོ་སོ་བའམ་རྒྱུད་སྡེའི་རིམ་པ་མི་འདྲ་བའི་འཇུག་སྒོ་སོ་སོར་འཇོག་ན། 3-2-31a རྣལ་འབྱོར་བླ་མེད་ཀྱི་རྒྱུད་རེ་རེ་ལ་ཡང་ཐེག་པ་མི་འདྲ་བ་དུ་མ་གཞག་དགོས་པར་འགྱུར་ལ། གསང་འདུས་ལྟ་བུ་གཅིག་ལ་ཡང་རྒྱུད་སྡེ་མི་འདྲ་བའི་འཇུག་སྒོ་དུ་མ་ཡོད་པར་འགྱུར་ཏེ། པདྨ་དང་ཙནྡན་ལ་སོགས་པའི་གང་ཟག་མཆོག་དམན་ལྔ་ ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལས་གསུངས་པའི་ཕྱིར་རོ། །དེས་ན་གདུལ་བྱ་མཆོག་དམན་གྱི་སྒོ་ནས་རྒྱུད་སྡེ་མི་འདྲ་བའི་འཇུག་སྒོ་བཞིར་བྱེད་པ་འདི་རྒྱུ་མཚན་གང་གི་སྒོ་ནས་བཞག་པ་བརྗོད་དགོས་སོ་སྙམ་ན། གཉིས་པ་ལ་གཉིས། གཞན་གྱི་ལན་མི་འཐད་པར་ བསྟན་པ་དང༌། རང་གི་ལན་གདབ་པའོ། །དང་པོ་ནི། བོད་ཀྱི་བླ་མ་ཁ་ཅིག་མུ་སྟེགས་ལ་རིགས་བཞི་ཡོད་པ་རྗེས་སུ་གཟུང་བའི་ཕྱིར་དུ་རྒྱུད་སྡེ་བཞི་བསྟན་ཏེ། འདོད་ཆགས་ཅན་དབང་ཕྱུག་གི་རྗེས་སུ་འབྲང་བ་དང༌། ཞེ་སྡང་ཅན་ཁྱབ་འཇུག་གི་རྗེས་སུ་འབྲང་བ་དང༌། གཏི་མུག་ཅན་ཚངས་པའི་རྗེས་སུ་འབྲང་བ་དང༌། མ་ངེས་པ་དེ་གསུམ་གང་རུང་དང་ཕྲད་ན་དེ་དག་གི་གྲུབ་མཐའ་འཛིན་པ་བཞི་ཡོད་པས། རིམ་པ་བཞིན་དུ་རྣལ་འབྱོར་བླ་མེད་དང༌། སྤྱོད་རྒྱུད་དང༌། བྱ་རྒྱུད་དང༌། རྣལ་འབྱོར་གྱི་རྒྱུད་རྣམས་བསྟན་ལ། དེ་ཡང་དེ་ཉིད་ བསྡུས་པའི་རྗེས་སུ་འབྲངས་ནས་ཀུན་སྙིང་དང༌། རབ་འབྱོར་བསྐྱངས་ལ་སོགས་པ་རྣམས་བཞེད་དོ་ཞེས་གསུངས་སོ། །འདིར་གང་ཟག་དེ་དག་རྒྱུད་དེ་དང་དེས་འདུལ་བ་སྲིད་པ་ལ་བྱེད་ན་ནི་དེས་རྒྱུད་སྡེ་བཞིའི་སྒོ་ནས་འཇུག་པ་རྣམས་ཀྱི་མི་འདྲ་བའི་ཁྱད་པར་ངོས་མི་ ཟིན་ཏེ། དེ་དག་རེ་རེས་ཀྱང་དེ་བཞི་ཁའི་གང་ཟག་འདུལ་བ་སྲིད་པའི་ཕྱིར་རོ། །རྒྱུད་སྡེ་དེ་དག་གི་གདུལ་བྱའི་གཙོ་བོ་ལ་དེ་དག་དགོས་པར་འདོད་ན་ནི་ཤིན་ཏུ་མི་རིགས་ཏེ། སྔགས་ཀྱི་ཐེག་པའི་གདུལ་བྱའི་གཙོ་བོ་རྣམས་ནི་རྒྱལ་བའི་བསྟན་པ་ལ་འཇུག་པའི་གདུལ་ 3-2-31b བྱ་མཆོག་ཡིན་པས། དེ་ལ་སྔོན་དུ་ལྟ་བ་ལོག་པ་ལ་ཞུགས་པ་ཞིག་མི་དགོས་པའི་ཕྱིར་དང༌། དང་པོ་ནས་གྲུབ་མཐའ་ཕྱིན་ཅི་ལོག་ལ་མ་ཞུགས་པར་ཡང་དག་པའི་གྲུབ་མཐའ་ལ་ཞུགས་པ་རྣམས་རྒྱུད་དེ་དག་གི་གདུལ་བྱའི་གཙོ་བོར་མི་འགྱུར་བའི་སྐྱོན་དུ་འགྱུར་ བའི་ཕྱིར་རོ། །སློབ་དཔོན་ཀུན་སྙིང་གི་བཞེད་པ་ཡང་མ་ཡིན་ཏེ། དེས་མཛད་པའི་གསང་འདུས་ཀྱི་ལེའུ་དང་པོའི་འགྲེལ་པ་ལས། དེར་བཅོམ་ལྡན་འདས་བཞུགས་པས་ན་བྷ་ག་ཞེས་པ་འདིས་ནི་གནས་བསྟན་ཏེ། དེ་ཡང་སྤྱན་དང་མཱ་མ་ཀཱི་དང་གོས་དཀར་མོ་དང་ སྒྲོལ་མ་ཞེས་བྱ་བ་ལྷ་མོ་བཞི་ནི་འདིར་བཙུན་མོ་སྟེ། དེ་རྣམས་ནི་འདི་ཉིད་ཀྱི་ལེའུ་བཅུ་བདུན་པ་ལས་སྟོན་ནོ། །ཅིའི་ཕྱིར་དེ་དག་གི་གསང་བ་ལ་ཞུགས་ཤེ་ན། སྨྲས་པ། ཁྱབ་འཇུག་ལ་སོགས་པའི་རྒྱུད་ལ་མངོན་པར་དགའ་ཞིང་ཡུལ་ཡོངས་སུ་མི་སྤོང་བ་རྣམས་ནི་འདོད་ ཆགས་ཀྱིས་འདོད་ཆགས་སྤོང་བ་འདི་ལ་དགའ་བ་བསྐྱེད་པར་བྱ་བའི་ཕྱིར་ཏེ། འདི་ལྟར་བུད་མེད་བསྟེན་པ་དང་བཤང་གཅི་ལ་སོགས་པ་རྣམས་བསྟེན་པས་ཁྱབ་འཇུག་ལ་སོགས་པ་བསྒྲུབ་པར་འདོད་ཅིང༌། དེས་བསྟན་པའི་དངོས་གྲུབ་ཚོལ་བ་ལ་ཞུགས་པ་དེ་ དག་བཙུན་མོའི་གསང་བ་ལ་མངོན་པར་འཇུག་པར་འགྱུར་ཏེ། དེ་ཡང༌། བྷ་ག་ལེགས་ལྡན་ཁྱབ་འཇུག་སྟེ། །བུད་མེད་ཀྱི་ནི་འདོམས་ན་གནས། །མི་རྣམས་དགའ་བར་བྱེད་པས་ན། །དེས་ན་སྲེད་མེད་བུ་ཞེས་བྱ། །ཞེས་སོགས་ཀྱི་ཁྱབ་འཇུག་གི་རྒྱུད་ལ་ དགའ་བ་ལ་བླ་མེད་ཀྱི་འདོད་ཆགས་ཀྱི་ཀུན་སྤྱོད་རྣམས་བསྟན་པར་རྒྱས་པར་གསུངས་པའི་ཕྱིར་རོ། །དེ་ཉིད་བསྡུས་པ་ནས་རྣལ་འབྱོར་བླ་མེད་གདུལ་བྱ་འདི་ལ་གསུངས་པའི་རྣམ་གཞག་འོང་དོན་མེད་ལ། དེའི་དུམ་བུ་བཞི་འདོད་ཆགས་དང་ཁྲོ་བ་ལ་ 3-2-32a སོགས་པའི་ཉོན་མོངས་ཅན་ལ་གསུངས་པ་ལ་དཔགས་ནས་སྦྱར་བ་ཙམ་དུ་སྣང་བས། ཤེས་བྱེད་ཡང་དག་པ་ཅི་ཡང་མི་སྣང་ངོ་། །ཡང་བོད་ཀྱི་བླ་མ་དག་སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་བཞི་དང་སྒོ་བསྟུན་ནས་ལྷའི་སྐྱེད་ཆོག་མི་འདྲ་བ་ བཞིའི་སྒོ་ནས་རྒྱུད་སྡེ་བཞིར་བཞག་པར། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྗེས་སུ་འབྲངས་ནས་འཕགས་པ་ཡབ་སྲས་དང་ཡེ་ཤེས་ཞབས་རྗེས་འབྲང་དང་བཅས་པ་བཞེད་པར་འཆད་པ་ཡང་སློབ་དཔོན་དེ་དག་གསང་འདུས་པ་ཡིན་ཞིང༌འདུས་པའི་ བཤད་རྒྱུད་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལས་བྱ་རྒྱུད་ཀྱི་སྐབས་སུ་རང་ལྷར་སྙེམས་པ་དང་ཡེ་ཤེས་སེམས་དཔའི་བདེ་བ་མེད་པར་བཤད་པ་ཙམ་ལ་དཔགས་པར་སྣང་བས། གྲུབ་མཐའ་བཞི་དང་སྒོ་བསྟུན་པ་ལ་ཤེས་བྱེད་ཅི་ཡང་མི་སྣང་ངོ༌། །རང་ སངས་རྒྱས་དང་རྣལ་འབྱོར་རྒྱུད་ཀྱི་སྐྱེད་ཆོག་སྦྱོར་ཡང་རང་རྒྱལ་གྲུབ་མཐའ་སྨྲ་བ་བཞིའི་ཡ་གྱལ་མིན་པའི་ཕྱིར་དང༌། བྱ་རྒྱུད་ལ་བདག་སྐྱེད་མེད་པ་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་ལུང་དོན་མིན་པ་ཡང་འཆད་པར་འགྱུར་བས་མི་འཐད་དོ། །ཡང་ཨ་ ལཾ་ཀ་ཀ་ལ་ཤས་བྲམ་ཟེ་དང་རྒྱལ་རིགས་ལ་བྱ་རྒྱུད་དང་རྣལ་འབྱོར་རྒྱུད་དང༌། རྗེའུ་རིགས་ལ་གཉིས་ལས་ཆགས་སྡང་གཉིས་ཆུང་ཞིང་གཏི་མུག་ཤིན་ཏུ་ཆེ་བ་ཁྱབ་འཇུག་ལ་མོས་པ་ལ་སྤྱོད་རྒྱུད་དང༌། ཆགས་སྡང་གཉིས་ཆེ་ཞིང་གཏི་མུག་ཆུང་ བ་ལ་གསང་འདུས་ལ་སོགས་པའི་རྣལ་འབྱོར་གྱི་རྒྱུད་དང༌། ཆགས་སྡང་ཆེན་པོའི་ཆེན་པོ་གཏི་མུག་ཆུང་ངུའི་ཆུང་ངུ་གདོལ་པའི་རིགས་དང་འབྲེལ་བ་རྣམས་ལ་བདེ་མཆོག་ཉུང་ངུའི་རྒྱུད་ལ་སོགས་པ་མ་རྒྱུད་བསྟན་པར་བཞེད་པ་ཡང༌། རྒྱུད་བཞིའི་གདུལ་ 3-2-32b བྱ་དང་མི་རིགས་བཞི་ཆ་འདྲ་བ་ལ་བསམས་ནས་སྨྲ་ན་ནི། དེས་རྒྱུད་སྡེ་བཞིའི་སྒོ་ནས་འཇུག་པ་རྣམས་ཀྱི་མི་འདྲ་བའི་ཁྱད་པར་མི་ཟིན་ལ། མི་རིགས་བཞི་རྒྱུད་སྡེ་བཞིའི་གདུལ་བྱ་ལ་དགོས་པར་འདོད་ན་ནི་ནམ་ཡང་མ་ངེས་ཤིང༌། གཙོ་ཆེ་ཆུང་ཡང་མི་ སྣང་བས་འཐད་པར་མ་མཐོང་ངོ༌། །རྡོར་དབྱིངས་ལྟ་བུའི་ལྷ་རྣམས་རྒྱལ་པོ་འཁོར་བཅས་དང་ཆོས་མཐུན་པར་བཤད་ཀྱང༌། རྒྱུ་མཚན་དེས་དེའི་གདུལ་བྱ་རྒྱལ་རིགས་སུ་སྒྲུབ་པར་མི་ནུས་སོ། །སྤྱིར་ཐེག་ཆེན་གྱི་གདུལ་བྱའི་གཙོ་བོ་ལ་སྙིང་རྗེ་ཤས་ཆེ་བ་དགོས་ལ། ཁྱད་པར་དུ་རྣལ་འབྱོར་བླ་མེད་ཀྱི་གདུལ་བྱའི་གཙོ་བོ་རྣམས་སྙིང་རྗེ་ཆེན་པོས་ཡིད་ཆེས་ཆེར་བསྐྱོད་པས་གཞན་གྱི་དོན་སྒྲུབ་པ་ལ་ཤིན་ཏུ་རིངས་ནས་མྱུར་དུ་སངས་རྒྱས་ཐོབ་འདོད་པས་ན། དེ་དག་ལ་ཞེ་སྡང་ཤིན་ཏུ་ཤས་ཆེ་བ་དགོས་པར་སྨྲ་བ་ནི་མི་རིགས་ པའི་གཏམ་མོ། །གཉིས་པ་ནི། རྒྱུད་སྡེའི་སྒོ་ནས་འཇུག་སྒོ་མི་འདྲ་བ་བཞིར་བཞག་པ་ནི་ཐེག་པ་སོ་སོ་བ་ཡང་མ་ཡིན་ལ། ལྷའི་རྣལ་འབྱོར་སོགས་ལམ་གྱི་ཁྱད་པར་མི་འདྲ་བ་ཙམ་གྱིས་ཀྱང་མ་ཡིན་མོད། འོན་ཀྱང་རྡོ་རྗེ་ཐེག་པ་ལ་འཇུག་པའི་གདུལ་བྱའི་ གཙོ་བོ་ཆེས་མི་འདྲ་བ་བཞི་ཡོད་པས་འཇུག་སྒོ་བཞིར་བཞག་གོ། གདུལ་བྱ་མི་འདྲ་བའི་ཁྱད་པར་དེ་ལྟར་འོང་བ་ཡང་སྒོ་གཉིས་ནས་ཡིན་ཏེ། འདོད་ཡོན་ལ་ཆགས་པ་ལམ་དུ་བྱེད་ཚུལ་མི་འདྲ་བ་བཞི་ཡོད་པ་དང༌། གང་གི་སྒོ་ནས་དེ་ལྟར་ལམ་དུ་བྱེད་པའི་ སྟོང་པ་དང་ལྷའི་རྣལ་འབྱོར་རྒྱུད་ལ་སྐྱེད་པའི་ནུས་པ་མཆོག་དམན་བཞི་ཡོད་པའི་དབང་གིས་ཡིན་ནོ། །དེ་ལ་དང་པོ་ནི། ཁ་སྦྱོར་གྱི་བརྟག་པ་དྲུག་པའི་རབ་བྱེད་གསུམ་པ་ལས། རྒོད་དང་ལྟ་དང་ལག་བཅངས་དང༌། །གཉིས་གཉིས་འཁྱུད་དང་རྣམ་པ་བཞི། ། 3-2-33a སྲིན་བུའི་ཚུལ་གྱིས་རྒྱུད་བཞིར་གནས། །ཞེས་གསུངས་ཤིང༌། བརྟག་གཉིས་ལས་ཀྱང་འདི་དང་དོན་འདྲ་བར་གསུངས་སོ། །འདི་མན་ངག་སྙེ་མར་ལམ་གྱི་རྒྱུད་ལ་བཤད་ཅིང་གཞུང་གི་རྒྱུད་ལ་མ་བཤད་ཀྱང༌། བརྟག་པ་བདུན་པའི་རབ་ བྱེད་དང་པོའི་སྙེ་མར་གཞུང་གི་རྒྱུད་ལ་ཡང་བཤད་ལ། དཔའ་བོ་རྡོ་རྗེས་ཀྱང་ཁ་སྦྱོར་གྱི་འགྲེལ་པར་རྒྱུད་སྡེ་བཞི་ལ་བཤད་དོ། །རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ཀྱི་བཅུ་གཅིག་པ་ལས་ཀྱང་ཐབས་ཀྱི་རྒྱུད་ཀྱི་འདོད་ཆགས་ཀྱི་རྒྱུད་ཀྱི་དབྱེ་བ་མང་དུ་གསུངས་པའི་ མཐར། འདི་ནི་གཉིས་པོ་འཁྱུད་པ་ཡིས། །རྒྱུད་ཀྱི་དབྱེ་བ་བསྟན་པའོ། །དེ་བཞིན་དུ་ནི་ལག་བཅངས་དང༌། །རྒོད་དང་བལྟས་པས་ཤེས་པར་བྱ། །ཞེས་རྗོད་བྱེད་ཀྱི་རྒྱུད་ལ་གསུངས་པས། རྒྱུད་སྡེ་བཞིའི་དབྱེ་བ་བསྟན་པ་ཡིན་ནོ། །དེའི་ཚེ་རྒྱུད་སྡེའི་ མཚན་ཡང་རྒོད་པའི་རྒྱུད་དང༌། ལྟ་བའི་རྒྱུད་དང༌། ལག་བཅངས་སམ་འཁྱུད་པའི་རྒྱུད་དང༌། གཉིས་གཉིས་སྦྱོར་བའི་རྒྱུད་ཅེས་པ་བཞིར་འགྱུར་རོ། །སྔར་བཤད་པ་ལྟར་གཟུགས་སྐུའི་ཐུན་མོང་མ་ཡིན་པའི་རྒྱུ་ལྷའི་རྣལ་འབྱོར་དུ་བཤད་པ་ནི་ཐབས་ ཀྱི་གཙོ་བོ་ཡིན་ལ། ཐབས་ཀྱི་ཆ་རྣམས་ཀྱིས་སྟོང་ཉིད་རྟོགས་པའི་ཤེས་རབ་ཁྱད་ཞུགས་པར་བྱེད་པ་ནི་ཐེག་པ་ཆེན་པོ་གཉིས་ཀའི་ལུགས་ཡིན་ཏེ། སྤྱོད་འཇུག་ལས། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། ། ཞེས་གསུངས་པ་ལྟར་རོ། །ལྷའི་རྣལ་འབྱོར་གྱི་སྒོ་ནས་ཤེས་རབ་ཀྱི་ལམ་ཁྱད་ཞུགས་པར་འགྲོ་བའི་ཚུལ་ནི། ཐབས་ཤེས་ཁྱད་པར་ཅན་འདོད་པའི་ལྷ་ཡབ་ཡུམ་མཉམ་པར་སྦྱོར་བའི་རྣམ་པ་ཅན་དུ་སྣང་བའི་ལྷའི་རྣལ་འབྱོར་ཏེ། བླ་མེད་ལ་ལམ་ 3-2-33b གྱི་ཁྱད་པར་མང་དུ་ཡོད་ཀྱང་གཉིས་སྦྱོར་གྱི་རྒྱུད་ཅེས་དེའི་སྒོ་ནས་མིང་འདོགས་མཛད་ཅིང༌། རྒྱུད་རང་ནས་ཀྱང་གཉིས་སྦྱོར་གྱི་རྣམ་པ་ཅན་དུ་བཤད་པ་ཤིན་ཏུ་མང་ངོ༌། །དེའི་སྒོ་ནས་ཆགས་པ་ལམ་དུ་བྱས་པས་བྱང་ཆུབ་ཀྱི་སེམས་གཉིས་ཀྱི་འཕྲོད་འདུའི་ གནད་ལ་བརྟེན་ནས་སྟོང་ཉིད་ཀྱི་རྟོགས་པ་ཁྱད་ཞུགས་པར་འགྱུར་རོ། །དེ་འདྲ་བའི་ཆགས་པ་ལམ་བྱེད་ཀྱི་ཐབས་ཁྱད་པར་བ་དང་བྲལ་བས། རྒྱུད་སྡེ་འོག་མ་གསུམ་དུ་ཡན་ལག་བདུན་གྱི་ནང་གི་ཁ་སྦྱོར་གྱི་ཡན་ལག་མ་གསུངས་སོ། །དེ་ལྟ་ནའང་རྒོད་པ་ དང་ལྟ་བ་དང་ལག་བཅངས་སམ་འཁྱུད་པ་ལས་བྱུང་བའི་དགའ་བ་ལམ་དུ་བྱེད་པ་ཡོད་པས་སྤྱིར་འདོད་ཡོན་ལ་ཆགས་པ་ལམ་བྱེད་ཙམ་ཞིག་ནི་ཡོད་དོ། །དེ་ཡང་སྙེ་མ་ཉེར་ལྔ་པ་ལས། བྱ་བ་དང་སྤྱོད་པ་དང་རྣལ་འབྱོར་དང་རྣལ་འབྱོར་བླ་མ་བཞི་རྣམས་ཀྱི་ རྒྱུད་གང་ཡིན་པ་ནི་རྒོད་པ་དང་བལྟས་པ་དག་དང་འཁྱུད་པ་དང་གཉིས་གཉིས་དང་ལག་བཅངས་རྣམས་ཀྱིས་མཚོན་པའོ། །དེ་ལྟར་ནི་བྱ་བའི་རྒྱུད་ལ་སོགས་པ་ཁ་ཅིག་ཏུ་ལྷ་རྣམས་ཤེས་རབ་དང་ཐབས་དག་གི་རྗེས་སུ་ཆགས་པ་གསལ་བར་བྱེད་པ་ལྟ་ བའོ། །ཁ་ཅིག་ཏུ་ནི་འཛུམ་པའོ། །ཁ་ཅིག་ཏུ་ནི་ལག་པ་འཛིན་པའོ། །ཁ་ཅིག་ཏུ་ནི་འཁྱུད་པའོ། །ཁ་ཅིག་ཏུ་ནི་གཉིས་གཉིས་སོ། །ཞེས་དང༌། བརྟག་པ་ཕྱི་མའི་ལེའུ་གསུམ་པ་ལས། རྒོད་དང་ལྟ་བ་དག་གིས་ཀྱང༌། །འཁྱུད་དང་དེ་བཞིན་གཉིས་གཉིས་ཀྱིས། ། རྒྱུད་ཀྱང་རྣམ་པ་བཞི་རྣམས་ཏེ། །ཞེས་པའི་འགྲེལ་པ་ལས། བཞིས་ཞེས་པ་ནི་བྱ་བ་དང་སྤྱོད་པ་དང་རྣལ་འབྱོར་དང་རྣལ་འབྱོར་བླ་མའི་རྒྱུད་རྣམས་ཀྱིས་གང་རྒོད་པ་དང་ལྟ་བ་དང་འཁྱུད་པ་དང་གཉིས་སྦྱོར་བ་མཚོན་ཏེ། དེ་ལྟར་ན་བྱ་བའི་རྒྱུད་ལ་སོགས་པ་ 3-2-34a གང་དུ་ཐབས་དང་ཤེས་རབ་ཀྱི་ལྷ་རྣམས་རྗེས་སུ་ཆགས་པ་སྟོན་པའི་འཛུམ་པ་དང༌། ཁ་ཅིག་ཏུ་དེའི་རྗེས་ལ་ལྟ་བ་དང༌། ཁ་ཅིག་ཏུ་འཁྱུད་པ་དང༌། ཁ་ཅིག་ཏུ་གཉིས་ཀྱིས་གཉིས་སོ། །ཞེས་ཤཱནྟི་པས་གསུངས་པ་ལྟར་ཡིན་ནོ། །དེ་ལ་ལྷ་རྣམས་ ལྟ་བའོ་ཞེས་སྦྱར་བ་ནི་རྒོད་པ་ལ་སོགས་པ་རྣམས་ལ་ཡང་ལྟ་བ་པོ་ནི་ལྷ་ལ་བྱའོ། །ལྟ་བ་ལ་སོགས་པ་དེས་ཅི་ཞིག་བྱེད་སྙམ་ན། ཤེས་རབ་དང་ཐབས་དག་གི་རྗེས་སུ་ཆགས་པ་གསལ་བར་བྱེད་པ་ཞེས་གསུངས་ཏེ། ལྷ་ཕོ་མོ་ཕན་ཚུན་དུ་ཆགས་པ་མཚོན་པར་ བྱེད་པའོ། །དེ་ཡང་རྣམ་སྣང་དང་སྤྱན་མ་སོགས་ཀྱི་ལྷ་ལ་ཆགས་པ་མི་སྲིད་པས་འདིར་ནི་ལྷ་དེ་དང་དེའི་ང་རྒྱལ་འཆང་བའི་སྒྲུབ་པ་པོ་ལ་བྱ་དགོས་ཏེ། རྒྱུད་སྡེ་རྣམས་ཀྱི་གདུལ་བྱས་ལྟ་བ་ལ་སོགས་པའི་ཆགས་པ་ལམ་དུ་བྱ་དགོས་པ་སྐབས་ཀྱི་དོན་ཡིན་ པའི་ཕྱིར་དང༌། བྱ་སྤྱོད་སོགས་ནས་ལྷ་ཕོ་མོ་ཕན་ཚུན་དུ་ལྟ་བ་སོགས་ཡོད་པར་གསུངས་པ་གདུལ་བྱ་ལ་མ་སྦྱར་ན་དེ་དག་གི་སྒོ་ནས་གདུལ་བྱའི་ཁྱད་པར་ངོས་མི་ཟིན་པའི་ཕྱིར་རོ། །དེ་ཡང་བླ་མེད་ནས་རྒོད་པ་སོགས་གསུངས་པར་མ་ཟད་རྒྱུད་སྡེ་འོག་མ་ལས་ཀྱང་དེ་དག་ གི་གཞི་གསུངས་པ་ཡིན་ཏེ། དོན་ཞགས་ཀྱི་ཆོ་ག་ཞིབ་མོ་ལས། བཅོམ་ལྡན་འདས་ཞལ་ཁྲོ་གཉེར་ཅན་ལ་གཏོད་པར་བྱ་ཞིང་ཞེས་དང༌། གཡས་ཕྱོགས་ན་ལྷ་མོ་སྒྲོལ་མ་འཛེམ་བག་དང་བཅས་ཤིང་ལུས་བཏུད་པར་མཆོག་སྦྱིན་པའི་ཕྱག་རྒྱ་ལ་མིག་གཏོད་པར་བྱའོ། ། གཡོན་དུ་པདྨའི་རིགས་མཛེས་མ་འཛེམ་བག་དང་བཅས་པ་གསང་སྔགས་ཀྱི་ཚུལ་རྗེས་སུ་མཐུན་ཞིང་དོན་ཡོད་ཞགས་པ་ལ་མིག་གཏོད་པར་བྱའོ། །ཞེས་དང༌། རྣམ་སྣང་མངོན་བྱང་ལས། དེ་ཡི་གཡས་སུ་ལྷ་མོ་ནི། །སངས་རྒྱས་སྤྱན་ཞེས་བྱ་བ་སྟེ། །ལྷ་མོ་ཅུང་ཟད་ 3-2-34b འཛུམ་པའི་ཞལ། །འོད་ཀྱི་དཀྱིལ་འཁོར་འདོམ་གང་བ། །མཚུངས་མེད་སྐུ་ནི་རབ་ཏུ་དང༌། །དེ་ནི་ཤཱཀྱ་ཐུབ་པའི་ཡུམ། །ཞེས་དང༌། སྤྱན་རས་གཟིགས་དབང་དཔའ་བོ་ནི། །པདྨ་དཀར་པོའི་སྟན་ལ་འདུག །དུང་དང་ཀུན་ད་ཟླ་བ་འདྲ། །དབུ་ལ་འོད་དཔག་མེད་བཞུགས་པ། །བཞིན་ ནི་བག་ཙམ་འཛུམ་པར་བྲི། །དེ་ཡི་གཡས་སུ་ལྷ་མོ་ནི། །སྒྲོལ་མ་གྲགས་པ་ཆེན་མོ་དེ། །དགེ་ཞིང་འཇིགས་པ་སེལ་བ་སྟེ། །ཞེས་དང༌། རྩེ་མོ་ལས། ལྷ་མོ་རྡོ་རྗེ་ཅ་ཅོ་སྒྲོག །དབུས་འཁྱུད་རང་གི་ལྷ་མོ་དེ། །དེ་ཡི་གློ་ན་མགོ་སྒྱུར་ཞིང༌། །འཛུམ་བཅས་ཀུན་ཏུ་ལྟ་བ་སྟེ། །བཅོམ་ ལྡན་འདས་ཀྱི་ཕྱག་ལ་འཇུས། །ཞེས་དང༌། དཔལ་མཆོག་དང་པོ་ལས། དེ་ཡི་ལོགས་ལ་རྡོ་རྗེ་ཆེ། །མདའ་ནི་གསོར་བ་ལ་བརྩོན་པ། །སྙེམས་པའི་ཕྱག་གིས་ཡོངས་འཁྱུད་པའི། །ཆུ་སྲིན་རྒྱལ་མཚན་བསྒྲེང་དང་བཅས། །ཞེས་གསུངས་སོ། །འདི་དག་ནི་མཚོན་པ་ཙམ་ སྟེ་སྒྲུབ་པ་པོས་སྐབས་ཀྱི་ལྷ་གང་ཡིན་དུ་བསྐྱེད་ནས་ཕར་ལ་ལྟ་བ་སོགས་དང༌། ཚུར་ལ་ལྟ་བ་སོགས་ཀྱི་སྒོ་ནས་ཕན་ཚུན་རྗེས་སུ་ཆགས་པ་ལས་བྱུང་བའི་དགའ་བདེ་ལམ་དུ་བྱེད་པའོ། །འདི་ཡང་རྒྱུད་སྡེ་འོག་མ་ནས་ཕྱི་རོལ་གྱི་ཕྱག་རྒྱ་ལ་དམིགས་ནས་དེ་ལྟར་བྱེད་ པ་མ་བྱུང་ཞིང༌། རྒྱུད་སྡེ་གོང་མ་ནས་ཀྱང་དེ་ལྟར་བྱ་བར་མ་གསུངས་པས། རང་གིས་བསྒོམས་པའི་སྤྱན་མ་ལ་སོགས་པའི་ལྷ་མོ་ལ་བྱའོ། །གདུལ་བྱ་སྟོབས་ཆུང་བས་ཆགས་པ་ཆེན་པོ་ལམ་དུ་བྱེད་མི་ནུས་པ་ལ་དགོངས་ནས་ཆགས་པ་ཆུང་རིམ་ནས་ལམ་དུ་བྱེད་ པར་གསུངས་པ་འདི་ནི། འཆད་པར་འགྱུར་བ་ལྟར་ལྷའི་རྣལ་འབྱོར་བརྟན་པར་སོང་ཞིང་སྟོང་ཉིད་ཀྱི་ཏིང་ངེ་འཛིན་རྙེད་པ་ན་རང་གི་རིགས་གང་ཡིན་པའི་ལྷ་མོ་སྤྱན་ལ་སོགས་པ་ལ་དམིགས་ནས་བྱེད་པར་མངོན་ཏེ། དཔའ་བོ་རྡོ་རྗེའི་ཁ་སྦྱོར་གྱི་འགྲེལ་པ་ལས། རྒོད་དང་ 3-2-35a ལྟ་དང་ལག་བཅངས་དང༌། །ཞེས་སྨོས་ཏེ་རྒོད་པའི་སྒྲའི་སྟེང་དུ་བདེ་བ་རྟོག་མེད་སྐྱེ་བའམ། གཟུགས་ལ་ལྟ་བ་དང་རེག་བྱ་ལག་བཅངས་དང་གཉིས་གཉིས་འཁྱུད་པ་དང་རེག་བྱ་ལས་བདེ་བ་རྟོག་པ་མེད་པ་སྐྱེ་བ་ཡིན་ནོ། །སྲིན་བུའི་ཚུལ་གྱིས་ ཞེས་པ་ནི། ཟག་མེད་བདེ་བ་ཆེན་པོ་སྟོང་པའི་ཚིག་ཡིན་ཏེ། སྲིན་བུ་ཤིང་ལས་སྐྱེས་ནས་ཤིང་ཉིད་ཟ་བ་བཞིན་དུ་བདེ་བ་ལས་སྐྱེས་པའི་ཏིང་ངེ་འཛིན་སྟོང་ཉིད་དུ་བསྒོམ་པར་བྱའོ་ཞེས་བཤད་པ་ལྟར་རོ། །སྙེ་མ་ཉེར་གསུམ་པ་ལས། རྒོད་པས་རྒྱུད་ནི་འཕྲུལ་དགའ་ བ་རྣམས་ཀྱི་ལྟ་བུའོ། །ཞེས་སོགས་གསུངས་པ་ནི་ལྷ་དེ་དག་དཔེར་མཛད་པ་ཙམ་ཡིན་གྱི། དེ་དག་རྒྱུད་སྡེ་རྣམས་ཀྱི་གདུལ་བྱའི་གཙོ་བོར་སྟོན་པ་མིན་ནོ། །རྡོ་རྗེ་ཐེག་པ་ལ་མོས་པ་དང་དེའི་ལམ་གྱི་ཆ་འགའ་ཞིག་སྒོམ་པ་ལ་ངེས་པ་མེད་ཀྱང༌། ཐོག་མར་ཐེག་པ་དེ་ལ་འཇུག་ པའི་གདུལ་བྱའི་གཙོ་བོ་ནི་འདོད་ཁམས་པ་ཡིན་ལ། དེ་ཡང་སྤྱིར་རིག་མའི་འདོད་ཡོན་ལ་ཆགས་པ་ལམ་དུ་བྱེད་པ་ཙམ་ཞིག་གི་སྒོ་ནས་བྱང་ཆུབ་འཚོལ་བ་ལ་མོས་པའོ། །འདི་ཡང་བླ་མེད་དུ་ནི་དངོས་དང་བསྒོམས་པའི་རིག་མ་གཉིས་ཀ་ལ་དམིགས་པའི་རྒོད་པ་སོགས་ ཀྱི་ཆགས་པ་ལམ་དུ་བྱེད་པ་གསུངས་ལ། རྒྱུད་སྡེ་འོག་མ་གསུམ་ལ་ནི། བསྒོམས་པའི་ཡེ་ཤེས་ཀྱི་རིག་མ་ཁོ་ནའི་འདོད་ཡོན་ལ་དམིགས་པའི་དགའ་བ་ལམ་བྱེད་ཡིན་ནོ། །དབང་པོ་གཉིས་སྦྱོར་བསྒོམ་པ་ཙམ་ཡང་རྣལ་འབྱོར་རྒྱུད་ལའང་མི་རུང་བས་དེ་ལས་ གཞན་པའི་ལག་བཅངས་སམ་འཁྱུད་པའི་རེག་བྱ་ལ་དམིགས་པའི་དགའ་བ་ལམ་བྱེད་རྣལ་འབྱོར་རྒྱུད་ལ་སྦྱར་ལ། རེག་བྱ་ལས་གཞན་རྒོད་པ་དང་ལྟ་བའི་དམིགས་པ་ལ་བརྟེན་ནས་བྱུང་བའི་དགའ་བ་ལམ་བྱེད་བྱ་སྤྱོད་ལ་སྦྱོར་རོ། །དེ་དག་ནི་རྒྱུད་སྡེ་བཞིའི་ 3-2-35b མིང་འདོགས་བླ་མེད་ནས་གསུངས་པའི་མཚན་དོན་བཤད་ནས་དེ་དག་གི་གདུལ་བྱ་དང་ལམ་གྱི་ཁྱད་པར་བསྟན་པའོ། །ད་ནི་རྒྱུད་སྡེ་བཞིའི་མིང་འདོགས་རྒྱུད་སྡེ་གོང་འོག་རྣམས་ལ་ཐུན་མོང་དུ་གྲགས་པའི་མཚན་དོན་བཤད་ནས་གདུལ་བྱའི་ཁྱད་པར་བཤད་པར་བྱ་ སྟེ། དེ་ལྟ་བུའི་འདོད་ཡོན་ལམ་དུ་བྱེད་པའི་ཐབས་ནི་སྟོང་པ་དང་ལྷའི་རྣལ་འབྱོར་ཡིན་ལ། དེ་གཉིས་མངོན་དུ་བྱེད་པ་ལ་ཕྱིའི་བྱ་བ་ཤིན་ཏུ་མང་པོ་ལ་བལྟོས་པ་ནི་བྱ་རྒྱུད་པའི་གདུལ་བྱའོ། །ཕྱིའི་བྱ་བ་དང་ནང་གི་ཏིང་ངེ་འཛིན་གཉིས་ཆ་མཉམ་པའི་བྱ་བ་ཧ་ ཅང་མི་མང་བ་ལ་བལྟོས་པ་ནི་སྤྱོད་རྒྱུད་པའི་གདུལ་བྱའོ། །ཕྱིའི་བྱ་བ་དང་ནང་གི་ཏིང་ངེ་འཛིན་གཉིས་ལས་ཏིང་ངེ་འཛིན་གཙོ་བོར་གྱུར་ཅིང་ཕྱིའི་བྱ་བ་ཉུང་ཟད་ལ་བལྟོས་པ་ནི་རྣལ་འབྱོར་རྒྱུད་ཀྱི་གདུལ་བྱའོ། །ཕྱིའི་བྱ་བ་ལ་མི་བལྟོས་ཤིང་རྣལ་འབྱོར་དེ་ལས་གོང་ ན་མེད་པའི་རྣལ་འབྱོར་སྐྱེད་ནུས་པ་ནི་རྣལ་འབྱོར་བླ་མེད་ཀྱི་གདུལ་བྱ་སྟེ། བྱ་བ་ཤས་ཆེ་བས་ན་བྱ་རྒྱུད་དང༌། བྱ་བ་དང་ཏིང་ངེ་འཛིན་ཆ་མཉམ་པར་སྤྱོད་པས་ན་སྤྱོད་རྒྱུད་དང༌། ནང་གི་རྣལ་འབྱོར་ཤིན་ཏུ་གཙོ་བོར་གྱུར་པས་རྣལ་འབྱོར་རྒྱུད་དང༌། རྣལ་འབྱོར་དེ་ལས་གོང་ ན་མེད་པས་ན་རྣལ་འབྱོར་བླ་མེད་ཀྱི་རྒྱུད་ཅེས་པའི་སྒོ་ནས་མཚན་དོན་བཤད་པའི་དབང་དུ་བྱས་པའོ། །འདི་དག་ཀྱང་རང་རང་གི་གདུལ་བྱའི་གཙོ་བོ་ལམ་ལ་འཇུག་པའི་དབང་དུ་བྱས་ཀྱི། ངེས་པ་ནི་མ་ཡིན་ཏེ། དེ་ཉིད་བསྡུས་པའི་རྒྱུད་ཕྱི་མའི་ཕྱི་མ་ནི་བསྒོམ་ པས་འཇིགས་ཤིང་སྐྲག་པ་ལ་གསུངས་པར་དེ་ཉིད་སྣང་བ་ལས་བཤད་པའི་ཕྱིར་རོ། །སྤྱིར་གདུལ་བྱ་ལ་ཕྱིའི་བྱ་བ་དང་ནང་གི་རྣལ་འབྱོར་སྒོམ་པ་ལ་མོས་པ་ཤས་ཆེ་ཆུང་ཡོད་མོད་ཀྱང་རང་གི་དབང་པོ་དང་མི་འཚམ་པའི་ལམ་ལ་མོས་པ་ཡང་ཡོད་ 3-2-36a པས། དེས་དེ་དག་གི་གདུལ་བྱའི་གཙོ་བོ་ངོས་མི་ཟིན་པའི་ཕྱིར་ཕྱིའི་བྱ་བ་ཤས་ཆེ་ཆུང་སོགས་ལ་བལྟོས་མི་བལྟོས་སུ་བཤད་པ་འཐད་པར་རྟོགས་སོ། །ཇི་སྐད་དུ་ཚུལ་གསུམ་སྒྲོན་མེ་ལས། སྐྱེ་བ་གཞན་དུ་གོམས་པའི་བག་ཆགས་ཀྱིས་སྐྱེ་བོ་ མེད་པའི་ནགས་ཚལ་གྱི་གནས་དང༌། ཁྲུས་དང་དཀྱིལ་འཁོར་བྲི་བ་དང་མཆོད་པ་དང་སྦྱིན་སྲེག་དང༌། དཀའ་ཐུབ་དང་བཟླས་བརྗོད་ལ་སོགས་པའི་བྱ་བ་མེད་པར་ཡིད་མཉམ་པར་འཇོག་པ་མི་འཐོབ་པས་དེའི་ཕྱིར་ནི་བྱ་བའི་རྒྱུད་སྟོན་པར་མཛད་པ་ཡིན་ནོ། །གང་ཡང་ དེ་ཁོ་ན་ཉིད་ལ་མངོན་པར་ཞེན་པའི་སེམས་དང་ལྡན་པ་དག་ཀྱང་དད་པའི་སྟོབས་ཀྱིས་བདེ་བར་གཤེགས་པས་གསུངས་པའི་བྱ་བ་རྣམས་ཀྱིས་ཀྱང་ཡེ་ཤེས་ཐོབ་པར་འགྱུར་བས་བྱ་བ་ལ་བལྟོས་པ་དང་བཅས་པ་ཡིན་ལ། དེ་རྣམས་ལ་ནི་བྱ་བའི་ཡན་ལག་ཤིན་ ཏུ་མང་པོ་མ་ཡིན་པ་རྩ་བའི་རྒྱུད་གསུངས་པ་ཡིན་ནོ་ཞེས་བཤད་དེ། རྩ་རྒྱུད་ནི་སྤྱོད་རྒྱུད་དུ་གྲགས་པ་དང་དོན་གཅིག་གོ། ནང་གི་ཏིང་ངེ་འཛིན་ཡོད་ཀྱང་ཕྱིའི་བྱ་བ་ལ་ཤས་ཆེ་བར་སྟོན་པས་བྱ་རྒྱུད་དུ་འཇོག་པ་ནི། རྣམ་སྣང་མངོན་བྱང་གི་ཚིག་འགྲེལ་ལས། བྱ་བའི་རྒྱུད་རྣམས་ཀྱང་ཕྱིའི་སྤྱོད་པ་གཙོ་བོར་གྱུར་པ་ཡིན་མོད་ཀྱི་ནང་གི་སྤྱོད་པ་མེད་པ་མ་ཡིན་ཏེ། ཞེས་དང༌། ཀྱཻ་རྡོར་དོན་བསྡུས་ཀྱི་འགྲེལ་པ་ལས་ཀྱང༌། དེ་ཁོ་ན་ཉིད་སྒོམ་པའི་ནུས་པ་ཆུང་ཞིང་ཕྱིའི་སྤྱོད་པ་རྣམས་ཤས་ཆེ་བ་བྱ་རྒྱུད་དུ་བཤད་དོ། །ནང་གི་ཏིང་ངེ་ འཛིན་དང་ཕྱིའི་བྱ་བ་ཆ་མཉམ་པར་སྟོན་པས་སྤྱོད་རྒྱུད་དུ་འཇོག་པ་ནི། རྣམ་སྣང་མངོན་བྱང་གི་ཚིག་འགྲེལ་ལས། རྒྱུད་འདི་ཡང་ཐབས་དང་ཤེས་རབ་གཙོ་བོར་གྱུར་པའི་སྦྱོར་བའི་རྒྱུད་ཡིན་མོད་ཀྱི། བྱ་བ་ལ་མོས་པའི་གདུལ་བྱའི་འགྲོ་བ་རྣམས་གཟུང་བའི་ཕྱིར་ 3-2-36b བྱ་བའི་རྗེས་སུ་མཐུན་པའི་སྤྱོད་པ་དག་ཀྱང་བསྟན་པས་བྱ་བའི་རྒྱུད་དམ་གཉིས་ཀའི་རྒྱུད་ལྟ་བུར་སོ་སོར་བརྟགས་ཤིང་གྲགས་སོ། །ཞེས་གསུངས་པ་ལྟར་རོ། །དེའི་ཕྱིར་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་ཀྱང༌། བྱ་དང་གཉིས་ཀ་རྣལ་འབྱོར་རྒྱུད། ཅེས་གཉིས་ཀའི་ རྒྱུད་ཅེས་གསུངས་སོ། །ཚུལ་གསུམ་སྒྲོན་མེ་ལས། གཞན་དག་ནི་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་སྒོམ་པར་གཅིག་ཏུ་མོས་པ། བྱ་བ་མང་པོའི་ཚོགས་རྣམས་ལ་གཡེང་བར་འདུ་ཤེས་པ་དེའི་དོན་དུ་ནི་རྣལ་འབྱོར་གཙོ་བོར་མཛད་དེ། བྱ་བའི་ཡན་ལག་ ཅུང་ཟད་ཅིག་ཞར་ལ་སྟོན་པར་མཛད་པའི་སྤྱོད་པའི་རྒྱུད་གསུངས་པ་ཡིན་ནོ། །ཞེས་བཤད་དེ། འདིའི་སྤྱོད་རྒྱུད་ནི་རྣལ་འབྱོར་རྒྱུད་ཡིན་ནོ། །གསུམ་པ་ལ་གཉིས། ཐེག་པ་ཆེན་པོ་གཉིས་ཀྱི་ལམ་གྱི་རིམ་པ་ཐུན་མོང་བ་དང༌། ཐུན་མོང་མ་ཡིན་པ་རྡོ་རྗེ་ཐེག་ པའི་ལམ་གྱི་རིམ་པའོ། །དང་པོ་ནི། ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། བྱང་ཆུབ་སེམས་དཔའ་ཆེན་པོ་གཟུངས་སྔགས་ཆེན་པོའི་དཀྱིལ་འཁོར་ཤིན་ཏུ་རྒྱ་ཆེ་བ་འདི་དང་ཤིན་ཏུ་ཟབ་པ་འདི་དང༌། གཏིང་དཔག་དཀའ་བ་དང་གསང་བ་བས་ཀྱང་ཆེས་ གསང་བ་སེམས་ཅན་སྡིག་པ་ཅན་རྣམས་ལ་བསྟན་ཏུ་མི་རུང་བ་འདི་ནི། ལག་ན་རྡོ་རྗེ་ཁྱོད་ཀྱིས་ཤིན་ཏུ་དཀོན་པ་ཞིག་སྨྲས་ཏེ། འདི་ནི་སྔོན་མ་ཐོས་ན་འདི་སེམས་ཅན་ཇི་ལྟ་བུ་དག་ལ་བཤད་པར་བྱ། ལག་ན་རྡོ་རྗེས་སྨྲས་པ། འཇམ་དཔལ་གང་དག་བྱང་ ཆུབ་ཀྱི་སེམས་སྒོམ་པ་ལ་ཞུགས་པ་དང་གང་གི་ཚེ་དེ་དག་གི་བྱང་ཆུབ་ཀྱི་སེམས་གྲུབ་པར་གྱུར་པ་དེའི་ཚེ། འཇམ་དཔལ་བྱང་ཆུབ་སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པའི་བྱང་ཆུབ་སེམས་དཔའ་དེ་དག་ཡེ་ཤེས་ཆེན་པོར་དབང་བསྐུར་བའི་ 3-2-37a གཟུངས་སྔགས་ཀྱི་དཀྱིལ་འཁོར་དུ་གཞུག་པར་བྱ་སྟེ། གང་དག་གི་བྱང་ཆུབ་ཀྱི་སེམས་རྫོགས་པར་མ་གྱུར་པ་དེ་དག་ནི་གཞུག་པར་མི་བྱ་སྟེ། དེ་དག་ནི་དཀྱིལ་འཁོར་ཡང་ལྟར་མི་གཞུག་གོ། དེ་དག་ལ་ནི་ཕྱག་རྒྱ་དང་གསང་སྔགས་ཀྱང་ བསྟན་པར་མི་བྱའོ། །ཞེས་དབང་བསྐུར་བའི་སྔ་རོལ་ཏུ་བྱང་ཆུབ་ཀྱི་སེམས་རྫོགས་པར་བྱ་བར་གསུངས་པས། སྔོན་དུ་སྨོན་འཇུག་གི་སེམས་སྦྱངས་ནས་འཇུག་པར་བྱའོ། །དེའི་རིམ་པ་ནི་ཐོག་མར་ཐེག་པ་ཆེན་པོའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་ཞིག་ལ་ བསམ་པ་དང་སྦྱོར་བས་བསྟེན་པ་ཚུལ་བཞིན་དུ་བྱའོ། །དེས་ཀྱང་དལ་བ་དོན་ཆེ་བ་དང་རྙེད་དཀའ་བའི་ཚུལ་བསྟན་ཏེ། བློ་སྦྱངས་པས་དལ་བའི་རྟེན་ལ་སྙིང་པོ་ལེན་འདོད་ཆེན་པོ་སྐྱེས་པ་ན། སྙིང་པོ་ལེན་པའི་མཆོག་ནི་ཐེག་ཆེན་དུ་འཇུག་པ་ཉིད་ཡིན་ལ། དེའི་འཇུག་ སྒོ་ཡང་བྱང་ཆུབ་ཀྱི་སེམས་ཉིད་ཡིན་ཏེ། དེ་ཡང་དག་པ་ཞིག་རྒྱུད་ལ་ཡོད་ན་དེའི་ཐེག་ཆེན་པ་ཡང་བཅོས་མ་མ་ཡིན་པར་འགྱུར་ལ། དེ་ཚིག་ཙམ་དུ་སོང་ན་ཐེག་པ་ཆེན་པོ་པ་ཡང་ཚིག་ཙམ་དུ་འགྲོ་བའི་ཕྱིར་རོ། །དེ་ལྟར་ན་ཤེས་རབ་ཅན་གྱིས་སེམས་དེའི་ མི་མཐུན་པའི་ཕྱོགས་རིམ་གྱིས་བསལ་ནས་མཚན་ཉིད་ཚང་བ་ཞིག་བསྐྱེད་པར་བྱའོ། །དེ་ལ་ཡང་ཐོག་མར་ཚེ་འདི་ལ་བློ་མ་ཟློག་ན་ཐེག་པ་ཆེ་ཆུང་གང་གི་ཡང་ལམ་གྱི་གེགས་ཡིན་པས་ཚེ་འདིར་རིང་དུ་མི་གནས་པའི་འཆི་བ་དྲན་པ་དང༌། ཤི་བའི་འོག་ ཏུ་ངན་འགྲོར་འཁྱམས་པའི་ཚུལ་རྣམས་བསམས་ནས་ཚེ་འདི་ལ་བློ་བཟློག་པར་བྱའོ། །དེ་ནས་འཇིག་རྟེན་ཕྱི་མའི་ཕུན་ཚོགས་ལ་སྲེད་པའི་བློ་ཡང་འཁོར་བ་མཐའ་དག་གི་ཉེས་དམིགས་ལེགས་པར་བསམས་ཏེ་བཟློག་ནས་ཡིད་ཐར་པ་ལ་ཕྱོགས་པར་བྱའོ། ། 3-2-37b དེའི་འོག་ཏུ་རང་ཉིད་ཞི་བ་དེའི་སེམས་བཟློག་པའི་ཕྱིར་དུ་བྱམས་པ་དང་སྙིང་རྗེ་དང་དེའི་རྩ་བ་ཅན་གྱི་བྱང་ཆུབ་ཀྱི་སེམས་ལ་རིང་དུ་སྦྱངས་ནས་བཅོས་མ་མ་ཡིན་པའི་བྱང་ཆུབ་ཀྱི་སེམས་སྦྱང་བར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམས་ཤེས་ པར་བྱས་ལ་སློབ་འདོད་བསྐྱེད་དེ་རྒྱལ་སྲས་ཀྱི་སྤྱོད་པའི་ཁུར་གཟུང་བར་ནུས་པ་ན། བྱང་སེམས་ཀྱི་སྡོམ་པ་བཟུངས་ནས་དེའི་བསླབ་བྱ་ལ་བསླབ་པར་བྱའོ། །དེ་ནས་རྡོ་རྗེ་ཐེག་པའི་དམ་ཚིག་དང་སྡོམ་པའི་ཁུར་གཟུང་བར་ནུས་པ་ན། བླ་མ་ལྔ་བཅུ་པ་མཉན་ནས་བླ་ མའི་བསྟེན་ཚུལ་རྣམ་པར་དག་པ་བྱས་ནས་སྔགས་ལ་འཇུག་པར་བྱ་སྟེ། བླ་མ་ལྔ་བཅུ་པ་ལས། བསམ་པ་དག་པའི་སློབ་མ་ནི། །དཀོན་མཆོག་གསུམ་ལ་སྐྱབས་སོང་ལ། །བླ་མའི་རྗེས་སུ་འཇུག་པ་འདི། །ཁ་ཏོན་བྱ་བར་སྦྱིན་པར་བྱ། །དེ་ནས་སྔགས་ སོགས་བྱིན་པ་ཡིས། །དམ་ཆོས་སྣོད་དུ་བྱས་ནས་སུ། །ཞེས་བསམ་པ་དག་པ་སྟེ་བྱང་ཆུབ་ཀྱི་སེམས་སྦྱངས་པ་དང་ཐུན་མོང་མ་ཡིན་པའི་སྐྱབས་འགྲོ་དང་ལྡན་པ་ལ་བླ་མ་ལྔ་བཅུ་པ་བཤད་པར་གསུངས་ཤིང༌། བླ་མ་ལྔ་བཅུ་པ་བྱིན་པའི་རྗེས་སུ་དབང་ གིས་སྣོད་དུ་བྱ་བར་གསུངས་སོ། །ཟུང་འཇུག་གསལ་བ་ལས་ཀྱང༌། དེ་ལ་འདི་ཡི་རིམ་པ་ནི། །ཚེས་དང་རྒྱུ་སྐར་སོགས་དགའི་ཚེ། །སློབ་མས་ཐལ་སྦྱར་བཏུད་པ་ཡིས། །སྡིག་པ་ཐམས་ཅད་བཤགས་བྱ་སྟེ། །སྐྱབས་གསུམ་གཟུང་བ་ཉིད་དུ་བྱ། ། བྱང་ཆུབ་སེམས་ནི་ལེགས་བསྟེན་ཏེ། །དགེ་བསྙེན་སྡོམ་པ་ཉིད་དང་ཡང༌། །བྱང་ཆུབ་སེམས་དཔའི་སྡོམ་པ་དང༌། །དེ་ནས་གསོ་སྦྱོང་ཉིད་ཀྱང་བླང༌། །འདི་ཡི་རྗེས་མཐུན་རིམ་པ་ཡང༌། །རྡོ་རྗེ་སློབ་དཔོན་ཚུལ་དམ་པར། །བསྟེན་ཏེ་འདིར་ནི་གཞུང་མངས་ 3-2-38a པས། །འཇིགས་པའི་ཕྱིར་ནི་མ་བྲིས་སོ། །དེ་ལྟར་བྱས་ནས་བླ་མ་ལ། །བདག་ལ་དབང་སྐུར་སྩོལ་ཞེས་གསོལ། །ཞེས་དབང་གི་སྔོན་དུ་སོ་ཐར་དང་བྱང་སེམས་ཀྱི་སེམས་བསྐྱེད་དང་སྡོམ་པ་བཟུང་ནས་དེ་ནས་བླ་མ་ལ་དབང་སྐུར་ གྱི་དོན་དུ་གསོལ་བ་གདབ་པར་གསུངས་སོ། །དགེ་བསྙེན་དང་དེའི་གསོ་སྦྱོང་བསྙེན་གནས་ནི་ཁྱིམ་པའི་དབང་དུ་བྱས་ཀྱི། སྔགས་ལ་འཇུག་པའི་རབ་བྱུང་གིས་ནི་དགེ་ཚུལ་ལ་སོགས་པའི་སྡོམ་པ་ཡོངས་སུ་དག་པར་བྱ་དགོས་སོ། །སྤྱོད་བསྡུས་ཀྱི་ ལེའུ་དང་པོ་ལས་ཀྱང་རིམ་ཅན་དུ་བསླབ་དགོས་ཀྱི་ཅིག་ཅར་དུ་མ་ཡིན་ནོ་ཞེས་བསྒྲུབས་པའི་འོག་ཏུ། དེའི་རིམ་པ་ཡང་འདི་ཡིན་ཏེ་ཐོག་མ་ཉིད་དུ་ནི་སངས་རྒྱས་ཀྱི་ཐེག་པའི་བསམ་པ་ལ་བསླབ་བོ། །གང་གི་ཚེ་སངས་རྒྱས་ཀྱི་ཐེག་པའི་བསམ་ པ་ལ་ལོབས་པར་གྱུར་པ་དེའི་ཚེ་ཐེག་པ་གསར་པ་དྲན་པ་གཅིག་པའི་ཏིང་ངེ་འཛིན་ལ་བསླབ་བོ། །ཞེས་སྔོན་དུ་སངས་རྒྱས་ཀྱི་ཐེག་པ་ལ་བསླབས་པའི་འོག་ཏུ་ཐེག་པ་གསར་བ་སྟེ་སྔགས་ལ་སློབ་དགོས་པར་གསུངས་པས། སངས་རྒྱས་ཀྱི་ ཐེག་པའི་བསམ་པ་ནི་སྨོན་འཇུག་གི་སེམས་ཡིན་ནོ། །དེ་ལྟར་སྨོན་འཇུག་གི་སེམས་བསྐྱེད་ནས་སྤྱོད་པ་ཕྱིན་དྲུག་དང་ལྡན་པར་བྱ་དགོས་པ་ནི་ཕར་ཕྱིན་ནས་ཚུར་ལ་བཀབ་པ་མིན་གྱི། སྔགས་ཉིད་ནས་ལམ་དེ་དག་ལ་བསླབ་པར་ཡང་ཡང་གསུངས་པ་ན་ རྡོ་རྗེ་ཐེག་པ་ཉིད་ནས་འབྱུང་བའི་ཐུན་མོང་བ་ཡིན་ནོ། །འདི་རྣམས་རྒྱས་པར་ཐེག་པ་ཐུན་མོང་གི་ལམ་གྱི་རིམ་པར་བཤད་ཟིན་པས་མི་སྤྲོའོ། ། འདིར་སྨྲས་པ། དྲི་མེད་རིགས་པས་རང་གཞན་གཞུང་ལུགས་ཀྱི། །ལེགས་ཉེས་བཤད་པའི་ཁྱད་པར་མ་ཕྱེད་ 3-2-38b ཅིང༌། །ཐེག་པ་ཆེ་ཆུང་སྔགས་དང་ཕར་ཕྱིན་གྱི། །ཐུན་མོང་བ་དང་ཐུན་མོང་མ་ཡིན་པའི། །ཁྱད་པར་གཙོ་བོ་ཇི་བཞིན་མ་ཕྱེད་པར། །བསྟན་པ་སྤྱི་དང་ཐེག་པ་ཆེན་པོ་དང༌། །ཁྱད་པར་རྡོ་རྗེ་ཐེག་པ་སྐལ་ལྡན་གྱི། །འཇུག་སྒོ་མཆོག་ཅེས་སྨྲ་བའང་དད་པ་ཙམ། །དེ་ཕྱིར་ ཀྱེ་ཀྱེ་བློ་གྲོས་འདུན་ལྡན་དག །རྣམ་དག་རིགས་པས་བློ་གྲོས་མིག་སྦྱོངས་ལ། །ཕས་ཀྱི་རྒོལ་བས་བསྐྱོད་པར་མི་ནུས་པའི། །བསྟན་པའི་གནད་ལ་ངེས་པ་བརྟན་པོ་ཚོལ། །རྡེ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་གསང་བ་ཀུན་གྱི་གནད་རྣམ་པར་ཕྱེ་བ་ལས་བསྟན་ པ་ལ་འཇུག་པའི་རིམ་པ་མི་འདྲ་བའི་སྒོ་སྤྱིར་བསྟན་པ་སྟེ་ལེའུ་དང་པོའོ།། ༈ །།ཐུན་མོང་མ་ཡིན་པ་རྡོ་རྗེ་ཐེག་པའི་ལམ་གྱི་རིམ་པ་ལ་གསུམ། བྱ་སྤྱོད་ཀྱི་རྒྱུད་ཀྱི་ལམ་གྱི་རིམ་པ་དང༌། རྣལ་འབྱོར་རྒྱུད་ཀྱི་ལམ་གྱི་རིམ་པ་དང༌། རྣལ་འབྱོར་བླ་མེད་ཀྱི་ རྒྱུད་ཀྱི་ལམ་གྱི་རིམ་པའོ། །དང་པོ་ལ་གཉིས། བྱ་སྤྱོད་ལ་བདག་སྐྱེད་དང་ཡེ་ཤེས་པ་གཞུག་པ་ཡོད་མེད་དཔྱད་པ་དང༌། བྱ་སྤྱོད་ཀྱི་ལམ་གྱི་རིམ་པ་སོ་སོར་བཤད་པའོ། །དང་པོ་ལ་གཉིས། སློབ་དཔོན་རྣམས་ཀྱི་བཞེད་པ་དགོད་པ་དང༌། དེ་དག་ལས་འཐད་ པའི་ཕྱོགས་བཤད་པའོ། །དང་པོ་ནི། བོད་ཀྱི་བླ་མ་སྔ་མ་ཕལ་མོ་ཆེ་ན་རེ། བྱ་རྒྱུད་ལ་མདུན་དུ་ལྷ་སྒོམ་པ་ཡོད་ཀྱང་བདག་སྐྱེད་མེད་ལ། སྤྱོད་རྒྱུད་ལ་རང་དམ་ཚིག་པར་སྐྱེད་ཅིང་མདུན་དུ་ཡེ་ཤེས་པའི་ལྷ་སྐྱེད་པ་མ་གཏོགས་པ་རང་ལ་ཡེ་ཤེས་པ་འཇུག་པ་ མེད་དེ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལས། འཇིགས་པར་དམིགས་ཤིང་ཤིན་ཏུ་གཙང་བར་བྱེད་པ་དང་ཡེ་ཤེས་སེམས་དཔའི་བདེ་བ་དམ་པ་མེད་པ་དང༌། བདག་ཉིད་ལྷའི་སྙེམས་པ་མེད་པ་དང་རྨད་དུ་བྱུང་བའི་སྤྱོད་ཡུལ་མ་ཡིན་པ་དང་སྐྱོན་གྱི་རྒྱུའི་ 3-2-39a རྟོག་པས་རབ་ཏུ་སྤྱོད་པས་སྒྲུབ་པར་བྱེད་པ་ནི་བྱ་བའི་རྒྱུད་ལ་གནས་སོ། །ཞེས་བྱ་རྒྱུད་ལ་བདག་སྐྱེད་དང་ཡེ་ཤེས་པ་གཞུག་པ་མེད་པར་བཤད་པའི་ཕྱིར་དང༌། རྣམ་སྣང་མངོན་བྱང་དང་ཕྱག་རྡོར་དབང་བསྐུར་བའི་རྒྱུད་ལས་ རང་ཉིད་ལྷར་སྐྱེད་པ་བཤད་ཅིང་ཡེ་ཤེས་པ་གཞུག་པ་མ་བཤད་པའི་ཕྱིར་ཞེས་ཟེར་རོ། །དགྲ་ནག་གི་འགྲེལ་པ་ལྷན་ཅིག་སྐྱེས་པའི་སྣང་བ་ལས། བྱ་བ་དང་སྤྱོད་པའི་ལུགས་ལ་ཡང་བསྒྲུབ་བྱ་དང་སྒྲུབ་པའི་ཐབས་དུས་རིང་པོར་རྗེས་སུ་མི་ འཇུག་སྟེ། དེ་དག་ནི་བརྟགས་པ་ལས་རབ་ཏུ་བྱུང་བ་ཉིད་ཡིན་ཏེ། དེར་ནི་འདི་ལྟར་རས་རིས་ལ་སོགས་པར་གཏོགས་པའི་ལྷའི་སྟོབས་ཀྱིས་དངོས་གྲུབ་རྫོགས་པར་བྱེད་པའི་ཕྱིར་རོ། །རྣལ་འབྱོར་གྱི་རྒྱུད་དུ་ནི་ཁྱད་པར་འདི་ཡོད་དེ། རང་གི་ ལྷའི་རྣལ་འབྱོར་གྱིས་རས་རིས་ལ་སོགས་པར་གཏོགས་པའི་ལྷ་ལ་དམིགས་ནས་མཐུན་པའི་དངོས་གྲུབ་སྒྲུབ་པར་བྱེད་དོ། །ཞེས་གསུངས་ཤིང༌། རྒྱལ་བས་བྱིན་གྱིས་ཀྱང་གསང་འདུས་འགྲེལ་པར་དེ་བཞིན་དུ་བཤད་ལ། ཨིནྡྲ་བྷཱུ་ཏིས་བྱས་ཟེར་བའི་བདེ་མཆོག་ གི་འགྲེལ་པར་ཡང༌། གསང་བ་རྡོ་རྗེ་ཐེག་པ་ལ་གནས་པའི་བྱ་བ་དང་སྤྱོད་པའི་སྒོ་ལས་ཀྱང་རིག་སྔགས་ཀྱི་རྗེས་སུ་གནང་བ་ཙམ་ལ་བརྟེན་ཏེ། བདག་དང་ལྷ་ཐ་དད་དུ་ལྟ་བ་ཅན་ཡོངས་སུ་བརྟགས་པ་མཚན་བཅས་དམིགས་པ་ལས་གྲུབ་པའི་དོན་མངོན་དུ་ བྱེད་པར་འདོད་པའོ། །ཞེས་བཤད་དེ། འདི་རྣམས་ཀྱིས་ནི་བྱ་སྤྱོད་གཉིས་ཀ་ལ་བདག་སྐྱེད་མེད་པར་འདོད་དོ། །བསམ་གཏན་ཕྱི་མ་ལས། གསང་སྔགས་བསམ་གཏན་ཞེས་བྱ་བ། །མཆོག་ཏུ་གསང་བ་ཡང་དག་གསུངས། །ཞེས་པའི་འགྲེལ་པ་ལས། 3-2-39b གསང་བ་ནི་མི་བསྟན་པ་སྟེ་དེ་དག་ནི་འདི་ལྟར་དགོངས་སོ། །གསང་སྔགས་ཀྱི་བསམ་གཏན་དེ་གསང་སྔགས་ཐམས་ཅད་འགྲུབ་པའི་ཡན་ལག་གི་སྙིང་པོར་གྱུར་པ་ཡིན་ཡང༌། རྒྱུད་སོ་སོ་དག་ཏུ་གསལ་བར་རྣམ་པར་ཕྱེ་སྟེ་མ་བསྟན་པ་ནི། སླར་སྡུད་པ་དང་སྲོག་དང་རྩོལ་ བ་ལ་སོགས་པ་བསམ་གཏན་གྱི་ཡན་ལག་རྣམས་ནན་ཏན་དུ་བྱེད་མི་ནུས་པའི་གདུལ་བྱའི་འགྲོ་བ་རྣམས་གཟུང་བའི་ཕྱིར་རོ། །མི་མངོན་པའི་ཚིག་ཏུ་ནི་ཐམས་ཅད་དུ་ཡང་ཕལ་ཆེར་གསུངས་ཏེ་ཕྱིས་བཤད་པར་བྱའོ། །ཞེས་སྔགས་ཀྱི་བསམ་གཏན་ འཆད་པར་འགྱུར་བའི་ལྷའི་རྣལ་འབྱོར་ལ་སོགས་པ་ནི། དངོས་གྲུབ་སྒྲུབ་པའི་ཡན་ལག་རྣམས་ཀྱི་སྙིང་པོ་ཡིན་ཀྱང༌། བྱ་རྒྱུད་གཞན་རྣམས་སུ་གསལ་བར་མ་བསྟན་པ་ནི་འཆད་པར་འགྱུར་བའི་རླུང་ནང་དུ་འཛིན་པ་སོགས་ཀྱི་ཐབས་ཀྱིས་ལྷའི་རྣལ་ འབྱོར་རྩེ་གཅིག་ཏུ་སྒོམ་པར་མི་ནུས་པ་རྣམས་རྒྱུད་ལ་གཟུང་བའི་ཕྱིར་དུ་ཡིན་གྱི། མི་གསལ་བའི་ཚུལ་དུ་ནི་རྒྱུད་གཞན་རྣམས་སུ་ཡང་བཤད་ཅེས་སངས་རྒྱས་གསང་བས་གསུངས་སོ། །ཡང་འགྲེལ་པ་དེ་ཉིད་ལས། འདི་ཡང་གསང་སྔགས་ རྗོད་བྱེད་པའི་བསམ་གཏན་གྱི་ཚེ་ན་བྱ་བར། བྱ་བའི་རྒྱུད་ཐམས་ཅད་ཀྱི་སྤྱིའི་ཆོ་ག་བསྡུས་པའི་རྒྱུད་འཕགས་པ་རབ་ཏུ་གྲུབ་པར་བྱེད་པ་དང༌། དཔུང་བཟང་དང་དཔལ་རྟོག་པ་བསྡུས་པ་ལ་སོགས་པ་དང༌། བྱེ་བྲག་གི་རྒྱུད་འཕགས་པ་རྣམ་པར་སྣང་ མཛད་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་དང༌། འཕགས་པ་ཕྱག་ན་རྡོ་རྗེ་མངོན་པར་དབང་བསྐུར་བ་དང༌། བྱང་ཆུབ་ཀྱི་སྙིང་པོ་དང༌། རིག་འཛིན་གྱི་སྡེ་སྣོད་ལ་སོགས་པ་ལས་གསུངས་ཏེ། ཁ་ཅིག་ཏུ་ནི་མི་མངོན་པའི་ 3-2-40a ཚིག་ཏུ་བཤད། ཁ་ཅིག་ཏུ་ནི་གསལ་བར་བསྟན་ཏེ། འདི་ལྟར་རབ་ཏུ་གྲུབ་པར་བྱེད་པ་ལས། བཟླས་རྗོད་བྱེད་པས་བཟླས་བརྗོད་ཚེ། །རིག་སྔགས་ལྷ་ཉིད་བཏང་ནས་ནི། །སྒོམ་པ་མཆོག་ཏུ་གཅེས་པ་ཡང༌། །རྟོག་པས་བཟུངས་ནས་ ཡོང་མི་བསམ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཞེས་དང༌། རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པ་ལས་ཀྱང༌། བཟླས་བརྗོད་བྱེད་པའི་ཚེ་བཟླས་བརྗོད་ཀྱི་ཡན་ལག་བཞིའི་སྦྱོར་བས་སྔགས་ཀྱི་སྦྱོར་བ་གསལ་བ་ཉིད་དུ་བཤད་དོ། ། ཕྱག་ན་རྡོ་རྗེ་མངོན་པར་དབང་བསྐུར་བ་ལས་ཀྱང༌། འཇམ་དཔལ་ནམ་སྔགས་པ་ལྷུན་གྱིས་གྲུབ་པར་ལྷ་ཉིད་ཀྱི་ང་རྒྱལ་དུ་གྱུར་པ་དེའི་ཚེ། གསང་སྔགས་ཐམས་ཅད་མངོན་དུ་ཕྱོགས་པར་གནས་པར་འགྱུར་རོ། །ཞེས་གསུངས་སོ། །རིག་སྔགས་འཆང་གི་ སྡེ་སྣོད་ལས་ཀྱང༌། རི་མོ་ལ་སོགས་པ་ལ་གནས་པའི་ལྷའི་བསམ་གཏན་བྱ་བ། འདིས་ནི་སྙན་ཆ་ཀུན་ཏུ་སྐྱོད། །ནེའུ་ལེ་རྐྱལ་བུ་སྒུལ་བ་སྙམ། །དེ་ལྟར་བཟླས་བརྗོད་འབད་པའི་ཚེ། །ཞབས་ལ་སོགས་པའང་རིམ་གྱིས་བཏག །ཅེས་གསུངས་པ་དང༌། དཔལ་ རྟོག་པ་བསྡུས་པ་ལས་ནི། ཆོས་བདག་མེད་པ་གོམས་པར་བྱ་བ་དང་ལྷའི་རྣལ་འབྱོར་གཞུང་རབ་ཏུ་མང་པོས་བསྟན་པས་འདིར་མ་བྲིས་སོ། །དེ་བས་ན་དེ་ལ་སོགས་པའི་རྒྱུད་ལས་ཇི་ལྟར་སྲིད་པའི་ལྷའི་གཟུགས་དང༌། གསང་སྔགས་ཀྱི་སྒྲའི་བསམ་གཏན་ དུ་བྱས་པ་ཉིད་ཀྱི་བཟླས་བརྗོད་གསུངས་སོ། །ཞེས་ལྷའི་གཟུགས་སྒོམ་པ་དང་སྔགས་ལ་དམིགས་ནས་བསམ་གཏན་བྱ་བ་དང༌། བདག་གི་དེ་ཁོ་ན་ཉིད་སྒོམ་པ་སོགས་གསལ་མི་གསལ་དང་ཚང་མ་ཚང་ཅི་རིགས་སུ་རྒྱུད་རྣམས་ལས་བཤད་པར་ 3-2-40b གསུངས་ཤིང༌། བསམ་གཏན་ཕྱི་མ་དང་རྣམ་སྣང་མངོན་བྱང་དུ་བཟླས་བརྗོད་ཀྱི་ཡན་ལག་བཞི་ཤིན་ཏུ་གསལ་བར་བསྟན་པར་གསུངས་སོ། །སློབ་དཔོན་འདི་བཟླས་བརྗོད་ཀྱི་ཡན་ལག་བཞི་ལ་སོགས་པའི་ལྷའི་རྣལ་འབྱོར་སོགས་ལ་བྱ་སྤྱོད་གཉིས་ འདྲ་བར་བཞེད་ཅིང༌། རྣམ་སྣང་མངོན་བྱང་ལྟ་བུ་ཡང་གདུལ་བྱའི་དབང་གིས་བྱ་རྒྱུད་དུ་ཡང་གསུངས་པས། བྱ་སྤྱོད་གཉིས་གདུལ་བྱའི་དབང་གིས་འབྱེད་པ་མ་གཏོགས་པ་རྒྱུད་རང་གི་ངོས་ནས་མི་འབྱེད་དོ། །ལེགས་གྲུབ་ཀྱི་མངོན་རྟོགས་ལས་ཀྱང༌། བྱ་བའི་རྒྱུད་ལས་ལྷ་སྒྲུབ་པའི་རིམ་པ་མ་བསྟན་ཏོ་སྙམ་དུ་བསམ་པར་མི་བྱ་སྟེ། བཅོམ་ལྡན་འདས་ཀྱིས་ཕལ་ཆེར་མ་བསྟན་ཀྱང་ཕྱག་ན་རྡོ་རྗེ་དབང་བསྐུར་བ་དང་དེ་ཁོ་ན་ཉིད་བཅུ་པ་དག་ལས་གཙོ་བོར་བསྟན་ཏོ། །གཅིག་ཏུ་དངོས་གྲུབ་ཐམས་ཅད་ནི་ གསང་སྔགས་ཀྱི་ལྷ་དང་དེ་ཁོ་ན་ཉིད་ལ་རག་ལས་པ་ཡིན་ལ། དེ་དག་རྣམ་པར་ཉམས་ན་ཞི་བ་ལ་སོགས་པའི་ལས་རྣམས་འགྲུབ་པར་མི་འགྱུར་བས། བླ་མས་བཤད་པ་དང་རྒྱུད་ཀྱི་ཁྱད་པར་ཅུང་ཟད་དཔྱད་པ་ལས་ཁོང་དུ་ཆུད་པར་བྱའོ། །ཞེས་གསུངས་ སོ། །འདིར་བྱ་རྒྱུད་ལ་ལྷ་སྐྱེད་པ་ཡོད་པའི་ཁུངས་སུ་ཕྱག་རྡོར་དབང་བསྐུར་བ་དྲངས་པ་ནི། སྔ་མ་ལྟར་བྱ་སྤྱོད་ཀྱི་ལྷའི་རྣལ་འབྱོར་འདྲ་བར་བཞེད་པར་གསལ་ལ། ཞི་སོགས་ཀྱི་ལས་རབ་འབྱམས་འགྲུབ་པ་ལྷ་དང་སྟོང་ཉིད་ཀྱི་རྣལ་འབྱོར་ལ་རག་ལས་པས། བྱ་རྒྱུད་ལ་ཡང་ལྷ་སྒོམ་པ་དགོས་པར་བཤད་པ་ནི་རྒྱུ་མཚན་ཤིན་ཏུ་ལེགས་པ་ཡིན་ནོ། །གཉིས་པ་ནི། འོ་ན་ལུགས་ཐ་དད་པ་དེ་དག་ལས་འདིར་གང་ཞིག་གཟུང་བར་བྱ་སྙམ་ན། དེ་ལ་སྤྱོད་རྒྱུད་ལ་རང་ལྷར་སྐྱེད་པ་མེད་པར་འདོད་པ་ནི་རིགས་པ་མ་ 3-2-41a ཡིན་ཏེ། རྣམ་སྣང་མངོན་བྱང་དང་ཕྱག་རྡོར་དབང་བསྐུར་བའི་རྒྱུད་ལ་སྤྱོད་རྒྱུད་དུ་མི་བྱེད་ན་ནི་སྤྱོད་རྒྱུད་མི་རྙེད་ལ། བྱེད་ན་ནི་དེ་དག་ལས་བདག་སྐྱེད་གསལ་བར་བཤད་པའི་ཕྱིར་དང༌། སྤྱོད་བསྡུས་ཀྱི་ལེའུ་གསུམ་པ་ལས་ཀྱང༌། རྣམ་ པར་སྣང་མཛད་མངོན་པར་བྱང་ཆུབ་པ་ཞེས་བྱ་བ་སྤྱོད་པའི་རྒྱུད་ལས། ཞེས་སྤྱོད་རྒྱུད་དུ་གསུངས་པའི་ཕྱིར་རོ། །ལྷ་ཕོ་མོ་ལ་དམིགས་པའི་ཕན་ཚུན་དུ་རྗེས་སུ་ཆགས་པ་ལམ་དུ་བྱེད་པ་ཁ་སྦྱོར་དང་བརྟག་གཉིས་ཀྱི་དགོངས་པ་ཡིན་པས་ན། བྱ་བའི་ རྒྱུད་ལ་ཡང་རང་ལྷར་སྐྱེད་པ་ངེས་པར་འདོད་དགོས་སོ། །འོ་ན་རང་ལྷར་སྐྱེད་པ་འདི་རྒྱུད་གཞན་གྱིས་བཀབ་ནས་སམ་བྱ་རྒྱུད་རང་གི་ངོས་ནས་བྱེད་སྙམ་ན། འདི་ལ་ཕྱིས་ཀྱི་མཁས་པ་དག་ན་རེ། བྱ་རྒྱུད་ལ་བདག་སྐྱེད་དང་ཡེ་ཤེས་པ་འཇུག་པ་མེད་ པར་གསུངས་པ་ལྟར་དོན་ལ་ཡང་དེ་ལྟར་གསལ་མོད་ནའང༌། སངས་རྒྱས་གསང་བ་དང་བྱང་ཆུབ་མཆོག་གཉིས་ཀྱིས་བྱ་རྒྱུད་ལ་བདག་སྐྱེད་ཡོད་པར་གསུངས་ཤིང་ཡེ་ཤེས་པ་གཞུག་པ་མ་བཤད། སློབ་དཔོན་ཀླུ་སྒྲུབ་ཀྱིས་ཕྱག་སྟོང་གི་གཟུངས་ ཀྱི་སྒྲུབ་ཐབས་ལས་བདག་སྐྱེད་ཡེ་ཤེས་པ་གཞུག་པ་དབང་བསྐུར་བ་དང་བཅས་པ་གསུངས་སོ། །སློབ་དཔོན་པདྨས་མཛད་པའི་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་དང༌། དགེ་སློང་མ་དཔལ་མོས་མཛད་པའི་བཅུ་གཅིག་ཞལ་གྱི་སྒྲུབ་ཐབས་དང༌། ཙནྡྲ་ གཽ་མིས་མཛད་ཟེར་བའི་གདུགས་དཀར་གྱི་སྒྲུབ་ཐབས་དང༌། ཤཱནྟི་པ་དང་ཛེ་ཏ་རིས་མཛད་པའི་གྲྭ་ལྔའི་སྒྲུབ་ཐབས་དང༌། ཇོ་བོ་རྗེས་མཛད་པའི་གཙུག་ཏོར་དྲི་མེད་ཀྱི་སྒྲུབ་ཐབས་དང༌། གཞན་ཡང་སྒྲུབ་ཐབས་རྒྱ་མཚོ་དང་ཕྱེད་དང་ཉིས་བརྒྱ་པ་ 3-2-41b དང༌། བརྒྱ་རྩ་ལ་སོགས་པ་རྣམས་སུ་བྱ་རྒྱུད་ལ་བརྟེན་པ་རྣམས་ལའང་བདག་བསྐྱེད་དང་ཡེ་ཤེས་པ་གཞུག་པ་ལ་སོགས་པ་བཤད་དེ། སངས་རྒྱས་གསང་བ་སོགས་རྣམ་སྣང་མངོན་བྱང་སོགས་ཀྱང་བྱ་རྒྱུད་དུ་བཞེད་པས་བྱ་སྤྱོད་བསྲེས་པ་ལ་དགོངས་ སམ་བརྟག་ཅིང༌། སློབ་དཔོན་གཞན་རྣམས་དེ་ཉིད་བསྡུས་པ་ལས། སྙིང་པོ་ཕྱག་རྒྱ་སྔགས་རིག་རྣམས། །ཇི་ལྟར་འདོད་པའི་ཚུལ་གྱིས་ནི། །དུམ་བུ་ལས་བཤད་རང་བྱས་པའམ། །སྒྲུབ་པ་འདིར་ནི་ཐམས་ཅད་དོ། །ཞེས་བྱ་སྤྱོད་ཀྱི་ཆོ་ག་ལའང་རྣལ་འབྱོར་ རྒྱུད་ཀྱི་རིགས་པ་སྦྱར་དུ་རུང་བར་བཤད་པ་ལ་དགོངས་སམ། དཔེར་ན། སོར་འབྲང་དང་འོད་ཟེར་ཅན་དང་རི་ཁྲོད་ལོ་མ་ཅན་ལྟ་བུའི་ལྷ་དང་སྔགས་འདྲ་བ་ཞིག་བྱ་རྒྱུད་ལས་འབྱུང་བ་ལྟར། སཾ་མྦྷུ་ཊ་སོགས་བླ་མེད་ཀྱི་རྒྱུད་ལས་ཀྱང་འབྱུང་བས་བླ་མེད་ཀྱི་ རྒྱུད་ཀྱི་དགོངས་པ་བཀབ་པ་ཡིན་ནམ། འོན་ཏེ་བྱ་རྒྱུད་རང་གི་དགོངས་པས་ཀྱང་བདག་བསྐྱེད་ཐོབ་པ་ཡིན་བརྟག་པར་བྱའོ་ཞེས་གསུངས་སོ། །དེ་ལ་སངས་རྒྱས་གསང་བས་བྱ་རྒྱུད་ནས་བདག་བསྐྱེད་གསལ་བར་བཤད་པ་མ་རྙེད་ནས་རྣམ་སྣང་མངོན་ བྱང་དང་ཕྱག་རྡོར་དབང་བསྐུར་བ་སོགས་ཁུངས་སུ་མཛད་པ་མིན་ཏེ། བྱ་བའི་རྒྱུད་རྡོ་རྗེ་གཙུག་ཏོར་ནས་བཟླས་བརྗོད་ཀྱི་ཡན་ལག་བཞི་གསལ་བར་བསྟན་པར་བཞེད་པའི་ཕྱིར་རོ། །དེ་ལྟར་ཡང་བསམ་གཏན་ཕྱི་མ་ལས། སྒྲ་དང་སེམས་དང་གཞི་ ལ་གཞོལ། །ཞེས་པའི་འགྲེལ་པ་ལས། དེ་བས་ན་སྒྲ་དང་སེམས་དང་གཞི་ལ་སོགས་པ་བཟླས་བརྗོད་ལ་སོགས་པའི་ཡན་ལག་རྣམས་ཀྱི་མཚན་ཉིད་ཀྱི་ཚིག་འདིར་མ་བཤད་པ་ནི། འདི་ལྟར་སྒྲ་དང་སེམས་ལ་སོགས་པ་བཤད་པ་ཐོག་མ་ཉིད་ 3-2-42a དུ་རྒྱུད་འདིར་བཤད་ཟིན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། དེར་འདི་དག་གི་མཚན་ཉིད་བཤད་པ་ཡང་སྒྲ་ནི་སྔགས་ཀྱི་ཡི་གེའོ། །སེམས་ནི་སྔགས་ཀྱི་གཞི་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་གྱུར་པའོ། །གཞི་ནི་དེ་བཞིན་གཤེགས་པའི་སྐུའི་ རང་བཞིན་ནོ། །གཞི་གཉིས་པ་ནི་རང་གི་ལྷའི་གཟུགས་སོ། །གཞན་ཡང་སྲོག་དང་རྩོལ་བ་དང་སླར་སྡུད་པ་ལ་སོགས་པའི་མཚན་ཉིད་གང་ཡིན་པ་དེ་དག་རྡོ་རྗེ་གཙུག་ཏོར་གྱི་རྒྱུད་འདི་ཉིད་དུ་སྔར་བཤད་ཟིན་པས། དེ་དང་འབྲེལ་བ་བསམ་གཏན་ཕྱི་མ་ཞེས་བྱ་བ་ རིམ་པར་ཕྱེ་བ་འདིར་དེ་དག་གི་མཚན་ཉིད་མ་གསུངས་པར་ཤེས་པར་བྱའོ། །ཞེས་རང་ལྷའི་གཟུགས་སུ་བྱེད་པ་སོགས་རྡོ་རྗེ་གཙུག་ཏོར་གྱི་རྒྱུད་འདིར་སྔར་བཤད་ཟིན་པས། དེའི་ཕྱོགས་གཅིག་བསམ་གཏན་ཕྱི་མ་འདིར་མ་གསུངས་པར་བཤད་པའི་ཕྱིར་དང༌། འདི་བྱ་རྒྱུད་དུ་མི་འདོད་པ་ཡང་མེད་པའི་ཕྱིར་རོ། །འདིར་བཤད་པའི་ཡན་ལག་བཞི་དང་རྣམ་སྣང་མངོན་བྱང་གཉིས་ཀྱང་འདྲ་བར་བཞེད་པ་ཡིན་ཏེ། དེ་ཉིད་ལས། ཇི་ལྟར་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས་བཤད་པ། ཡི་གེ་བྱང་ཆུབ་སེམས་ ཡིན་ཏེ། །གཉིས་པ་ལ་ནི་སྒྲ་ཞེས་བྱ། །གཞི་ནི་རང་གི་ལྷ་གཞག་པ། །རང་གི་ལུས་ལ་བྱ་བ་ཡིན། །གཉིས་པའི་གཞི་ནི་ཞེས་བྱ་བ། །རྫོགས་པའི་སངས་རྒྱས་རྐང་གཉིས་མཆོག །སྲོག་ཅེས་བྱ་བ་རླུང་དུ་བཤད། །རྩོལ་བ་དྲན་པ་ཞེས་བྱའོ། །ཞེས་བྱ་བ་ལ་ སོགས་པ་ལྟ་བུ་སྟེ། དེ་བཞིན་དུ་འདིར་ཡང་གཞི་ལ་སོགས་པ་དེ་དག་གི་མཚན་ཉིད་སྔར་བཤད་ཟིན་པར་བལྟའོ། །ཞེས་གསུངས་སོ། །དེས་ན། སྒྲ་དང་སེམས་དང་གཞི་ལ་གཞོལ། །ཞེས་པའི་གཞིའི་ཚིག་གི་དོན་རང་ལྷར་སྐྱེད་པའི་གཞི་ལ་བྱར་མི་རུང་ན། 3-2-42b རྣམ་སྣང་མངོན་བྱང་གི་གཞི་ནི་ཞེས་པའི་རྐང་པ་གཉིས་ཀྱིས་ཀྱང་རང་ལྷར་སྐྱེད་པ་མ་བསྟན་པར་འདོད་དགོས་ཏེ་ཁྱད་པར་མེད་པའི་ཕྱིར་རོ། །འོད་ཟེར་ཅན་གྱི་རྟོག་པ་འགའ་ཞིག་ལས་བདག་བསྐྱེད་གསལ་བར་བཤད་ཅིང་བསྐྱེད་རིམ་དང་རྫོགས་རིམ་ཞེས་ པའི་ཐ་སྙད་བྱས་པ་ཡང་སྣང་མོད། དེ་དག་བྱ་རྒྱུད་དུ་བྱེད་ན་ནི་མ་དག་པར་གསལ་ལ། རྣལ་འབྱོར་བླ་མེད་དུ་གཏོགས་པར་འདོད་ན་ནི་བྱ་རྒྱུད་ལ་བདག་སྐྱེད་ཡོད་པའི་ཁུངས་སུ་མི་རུང་ངོ༌། །དེས་ན་བྱ་རྒྱུད་རང་གི་ངོས་ནས་བདག་བསྐྱེད་ཡོད་པ་ལ་ནི་བསམ་གཏན་ ཕྱི་མ་འགྲེལ་པ་དང་བཅས་པ་ཤིན་ཏུ་གསལ་བར་སྣང་ཞིང༌། སངས་རྒྱས་གསང་བས་རྣམ་འཇོམས་ཀྱི་འགྲེལ་པར་རྣམ་འཇོམས་ཀྱི་རྒྱུད་རྒྱས་པ་ལས་ལྷ་དྲུག་བསྒོམ་པར་གསུངས་པ་དྲངས་པ་སོགས་ཀྱིས་ཀྱང་ཤེས་སོ། །དེ་ཉིད་བསྡུས་པའི་སྟོད་འགྲེལ་ལས། བྱ་བ་དང་སྤྱོད་པ་དང་གཉིས་ཀའི་རྒྱུད་ལ་སོགས་པའི་ཆོ་ག་ལ་མངོན་པར་ཞེན་པ་རྣམས་ཀྱིས་ཀྱང་ཆོག་དེས། འདི་ལས་བཤད་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒྲུབ་པར་བྱའོ་ཞེས་དོན་དེ་བཤད་པར་བྱ་བའི་ཕྱིར། སྙིང་པོ་ཕྱག་རྒྱ་སྔགས་རིག་རྣམས། །ཇི་ལྟར་ འདོད་པའི་ཚུལ་གྱིས་ནི། །ཞེས་བྱ་བ་ལ་སོགས་པའི་ཚུལ་གྱིས་སྟོན་ནོ། །ཞེས་གསུངས་ཏེ། སྙིང་པོ་དང་ཕྱག་རྒྱ་དང་སྔགས་དང་རིག་པ་བཞི་ནི་རིམ་པ་བཞིན་དུ་དུམ་བུ་བཞི་ཁའི་དཀྱིལ་འཁོར་ཆེན་པོ་དང༌། གཟུངས་དཀྱིལ་དང་ཆོས་དཀྱིལ་དང་ལས་དཀྱིལ་ལས་ གསུངས་པ་རྣམས་རྣལ་འབྱོར་རྒྱུད་རང་དང༌། བྱ་སྤྱོད་ཀྱི་རྒྱུད་གཞན་གྱི་ཆོ་ག་གཉིས་ཀས་ཀྱང་བསྒྲུབ་ཏུ་རུང་བར་གསུངས་པས། དེའི་སྒོ་ནས་ཀྱང་བདག་སྐྱེད་དང་ཡེ་ཤེས་པ་གཞུག་པ་སོགས་རུང་བར་གསལ་ལོ། །བྱ་རྒྱུད་དང་བླ་མེད་གཉིས་ནས་འོད་ཟེར་ཅན་ལ་ 3-2-43a སོགས་པ་ལྷ་དང་སྔགས་འདྲ་བར་གསུངས་པ་རྣམས་ལ་དགོངས་ནས་ཀྱང༌། དེ་དག་མཚོན་པ་ཙམ་དུ་བྱས་ནས་བྱ་སྤྱོད་ནས་བཤད་པའི་ལྷ་ལ་སྐྱེད་ཆོག་སོགས་བླ་མེད་ལྟར་མཛད་པ་སྒྲུབ་ཐབས་རྒྱ་མཚོ་སོགས་ན་མང་དུ་ཡོད་པར་མངོན་ནོ། །འོ་ན་ཡེ་ ཤེས་རྡོ་རྗེ་ཀུན་ལས་བཏུས་ཀྱི་ལུང་གི་དོན་གང་ཡིན་སྙམ་ན། དེ་ནི་སངས་རྒྱས་གསང་བས་གསུངས་པ་ལྟར། བྱ་རྒྱུད་ཀྱི་གདུལ་བྱ་ལྷའི་རྣལ་འབྱོར་རྩེ་གཅིག་ཏུ་སྒོམ་པའི་བྱ་བས་འཇིགས་ཤིང་སྐྲག་པ་དང༌། རྨད་དུ་བྱུང་བ་སྟེ་འཇིག་རྟེན་དང་འགལ་བའི་འདོད་ཆགས་ ཀྱི་ཀུན་སྤྱོད་ལམ་དུ་བྱེད་པའི་སྣོད་དུ་མ་གྱུར་པ་དང༌། སྐྱེ་རྒ་ལ་སོགས་པའི་སྐྱོན་གྱི་རྒྱུའི་རྣམ་རྟོག་བདེན་འཛིན་དང་བཅས་པའི་སྤྱོད་པས་ལམ་སྒྲུབ་པའི་བྱེ་བྲག་པ་འགའ་ཞིག་ལ༌། རང་ཉིད་ལྷར་སྐྱེད་པ་དང་ཡེ་ཤེས་པ་འཇུག་པ་མེད་པར་གསུངས་ཀྱི། བྱ་རྒྱུད་ ཀྱི་གདུལ་བྱ་གང་ཡིན་ཐམས་ཅད་ལ་མ་ཡིན་ཏེ། རྡོ་རྗེ་གཙུག་ཏོར་བཞིན་ནོ། །བྱ་སྤྱོད་གཉིས་ཀ་ལ་དེ་འདྲ་བའི་གདུལ་བྱ་ཤས་ཆེ་བས་རྒྱུད་རྣམས་ནས་ཀྱང་ལྷའི་རྣལ་འབྱོར་མི་གསལ་ཞིང༌། ཡོད་པ་རྣམས་ཀྱང་མི་རྒྱས་པ་ཡིན་མོད་ཀྱང་གདུལ་བྱའི་གཙོ་ བོ་ནི་ལྷའི་རྣལ་འབྱོར་སྲོག་རྩོལ་བསྡམས་པ་སོགས་ཀྱི་སྒོ་ནས་རྩེ་གཅིག་ཏུ་སྒོམ་པ་ལ་མི་དགའ་བའམ་མི་ནུས་པ་མ་ཡིན་ནོ། །སློབ་དཔོན་བྱང་ཆུབ་མཆོག་གིས་བཤད་པ་ལྟར་བྱ་སྤྱོད་ཀྱི་སྔགས་ལ་སྤྱོད་པའི་སོ་སོ་སྐྱེ་བོས་ཀྱང་རལ་གྲི་རི་ལུ་ལ་སོགས་ པའི་གྲུབ་པ་ཆེན་པོ་རྣམས་དང༌། ཞི་བ་ལ་སོགས་པའི་ལས་རབ་འབྱམས་རྣམས་འགྲུབ་པར་བཤད་ལ། དེ་འགྲུབ་པ་ནི་ལྷ་དང་སྟོང་པའི་རྣལ་འབྱོར་ལ་བལྟོས་པར་ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས་གསལ་བར་གསུངས་ཏེ། གང་གི་ཚེ་བྱང་ཆུབ་ 3-2-43b སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པ་བདག་ཉིད་རང་གི་ལྷའི་གཟུགས་སུ་བྱས་ལ། ཐེ་ཚོམ་མེད་པའི་ཡིད་ཀྱིས་ང་རྒྱལ་བསྐྱེད་ཅིང་འགྲོ་ཡང་རུང་འགྲེང་ཡང་རུང་འདུག་ཀྱང་རུང་རྟག་ཏུ་དུས་ཐམས་ཅད་དུ་བསྐྱོད་ཀྱང་མི་གཡོ་བ་དེའི་ཚེ་ཞི་བའི་བློ་ གྲོས་བྱང་ཆུབ་སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཆེན་པོའི་ཚུལ་ཁྲིམས་དང་ལྡན་པ་ཡིན་ནོ། །ཞེས་གསུངས་ཤིང༌། དེས་ལྷས་བསྟན་པའི་ཚུལ་དང་མཐུན་པར་བྱ་བ་བྱེད་ཅིང་རྣལ་འབྱོར་ལ་བརྩོན་པའི་ཚེ་བརྟུལ་ཞུགས་ལ་ གནས་པ་དང༌། བརྟུལ་ཞུགས་དེ་ལ་བཟླས་བརྗོད་དང་སྦྱིན་སྲེག་སོགས་ཀྱི་ལས་སྤྱོད་པའི་ཚེ་སྤྱད་པ་སྤྱོད་པ་དང༌། ལྷ་དང་ཐ་མི་དད་པའི་རྣལ་འབྱོར་ལ་བརྩོན་ཞིང་བསླབ་པའི་གཞི་རྣམས་བཟུང་སྟེ་ཐེག་ཆེན་ལ་སྤྱོད་པའི་ཚེ་གསང་སྔགས་ལ་དངོས་གྲུབ་འཐོབ་པར་ གསུངས་པའི་དེ་མ་ཐག་ཏུ། གཞན་ཡང་བྱང་ཆུབ་སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་མཚན་མ་མེད་པ་ལ་གནས་པར་བྱའོ། །ཞེས་གསུངས་པའི་མཐར། རྫོགས་སངས་རྒྱས་ཀྱིས་བཅས་པ་ ཡི། །བརྟུལ་ཞུགས་དང་ནི་ཚུལ་ཁྲིམས་དང༌། །སྤྱོད་དང་བསླབ་པའི་གཞི་རྣམས་ལ། །གང་ཚེ་གནས་ན་དེ་ཡི་ཚེ། །སྔགས་པས་འདི་ལྟར་སྔགས་འགྲུབ་བོ། །རྟོག་དང་བྲལ་བའི་ཡེ་ཤེས་ནི། །སྔོན་གྱི་རྒྱལ་བས་མངོན་སངས་རྒྱས། །རྟོག་དང་བྲལ་བ་དེ་ལ་ནི། ། གསང་སྔགས་འགྲུབ་པར་བསྟན་པ་ཡིན། །དེ་ཡི་འབྲས་བུ་རྣམ་དག་པ། །རང་བཞིན་གྱིས་ནི་འོད་གསལ་འགྱུར། །གང་ཞིག་རྟོག་ལ་གནས་བྱེད་པ། །དེ་ལ་དངོས་གྲུབ་མི་འབྱུང་ངོ༌། །དེ་ལྟ་བས་ན་རྟོག་སྤངས་ལ། །སྔགས་ཀྱི་གཟུགས་ནི་བསམ་པར་བྱ། །ཞེས་ 3-2-44a གསལ་བར་གསུངས་ཏེ། རྟོག་པ་སྤངས་པ་ནི་བདག་མེད་པའི་ཤེས་རབ་ཀྱིས་བདག་འཛིན་གྱི་རྟོག་པ་སུན་ཕྱུང་བ་ཡིན་གྱི། རྟོག་པ་གང་ཡིན་འགོག་པ་མིན་ནོ། །སྔགས་ཀྱི་གཟུགས་བསམ་པ་ནི་ལྷ་སྒོམ་པའོ། །ལྷའི་རྣལ་འབྱོར་བརྟན་པའི་ཚད་ཀྱང་ འགྲོ་ཡང་རུང་ཞེས་པ་ནས་མི་གཡོ་བ་དེའི་ཚེ་ཞེས་པའི་བར་གྱིས་བསྟན་ཏེ། མཉམ་པར་བཞག་མ་བཞག་གི་སྤྱོད་ལམ་ཐམས་ཅད་དུ་ལྷའི་སྐུ་ལས་སེམས་གཞན་དུ་མི་གཡོ་བར་འཛིན་པའི་ནུས་པ་ཐོབ་ནས་ཐ་མལ་པའི་ང་རྒྱལ་སེལ་ནུས་པའོ། །རང་ལ་ ཡེ་ཤེས་པ་གཞུག་པ་སློབ་དཔོན་སངས་རྒྱས་གསང་བ་དང་བྱང་ཆུབ་མཆོག་གཉིས་ཀྱི་མ་བཤད་ཀྱང༌། རྒྱ་གར་པའི་པཎ་གྲུབ་དུ་མས་བཤད་པས་ན་རུང་སྟེ། དེ་མི་རུང་ན་དེའི་རྒྱུ་མཚན་དུ་རང་དང་ལྷ་ཡེ་ཤེས་པ་གཉིས་སོ་སོར་བཟུང་ནས་གཅིག་ཏུ་འཛིན་པ་ ལ་མི་མོས་པ་དགོད་དགོས་ན་དེ་ནི་མི་རུང་སྟེ། རང་གི་ལུས་ངག་ཡིད་གསུམ་དང་ལྷའི་སྐུ་གསུང་ཐུགས་གསུམ་དབྱེར་མི་ཕྱེད་པར་མོས་པའི་མཐུས། ལུས་ཀྱི་བསྒུལ་བསྐྱོད་ཀུན་ཕྱག་རྒྱ་དང༌། ངག་ཏུ་བརྗོད་པ་ཀུན་སྔགས་སུ་གསུངས་པའི་ཕྱིར་རོ། །དེ་ལྟར་ཡང་ ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དཀྱིལ་འཁོར་མཐོང་བ་བྱང་ཆུབ་ཏུ་སེམས་བསྐྱེད་པ་སྙིང་རྗེ་དང་ལྡན་པ་ཐབས་ལ་མཁས་པ་གསང་སྔགས་ཀྱི་སྒོ་ཡི་གེའི་ཚུལ་བསྟན་པ་ལ་མཁས་པས་འདི་སྙམ་དུ་ངག་མ་ གཏོགས་པར་ཡིད་མེད། ཡིད་མ་གཏོགས་པར་ངག་མེད། ཡིད་མ་གཏོགས་པར་ལྷའི་གཟུགས་མེད་དེ། ཡིད་ཉིད་ངག་ཡིན་ངག་ཉིད་ཡིད་ཡིན་ཞིང་ལྷའི་གཟུགས་ཉིད་ཀྱང་ཡིད་ཡིན་ལ། ངག་ཉིད་ཀྱང་ལྷའི་གཟུགས་ཡིན་ནོ་སྙམ་དུ་བསམ་པར་བྱའོ། །དེ་ལྟར་ 3-2-44b ཐ་དད་དུ་བྱ་བ་མེད་པར་མོས་ན་སྔགས་པས་ཡིད་རྣམ་པར་དག་པ་ཐོབ་བོ། །ཡིད་རྣམ་པར་དག་པ་དང་ལྡན་པ་དེ་དག་གི་ཚེ་ན་རྣམ་པ་ཐམས་ཅད་དུ་རྟག་པ་བདག་གི་ལུས་དང་ལྷའི་གཟུགས་སུ་བདག་གི་ངག་དང་ལྷའི་ངག་ཏུ་བདག་གི་ཡིད་དང་ལྷའི་ཡིད་ དུ་མཚུངས་པར་མཐོང་བ་དེའི་ཚེ་མཉམ་པར་བཞག་པ་ཡིན་ནོ། །གང་ཚེ་ཀུན་ཏུ་ཐམས་ཅད་དུ། །སྔགས་པ་མཉམ་པར་བཞག་གྱུར་ན། །དེ་ཚེ་ལུས་ལ་སོགས་པ་ཡི། །མཉམ་ཉིད་གནས་ལ་ཞུགས་པར་འགྱུར། །མཉམ་ཉིད་གནས་ལ་གནས་པ་ཡི། ། ཡན་ལག་བསྐྱོད་པ་ཇི་སྙེད་དང༌། །ཚིག་ཏུ་བརྗོད་པ་ཇི་སྙེད་པ། །དེ་སྙེད་གསང་སྔགས་ཕྱག་རྒྱ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །འདི་བྱ་རྒྱུད་ལ་ཡང་མཚུངས་ཏེ། རང་ལྷར་སྐྱེད་པ་ཡོད་ན་རྣམ་སྣང་སོགས་གང་རུང་དུ་བསྐྱེད་རྒྱུའི་ལྷ་དེ་དངོས་ཡིན་ནོ་སྙམ་ པའི་ང་རྒྱལ་བྱ་དགོས་པའི་ཕྱིར་རོ། །དེས་ན་ལུས་ལྷ་དང་ངག་སྔགས་དང་ཡིད་དེ་ཁོ་ན་ཉིད་ལ་ཞུགས་པར་ལྟ་བ་ནི་བླ་མེད་ཀྱི་ཁྱད་ཆོས་མ་ཡིན་གྱི། རྒྱུད་སྡེ་འོག་མ་ལ་ཡང་ངེས་པར་དགོས་སོ། །གཉིས་པ་ལ་གཉིས། ལམ་སྡུད་པའི་སྤྱིའི་ཆིངས་བཤད་པ་དང༌། ལམ་གྱི་རིམ་པ་དངོས་བཤད་པའོ། །དང་པོ་ནི། བསམ་གཏན་ཕྱི་མ་ལས། དུས་གསུམ་དུ་ནི་ཕྲ་མོ་འདི། །གསང་སྔགས་སྒྲུབ་ལ་བརྟུན་པ་ཡིས། །ཚངས་པ་རྟག་ཏུ་རིག་བྱ་བ། །ཡན་ལག་བཅུ་ཡི་ཆོ་གའི་ལས། །ཞེས་སྔགས་སྒྲུབ་པ་ལ་བརྩོན་པས་ཐུན་ གསུམ་དུ་བསམ་གཏན་གྱིས་རིག་པར་བྱ་བས་ན། ཕྲ་མོ་སྟེ་ལྷའི་རྣལ་འབྱོར་གྱི་མཚན་ཉིད་རིག་སྔགས་ཀྱི་བརྟུལ་ཞུགས་རིག་པར་བྱ་བ་སྟེ་མངོན་དུ་བྱས་པ་ལས་དངོས་གྲུབ་སྒྲུབ་པའི་ཡན་ལག་རྣམས་བཅུར་བསྡུས་ནས་གསུངས་སོ། །བཅུ་ནི་གང་དུ་སྒྲུབ་ 3-2-45a པའི་གནས་དང༌། བདག་གི་དེ་ཁོ་ན་ཉིད་དང༌། རིག་སྔགས་ཀྱི་དེ་ཁོ་ན་ཉིད་དང༌། བཟླས་བརྗོད་ཀྱི་དེ་ཁོ་ན་ཉིད་དང༌། མེ་ལ་གནས་པ་དང༌། སྒྲ་ལ་གནས་པ་དང༌། སྒྲ་མཐར་ཐར་པ་སྟེར་བའི་བསམ་གཏན་གསུམ་དང༌། སྔགས་སྒྲུབ་པ་ལ་འཇུག་པའི་ཆོ་ག་ དང༌། སྦྱིན་སྲེག་གི་ཆོ་ག་དང༌། དབང་བསྐུར་བའི་ཆོ་ག་སྟེ་བཅུར་འགྲེལ་པས་བཤད་དོ། །དེ་ལ་རིག་སྔགས་ལ་སོགས་པ་གསུམ་ནི་བཟླས་བརྗོད་ཀྱི་ཡན་ལག་བཞིའི་བསམ་གཏན་ནོ། དེ་ནས་གསུམ་ནི་འཆད་པར་འགྱུར་བའི་དེ་ཉིད་གསུམ་གྱི་བསམ་གཏན་ཏེ་ དེ་གཉིས་ནི་ལམ་གྱི་གཙོ་བོའོ། །དེ་ནས་གཅིག་ནི་བསམ་གཏན་གཉིས་པོ་དེ་སྒྲུབ་པའི་དུས་སུ་སྔོན་དུ་བྱ་བའི་ཆོ་ག་དང་མཇུག་ཏུ་བྱ་བའི་ཆོ་ག་རྣམས་སོ། །དབང་བསྐུར་ནི་ལམ་དེ་དག་སྒོམ་པའི་སྣོད་རུང་དུ་བྱེད་པའོ། །སྦྱིན་སྲེག་ནི་སྒྲུབ་པའི་དུས་དང་ལས་སྦྱོར་གྱི་དུས་ ལ་སོགས་པར་བྱ་བའོ། །དེ་དག་གི་སྒོ་ནས་ནུས་པ་རྙེད་པ་ན་ལས་རབ་འབྱམས་རྣམས་བསྒྲུབས་ནས་བྱང་ཆུབ་ཀྱི་སྤྱོད་པ་རྫོགས་པར་བྱེད་དེ། དེ་ནི་བྱ་བ་དང་སྤྱོད་པ་གཉིས་ཀའི་རྒྱུད་ཀྱི་དོན་རྣམས་དེ་གཉིས་ཀྱི་གདུལ་བྱ་འཚང་རྒྱ་བའི་ཆ་རྐྱེན་དུ་སྡུད་པའི་ཚུལ་ལོ། །དེ་ཡང་བྱ་ བ་སྤྱིའི་རྒྱུད་བཞི་ལས་དཔུང་བཟང་གིས་ཞུས་པར་ནི་དེ་བཞིན་གཤེགས་པ་དང་རྡོ་རྗེ་དང་པདྨའི་རིགས་གསུམ་དང༌། གཞན་ཡང་ལྔས་རྩེན་དང་ནོར་ཅན་དང་འཇིག་རྟེན་པའི་རིགས་དྲུག་གི་རིགས་དང་གསང་སྔགས་དང༌། ལས་ཀྱི་དབྱེ་བ་དང་མཉེས་པར་བྱ་བའི་ཐབས་ རྣམས་རྒྱུད་ཁ་ཅིག་ཏུ་རྒྱས་པར་བཤད་པ་སྡུད་མ་ཤེས་པ་བསྡུ་བ་དང༌། ཁ་ཅིག་ཏུ་མདོ་ཙམ་དུ་བསྟན་པ་གསལ་བར་བཤད་པ་དང༌། གཞན་དག་ཏུ་མ་གསུངས་པ་རྣམས་བསྟན་པར་མཛད་དེ། ཡན་ལག་བཞིའི་བསམ་གཏན་དང་དེ་ཉིད་གསུམ་གྱི་བསམ་གཏན་ 3-2-45b ཕལ་མོ་ཆེ་གསལ་བར་མ་བཤད་པར་སྔགས་སྒྲུབ་པའི་ཆོ་ག་ལྷག་མ་དང༌། ལས་ཚོགས་སྒྲུབ་པའི་ཚུལ་རྣམས་གསལ་ཞིང་རྒྱས་པར་བཤད་དོ། །སྤྱི་རྒྱུད་ལས་ནི་རིགས་གསུམ་གྱི་དཀྱིལ་འཁོར་སུམ་སྟོང་དང་ལྔ་བརྒྱ་བཤད་པ་རྣམས་ཀྱི་བྲི་བ་དང་དབང་བསྐུར་བ་ལ་ སོགས་པའི་སྤྱིའི་ཆོ་ག་སྟོན་པས་གཙོ་ཆེར་སྣོད་རུང་དུ་བྱེད་པའི་སྐོར་རྣམས་སྟོན་ནོ། །ལེགས་གྲུབ་ལས་ནི་བསམ་གཏན་དྲུག་ཤིན་ཏུ་གསལ་བ་མིན་པར་རིགས་གསུམ་གྱི་ཐུན་མོང་གི་སྔགས་སྒྲུབ་པའི་ཆོ་ག་དང་ལས་ཚོགས་སྒྲུབ་ལུགས་དང་སྦྱིན་སྲེག་དང་བསྲུང་ བྱའི་དམ་ཚིག་ལ་སོགས་པ་གསལ་བར་སྟོན་ནོ། །བསམ་གཏན་ཕྱི་མ་ལས་ནི་སྤྱིར་བསམ་གཏན་དྲུག་དང་ཁྱད་པར་དུ་བསམ་གཏན་གྱི་ཡན་ལག་སྲོག་རྩོལ་སྡོམ་པ་སོགས་དང༌། བསམ་གཏན་ཕྱི་མ་གསུམ་ཤིན་ཏུ་གསལ་བར་སྟོན་ནོ། །དེ་ཡང་རིགས་གསུམ་ གྱི་ཐུན་མོང་དུ་སྣང་ངོ༌། །དེ་དག་གི་རྣམ་གཞག་ཤེས་ན་བྱ་བ་སོ་སོ་བའི་རྒྱུད་རྣམས་དང་སྤྱོད་རྒྱུད་རྣམས་ཀྱི་དོན་ཚན་རྣམས་ཇི་ལྟར་བསྡུ་བ་ཡང་ལེགས་པར་ཤེས་པར་འགྱུར་རོ། །དེ་ཡང་བཞིར་བསྡུས་ན་བདེ་སྟེ། ལམ་སྒོམ་པའི་སྣོད་རུང་དུ་བྱེད་པའི་དབང་བསྐུར་ བའི་སྐོར་དང༌། དངོས་གྲུབ་འགྲུབ་པའི་གཞི་དམ་ཚིག་དང་སྡོམ་པ་བསྲུང་བའི་སྐོར་དང༌། དེ་ནས་ནུས་པ་བསྐྱེད་པའི་ཕྱིར་བསྙེན་པའི་སྐོར་དང༌། ནུས་པ་རྙེད་ནས་རང་བཞན་གྱི་དོན་བྱ་བའི་ཕྱིར་དངོས་གྲུབ་སྒྲུབ་པའི་སྐོར་རོ། །བྱ་སྤྱོད་ལ་བརྟེན་པའི་ལྷའི་སྒྲུབ་ཐབས་མང་དུ་སྣང་ ཡང་རྒྱུད་གཉིས་ནས་ཇི་ལྟར་འབྱུང་བ་ལྟར་བཀྲལ་བ་ནི། སངས་རྒྱས་གསང་བ་དང་བྱང་ཆུབ་མཆོག་གི་གཞུང་ལེགས་པར་སྣང་བས་འདིར་དེ་བཞིན་དུ་བཤད་པར་བྱའོ། །གཉིས་པ་ལ་གཉིས། བྱ་རྒྱུད་ཀྱི་ལམ་གྱི་རིམ་པ་དང༌། སྤྱོད་རྒྱུད་ཀྱི་ལམ་གྱི་རིམ་པའོ། །དང་པོ་ 3-2-46a ལ་བཞི། ལམ་སྒོམ་པའི་སྣོད་དུ་རུང་བར་བྱ་བ་དང༌། སྣོད་དུ་གྱུར་ནས་དམ་ཚིག་དང་སྡོམ་པ་དག་པར་བྱ་བ་དང༌། དམ་ཚིག་ལ་གནས་ནས་སྔོན་དུ་བསྙེན་པ་ཇི་ལྟར་བྱ་བ་དང༌། བསྙེན་པ་ལས་སུ་རུང་ནས་དངོས་གྲུབ་ཇི་ལྟར་བསྒྲུབ་པའོ། །དང་པོ་ནི། དཀྱིལ་འཁོར་ གྱི་ཆོ་ག་དབང་བསྐུར་བ་དང་བཅས་པ་ནི་གཞུང་ཧ་ཅང་མངས་པས་འཇིགས་པས་འདིར་མི་བྲིས་ལ། རྒྱུད་གཉིས་ལ་དཀྱིལ་འཁོར་དུ་གཞུག་པ་ཙམ་དང་ཞུགས་པ་ལ་དབང་ཇི་ཙམ་ཞིག་སྐུར་བ་ནི་རྩ་ལྟུང་གི་རྣམ་བཤད་ཏུ་བཤད་ཟིན་ཏོ། །གཉིས་པ་ནི། དབང་བསྐུར་བའི་ སྐབས་སུ་སྡོམ་པ་ཇི་འདྲ་ཞིག་བཟུང་བ་དང་དེའི་རྩ་བའི་ལྟུང་བ་ཇི་ལྟར་ཡིན་པ་སོགས་ནི་རྩ་ལྟུང་གི་རྣམ་བཤད་དུ་རྒྱས་པར་བསྟན་པས་འདིར་ནི་དམ་ཚིག་གཞན་རྣམས་བཤད་པར་བྱའོ། །དེ་ཡང་ལེགས་གྲུབ་ཀྱི་རིག་སྔགས་ཀྱི་འདུལ་བ་རིམ་པར་ཕྱེ་བ་ལས། དེ་ ནས་གཞན་ཡང་གང་ཞིག་ལ། །གནས་ན་ཟློས་པ་པོ་རྣམས་ཀྱིས། །དངོས་གྲུབ་མྱུར་དུ་ཐོབ་འགྱུར་བའི། །གསང་སྔགས་ཟློས་པའི་འདུལ་བ་བཤད། །སྒྲུབ་པས་གསང་སྔགས་ཐམས་ཅད་དང༌། །ལྷ་རྣམས་དག་ནི་ཐམས་ཅད་དང༌། །ཟློས་པ་བདག་ཉིད་ཆེན་པོ་ལ། ། མཁས་པས་ཞེ་སྡང་མི་བྱའོ། །མཁས་པས་གསང་སྔགས་ཆོ་ག་དང༌། །གསང་སྔགས་རང་བཟོར་མི་བྱ་ཞིང༌། །རང་བཞིན་ངན་པའི་མི་དག་ལ། །བརྙས་པར་ཡང་ནི་མི་བྱའོ། །བླ་མ་དཀྱིལ་འཁོར་སྟོན་པ་ནི། །སྤྱོད་པ་དྲན་པར་གྱུར་ན་ཡང༌། །ངག་གམ་ཡང་ན་ཡིད་ ཀྱིས་སུ། །ནམ་ཡང་སྨད་པར་མི་བྱའོ། །མཁས་པས་རིག་སྔགས་དག་ལ་ནི། །ཁྲོས་ནས་གནན་དང་བཅིང་བ་དང༌། །བཅད་པ་དང་ནི་ཚར་གཅོད་དང༌། །དྲག་སྤྱོད་དེ་དང་དེ་མི་བྱ། །གཞན་གྱིས་རྗེས་སུ་མ་གནང་བར། །གསང་སྔགས་གཟུང་བར་མི་བྱ་སྟེ། །བསྙེན་ 3-2-46b བཀུར་མ་བྱས་པ་ལ་ཡང༌། །ཆོ་ག་ཤེས་པས་སྔགས་མི་སྦྱིན། །རྒྱུད་ཤེས་མཁས་པས་གསང་སྔགས་དང༌། །ཕྱག་རྒྱ་ཆོ་ག་ཞིབ་མོ་དང༌། །རྒྱུད་དང་དཀྱིལ་འཁོར་བཤད་པ་དག །དཀྱིལ་འཁོར་མ་ཞུགས་ལ་མི་སྦྱིན། །མཚོན་ཆ་འདྲ་བ་ཐམས་ཅད་དང༌། །དེ་བཞིན་སེམས་ ཅན་འདྲ་བ་དང༌། །ཕྱག་རྒྱ་སྣ་ཚོགས་ཐམས་ཅད་དག །བཟའ་བར་མི་བྱ་འགོམ་མི་བྱ། །སྒྲུབ་པ་པོ་ནི་བློ་ལྡན་གྱིས། །སྨན་རྣམས་སྨོད་པར་མི་བྱ་སྟེ། །མི་གཙང་བས་ཀྱང་རེག་མི་བྱ། །རྐང་པས་ཀྱང་ནི་མི་འགོང་ངོ༌། །ཐེག་པ་ཆེན་པོ་པ་དག་དང༌། །ཤེས་རབ་ ཅན་གྱིས་བརྩད་མི་བྱ། །བྱང་ཆུབ་སེམས་དཔའ་མཐུ་ཆེན་དག །ཐོས་ནས་སུན་ཀྱང་མི་དབྱུང་ངོ༌། །སྔགས་ཀྱིས་སྒྲུབ་པ་པོ་དག་དང༌། །ལྷན་ཅིག་ནམ་ཡང་འགྲན་མི་བྱ། །ཉེས་པ་ཆུང་ངུ་དག་ལ་ནི། །ཁྲོས་ནས་དྲག་ཤུལ་སྤྱད་མི་བྱ། །ཟློས་པ་ཆོ་ག་ལ་ གནས་པས། །གླུ་གར་རྩེད་མོ་མི་བྱ་སྟེ། །མཛེས་པར་བྱ་ཕྱིར་ཕྲེང་བ་དང༌། །ཁ་དོག་འཆང་བར་མི་བྱའོ། །འགོང་བ་དང་ནི་མཆོང་བ་དང༌། །རྒྱུག་པ་དང་ནི་ཙབ་ཧྲལ་དང༌། །ལུས་ལས་བྱུང་བའི་གནས་ངན་ལེན། །ཐམས་ཅད་ཡོངས་སུ་སྤང་བར་བྱ། །བདེན་པའི་ ཆོས་ལ་གནས་པ་ཡིས། །ལོག་པ་གཏུམ་དང་འགྱུར་དང་རྩུབ། །དབྱེན་གྱི་ཚིག་ཀྱང་སྤང་བ་དང༌། །དོན་མེད་གཏམ་མང་མི་བྱའོ། །མུ་སྟེགས་ཅན་དང་གནས་པ་དང༌། །རྩོད་པ་དག་ཀྱང་མི་བྱ་ཞིང༌། །གདོལ་པ་ལ་སོགས་རིགས་ངན་དང༌། །གསང་སྔགས་ ཟློས་པ་སྨྲ་མི་བྱ། །བློ་ཅན་བཟླས་བརྗོད་བྱེད་པ་ན། །སྔགས་གཡོག་གཅིག་བུ་མ་གཏོགས་པར། །གཞན་དང་ལྷན་ཅིག་དགོས་མེད་པར། །འགའ་དང་ཡང་ནི་སྨྲ་མི་བྱ། །འབྲུ་མར་དག་གིས་ལུས་མི་བསྐུ། །ཏིལ་ཡང་བཟའ་བར་མི་བྱའོ། །ལ་ཕུག་སྒོག་ 3-2-47a པ་ཚྭ་དག་དང༌། །བཅའ་སྐྱུར་རྣམ་པ་ཐ་དད་དང༌། །ཅུང་བེང་དང་ནི་སྲན་རིལ་དང༌། །ཏིལ་གྱི་ཅུང་བེང་ལ་དུ་དང༌། །དེ་བཞིན་མ་ཤའི་སྲན་ཆན་དག །དངོས་གྲུབ་འདོད་པས་རྣམ་པར་སྤང༌། །ལོག་འདྲེན་དག་གི་ཟས་ཀུན་དང༌། །གཏོར་མའི་ཁ་ཟས་ ཐམས་ཅད་དང༌། །ཀྲི་ས་ར་དང་འོ་ཐུག་ཀྱང༌། །གསང་སྔགས་ཟློས་པས་རྣམ་པར་སྤང༌། །ཤིང་རྟ་ལ་སོགས་བཞོན་པ་དང༌། །པདྨ་ལ་སོགས་བརྫི་མི་བྱ། །ཁ་ཟས་ལྷག་མ་བོར་བ་ལ། །རྐང་པས་ཀྱང་ནི་རེག་མི་བྱ། །སྒེག་པའི་ཆོ་ག་ཐམས་ཅད་དང༌། །ལྷམ་ དང་གདུགས་དག་འཆང་བ་དང༌། །ལུས་ཀྱི་བྱ་བྱེད་ཐམས་ཅད་དག །གསང་སྔགས་ཟློས་པས་རྣམ་པར་སྤང༌། །རྐང་པས་རྐང་པ་ཉེད་པ་དང༌། །ལག་པས་ལག་པ་མཉེ་མི་བྱ། །བཤང་གཅི་དག་ནི་ཆུར་མི་དོར། །དེ་དང་ཉེ་བར་དོར་མི་བྱ། །སྙིམ་པ་ཁོ་ནར་མི་བཟའ་ སྟེ། །འཁར་བའི་སྣོད་དུའང་བཟའ་མི་བྱ། །ལོ་མའི་རྒྱབ་ཏུའང་མི་བཟའ་ཞིང༌། །མཁས་པས་ཆགས་པའི་ཟས་མི་ཟ། །ཁྲི་རྣམས་དང་ནི་ཁྲིའུ་དག་ལ། །སྒྲུབ་པ་བློ་ལྡན་མི་གཙང་ལ། །གཞན་དང་ཉལ་བར་མི་བྱ་སྟེ། །གན་རྐྱལ་ཁ་སྦུབ་ཏུ་ཡང་མིན། །ཡང་དང་ ཡང་དུ་མི་བཟའ་སྟེ། །ཧ་ཅང་ཆུང་དང་ཆེར་མི་བཟའ། །མི་བཟའ་བར་ཡང་མི་བྱ་ལ། །གང་དག་དོགས་པའང་མི་བཟའོ། །ངོ་མཚར་རྣམས་ལ་དགའ་མི་བྱ། །ལྟད་མོ་ཀུན་ལ་མི་བལྟ་ཞིང༌། །བུད་མེད་ཡུལ་ལ་འཇོལ་ཉག་ལ། །ཞེན་པའི་སེམས་ཀྱིས་ཆགས་མི་ བྱ། །སྔགས་ཟློས་ཆོ་ག་ལ་གནས་པས། །ལུས་དང་ངག་དང་ཡིད་ཀྱིས་ཀྱང༌། །ཟས་དང་དེ་བཞིན་སྤྱོད་པ་ལ། །མ་བསྡམས་པར་ནི་ཡོང་མི་བྱ། །སྔགས་ཟློས་ཁྱིམ་པ་མཁས་པ་ཡིས། །ཁ་དོག་བསྒྱུར་བའི་གོས་མི་བགོ། དེ་བཞིན་རྙིང་དང་དྲི་མ་ཅན། །གོས་གཅིག་ 3-2-47b པར་ནི་ཡོང་མི་བྱ། །བདག་ལ་སྨད་པར་མི་བྱ་ཞིང༌། །རང་ལ་མི་དགའ་མི་བྱ་སྟེ། །སྐྱོ་བར་ཡང་ནི་མ་གྱུར་དང༌། །ནད་ཀྱིས་འགོང་བར་མི་བྱའོ། །བཀའ་ལན་སྩལ་བ་མ་གཏོགས་པར། །བདག་གིས་གསང་སྔགས་གཏང་མི་བྱ། །གཏི་མུག་བློས་ནི་མི་སྨད་ཅིང༌། །སྒྲིམ་པ་ ལྷོད་པར་མི་བྱའོ། །ཡིད་ནི་གཞན་དུ་མ་གྱུར་དང༌། །བསམ་པ་མང་པོ་མ་ཡིན་དང༌། །མི་གཙང་ཆགས་པའི་སེམས་མེད་པར། །ཟློས་པ་པོས་ནི་གསང་སྔགས་གདོན། །གདོན་གྱི་ལས་རྣམས་མི་བྱ་ཞིང༌། །སྲུང་དང་སླར་ཟློག་མི་བྱའོ། །རང་གི་སྔགས་སམ་གཞན་གྱིས་ ཀྱང༌། །ཟློས་པས་དུག་གི་ལས་མི་བྱ། །སྒྲུབ་པ་ལ་དགོས་མ་གཏོགས་པར། །གསང་སྔགས་གཞན་དུ་སྤྱད་མི་བྱ། །འགྲན་པ་དང་ནི་སད་ཕྱིར་ཡང༌། །བདག་གིས་གསང་སྔགས་མི་སྦྱོར་རོ། །བློ་ལྡན་གྱིས་ནི་དུས་གསུམ་བཟླས། །དུས་གསུམ་དུ་ནི་ཁྲུས་བྱས་ཏེ། ། ཞེས་དང༌། སྒྲུབ་པ་པོས་ནི་ཚེས་བརྒྱད་དམ། །བཅུ་བཞི་དང་ནི་བཅོ་ལྔ་དང༌། །ཆོ་འཕྲུལ་གྱི་ནི་ཟླ་ཕྱེད་ལ། །ཁྱད་པར་དུ་ནི་མཆོད་པ་བྱ། །བཟླས་བརྗོད་སྦྱིན་སྲེག་མཆོད་པ་དང༌། །དེ་བཞིན་སྡོམ་པ་གཟུང་བ་དང༌། །ཁྱད་པར་དུ་ཡང་བསོད་ནམས་ལ། །གུས་ཤིང་མངོན་པར་ བརྩོན་པར་བྱ། །ཞེས་དང༌། འདི་བྱ་འདི་ནི་མི་བྱའོ་ཞེས། །རིག་སྔགས་འདུལ་ལས་སྨོས་པ་དང༌། །བསླབ་པའི་སྡོམ་པ་ཉིད་ལ་ཡང༌། །ཟློས་པ་རྟག་ཏུ་རྣམ་པར་བསམ། །རང་གི་བདེ་ལ་ཆགས་པ་དག །ཉིན་མཚན་དུ་ནི་སྤང་བར་བྱ། །འདི་དག་བྱས་ནས་འདི་བྱའོ་ ཞེས། །མི་གཡེལ་བར་ནི་གྱུར་པར་བྱ། །ཉིན་པར་བག་མེད་བྱས་པ་དང་། །མཚན་མོ་སོ་སོར་བཤགས་པར་བྱ། །ནུབ་མོ་བྱས་པའང་ནང་པར་བཤགས། །ལེགས་པར་བྱས་ལ་མངོན་དགར་བྱ། །བཟླས་བརྗོད་སྦྱིན་སྲེག་གཙང་སྦྲ་བྱ། །རིག་སྔགས་མཆོག་དང་རང་སྡོམ་ 3-2-48a དང༌། །རིག་སྔགས་འདུལ་བ་དག་ལ་ཡང༌། །སྒྲུབ་པ་པོས་ནི་ནན་ཏན་གནས། །ཞེས་གསུངས་སོ། །ཀྲྀ་ས་ར་ནི་ཏིལ་ནག་དང་མ་ཤ་དང་འབྲས་བསྲེས་ནས་བཙོས་པའི་ཐུག་པ་ཡིན་གསུང་ངོ༌། །དཀྱིལ་འཁོར་དུ་མ་ཞུགས་པ་ལ་སྔགས་སྟེར་དུ་མི་རུང་བ་ནི། སྤྱི་རྒྱུད་ལས་ཀྱང༌། དཀྱིལ་འཁོར་ལེགས་པར་མ་མཐོང་བར། །གང་ཞིག་ཅི་སྟེ་སྔགས་ཟློས་ན། །དེ་ནི་དངོས་གྲུབ་ཐོབ་མི་འགྱུར། །ཤི་ནས་ངན་སོང་ལྟུང་བར་འགྱུར། །སྔགས་དང་ཕྱག་རྒྱ་ཆོ་ག་ལ། །གང་ཞིག་དེ་ལ་སྟོན་པ་ཡང༌། །དེ་ནི་དམ་ཚིག་ཉམས་གྱུར་ནས། །ངུ་ འབོད་སེམས་ཅན་དམྱལ་བར་འགྲོ། །ཞེས་གསུངས་པས། རྒྱུད་བཞི་གང་རུང་གི་དཀྱིལ་འཁོར་དུ་བཅུག་ནས་དབང་བསྐུར་བ་མ་བྱས་པར་རྗེས་གནང་ཙམ་ལ་བརྟེན་ཏེ་ལྷ་སྒྲུབ་པ་སོགས་དང༌། དེ་ལ་སྔགས་སྟེར་བ་རྣམ་པ་ཐམས་ཅད་དུ་མི་རུང་ངོ༌། །དེ་ལྟར་བྱས་ན་དེའི་ སྡིག་པ་དག་པར་བྱེད་པའི་ཚུལ་ཡང༌། དེ་ཉིད་ལས། ཇི་སྐད་བཤད་པའི་དམ་ཚིག་རྣམས། །གལ་ཏེ་ཉམས་པར་གང་གྱུར་པ། །དེ་ནི་རང་གི་སྙིང་པོ་སྔགས། །གཅིག་འབུམ་དུ་ནི་བཟླས་བརྗོད་བྱ། །ཡང་ན་སེམས་རྨོངས་མེད་པའི་གཟུངས། །སྟོང་དུ་བཟླས་བརྗོད་བྱས་ཀྱང་ རུང༌། །ཡང་ན་ཞི་བའི་སྦྱིན་སྲེག་བྱ། །ཡང་ན་དཀྱིལ་འཁོར་དུ་ཡང་གཞུག །ཅེས་གསུངས་པས་དེ་བཞིན་དུ་འབད་ལ་སྦྱང་ངོ༌། །དགྲ་ནག་གི་འགྲེལ་པ་རིན་ཆེན་སྒྲོན་མེ་ལས། དམ་ཚིག་དེ་རྣམས་གསུངས་པའི་འོག་ཏུ། དམ་ཚིག་དེ་དག་ནི་བདག་གིས་བྱ་བའི་རྒྱུད་ དག་ལས་བཏུས་པ་ཡིན་གྱིས། རྣལ་འབྱོར་ཆེན་པོའི་རྣལ་འབྱོར་པ་དག་གིས་ཀྱང་ཡུལ་དང་དུས་ཀྱི་དབང་དང་བསམ་པའི་དབང་གིས་ཇི་ལྟར་རིགས་པར་སྲུངས་ཤིག །ཡང་གང་དག་རྣལ་འབྱོར་ཆེན་པོ་ཡི་རྣལ་འབྱོར་པ་ཡིན་པར་སྨྲ་བ་གཙང་སྦྲ་དང་བསྡམས་པ་མེད་ 3-2-48b པར་འདོད་པ་དེ་དག་ནི་མ་རུངས་པར་འགྱུར་ཏེ། བསམ་པ་ལ་སོགས་པའི་དབང་ལས་ནི་བྱ་བའི་རྒྱུད་དག་ཏུ་ཡང༌། གཙང་རུང་དེ་ནི་མི་གཙང་རུང༌། །ཟས་ནི་ཟོས་རུང་མ་ཟོས་རུང༌། །ཁྲུས་བྱས་དེ་ནི་མ་བྱས་རུང༌། །བདག་གི་ལྷ་ཉིད་དྲན་པས་འགྲུབ། །ཅེས་བྱ་བ་ལ་སོགས་པ་ བག་ཡངས་སུ་བྱ་བ་གསུངས་ལ། ཕལ་ཆེར་ནི་རྣལ་འབྱོར་ཆེན་པོའི་རྣལ་འབྱོར་པས་ཀྱང་ཇི་སྐད་གསུངས་པའི་དམ་ཚིག་ལས་འདའ་བར་མི་བྱ་བས་སོ། །ཞེས་གསུངས་པ་ལྟར། བྱ་སྤྱོད་ཀྱི་དབང་ཞུས་པ་རྣམས་ཀྱི་བསྲུང་བྱ་ཡིན་པར་མ་ཟད་རྣལ་འབྱོར་བླ་མེད་ལ་ ཞུགས་པ་རྣམས་ཀྱིས་ཀྱང་སྲུང་དགོས་པས། དེ་དག་དང་རྩ་ལྟུང་རྣམས་ཤེས་པར་བྱས་ནས་རྩ་ལྟུང་གིས་གཏན་མ་གོས་པ་ལ་འབད་ཅིང༌། ཉེས་པ་གཞན་གྱིས་གོས་ནའང་ཇི་མི་སྙམ་པར་མི་གཞག་པར་ཉིན་པར་བྱུང་བ་རྣམས་མཚན་མོ་ཕྱིར་བཅོས་ལ། མཚན་མོ་ ལྟུང་བ་བྱུང་བ་རྣམས་ཉིན་མོ་ཕྱིར་བཅོས་པར་གསུངས་པ་ལྟར་བཤགས་ནས་དག་པར་བྱའོ། །གསུམ་པ་ལ་གཉིས། སྔོན་དུ་བསྙེན་པ་དགོས་པའི་རྒྱུ་མཚན་དང༌། བསྙེན་པ་བྱ་བའི་རིམ་པའོ། །དང་པོ་ནི། བསམ་གཏན་ཕྱི་མ་ལས། གསང་སྔགས་བསམ་གཏན་ཞེས་བྱ་ བ། །མཆོག་ཏུ་གསང་བ་ཡང་དག་གསུངས། །དྲང་སྲོང་དཀའ་ཐུབ་ཆེན་པོ་ཡང༌། །དེ་དག་མེད་ན་མི་འགྲུབ་བོ། །ཞེས་འཆད་པར་འགྱུར་བའི་བསམ་གཏན་གཉིས་མེད་ན་ཚུལ་ཁྲིམས་དང་བརྟུལ་ཞུགས་དང་དཀའ་ཐུབ་དང་ལྡན་ཞིང༌། སྔགས་ལ་བརྩོན་པའི་དྲང་སྲོང་རྣམས་ཀྱིས་ཀྱང་མི་འགྲུབ་པར་གསུངས་ སོ། །རྣམ་སྣང་མངོན་བྱང་གི་དངོས་གྲུབ་ཀྱི་རིམ་པར་ཕྱེ་བ་ལས་ཀྱང༌། ཡེ་ཤེས་རླབས་པོ་ཆེའམ་ནི། །ཡང་ན་མངོན་ཤེས་ལྔ་པོ་དང༌། །རིག་སྔགས་འཆང་འགྱུར་དངོས་གྲུབ་དང༌། །ཚེ་རིང་གཞོན་ནུར་འགྱུར་བ་གང༌། །གལ་ཏེ་ཐོབ་པར་འདོད་ན་ནི། །ཇི་སྲིད་འདི་ནི་མ་བསྙེན་ 3-2-49a པར། །དེ་སྲིད་ཐོབ་པར་མི་འགྱུར་རོ། །ཞེས་གསུངས་ཏེ། ཚུལ་འདི་ནི་བྱ་སྤྱོད་གཉིས་འདྲ་བ་ཡིན་ནོ། །དེའི་ཕྱིར་ལེགས་གྲུབ་ཀྱི་སྔགས་ཀྱི་མཚན་ཉིད་རིམ་པར་ཕྱེ་བ་ལས། རིགས་དང་རང་བཞིན་མཐུ་རྣམས་དང༌། །ལས་ཀྱང་རྣམ་པར་དཔྱད་ནས་ནི། ། རང་གི་ཡིད་དང་མཐུན་པ་ཡི། །གསང་སྔགས་ལ་ནི་བསྙེན་པ་བརྩམ། །ཞེས་གསུངས་པ་ལྟར། རིགས་གསུམ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ལེགས་པར་ཐོབ་པ། བྱང་སེམས་ཀྱི་སྡོམ་པ་དང་སྔགས་ཀྱི་དམ་ཚིག་དང་ལྡན་ཞིང༌། ཇི་ལྟར་བྱ་བའི་རིམ་པ་ལ་ མཁས་པས་ལེགས་གྲུབ་དང་དཔུང་བཟང་གིས་ཞུས་པ་ལས་གསུངས་པའི་གནས་དང་སྒྲུབ་གྲོགས་མཚན་ཉིད་དང་ལྡན་པ་སོགས་ཚང་བར་བྱས་ནས། སྔོན་དུ་བསམ་གཏན་གཉིས་ཡན་ལག་དང་བཅས་པ་སྒོམ་པའི་བསྙེན་པ་བྱའོ། །དབང་བསྐུར་ལ་ སྤྱི་རྒྱུད་ལས། དེ་བཞིན་གཤེགས་རིགས་དཀྱིལ་འཁོར་དུ། །གང་ཞིག་ལེགས་པར་དབང་བསྐུར་བ། །དེ་ནི་རིགས་རྣམས་གསུམ་ཆར་གྱི། །དཀྱིལ་འཁོར་ལ་སོགས་སློབ་དཔོན་འགྱུར། །ཞེས་དེ་བཞིན་གཤེགས་པའི་རིགས་ཀྱི་དཀྱིལ་འཁོར་དུ་དབང་ ཐོབ་ན་རིགས་གསུམ་ག་དང༌། པདྨའི་རིགས་ཀྱི་དབང་ཐོབ་ན་རིགས་གཉིས་དང༌། རྡོ་རྗེའི་རིགས་ཀྱི་དབང་ཐོབ་ན་རིགས་དེ་ཉིད་ཀྱི་སློབ་དཔོན་དུ་འགྱུར་བར་གསུངས་ཏེ། འོན་ཀྱང་སྔགས་གང་སྒྲུབ་པ་དེའི་བསྒོམ་བཟླས་ཀྱི་ལུང་ཡང་ནོད་པར་བྱའོ། །གཉིས་པ་ལ་ གཉིས། བཟླས་བརྗོད་དང་བཅས་པའི་བསམ་གཏན་དང༌། བཟླས་བརྗོད་ལ་མི་ལྟོས་པའི་བསམ་གཏན་ནོ། །དང་པོ་ལ་གསུམ། བཟླས་བརྗོད་ཡན་ལག་བཞིའི་སྔོན་དུ་ཇི་ལྟར་བྱ་བ་དང༌། བཟླས་བརྗོད་ཡན་ལག་བཞིའི་བསམ་གཏན་དངོས་དང༌། བཟླས་ 3-2-49b བརྗོད་ཡན་ལག་བཞིའི་བསམ་གཏན་གྱི་མཇུག་ཏུ་ཇི་ལྟར་བྱ་བའོ། །དང་པོ་ལ་བཞི། ཐོག་མར་གནས་ཁང་དུ་ཇི་ལྟར་བྱ་བ་དང༌། ཕྱི་རོལ་དུ་ཁྲུས་བྱས་ཏེ་སྒྲུབ་ཁང་དུ་འཇུག་པའི་ཚུལ་དང༌། ཆས་སུ་ཞུགས་ཏེ་སྟན་ལ་འཁོད་ནས་མཆོད་པ་བྱིན་གྱིས་བརླབ་པ་དང༌། བདག་དང་གནས་ལ་བསྲུང་བ་བྱ་བའོ། །དང་པོ་ནི། ཉིན་གཅིག་བཞིན་དུ་ཐུན་དང་པོའི་ནང་པར་མལ་ནས་ལངས་པའི་དུས་དང༌། ཐུན་གཞན་རྣམས་ཀྱི་འགོ་ལ་རིགས་གསུམ་པོ་གང་ལ་སྒྲུབ་པ་བྱེད་པའི་རིགས་དེའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས་གསང་ སྔགས་བརྗོད་པར་བྱའོ། །དེ་ལ་ཐལ་མོ་བཀན་པ་ལས་མཛུབ་མོ་གཉིས་ཅུང་ཟད་བཀུག་སྟེ་མགོ་ལ་བཞག་ནས། ཨོཾ་ཏ་ཐཱ་ག་ཏ་ཨུདྦྷ་ཝ་ཡེ་སྭཱཧཱ། ཞེས་པ་དང༌། ཐལ་མོ་སྦྱར་བ་པདྨ་ཁ་ཕྱེ་བའི་ཚུལ་དུ་བྱས་ཏེ་སྙིང་གར་བཞག་ནས། ཨོཾ་པདྨ་ཨུདྦྷ་ཝ་ཡེ་སྭཱ་ཧཱ། ཞེས་པ་དང༌། ཐལ་མོ་བཟློག་སྟེ་སྦྱར་ལ་མཐེ་བོང་གཉིས་དང་མཐེའུ་ཆུང་གཉིས་སྦྱར་ཏེ་ལྟེ་བའི་ཐད་ཀར་བཞག་ནས། ཨོཾ་བཛྲ་ཨུདྦྷ་ཝ་ཡེ་སྭཱ་ཧཱ། ཞེས་པ་ནི་རིམ་པ་བཞིན་དུ་གཙུག་ཏོར་རྣམ་རྒྱལ་ལ་སོགས་པ་དེ་བཞིན་གཤེགས་པའི་རིགས་དང༌། སྤྱན་ རས་གཟིགས་ལ་སོགས་པ་པདྨའི་རིགས་དང༌། རྡོ་རྗེ་རྣམ་འཇོམས་ལ་སོགས་པ་རྡོ་རྗེའི་རིགས་ཀྱི་སྔགས་རྒྱའོ། །དེ་ནས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དམིགས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་པྲ་ཎ་མེ་ན་སརྦ་ཏ་ཐཱ་ག་ཏ་བཛྲ་པཱ་ད་བནྡ་ནཱཾ་ ཀ་རོ་མི། ཞེས་པའི་སྔགས་འདིས་དེ་དག་གི་ཞབས་ལ་ཕྱག་བྱའོ། །དེ་ནས་ལུས་དབུལ་བར་བྱ་སྟེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་བདག་ཉིད་དུས་ཐམས་ཅད་དུ་ཡོང་ཡེ་ 3-2-50a འབུལ་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བདག་བཞེས་སུ་གསོལ། བདག་ལ་དངོས་གྲུབ་བླ་ན་མེད་པ་སྩལ་ཏུ་གསོལ་ཞེས་བྱའོ། །དེ་ནས། སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། ། བདག་དང་གཞན་དོན་བསྒྲུབ་སླད་དུ། །བདག་གིས་བྱང་ཆུབ་སེམས་བསྐྱེད་དོ། །ཕྱོགས་བཅུ་དག་ན་བཞུགས་པ་ཡི། །སངས་རྒྱས་བྱང་ཆུབ་སེམས་དཔའ་གསོན། །བདག་གིས་རྫོགས་པའི་བྱང་ཆུབ་ཕྱིར། །དེང་ནས་བྱང་ཆུབ་སེམས་བསྐྱེད་དོ། །ཞེས་པས་ སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །དེ་ནས་ཁྲོ་བོ་མནོལ་བ་མེད་པའི་སྔགས་རྒྱས་བསྲུང་བར་བྱ་སྟེ། ཕྱག་རྒྱ་ནི་ལག་པ་གཉིས་སོར་མོ་ཕན་ཚུན་བསྣོལ་ཏེ་ཁུ་ཚུར་བཅངས་ལ་མཐེའུ་ཆུང་གཉིས་གཤིབས་ཏེ་བསྒྲེང༌། མཛུབ་མོ་རྩེ་མོ་ སྦྱར་བའི་གློར་མཐེ་བོང་གཉིས་བཙུགས་པའོ། །སྔགས་ནི། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཕཱ་ལཱ་ཧ་ན་ད་ཧ་པ་ཙ་བི་དྷྭ་ན་ས་ཡ་ཨུཙྪ་ཥྨ་ཀྲོ་དྷ་ཧཱུཾ་ཕཊ། ཅེས་པའོ། །འདིས་བཟའ་བཏུང་དང་བཤང་གཅི་བྱེད་པའི་ཚེ་ཡང་བསྲུང་བར་བྱའོ། །དེ་ནས་སྙིང་གར་ཟླ་བ་ལ་རྣམ་སྣང་གི་ངོ་བོ་ མ་དང༌། མགོ་བོ་ལ་མི་གཡོ་བའི་ངོ་བོ་ཧ་ཡིག་གཉིས་འབར་བའི་ཕྲེང་བ་འཁྲུག་པར་བསམས་ལ། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱ་སྭ་བྷཱ་ཝ་ཤུད་དྷོ྅ཧཾ། ཞེས་བརྗོད་ལ་རང་བཞིན་གྱིས་དག་པར་མོས་པ་བྱའོ། །དེ་ནས་གནས་ཁང་ནས་ཕྱིར་བྱུང་སྟེ་སོ་ཤིང་བཅའ་ བ་སོགས་བྱ་ལ་ལྷའི་ཁང་པ་སོགས་བྱི་དོར་བྱའོ། །གཉིས་པ་ནི། དེ་ནས་ཁྲུས་ཀྱི་དོན་དུ་སྐྱེ་བོ་འདུ་བ་དང་འཇིགས་པ་མེད་པའི་འཇུག་ངོགས་སུ་སོང་སྟེ། ལག་པ་གཉིས་ཀྱི་སོར་མོ་ཕྱི་རོལ་ཏུ་བསྣོལ་ཏེ་བཀུག་ནས། མཛུབ་མོ་གཉིས་གཤིབས་ཏེ་བསྒྲེང༌། མཐེ་བོང་ 3-2-50b གཉིས་དེའི་དྲུང་དུ་བཞག་པའི་ཕྱག་རྒྱས་གཙང་མ་ལ་གཏུགས་ཏེ། ཨོཾ་ནི་ཁ་ན་བ་སུ་དེ་སྭཱཧཱ། ཞེས་བརྗོད་ལས་བླངས་ཏེ་ཆ་གསུམ་དུ་བགོས་ནས་གནས་གཙང་མར་བཞག་གོ། དེ་ཡང་དང་པོར་སྔར་བསྟན་པའི་དམ་རྒྱ་གསུམ་སྐབས་སུ་གང་བབ་བཅིངས་ནས་དེ་ ནས་བླང་ངོ༌། །དེ་ནས་མཐེ་བོང་གིས་མཐེའུ་ཆུང་གི་སེན་མོ་མནན་ལ། སོར་མོ་ལྷག་མ་རྣམས་རྡོ་རྗེའི་མཚན་ཉིད་དུ་བྱས་ཏེ་བསྣོལ་ནས་དཔུང་པར་གཞག །ཡ་སོས་མ་མཆུ་མནན་ལ་ཁྲོ་བོའི་ལྟ་བས་བལྟ་ཞིང༌། ན་མོ་རདྣ་ཏྲ་ཡཱ་ཡ། ན་མཥྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ ཡཀྵ་སེ་ན་བ་ཏ་ཡེ། ན་མོ་བཛྲ་ཀྲོ་དྷཱ་ཡ། ཏདྱ་ཐཱ། ཨོཾ་ཧུ་ལུ་ཧུ་ལུ་ཏི་ཥྛ་ཏི་ཥྛ་བནྡྷ་བནྡྷ་ཧ་ན་ཧ་ན་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཅེས་བརྗོད་ལ་བདུད་རྩི་ཐབ་སྦྱོར་གྱིས་རང་བསྲུང་ཞིང༌། ཨོཾ་ཧ་ན་ཧ་ན་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཅེས་བརྗོད་ཅིང་ཁུ་ཚུར་གཉིས་ནང་དུ་བཅིངས་ཏེ། མཛུབ་མོ་ཕྱུང་ ནས་བསྒྲེངས་ལ། མགོ་ནས་རྐང་པ་ལ་ཐུག་གི་བར་དུ་བྲབས་ནས་ལུས་ཀྱི་བགེགས་བསལ་བར་བྱའོ། །དེ་ནས། ཨོཾ་བཛྲ་ཨག་ནི་པྲ་ཏི་པ་ཏ་ཡེ་སྭཱཧཱ། ཞེས་བརྗོད་ཅིང་ཐལ་མོ་བཀན་པ་ལས་མཐེའུ་ཆུང་གཉིས་བསྣོལ་བའི་བར་དུ་སྲིན་ལག་གཉིས་གཞག །གུང་མོ་ གཉིས་གཤིབས་ཏེ་བསྒྲེངས་ལ་དེའི་ཚིགས་གསུམ་པར་མཛུབ་མོ་བཀུག་སྟེ། མཐེ་བོང་གཉིས་སྦྱར་ནས་དབུས་སུ་བཞག་པའི་ཕྱག་རྒྱ་བྱས་ལ་རྡོ་རྗེའི་གོ་བསྐོན་ནོ། །ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་བཀྱེད་ནས་རྡོ་རྗེའི་ཚུལ་དུ་བྱས་པ་རྡོ་རྗེ་གོ་ཆའི་ཕྱག་རྒྱ་དང༌། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཁ་ཀི་ལི་ཧཱུཾ་ཕཊ། ཅེས་བརྗོད་ལ་མགོ་བོ་དང་དཔུང་མགོ་གཉིས་དང་སྙིང་ག་དང་མགྲིན་པ་རྣམས་སུ་རེག་ལ་གོ་ཆ་བྱའོ། །དེ་ནས། ན་མོ་བཛྲཱ་ཡ་ཧཱུཾ་ཧ་ན་དྷུ་ན་མ་ཐ་བི་དྷྭ་ན་ས་ཡ་ཨུད་ས་རཱ་ཡ་ཕཊ། ཅེས་བརྗོད་ཅིང༌། ལག་པ་གཡོན་པའི་སོར་མོ་ 3-2-51a དབུས་མ་གཉིས་མཐེ་བོས་མནན་ལ། མཛུབ་མོ་དང་མཐེའུ་ཆུང་གདུ་བུའི་ཚུལ་དུ་བྱས་ཏེ། སོར་མོ་དབུས་མའི་ཚིགས་དབུས་མར་གཟུག །ལག་པ་གཡས་པའི་སོར་མོ་དབུས་མ་གསུམ་རྡོ་རྗེའི་ཚུལ་དུ་བྱས་ཏེ། རྐེད་པའི་ཕྱོགས་སུ་བཞག་པའི་ བགེགས་བསལ་བའི་ཕྱག་རྒྱས་སའམ་ཆུ་ལ་གཏུགས་ཏེ་བགེགས་བསལ་བར་བཤད་པས། ཐོག་མར་ས་དང་ཆུ་ལ་གཏུག་གོ། དེ་ནས། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཥྩ་ཎྜ་བཛྲ་པཱ་ཎ་ཡེ། ཨོཾ་ཧ་ན་ཧ་ན་བཛྲ་བཛྲ་ཎ་ཧ། ཞེས་པའི་སྔགས་ཀྱིས་ཆུ་ལ་གདབ་ཅིང༌། ཨོཾ་ཀཱི་ ལི་ཀཱི་ལ་བཛྲ་ཧཱུཾ་ཕཊ། ཅེས་བརྗོད་ཅིང་ལག་པ་གཡོན་པའི་མཐེ་བོས་མཐེའུ་ཆུང་གི་སེན་མོ་མནན་ལ་སོར་མོ་ལྷག་མ་རྡོ་རྗེའི་མཚན་ཉིད་དུ་བྱས་པའི་ཀཱི་ལི་ཀཱི་ལའི་ཕྱག་རྒྱས་ཆུ་ལ་གཏུགས་ནས་ཆུ་དེས་ས་ལ་བསང་གཏོར་བྱའོ། །དེ་ནས། ཨོཾ་བཛྲ་ཧ་ར་ཧཱུཾ། ཞེས་ པས་ལན་བདུན་བསྔགས་པའི་སའི་ཆ་གཅིག་བླངས་ཏེ་ཆུའི་ནང་དུ་ལྟེ་བ་ནུབ་ཙམ་དུ་ཞུགས་ནས་ཁྲུས་རས་དང་བཅས་པར་ཁྲུས་བྱའོ། །དེ་ནས་སའི་ཆ་གཉིས་པས་ལག་པ་བཀྲུས་ཏེ། ཨོཾ་ཤྲུ་ཏི་སྨྲྀ་ཏི་དྷ་རི་ནི་ཧཱུཾ་ཧ། ཞེས་བརྗོད་ཅིང་ལག་པ་གཡས་ཀྱི་ཐལ་མོ་ བཀན་པ་ལས་མཛུབ་མོ་མཐེ་བོའི་དྲུང་དུ་བཞག་ཅིང་མཐེ་བོང་ཡང་མཛུབ་མོའི་ཚིགས་དབུས་མར་བྱས་པའི་དབྱངས་ཅན་གྱི་ཕྱག་རྒྱས་ཉེ་རེག་བྱའོ། །དཔུང་བཟང་ནས་སྐབས་འདིར་ཉེ་རེག་བྱ་བར་གསུངས་ལ། སློབ་དཔོན་བྱང་ཆུབ་མཆོག་གིས་སྔགས་ རྒྱ་དེ་ཉིད་ཀྱིས་ཉེ་རེག་གི་གོ་ཆོད་པར་བཞེད་པ་འདྲའོ། །དེ་ནས་ཨོཾ་སུ་སིདྡྷི་ཀ་རི་སྭཱ་ཧཱ་ཞེས་བརྗོད་ལ་གཙུག་ཕུད་བཅིངས་ཏེ་བསྲུང་བར་བྱའོ། །སའི་ཆ་གསུམ་པ་བླངས་ཏེ་ཨོཾ་བྷཱུ་ར་ཛ་ལ་ཧཱུཾ་ཕཊ་ཅེས་བསྔགས་ཤིང་གཡས་ནས་བསྐོར་ཏེ་ཉི་མ་ལ་ 3-2-51b བསྟན་ནས་ལུས་ལ་བསྐུ་བར་བྱའོ། །དེ་ནས། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཥྩ་ཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། ན་མོ་བཛྲ་ཀྲོ་དྷ་ཡ། དཾ་ཥྚོཏ་ཀ་ཊ་བྷཻ་ར་བཱ་ཡ། ཏདྱ་ཐཱ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཁ་ཁ་ཁཱ་ཧི་ཁཱ་ཧི། ཏིཥྛ་ཏིཥྛ་བནྡྷ་བནྡྷ། ཧ་ན་ཧ་ན། གརྫ་གརྫ། བི་སྥོ་ཊཱ་ ཡ་བི་སྥོ་ཊཱ་ཡ། སརྦ་བིགྷྣཱཾ་བི་ནཱ་ཡ་ཀཱ་ན། མ་ཧཱ་ག་ཎ་པ་ཏི་ཛི་བི་ཏ་ཨནྟ་ཀ་རཱ་ཡ་སྭཱ་ཧཱ། ཞེས་པ་གདོན་ཅིང་ལག་པ་གཡས་པའི་ཐལ་མོ་བཀན་པ་ལས་གུང་མོ་དང་སྲིན་ལག་བཀུག་སྟེ་མཐེ་བོའི་རྩེ་མོས་མནན། མཛུབ་མོ་དང་མཐེའུ་ཆུང་ཅུང་ཟད་བཀུག་པའི་ ཆུ་དཀྲུག་པའི་ཕྱག་རྒྱས་ཆུ་དཀྲུག་ནས། ཨོཾ་ར་ཏེ་ར་ཏེ་བུདྡྷཱ་ཡ་སྭཱཧཱ། ཞེས་བརྗོད་ལ་ཆུ་ཁྱོར་བ་གསུམ་དཀོན་མཆོག་གསུམ་ལ་དབུལ་ལོ། །དེ་ནས། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཅེས་བརྗོད་ལ་རང་གི་མགོ་བོར་སྙིམ་པ་གསུམ་བླུག་ལ་ལག་པ་བཀྲུས་ཏེ། སྔགས་དེ་ཉིད་ཀྱིས་ ཆུ་སྙིམ་པ་གསུམ་གྱིས་བདག་ཉིད་ལ་དབང་བསྐུར་བར་བྱ་ཞིང༌། རང་གི་ལྷ་ཡིད་ཀྱིས་སྤྱན་དྲངས་ཏེ་པདྨ་ལ་བཞུགས་སུ་གསོལ་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏ་སྭཱ་ཧཱ། ཞེས་བརྗོད་ནས་སྐུ་བསིལ་ལོ། །དེ་ནས་ལྷ་ཁང་དུ་བཟླས་བརྗོད་བྱེད་ན་ཆུའི་ནང་དུ་སྔགས་ཉེར་ གཅིག་བཟླའོ། །ལེགས་གྲུབ་ཀྱི་བཟླས་བརྗོད་ཀྱི་རིམ་པར་ཕྱེ་བ་ལས། མ་བསྡམས་པའམ་མི་གཙང་བས། །གང་དག་བཟླས་བརྗོད་བྱེད་པ་ནི། །བཟླས་པའི་གྲངས་ནི་བཤད་པ་ལ། །མཁས་པས་དེ་དག་མི་སྦྱར་གྱི། །ཞེས་ཁྲུས་ལ་སོགས་པའི་གཙང་སྦྲ་མ་བྱས་པའི་ བཟླས་བརྗོད་རྣམས་བཟླས་པའི་གྲངས་ཀྱི་ཁ་སྐོང་མི་རུང་བར་གསུངས་པས་གཙང་སྦྲ་ལ་གནས་པར་བྱའོ། །ཁྲུས་རྒྱས་པ་མ་ལྕོགས་ནས་དང་ཆུས་དྲི་མ་དག་དག་ཏུ་བཀྲུས་ན་ཆོག་པར་མངོན་ཏེ། དཔུང་བཟང་གིས་ཞུས་པ་ལས། ས་ཕུང་བཤང་སྒོར་ལྔ་སྟེ་མཚན་ལ་གསུམ། ། 3-2-52a གཡོན་ལ་གསུམ་སྟེ་ལག་པ་གཉིས་ལ་བདུན། །ཡང་ན་ས་དང་ཆུ་དག་ཇི་སྲིད་དུ། །དྲི་མ་དྲི་བྲལ་དེ་སྲིད་བར་དུ་བྱ། །ཞེས་གསུངས་སོ། །དེ་ནས་ལྷའི་ཁང་པའི་དྲུང་དུ་ཕྱིན་པ་དང་རྐང་པ་བཀྲུས་ནས་ཤར་རམ་བྱང་དུ་ཁ་བལྟས་ཏེ་ཉེ་རེག་བྱས་ནས། གནས་སུ་ ཞུགས་ཏེ། ལྷ་རྣམས་མངོན་སུམ་དུ་དམིགས་ལ་ཕྱག་བྱས་ནས་དམ་ཚིག་ལ་འཇུག་པ་འདི་བཟླས་པར་བྱའོ། །ཨོཾ་བི་ར་ཛ་བི་ར་ཛ་མ་ཧཱ་བཛྲི། ས་ཏ་ས་ཏ་ས་ར་ཏ་ས་ར་ཏེ། ཏྲ་ཡི་ཏྲ་ཡི་བིརྡྷ་མ་ནི་སཾ་བྷ་ན་ཛ་ནི་ཏ་ར་མ་ཏི་སིདྡྷ་ཨ་གྲེ་ཏཾ་སྭཱཧཱ། ཞེས་སོ། །གསུམ་པ་ནི། དེ་ནས་སྤོས་ཆུ་ ལག་མཐིལ་དུ་བླུགས་ལ་སྐབས་གང་ཡིན་གྱི་རིགས་ཀྱི་སྙིང་པོ་གསུམ་གང་རུང་བཟླས་ལ་རང་གི་སྤྱི་བོར་བསང་གཏོར་བྱས་ཏེ། འབགས་པའི་སྐྱོན་ལ་སོགས་པ་བསལ་ལ། ཀུ་ཤ་ལ་སོགས་པའི་སྟན་གང་རུང་བདུད་རྩི་ཐབ་སྦྱོར་གྱིས་བསང་གཏོར་བྱས་ཏེ་གདན་ དེ་ལ་བཀྲ་ཤིས་སམ་པདྨའམ་རྡོ་རྗེ་སྐྱིལ་ཀྲུང་གང་རུང་གིས་འདུག་པར་བྱའོ། །དེ་ནས་ལག་པ་གཡས་པའི་མཁྲིག་མ་ལ་གདུ་བུ་དང༌། སྲིན་ལག་གཡས་པ་ལ་ཀུ་ཤའི་བསང་བྱེད་གདགས། ཟེའུ་ཁ་དང་སྔར་བཤད་པའི་གཙུག་ཏོར་གྱི་གཟུགས་བརྙན་བཅིང་ངོ༌། །དེ་ལ་ གདུ་བུ་ནི་བུ་མོས་བཀལ་བའི་སྐུད་པ་གྲངས་མི་མཉམ་པ་བསྒྲིལ་ནས་མདུད་པ་གྲངས་མི་མཉམ་པ་བོར་ཏེ། དབུས་སུ་རིགས་གང་ཡིན་གྱི་ཕྲེང་རྡོག་གཅིག་བཏགས་ནས་རང་རང་གི་སྔགས་བཟླས་པའོ། །ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷ་ལོ་ཙ་ནེ་སརྦ་ཨརྠ་སཱ་དྷ་ནི་ སྭཱཧཱ། ཞེས་པ་དང༌། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་ལ་ཕྱག་འཚལ་ལོ། །མཐོང་བ་དང་ནི་ཐོས་པ་དང༌། །རེག་པ་དང་ནི་དྲན་པའང་རུང༌། །བདག་ནི་སེམས་ཅན་ 3-2-52b ཐམས་ཅད་ཀྱི། །ནད་རྣམས་ཀུན་གྱི་གསོས་གྱུར་ཅིག །ཏདྱ་ཐཱ། ཀ་ཊེ་བི་ཀ་ཊེ་ཀཾ་ཀ་ཊེ་ཀ་ཊ་བི་ཀ་ཊེ། ཀཾ་ཀ་ཊེ་བྷ་ག་ཝ་ཏི་བི་ཛ་ཡེ་སྭཱཧཱ། ཞེས་པ་དང༌། ཨོཾ་ཀུ་ལནྡྷ་རི་བནྡྷ་བནྡྷ་ཧཱུཾ་ཕཊ། ཅེས་པ་ནི་རིམ་པ་བཞིན་དུ་དེ་བཞིན་གཤེགས་པ་དང་པདྨ་དང་རྡོ་རྗེའི་རིགས་ཀྱི་ གདུ་བུའི་རིག་སྔགས་ཏེ་རིགས་ཀྱི་ཡུམ་ཡིན་ནོ། །དེའི་ཕན་ཡོན་ནི་ལེགས་གྲུབ་ཀྱི་རིག་སྔགས་ཀྱི་འདུལ་བ་རིམ་པར་ཕྱེ་བ་ལས། འདི་དག་ཉིད་ཀྱིས་དེ་ལ་ནི། །བགེགས་ཀྱིས་ཟིལ་གྱིས་ནོན་མི་འགྱུར། །དེ་དག་བརྗོད་པས་མྱུར་དུ་ནི། །དངོས་གྲུབ་ཐོབ་ཅིང་ གཙང་བར་འགྱུར། །ཞེས་གསུངས་ཤིང༌། ཀུ་ཤའི་བསང་བྱེད་ཀྱང་དེ་ཉིད་ལས། རིགས་ཀྱི་སྙིང་པོ་འབྲུ་གསུམ་ལས། །སོ་སོར་བཟླས་བརྗོད་བྱས་པ་ཡིས། །ཀུ་ཤ་ཡི་ནི་བསང་བྱེད་ཀྱང༌། །སྲིན་ལག་ལ་ནི་གདགས་པར་བྱ། །ཛི་ན་ཛིཀ། ཨཱ་རོ་ལིཀ བཛྲ་དྷྲིཀ མཆོད་དང་བཟླས་བརྗོད་སྦྱིན་སྲེག་ལ། །དེ་ནི་རྟག་ཏུ་བཅང་བར་བྱ། །སྒྲུབ་པ་པོ་ནི་འབད་པ་ན། །འདིས་ནི་ལག་པ་གཙང་བར་འགྱུར། །ཞེས་གསུངས་ཏེ། གདུ་བུ་ལ་སྤོས་ཀྱིས་བྱུགས་ནས་སྔགས་བརྒྱ་བཟླ་བར་བཤད་དོ། །ཟེའུ་ཁ་དར་རམ་རས་དམར་པོ་ལས་ བྱས་པའི་ཐོད་དེ། དེ་ལ་གདབ་པའི་སྔགས་ནི་འོག་ནས་གོས་ལ་གདབ་པར་གསུངས་པའི་སྔགས་སོ། །གོས་ལ་ཡང་སྔགས་དེས་བཏབ་ནས་བགོའོ། །ཐོག་འཕོག་པའི་ཤིང་ངམ་ནིམ་པའམ་དུར་ཁྲོད་ཀྱི་མགལ་དུམ་མམ་ཙནྡན་ནམ་གཞན་ཡང་རུང་རྡོ་རྗེ་རྩེ་གསུམ་ པ་བྱས་ལ་ལེགས་པར་བཀྲུ། ཙནྡན་དམར་པོ་བསྐུས་ལ་ཁྲོ་བོ་ལེགས་གྲུབ་ཏུ་བསྐྱེད། རང་འདྲ་སྤྱན་དྲངས་ཏེ་མཆོད་པ་སོགས་བྱས་ནས། ཨོཾ་དྷུ་ན་བཛྲ་ཧཱ། ཞེས་པ་དང་པོའི་རབ་གནས་ཀྱི་དུས་ཡིན་ན་སྟོང་གཞན་གྱི་ཚེ་བདུན་བཟླས་ལ། བཅོམ་ལྡན་འདས་ 3-2-53a བདག་ལ་ཐུགས་བརྩེ་བའི་སླད་དུ་བཞུགས་ཏེ་བདག་གི་ལས་ཐམས་ཅད་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པའི་ལས་ཀྱི་རྡོ་རྗེ་མཆོད་པ་ལ་སོགས་པ་བྱེད་པའི་ཚེ་ལག་པ་གཡོན་པས་གཟུང་ངོ༌། །ཉིན་རེ་བཞིན་དུ་མཆོད་ཅིང་རང་གི་སྔགས་ ཀྱིས་ལན་བདུན་བསྔགས་པར་བྱ་སྟེ། དེ་བཅངས་པས་བགེགས་དང་ལོག་འདྲེན་དང་གནོད་པ་བྱེད་པ་རྣམས་སྐྲག་ནས་འབྲོས་པར་ལེགས་གྲུབ་ལས་གསུངས་སོ། །དེ་ནས་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་སྔོན་དུ་བཏང་ནས། རིགས་གསུམ་གྱི་ལས་ཐམས་ ཅད་པ་དང༌། ན་མོ་རཏྣ་ཏྲ་ཡཱ་ཡ་སོགས་སྔར་བཤད་པའི་བདུད་རྩི་ཐབ་སྦྱོར་གྱི་སྔགས་གང་རུང་གིས་སྤོས་ཆུ་ལ་བཟླས་ཏེ་འཐོར་ཡབ་ཀྱིས་མེ་ཏོག་ལ་སོགས་པའི་བགེགས་བསལ་བར་བྱའོ། །ཡང་རིགས་ཀྱི་བདག་པོའི་གསང་སྔགས་སམ་རིགས་ཀྱི་སྙིང་པོ་ ཛི་ན་ཛི་ཀ་ལ་སོགས་པ་སྐབས་སུ་གང་བབ་པས་བསང་བར་བྱ་སྟེ་ལག་པ་གཡོན་པར་བཞག་པའི་སྤོས་ཀྱི་ཆུས་བྱའོ། །དེ་ནས་སྔར་བཤད་པའི་བགེགས་བསལ་བའི་ཕྱག་རྒྱ་ལས་གཡོན་པའི་གུང་མོ་གཡས་ཀྱི་ལག་པའི་སོར་མོ་གསུམ་རྡོ་རྗེའི་ཚུལ་དུ་བྱས་པས་ བཟུང་བ་བྱིན་སྐྱེད་པའི་ཕྱག་རྒྱས། དྲི་དང་མེ་ཏོག་ལ་སོགས་པའི་སྟེང་དུ་བྲིམ་ཞིང་བྱིན་སྐྱེད་པའི་སྔགས་བཟླས་པས་མཆོད་པ་རྣམས་ཕུལ་དུ་བྱུང་བའི་ལྷ་རྫས་སུ་གྱུར་པར་བསམ་མོ། །ཨོཾ་ཏེ་ཛཿཏེ་ཛཿས་ནི་སིདྡྷི་སཱ་དྷ་ཡ་ཧཱུཾ་ཕཊ། ཅེས་པ་དང༌། ཨོཾ་དི་བྱ་དི་བྱ་དྷི་བ་ ཡ། ཨ་བེ་ཤ་མ་ཧཱ་ཤྲཱི་ཡ་ཡེ་སྭཱཧཱ། ཞེས་པ་དང༌། ཨོཾ་ཛྭ་ལ་ཛྭ་ལ་ཡ་བནྡྷ་རྀ་ཧཱུཾ་ཕཊ། ཅེས་པ་རྣམས་རིམ་བཞིན་དུ་རིགས་གསུམ་གྱི་སྔགས་སོ། །དེ་ནས་སྔར་བཤད་པའི་བདུད་རྩི་ཐབ་སྦྱོར་གྱི་སྔགས་ཀྱིས་བྱིན་གྱིས་བརླབས་ལ་རིགས་ཀྱི་སྙིང་པོ་སྐབས་སུ་ 3-2-53b གང་བབ་པ་བཟླ་བར་བྱའོ། །བཞི་པ་ནི། དེ་ནས་སྔར་བཤད་པའི་ལུས་ཀྱི་བགེགས་བསལ་བའི་སྔགས་རྒྱ་བྱ་བའམ་ཡང་ན་ཅི་ཤེས་པས་བདག་ཉིད་བསྲུངས་ནས་རིགས་གསུམ་གྱི་ལས་ཐམས་ཅད་པའི་སྔགས་དང༌། བདུད་རྩི་ཐབ་སྦྱོར་གྱི་སྔགས་ན་མོ་རཏྣ་ཏྲ་ཡཱ་ཡ་ནས་ མྲྀ་ཏེ་ཧཱུཾ་ཕཊ་ཅེས་པའི་བར་གང་རུང་གིས་སྤོས་ཆུ་ལ་བཟླས་ནས་བདག་ལ་གཏོར་ལ་བགེགས་བསལ་བར་བྱའོ། །ཨོཾ་ཏྲཾ་བནྡྷ་སྭཱཧཱ། ཞེས་པ་དང༌། ཨོཾ་ན་མོ་མ་ཧཱ་ཤྲཱི་ཡཱ་ཡཻ། སཽ་མེ་སིདྡྷི་སིདྡྷི་སཱ་དྷ་ཡ། ཤི་བི་ཤི་བཾ་ཀ་རི། ཨ་བྷ་ཧ། སརྦ་ཨརྠ་སཱ་དྷ་ནི་སྭཱཧཱ། ཞེས་པ་དང༌། ཨོཾ་ཨ་ ཀཱི་ལི་ཀཱི་ལ་བཛྲ་ཧཱུཾ་ཕཊ་ཅེས་པ་ནི་རིམ་པ་བཞིན་དུ་དེ་བཞིན་གཤེགས་པ་ལ་སོགས་པ་རིགས་གསུམ་གྱི་ལས་ཐམས་ཅད་པའི་སྔགས་སོ། །དེ་ནས་གནས་བསྲུང་བའི་དོན་དུ་བསྲུང་བའི་འཁོར་ལོ་བསྒོམ་སྟེ། ཨོཾ་ཀཱི་ལི་ཀཱི་ལ་བཛྲི་བཛྲི་བྷཱུ་ར་བནྡྷ་བནྡྷ་ཧཱུཾ་ཕཊ། ཅེས་པ་ འདིས་སྤོས་ཆུ་ལ་ལན་བདུན་བཟླས་ཏེ་ཕྱོགས་ཀུན་ཏུ་བསང་གཏོང་བྱ་ཞིང༌། ལག་པ་གཉིས་ཀྱི་གུང་མོ་དང་སྲིན་ལག་རྣམས་ཕན་ཚུན་གདུ་བུ་ལྟར་བྱས་ལ་སོ་སོའི་དྲུང་དུ་རྩེ་མོ་སྦྱར་ཏེ་མཐེའུ་ཆུང་དང་མཛུབ་མོ་གཉིས་གཤིབས་ཏེ་བསྒྲེངས། མཐེ་བོང་ཕུར་བུའི་ ཚུལ་དུ་བྱས་ཏེ་ས་ལ་བཙུགས་པ་ཕུར་བུའི་ཕྱག་རྒྱ་བྱ་ཞིང༌། བཤད་མ་ཐག་པའི་སྔགས་བཏོན་ནས་བགེགས་རྣམས་ལ་ཁྲོ་བོ་རྡོ་རྗེ་ཕུར་བུས་བཏབ་པས་གཡོ་འགུལ་མེད་པར་བསམ་མོ། །ཨོཾ་སུ་སིདྡྷི་ཀ་ར་ཛྭ་ལི་ཏ། ཨ་ནནྟ་མུརྟ་ཡེ་ཛྭ་ལ་ཛྭ་ལ་བནྡྷ་བནྡྷ་ ཧ་ན་ཧ་ན་ཧཱུཾ་ཕཊ། ཅེས་བཟླས་པའི་བདུག་པས་བདུགས་ཏེ་སྟེང་གི་ལྷ་རྣམས་བཅིངས་པར་བསམ་མོ། །སྔགས་དེ་ནི་རིགས་གསུམ་གྱི་སྤྱིའི་ཡིན་ནོ། །དེ་བཞིན་གཤེགས་པའི་རིགས་ལ། ཨོཾ་ཛྭ་ལ་ཧཱུཾ་དང༌། པདྨའི་རིགས་ལ། ཨོཾ་པདྨ་ནི་བྷ་ག་ཝ་ཏི་མོ་ཧ་ཡ་ 3-2-54a མོ་ཧ་ཡ། ཛ་གད་མོ་ཧ་ནི་སྭཱཧཱ། ཞེས་གསུངས་ནས་རྒྱུད་དང་མངོན་རྟོགས་གཉིས་ཀ་ནས་རྡོ་རྗེའི་རིགས་ལ་ལོགས་པ་མི་སྣང་ངོ༌། །དེ་ནས་རིགས་ཀྱི་སྙིང་པོ་གང་ཡིན་བཟླས་པའི་སྤོས་ཆུས་ཁོ་ར་ཁོར་ཡུག་ཏུ་གཏོར་ལ། བྷཱུཾ་ཨོཾ་ཨ་མྲྀ་ཏོདྦྷ་བ་ཨུཏྦྷ་བ་ཧཱུཾ་ ཕཊ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཥྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ། གྲྀཧྞ་གྲྀཧྞ་ཧཱུཾ། གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ་བྷ་ག་ཝཱན་བིདྱཱ་རཱ་ཛ་ཧཱུཾ་ཕཊ་སྭཱཧཱ། ཞེས་པའི་སྔགས་ཀྱིས་ཕྱོགས་ཀྱི་བགེགས་ཐམས་ཅད་བཅིངས་པར་བསམ་ མོ། །དེ་ནི་རིགས་གསུམ་གྱི་རིག་པའི་རྒྱལ་པོའི་གསང་སྔགས་སོ། །དེ་ནས་ཕུར་བུའི་ཕྱག་རྒྱ་ལས་མཐེ་བོང་གཉིས་གྱེན་དུ་བསྒྲེང་བར་བའི་ཕྱག་རྒྱ་བྱས་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཥྩ་ཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། ཏདྱ་ཐཱ། ཨོཾ་ས་ར་ས་ར་བཛྲ་པྲ་ཀ་ ར་ཧཱུཾ་ཕཊ། ཅེས་བརྗོད་པས་རྡོ་རྗེའི་ར་བས་བར་མཚམས་མེད་པར་བསྐོར་བར་བསམ་མོ། །ར་བའི་ཕྱག་རྒྱ་ཉིད་ཁ་ཐུར་དུ་བསྟན་ནས་བསྐོར་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཥྩ་ཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། ཨོཾ་བི་སྥུ་རཀྵ་བཛྲ་པཱ་ཎི་ཧཱུཾ་ཕཊ། ཅེས་པས་རྡོ་རྗེ་རྭ་བའི་ སྟེང་ནས་རྡོ་རྗེའི་དྲ་བ་སྟེ་གུར་བྱུང་བར་བསམ་མོ། །དེ་ནས་སྔར་བཤད་པའི་བདུད་རྩི་ཐབ་སྦྱོར་དང་ཀཱི་ལི་ཀཱི་ལའི་སྔགས་དང་ཕྱག་རྒྱས་དེ་རྣམས་བྱིན་གྱིས་བརླབ་སྟེ། ལེགས་གྲུབ་ལས། ཁང་པའི་ཁོ་ར་ཁོར་ཡུག་ཏུ་ར་བ་དང་དྲ་བ་དང་ཕུར་བུ་ལ་ཁྲོ་བོ་དེ་གཉིས་ རྟག་ཏུ་སྦྱར་བར་བཤད་དོ། །དེ་ནས་ཁུ་ཚུར་བཅིངས་ཏེ་མཐེ་བོས་སེན་མོ་རྣམས་མནན་ལ་མཛུབ་མོ་ཕྱུང་ནས་དབུས་ནས་བསྐོར་ཞིང༌། ན་མཿས་མནྟ་བཛྲ་ཎཱཾ། ཨོཾ་ཏ་ར་ཏ་ར། ཏུ་རུ་ཏུ་རུ། མ་ཊ་མ་ཊ། བནྡྷ་བནྡྷ། སརྦ་ཏྲ་ཨ་པྲ་ཏི་ཧ་ཏེ། ས་སི་མེ་ས་མ་བནྡྷ། ཀུ་རུ་ཀུ་རུ་ 3-2-54b ཏ་ར་ཏ་ར་ས་མནྟ་བཛྲེ། ས་མནྟ་བཛྲེ། ཀུ་རུ་ཨ་མ་ལེ་ཀུ་རུ་ཎ། མ་ཡེ་ཏུ་ཏ་ཡེ་ཏུ་ཏ་ཡེ། བ་ར་བ་ར། ཀ་ར་ཀ་ར། སུ་མི་མ་ས་མནྟ། བིདྷྭ་ན་ས་ཡེ་ཛྭ་ལཱ་ཡ་སྭཱཧཱ། ཞེས་པས་ར་བའི་ཕྱོགས་ཐམས་ཅད་མེ་དཔུང་འབར་བར་ཁྱད་པར་བསམས་ལ་མཚམས་བཅིང་ངོ༌། ། གཉིས་པ་ལ་གཉིས། བཟླས་བརྗོད་ཀྱི་ཡག་ལག་གི་བསམ་གཏན་དང༌། དེ་ལ་བརྟེན་ནས་བཟླས་བརྗོད་ཇི་ལྟར་བྱ་བའོ། །དང་པོ་ནི། བསམ་གཏན་ཕྱི་མ་ལས། ལྷ་ཡི་སྐུ་ཡི་གནས་དེ་ལ། །དང་པོ་ཁོ་ནར་མཆོད་ནས་ནི། །རྣལ་འབྱོར་གནས་བཅས་ཤེས་རབ་ཅན། །བདེར་ གཤེགས་མདུན་དུ་བསམས་ནས་ནི། །ཞེས་དང་པོར་ལྷ་ལ་མཆོད་ནས་དེའི་འོག་ཏུ་རང་ལྷར་སྐྱེད་པ་བཤད་ལ། འགྲེལ་པ་ལས། མཆོད་པ་མཚོན་བྱེད་ཙམ་ཡིན་པས་གཙང་སྦྲ་བྱ་བ་དང་བདག་དང་གནས་བསྲུང་བ་དང་ལྷ་སྤྱན་དྲངས་པ་སོགས་ཀྱང་བྱ་དགོས་ཏེ། དེ་དག་མ་བྱས་པར་ལྷ་ མཆོད་པའི་སྐབས་མེད་པའི་ཕྱིར་རོ། །གཙང་སྦྲ་སོགས་དེ་དག་ཀྱང་ཐམས་ཅད་ལ་ཤེས་པར་བྱའོ། །ཞེས་བཤད་པས། སངས་རྒྱས་གསང་བ་ནི་རིམ་པ་དེ་ལྟར་བཞེད་ལ། ལེགས་གྲུབ་ཀྱི་མངོན་རྟོགས་ལས་སྔོན་དུ་རང་ཉིད་ལྷར་སྐྱེད། དེ་ནས་ལྷ་སྤྱན་དྲངས་ནས་མཆོད་པ་སོགས་ བྱེད་པར་བཤད་དེ། སྒོམ་པའི་རིམ་པ་ལ་སྔ་མ་བདེ་བར་སྣང་ཡང་འདིར་ནི་བྱང་ཆུབ་མཆོག་གི་གཞུང་ལ་ཤས་ཆེར་བརྟེན་པས་ཕྱི་མ་བཞིན་དུ་བཤད་པར་བྱའོ། ། འདི་ལ་གཉིས། རང་ཉིད་ལྷར་སྐྱེད་པ་དང༌། མདུན་དུ་ཡེ་ཤེས་པ་སྤྱན་དྲངས་པ་ལ་མཆོད་པ་སོགས་སོ། །དང་པོ་ ནི། དེ་ནས་ལུས་དྲང་པོར་བསྲངས་ཏེ་བཞག་ལ། དབང་པོ་ཡུལ་གྱི་ཁྱད་པར་དག་ལས་ནང་དུ་བཟློག་སྟེ་མགྲིན་པ་རྨ་བྱ་ལྟར་བྱས་ནས་དབུགས་ཕྱི་ནང་དུ་རྒྱུ་བ་དལ་བུས་དབྱུང་ཞིང༌། མིག་ཅུང་ཟད་ཙམ་ཕྱེ་སྟེ་སྣའི་རྩེ་མོར་གཏད་ཅིང་སོས་སོ་མནན་ནས་ལྕེ་རྐན་ལ་སྦྱར་ཏེ་ 3-2-55a སེམས་ཅན་གྱི་ཚོགས་མ་ལུས་པ་ལ་དམིགས་ནས། དེ་དག་སྡུག་བསྔལ་ལས་བསྒྲལ་བར་བྱ་བའི་ཁུར་འཁྱེར་བའི་སྙིང་རྗེ་ཆེན་པོ་བསྐྱེད་ནས། དེ་རྣམས་ཀྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱའོ་སྙམ་པའི་བྱང་ཆུབ་ཀྱི་སེམས་འབད་ནས་ བསྐྱེད་དེ་བསོད་ནམས་ཀྱི་ཚོགས་གསག་པར་བྱ་སྟེ། སེམས་དེ་ལ་གནས་ནས་དགེ་བ་བསྒྲུབས་པ་ཐམས་ཅད་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་འདྲེན་པར་བྱེད་ཅིང༌། དེས་བྱིན་གྱིས་བརླབས་པའི་དགེ་བ་དག་ནི་འཁོར་བ་ན་ཡང་བདེ་བ་མཐའ་ཡས་པ་འདྲེན་པར་ བྱེད་པའི་ཕྱིར་རོ། །དེ་ནས་དོན་དམ་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པ་ནི། བསམ་གཏན་ཕྱི་མ་ལས། ཕྱི་ནས་ཡན་ལག་རྣམ་གྲོལ་བ། །མི་འབྱེད་འབྱེད་པ་རྣམ་པར་སྤངས། །ཕྲ་བ་མི་གཡོ་གསལ་བ་སྟེ། །བློ་ཡི་དཔྱོད་པ་མདུན་ན་གནས། །ཞེས་པས་སྟོན་ནོ། །མུ་ སྟེགས་ཀྱིས་ཀུན་བཏགས་པའི་བདག་ནི་ཐ་སྙད་དུ་ཡང་མེད་པས། ཕུང་པོ་ལྔ་པོ་འདི་ཙམ་ལ་བདག་ཅེས་བཏགས་པ་ཙམ་མོ། །དེ་འདྲ་བའི་བདག་གི་དེ་ཁོ་ན་ཉིད་ནི་འདི་འདྲར་བྱས་ཞེས་དྲངས་སོ། །དུས་ནི་ལྷ་སྤྱན་དྲངས་པ་ལ་མཆོད་པ་སོགས་བྱས་པའི་ཕྱི་ནས་སོ། ། ཇི་འདྲ་བར་བྱས་པ་ནི། དོན་དམ་པ་ལ་བརྟེན་པའི་རྣམ་པར་དཔྱོད་པས་དཔྱད་ན་གཞན་རྒྱུད་ཀྱི་མིག་ལ་སོགས་པའི་ཤེས་པས་མི་འབྱེད་པ་སྟེ་མི་འཛིན་ཅིང༌། བདག་དེས་ཀྱང་ཡུལ་གཞན་འབྱེད་པ་སྟེ་འཛིན་པ་རྣམ་པར་སྤངས་ཏེ། དོན་དམ་པར་ན་མིག་ལ་སོགས་ པའི་ཡན་ལག་རྣམས་རྣམ་པར་གྲོལ་བ་སྟེ་མ་གྲུབ་པའི་ཕྱིར་རོ། །དེས་ནི་གཟུང་འཛིན་བདེན་པ་བ་བཀག་པས་གཉིས་ཀྱིས་སྟོང་པ་སྟེ་བདག་ཉིད་འདི་འདྲར་བྱས་པའོ། །དེ་ལྟ་ནའང་རྨི་ལམ་གྱི་ཤེས་པ་དང་འདྲ་བར་ནང་གི་འཁྲུལ་བའི་དབང་གིས་དོན་དུ་སྣང་བ་ 3-2-55b འདི་སུས་འགོག་ནུས་སྙམ་ནས་གཉིས་སྟོང་གི་ཤེས་པ་བདེན་པར་རྟོག་ན། དེ་ལ་ཡང་རང་བཞིན་མེད་པ་ནི་ཤིན་ཏུ་ཕྲ་བས་ན་ཕྲ་ཞེས་གསུངས་སོ། །དེས་ནི་བདག་གི་དོན་དམ་པའི་དེ་ཁོ་ན་ཉིད་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བ་བསྟན་ནས། དེ་སྒོམ་པའི་ཚུལ་ནི་མི་གཡོ་ ཞེས་པའི་རྐང་པ་ཕྱེད་དང་གཉིས་ཀྱིས་སྟོན་ཏེ་འདི་འོག་ཏུ་བཤད་པར་བྱའོ། །བྱང་ཆུབ་མཆོག་ཀྱང་སངས་རྒྱས་གསང་བས་བཤད་པ་དང་དོན་འདྲ་བར་སྣང་ངོ༌། །དེ་ལྟར་བདག་གི་དེ་ཁོ་ན་ཉིད་དོན་དམ་པར་སྤྲོས་པ་ཐམས་ཅད་དང་བྲལ་བ་ཇི་ལྟར་ཡིན་པ་དེ་བཞིན་དུ་ལྷའི་དེ་ཁོ་ན་ ཉིད་ཀྱང་དེ་ལྟར་ཡིན་པས། དེ་གཉིས་ཆུ་དང་འོ་མ་འདྲེས་པ་བཞིན་དུ་དབྱེར་མི་ཕྱེད་པ་རྣམ་པར་མི་རྟོག་པའི་སྣང་བའི་སྒོ་དེ་ཉིད་དུ་བདག་དང་ལྷ་གཉིས་གཅིག་པར་ང་རྒྱལ་བྱས་ཏེ། སྣང་བ་མེད་པར་རང་གིས་རིག་པ་ཤིན་ཏུ་ངེས་པར་གྱུར་པ་དེ་སྲིད་དུ་བསམ་གཏན་བྱ་སྟེ་དོན་དམ་ པའི་ལྷའོ། །དེ་ལྟར་གང་ཟག་དང་ཆོས་ཀྱི་བདག་མཐའ་དག་གིས་སྟོང་པའི་སྟོང་པ་ཉིད་སྒོམ་པ་ནི། རྒྱུད་སྡེ་གཞན་ནས་ལྷ་སྒོམ་པའི་སྔོན་དུ་སྭ་བྷཱ་ཝཱ་ལ་སོགས་པའི་སྔགས་བརྗོད་ནས་དེའི་དོན་སྒོམ་པ་དང་གནད་གཅིག་གོ། དེ་ལས་ལངས་ནས་སྐབས་ཀྱི་ལྷ་གང་ཡིན་པ་དེའི་ སྔགས་ཀྱི་གདངས་ཀྱི་རྣམ་པར་གྲག་པར་དམིགས་པ་ནི་སྒྲའི་ལྷ་སྟེ། ལེགས་གྲུབ་ཀྱི་མངོན་རྟོགས་ལས་འདི་མ་བྱུང་ཞིང་མཚམས་འདིར་སེམས་དེ་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་སྒོམ་པར་བཤད་དེ། དེ་ལ་སློབ་དཔོན་གཉིས་ཀ་འདྲའོ། །དེ་ལས་སྐབས་ཀྱི་སྔགས་གང་ཡིན་ པ་ཡིག་འབྲུ་བྲིས་པའི་རྣམ་པ་ཅན་དུ་ནམ་མཁའ་ལ་སྣང་བར་བསམ་སྟེ། དེ་ཡང་ཤིན་ཏུ་དག་པའི་དངུལ་ཆུ་གསེར་གྱི་བྱེ་མ་ལ་ཞེན་པ་ལྟར་བདག་དང་ལྷའི་དེ་ཁོ་ན་ཉིད་དབྱེར་མེད་པའི་རྣམ་པ་ཅན་གྱི་སེམས་ཟླ་བའི་དཀྱིལ་འཁོར་དུ་གྱུར་པའི་སྟེང་དུ་གོ་རིམ་བཞིན་དུ་ 3-2-56a འཁོད་པར་བསམ་པ་ནི་ཡི་གེའི་ལྷའོ། །འདིར་ལེགས་གྲུབ་ཀྱི་མངོན་རྟོགས་ལས་བཟླས་པ་བྱ་རྒྱུའི་སྔགས་ལ་བཤད་པ་ཙམ་མ་གཏོགས་པ་སློབ་དཔོན་གཉིས་ཀས་གསལ་ཁ་མ་མཛད་ཀྱང༌། དེ་བཞིན་གཤེགས་པའི་རིགས་རྣམ་རྒྱལ་གྱི་ སྔགས་སྒྲུབ་ཐབས་རྒྱ་མཚོ་ལས་བཤད་པའི། ཨོཾ་བྷྲུཾ་སྭཱ་ཧཱ། ཞེས་པ་དང༌། འོད་ཟེར་ཅན་ཡིན་ན། ཨོཾ་མཱ་རི་ཙྱེ་མཾ་སྭཱ་ཧཱ། ཞེས་པ་སོགས་པ་སྔགས་ཐུང་བས་ཀྱང་ཆོག་པར་མངོན་ནོ། །དེ་བཞིན་དུ་པདྨའི་རིགས་སྤྱན་རས་གཟིགས་ལ་སོགས་པ་དང༌། རྡོ་རྗེའི་རིགས་རྣམ་འཇོམས་ ལ་སོགས་པ་ལ་ཡང་ཤེས་པར་བྱའོ། །དེ་ནས་ཟླ་བ་ལས་འོད་ཟེར་སྤྲོ་བ་ཙམ་ལས་སངས་རྒྱས་གསང་བས་མ་གསུངས་ཀྱང༌། བྱང་ཆུབ་མཆོག་གིས་བཤད་པ་ལྟར་ཟླ་བ་སྔགས་དང་བཅས་པ་ལས་འོད་ཟེར་སྣ་ཚོགས་བྱུང་བའི་རྩེ་མོ་ལ་གང་བསྒོམ་པར་བྱ་བའི་ལྷའི་ གཟུགས་བྱུང་ནས་ནམ་མཁའི་དབྱིངས་ཐམས་ཅད་ཁྱབ་པར་བྱས། རྒྱལ་བ་ཐམས་ཅད་ལ་མཆོད་པའི་སྤྲིན་ཆེན་པོ་སྤྲུལ་པས་ལེགས་པར་མཆོད། གཞན་ཡང་སྤྲིན་ཆེན་པོ་སྤྲུལ་པ་ལས་བདུད་རྩིའི་ཆར་རྒྱུན་བབ་པས་དམྱལ་བའི་མེ་རྣམས་ཞི་ཞིང་དེ་རྣམས་ཚིམ་པར་ བྱས་ནས། ལྷའི་སྐུ་དང་བཅས་པའི་འོད་ཟེར་སླར་ལོག་ནས་རང་གི་སེམས་ཟླ་བའི་དཀྱིལ་འཁོར་ལ་ཞུགས་པ་ལས་སྐབས་ཀྱི་ལྷ་གང་ཡིན་དུ་བསྒོམས་ལ། རང་དང་ཐ་མི་དད་པའི་ང་རྒྱལ་བྱ་བ་ནི་གཟུགས་ཀྱི་ལྷའོ། །དམྱལ་བའི་སྡུག་བསྔལ་ཞི་བར་བྱས་པ་ནི་མཚོན་པ་ ཙམ་དུ་བྱས་ནས་སེམས་ཅན་གཞན་ལ་ཡང་སྦྱར་དུ་རུང་ངོ༌། །དེ་ནས་ཕྱག་རྒྱའི་ལྷ་ནི། བསམ་གཏན་ཕྱི་མའི་འགྲེལ་པ་ལས། དེ་ལས་ཀྱང་ལངས་ནས་འཚོགས་མ་དང་སྤྱི་གཙུག་ལ་སོགས་པའི་ཕྱག་རྒྱ་རྣམས་ཀྱིས་ཡན་ལག་དང་བཅས་པར་བྱས་ལ། ཞེས་གསུངས་ 3-2-56b པ་ལྟར་ན་འདི་དག་གི་རྒྱུད་སོ་སོ་ནས་གཙུག་ཏོར་དང་མཛོད་སྤུ་དང་སྤྱན་ལ་སོགས་པའི་ཕྱག་རྒྱ་བཅིངས་ནས་སྔགས་བརྗོད་པར་གསུངས་པ་ལྟར། སྔགས་རྒྱ་རྣམས་ཀྱིས་གནས་དེ་དག་ཏུ་གཏུགས་ནས་རིགས་གསུམ་པོ་གང་སྐབས་སུ་བབ་པའི་ལྷ་དེའི་གཙུག་ཏོར་སོགས་ བྱིན་གྱིས་རློབ་པ་སྟེ། རྒྱུད་སྡེ་གཞན་ནས་མིག་ལ་སོགས་པ་བྱིན་གྱིས་རློབ་པའི་དོད་དོ། དེ་ལྟར་མ་གྲུབ་ན་བྱང་ཆུབ་མཆོག་གིས། དེ་ནས་རང་གི་ལྷ་ཉིད་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས་སྙིང་ག་དང་སྨིན་མཚམས་དང་མགྲིན་པ་དང་དཔུང་མགོ་རྣམས་སུ་བྱིན་གྱིས་བརླབ་ བོ། །ཞེས་གསུངས་པས། སྔར་བཤད་པའི་རིགས་གསུམ་པོའི་དམ་རྒྱ་དང་སྔགས་ཀྱིས་བྱ་སྟེ། རྣམ་རྒྱལ་དང་གདུགས་དཀར་དང་འཇམ་དབྱངས་ལྟ་བུ་ལ་དེ་བཞིན་གཤེགས་པའི་རིགས་ཀྱི་སྔགས་རྒྱས་བྱ་བ་སོགས་སོ་སོར་ཤེས་པར་བྱའོ། །ལྷ་དྲུག་པ་ལ་ནི། བསམ་གཏན་ ཕྱི་མའི་འགྲེལ་པ་ལས་ཀུན་རྫོབ་པའི་ཏིང་ངེ་འཛིན་རྣམ་པ་དང་བཅས་པ་ཞེས་པ་དང༌། རྣམ་པར་རྟོག་པ་དང་བཅས་པའི་ལྷ་ཞེས་ཀྱང་གསུངས་ལ། གཞན་ནས་མཚན་མའི་ལྷ་ཞེས་ཀྱང་གསུངས་ཏེ། བསྐྱེད་ཟིན་པའི་ལྷ་དེ་ཉིད་སྒོམ་པ་ལ་བྱའོ། །དེ་ལྟར་ལྷ་དྲུག་གིས་བསྒོམ་པ་ནི། བསམ་གཏན་ཕྱི་མ་ལས། བདག་ཉིད་འདི་འདྲར་བྱས་ནས་ནི། །སྔགས་ཀྱི་རྣམ་པར་ཤེས་པས་བསྒོམ། །ཞེས་གསུངས་པའི་དོན་དུ་འགྲེལ་ཏེ། སྔགས་ཀྱི་རྣམ་པར་ཤེས་པ་ནི། གསང་སྔགས་རྣམ་པ་དྲུག་ཅེས་པ་ལྷ་དྲུག་གོ། དེས་སེམས་རྒྱུད་ལ་བསྒོས་པ་ལ་དེ་བསྒོམ་ཞེས་ གསུངས་པར་འཆད་དོ། །རྣམ་འཇོམས་ཀྱི་རྒྱུད་རྒྱས་པ་ལས་གསལ་བར་གསུངས་པ། སངས་རྒྱས་གསང་བའི་རྣམ་འཇོམས་ཀྱི་འགྲེལ་པ་ལས། དང་པོ་ཁྲུས་བྱས་རྣལ་འབྱོར་པས། །རྡོ་རྗེ་གདན་ལ་གནས་ནས་ནི། །མཆོད་དང་གསོལ་བས་ལྷ་དྲུག་བསྒོམ། །སྟོང་པ་ཡི་གེ་ 3-2-57a སྒྲ་གཟུགས་དང༌། །ཕྱག་རྒྱ་མཚན་མ་དྲུག་ཡིན་ཏེ། །ཞེས་དྲངས་ཤིང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཞུགས་པ་སྟོང་པ་ཉིད་ལ་སོགས་པའི་བྱང་ཆུབ་པ་དྲུག་གིས་བདག་ཕྱག་ན་རྡོ་རྗེར་བྱ་བ་དང༌། ཞེས་གསུངས་ཏེ། རྒྱུད་གཞན་ནས་བྱང་ཆུབ་པ་ལྔས་ ལྷ་སྐྱེད་པའི་དོད་དོ། །ཚུལ་འདི་ཡང་བསམ་གཏན་ཕྱི་མའི་འགྲེལ་པ་ལས། འདི་ནི་རེ་ཞིག་སྤྱིའི་གསང་སྔགས་ཀྱི་རྣམ་པར་ཤེས་པ་སྒོམ་པའི་རིམ་པའོ། །གང་ཁ་ཅིག་ཏུ་རྣམ་པ་གཞན་དུ་གསུངས་པ་དེ་དག་ཏུ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །ཞེས་བྱ་རྒྱུད་པའི་ལྷའི་རྣལ་འབྱོར་ གྱི་བསྐྱེད་ཆོག་འདི་དང་འདྲ་མི་འདྲ་ཐམས་ཅད་ལ་སྦྱོར་བར་བཞེད་དོ། །དེ་ལ་ལྷ་དྲུག་སྒོམ་པ་ནི་གཉིས་ཏེ། ལྷ་དྲུག་རིམ་པ་བཞིན་དུ་སེམས་པ་དང༌། ལྷའི་སྐུ་མདོག་ཕྱག་མཚན་རིམ་པ་བཞིན་དུ་སེམས་པ་དམིགས་པ་དུ་མ་ལ་རྣམ་པ་དུ་མས་འཇུག་པ་ནི། བསམ་གཏན་གྱིས་ སྒོམ་པའོ། །བསམ་གཏན་གྱིས་ཇི་ལྟར་བསམས་པའི་ལྷའི་སྐུ་དེ་ལ་རྣམ་པ་མང་པོར་མི་སེམས་པར་རྣམ་པ་གཅིག་གི་སྒོ་ནས་གནས་པ་ནི། ཏིང་ངེ་འཛིན་གྱིས་སྒོམ་པ་སྟེ། ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་པར་བཤད་པའི་ཕྱིར་རོ། །དེ་ཡང་བསམ་གཏན་ཕྱི་མ་ལས། སྔགས་ཀྱི་རྣམ་པར་ཤེས་པས་བསྒོམ། །བསྡམས་ནས་ཏིང་ངེ་འཛིན་ལ་གནས། །སྲོག་དང་རྩོལ་བ་རབ་ཏུ་བསྡམ། །ཞེས་གསུངས་པའི་རྐང་པ་དང་པོ་དང༌། ཏིང་འཛིན་ལ་གནས་ཞེས་པ་གཉིས་ཀྱིས་སྒོམ་ཚུལ་གཉིས་བསྟན་ཅིང༌། ལྷག་མས་ཏིང་ངེ་འཛིན་གྱིས་སྒོམ་ པའི་སྐབས་སུ་སྲོག་རྩོལ་སྡོམ་པ་གསུངས་སོ། །དེའི་རིམ་པ་ནི་འདི་ཡིན་ཏེ། སྔར་བཤད་པ་ལྟར་གྱི་ལུས་གནད་དང་ལྡན་པར་བྱས་ཏེ་རྟོག་པ་གཞན་དུ་མ་ཡེངས་པར་གཟུགས་ཀྱི་ལྷའི་བར་དུ་རིམ་པ་བཞིན་དུ་བསྒོམས་ནས། རང་ལྷར་གསལ་བའི་ང་རྒྱལ་གཟུང་བ་ 3-2-57b སྔོན་དུ་བྱའོ། །དེ་ནས་མིག་དང་རྣ་བ་དང་སྣ་དང་ཁ་དང་ལྟེ་བ་དང་ཕོ་མོའི་དབང་པོ་དང༌། མི་གཙང་བའི་བུ་ག་དང་སྐྲ་དང་བ་སྤུའི་བུ་ག་ནས་འབྱུང་འཇུག་བྱེད་པའི་རླུང་ནི་སྲོག་ཡིན་ལ། རྩོལ་བ་ནི་དམིགས་པ་གཞན་དྲན་ནས་དེ་ལ་གཡེང་བའི་དྲན་པ་ཡིན་པས། དེ་གཉིས་བསྡམས་ སྟེ་འདི་ལྟར་དབུགས་འབྱུང་འཇུག་འགོག་པ་གྱེན་དུ་འདྲེན་པའི་རླུང་གིས་རུས་སྦལ་གྱི་ཡན་ལག་སྐུམ་པ་དང་ལྕེས་ཆུ་བཏུང་བའི་ཚུལ་བཞིན་དུ་ལུས་ཐམས་ཅད་ཀྱི་དབུགས་རྒྱུ་བ་དང༌། མཉམ་པར་མ་བཞག་པའི་ཡིད་རང་དགར་དབང་པོའི་གྲོང་ནས་རབ་ཏུ་རྒྱུ་བ་རྣམས་ནང་དུ་ བསྡུས་ཏེ། དེ་ལྟ་ནའང་ཕུག་གི་ནང་ན་གནས་པའི་མི་ཕྱི་རོལ་ཏུ་ལྟ་བ་བཞིན་དུ་མིག་ཟམ་ཟིམ་དུ་བྱས་ཤིང་གདོང་ཅུང་ཟད་བསྟོད་དེ་རང་ལྷར་གསལ་བའི་སྐུ་ལ་དམིགས་ལ་རྩེ་གཅིག་ཏུ་མཉམ་པར་གཞག་པར་བྱའོ། །སྲོག་རྩོལ་གྱི་དོན་དེ་ལྟར་ཡིན་པར་སྔར་དྲངས་ པའི་རྣམ་སྣང་མངོན་བྱང་གིས་འགྲུབ་ལ། ཡང་ན་སྲོག་སྔར་དང་འདྲ་ཞིང་རྩོལ་བ་ནི་འབྱུང་འཇུག་བཀག་ནས་རྒྱུ་བ་རྒྱུན་བཅད་པའོ། །དེ་འདྲ་བ་དེ་ནུས་པ་ཅི་ཡོད་ཀྱིས་གཟུང་བར་བྱ། མི་ནུས་པ་ན་དལ་བུས་བཏང་སྟེ་བག་ཡངས་སུ་བྱ་ལ་རང་ལྷར་གསལ་བ་ལ་བལྟ་ཞིང་དེ་ ནས་ཡང་སྔར་བཞིན་དུ་བྱའོ། །བསྒོམས་པས་དུབ་པ་ངལ་གསོ་བའི་ཚུལ་ནི་འཆད་པར་འགྱུར་རོ། །འདིར་ལྷའི་སྐུ་གསལ་བར་སྣང་བ་ལ་སེམས་ཡུན་རིང་དུ་གནས་པའི་ཏིང་ངེ་འཛིན་སྐྱེད་དགོས་ལ། སེམས་ཀྱི་རྟ་རླུང་ཡིན་པས་དེ་བཟུངས་ན་སེམས་དམིགས་པ་གཅིག་ ལ་གཟུང་སླ་བ་ལ་དགོངས་ནས་རླུང་འཛིན་པ་ཡིན་པར་བསམ་གཏན་ཕྱི་མའི་འགྲེལ་པ་ལས་གསུངས་ཏེ། སེམས་རྒྱལ་པོ་དྲན་པ་དང་ཏིང་ངེ་འཛིན་དང་ཡིད་ལ་བྱེད་པ་ལ་སོགས་པའི་འཁོར་གྱིས་བསྐོར་བ་སྲོག་གི་རྟ་ལ་ཞོན་པ་ཉིད་དུ་འདོད་དེ། སྲོག་གི་རྟ་དེ་བཟུང་ན་ 3-2-58a སེམས་རྒྱལ་པོ་འཁོར་དང་བཅས་པ་ངེས་པར་བཟུང་བར་འགྱུར་རོ། །འདི་ལྟར་གཞན་དག་ལས་ཀྱང༌། སྲོག་འགོག་པ་སྟེ་དེ་བགག་པས་དྲན་པ་དང་བློ་དང་ཡིད་ལ་བྱེད་པ་ལ་སོགས་པ་དང་བཅས་པའི་བདག་གི་སེམས་ངེས་པར་བཟུང་བར་འགྱུར་རོ་ ཞེས་གསུངས་སོ། །ཞེས་སོ། །བསམ་གཏན་ལ་ཡང་བསྡམ་པ་དགོས་མོད་ཀྱང་དེ་ནི་དམིགས་པ་མང་པོ་ལ་འཇུག་པ་ཡིན་པས། ཏིང་ངེ་འཛིན་དམིགས་པ་གཅིག་ལ་འཇུག་པ་ལ་བསྡམ་དགོས་པ་ལྟར་དེ་ལ་མི་དགོས་པས་བསྡམས་ནས་ཏིང་ངེ་འཛིན་ལ་གནས་ཞེས་ ཏིང་ངེ་འཛིན་ལ་གསུངས་ཀྱི། བསམ་གཏན་ལ་མ་གསུངས་སོ། །འདི་ཇི་ཙམ་བར་དུ་བྱ་བ་ནི། སྔར་ཕྱག་རྡོར་དབང་བསྐུར་བའི་རྒྱུད་དྲངས་པ་ལྟར། སྤྱོད་ལམ་ཐམས་ཅད་དུ་ལྷའི་གསལ་སྣང་དང་ལྷའི་ང་རྒྱལ་གྱིས་ཐ་མལ་པའི་ང་རྒྱལ་འགོག་པའི་ནུས་པ་ཐོབ་ཐོབ་ཏུ་བྱའོ། ། དེའི་ཕྱིར་ལྷའི་སྐུའི་རྣམ་པ་ཤར་བ་ལ་སེམས་བཟུང་བ་ཙམ་གྱིས་མི་ཆོག་གི་ང་རྒྱལ་བརྟན་པར་བྱས་ནས་དེ་ལ་སེམས་གཟུང་བ་དང་གཉིས་ཀ་དགོས་ཏེ་འདི་རྣམས་རྒྱས་པར་བླ་མེད་ཀྱི་བསྐྱེད་རིམ་གྱི་སྐབས་སུ་བཤད་པར་བྱའོ། །བླ་མེད་ནས་ལྷའི་རྣལ་འབྱོར་བརྟན་ པའི་འོག་ཏུ་རླུང་འཛིན་པའི་རླུང་གི་རྣལ་འབྱོར་གསུངས་ཀྱང་འདིར་ནི་ལྷའི་སྐུ་ལ་སེམས་འཛིན་པ་དང་དུས་མཉམ་དུ་བྱ་བར་གསུངས་སོ། །འདི་རྣམས་སློབ་དཔོན་བྱང་ཆུབ་མཆོག་གིས་མ་བཤད་ཀྱང༌། སློབ་དཔོན་སངས་རྒྱས་གསང་བས་རྒྱུད་ཀྱི་དོན་གསལ་བར་གསུངས་ པ་ལྟར་བཤད་པ་ཡིན་ཏེ་ཤིན་ཏུ་གལ་ཆེ་བར་སྣང་ངོ༌། །རླུང་སྦྱོར་དང་ལྷ་སྐུ་ལ་སེམས་འཛིན་པ་སྦྲགས་ནས་ལྷ་དྲུག་གི་སྐབས་སུ་བྱེད་པ་འདི་སྔོན་དུ་ཡེ་ཤེས་པ་སྤྱན་དྲངས་ནས་མཆོད་བསྟོད་སོགས་བྱེད་པ་ལྟར་ན་བདེ་ཞིང༌། འོག་ཏུ་ཡེ་ཤེས་པ་སྤྱན་འདྲེན་པ་སོགས་ 3-2-58b གོ་རིམ་མི་བདེ་བས། དང་པོ་སྒྲུབ་པའི་སྐབས་ཡིན་ན་གོ་རིམས་སངས་རྒྱས་གསང་བ་ལྟར་བྱ་ལ། སྔོན་དུ་བསྙེན་པ་སོང་ཟིན་ནས་དབང་བསྐུར་དང་བུམ་པ་ལ་བརྟེན་པའི་ཁྲུས་ཆོག་དང༌། རང་གཞན་གྱི་དངོས་གྲུབ་སྒྲུབ་པ་ལ་སོགས་པའི་སྐབས་ཡིན་ན་གོ་རིམས་གཉིས་གང་བྱས་ཀྱང་ འདྲ་བར་མངོན་ནོ། །བདག་བསྐྱེད་འོག་ཏུ་བྱེད་ན་དེར་ཡང་མཆོད་པ་དང་བསྟོད་པ་བྱེད་པ་བྱ་སྤྱོད་ཀྱི་སྒྲུབ་ཐབས་མཛད་པའི་སློབ་དཔོན་གཞན་རྣམས་ཀྱིས་མཛད་པ་ལྟར་བྱ་ལ། སྔོན་དུ་བྱེད་ན་ནི་བདག་མདུན་གཉིས་ཀ་ལ་སོ་སོར་མ་གྲུབ་ན་དུས་གཅིག་ཏུ་བྱས་ཀྱང་ཆོག་གོ། བདག་ སྐྱེད་ཀྱི་སྐབས་སུ་སློབ་དཔོན་གཞན་གྱིས་ནི། རང་རང་གི་སྐབས་ཀྱི་ལྷ་རྫོགས་པར་སྒོམ་པ་བཤད་ལ། སློབ་དཔོན་འདི་གཉིས་ལྟར་ན་དང་པོ་བསྙེན་པའི་སྐབས་ཀྱི་བདག་བསྐྱེད་ཀྱི་སྐབས་སུ་ནི། རིགས་སོ་སོའི་ལྷ་གཙོ་བོ་རེ་རེས་ཆོ་ག་ལ་བསྙེན་པ་སྔོན་དུ་སོང་ཟིན་ནས་རང་ གཞན་གྱི་དོན་སྒྲུབ་པའི་སྐབས་སུ་ནི། བདག་བསྐྱེད་ཀྱི་སྐབས་སུ་ལྷ་ཇི་ཙམ་བཤད་པ་ཚང་བར་བྱས་ན་ལེགས་སོ། །ཡེ་ཤེས་པ་གཞུག་པ་དང་དབང་བསྐུར་ཅིང་རྒྱས་གདབ་པ་སོགས་སློབ་དཔོན་གཞན་རྣམས་ཀྱིས་བཤད་པ་ལྟར་བྱས་ནའང་རུང་ལ། སློབ་དཔོན་འདི་གཉིས་ཀྱིས་ མ་བཤད་པ་ལྟར་ནའང་འགལ་བ་མེད་དོ། །གཉིས་པ་ལ་དྲུག །རྟེན་བསྐྱེད་པ་དང༌། བརྟེན་པ་ལྷ་སྤྱན་དྲངས་ཏེ་བཞུགས་སུ་གསོལ་བ་དང༌། ཕྱག་རྒྱ་བསྟན་པ་དང༌། མཆོད་བསྟོད་བྱ་བ་དང༌། བཤགས་པ་ལ་སོགས་པ་བྱ་བ་དང༌། ཚད་མེད་བཞི་བསྒོམ་པའོ། །དང་པོ་ནི། རང་གི་མདུན་ བྲིས་སྐུ་ལ་སོགས་པ་གང་དུ་བཀྲམ་པའི་ཕྱོགས་སུ་རིན་པོ་ཆེ་དུ་མ་ལས་བྱས་པའི་ས་གཞི་གསེར་གྱི་བྱེ་མ་བདལ་བ་བསམས་ནས། ཨོཾ་ཙ་ལ་བཱི་ཧཱུཾ་སྭཱཧཱ། ཞེས་པས་བྱིན་གྱིས་བརླབས་ལ། དེའི་སྟེང་དུ་འོ་མའི་རྒྱ་མཚོ་ཆེན་པོ་ཉ་ལྕིབས་ལ་སོགས་པའི་སྐྱོན་དང་བྲལ་བ། པདྨ་ 3-2-59a དང་ཨུཏྤལ་ལ་སོགས་པའི་མེ་ཏོག་གིས་བརྒྱན་པ། རིན་པོ་ཆེའི་བྱའི་ཚོགས་མང་པོ་ལྡིང་བ་བསམས་ལ། ཨོཾ་བི་མ་ལ་དྷ་ཧ་ཧཱུཾ། ཞེས་པས་བྱིན་གྱིས་བརླབ་བོ། །དེའི་དབུས་སུ་རི་རབ་གྲུ་བཞི་པ་ངོས་བཞི་ནས་གསེར་དང་དངུལ་དང་ཨནྡྲི་ནི་ལ་དང་སྦུར་ ལོང་ལས་བྱས་པའི་ཐེམ་སྐས་ཀྱི་ཕྲེང་བས་བརྒྱན་པ། མཐའ་ཐོག་ཐག་དཔག་བསམ་གྱི་ཤིང་ལེགས་པར་འཁྲུངས་པ་ལ་རྣམ་པར་རྒྱལ་བའི་བ་དན་སྟོང་འཕུར་བས་བརྒྱན་པ་བསམས་ལ། དེའི་སྟེང་དུ་པདྨའི་སྡོང་བུ་རིན་པོ་ཆེ་དུ་མས་བརྒྱན་པའི་རིན་པོ་ཆེ་སྣ་ ཚོགས་ཀྱི་འདབ་མ་ཅན། གསེར་གྱི་ཟེ་བ་དང་སྦུར་ལོང་གི་ཟེའུ་འབྲུ་དང་ལྡན་པ། སྙིང་པོའི་ཐོག་ལ་དངུལ་གྱི་རི་མོས་བསྐོར་བ། དཔག་ཚད་དུ་མའི་ཁྱོན་ཅན་རི་རབ་ཀྱི་དབུས་བརྟོལ་ནས་བྱུང་ཞིང་དེ་ལས་ཀྱང་པདྨའི་དྲ་བ་གཞན་བརྒྱ་སྟོང་ཁྲི་བྱེ་བ་སྙེད་བྱུང་བར་ བསམས་ལ། ཕྱག་འཚལ་བའི་ཐལ་མོ་ལས་ཕན་ཚུན་བསྣོལ་ཏེ་གཡས་པའི་མཐེ་བོས་གཡོན་པའི་མཐེ་བོང་མནན་ལ། ན་མཿསརྦ་ཏ་ཐཱ་ག་ཏ་ནཱཾ། སརྦ་ཐཱ་ཨུདྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱཧཱ། ཞེས་ལན་བརྒྱ་བཟླས་ལ་བྱིན་གྱིས་བརླབ་བོ། །སྟེང་དུ་བླ་རེ་ཡང་ ཡིད་ཀྱིས་སྐད་ཅིག་ལ་བསམ་པར་བྱའོ། །འདིར་གཞལ་ཡས་ཁང་སྒོམ་པ་མ་གསུངས་ཀྱང་འོག་ནས་གཞལ་མེད་ཁང་དང་བཅས་པ་སླར་གཤེགས་སུ་གསོལ་ལོ། །ཞེས་མངོན་རྟོགས་ལས་གསུངས་པས་གཞལ་ཡས་ཁང་ཡང་བསྐྱེད་པར་བྱའོ། །དེ་ཡང་པདྨ་ སྔ་མའི་དབུས་སུ་གཞན་རྣམས་ཀྱང་ཡི་གེ་ལས་སྐྱེད་པ་མེད་པར་བསྐྱེད་པ་བཞིན་དཀྲོང་སྐྱེད་དམ་བྷྲུཾ་ལས་བསྐྱེད་ལ། པདྨ་ཕྱི་མ་ལྷའི་གདན་དུ་བསྐྱེད་པས་ཆོག་པ་འདྲའོ། །སློབ་དཔོན་འདི་གཉིས་ཀས་བདག་བསྐྱེད་ལ་གཞལ་ཡས་ཁང་བསྐྱེད་པ་དང་གདན་ 3-2-59b གཞན་མ་བཤད་ལ། སློབ་དཔོན་གཞན་རྣམས་ཀྱི་སྒྲུབ་ཐབས་ལས་སེང་གེའི་ཁྲི་ལ་སོགས་པ་དང་པད་ཟླ་དང་སྲོག་ཆགས་ཀྱི་གདན་དང༌། རྣམ་རྒྱལ་ལ་མཆོད་རྟེན་གྱི་ནང་དུ་བསྐྱེད་པ་སོགས་བཤད་དོ། །གཉིས་པ་ནི། སྤྱན་འདྲེན་པ་ནི་མཆོད་ཡོན་གྱིས་བྱ་དགོས་པས་ ཐོག་མར་མཆོད་ཡོན་བསྒྲུབ་པར་བྱ་སྟེ། དེའི་སྣོད་ནི་གསེར་དངུལ་དང་རྡོ་བ་དང་ཤིང་ངམ་དེ་ལས་གཞན་པའམ་ཐམས་ཅད་ལ་ཐུན་མོང་དུ་ཤིས་ཟངས་ཀྱི་སྣོད་དུ། ཞི་བ་དང་དངོས་གྲུབ་རབ་ལ་ནས་དང་འོ་མ། རྒྱས་པ་དང་དངོས་གྲུབ་འབྲིང་ལ་ཏིལ་དང་ཞོ། དྲག་ ཤུལ་དང་དངོས་གྲུབ་མཐའ་མ་ལ་བའི་གཅིན་དང་འབྲས་ཀོ་ཊ་བ་དང་བཅས་པའམ་ཁྲག་གི་མཆོད་ཡོན་དབུལ་ལོ། །ལས་ཐམས་ཅད་ལ་ཐུན་མོང་དུ་ཤིས་པ་འབྲས་ཡོས་དང་དྲི་བཟང་པོའི་སྤོས་དང་མེ་ཏོག་དཀར་པོ་དང་ཀུ་ཤ་དང་ཏིལ་ཆུ་གཙང་དང་སྦྱར་བ་བཤམས་ ལ། བདུག་སྤོས་ཀྱིས་བདུག་ཅིང་རིག་པའི་རྒྱལ་པོ་དང་སྤྱིའི་རིགས་ཀྱི་སྙིང་པོ་དང༌། རིགས་སོ་སོའི་ལས་ཐམས་ཅད་པའི་སྔགས་སྔར་བཤད་པ་རྣམས་དང་ལྷ་སྤྱན་དྲངས་པའི་སྔགས་རྣམས་ལས་གང་རུང་ཞིག་ལན་བདུན་བཟླས་ལ་མཆོད་ཡོན་བྱིན་གྱིས་བརླབ་བོ། །དེ་ནས་ མདུན་གྱི་བྲིས་སྐུ་ལ་སོགས་པ་གང་དུ་ཡོད་པའི་ཕྱོགས་སུ་བལྟས་ཏེ། ཕྱག་འཚལ་པུས་མོ་ས་ལ་བཙུགས་ནས་སོར་མོ་ཕན་ཚུན་བསྣོལ་ཏེ། ཐལ་མོ་བཀན་ལ་མཛུབ་མོ་གཉིས་གཤིབས་ཏེ་བསྒྲེང་ཞིང་མཐེ་བོང་གཉིས་གཡབ་པ་སྤྱན་དྲངས་པའི་ཕྱག་རྒྱ་བཅས་ལ། དད་པ་ དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་བཅོམ་ལྡན་འདས། །བདག་གི་མཆོད་ཡོན་འདི་བཞེས་ནས། །མཆོད་པས་བདག་ལ་དགྱེས་པར་མཛོད། །ཅེས་བརྗོད་ནས་སྔགས་ཀྱི་མཐར་ཨེ་ཧྱེ་ཧི་བཏགས་ལ་མཆོད་ཡོན་གྱི་སྣོད་བཟུངས་ནས་དེ་བཞིན་གཤེགས་ 3-2-60a པའི་རིགས་ལ་མགོ་བོའི་ཐད་ཀ་ནས་དབུལ་ཞིང༌། གཞན་གཉིས་ལ་བྲང་དང་ལྟེ་བའི་ཐད་ཀ་ནས་ཕུལ་བས་རང་འདྲའི་ཡེ་ཤེས་པ་བྱོན་པར་བསམ་མོ། །སྔགས་ནི་རིག་སྔགས་ཀྱི་རྒྱལ་པོའི་སྔགས་ཀྱིས་ལྷ་ཕོ་དང༌། རིགས་སྔགས་ཀྱི་རྒྱལ་མོའི་སྔགས་ ཀྱིས་ལྷ་མོ་སྤྱན་དྲངས་པའམ་ཡང་ན་སོ་སོའི་སྔགས་ཀྱིས་བྱ་བའམ། ཡང་ན་སྤྱིའི་རིགས་ཀྱི་སྙིང་པོས་སྤྱན་དྲང་པ་མཆོག་ཏུ་ལེགས་གྲུབ་ལས་གསུངས་ཏེ། རྣམ་རྒྱལ་ལྟ་བུ་ལ་ཛི་ན་ཛི་ཀ་ཨེ་ཧྱེ་ཧི་ཞེས་པ་ལྟ་བུའོ། །དེ་ཡང་སྤྱན་དྲང་རྒྱུའི་ལྷ་འགྲེང་བ་དང་འདུག་པ་དང་ བཟུང་བ་ལ་དེ་ལྟར་བྱས་ནས་མཆོད་ཡོན་གྱིས་སྤྱན་དྲང་པ་དང༌། མཆོད་ཡོན་གསུངས་པ་བཞིན་མ་འབྱོར་ན་བཟོད་པ་གསོལ་ནས་ཅི་འབྱོར་བས་སྤྱན་དྲངས་པར་ལེགས་གྲུབ་ཀྱི་སྤྱན་དྲངས་པའི་རིམ་པར་ཕྱེ་བ་ལས་གསུངས་སོ། །ལྷ་ཇི་ཙམ་ཞིག་སྤྱན་འདྲེན་པ་ནི། བསམ་གཏན་ཕྱི་མ་ལས། གསང་སྔགས་ལ་སོགས་དང་ལྡན་པའི། །རིག་སྔགས་ཁྲོ་བོ་མང་པོ་ཀུན། །རྒྱལ་བའི་སྐུ་ལ་མངོན་ཕྱོགས་པར། །བསམ་གཏན་ངོམས་ཕྱིར་རྟག་ཏུ་གནས། །ཞེས་གསུངས་ཤིང༌། དེའི་འགྲེལ་པ་ལས། རང་གི་མདུན་དུ་དེ་བཞིན་གཤེགས་ པའི་སྐུ་བསམས་ལ་རིག་སྔགས་དང་གསང་སྔགས་དང་ཁྲོ་བོ་དང་མངག་གཞུག་པ་དང་མངག་གཞུག་མ་ལ་སོགས་པ་ནམ་མཁའི་དབྱིངས་ཁྱབ་ཅིང་ཁོར་ཡུག་ཏུ་བསྐོར་བར་སྐད་ཅིག་ཙམ་གྱིས་བསམས་ལ། རང་ཡང་ལྷའི་ང་རྒྱལ་གྱིས་དེ་དག་གི་དབུས་ན་འདུག་ པར་བྱ་སྟེ། རིག་སྔགས་ལ་སོགས་པ་དེ་དག་ཐམས་ཅད་རྒྱལ་བའི་སྤྱན་སྔ་ན་རྟག་ཏུ་འཁོད་དེ། དེ་བས་ན་སྔགས་པ་ཡང་ལྷའི་རྣལ་འབྱོར་བྱས་པས་རྒྱལ་བ་ལ་མངོན་དུ་ཕྱོགས་པར་བྱའོ། །ཞེས་བཤད་པ་ལྟར་རོ། །དེ་ནས་པདྨའི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་སྔར་ 3-2-60b བཤད་པ་བསྟན་པ་ནི་པདྨའི་འདུག་སྟངས་ཀྱི་ཕྱག་རྒྱའོ། །དེ་ཉིད་ལས་སོར་མོ་གསུམ་རྡོ་རྗེ་ལྟར་བྱས་པ་ནི་རྡོ་རྗེའི་འདུག་སྟངས་ཀྱིའོ། །དེ་ཉིད་ལས་སོར་མོ་དབུས་མ་གཉིས་གཅིག་ཏུ་སྦྱར་བ་ནི་དཔའ་བོའི་འདུག་སྟངས་ཀྱི་ཕྱག་རྒྱའོ། །དེ་དག་གི་སྔགས་ནི། ཨོཾ་ཀ་མ་ལཱ་ཡ་ སྭཱཧཱ་དང༌། ཨོཾ་བཛྲ་ཨ་ས་ནི་ཧཱུཾ་ཕཊ་དང༌། ཨོཾ་བཛྲ་ཀ་ཧཱུཾ་ཕཊ་ཅེས་པ་སྟེ། དེས་ལྷ་རྣམས་ལ་ཅི་རིགས་པར་གདན་དབུལ་བར་བཤད་པ་ལྟར་གདན་ཕུལ་ལ་བཞུགས་སུ་གསོལ་ལོ། །ཡང་ན། བཅོམ་ལྡན་ཐུགས་རྗེས་བྱོན་པ་ལེགས། །ཞེས་པའི་ཚིགས་བཅད་དང༌། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཞེས་པའི་ཚིགས་བཅད་གདོན་ལ་གདན་དབུལ་ལོ། །གསུམ་པ་ནི། དེ་ནས། ཤཾ་ཀ་རེ་ས་མ་ཡེ་སྭཱཧཱ། ཞེས་བརྗོད་ཅིང་ལག་པ་གཡས་པའི་མཐེ་བོས་མཐེའུ་ཆུང་གི་སེན་མོ་མནན་ལ་སོར་མོ་ལྷག་མ་རྣམས་རྡོ་རྗེ་ལྟར་ བྱས་པ་དམ་ཚིག་གི་རྡོ་རྗེའི་ཕྱག་རྒྱ་བསྟན་པར་བྱའོ། །དེ་ནས་རིགས་གསུམ་གྱི་ཕྱག་རྒྱ་བསྟན་ནས། ཛི་ན་ཛི་ཀ་ལ་སོགས་པའི་སྙིང་པོ་གསུམ་བརྗོད་དོ། །ཕྱག་རྒྱ་ནི་ལག་པ་གཉིས་ཕན་ཚུན་དུ་ཁུ་ཚུར་བཅངས་ནས་མཐེ་བོ་གཉིས་བསྟན་པར་བྱས་པ་དང༌། དེ་ཉིད་ལས་གཡོན་པའི་མཐེ་བོང་ནང་དུ་བཅུག་སྟེ་གཡས་པའི་མཐེ་བོང་བསྟན་པ་དང༌། གཡོན་པའི་མཐེ་བོང་བསྟན་པ་གསུམ་ནི་རིམ་པ་བཞིན་དུ་རིགས་གསུམ་གྱི་ཕྱག་རྒྱའོ། །དེ་ནས་རིགས་རྣམས་ཀྱི་དམ་ཚིག་ཆེན་པོའི་ཕྱག་རྒྱ་བཅིངས་ཏེ་བསྐོར་བས་ཕྱི་ འབྲང་གི་བགེགས་ལ་སོགས་པས་ངན་དུ་བྱས་པ་ཐམས་ཅད་ལས་བསྲུང་བ་ཆེན་པོར་འགྱུར་བར་གསུངས་པས་དེ་བཞིན་དུ་བྱ་ལ། དེ་མ་གྲུབ་ན་སྐབས་ཀྱི་ཁྲོ་བོ་གང་ཡིན་པའི་སྔགས་ཡུངས་ཀར་ལ་བཟླས་པས་ཕྱི་འབྲང་གི་བགེགས་བསྐྲད་པར་བྱའོ། ། 3-2-61a བཞི་པ་ལ་གཉིས། མཆོད་པ་དབུལ་བ་དང༌། བསྟོད་པ་བྱ་བའོ། །དང་པོ་ནི། མཆོད་རྫས་རྣམས་ཀྱི་བགེགས་བསལ་བ་དང་བསང་བ་དང་གཟི་བྱིན་སྐྱེད་པ་སྔར་ལྟར་བྱ་ཞིང༌། མཆོད་པ་འབུལ་བའི་སྔགས་དང་རིགས་སོ་སོའི་སྔགས་གང་ཡིན་ པའང་བཟླས་ནས་བསང་བར་ལེགས་གྲུབ་ལས་གསུངས་པས་དེ་ཡང་དགོས་སོ། །དེ་ནས་མཐེའུ་ཆུང་དང་སྲིན་ལག་ནང་དུ་ཕན་ཚུན་བསྣོལ་ཏེ་གུང་མོ་གཉིས་གཤིབས་ཏེ་བསྒྲེངས་པའི་ཚིགས་གསུམ་པར་མཛུབ་མོ་བཀུག །མཐེ་བོང་གཉིས་ངོས་ལ་སྦྱར་ བའི་མཆོད་ཡོན་གྱི་ཕྱག་རྒྱ་བྱས་ལ། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །ཚུར་གཤེགས་འདིར་ནི་བཞུགས་སུ་གསོལ། །བདག་གི་མཆོད་ཡོན་བཞེས་ནས་ཀྱང༌། །ཐུགས་ཀྱིས་ཐུགས་དཔག་མཛད་དུ་གསོལ། །བདག་ནི་ཁྱེད་ལ་གུས་དང་ལྡན། །ཞེས་ དང༌། ལྷའི་སྔགས་ཀྱི་མཐར་ཨརྒྷཾ་པྲ་ཏཱི་ཙྪ་སྭཱཧཱ་ཞེས་པས་མཆོད་ཡོན་དབུལ། གཡས་པའི་ཁུ་ཚུར་གྱི་མཛུབ་མོ་དང་མཐེ་བོང་སྐམ་པ་ལྟར་བྱས་ནས་ཞབས་བསིལ་གྱི་སྣོད་ནས་མེ་ཏོག་བླངས་ཏེ་སོར་མོ་རྣམས་རིམ་གྱིས་དགྲོལ་བའི་ཕྱག་རྒྱ་དང༌། སྔར་ གྱི་ཚིགས་བཅད་ཀྱི་མཆོད་ཡོན་གྱི་གནས་སུ་ཞབས་བསིལ་བཅུག་ནས། ཨོཾ་པྲ་ཝ་ར་སད་ཀ་རཾ་པཱ་ཏྱཾ་པྲ་ཏཱི་ཙྪ་སྭཱཧཱ་ཞེས་པས་ཞབས་བསིལ་དབུལ། དེ་ནས་འབྱོར་ན་མེ་ལོང་ལ་གཟུགས་བརྙན་ཤར་བ་ལ་དངོས་སུ་སྐུ་ཁྲུས་གསོལ། མ་འབྱོར་ན་ཐལ་མོ་བཀན་པ་ལས་ མཛུབ་མོའི་རྩེ་མོ་དང་མཐེ་བོང་གི་རྩེ་མོ་གཉིས་སྦྱར་བ་སྐུ་བསིལ་བའི་ཕྱག་རྒྱ་བྱས་ལ། ཨོཾ་སརྦ་དེ་བ་ཏཱ་ཨ་ཙིནྟ་ཨ་མྲྀ་ཏ་སྭཱཧཱ། ཞེས་པས་གསེར་ལ་སོགས་པའི་རིན་པོ་ཆེའི་བུམ་པ་དུ་མའི་སྤོས་ཆུ་དྲི་ཞིམ་པོས་བཀང་ནས། སྤོས་ཆུའི་སྤྲིན་ཆེན་པོས་སྐུ་བསིལ་ 3-2-61b བར་བསམ་མོ། །དེ་ནས་ཡིད་ཀྱིས་ན་བཟའ་དང་རྒྱན་གསོལ་ཏེ་རོལ་མོས་མཆོད་ཅིང་ཡིད་ཀྱིས་བསྟོད་པའི་གླུ་དབྱངས་བླང་བར་བྱའོ། །དེ་ནས་ལག་པ་གཡས་སྐྱབས་སྦྱིན་བྱས་པའི་མཁྲིག་མ་ནས་གཡོན་པས་བཟུང་བ་དྲིའི་ཕྱག་རྒྱ་བྱས་ལ། གཙང་ཞིང་གཙང་མ་ ལས་བྱུང་བའི། །ལྷ་རྫས་བཟང་པོའི་དྲི་འདི་དག །བདག་ནི་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷ་རི་པཱུ་ཛི་ཏེ་སྭཱཧཱ། ཞེས་པས་དྲི་ཆབ་དབུལ་ལོ། །མར་མེ་མ་གཏོགས་པ་གཞན་གསུམ་ལའང་ མཆོད་འབུལ་གྱི་སྔགས་འདི་བཞིན་དུ་བྱའོ། །ལག་པ་གཉིས་སོར་མོ་ཕན་ཚུན་བསྣོལ་ཏེ་ལག་པའི་ནང་དུ་མཛུབ་མོ་གཉིས་རྩེ་མོ་གཅིག་ཏུ་བྱས་ལ་གདུ་བུའི་ཚུལ་དུ་བྱས་ནས། མཐེ་བོང་གློར་བཞག་སྟེ་པདྨ་ལྟར་བྱས་པའི་མེ་ཏོག་གི་ཕྱག་རྒྱ་དང༌། གཙང་ཞིང་ གཙང་མར་སྐྱེས་པ་ཡི། །ལྷ་རྫས་བཟང་པོའི་མེ་ཏོག་འདི། །བདག་ནི་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཅེས་པས་མེ་ཏོག་དང༌། ལག་པ་གཉིས་ཀྱི་མཐེའུ་ཆུང་དང་སྲིན་ལག་དང་གུང་མོ་རྣམས་ཀྱི་སོར་མོ་རྣམས་ཕན་ཚུན་ སྦྱར་ཏེ། སྔ་མ་སྔ་མའི་རྒྱབ་ཀྱི་སེན་མོའི་དྲུང་དུ་བཀུག་ནས་མཛུབ་མོ་གཉིས་ལོགས་ཤིག་ཏུ་བརྐྱངས་ཏེ་མཐེ་བོང་གཉིས་གློར་བཞག་པ་བདུག་སྤོས་ཀྱི་ཕྱག་རྒྱ་དང༌། ནགས་ཚལ་བཅུད་ནི་ཡིད་དུ་འོང༌། །དྲི་ཡིས་སྦྱར་བ་ལྷ་ཡི་རྫས། །བདག་ནི་དད་པས་འབུལ་ལགས་ ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཅེས་པས་སྤོས་དང༌། བཟེད་པའི་ཐལ་མོ་ལས་མཛུབ་མོ་ཅུང་ཟད་བཀུག་པ་ལྷ་བཤོས་ཀྱི་ཕྱག་རྒྱ་དང༌། སྨན་རྣམས་བཅུད་ནི་ཡིད་དུ་འོང༌། །སྔགས་ཀྱི་ཞལ་ཟས་བཤོས་འདི་དག །བདག་ནི་དད་པས་འབུལ་ལགས་ 3-2-62a ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཅེས་པས་ཞལ་ཟས་དང༌། མཐེ་བོང་དང་གུང་མོ་གཅིག་ཏུ་སྦྱར་ཏེ་བསྒྲེངས་ལ་ལག་པ་ཁུ་ཚུར་གཅིག་ཏུ་བྱས་པ་མར་མེའི་ཕྱག་རྒྱ་དང༌། གནོད་རྣམས་འཇོམས་ཤིང་བཀྲ་ཤིས་པ། །དགེ་ཞིང་མུན་པ་རྣམ་ སེལ་འདི། །བདག་ནི་དད་པས་འབུལ་ལགས་ཀྱིས། །མར་མེ་འདི་དག་བཞེས་སུ་གསོལ། །ཨཱ་ལོ་ཀ་ཡ་ཨཱ་ལོ་ཀ་ཡ་བིདྱཱ་དྷ་རེ་པཱུ་ཛི་ཏེ་སྭཱཧཱ། ཞེས་པས་མར་མེ་དབུལ་ལོ། །རིགས་སོ་སོའི་ལྷ་སོ་སོ་ལ་མཆོད་རྫས་སོ་སོར་དབུལ་བར་གསུངས་པ་རྣམས་མ་འབྱོར་ན་ རིགས་གཞན་གྱི་མཆོད་རྫས་ལ་རིགས་གཞན་གྱི་སྔགས་ཀྱིས་བསྔགས་ནས་དབུལ། མཆོད་ཡོན་མན་ཆད་རྣམས་དངོས་སུ་མ་འབྱོར་ན་སྔགས་རྒྱ་བྱས་ལ་ཡིད་ཀྱིས་དམིགས་པ་གསལ་བར་བྱས་ནས་དབུལ་བར་གསུངས་སོ། །མེ་ཏོག་ལ་སོགས་པ་ནི་བྲིས་པ་ཡང་ དབུལ་དུ་རུང་ལ་དངོས་སུ་འབྱོར་པའི་མཆོད་པ་ལ་ཡང་ཀུན་གྱི་སྔོན་དུ་ཡིད་འགྲོ་བས་ཡིད་ཀྱི་མཆོད་པ་ཁྱད་ཆེ་བར་གསུངས་སོ། །དེ་ལྟར་མཆོད་པ་ཅི་ནུས་སུ་བྱས་ནས་གནས་བྱིན་གྱིས་རློབ་པའི་སྔགས་ལན་བརྒྱ་བཟླ་བར་སྔར་བཤད་པ་དེ་འདིར་ཡང་ལན་བརྒྱ་ བཟླ་བར་བྱའོ། །གཉིས་པ་ནི། དེ་ནས་ལེགས་གྲུབ་ལས། དཀོན་མཆོག་གསུམ་དང་རིགས་གསུམ་གྱི་བདག་པོ་ལ་བསྟོད་པ་བྱ་བར་གསུངས་པ་ལྟར་བྱ་སྟེ། མགོན་པོ་ཐུགས་རྗེ་ཆེར་ལྡན་པ། །ཐམས་ཅད་མཁྱེན་པའི་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་ མཚོ་གཞི། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པས་འདོད་ཆགས་བྲལ་བར་གྱུར། །དགེ་བས་ངན་སོང་ལས་གྲོལ་བ། །གཅིག་ཏུ་དོན་དམ་མཆོག་གྱུར་པ། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ 3-2-62b ཏུ་གནས། །ཞིང་གི་དམ་པ་ཡོན་ཏན་ལྡན། །དགེ་འདུན་ལ་ཡང་གུས་ཕྱག་འཚལ། །གཞོན་ནུའི་ཆ་ལུགས་འཆང་བ་པོ། །ཤེས་རབ་སྒྲོན་མེས་རབ་ཏུ་བརྒྱན། །འཇིག་རྟེན་གསུམ་གྱི་མུན་སེལ་བ། །འཇམ་དཔལ་ལ་ཡང་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱིས་རབ་ཏུ་ བསྔགས། །ཡོན་ཏན་དམ་པ་ཀུན་བསགས་པ། །སྤྱན་རས་གཟིགས་ཞེས་མཚན་གསོལ་བ། །རྟག་པར་བརྩེ་ལ་ཕྱག་འཚལ་ལོ། །སྟོབས་པོ་ཆེ་ལ་དྲག་ཤུལ་ཅན། །རིག་སྔགས་རྒྱལ་པོ་དགེ་བ་ཅན། །གདུལ་དཀའ་པོ་དག་འདུལ་བ་པོ། །རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། ། ཞེས་པ་དང༌། གཞན་ཡང་སྐབས་ཀྱི་ལྷ་གང་ཡིན་གྱི་སྒོས་ཀྱི་བསྟོད་པ་ཡང་བྱས་ལ། ན་མཿསརྦ་བུདྡྷ་བོ་དྷི་ས་ཏྭ་ནཱཾ། སརྦ་ཏྲ་སཾ་ཀུ་རུ་མི་ཏ་ཨ་བི་ཛྙ་ར་ཤི་ནི་ན་མོ་སྟུ་ཏེ་སྭཱཧཱ། ཞེས་པ་བསྟོད་པ་འབྱུང་བའི་སྔགས་ལན་བརྒྱ་བཟླའོ། །ལྔ་པ་ནི། སྡིག་པ་སྔར་བྱས་ལ་འགྱོད་པ་ དྲག་པོ་དང་ཕྱིན་ཆད་མི་བྱ་བའི་སྡོམ་སེམས་བརྟན་པོ་དང་ལྡན་པས། འཇིག་རྟེན་དག་གི་ཕྱོགས་ཀུན་ན། །དེ་བཞིན་གཤེགས་པ་གང་བཞུགས་དང༌། །དགྲ་བཅོམ་བྱང་ཆུབ་སེམས་དཔའ་དག །དེ་དག་བདག་ལ་དགོངས་སུ་གསོལ། །ཚེ་རབས་གང་ཡང་རུང་བ་ན། ། བདག་གིས་སྡིག་པ་ཅི་བགྱིས་དང༌། །སྔོན་གྱི་ཚེ་རབས་གཞན་དག་དང༌། །ཚེ་རབས་འདི་དང་འཁོར་བ་ན། །འདོད་ཆགས་དབང་དང་བླུན་པ་དང༌། །ཁྲོ་བ་དག་གིས་འཁྲུགས་གྱུར་ཏེ། །སངས་རྒྱས་ཆོས་དང་དགེ་འདུན་ནམ། །བླ་མ་དག་དང་ཕ་མ་དང༌། །དགྲ་བཅོམ་བྱང་ཆུབ་ སེམས་དཔའ་དང༌། །སྦྱིན་གནས་གང་ཡང་རུང་བ་དང༌། །དེ་ལས་གཞན་པའི་སེམས་ཅན་དག །ཡོན་ཏན་ལྡན་དང་མི་ལྡན་ལ། །སྡིག་པའི་ལས་རྣམས་གང་བགྱིས་དང༌། །གང་ཡང་བགྱིད་དུ་སྩལ་བ་དང༌། །གང་ཡང་ཅུང་ཟད་ཡི་རང་བ། །བག་མེད་པས་ནི་ཕྲ་མོ་ཡང༌། ། 3-2-63a ལུས་ངག་ཡིད་ཀྱིས་བགྱིས་པ་རྣམས། །དེ་དག་མ་ལུས་བློས་བསྡུས་ནས། །རྫོགས་པའི་སངས་རྒྱས་སྲས་བཅས་པ། །བདག་གིས་དེ་ནི་མངོན་སུམ་བཞིན། །རབ་ཏུ་གུས་པས་ཕྱག་འཚལ་ཏེ། །སྐྱོ་བའི་ཡིད་དུ་གྱུར་པ་ཡིས། །ཐལ་མོ་སྦྱར་ཏེ་ ནོངས་པ་རྣམས། །ཡང་དང་ཡང་དུ་སོ་སོར་བཤགས། །བདག་གིས་སྡིག་པ་བགྱིས་པ་རྣམས། །རྫོགས་སངས་རྒྱས་ཀྱིས་མཁྱེན་པ་བཞིན། །དེ་ལྟར་བདག་གིས་སོ་སོར་བཤགས། །སླན་ཆད་དེ་ལྟར་ཡོང་མི་བགྱིད། །ཅེས་སྡིག་པ་བཤགས་པར་བྱ་ཞིང༌། སྲོག་ཆགས་ སྡུག་བསྔལ་ཞི་བྱའི་ཕྱིར། །བདག་ཉིད་ཇི་སྲིད་འཚོ་བར་དུ། །སངས་རྒྱས་ཆོས་དང་དགེ་འདུན་ལ། །གུས་པར་ཡང་དག་སྐྱབས་སུ་མཆི། །ཞེས་ཤུགས་དྲག་པོའི་གུས་པས་སྐྱབས་སུ་འགྲོ་བ་བྱའོ། །དེ་ནས། ཆོས་ཀྱི་ལོངས་སྤྱོད་སྣ་ཚོགས་ལ། །མཉམ་པར་བཞག་ ནས་ཡི་རང་ངོ༌། །མི་རྟོག་བློ་གྲོས་བསྐྱེད་པའི་ཕྱིར། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། །གདུལ་བྱ་ཇི་སྲིད་ཚིམ་པར་དུ། །མྱ་ངན་མི་འདའ་གསོལ་བ་འདེབས། །སྔོན་གྱི་རྒྱལ་བའི་སྲས་རྣམས་ཀྱིས། །སྨོན་ལམ་ཇི་ལྟར་མཛད་པ་བཞིན། །བདག་ཀྱང་དགེ་བའི་སེམས་ ཀྱིས་སུ། །དེ་བཞིན་དུ་ནི་སྨོན་ལམ་འདེབས། །སེམས་ཅན་ཐམས་ཅད་བདེ་བ་དང༌། །ཞི་ཞིང་ནད་ཀྱང་མེད་པར་ཤོག །བདག་ནི་བྱ་བ་ཀུན་ནུས་ཤིང༌། །ཡོན་ཏན་དང་ཡང་ལྡན་པར་ཤོག །ནོར་ལྡན་གཏོང་ཕོད་ཤེས་རབ་ཅན། །བཟོད་ལྡན་དགེ་ལ་དད་པ་དང༌། །སེམས་ ཅན་ཚེ་རབས་ཐམས་ཅད་དུ། །སྐྱེ་བ་དྲན་ཞིང་བརྩེར་ལྡན་ཤོག །ཅེས་དེ་དག་གི་དོན་ལ་ཡིད་རྩེ་གཅིག་ཏུ་བྱས་ཤིང་བརྗོད་པར་བྱའོ། །དྲུག་པ་ནི། དེ་ནས་སྡུག་བསྔལ་གྱིས་ཉམ་ཐག་པའི་སྐྱེ་དགུ་རྣམས་ལ་དམིགས་ནས་སྡུག་བསྔལ་ཐམས་ཅད་དང་བྲལ་བར་གྱུར་ 3-2-63b ཅིག་སྙམ་པའི་སྙིང་རྗེ་དང༌། བདེ་བ་ཐམས་ཅད་དང་ལྡན་པར་གྱུར་ཅིག་སྙམ་པའི་བྱམས་པ་དང༌། སངས་རྒྱས་ཀྱི་བདེ་བས་བདེ་བར་གྱུར་ཅིག་སྙམ་པའི་དགའ་བ་དང༌། སངས་རྒྱས་ཀྱི་མྱང་འདས་བླ་ན་མེད་པས་མྱ་ངན་ལས་འདའ་བར་གྱུར་ཅིག་སྙམ་པའི་བཏང་སྙོམས་ལ་གནས་ པར་བྱའོ། །དེ་ནས། སེམས་ཅན་ཁམས་ནི་མཐའ་ཡས་པའི། །སྡུག་བསྔལ་ཉེ་བར་ཞི་བ་དང༌། །ངན་འགྲོ་རྣམས་ལས་བསྒྲལ་བ་དང༌། །ཉོན་མོངས་རྣམས་ལས་དགྲོལ་བའི་ཕྱིར། །སྲིད་པ་མི་བདེ་དོག་པ་ན། །སྡུག་བསྔལ་སྣ་ཚོགས་ཅི་མཆིས་པ། །དེ་ལས་ཡོངས་སུ་ བསྐྱབ་པའི་ཕྱིར། །བདག་ནི་བྱང་ཆུབ་སེམས་བསྐྱེད་དོ། །སེམས་ཅན་ཕོངས་པ་ཐམས་ཅད་ཀྱི། །སྐྱབས་སུ་བདག་ཉིད་རྟག་ཏུ་ཤོག །བདག་ནི་མགོན་མེད་རྣམས་ཀྱི་མགོན། །རྟེན་མེད་རྣམས་ཀྱི་རྟེན་དུ་བབ། །སྐྱབས་མེད་རྣམས་ཀྱི་སྐྱབས་འགྱུར་ཞིང༌། །སྡུག་ བསྔལ་བདེ་བར་བྱེད་པ་དང༌། །བདག་ནི་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་ཞི་བར་བྱེད་པར་ཤོག །དགེ་བའི་ལས་རྣམས་གང་དང་གང༌། །འདི་དང་གཞན་དུ་བསགས་པའི་རྣམས། །བསོད་ནམས་ཡེ་ཤེས་ཞེས་བྱ་བའི། །ཚོགས་ནི་རྣམ་པ་གཉིས་སུ་ཤོག ། ཕ་རོལ་ཕྱིན་པ་དྲུག་སྒོ་ནས། །བདག་གིས་བརྩོན་འགྲུས་གང་བརྩམས་པ། །དེ་ཡང་སེམས་ཅན་མ་ལུས་པའི། །ཐམས་ཅད་ལ་ནི་ཕན་པར་ཤོག །ཚེ་ཡི་མཐའ་ཀླས་བྱེད་པ་དང༌། །གང་ཡང་ཅུང་ཟད་བྱེད་འགྱུར་བ། །མདོར་ན་སེམས་ཅན་ཐམས་ཅད་ཀྱི། །ཉོན་ མོངས་ཐམས་ཅད་ཞི་བ་དང༌། །གྲོལ་བར་བྱ་བའི་ཕྱིར་འབད་ཅིང༌། །བྱང་ཆུབ་བར་དུ་བདག་བརྩོན་ནོ། །ཞེས་བརྗོད་ལ་ཉམ་ཐག་པའི་འགྲོ་བ་རྣམས་བསྒྲལ་བའི་ཕྱིར་དུ་སངས་རྒྱས་ཐོབ་པར་བྱའོ་སྙམ་དུ་བྱང་ཆུབ་ཀྱི་སེམས་རྒྱུད་དང་འདྲེས་ངེས་པ་བསྐྱེད་ 3-2-64a དོ། །དེ་ལྟར་མདུན་དུ་ལྷ་སྒོམ་པ་ནི། སློབ་དཔོན་གཉིས་ཀས་སྤྱན་དྲངས་པའི་ཡེ་ཤེས་པ་ལ་བཞེད་ཀྱི། གསར་དུ་སྐྱེད་པ་མ་བཤད་ལ། སློབ་དཔོན་གཞན་རྣམས་ཀྱིས་ལྷ་སྤྱན་དྲངས་པ་ཚོགས་རྟེན་དུ་བྱས་ནས་དེ་ལ་ཚོགས་བསགས་པའི་འོག་ཏུ་ རང་ལྷར་བསྐྱེད་པ་ལ་ཡེ་ཤེས་པ་བཅུག་ནས་སྒོམ་བཟླས་བྱེད་ཀྱི། མདུན་གྱི་ལྷ་ལ་དམིགས་ནས་བྱེད་པ་འགའ་རེ་ལས་མ་བཤད་ཅིང་ལྷ་སྒོམ་པས་དུབ་པ་ན་དེ་ནས་བཟླས་པ་བྱ་བར་བཞེད་དོ། །ལྷའི་རྣལ་འབྱོར་དངོས་གྲུབ་སྒྲུབ་པའི་ཐབས་ཀྱི་གཙོ་བོ་ཡིན་པས་ འདིར་ཡང་སྔར་བཤད་པ་བཞིན་གཙོ་ཆེར་རང་ལྷར་གསལ་བ་ལ་སེམས་གཟུང༌། སྐབས་སྐབས་སུ་མདུན་གྱི་རང་འདྲའི་ལྷའི་སྐུ་ཡང་གསལ་བཏབ་ལ་སེམས་ཅི་ཟིན་བྱ་སྟེ། དེ་གཉིས་ནི་བཟླས་བརྗོད་ཀྱི་ཡན་ལག་བཞིའི་ནང་ནས་གཞིའི་ཡན་ལག་ཡིན་ཏེ་དེ་ ལ་གཉིས་སུ་བྱའོ། །གཉིས་པ་ལ་གསུམ། བཟླས་པའི་ཡུལ་བགྲང་ཕྲེང་འདུ་བྱས་ནས་བགྲང་བའི་ཚུལ་དང༌། དམིགས་པ་གང་ལ་དམིགས་ནས་བཟླས་བརྗོད་བྱ་བའི་ཚུལ་དང༌། འགལ་རྐྱེན་བྱུང་ན་བཟླས་པ་བསྐྱར་བའི་ཚུལ་ལོ། །དང་པོ་ནི། དེ་ལྟར་ཇི་སྲིད་མི་ སྐྱོའི་བར་དུ་ལྷའི་རྣལ་འབྱོར་བསྒོམ་པར་བྱ་ལ། སྐྱོ་ན་བསྒོམས་པའི་མཇུག་ཏུ་བཟླས་པ་བྱེད་པ་ལ་ཕྲེང་བའི་རྒྱུ་ནི། དེ་བཞིན་གཤེགས་པའི་རིགས་ལ་པུ་ཏྲ་ཛཱི་བ། པདྨའི་རིགས་ལ་པདྨའི་སྙིང་པོ། རྡོ་རྗེའི་རིགས་ལ་རུ་ར་ཀ་ཤ་མཆོག་ཡིན་ལ། མ་འབྱོར་ན་ལུང་ཏང་ དང་དུང་དང་ཤེལ་དང་མུ་ཏིག་དང་བྱི་རུ་དང་ནོར་བུ་དང་བ་སོ་དང༌། ཁམ་པ་ལས་བྱུང་བ་དང༌། ས་བོན་སྣ་ཚོགས་པ་ལ་སོགས་པ་ཡང་རུང་བར་ལེགས་གྲུབ་ལས་གསུངས་ལ། དཔུང་བཟང་ལས་ཞ་ཉེ་དང་ཟངས་དང་འཁར་བ་ཡང་རུང་བར་བཤད་དོ། །གྲངས་ནི། 3-2-64b སྟོང་རྩ་བརྒྱད་དམ་བརྒྱ་རྩ་བརྒྱད་དམ་ང་བཞིའམ་ཉེར་གཅིག་བླངས་ལ། ནོར་བུ་རྣམས་མིག་དབུག་ཅིང་བ་བྱུང་ལྔས་བཀྲུའོ། །ཕྲེང་ཐག་ནི། བུ་མོས་བཀལ་བའི་སྐུད་པ་སུམ་སྒྲིལ་ལ་བརྒྱུས་ཏེ་མདུད་པ་བོར་ནས་ལྷ་རྣམས་ལ་མཆོད་པ་བྱས་ནས་ནོར་བུ་སྙིམ་པར་ གཞུག་ལ། བླ་མ་དང་ལྷ་ལ་ཕྱག་བྱས་ནས་རིགས་གསུམ་གྱི་སྔགས་གང་ཡིན་བརྒྱ་རྩ་བརྒྱད་བཟླའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཨདྦྷཱུ་ཏེ་བི་ཛ་ཡ་སིདྡྷེ་སདྷི་རྠེ་སྭཱཧཱ་དང་། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨཱརྱཱ་ཝ་ཡོ་ཀི་ཏེ་ཤྭ་རཱ་ཡ། བོདྷི་ས་ཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡ། ཨོཾ་ཨ་མྲྀ་ཏཾ་ག་ལེ་ ཤྲཱི་ཡེ་ཤྲཱི་མ་ལི་ན་སྭཱཧཱ་དང༌། ཨོཾ་ཀཱི་རི་ཀཱི་རི་རཽ་ཏྲི་ཎི་སྭཱཧཱ། ཞེས་པ་གསུམ་ནི་རིམ་པ་བཞིན་དུ་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་གསུམ་གྱི་སྔགས་སོ། །འདི་དག་ནི་ཕྲེང་བ་དང་པོར་བསྒྲུབས་པའི་དུས་སོ། །བཟླས་པའི་དུས་སུ་ནི། བླ་མ་དང་ལྷ་ལ་ཐལ་མོ་ སྦྱར་ནས་ཕྱག་བྱས་ཏེ་སྔགས་ཀྱི་ནོར་བུ་སྙིམ་པར་གཞུག་ལ་སྔགས་ནི་ལན་བདུན་བཟླ་སྟེ། ཨོཾ་བྷ་ག་ཝ་ཏི་སིདྡྷི་སིདྡྷ་ཡ། སིདྡྷ་རྠེ་སྭཱཧཱ་དང༌། ཨོཾ་བ་སུ་མ་ཏི་ཤྲཱི་ཡེ་སྭཱཧཱ་དང༌། ཨོཾ་བཛྲ་ཡ་ཛ་ཏ་ན་ཛེ་ཡེ་སྭཱཧཱ། ཞེས་པ་རྣམས་རིམ་པ་བཞིན་དུ་རིགས་གསུམ་གྱིའོ། །དེ་ ནས་སྙིང་གར་ནོར་བུ་བླངས་ལ་ལག་པ་གཡས་གཡོན་གང་རུང་གི་གུང་མོ་དང་མཐེའུ་ཆུང་བརྐྱངས་ཏེ། མཛུབ་མོ་རྒྱབ་ཏུ་བཞག་ནས་སྲིན་ལག་དང་མཐེ་བོས་ལས་ཐམས་ཅད་ལ་བགྲང་བར་བྱ་སྟེ་དྲག་པོ་ལ་ནི་མཛུབ་མོས་བྱའོ། །དཔུང་བཟང་ལས། བཟླས་པའི་ཚེ་སྔར་ བཤད་པའི་ལས་ཀྱི་རྡོ་རྗེ་བཅང་དགོས་པ་ལ་མ་རྙེད་ན་རྡོ་རྗེ་ཁུ་ཚུར་བཅངས་ནས་བཟླ་བར་བཤད་དོ། །གཉིས་པ་ལ་གཉིས། ཡི་གེའི་གཟུགས་ལ་དམིགས་པའི་བཟླས་བརྗོད་དང༌། ཡི་གེའི་སྒྲ་ལ་དམིགས་པའི་བཟླས་བརྗོད་དོ། །དང་པོ་ལ་གཉིས། མདུན་གྱི་ཐུགས་ 3-2-65a ཀའི་ཡི་གེའི་གཟུགས་ལ་དམིགས་པ་དང༌། རང་གི་སྙིང་གའི་ཡི་གེའི་གཟུགས་ལ་དམིགས་པའི་བཟླས་པའོ། །དང་པོ་ནི། བསམ་གཏན་ཕྱི་མ་ལས། སྒྲ་དང་སེམས་དང་གཞི་ལ་གཞོལ། །གསང་སྔགས་མི་འགྱུར་གཞི་ལ་གནས། །ཡན་ལག་མ་ ཉམས་གསང་སྔགས་བཟླས། །ངལ་ན་བདག་ལ་ངལ་གསོས་ཤིག །ཅེས་པས་སྟོན་ནོ། །དེ་ལ་གསང་སྔགས་བཟླས་པར་བྱའོ་ཞེས་དྲངས་སོ། །བྱེད་ཚུལ་ནི། ཡན་ལག་བཞི་མ་ཉམས་པ་སྟེ་མ་བཏང་བའི་ངང་ནས་བྱ་སྟེ། གཞི་ལ་གཉིས་ལས། དང་པོ་རང་ལྷའི་ང་རྒྱལ་ དུ་བྱས་པ་དང༌། གཉིས་པ་མདུན་དུ་རང་འདྲའི་ལྷ་སྒོམ་པའོ། །སེམས་ནི། མདུན་གྱི་ཐུགས་ཀར་བཀོད་པའི་ཟླ་བ་སྟེ་ཡན་ལག་གསུམ་པའོ། །སྒྲ་ནི། ཟླ་བ་ལ་གང་བཟླས་རྒྱུའི་སྔགས་བཀོད་པའི་སྔགས་ཕྲེང་སྟེ་ཡན་ལག་བཞི་པའོ། །དེ་དག་ལ་གཞོལ་བ་ནི་ཟློས་ པ་པོས་རྒྱུན་མི་འཆད་པར་དམིགས་པའི་སྒོ་ནས་ཞེན་པའོ། །དེ་ལྟར་རང་གཞི་གང་ལ་དམིགས་ནས་བཟླས་རྗོད་བྱེད་པའི་གཞི་དེ་ཡང་བསྒོམ་པ་ཤིན་ཏུ་གོམས་པས་ལྷའི་སྣང་བ་ལས་མི་ཉམས་པ་ཞིག་དགོས་པས་མི་འགྱུར་བའི་གཞི་ལ་གནས་ཞེས་གསུངས་ ལ། སྒྲ་དང་སེམས་ཀྱི་གསང་སྔགས་དགོད་པའི་གཞིའོ། །མདོར་ན་སྔར་བཤད་པ་བཞིན་སྲོག་རྩོལ་བསྡམས་ནས་བཟླས་བརྗོད་ཀྱི་ཡན་ལག་བཞི་ཚང་བའི་སྒོ་ནས་མདུན་གྱི་ཡན་ལག་གསུམ་ག་ལ་དུས་གཅིག་ཏུ་དམིགས་ཏེ་བཟླས་བརྗོད་བྱ་ཞིང༌། དབུགས་གཏོང་བ་ན་རང་ལྷར་བསྒོམས་པའི་སྐུ་ལ་བལྟ་ཞིང་ཡང་སྔར་བཞིན་དུ་བྱའོ། །ངལ་གསོ་བ་ནི་གཡེང་བ་སྤང་བའི་ཕྱིར་ཡིན་ལ་གང་ལ་ངལ་གསོ་བའི་གཞི་བདག་ནི་རྣམ་སྨིན་གྱི་ལུས་ཏེ། རང་གི་ལུས་ལྷའི་སྐུར་བསམས་པ་བཏང་ལ་རྣམ་སྨིན་གྱི་ལུས་སུ་བསམས་ 3-2-65b ཏེ་ལྡང་བར་བྱའོ། །གཏོང་བའི་རིམ་པ་ནི། བཟླས་པའི་སྔགས་ཀྱི་ཡི་གེའི་སྒྲ་ནི། ཡིག་འབྲུ་ལ་དམིགས་པས་གཏོང་ངོ༌། །ཡིག་འབྲུ་ཡང་དེ་མེད་པའི་ཟླ་བ་ལ་དམིགས་པས་སོ། །ཟླ་བ་ནི། དེ་བཞིན་གཤེགས་པའི་སྐུ་འབའ་ཞིག་ལ་དམིགས་པས་སོ། །མདུན་གྱི་སྐུ་དེ་ ཡང་རང་གི་ལྷའི་སྐུ་འབའ་ཞིག་ཏུ་སེམས་པས་སོ། །དེ་ཡང་དེའི་ཡིག་འབྲུ་ལ་སེམས་པས་སོ། །དེ་ཡང་དེའི་སྒྲ་ལ་དམིགས་པས་སོ། །སྒྲ་ཡང་ལྷའི་ཡེ་ཤེས་ཀྱི་སྐུ་ལ་དམིགས་པས་སོ། །ཡེ་ཤེས་ཀྱི་སྐུ་ལ་སེམས་པ་ཡང་ཆོས་ཀྱི་སྐུ་ལ་སེམས་པས་སོ། །དེ་ ཡང་མི་དམིགས་པའི་བདག་གི་དེ་ཁོ་ན་ཉིད་ལ་བྱའོ། །དེ་ཡང་སྒྱུ་མ་དང་སྨིག་རྒྱུ་ལ་སོགས་པར་སྣང་བ་རྣམ་སྨིན་གྱི་ལུས་སུ་སེམས་པ་སྟེ་འདི་ནི་བདག་ལ་ངལ་གསོ་བའི་དོན་ཡིན་ནོ། །གཞན་རྣམས་གོ་སླ་ལ་རང་གི་ལྷའི་སྐུ་ཡིག་འབྲུ་ལ་སེམས་པས་སོ་ཞེས་སོགས་ ཀྱི་དོན་ནི། དང་པོ་ལྷ་སྐྱེད་པའི་དུས་ཀྱི་ཡི་གེའི་ལྷ་དང་སྒྲའི་ལྷ་དང་ཟླ་བའི་དཀྱིལ་འཁོར་དང༌། རང་དང་ལྷའི་དེ་ཁོ་ན་ཉིད་གཅིག་ཏུ་ང་རྒྱལ་བྱེད་པ་དང་བདག་གི་དེ་ཁོ་ན་ཉིད་སྤྲོས་པ་དང་བྲལ་བར་ལྟ་བ་རྣམས་ཡིན་ནོ། །འདིར་ངལ་གསོ་བ་ནི་གཡེང་བ་སྤང་བའི་ ཕྱིར་དུ་བྱེད་པར་གསུངས་པས། སྤྲོས་པས་གཡེངས་ན་དམིགས་པ་རྣམས་རིམ་གྱིས་བསྡུས་ནས་མཐར་སྟོང་པ་ཉིད་ལ་མཉམ་པར་འཇོག་ཅིང༌། དེ་ནས་སྒྱུ་མ་ལྟ་བུར་ལྡང་བ་ཡིན་པས་ཐུན་བཏང་བའི་སྐབས་སུ་ལྷའི་ང་རྒྱལ་མི་འཛིན་པ་ལ་མི་བྱའོ། །བྱ་རྒྱུད་ ལ་བརྟེན་པའི་ལྷའི་སྒྲུབ་ཐབས་མཛད་པའི་སློབ་དཔོན་གཞན་གྱིས་ཀྱང་སྤྱོད་ལམ་ཐམས་ཅད་དུ་ལྷའི་ང་རྒྱལ་མང་པོས་བཤད་དོ། །གཉིས་པ་ནི། བསམ་གཏན་ཕྱི་མ་ལས། མི་འགྱུར་བ་དང་ཡི་གེར་ལྡན། །གཞི་ལས་གཞིར་གྱུར་དེ་བཞིན་ཏེ། ། 3-2-66a རང་སྔགས་ཕྱིར་ནི་གང་བརྟགས་པ། །ཡིད་ཀྱི་དག་པ་བསམ་པར་བྱ། །ཞེས་པས་སྟོན་ནོ། །དེ་ལ་དེ་བཞིན་ཞེས་པས་སྔ་མ་ལས་གཞན་པའི་དམིགས་པ་བྱ་ཚུལ་སྟོན་ཏེ་ཡིད་ཀྱི་དག་པ་བསམ་པར་བྱའོ། །ཡིད་ལས་བྱུང་བས་ན་ཡིད་ཀྱི་སྟེ་ཐུགས་ ཀའི་ཟླ་བ་ཡིན་ལ། ཆགས་སོགས་ཀྱི་དྲི་མས་མ་བསླད་པ་དང་ཆ་ཐམས་ཅད་རྫོགས་ཤིང་དྲི་མ་མེད་པར་སྣང་བས་དག་པའོ། །དེ་ཡང་སྔགས་ཀྱི་ཡི་གེའི་ཕྲེང་བ་དང་ལྡན་པ་སྟེ་ཤིན་ཏུ་བསྒོམས་པས་གསལ་བར་སྣང་བ་ལས་མི་འགྱུར་བས་ན་ཡི་གེ་རྣམས་མི་ འགྱུར་བ་ཡིན་ལ། ཡིད་ཟླ་བར་སྣང་བ་དེ་ཡི་གེ་དང་ལྡན་པ་ཡང་མི་འགྱུར་ཞིང་མི་འབྲལ་བས་མི་འགྱུར་བ་དང་ལྡན་པའོ། །དེ་འདྲ་བའི་ཟླ་བ་ནི། རང་གི་སྔགས་དགོད་པའི་གནས་ཀྱི་དོན་དུ་བརྟགས་པ་ཡང་ཡིན་ནོ། །མདོར་ན་སྔར་བཤད་པ་བཞིན་དུ་སྲོག་རྩོལ་ བསྡམས་ནས་རང་གི་མདུན་དུ་ཧ་ཅང་མི་རིང་བར་རང་གི་ཚད་ལས་ཅུང་ཟད་མཐོ་བར། དེ་བཞིན་གཤེགས་པའི་སྐུ་བསྒོམས་པའི་གཞི་དེའི་ཐུགས་ཀར་སྔགས་ཕྲེང་བཀོད་པའི་ཟླ་བ་གནས་པ་དེ་རང་ལྷར་བསྒོམས་པའི་གཞི་དེར་གྱུར་པ་སྟེ་རླུང་ནང་དུ་འཇུག་ པ་དང་ལྷན་ཅིག་ཏུ་ཚུར་ལ་རང་གི་ཐུགས་ཀར་སྤོས་ལ་དེ་ལ་དམིགས་ནས། དབུགས་མ་བཏང་གི་བར་དུ་བཟླས་བརྗོད་བྱ་ཞིང༌། རླུང་གཏོང་བ་ན་དེ་དང་མཉམ་དུ་ཕྱིར་ལ་བཏང་ནས་ལྷའི་ཐུགས་ཀར་གནས་པར་བསམ་ཞིང༌། ཡང་སྔར་བཞིན་རང་གི་སྙིང་གར་སྤོས་ ལ་བཟླས་པ་བྱའོ། །གཉིས་པ་ནི། བསམ་གཏན་ཕྱི་མ་ལས། སླར་སྡུད་པ་ཡིས་བཀུག་ནས་ནི། །སྲོག་དང་རྩོལ་བ་བསྡམས་པའི་ཡིད། །གསང་སྔགས་རིགས་པ་སྔགས་ལ་སྦྱར། །ཡིད་ཀྱི་བཟླས་བརྗོད་བརྩམ་པར་བྱ། །འདི་ཉིད་ཀྱི་ནི་ཆོ་ག་ཡིས། །ཡང་ན་ཤུབ་ 3-2-66b བུར་བྱ་ཡང་རུང༌། །སྔགས་རིག་དངོས་གྲུབ་འདོད་པ་ཡིས། །བཟླས་བརྗོད་གཞན་དུ་མི་བྱའོ། །ཞེས་གསུངས་ཏེ། གསང་སྔགས་ཀྱི་སྒྲ་ལ་དམིགས་པའི་ཡིད་དེ་སྔགས་ལ་སྦྱར་ནས་བཟླས་བརྗོད་བྱའོ། །དེ་ཡང་མཉམ་པར་མ་བཞག་པའི་ཡིད་རང་དགར་འཇུག་པ་དེ་སླར་ནང་ དུ་བསྡུས་ཏེ་བཀུག་པ་དང༌། སྔར་བཞིན་སྲོག་རྩོལ་བསྡམས་ནས་བྱའོ། །འདི་ནི་བཟླས་བརྗོད་ཀྱི་ཡན་ལག་བཞི་ཐོག་མར་གསལ་བཏབ་ནས་དེ་ནས་བཟླས་རྒྱུའི་སྔགས་ཀྱི་གཟུགས་དང་ཟླ་བ་སོགས་ལ་མི་དམིགས་པར་སྔགས་ཀྱི་གདངས་ལ་དམིགས་ནས་ཟློ་བ་སྟེ། དེ་ཡང་སྔགས་གཞན་གྱིས་བཏོན་པ་རང་གིས་ཉན་པ་ལྟ་བུ་མིན་གྱི། རང་གིས་ཟློ་བའི་ཚེ་ན་སྔགས་དེའི་སྒྲ་གྲག་པར་དམིགས་ནས་བྱེད་པའོ། །སྔགས་ཀྱི་གདངས་ལ་དམིགས་པ་འདི་ཉིད་ཀྱི་ཆོ་གས་ཡིད་བཟླས་སམ་ཤུབ་བུའི་བཟླས་པ་བྱ་བ་དང༌། སྲོག་རྩོལ་བསྡམས་ པ་ན་ཤུབ་བུའི་བཟླས་པ་བྱེད་མི་ནུས་པར་འགྲེལ་པ་ལས་གསུངས་ཤིང༌། སྲོག་རྩོལ་སྡོམ་པ་དང་བཟླས་པ་གཉིས་གསུངས་པ་འདི་སྔ་མ་གཉིས་ལ་ཡང་འགྲེལ་པས་སྦྱར་རོ། །འོ་ན་དམིགས་པ་གསུམ་པོ་རེ་རེ་ལ་བཟླས་པ་གཉིས་གཉིས་ཡོད་ན་སྔོན་དུ་གང་བྱ་སྙམ་ན། ཐོག་མར་ཤུབ་བུའི་བཟླས་པ་བྱ་ཞིང་དེ་ལ་སེམས་གཞན་དུ་མི་གཡེང་བ་ན་དེ་ནས་སྲོག་རྩོལ་བསྡམས་ནས་ཡིད་བཟླས་བྱ་སྟེ་རགས་རིམ་ནས་བྱ་བར་བཤད་དོ། །དང་པོ་ལ་ལྷ་དང་ཟླ་བ་དང་སྔགས་ཕྲེང་གསུམ་ལ་དམིགས་པས་དམིགས་པ་གསུམ་དང༌། བར་བ་ལ་ཟླ་བ་དང་སྔགས་ ཕྲེང་གཉིས་ཙམ་ལ་དམིགས་པ་གཉིས་དང༌། ཐ་མ་ལ་སྒྲ་ཙམ་ལ་དམིགས་པས་དམིགས་པ་གཅིག་ཡིན་པར་འགྲེལ་པས་བཤད་དེ། གང་ཟག་གཅིག་གིས་ཀྱང་འདི་གསུམ་ག་རིམ་གྱིས་བྱའོ། །བྱང་ཆུབ་མཆོག་གིས་རང་དང་མདུན་གྱི་ཐུགས་ཀར་ཟླ་བ་ལ་སྔགས་ 3-2-67a བཀོད་པ་ལ་བཟླ་བར་བཤད་པ་མ་གཏོགས་པ་མི་སྣང་ནའང་སངས་རྒྱས་གསང་བས་རྒྱུད་དོན་ཞིབ་ཏུ་བཤད་པ་ལྟར་ཡིན་ནོ། །བྱ་རྒྱུད་ལ་བརྟེན་པའི་སྒྲུབ་ཐབས་མཛད་པའི་རྒྱ་གར་བ་གཞན་གྱིས་ནི་སྔགས་ཕྲེང་ལས་འོད་ཟེར་འཕྲོས་པས་སངས་ རྒྱས་མཆོད་པ་དང་སེམས་ཅན་གྱི་དོན་བྱེད་པའི་དམིགས་པ་ཡང་བཤད་དོ། །བཟླས་བརྗོད་ཀྱི་ཚེ་ཇི་ལྟར་བྱ་བ་དཔུང་བཟང་གི་ལྔ་པ་ལས་ཀྱང༌། བཟླས་རྗོད་བྱེད་ཚེ་མི་མྱུར་མི་དལ་ཞིང༌། །སྒྲ་ཆེར་མི་བྱ་ཧ་ཅང་ཆུང་བ་མིན། །སྨྲ་ཞིང་མ་ཡིན་གཞན་དུ་གཡེང་བཞིན་མིན། ། གུག་སྐྱོད་ཀླད་ཀོར་ཚག་རྣམས་ཉམས་པ་མིན། །ཞེས་དང༌། ལེ་ལོ་འདོད་ཆགས་མི་དགེར་ལྡན་པའི་སེམས། །གང་དང་གང་དུ་གཡེང་ཞིང་རྒྱུ་བ་དག །དེ་དང་དེ་ནས་མྱུར་དུ་བཟློག་ནས་ནི། །གསང་སྔགས་ཡི་གེ་མཆོག་ལ་ལེགས་པར་སྦྱར། །ཞེས་དང༌། ལེགས་གྲུབ་ལས་སྔར་ དྲངས་པ་ལྟར་ཟློས་པའི་ཚེ་ལྷ་ལ་སོགས་པའི་སྐབས་ཀྱི་དམིགས་པ་ལས་གཞན་པའི་དམིགས་པ་མཆོག་རྣམས་ཀྱང་ཡིད་ལ་མི་བྱ་བར་གསུངས་སོ། །ཞི་རྒྱས་ལ་དལ་བུ་དང་། དྲག་པོ་ལ་གཞན་གྱིས་ཐོས་པར་བཟླའོ། །སྔགས་ཀྱི་ནོར་བུ་ཐོག་མ་དང་ཐ་མ་ལ་སླེབས་པའི་ཚེ་ལྷ་རྣམས་ ལ་ཕྱག་བྱ་ཞིང༌། ནོར་བུ་རྫོགས་པའི་ཚེ་རི་མོ་ལ་སོགས་པའི་སྐུའམ་མཆོད་རྟེན་ནམ་དེ་དག་གི་གདན་ལ་མིག་གིས་བལྟ་བར་བྱའོ། །བཟླས་པའི་ཡུན་ནི་སྔ་དྲོ་མེལ་ཚེ་ཐུན་གཅིག་དང༌། སྲོད་དང་ཐོ་རངས་མེལ་ཚེ་ཐུན་ཕྱེད་ཕྱེད་དང༌། ཉིན་གུང་ཐུན་ཕྱེད་དམ་སུམ་ཆའམ་བཞི་ ཆའམ་ཡང་ན་ཅུང་ཟད་བཟླའོ། །ཉིན་མོ་བཟླ་བར་གསུངས་པ་རྣམས་ཀྱི་སྦྱིན་སྲེག་མཚན་མོ་དང༌། མཚན་མོ་བཟླ་བར་གསུངས་པ་རྣམས་ཀྱི་སྦྱིན་སྲེག་ཉིན་མོ་དང༌། བཟླས་པའི་མཇུག་ཏུ་སྦྱིན་སྲེག་བྱེད་པ་མཆོག་གོ། བཟླས་པའི་གྲངས་ནི་ལེག་གྲུབ་ལས། བཅོ་ལྔ་མན་ཆད་ 3-2-67b གྲངས་རྣམས་ལ། །སྤྱིར་ན་ཡི་གེ་དུ་ཡོད་པ། །དེ་སྙེད་འབུམ་ཕྲག་བཟླས་བརྗོད་བྱ། །ཡི་གེ་སུམ་ཅུ་རྩ་གཉིས་ལ། །བཟླས་བརྗོད་སུམ་འབུམ་བྱ་བར་བཤད། །དེ་བས་ཡི་གེ་མང་པོ་ལ། །སྔོན་དུ་བསྙེན་པ་ཁྲི་བྱའོ། །ཞེས་གསུངས་ཏེ། རྒྱུད་གཞན་ལྟར་གཙོ་འཁོར་མང་པོ་ལ་མི་དགོས་སོ། ། གསུམ་པ་ནི། བཟླས་པའི་འཕྲོ་ལ་གཉིད་བྲོ་བའམ་གླལ་ལམ་སྦྲིད་པའམ་ལུད་པའམ་འོག་རླུང་ངམ་བཤང་གཅི་སོགས་བྱུང་ན་དེ་མ་ཐག་ཕྲེང་བ་བཞག་སྟེ་བཅག་པ་སོགས་བྱས་ནས་ཉེ་རེག་བྱས་ཏེ་གྲངས་ཀྱི་ཐོག་མ་ནས་བརྩམ་པར་གསུངས་ཏེ། དེ་ཡན་ཆད་བཟླས་པའི་ གྲངས་སུ་མི་གཞུག་པའོ། །གཞན་ཡང་བག་མེད་པས་ལྷ་གཞན་གྱི་བཟླས་པ་བྱས་ནའང་ཡིད་ཀྱིས་གསོལ་བ་བཏབ་ནས་བཟླས་བརྗོད་བསྐྱར་བ་དང༌། བགེགས་ཀྱིས་བརླམས་པ་དང་ནད་ཀྱིས་གཟིར་བ་དང༌། ལྷོད་པ་དང་བག་མེད་པ་དང་ལུས་དང་སེམས་སྐྱོ་བ་དང༌། ཆོ་ག་ ཇི་སྐད་བཤད་པའི་དུས་ལས་འདས་པར་བྱས་པ་དང༌། མ་བསྡམས་པ་དང་མི་གཙང་བས་བཟླས་བརྗོད་བྱས་པ་དང༌། མཚན་མོ་རྨི་ལམ་ངན་པ་བྱུང་བས་ཉིན་མོ་རིགས་ཀྱི་བདག་པོ་གང་ཡིན་གྱི་སྔགས་བརྒྱ་མ་བཟླས་པར་བཟླས་བརྗོད་བྱས་པ་རྣམས་བཟླས་པའི་གྲངས་སུ་མི་གཞུག་པར་ལེགས་གྲུབ་ལས་གསུངས་ སོ། །ཡང་དེར་གནས་གཅིག་ཏུ་ཕྱེད་བཟླས་གཞན་དུ་ཕྱེད་བཟླས་པས་བཟླས་པ་ཐམས་ཅད་རྫོགས་ཀྱང་དེ་དག་ཐམས་ཅད་དོན་མེད་པར་གསུངས་སོ། །བཟླས་བརྗོད་ཀྱི་ཆོ་ག་དུས་ལས་འདས་པར་བྱས་པའི་དུས་དང་དུས་མིན་ནི། ཉི་མའི་དཀྱིལ་འཁོར་ཕྱེད་ཤར་བ་ནས་སྐྱེས་ བུ་གཅིག་གི་གྲིབ་མའི་བར་ནི་སྔ་དྲོའི་དུས་མཚམས་སོ། །ཉིན་གུང་ལ་ཆུ་ཚོད་བརྒྱད་དམ་དགུའི་དུས་མཚམས་སོ། །ཕྱི་དྲོ་སྐྱེས་བུ་གཅིག་གི་གྲིབ་མ་ལུས་པ་ནས་ཉི་མའི་དཀྱིལ་འཁོར་ཕྱེད་ནུབ་པའི་བར་དུ་ནི་ཕྱི་དྲོའི་དུས་མཚམས་ཏེ་དེ་དག་ནི་ཉིན་པར་གྱི་དུས་མཚམས་སོ། །ཉི་ 3-2-68a མའི་དཀྱིལ་འཁོར་ཕྱེད་ནུབ་པ་ནས་སྲོད་ཕྱེད་ཀྱི་བར་དུ་ནི་སྲོད་ལ་བརྩམ་པའི་དུས་མཚམས་སོ། །ཐོ་རངས་ཀྱི་ཕྱེད་ནས་ཉི་མའི་དཀྱིལ་འཁོར་ཕྱེད་ཤར་བའི་བར་ནི་དུས་མཚམས་གཉིས་པའོ། །ནམ་ཕྱེད་ནས་ནི་དྲག་ཤུལ་གྱི་ལས་དང་མི་སྣང་བ་ལ་སོགས་ པ་དང་དུར་ཁྲོད་ཀྱི་ལས་རྣམས་བྱ་ལ། དེ་ལས་བཟློག་པའི་སྐབས་སུ་ཞི་བ་སོགས་བྱ་བར་མངོན་རྟོགས་ལས་བཤད་པ་རྣམས་ཤེས་པར་བྱ་བ་གལ་ཆེ་སྟེ། དུས་མ་ཡིན་པར་བྱས་པ་རྣམས་ཀྱི་བཟླས་བརྗོད་གྲངས་སུ་མི་གཞུག་པར་གསུངས་པའི་ཕྱིར་རོ། །མངོན་རྟོགས་ ལས། ཟློས་པས་བཟླས་བརྗོད་ཟིན་པ་དང༌། རིགས་ཀྱི་ཡུམ་དང་བདག་པོ་ལ། །ཉི་ཤུ་རྩ་གཅིག་བཟླས་བརྗོད་ནི། །བྱས་པས་རྟག་ཏུ་བསྲུང་བར་བྱ། །ཞེས་དྲངས་པ་ལྟར་བྱ་སྟེ། རིགས་གསུམ་གྱི་རིགས་ཀྱི་བདག་པོ་ནི་འཇམ་དབྱངས་དང་སྤྱན་རས་གཟིགས་དང་ཕྱག་ན་ རྡོ་རྗེའོ། །རིགས་གསུམ་གྱི་རིགས་ཀྱི་ཡུམ་ནི་སྤྱན་མ་དང་གོས་དཀར་མོ་དང་མཱ་མ་ཀཱིའོ། །གསུམ་པ་ནི། ཐུན་གྱི་བཟླས་བརྗོད་ཀྱི་གྲངས་ཐེམས་པའམ་ལྷག་པར་བྱས་པའི་མཇུག་ཏུ་ལག་པ་གཡས་པའི་སྲིན་ལག་གི་རྒྱབ་ཏུ་གུང་མོ་བཞག །གཡོན་པའི་སྲིན་ལག་གི་ རྒྱབ་ཏུའང་གུང་མོ་བཞག་ནས་སྦྱར་ཏེ། གཡས་པའི་མཛུབ་མོས་གཡོན་པའི་གུང་མོ་དང་སྲིན་ལག་དཀྲི་ཞིང་གཡོན་པའི་མཛུབ་མོས་ཀྱང་གཡས་ཀྱི་གུང་མོ་དང་སྲིན་ལག་དཀྲིས་ལ། མཐེའུ་ཆུང་གཉིས་གཤིབས་ཏེ་བསྒྲེངས་ནས་མཐེ་བོང་གཉིས་མཛུབ་མོའི་ ཚིགས་དབུས་མར་བཞག་པ་བུམ་པའི་ཕྱག་རྒྱ་བྱས་ལ། བདག་ཅག་གི་དགེ་བའི་རྩ་བ་འདི་དངོས་གྲུབ་ཆེ་གེ་མོ་ཞིག་གི་རྒྱུར་བཅོམ་ལྡན་འདས་ལ་དབུལ་ལོ། །མགོན་པོ་ཁྱེད་ཀྱི་ཆེ་གེ་མོའི་དངོས་གྲུབ་སྩལ་ཏུ་གསོལ་ཞེས་དགེ་བ་དབུལ་བར་བྱའོ། །ཕྱག་རྒྱ་ 3-2-68b འདིས་བཟླས་པ་མི་བྱེད་པའི་ཚེ་ཕྲེང་བ་ཕུལ་ནས་བྱེད་པའི་ཚེ་ཕྱིར་ལེན་པ་ཡིན་ཞེས་འདོད་པ་ནི་མ་བརྟགས་པའི་སྨྲ་བའོ། །དེ་ནས་ཆོ་ག་རྒྱུད་བཞིན་མ་ལྕོགས་པའི་ནོངས་པ་བཟོད་པར་གསོལ་ལ་མཆོད་བསྟོད་སོགས་སྔར་བཞིན་བྱས་ནས། སྤྱན་དྲངས་པའི་ཕྱག་རྒྱ་ལས་ མཐེ་བོང་གཉིས་ཕྱིར་བསྐྱེད་པ་གཤེགས་སུ་གསོལ་བའི་ཕྱག་རྒྱ་དང༌། རང་རང་གི་སྙིང་པོའམ་སྤྱིའི་སྙིང་པོའི་མཇུག་ཏུ་གཙྪ་བཏགས་ལ་གཞལ་ཡས་ཁང་དང་བཅས་པ་གཤེགས་སུ་གསོལ་ལོ། །དེ་ནས་ལག་པ་གཡོན་པ་བཀན་པའི་སྟེང་དུ་གཡས་པའི་ཐལ་མོ་ བཞག་སྟེ་སོར་མོ་བསྣོལ་བའི་རྩེ་མོ་དྲང་བར་སྦྱར་ཏེ་ཐད་ཀར་བཞག་པ་མི་མཉམ་པའི་ཡན་ལག་གི་ཕྱག་རྒྱ་གཡོན་ཕྱོགས་ནས་བསྐོར་ཅིང༌། ཨོཾ་ཧུ་ལུ་ཧུ་ལུ་ཙཎྜ་ལི་མ་ཏཾ་གི་པི་སྭཱཧཱ། ཞེས་པས་སྔར་ཕྱོགས་མཚམས་བཅིངས་པ་ལ་སོགས་པ་དགྲོལ་བར་བྱའོ། ། དེ་ནས་ཤེར་ཕྱིན་སོགས་ཀྱི་གླེགས་བམ་བཀླག་པ་དང་རྗེས་སུ་དྲན་པ་དྲུག་སྒོམ་པ་དང༌། མཎྜལ་དང་མཆོད་རྟེན་གདབ་པ་སོགས་བྱའོ། །ཉིན་གཅིག་བཞིན་དུའང་མཆོད་པའི་སྣོད་རྣམས་བཀྲུ་བ་དང་མེ་ཏོག་ཕུལ་བ་རྣམས་དུས་གསུམ་དུ་འཕྱག་པ་དང༌། བླ་གོས་ ལ་སོགས་པའི་གོས་རྣམས་དུས་གསུམ་དུ་བསྔག་ཅིང་བཀྲུ་བའམ་བདུག་པའམ་བསང་གཏོར་བྱས་ལ་བཟླས་བརྗོད་དང་སྦྱིན་སྲེག་དང་མཆོད་པ་སོགས་ལ་ཉལ་བ་དང་འབྲེས་པ་མ་གཏོགས་པར་རྟག་ཏུ་བླ་གོས་བགོ་ལ། ཉལ་བ་དང་ཁྲུས་བྱེད་པ་མ་གཏོགས་ པར་མཐང་གོས་མི་སྤང་ཞིང་རྡུལ་གྱིས་མ་གོས་པར་བྱའོ། །སྔགས་ནི། ཨོཾ་རཀྵ་རཀྵ་མཱ་ན་སརྦ་བུདྡྷ་ཨ་དྷི་ཥྛ་ན་ཨཱཏྨ་ཙི་བ་ར་སྭཱཧཱ་ཞེས་པའོ། །བསྙེན་པའི་སྐབས་སུ་འབྱུང་པོ་ལ་གཏོར་མ་བྱ་བར་གསུངས་པ་ལྟར་གཏོར་མ་ཡང་བྱའོ། །བུ་མོས་བཀལ་བའི་ 3-2-69a སྐུད་པ་དམར་པོ་ལེ་བརྒན་རྩིའམ་གུར་ཀུམ་གྱིས་བཙོས་པ་ལ་མདུད་པ་བདུན་བོར་ཏེ། ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་བནྡྷཱ་ནི་ཤུ་ཀྲ་དྷ་ར་ཎི་སིདྡྷ་རྠེ་སྭཱཧཱ། ཞེས་པ་སྟོང་བཟླས་ལ་སྲོད་ཀྱི་དུས་སུ་རྐེད་པ་ལ་བཅིངས་ནས་འཛག་པ་བསྲུང་བར་བྱའོ། །ཚུལ་དེས་ སྔ་དྲོ་དང་གུང་དང་ཕྱི་དྲོའི་དུས་གསུམ་དུ་ཁྲུས་བྱས་ནས་བཟླས་བརྗོད་ཀྱི་ཆོ་ག་སྔར་བཤད་པ་ལྟར་བྱའོ། །ཟླ་བ་ཕྱེད་ཕྱེད་ཅིང་ཞག་གཅིག་ཏུ་སྨྱུང་བ་བྱས་ནས་བ་དམར་སེར་གྱི་འོ་མ་ཞོ་མར་བཤང་གཅི་སྟེ། བ་བྱུང་ལྔ་ཀུ་ཤ་ཆུ་དང་བཅས་པ་ལ་ལན་བརྒྱར་བསྔགས་ ནས་ཤར་དུ་ཁ་བལྟས་ཏེ་ཙོག་ཙོག་བུར་འདུག་ནས། སྲང་གསུམ་ཙམ་མཆོད་ཡོན་གྱི་སྣོད་གང་རུང་དུ་འཐུངས་ན་ཟླ་བ་ཕྱེད་དུ་དག་པར་འགྱུར་ཞིང༌། བཟའ་བྱ་མིན་པ་སོགས་གང་ཟོས་པ་དེ་ཐམས་ཅད་བྱང་བར་འགྱུར་བར་ལེགས་གྲུབ་ལས་གསུངས་སོ། །སྔགས་ ནི། ན་མོ་བྷ་ག་ཝ་ཏེ་ཨུཥྞཱི་ཥཱ་ཡ་ཨཾ་བི་ཤུདྡྷེ་བཱི་ར་ཛ་ཤི་བི་ཤནྟི་ཀ་རེ་སྭཱཧཱ་དང༌། ཨོཾ་ཡ་ཤོ་ཚེ་སྭཱཧཱ་དང༌། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཥྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། ཨོཾ་ཤི་ཁི་ཤི་ཁི། ནི་ར་མ་ལེ། པྲ་བྷེ་སྭ་རེ། ཏེ་ཛོ་ཏེ་ཛོ་བ་ཏི་སྭཱཧཱ། ཞེས་པ་གསུམ་རིམ་པ་ བཞིན་དུ་རིགས་གསུམ་གྱིའོ། །གཉིས་པ་ལ་གཉིས། མེ་དང་སྒྲ་གནས་ཀྱི་བསམ་གཏན་བཤད་པ་དང༌། སྒྲ་མཐའི་བསམ་གཏན་བཤད་པའོ། །དང་པོ་ནི། བསམ་གཏན་ཕྱི་མ་ལས། གསང་སྔགས་མེ་གནས་དངོས་གྲུབ་སྟེར། །སྒྲ་གནས་རྣལ་འབྱོར་སྟེར་བར་དྲན། ། སྒྲ་མཐར་ཐར་པ་སྟེར་བ་ཉིད། །འདི་དག་དེ་ཉིད་གསུམ་པོ་ཡིན། །ཞེས་མེ་གནས་ཀྱི་དེ་ཉིད་དང༌། སྒྲ་གནས་ཀྱི་དེ་ཉིད་དང༌། སྒྲ་མཐའི་དེ་ཉིད་གསུམ་གསུངས་སོ། །འགྲེལ་པ་ལས་ལྷ་དྲུག་སྒོམ་པ་ཡིན་བསམ་གཏན་གཉིས་ཀའི་སྔོན་དུ་བྱ་བ་དང༌། སྐབས་འདིར་ 3-2-69b ཡང་གསང་སྔགས་དང་རིག་སྔགས་ཀྱི་གཟུགས་ལ་སོགས་པ་མངོན་དུ་བྱ་བར་གསུངས་པས། བསམ་གཏན་འདི་བསྐྱེད་པ་ལ་ཡང་ལྷ་དྲུག་གི་སྒོ་ནས་གསལ་སྣང་དང་དེ་ལ་རྒྱུན་དུ་གནས་ནུས་པ་ཞིག་སྔོན་དུ་གཏོང་བ་དང༌། ལྷའི་རྣལ་འབྱོར་ཡང་གསལ་བཏབ་ནས་བྱ་དགོས་སོ། །དེ་ ལ་མེ་གནས་ཀྱི་བསམ་གཏན་ནི། བསམ་གཏན་ཕྱི་མ་ལས། མི་འབྱེད་ལས་བྱུང་དངོས་པོ་རྣམས། །བློ་ཅན་གྱིས་ནི་བདག་ལ་བསྡམས། །སྔགས་པ་ཡན་ལག་འདས་ལ་གནས། །ཞེན་པ་མེད་པར་བསམ་གཏན་བྱ། །སྒྲ་ཞེས་བྱ་བ་ཕྲེང་བར་སྦྱར། །ཡི་གེ་བརྒྱུས་པ་མི་འགྱུར་རྣམས། ། དྲིལ་བུའི་སྒྲ་བཞིན་མ་ཆད་པར། །ཡིད་ལ་ཞེན་པར་སེམས་པ་ན། །མེ་ཡི་ནང་གནས་ཞི་བ་སྟེ། །ཚིག་རྣམས་དག་པ་ཡན་ལག་ལྡན། །སྲོག་དང་རྩོལ་བ་བཀག་པའི་བདག །གཉིད་སྤངས་ནས་ནི་རྣམ་པར་བསམ། །ཞེས་པས་གསུངས་སོ། །འདི་ཡི་རིམ་པ་ནི། དང་པོ་བདག་གི་དེ་ཁོ་ ན་ཉིད་སེམས་པ་ནི་རྐང་པ་དང་པོ་བཞིས་སྟོན་ཏེ་བསམ་གཏན་བྱའོ་ཞེས་དྲངས་སོ། །གང་གིས་ན་སྔགས་པས་སོ། །ཇི་ལྟར་ན་ཞེན་པ་ནི་འདིར་བདེན་པར་འཛིན་པ་སྟེ་དེ་མེད་པར་བྱ་ཡི། ཀུན་རྫོབ་པའི་ལྷ་ལ་ཞེན་པ་ཙམ་འགོག་པ་མིན་ནོ། །དེ་ཡང་མིག་ལ་སོགས་པའི་ཡན་ལག་ རྣམས་དོན་དམ་པར་མ་གྲུབ་པར་གཏན་ལ་ཕབ་པ་མིག་སོགས་ལས་འདས་པའི་སྤྲོས་བྲལ་ལ་གནས་པ་སྟེ་མ་ལངས་པའོ། །གནས་པའི་ཚུལ་ནི། མིག་ལ་སོགས་པའི་དབང་པོའི་ཤེས་པས་མི་འབྱེད་པ་སྟེ་འཛིན་པར་མི་ནུས་པ་ནི་ཡིད་ཀྱི་ཤེས་པ་ཡིན་ལ། དེ་མཚུངས་ལྡན་དང་ བཅས་པ་ལས་བྱུང་བའི་སེམས་སེམས་བྱུང་རྣམས་བདག་སྟེ་ཡིད་ལ་ཀུན་ནས་དཀྲིས་པ་མི་འབྱུང་བའི་ཚུལ་གྱིས་བསྡམས་ནས་དེ་ལ་གནས་པའོ། །དེ་ཡང་བློ་སྟེ་ཤེས་རབ་དང་ལྡན་ན་དེ་ཁོ་ན་ཉིད་བརྟག་པར་ནུས་སོ། །དེ་ནས་དེ་ལས་ལངས་ཏེ་རང་གི་ལྷའི་སྔགས་རྣམས་ 3-2-70a ལ་ཉན་པའམ་གྲག་པའི་རྣམ་པར་སྣང་བའི་སྒྲའི་ལྷའི་དེ་ཉིད་དང༌། བདག་གི་དེ་ཉིད་གཉིས་ཆུ་ལ་འོ་མ་འདྲེས་པ་བཞིན་དུ་གཅིག་ཏུ་གྱུར་པ་ལ་སེམས་པའི་རྣལ་འབྱོར་གྱིས་གསལ་བར་ནམ་གྱུར་པ་ན་སྔགས་པ་དེ་སྒྲའི་བདག་ཉིད་ཀྱི་ལྷའི་རྣལ་འབྱོར་ ལ་གནས་པར་འགྱུར་རོ། །སྔགས་ཀྱི་ཡི་གེ་ཕྲེང་བར་སྦྱར་བ་སྟེ་བཀོད་པ་ལ་ཡིད་ལ་ཞེན་པར་སེམས་ཞེས་སྦྱར་རོ། །ཡི་གེའི་གཟུགས་ཕྲེང་བར་སྦྱར་བ་ཡིན་ནམ་སྙམ་ན། སྔགས་ཀྱི་ཡི་གེའི་སྒྲ་ཞེས་བྱ་བའི་ཕྲེང་བ་སྟེ་དྲིལ་བུའི་སྒྲ་བཞིན་ཞེས་གསུངས་པས་ སོ། །དེ་ཉིད་ངེས་པར་བྱ་བའི་ཕྱིར་ཡི་གེ་བརྒྱུས་པ་ཞེས་སོ། །མི་འགྱུར་བ་ནི་ཡི་གེའི་སྒྲ་རྒྱུན་མི་འཆད་ཅིང་མི་གཡོ་བར་སྣང་བ་སྟེ་དེས་ན་ཕྱི་རོལ་ཏུ་དྲིལ་བུ་རྡུང་བའི་སྒྲ་རྒྱུན་པར་འབྱུང་བ་བཞིན་ནོ། །སྒྲ་དེ་ལ་བདེན་ཞེན་མེད་པར་བསམ་གཏན་བྱའོ། །དེ་ནས་རང་ ལྷར་གསལ་བའི་ཐུགས་ཀར་མར་མེའི་མེ་ལྕེ་ལྟ་བུའི་མེ་འབར་བ་བསམས་ལ། དེའི་ནང་ན་སྔར་བཤད་པའི་སྒྲའི་ཕྲེང་བ་གནས་པར་བསམ་མོ། །དེ་ནི་ཚ་བ་ལ་སོགས་པའི་གནོད་པ་མེད་པས་ཞི་བའོ། །ཤུབ་བུ་དང་ཡིད་བཟླས་བྱེད་པའི་ཚིག་གིས་དག་པས་ན་ དེ་གཉིས་མེད་པའོ། །སྔགས་གང་ཡིན་པ་དེའི་ཡི་གེ་རེ་རེ་བ་རྣམས་ཀྱི་ཡན་ལག་བར་མ་ཆད་དུ་ལྡན་པའོ། །དེ་ལྟར་སེམས་པ་ལ་རྒོད་པ་དགག་པའི་ཕྱིར་སྲོག་རྩོལ་བཀག་པར་གསུངས་ཏེ། དེ་མ་བཀག་པ་ནི་ཕྱུགས་དང་འདྲ་བར་ཡིད་མཉམ་པར་བཞག་པ་མེད་ པས་སོ། །ཞུམ་པའམ་བྱིང་བ་དགག་པ་ནི་ཞུམ་པའི་ཕྱོགས་སུ་གཏོགས་པའི་གཉིད་སྤངས་པས་བསྟན་ཏོ། །འདི་ནི་རང་གིས་སྔགས་ཡིད་ལ་འདོན་པའི་རྣམ་པ་ཅན་མིན་གྱི། གཞན་གྱིས་སྔགས་བཏོན་པ་ཉན་པ་བཞིན་དུ། རང་གི་སེམས་སྔགས་ཀྱི་གདངས་ཀྱི་ 3-2-70b རྣམ་པར་མེའི་གསེབ་ན་གནས་པར་སྣང་བའོ། །ཇི་སྲིད་དུ་བྲུ་བ་མི་ཚ་བ་ལ་སོགས་པ་ཕྱི་ནང་གི་མཚན་མ་བྱུང་ནས་ཇི་ལྟར་བསམས་པ་སྒྲུབ་ནུས་པ་དེ་སྲིད་དུ་བསམ་གཏན་འདི་གཉིས་བྱ་བར་འགྲེལ་པ་ལས་གསུངས་པའི་ཕྱིའི་མཚན་མ་ནི་བཀྲེས་སྐོམ་གྱིས་གནོད་པ་མེད་ པའོ། །ནང་གི་མཚན་མ་ནི་མེ་དམིགས་དང་རླུང་སྦྱོར་གྱི་མཐུས་བདེ་དྲོད་ལ་བརྟེན་པའི་ཏིང་ངེ་འཛིན་སྐྱེས་པའོ། །འདི་ནི་ཡན་ལག་བཞིའི་བཟླས་རྗོད་བྱེད་པས་ཀྱང་བཟླས་བརྗོད་ཀྱི་མཇུག་གམ་སྐབས་གཞན་དུ་ཡང་རུང་སྟེ་སྔགས་ཀྱི་མཐུ་བསྐྱེད་པ་དང་། སེམས་ མཉམ་པར་གཞག་པའི་ཕྱིར་བྱ་བར་འགྲེལ་པ་ལས་གསུངས་པས། མེ་གནས་ནི་བཟླས་བརྗོད་རྣམས་མཐུ་ཅན་དུ་བྱེད་པ་དང་སེམས་གནས་པར་འགྱུར་བ་སྟེ་དེའི་ཕྱིར་དེས་དངོས་གྲུབ་སྟེར་བར་གསུངས་སོ། །སྒྲ་གནས་ནི། བསམ་གཏན་ཕྱི་མ་ལས། སྒྲ་ལ་གནས་ པའི་བསམ་གཏན་ནི། །སྙིང་གར་གནས་པ་ཕྲ་བ་ནི། །དྲི་མེད་ཟླ་བའི་དཀྱིལ་འཁོར་ཏེ། །དེ་ནང་རབ་ཏུ་ཞི་བ་ཡི། །མེ་ལྕེ་རབ་ཏུ་འོད་བཟང་བ། །མི་འགྱུར་གཞི་ནི་དེ་བཞག་ནས། །བདེ་བར་འདུག་ནས་སྒྲ་བསམ་མམ། །མི་འགྱུར་བ་ལ་ཡི་གེ་གཞག །སྒྲ་ཉིད་འབའ་ ཞིག་བསམ་པར་བྱ། །ཞེས་པས་གསུངས་སོ། །སྙིང་གར་དྲི་མ་མེད་པའི་ཟླ་བའི་དཀྱིལ་འཁོར་ཕྲ་བ་སེམས་པ་ནི་དེ་ཆེ་ན་རྟོག་པ་གཅོད་པ་དཀའ་བས་སོ། །སྔར་ཟླ་བའི་ནང་ན་གནས་པའི་མེ་ལྕེ་ལ་མི་འགྱུར་བའི་སྔགས་ཀྱི་ཡི་གེའི་གཞི་ལྷའི་སྐུ་བཞག་ནས། དེ་ནས་དེ་བཏང་སྟེ་སྔགས་ཀྱི་སྒྲ་འབའ་ཞིག་ལ་བསམ་གཏན་བྱ་ཞིང༌། དབུགས་ཕྱིར་གཏོང་པའི་ཚེ་རང་གི་ལྷའི་སྐུ་ལ་དམིགས་པར་བྱའོ། །འདིར་སྒྲ་ལ་དམིགས་པ་ན་ལྷ་དང་ཟླ་བའམ་མེ་ལ་མི་དམིགས་པས་བཟླས་བརྗོད་ཡན་ལག་བཞིའི་བཟླས་ཚུལ་གཉིས་དང་མེ་ 3-2-71a གནས་དང་མི་འདྲའོ། །དེ་ལྟར་བྱེད་པ་ཡང་གཞུང་གཞན་དག་ལས་སྒྲའམ་རླུང་གིས་རེག་པའི་བསམ་གཏན་བྱེད་པའི་ཚེ་གཟུགས་ལ་དམིགས་ན་སེམས་གཡེང་བར་གསུངས་པའི་ཕྱིར་རོ། །དེ་ཁོ་ན་ཉིད་རྟོགས་པའི་བྱང་ཆུབ་ཀྱི་སེམས་ནི། སྣང་བ་ མེད་པའི་རྣམ་པར་གཅིག་པར་གནས་པས་མི་འགྱུར་བ་ཞེས་བྱ་ལ། དེས་ན་དེའི་མཚན་མར་གྱུར་བའི་ཟླ་བ་ཡང་མི་འགྱུར་བ་ཞེས་བྱའོ། །དེ་ལ་སྔགས་ཀྱི་ཡིག་འབྲུ་བཀོད་པ་ལ་དམིགས་ལ། དེ་ནས་དེ་བཏང་ནས་སྒྲའི་དབྱངས་འབའ་ཞིག་ལ་བསམ་གཏན་བྱའོ། ། དེས་ན་བཟླས་བརྗོད་ཡན་ལག་བཞིའི་སྒྲ་ལ་དམིགས་པ་དང་མི་འདྲ་སྟེ། དེར་ནི་ལྷའི་སྐུ་ལ་སེམས་ངལ་བསོས་ནས་ཕྱིས་སྒྲ་འབའ་ཞིག་ལ་དམིགས་ཀྱི། འདི་ནི་སྔོན་དུ་ཡིག་འབྲུ་ལ་ངལ་གསོས་ནས་སྒྲ་ལ་དམིགས་པའི་ཕྱིར་རོ། །འགྲེལ་པར་ཁྱད་པར་འདི་ ལྟར་ཕྱེ་བ་ནི་དམིགས་ཡུལ་གྱི་སྒོ་ནས་ཕྱེ་བ་ཡིན་ལ། གཙོ་བོའི་ཁྱད་པར་ནི་སྔར་ཡིད་བཟླས་བྱས་པའི་ངང་ནས་སྒྲའི་གདངས་ལ་དམིགས་ལ་འདིར་ནི་རང་གིས་འདོན་པའི་རྣམ་པ་ཅན་མིན་པར་སྔགས་ཀྱི་གདངས་ལ་དམིགས་པའི་ཕྱིར་ཏེ། འདི་རྣམས་བཟླས་ བརྗོད་ལ་མི་ལྟོས་པའི་བསམ་གཏན་དུ་ཡང་ཡང་བཤད་པའི་ཕྱིར་རོ། །སྐབས་འདིར་ཡང་སྲོག་རྩོལ་འགོག་པའི་རླུང་སྦྱོར་འགྲེལ་པ་ལས་བཤད་དོ། །གཉིས་པ་ལ་གཉིས། སྒྲའི་གནས་སྐབས་གཏོང་བའི་རིམ་པ་དང༌། སྒྲ་མཐའི་བསམ་གཏན་དངོས་སོ། ། དང་པོ་ནི། སྒྲའི་མཐའ་ནི་སྔགས་ཀྱི་སྒྲ་ཙམ་ལ་གནས་པ་ཡང་ཡོངས་སུ་བཏང་བའི་མཐའ་གཉིས་སུ་མེད་པའི་དེ་ཉིད་དེ། དེ་བསྒོམས་ན་སྒྲིབ་གཉིས་ལས་གྲོལ་ནས་ཆོས་སྐུའི་རང་བཞིན་གྱི་ཐར་པ་འཐོབ་པའོ། །དེ་ཡང་བསམ་གཏན་ཕྱི་མ་ལས། ལྟོས་ 3-2-71b བཅས་ཡན་ལག་གྱུར་པར་སྣང༌། །སྒྲ་ཞེས་བྱ་དང་ཡིད་ཀྱིས་དང༌། །ཚིག་རྣམས་དག་པ་རིག་སྔགས་དབང༌། །ཡན་ལག་སྤང་བ་རྒྱལ་བས་མཁྱེན། །ཞེས་གསུངས་ཏེ། འདིས་ནི་ཆོས་སྐུའི་ཐར་པ་སྟེར་བའི་སྒྲའི་མཐའི་བསམ་གཏན་དེ་ལམ་གྱི་རིམ་པ་ཇི་འདྲ་བ་ཞིག་ གོམས་པས་སྟེར་བའི་རིམ་པ་བསྟན་པས། ལམ་སྤྱིའི་གོ་རིམས་དང་སྟོང་པ་ཉིད་སྐབས་གོང་དུ་སྒོམ་པའི་ས་མཚམས་གསལ་བར་སྟོན་ཏེ། འགྲེལ་པ་ལས། གསང་སྔགས་ཀྱི་སྤྱོད་པ་ལ་ཞུགས་པའི་རྣལ་འབྱོར་པ་རྣམས་ཀྱིས་གསང་སྔགས་ཡན་ལག་ཏུ་གྱུར་ པ་སྣང་བ་དང༌། སྒྲ་ཞེས་བྱ་བ་དང་ཡིད་ཀྱི་དང་ཚིག་རྣམ་པར་དག་པའི་གནས་སྐབས་ཡོངས་སུ་བཏང་བའི་རིམ་པས་ཆོས་ཀྱི་སྐུ་དེ་མངོན་དུ་འགྱུར་བར་བྱའོ། །དེ་བས་ན་སྒྲའི་མཐའ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་བསྒོམས་ན་ཐར་པ་སྟེར་རོ་ཞེས་གསུངས་སོ། ། ཞེས་སོ། །དེ་ལ་རིག་སྔགས་ནི་མཚོན་པ་ཙམ་ཡིན་པས་གསང་སྔགས་ཀྱང་གཟུང་སྟེ་དེ་གཉིས་ཀྱི་དབང་པོ་ནི། རང་གིས་བསྒྲུབ་པར་བྱ་བའི་ལྷ་མོ་དང་ལྷ་ཕོའི་རྣམ་པ་ཅན་རྣམས་སོ། །དེའི་ཡན་ལག་ནི་ལྷ་དེ་དག་དང་འབྲེལ་བ་དེ་དག་གི་ཆ་ཤས་སམ་གནས་སྐབས་ཡིན་ལ། དེ་ སྤང་བ་ནི་གནས་སྐབས་རྣམས་རིམ་གྱིས་བཏང་བའོ། །དེ་ཡང་བཞི་ལས་དང་པོ་ནི། སྲོག་རྩོལ་དང་དཀའ་ཐུབ་དང་བསམ་གཏན་ལ་སོགས་པ་ལ་བལྟོས་ནས་སྔགས་པ་རང་གི་ལྷའི་ཡན་ལག་ཏུ་གྱུར་བར་སྣང་བ་སྟེ་རང་ཉིད་ལྷའི་སྐུར་སྣང་བའོ། །གཉིས་པ་ནི། སྒྲ་ཞེས་བྱ་བའི་ཡན་ལག་སྟེ་ཤུབ་བུར་བཟླས་རྗོད་བྱེད་པའི་སྔགས་ཀྱི་གནས་སྐབས་སོ། །གསུམ་པ་ནི། ཡིད་ཀྱི་ཡན་ལག་སྟེ་ཡིད་ཀྱིས་སྔགས་ཀྱི་བཟླས་རྗོད་བྱེད་པའི་གནས་སྐབས་སོ། །བཞི་པ་ནི། ཤུབ་བུ་དང་ཡིད་བཟླས་ཀྱི་ཚིག་གཉིས་རྣམ་པར་དག་པ་ 3-2-72a སྟེ་དེ་གཉིས་དང་བྲལ་བའི་མེ་གནས་དང༌། སྒྲ་གནས་ཀྱི་བསམ་གཏན་སྔགས་ཀྱི་སྒྲའི་རྣམ་པར་སེམས་སྣང་བའོ། །དེ་རྣམས་སྤོང་ཚུལ་ནི། སྔ་མ་སྔ་མ་བརྟན་པར་བྱས་ནས་ཕྱི་མ་ཕྱི་མ་ལ་འཕོ་བ་ཡིན་ཏེ། འགྲེལ་པ་ལས། དེ་ལ་གྲོལ་བར་འདོད་པས་ རགས་རིམ་གྱིས་སྤང་བའི་རིམ་པ་ནི། འདི་ལྟ་སྟེ། སླར་སྦུད་པ་དང་དཀའ་ཐུབ་དང་བསམ་གཏན་དང༌། སྲོག་དང་རྩོལ་བ་ལ་སོགས་པ་བྱས་ནས་རང་གི་ལྷའི་གཟུགས་བརྙན་ལ་དམིགས་པས་རབ་ཏུ་སྦོམ་པའི་ཏིང་ངེ་འཛིན་བརྟན་པར་བྱས་ལ། ཤུབ་བུར་བཟླས་རྗོད་ བྱེད་པའི་གསང་སྔགས་ཀྱི་སྒྲ་ལ་དམིགས་པའི་ཏིང་ངེ་འཛིན་རབ་ཏུ་རགས་པ་ལ་དམིགས་པ་ཡོངས་སུ་སྤངས་ནས་རགས་པའི་ཏིང་ངེ་འཛིན་བརྟན་པར་བྱའོ། །རགས་པ་ལ་དམིགས་པ་དེ་ཡང་ཕྲ་བ་ཡིད་ཀྱི་སྒྲའི་ཏིང་ངེ་འཛིན་གྱིས་ཡོངས་སུ་སྤང་ངོ༌། །དེ་ཡང་རབ་ཏུ་སྤངས་ ནས་རབ་ཏུ་ཕྲ་བ་གསང་སྔགས་ཀྱི་རྣམ་པར་རྟོག་པའི་ཏིང་ངེ་འཛིན་ལ་གནས་སོ། །དེ་ཡང་ཡོངས་སུ་སྤངས་ཏེ་གྲོལ་བར་འདོད་པས་ཆོས་ཀྱི་སྐུ་ལ་དམིགས་པའི་ཏིང་ངེ་འཛིན་ནན་ཏན་དུ་བྱའོ། །ཞེས་གསུངས་སོ། །དེ་ལྟར་ཡན་ལག་བཞི་རིམ་གྱིས་བཏང་བའི་འོག་ཏུ་སྟོང་ པ་ཉིད་བསྒོམས་ན་ཐར་པ་སྟེར་བའི་རིམ་པ་དེ་རྒྱལ་བས་མཁྱེན་ནོ་ཞེས་པའམ། ཡང་ན་ཀྱཻ་རིག་སྔགས་ཀྱི་དབང་པོ་ཞེས་བོས་ནས་ཡན་ལག་དེ་རྣམས་བཏང་ན་སྔགས་དོན་རྣམ་པར་དབྱེ་བ་མཁྱེན་པའི་རྒྱལ་བར་འགྱུར་རོ། །ཞེས་ཚུལ་གཉིས་སུ་བཤད་པའི་ཕྱི་མ་ལྟར་ བྱས་ན་སྒྲ་མཐར་ཐར་པ་སྟེར་བ་ཉིད་ཅེས་པའི་མདོར་བསྟན་དང་མཐུན་ནོ། །གལ་ཏེ་ལྷའི་སྐུ་ལ་དམིགས་པ་ཡང་བཏང་དགོས་ན་སྒྲ་མཐའ་ཞེས་སྒྲ་གཏོང་བ་ཙམ་དུ་བཤད་པ་ཅི་ཡིན་སྙམ་ན། ཡན་ལག་དང་པོ་བཏང་བ་ནི། སྔགས་ཀྱི་སྒྲའི་གནས་བཏང་བ་ཡིན་ཏེ། ལྟར་ 3-2-72b སྣང་བའི་སྔགས་པ་ནི་སྔགས་ཟློས་པ་པོ་ཡིན་པའི་ཕྱིར་རོ། །ཡན་ལག་བར་པ་གཉིས་བཏང་བ་ནི་སྔགས་ཀྱི་སྒྲའི་མངོན་པར་འདུ་བྱེད་པ་བཏང་བ་ཡིན་ལ། ཡན་ལག་ཐ་མ་བཏང་བ་ནི་སྔགས་ཀྱི་སྒྲའི་རང་བཞིན་བཏང་བ་ཡིན་པས་དེ་རྣམས་བཏང་བ་ལ་སྒྲ་བཏང་བ་ཞེས་ བྱ་བར་རུང་ངོ༌། །དེ་ཐམས་ཅད་ཀྱང་དེ་བཞིན་ཉིད་ལ་དམིགས་པའི་བསམ་གཏན་གྱི་ངོ་ན་མི་སྣང་བས་དེའི་དུས་སུ་བཏང་བར་གསུངས་སོ། །འདིར་བསྐྱེད་པར་བྱ་བའི་ཏིང་ངེ་འཛིན་ནི་གསུམ་སྟེ། ལྷའི་སྐུ་ལ་དམིགས་པ་དང༌། ལྷའི་གསུང་སྔགས་ལ་དམིགས་པ་དང༌། ལྷའི་ཐུགས་དེ་ཁོ་ན་ཉིད་ལ་དམིགས་པའོ། །དང་པོ་ནི་རབ་ཏུ་སྦོམ་པ་སྟེ་ཤིན་ཏུ་རགས་པའི་ཏིང་ངེ་འཛིན་ནོ། །གཉིས་པ་ནི་དེ་ལས་ཕྲ་ལ། གསུམ་པ་ནི་ཆེས་ཕྲ་བ་ཡིན་པས་རིམ་པ་དེ་ལྟར་དུ་ངེས་ཏེ་རགས་རིམ་ནས་རྒྱུད་ལ་བསྐྱེད་དགོས་པའི་ཕྱིར་རོ། །དེ་ལ་ཐོག་མར་ ལྷའི་སྐུ་གསལ་བ་དང་དེ་ལ་རིང་དུ་གནས་པ་གཉིས་ཚོགས་བསྐྱེད་དགོས་པས། རྣམ་པ་དུ་མ་ཅན་གྱི་བསམ་གཏན་གྱིས་གསལ་སྣང་སྒྲུབ་དགོས་ཏེ། གོམས་པར་བྱའི་རྣམ་པ་ཡང་ཡང་ཡིད་ལ་བྱེད་པ་ལས་གསལ་བར་སྣང་བ་འབྱུང་བའི་ཕྱིར་ཏེ་འདོད་ འཇིགས་གོམས་པ་བཞིན་ནོ། །རྩེ་གཅིག་ཏུ་མ་བཞག་ན་གསལ་སྣང་བྱུང་ཡང་དམིགས་པ་གཅིག་ལ་ཇི་ལྟར་འདོད་པར་མི་གནས་པས་རྩེ་གཅིག་པའི་ཏིང་ངེ་འཛིན་གྱིས་གཞག་དགོས་ཏེ་སྔར་བཤད་པ་ལྟར་རོ། །དེ་འདྲ་བའི་སྒོ་ནས་སེམས་ལས་སུ་རུང་བ་ཐོབ་ ལུགས་ནི། དཔུང་བཟང་གི་ལྔ་པ་ལས། སྣ་རྩེར་ལྟ་ཞིང་རྣམ་པར་རྟོག་པ་སྤོང༌། །ནམ་ཞིག་བསྐྱོད་ཀྱང་རྣམ་པར་མི་གཡོ་བ། །དེ་ཚེ་མི་གསལ་གནས་དག་ཐོབ་པ་སྟེ། །སེམས་ནི་ལས་སུ་རུང་བར་འགྱུར་བར་ངེས། །ཞེས་གསུངས་པ་ལྟར། བསྐྱོད་ཀྱང་རྣམ་པར་གཡོ་མི་ནུས་ 3-2-73a པའི་གནས་ཆ་བྱིང་བ་དང་བྲལ་བ་དགོས་ཏེ། གསལ་བའི་ངར་མ་ཐོན་པའི་གནས་ཆ་ནི་བྱིང་བ་དང་མི་འགལ་བའི་ཕྱིར་རོ། །བཟླས་བརྗོད་ཀྱི་སྔོན་དུ་ལྷ་ལ་དམིགས་པའི་ཏིང་ངེ་འཛིན་བརྟན་པོ་སྒྲུབ་པ་ཤིན་ཏུ་གནད་ཆེ་སྟེ། དེ་ཉིད་ལས། རྩེ་གཅིག་སེམས་དང་ལྡན་ པའི་མི་ལ་ནི། །ཡིད་ལས་བྱུང་བའི་དགའ་བ་རབ་ཏུ་སྐྱེ། །དགའ་བས་ལུས་ནི་ཤིན་ཏུ་སྦྱངས་པ་འཐོབ། །ལུས་སྦྱངས་པས་ནི་བདེ་བའི་སྐལ་ལྡན་འགྱུར། །ལུས་བདེ་རྩེ་གཅིག་སེམས་དང་ཏིང་འཛིན་གྱིས། །དེ་ཚེ་བཟླས་བརྗོད་ཐོགས་པ་མེད་པར་འགྱུར། །ཞེས་སོ། །སེམས་རྩེ་གཅིག་ པའི་ཏིང་ངེ་འཛིན་སྐྱོན་མེད་དུ་སྒྲུབ་ཚུལ་དང་བསྒྲུབས་པ་ལས་ཐོག་མར་སེམས་ཤིན་སྦྱངས་སྐྱེ་ཚུལ་དང༌། དེ་ལ་བརྟེན་ནས་ལུས་ཤིན་སྦྱངས་སྐྱེ་ཚུལ་དང༌། དེའི་འོག་ཏུ་ཞི་གནས་མཚན་ཉིད་པ་འགྲུབ་ཀྱི་སྔ་རོལ་ཏུ་ཞི་གནས་རྗེས་མཐུན་པ་ལས་མི་སྐྱེ་བའི་ཚུལ་རྣམས་ཐེག་པ་ཐུན་ མོང་བའི་ལམ་གྱི་རིམ་པར་བཤད་ཟིན་པས་མ་སྤྲོས་སོ། །རྒྱུད་སྡེ་བཞི་ཁའི་སྐབས་སུ་ཐོག་མར་ཞི་གནས་མཚན་ཉིད་པ་འགྲུབ་པའི་དུས་ནི་ཕལ་ཆེར་ལྷའི་རྣལ་འབྱོར་ལ་འཁྲིད་པའི་དུས་ཡིན་པས། ཞི་གནས་མཚན་ཉིད་པ་དང་རྗེས་མཐུན་པ་མ་ཕྱེད་ཅིང་ཞི་གནས་ མཚན་ཉིད་པ་གྲུབ་པའི་དུས་ཚིགས་གཞུང་ཆེ་བ་རྣམས་ནས་འབྱུང་བ་བཞིན་ཞིབ་པར་མ་ཕྱེད་ན། ཐོག་མར་ལྷའི་རྣལ་འབྱོར་ལ་འཁྲིད་པའི་སྐབས་སུ་ཇི་ཙམ་ཞིག་ཏུ་བཀྲི་དགོས་པའི་ས་མཚམས་ཤེས་པ་མ་ཡིན་ནོ། །དེ་ལྟར་སྐུ་ལ་དམིགས་པའི་ཏིང་ངེ་འཛིན་བརྟན་ པ་ན་དེ་བཏང་ནས་གསུང་སྔགས་ལ་དམིགས་པའི་ཏིང་ངེ་འཛིན་ལ་སློབ་བོ། །གཏོང་བ་ནི་སྐུ་ལ་སེམས་བཟུང་ཡིན་སློབ་པ་དེ་བཞག་ནས་དམིགས་པ་གཞན་ལ་སེམས་འཛིན་པ་ལ་བྱེད་ཀྱི། དེ་ཕྱིན་ཆད་ནས་ལྷའི་གསལ་སྣང་འཆར་བ་འགོག་པ་མིན་ཏེ། བཟླས་ 3-2-73b བརྗོད་གསུམ་དང་མེ་གནས་དང་སྒྲ་གནས་ཀྱི་སྐབས་སུ་ཡང་ལྷ་ལ་དམིགས་པར་མང་དུ་གསུངས་པའི་ཕྱིར་རོ། །སྔགས་ལ་དམིགས་པ་ལ་གསུམ་ལས་རགས་པ་ལ་དམིགས་པ་ནི་ཡི་གེའི་གཟུགས་སམ་སྒྲ་ལ་དམིགས་ནས་ཤུབ་བུའི་བཟླས་པ་བྱེད་པ་སྟེ་ཡིག་འབྲུ་ཟླ་བ་ལ་བཀོད་ པའི་རྣམ་པ་དང༌། གདངས་ཀྱི་རྣམ་པ་ལས་སེམས་གཞན་དུ་མི་འཕྲོ་བར་བཟུང་ཡིན་རང་གིས་ཐོས་ཙམ་དུ་ཟློ་བ་ལ་སློབ་པའོ། །དེ་ལྟ་བུའི་ངག་ཏུ་སྔགས་བཟླས་པ་དང་སེམས་སྐབས་ཀྱི་དམིགས་པ་གང་ཡིན་དེ་ལས་གཞན་དུ་མི་འཕྲོ་བར་ཟློ་བའི་རྣལ་འབྱོར་བརྟན་པ་ན་ དེ་ལྟར་སློབ་པ་དེ་བཞག་ནས་ཕྲ་བ་ལ་སློབ་སྟེ་ངག་ཏུ་སྔགས་མི་འདོན་པར་ཡིད་ཁོ་ནས་ཟློ་བ་དང༌། སེམས་ཡིག་འབྲུའི་གཟུགས་སམ་གདངས་ཀྱི་རྣམ་པ་གང་རུང་ལ་གཟུང་བ་གཞན་དུ་མི་འཕྲོ་བ་གཉིས་བརྟན་པོར་སོང་སོང་གི་བར་དུ་བསླབ་བོ། །དེ་བརྟན་པ་ན་དེ་ ཡང་བཞག་ནས་རབ་ཏུ་ཕྲ་བ་སྒྲའི་རང་བཞིན་གྱི་བསམ་གཏན་གཉིས་ལ་བསླབ་སྟེ། རང་གི་སེམས་བདག་གི་དེ་ཁོ་ན་ཉིད་རྟོགས་པ་དེ་ཉིད་གཟུང་ཆ་སྔགས་ཀྱི་སྒྲ་དང་མེ་འབར་བའི་རྣམ་པར་སྣང་བ་ལ་སེམས་གཟུང་ངོ༌། །དེའི་རྟགས་སྔར་བཤད་པ་རྙེད་རྙེད་དུ་ བསྐྱངས་པས་བརྟན་པ་ན་དེ་ཡང་གཞག་ནས་རང་གི་སེམས་གཟུང་ཆ་སྔགས་ཀྱི་གདངས་ཀྱི་རྣམ་པ་ཅན་དུ་ལྷང་ལྷང་སྣང་བ་དང༌། འཛིན་ཆ་གཞན་དུ་མི་འཕྲོ་བར་སྔགས་ཀྱི་སྒྲའི་ཕྲེང་བ་དེ་ཉིད་ལ་གནས་པ་གཉིས་དབྱེར་མེད་དུ་སྦྱོར་བའི་རྣལ་འབྱོར་ལ་བསླབ་སྟེ། འདི་བརྟན་པ་ཉིད་སྒྲ་གནས་རྣལ་འབྱོར་སྟེར་བའི་དོན་ཡིན་ནོ། །དེ་གཉིས་ནི་དཔེར་ན་རང་གི་སེམས་དམིགས་པ་ལ་རྩེ་གཅིག་ཏུ་གནས་པའི་ཚེ་ན་གཟུང་ཆ་ལྷའི་ཞལ་ཕྱག་ལ་སོགས་པའི་རྣམ་པ་དུས་གཅིག་ཏུ་གསལ་བ་བཞིན་དུ། ཡི་གེའི་ཕྲེང་བའི་ཆ་སྔ་མའི་རྣམ་ 3-2-74a པ་ཤར་བ་རྣམས་ཕྱི་མའི་རྣམ་པ་ཤར་བའི་ཚེ་ཡང་ལམ་མེ་སྣང་བའི་སེམས་བརྟན་པའོ། །གཉིས་པ་ནི། དེ་ལྟར་ལྷ་སྐུ་ནས་སྒྲ་གནས་ཀྱི་བར་དུ་སེམས་བཟུང་བ་ལ་སྲོག་རྩོལ་བཀག་པའི་རླུང་སྦྱོར་དང་མེ་ལ་དམིགས་པ་དང༌། ལྷ་སྐུ་ལ་སོགས་པའི་ དམིགས་པ་ཕྲ་རགས་མང་པོ་ལ་སེམས་རྩེ་གཅིག་ཏུ་བཟུང་བའི་མཐུས། དཔུང་བཟང་ནས་བཤད་པ་ལྟར་གྱི་གནས་ཆ་ཤིན་ཏུ་བརྟན་པ་དང༌། ལུས་སེམས་ལ་དགའ་བདེ་ཁྱད་པར་ཅན་དང་ལུས་སེམས་ལས་རུང་བའི་ཤིན་སྦྱངས་སྐྱེ་ཞིང༌། ཁྱད་པར་དུ་རླུང་སྦྱོར་དང་ མེ་དམིགས་རིང་དུ་བསྒོམས་པའི་མཐུས་བདེ་དྲོད་དང་དེ་ལ་བརྟེན་པའི་བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་མཐུ་ལྡན་སྐྱེ་མོད་ཀྱང༌། དེ་དག་ལ་རྫོགས་རིམ་ཡང་མི་ཟེར་ལ་སྲིད་པའི་རྩ་བ་བདག་འཛིན་གཅོད་པའི་ལམ་ཡང་ད་དུང་མ་རྙེད་པས་སྒྲ་གནས་ཀྱང་བཏང་ ནས་སྒྲ་མཐར་ཐར་པ་སྟེར་བའི་བསམ་གཏན་སྟོང་པ་ཉིད་བསྒོམ་པར་བྱའོ། །དེ་ཇི་ལྟར་བསྒོམ་པ་སྐབས་འདིར་མདོ་ཙམ་ལས་མ་སྨོས་པ་ནི་སྔར་བདག་གི་དེ་ཉིད་སྒོམ་པའི་སྐབས་སུ་བཤད་ཟིན་པ་ལ་དགོངས་པས་ན་སྔར་བཤད་པ་ཉིད་འདིར་བླངས་ནས་བཤད་ དགོས་སོ། །དེ་ཡང་སྔར་བཤད་པ་ལྟར་གང་ཟག་གི་བདག་དང་ཆོས་ཀྱི་བདག་རྣམས་ལུང་དང་རིགས་པས་དགག་ལ། ཆོས་ཐམས་ཅད་དོན་དམ་པར་མ་གྲུབ་པར་རྟོགས་པའི་དབུ་མའི་ལྟ་བ་སྔོན་དུ་བཙལ་བར་བྱ་སྟེ། དེ་མ་རྙེད་པའི་མི་རྟོག་པ་ཙམ་ལ་སྟོང་ཉིད་སྒོམ་ པའི་དོན་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ། །དེ་རྙེད་པ་ན་སྒོམ་པའི་ཚུལ་ནི་རྒྱུད་ལས་མི་གཡོ་གསལ་བ་སྟེ་ཞེས་པའི་ཁྱད་པར་གཉིས་དང་ལྡན་པར་སྒོམ་དགོས་ཏེ། བདག་མེད་པའི་ལྟ་བས་ཧ་ཅང་དཔྱད་དྲགས་ན་རྒོད་པ་སྐྱེས་ནས་གཡོ་བར་བྱེད་པས་བདག་མེད་ཀྱི་དོན་ 3-2-74b ལ་ངེས་པ་དྲངས་པའི་ངེས་པ་དེ་ཉིད་རྩེ་གཅིག་ཏུ་བསྐྱང་ཞིང་ཧ་ཅང་མི་དཔྱད་དོ། །དེ་ལྟ་འཇོག་སྒོམ་བྱས་པ་ན་ཧ་ཅང་བཞག་དྲགས་པས་ཆོས་སོ་སོར་འབྱེད་པར་མི་སྤྲོ་ཞིང་ཕར་སྤྲོས་པ་ན་འཕྲོ་མི་ཉན་པར་མི་རྟོག་པར་ཧྲིལ་ཧྲིལ་འགྲོ་ན་ཞི་གནས་ཤས་ཆེ་བས་ ཞི་ལྷག་ཆ་མ་སྙོམས་པ་ཡིན་ལ། དེ་ལ་བཞག་དྲགས་ན་ཞུམ་པའམ་བྱིང་བ་དང་རྨུགས་པ་འདྲེན་པས་དེ་དག་ཏུ་འགྱུར་ཏེ། དཔེར་ན་དཔྱད་དྲགས་ནས་ལྷ་མཐོང་ཤས་ཆེ་ན་དེའི་མཐར་རྒོད་པ་སྐྱེ་བ་བཞིན་ནོ། །དེས་ན་སོ་སོར་རྟོག་པའི་ཤེས་རབ་ཀྱི་རྩལ་སྦྱོང་ བའི་དཔྱོད་པ་དང་རྩེ་གཅིག་ཏུ་འཇོག་པ་གཉིས་ཀ་བྱ་སྟེ། འགྲེལ་པ་ལས། ད་ནི་བདག་གི་དེ་ཁོ་ན་ཉིད་ཡེ་ཤེས་ཀྱི་རང་བཞིན་དེ་ཞུམ་པ་དང་རྒོད་པ་མེད་པར་བསྟན་པ། མི་གཡོ་གསལ་བ་སྟེ་ཞེས་བྱ་བ་གསུངས་སོ། །དེ་ལ་མི་གཡོ་བ་ནི་འགུལ་བར་མི་འགྱུར་བ་ཞེས་བྱ་ བའི་ཐ་ཚིག་གོ། འདིས་ཀྱང་ཤེས་རབ་རྒོད་པའི་རྣལ་འབྱོར་པ་ཆོས་རྣམ་པར་འབྱེད་པའི་རྣམ་པར་རྟོག་པ་གོམས་པར་བྱས་པའི་སེམས་གཡོ་བ་མ་ཞི་བའི་མཚན་ཉིད་རྒོད་པ་དགག་པ་གསུངས་སོ། །དེ་བས་ན་སེམས་མི་གཡོ་བ་ནི་ལམ་ལ་ཉེ་བར་ཞི་བ་ཡིན་ནོ། །ཞེས་ བཤད་དོ། །ཞེས་ཤེས་བྱེད་ཀྱི་ལུང་དྲངས་ནས་དཔྱད་དྲགས་པ་སྐྱོན་དུ་འགྱུར་པས་འཇོག་སྒོམ་བྱ་བར་གསུངས་ཏེ། འདིར་ཆོས་རྣམ་འབྱེད་ཀྱི་ཤེས་རབ་ལ་རྒོད་པའི་མཚན་ཉིད་གསུངས་པ་ནི་དཔྱད་དྲགས་ན་དེའི་མཐར་རྒོད་པ་སྐྱེ་བའི་དོན་ཡིན་གྱི། ཤེས་རབ་ དེ་ཉིད་རྒོད་པ་ག་ལ་ཡིན། ཡང་དེ་ཉིད་ལས། དེ་བཞིན་དུ་གསལ་བ་ཞེས་བྱ་བ་ནི་དང་བསྟེ་རྨུགས་པ་ལ་སོགས་པའི་ཉེས་པ་དང་བྲལ་ཞེས་བྱ་བའི་ཐ་ཚིག་གོ། འདིས་ཀྱང་ཞི་གནས་གཅིག་པུར་སོང་བའི་རྣལ་འབྱོར་པ་ཆོས་རྣམ་པར་དབྱེ་བའི་དུས་ན་ཡང་གང་ 3-2-75a ཧ་ཅང་མཉམ་པར་བཞག་ཅེས་པ་སེམས་ཞུམ་པའི་མཚན་ཉིད་རྨུགས་པ་ཆོས་རྣམ་པར་འབྱེད་པའི་མི་མཐུན་པའི་ཕྱོགས་སུ་འགྱུར་བ་དེ་བཀག་གོ། ཞེས་གསུངས་ཏེ། འདི་ཡང་བཞག་དྲགས་ན་དེའི་མཐར་རྨུགས་པ་དང་བྱིང་བ་སྐྱེ་བ་དང༌། ཆོས་རབ་ ཏུ་རྣམ་འབྱེད་ཀྱི་མི་མཐུན་ཕྱོགས་སུ་འགྱུར་བའི་དོན་ཡིན་གྱི་ཞི་གནས་ཉིད་ཞུམ་པ་དང་རྨུགས་པར་སྟོན་པ་མིན་ནོ། །འདི་དང་མཐུན་པར་སྒོམ་རིམ་ཐ་མ་ལས་ཀྱང༌། ཡང་གང་གི་ཚེ་ལྷག་མཐོང་བསྒོམས་པས་ཤེས་རབ་ཤིན་ཏུ་ཤས་ཆེ་བར་གྱུར་པ་དེའི་ཚེ་ ཞི་གནས་ཆུངས་པའི་ཕྱིར། མར་མེ་རླུང་ལ་བཞག་པ་བཞིན་དུ་སེམས་གཡོ་བས་དེ་ཁོ་ན་ཤིན་ཏུ་གསལ་བར་མི་མཐོང་པར་འགྱུར་ཏེ། དེའི་ཕྱིར་དེའི་ཚེ་ཞི་གནས་བསྒོམ་པར་བྱའོ། །ཞི་གནས་ཀྱི་ཤས་ཆེ་ན་ཡང་གཉིད་ཀྱིས་ལོག་པའི་མི་བཞིན་དུ་དེ་ཁོ་ན་ ཤིན་ཏུ་གསལ་བར་མཐོང་བར་མི་འགྱུར་ཏེ། དེ་ལྟ་བས་ན་དེའི་ཚེ་ཡང་ཤེས་རབ་བསྒོམ་པར་བྱའོ། །གང་གི་ཚེ་གླང་གཉིས་ཟུང་དུ་འབྲེལ་ཏེ་མཉམ་དུ་ཞུགས་པ་བཞིན་དུ་གཉིས་ཀ་མཉམ་དུ་ཞུགས་པར་གྱུར་པ་དེའི་ཚེ་ཇི་སྲིད་དུ་ལུས་སེམས་ལ་གནོད་པར་ མ་གྱུར་པ་དེ་སྲིད་དུ་མངོན་པར་འདུ་བྱེད་པ་མེད་པར་གནས་པར་བྱའོ། །ཞེས་ཞི་ལྷག་གང་ཤས་ཆེ་བ་དེའི་ཅིག་ཤོས་ལ་མང་དུ་བསྒོམས་ལ་གཉིས་ཀ་ཆ་མཉམ་པར་བྱས་ཏེ་བསྒོམ་པར་གསུངས་པ་ལྟར་བྱའོ། །ཞི་གནས་ཀྱི་ཕྱོགས་ཤས་ཆེ་ནས་ཞི་ལྷག་ཆ་མ་སྙོམས་ པ་ལ་མི་རྟོག་པའི་སྒོམ་ཀློང་དུ་གྱུར་པར་མི་གཟུང་ཞིང༌། རིགས་པའི་དགག་བྱའི་ཚད་མ་ཟིན་པར་འདིའོ་སྙམ་དུ་གང་བཟུང་ཐམས་ཅད་བདེན་འཛིན་ཡིན་པས་དབུ་མའི་གཞུང་ནས་ཀྱང་དེ་དག་ཐམས་ཅད་བཀག་འདུག་གོ་སྙམ་དུ་བསམས་ནས། སོ་སོར་ 3-2-75b རྟོག་པའི་དཔྱད་སྒོམ་ཐམས་ཅད་འཚང་རྒྱ་བའི་གེགས་སུ་འཛིན་པ་རྒྱ་ནག་གི་མཁན་པོའི་ལུགས་ཀྱང་མི་གཟུང་ངོ༌། །བསམ་གཏན་ཕྱི་མ་རྩ་འགྲེལ་གྱིས་ཀྱང་གསལ་བར་གསུངས་ཏེ། འགྲེལ་པ་ལས། དེ་ལྟར་བདག་གི་དེ་ཁོ་ན་ཉིད་ཡན་ལག་མེད་པ་དམིགས་ པ་མེད་པ། གཟུགས་མེད་པ་རྣམ་པ་མེད་མི་གཡོ་བ་གསལ་བར་རྗེས་སུ་མྱོང་བའི་མཚན་ཉིད་ཡིན་ཡང་རྣམ་པར་དཔྱོད་པའི་ལམ་མ་སྤངས་པ་ཉིད་དུ་འདོད་པས། བློའི་དཔྱོད་པ་མདུན་ན་གནས་ཞེས་བྱ་བ་གསུངས་སོ། །བློ་ནི་ཤེས་རབ་བོ། །དེའི་རང་གི་ཡུལ་ ལ་འཇུག་པ་ནི་དཔྱོད་པ་སྟེ་བློའི་དཔྱོད་པའོ། །བློའི་དཔྱོད་པ་དེ་ཤེས་རབ་ཀྱི་སྣང་བའི་མཚན་ཉིད་དེ་བདག་གི་དེ་ཁོ་ན་ཉིད་གང་ཡིན་པའི་མདུན་ན་གནས་པ་དེ་ནི་བློའི་དཔྱོད་པ་མདུན་ན་གནས་པའོ། །དེས་འདི་སྐད་གསུངས་བར་འགྱུར་རོ། །རང་གིས་རིག་ པའི་རང་བཞིན་དེ་རྣམ་པར་མི་རྟོག་པ་ཡིན་ཡང་ཤེས་རབ་ཀྱི་སྣང་བ་མདུན་ན་དཔྱོད་པ་ཉིད་དུ་འཇུག་གོ་ཞེས་བཤད་དོ། ཞེས་སོ་སོར་རྟོག་པའི་ཤེས་རབ་ནི་དེ་ཁོ་ན་ཉིད་སྒོམ་པའི་སྐབས་སུ་ཡང་སྤང་དུ་མི་རུང་བར་བསྒྲུབས་སོ། །མདོར་ན་སྒྲ་གནས་ཀྱི་བསམ་གཏན་མན་ཆད་ དུ་ཞི་གནས་སྒྲུབ་ལ། སྒྲ་མཐའ་ནས་ལྷག་མཐོང་སྒོམ་ཞིང་དེར་ཡང་སོ་སོར་རྟོག་པའི་ཤེས་རབ་ཀྱི་དཔྱད་པ་མངས་དྲགས་ན་སྔར་གྱི་གནས་ཆ་འཇིག་པས། དཔྱོད་པ་དང་འཇོག་པའི་སྒོམ་གཉིས་སྤེལ་མར་བྱས་ལ་ཞི་ལྷག་གཉིས་ཟུང་དུ་འབྲེལ་བ་ཐོབ་པར་བྱའོ། །དངོས་གྲུབ་ ཁྱད་པར་ཅན་གྱི་ལས་ཚོགས་མཐའ་ཡས་པ་སྒྲུབ་པར་བྱ་སྤྱོད་ལས་གསུངས་པ་རྣམས་ཇི་ལྟ་བ་བཞིན་དུ་འགྲུབ་པ་ལ། བཟླས་བརྗོད་ཡན་ལག་བཞི་དང་དེ་ཉིད་གསུམ་གྱི་བསམ་གཏན་སྔོན་དུ་འགྲོ་དགོས་ལ། དངོས་གྲུབ་ཕྲན་ཚེགས་མང་པོ་འགྲུབ་པ་ལ་དེ་ལྟར་དགོས་ 3-2-76a པའི་ངེས་པ་མེད་དོ། །བཞི་པ་ནི། ལེགས་གྲུབ་ལས། ཤིན་ཏུ་མཆོག་གི་ལས་རྣམས་ནི། །བཟླས་བརྗོད་ཁྱད་པར་ཅན་གྱི་འགྲུབ། །སྔོན་དུ་བསྙེན་པ་བྱེད་པ་ཡང༌། །ལས་རྣམས་ཕལ་ནི་འགྲུབ་པར་འགྱུར། ཞེས་དང༌། དཔུང་བཟང་ལས། ཆོ་ག་བཞིན་དུ་ དང་པོར་འབུམ་བཟླས་ནས། །དེ་ནས་གསང་སྔགས་སྒྲུབ་ལ་འཇུག་པར་བྱ། །དེ་ནས་མྱུར་དུ་དངོས་སྒྲུབ་ཐོབ་འགྱུར་ལ། །གསང་སྔགས་ཆོ་གས་ཡུན་རིང་ཉོན་མི་མོངས། །ཞེས་དང༌། བསམ་གཏན་ཕྱི་མ་ལས་ཀྱང༌། རིག་སྔགས་དེ་ཉིད་མ་ལུས་དང༌། །བདག་གི་དེ་ཉིད་ཆོ་ ག་དང༌། །བཟླས་བརྗོད་དེ་ཉིད་མཆོག་ཤེས་ན། །མིས་ནི་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བཟླས་བརྗོད་ཡན་ལག་བཞིའི་རྣལ་འབྱོར་སྔོན་དུ་བཏང་ནས་དངོས་གྲུབ་སྒྲུབ་པར་གསུངས་པས། ཤེས་རབ་དང་ཚེ་སྤེལ་བ་ལ་སོགས་པ་ཞི་རྒྱས་དང་དྲག་པོའི་ལས་སྒྲུབ་པའི་ སྔོན་དུ་བསྙེན་པ་བཏང་ནས་དེ་ནས་ལས་ལ་སྦྱར་དགོས་ཏེ་འདི་ནི་རྒྱུད་སྡེ་བཞི་ཁའི་ལུགས་སོ། །ཞི་བ་དང་རྒྱས་པ་དང་དྲག་པོའི་ལས་ནི་རིམ་པ་བཞིན་དུ་དེ་བཞིན་གཤེགས་པའི་རིགས་དང༌། པདྨའི་རིགས་དང༌། རྡོ་རྗེའི་རིགས་ཀྱིས་བསྒྲུབ་སྟེ། དངོས་གྲུབ་མཆོག་དང་ འབྲིང་དང་ཐ་མ་ཡང་དེ་ལྟར་བསྒྲུབ་བོ། །ཞི་བ་ནི། དུས་མ་ཡིན་པར་འཆི་བ་དང་ནད་རྣམས་དང་ཡམས་དང་གནོད་པ་དང་འགོ་ནད་རྣམས་ཞི་བར་བྱེད་པའོ། །རྒྱས་པ་ནི། ཚེ་དང་ལང་ཚོ་དང་བྱིན་དང་མཐུ་སྟོབས་དང་ཡོན་ཏན་དང་འདོད་དོན་རྒྱས་པར་བྱེད་པའོ། །དྲག་ཤུལ་ནི། གསད་བསྐྲད་སོགས་སོ། །དུས་ནི། དགུན་ཟླ་ཐ་ཆུང་དང་སྟོན་ཟླ་འབྲིང་དང་དཔྱིད་ཟླ་ར་བ་དང་འབྲིང་དང་དབྱར་ཟླ་ར་བའི་ཡར་ངོ་ལ་དངོས་གྲུབ་མཆོག་དང་ཞི་བ་རྣམས་བྱ་སྟེ། དང་པོ་ལ་བགེགས་མེད་དོ། །ཞི་བ་ཕལ་ཆེར་སྟོན་དང༌། དེ་བཞིན་དུ་རྒྱས་པ་དགུན་དང༌། དྲག་ 3-2-76b ཤུལ་དཔྱིད་སྨད་བྱེད་པ་ཤིས། དངོས་གྲུབ་འབྲིང་དང་ཐ་མ་རྣམས་ནི་ཟླ་བ་ལྔ་བོ་དེའི་མར་ངོ་ལ་བྱ། དངོས་གྲུབ་རབ་འབྲིང་ཐ་གསུམ་དང་ཞི་རྒྱས་དང་དྲག་པོའི་དུས་ནི། རིམ་པ་བཞིན་དུ་ནང་པར་དང་སྲོད་དང་ནམ་ཕྱེད་ཉིན་ཕྱེད་ལ་བྱ་སྟེ། དེ་ཡང་ཞི་བ་ནི་ཡར་ཚེས་གཅིག་ནས་ཉེའི་ བར་དང༌། རྒྱས་པ་ནི་ཉ་ནས་ཉའི་བར་དང༌། དྲག་པོ་ནི་མར་ངོ་ལ་བྱའོ། །ལས་ཀུན་ལ་ཤིས་པའི་དུས་ནི། ཆོ་འཕྲུལ་གྱི་ཟླ་ཕྱེད་དང༌། ཉི་ཟླ་གཟས་ཟིན་པ་དང༌། ཚེས་གཅིག་དང་གསུམ་དང་ལྔ་དང་བདུན་དང་བཅུ་གསུམ་དང་སྐར་མ་རྒྱལ་གྱི་དུས་རྣམས་སོ། །གནས་ནི་དངོས་ གྲུབ་རབ་འབྲིང་ཐ་གསུམ་རྣམས་རིམ་པ་བཞིན་དུ་རི་ལ་སོགས་པ་དང༌། མཚོ་འགྲམ་ལ་སོགས་པ་དང༌། དེ་ལས་གཞན་པ་སྔགས་དང་རྗེས་སུ་མཐུན་པའི་གནས་སུ་བྱ་སྟེ། ཁང་རུལ་ལ་སོགས་པར་མི་བྱའོ། །འདུག་སྟངས་ནི། ཞི་བ་ལ་པདྨའི་སྐྱིལ་ཀྲུང་དང༌། རྒྱས་ པ་ལ་བཀྲ་ཤིས་ཀྱི་འདུག་སྟངས་དང༌། དྲག་པོ་ལ་རྐང་པས་རྐང་པ་མནན་ཏེ། ཁ་ནི་བྱང་དང་ཤར་དང་ལྷོར་བལྟའོ། །རིགས་རེ་རེ་ལ་ཡང་དངོས་གྲུབ་གསུམ་གསུམ་དང༌། ཞི་རྒྱས་དང་དྲག་པོ་གསུམ་གསུམ་ཡོད་པས་རང་རང་གི་རིགས་ཀྱི་བདག་པོ་དང༌། རིགས་ ཀྱི་ཡུམ་དང༌། རིགས་ཀྱི་ཁྲོ་བོས་ཞི་སོགས་གསུམ་བྱའོ། །དངོས་གྲུབ་གསུམ་དུ་འབྱེད་ལུགས་ལ་སྒོ་མང་སྟེ། ངོ་བོའི་སྒོ་ནས་ནི། རིག་འཛིན་དང༌། མངོན་ཤེས་དང༌། བསྟན་བཅོས་ཀུན་ཤེས་པ་སོགས་ནི་རབ་བོ། །མི་སྣང་བ་དང་བཅུད་ལེན་དང་རྐང་མགྱོགས་སོགས་ ནི་འབྲིང་ངོ༌། །གཞན་དབང་དུ་འདུ་བ་དང་གསད་བསྐྲད་སོགས་ནི་ཐ་མའོ། །རིགས་ཀྱི་སྒོ་ནས་གསུམ་ནི་བཤད་ཟིན་ཏོ། །རྟགས་ཀྱི་སྒོ་ནས་ནི་རྫས་འབར་བ་དང་དུ་བ་འཐུལ་བ་དང་དྲོ་བ་ལས་གསུམ་མོ། །གཞི་ལས་ནི་ལུས་ཀྱི་དང་རྫས་ཀྱི་དང་ལོངས་སྤྱོད་ཀྱི་དངོས་ 3-2-77a གྲུབ་བོ། །གསུང་བ་པོའི་སྒོ་ནས་ནི་འཕགས་པ་དང་ལྷ་དང་ས་བླ་བའི་སྔགས་སོ། །དངོས་གྲུབ་སྟེར་བ་པོ་མཆོག་ཡིན་ཀྱང་སྒྲུབ་པ་པོས་ལེགས་པར་མ་འབད་པའི་བསྙེན་པ་ལས་དངོས་གྲུབ་ཐ་མ་སྩོལ་བ་ཡང་ཡོད་ལ། ལེགས་པར་བསྙེན་ན་ནི་ཐ་ མས་ཀྱང་གཞན་ལ་བསླངས་ནས་དངོས་གྲུབ་མཆོག་སྟེར་བ་ཡང་ཡོད་དོ། །དངོས་གྲུབ་སྒྲུབ་པའི་སྔ་རོལ་ཏུ་འགྲུབ་མི་འགྲུབ་ཀྱི་ལྟས་བརྟག་ཐབས་ནི། ཉའམ་ཡང་ན་ཡར་ཚེས་གང་བཟང་ལ་སྨྱུང་བ་བྱས་ནས་ནུབ་གཅིག་གམ་གསུམ་དུ་རྨི་ལམ་བརྟག་སྟེ། སྐྱུ་རུ་ར་ལ་ སོགས་པའི་ཁྲུས་རྩི་དང་དྲི་ཞིམ་པོའི་སྤོས་ཆུས་ཁྲུས་བྱས་ཏེ་ཉེ་རེག་བྱ། གོས་གཙང་མ་གསར་བ་བགོ། སྲོད་ལ་སྔར་བཤད་པ་ལྟར་མཆོད་ཡོན་ཕུལ་ནས་རང་གི་ལྷ་སྤྱན་དྲངས་ལ། ཙནྡན་དཀར་པོ་ལ་སོགས་པ་དང་བདུག་པས་བདུགས་ཏེ་མཆོད་པ་བྱ། ཞོ་ཡོད་པའི་ གཏོར་མ་མང་ཞིང་བཟང་བ་དབུལ། མར་གྱི་སྦྱིན་སྲེག་བརྒྱ་རྩ་བརྒྱད་དང་ལས་དང་རྗེས་སུ་མཐུན་པར་སརྫ་རའི་བསྲེག་བླུགས་དབུལ། བུ་མོས་བཀལ་བའི་སྲད་བུ་ལ་མདུད་པ་བདུན་བྱ་ལ་རང་གི་ལྷའི་སྔགས་ཀྱི་ལན་བདུན་བསྔགས་པ་དཔུང་པ་གཡོན་པ་ལ་ བཅིང༌། ལྷ་ལ་རྨི་ལམ་དུ་སྒྲུབ་པ་བྱས་པ་དེ་འགྲུབ་མི་འགྲུབ་ཀྱི་བཀའ་སྩོལ་བའི་གསོལ་བ་གདབ་ལ། རང་གི་ལྷ་གང་ཡིན་པ་དེ་འདྲ་བར་བསམས་ལ་དེའི་སྔགས་འདོན་བཞིན་དུ་ཀུ་ཤའི་གདན་མེ་ཏོག་མང་པོས་ཀླུབས་པ་ལ་ཉལ་བར་བྱའོ། །དེ་ནས་རྨི་ལམ་དུ་ དཀོན་མཆོག་གསུམ་དང་རང་གི་ལྷ་དང་བྱང་སེམས་དང་འཁོར་རྣམས་བཞི་དང༌། རི་དང་གླང་བོ་དང་འབབ་ཆུ་དང་ནོར་དང་གོས་རྙེད་པ་སོགས་དགའ་བའི་རྨི་ལམ་རྨིས་ན་སྒྲུབ་པ་བརྩམ་པར་བྱའོ། །དེ་ནས་སྒྲུབ་པ་བྱེད་པ་ལ་སྦྱིན་སྲེག་གིས་སྒྲུབ་པ་དང༌། སྔགས་ཀྱི་བཟླས་ 3-2-77b སྒོམ་ཙམ་བྱས་ཏེ་སྒྲུབ་པ་སོགས་མང་དུ་བཀའ་སྩལ་བ་གང་ཡིན་དེ་རྣམས་བྱ་སྟེ། དུས་གསུམ་དུ་མཆོད་པ་དང་སྡིག་པ་བཤགས་པ་དང་རྗེས་སུ་ཡི་རང་བ་དང་སྨོན་ལམ་གདབ་པ་དང༌། ཤེར་ཕྱིན་གྱི་གླེགས་བམ་བཀླག་པ་དང་མཎྜལ་བྱ་བ་དང་སྡོམ་པ་གཟུང་བ་དང༌། དུས་ གསུམ་དུ་བསྲུང་བ་བྱ་བ་རྣམས་གོས་ལན་གསུམ་དུ་བརྗེས་ནས་བྱའོ། །བག་མེད་པར་གྱུར་ནས་དེ་དག་དུས་གསུམ་དུ་བྱ་བ་མ་བྱུང་ན་རང་གི་ལྷའི་སྔགས་ཉེར་གཅིག་རེ་གདོན་པར་བྱའོ། །དངོས་གྲུབ་རབ་འབྲིང་ཐ་གསུམ་ལ་རིམ་པ་བཞིན་ཞག་གསུམ་མམ་གཉིས་སམ་ གཅིག་སྨྱུང་གནས་བྱ་སྟེ་དེ་རྣམས་ནི་ལེགས་གྲུབ་ལས་གསུངས་པ་ལྟར་བཤད་པའོ། །དེ་དག་གི་སྐབས་སུ་མདུན་དུ་ལྷ་སྤྱན་དྲངས་པས་མི་ཆོག་པར་གསར་དུ་སྐྱེད་དགོས་པ་དཀྱིལ་འཁོར་སྒྲུབ་པ་དང་བུམ་སྐྱེད་ལ་སོགས་པ་ལ་ནི། སློབ་དཔོན་འདི་གཉིས་ལྟར་ན་ སྔར་བཤད་པའི་ལྷ་དྲུག་གི་སྐྱེད་ཆོག་བྱས་ནས་བཟླས་པ་བྱེད་པའི་ཚེ་ཡན་ལག་བཞིའི་བཟླས་བརྗོད་དང་པོ་གཉིས་སྐབས་སུ་གང་བབ་བྱའོ། །བུམ་པའི་རྫས་དང་སྐྱེད་ཆོག་སོགས་ནི་སྤྱི་འགྲོ་ལྟར་བྱས་པས་ཆོག་གོ། དེ་འདྲ་བའི་ལྷའི་རྣལ་འབྱོར་གྱི་སྐབས་ སུ་བཀྲེས་པ་ཆུང་བ་དང་ནད་ལས་ཐར་པ་དང༌། ཤེས་པ་ཁྱད་པར་ཅན་འབྱུང་བ་དང་ལྷག་པར་གཟི་མདངས་ཆེ་ཞིང་བརྟན་པ་དང༌། རྨི་ལམ་བཟང་ཞིང་བདེན་པ་རྨི་བ་དང་བཟླས་བརྗོད་ལ་དགའ་རུ་སོང་བ་དང་ངལ་བ་ཆུང་ཞིང་དྲི་ཞིམ་པོ་བྲོ་བ་དང༌། ཡོན་ཏན་ལྷུར་ ལེན་པ་དང་ལྷ་ལ་གུས་པ་ཆེར་སོང་ན་བཟླས་སྒོམ་གནད་དུ་སོང་བའི་རྟགས་སུ་ལེགས་གྲུབ་ལས་བཤད་ལ། བསམ་གཏན་ཕྱི་མ་ལས་མ་དད་པ་དང་སྙོམ་ལས་དང༌། བཀྲེས་སྐོམ་གྱིས་ཟིལ་གྱིས་ནོན་པ་དང་རྒོད་པ་དང་ཡིད་ཀྱི་གདུང་བ་ཆེ་བ་དང༌། ལས་ལ་ 3-2-78a ཐེ་ཚོམ་ཟ་བ་དང་བཟླས་བརྗོད་དང་བསམ་གཏན་ལ་མི་ཞེན་པ་དང༌། ཅལ་ཅོལ་གྱི་གཏམ་ལ་དགའ་བ་དང༌། བྱ་བ་མིན་པ་ལ་འཇུག་པ་དང༌། གདོན་གྱིས་བརླམས་པ་དང༌། རྨི་ལམ་ངན་པ་རྨི་བ་སོགས་ནི་ལྷ་གཞན་དུ་ཕྱོགས་པའི་རྒྱུ་དང༌། ཆགས་སྡང་ དང་རྒྱགས་པ་དང་སྒྱུ་ལ་སོགས་པ་ཞི་བ་དང་བཟླས་བརྗོད་ལ་ཡིད་རྒྱུན་ལྡན་དུ་གནས་པ་ནི་ལྷ་མངོན་དུ་ཕྱོགས་པའི་རྒྱུར་གསུངས་སོ། །འདི་དག་ནི་དང་པོ་བསྙེན་པའི་སྐབས་སུ་ཡང་རིག་པར་བྱའོ། །རང་གཞན་གྱི་དོན་ནད་ཞི་བ་ལ་སོགས་པའི་དངོས་གྲུབ་ཕྲ་མོ་སྒྲུབ་པ་ དང༌། དབང་བསྐུར་དང་རབ་གནས་སོགས་བྱེད་པ་ལ་ནི། སྔོན་དུ་ལྷ་དྲུག་གི་ཏིང་ངེ་འཛིན་དང་ཡན་ལག་བཞིའི་སྒོ་ནས་བཟླས་བརྗོད་ཀྱི་གྲངས་རྫོགས་ན། དེ་ཉིད་གསུམ་གྱི་བསམ་གཏན་མ་བསྒོམས་ཀྱང་ཤིན་ཏུ་རུང་བས་དེ་དག་གི་སྐབས་སུ་ཡང་དེ་ཉིད་གསུམ་གྱི་ བསམ་གཏན་སྒོམ་པ་དང་བཟླས་བརྗོད་ཀྱི་དམིགས་པ་གསུམ་ཆར་བྱེད་པ་ནི་ས་མཚམས་མ་ཕྱེད་པའོ། །འདིར་སྨྲས་པ། སྨྱུང་བར་གནས་དང་ཁྲུས་ཀྱི་ཆོ་ག་སོགས། །བསྒོམ་བཟླས་ཕྱོགས་རེ་ཤེས་པས་བྱ་སྤྱོད་ཀྱི། །རྒྱུད་དོན་ཤེས་པར་སྨྲ་ན་བཞད་གད་གཞི། །དེ་ཕྱིར་རྒྱུད་ དོན་ལམ་དུ་སྒྲིག་པ་གཅེས། །དེ་ཡང་བྱ་བ་སྤྱི་ཡི་རྒྱུད་བཞི་དང༌། །ཁྱད་པར་ལེགས་གྲུབ་བསམ་གཏན་ཕྱི་མའི་རྒྱུད། །རྒྱ་གར་མཁས་པ་གཉིས་ཀྱིས་བཀྲལ་བ་བཞིན། །དགོངས་པ་བཙལ་ནས་གསལ་བར་ཕྱེ་བ་འདི། །བྱ་རྒྱུད་མཐའ་དག་ལྟ་བའི་མིག་གཅིག་གོ། རྡོ་རྗེ་འཆང་ཆེན་ པོའི་ལམ་གྱི་རིམ་པ་གསང་བ་ཀུན་གྱི་གནད་རྣམ་པར་ཕྱེ་བ་ལས་བྱ་བའི་རྒྱུད་ཀྱི་ལམ་བགྲོད་པའི་རིམ་པ་སྟེ་ལེའུ་གཉིས་པའོ།། །།གཉིས་པ་སྤྱོད་རྒྱུད་ཀྱི་ལམ་གྱི་རིམ་པ་ལ་བཞི། ལམ་སྒོམ་པའི་སྣོད་དུ་རུང་བར་བྱ་བ་དང༌། སྣོད་དུ་གྱུར་ནས་དམ་ཚིག་ 3-2-78b དང་སྡོམ་པ་དག་པར་བྱ་བ་དང༌། དམ་ཚིག་ལ་གནས་ནས་སྔོན་དུ་བསྙེན་པ་ཇི་ལྟར་བྱ་བ་དང༌། བསྙེན་པ་ལས་རུང་ནས་དངོས་གྲུབ་ཇི་ལྟར་བསྒྲུབ་པའོ། །དང་པོ་ནི། སྤྱོད་པའི་རྒྱུད་ལས་གསུངས་པའི་སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་ལ་སོགས་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པས་ ལམ་སྒོམ་པའི་སྣོད་དུ་བྱས་པ་སྟེ། འདི་ལ་ཡང་དཀྱིལ་འཁོར་དུ་གཞུག་པ་ཙམ་དང་ཞུགས་པ་ལ་དབང་བསྐུར་བའི་ཚུལ་རྣམས་རྩ་ལྟུང་གི་རྣམ་བཤད་དུ་བཤད་ཟིན་ལ། དཀྱིལ་འཁོར་དང་དབང་གི་ཆོ་ག་ནི་གཞུང་མངས་པའི་འཇིགས་པས་མ་བྲིས་ཏེ། རྣམ་སྣང་མངོན་ བྱང་རྩ་འགྲེལ་དང༌། ཕྱག་རྡོར་དབང་བསྐུར་བ་སོགས་ལས་ཤེས་པར་བྱའོ། །གཉིས་པ་ནི། རྣམ་སྣང་མངོན་བྱང་ལས། དེ་ལ་དམ་ཚིག་བསྟན་པར་བྱ། །དེ་རིང་ཕན་ཆད་བུ་ཁྱོད་ཀྱིས། །དམ་པའི་ཆོས་དང་བྱང་ཆུབ་སེམས། །སྲོག་གི་ཕྱིར་ཡང་ད་ཕྱིན་ཆད། །ཡོངས་སུ་གཏང་ བར་མི་བྱའོ། །ཁྱོད་ཀྱིས་སེར་སྣ་དང་ནི་གང༌། །སེམས་ཅན་གནོད་པ་མི་བྱའོ། །དམ་ཚིག་འདི་དག་སངས་རྒྱས་ཀྱིས། །བརྟུལ་ཞུགས་བཟང་པོ་ཁྱོད་ལ་བཤད། །ཇི་ལྟར་རང་གི་སྲོག་སྲུང་བ། །དེ་ལྟར་ཁྱོད་ཀྱིས་འདི་དག་སྲུངས། །ཞེས་དང༌། གཞན་ཡང་མི་དགེ་བཅུ་སྤོང་གི་བསླབ་ པའི་གཞི་ལ་གནས་དགོས་པར་གསུངས་པ་ལྟར་བྱ་ལ། དམ་ཚིག་གཞན་ནི། བྱ་རྒྱུད་ལས་བཤད་པ་རྣམས་ཕལ་མོ་ཆེ་ཐུན་མོང་བ་ཡིན་པས་བསྲུང་བར་བྱའོ། །བྱ་སྤྱོད་གཉིས་ཀ་ལ་ཐེག་པ་ཆེན་པོའི་སྡོམ་པ་ནི། འཇམ་དཔལ་རྩ་རྒྱུད་ལས་གསུངས་པ་ལྟར་བྱང་སེམས་ ཀྱི་སྡོམ་པ་ཡིན་ལ། དེའི་ཕྱིར་རྩ་ལྟུང་ཡང་བྱང་ས་དང་ཐབས་ལ་མཁས་པའི་མདོ་ལས་གསུངས་པ་ལྟར་རྒྱུད་འདིར་བཤད་པས། དེ་རྣམས་རྒྱས་པར་ནི་ཚུལ་ཁྲིམས་ལེའུའི་རྣམ་བཤད་དུ་བཤད་ཟིན་ཅིང༌། འདི་གཉིས་ལ་རིགས་ལྔའི་སྡོམ་གཟུང་གིས་སྡོམ་པ་གཟུང་ 3-2-79a བ་མི་རུང་བ་དང་བྱང་སེམས་ཀྱི་སྡོམ་པ་འཛིན་པའི་ཆོ་ག་དང་དེ་དག་ལ་རྩ་ལྟུང་ཇི་ཙམ་ཡིན་པ་སོགས་ནི། རྩ་ལྟུང་གི་རྣམ་བཤད་དུ་རྒྱས་པར་བཤད་ཟིན་པས་མ་སྤྲོས་སོ། །གསུམ་པ་ལ་གཉིས། རྣལ་འབྱོར་གྱི་དབྱེ་བ་དང༌། ཕྱེ་བའི་དོན་སོ་སོར་བཤད་ པའོ། །དང་པོ་ནི། རྣམ་སྣང་མངོན་བྱང་ལས། གསང་བ་པའི་བདག་པོ་ལྷའི་གཟུགས་ཀྱང་རྣམ་པ་གཉིས་ཏེ་ཡོངས་སུ་དག་པ་དང་ཡོངས་སུ་མ་དག་པའོ། །དེ་ལ་ཡོངས་སུ་དག་པ་ནི། རྟོགས་པའི་ངོ་བོ་སྟེ་མཚན་མ་ཐམས་ཅད་དང་བྲལ་བའོ། །ཡོངས་སུ་མ་དག་པ་ནི། མཚན་མ་དང་བཅས་པའི་གཟུགས་ཏེ་ཁ་དོག་དང་དབྱིབས་སོ། །དེ་ལ་ལྷའི་གཟུགས་རྣམ་པ་གཉིས་གྱིས་དགོས་པ་རྣམ་པ་གཉིས་འགྲུབ་པར་འགྱུར་ཏེ། མཚན་མ་དང་བཅས་པས་ནི་མཚན་མ་དང་བཅས་པའོ། །མཚན་མ་མེད་པས་ནི་མཚན་མ་དང་བཅས་པའི་ དངོས་གྲུབ་ཀྱང་འབྱུང་བར་འགྱུར་རོ། །མཚན་མར་བཅས་པས་མཚན་བཅས་ཀྱི། །དངོས་གྲུབ་རྒྱལ་བ་དམ་པ་བཞེད། །མཚན་མ་མེད་ལ་གནས་པས་ནི། །མཚན་མ་ཅན་ཡང་བསྒྲུབ་ཏུ་རུང༌། །དེ་བས་རྣམ་པ་ཐམས་ཅད་དུ། །མཚན་མ་མེད་ལ་བརྟེན་པར་བྱ། །ཞེས་ གསུངས་པ་ལྟར། མཚན་བཅས་ཀྱི་རྣལ་འབྱོར་དང་མཚན་མ་མེད་པའི་རྣལ་འབྱོར་གཉིས་སོ། །མཚན་མ་དང་བཅས་པའི་རྣལ་འབྱོར་ནི། སྟོང་ཉིད་སྒོམ་པ་དང་བྲལ་བའི་ལྷའི་སྒོམ་བཟླས་ཡིན་ལ། མཚན་མ་མེད་པ་ནི། སྟོང་ཉིད་སྒོམ་པ་དང་བཅས་པའི་ལྷའི་ སྒོམ་བཟླས་ལ་བྱ་ཡི་སྟོང་ཉིད་རྐྱང་བ་སྒོམ་པ་ལ་མི་བྱ་སྟེ། དེ་ལྟ་མ་ཡིན་ན་སྟོང་པ་རྐྱང་བའི་རྣལ་འབྱོར་གྱིས་འཚང་རྒྱ་བར་འདོད་དགོས་ཏེ། མཚན་མ་མེད་པས་དངོས་གྲུབ་གཉིས་ཀ་འགྲུབ་པར་གསུངས་པའི་ཕྱིར་རོ། །རྒྱུད་ལས་ཀྱང་ཡོངས་སུ་མ་དག་པའི་ 3-2-79b ལྷའི་གཟུགས་སྟོན་པ་ན་མཚན་མ་དང་བཅས་པའི་གཟུགས་ཏེ་ཞེས་ཞལ་ཕྱག་གི་གཟུགས་ཙམ་ལ་མ་མཛད་པར་གཟུགས་ཁྱད་པར་པ་ལ་མཛད་དོ། །སངས་རྒྱས་གསང་བས་སྟོང་ཉིད་སྒོམ་པ་ལ་ཡང་དོན་དམ་པའི་ལྷ་ཞེས་ལྷའི་ཐ་སྙད་མཛད་ཀྱང༌། འདིར་ནི་ལྷའི་ གཟུགས་ཉིད་ལ་གཉིས་སུ་ཕྱེ་བ་དང་དངོས་གྲུབ་གང་འགྲུབ་ཀྱི་གནད་ཀྱིས་དེ་ལྟར་བྱའོ། །སྒྲོན་གསལ་ལས་ཀྱང་ལུང་འདིས་རིམ་པ་གཉིས་ཀྱི་ལྷའི་སྐུ་བསྟན་པར་བཤད་དོ། །གཞན་ཡང་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་རྣལ་འབྱོར་གཉིས་སུ་ཡང་དབྱེ་ སྟེ། རྣམ་སྣང་མངོན་བྱང་ལས། ཕྱི་དང་ནང་གི་སྦྱོར་བ་ཡིས། །ཡན་ལག་བཞི་པ་ངས་བཤད་པ། །དེ་ཡང་འཇིག་རྟེན་པ་ཡི་སྟེ། །དམིགས་པ་ཅན་ནི་བླ་མེད་པ། །སླར་སྡུད་པ་ཡི་ཚིག་གིས་ནོན། །ལྷ་ཡི་རྗེས་སུ་སོང་བའི་ཡིད། །ཤུབ་སྟེ་བཟླས་བརྗོད་བྱེད་པའི་མཆོག ། དམིགས་པ་ཅན་ལ་བསྟན་པ་ཡིན། །ཡིད་ཀྱི་འཇིག་རྟེན་འདས་ཞེས་བྱ། །སླར་སྡུད་ལ་སོགས་རྣམ་པར་སྤངས། །ལྷ་དང་གཅིག་ཏུ་བྱེད་པ་དང༌། །ཐ་དད་མ་ཡིན་འཛིན་པ་ཡི། །ཡིད་ཀྱིས་རང་བཞིན་དབྱེར་མེད་བྱ། །གཞན་དུ་བྱ་བ་མ་ཡིན་ནོ། །ཞེས་གསུངས་ཏེ། འདིའི་ འཇིག་རྟེན་ལས་འདས་པ་ཡང་འཕགས་པའི་རྒྱུད་ཀྱི་ཟག་མེད་ལ་མི་བྱེད་ཀྱི། བདག་མེད་པའི་རྣམ་པ་ཅན་དང་དེས་ཟིན་པའི་རྣལ་འབྱོར་ཡིན་ནོ། །སྐལ་བཟང་རྡོ་རྗེའི་ལམ་རིམ་ལས། དེ་ལ་ལམ་དངོས་ནི། བྱ་བའི་རྒྱུད་དང་སྤྱོད་པའི་རྒྱུད་དང་རྣལ་འབྱོར་གྱི་རྒྱུད་ཀྱིས་ནི་ མཚན་མ་དང་བཅས་པའི་སྒྲུབ་པའི་ཐབས་དང༌། མཚན་མ་མེད་པའི་སྒྲུབ་པའི་ཐབས་ཞེས་བྱ་བར་གསུངས་སོ། །རྣལ་འབྱོར་ཆེན་པོས་ནི། བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པ་ཞེས་བྱ་བ་སྟེ་དེ་ཉིད་ནི་ལམ་མོ། །ཞེས་རིམ་གཉིས་བླ་མེད་ཀྱི་ལུགས་དང༌། རྒྱུད་སྡེ་ 3-2-80a འོག་མ་ལ་མཚན་མ་ཡོད་མེད་ཀྱི་རྣལ་འབྱོར་གཉིས་ཀྱི་ཐ་སྙད་བྱ་བར་འཆད་པ་ནི། རྒྱུད་འདི་དང་མཐུན་ཞིང་ཤིན་ཏུ་ལེགས་ཏེ་རྒྱུ་མཚན་འོག་ཏུ་བཤད་པར་བྱའོ། །གཉིས་པ་ལ་གཉིས། མཚན་མ་དང་བཅས་པའི་རྣལ་འབྱོར་བཤད་པ་དང༌། མཚན་མ་མེད་པའི་རྣལ་འབྱོར་བཤད་པའོ། །དང་པོ་ལ་གཉིས། ཕྱིའི་ཡན་ལག་བཞིའི་བཟླས་བརྗོད་དང༌། ནང་གི་ཡན་ལག་བཞིའི་བཟླས་བརྗོད་དོ། །དང་པོ་ནི། ད་ལྟ་བྱ་རྒྱུད་ལ་བརྟེན་པའི་ལྷའི་བསྒོམ་བཟླས་བྱེད་པ་མང་དུ་སྣང་བ་ལྟར། སྤྱོད་རྒྱུད་ལ་བརྟེན་ པའི་ལྷའི་བསྒོམ་བཟླས་བྱེད་པ་མང་པོ་མི་སྣང་བ་དང༌། མཚན་མ་ཡོད་མེད་ཀྱི་རྣལ་འབྱོར་རྒྱུད་ལ་སྐྱེད་ཚུལ་ཤེས་ན་ལམ་གྱི་ཡན་ལག་སླ་བར་སྣང་བས། སྔོན་དུ་བདག་དང་གནས་བསྲུང་ཞིང་ཚོགས་རྟེན་ལ་མཆོད་པ་སོགས་དང༌། ལྷ་ལ་མཆོད་བསྟོད་བྱེད་ པ་སོགས་གཞན་རྣམས་འདིར་མི་བཤད་པར་རྣལ་འབྱོར་གཉིས་ཀྱི་སྒོམ་རིམ་བཟླས་པ་དང་བཅས་པ་བཤད་པར་བྱའོ། །ཡན་ལག་བཞིའི་གཞིའི་ཡན་ལག་དང་པོ་རང་ལྷར་སྐྱེད་པའི་སྔོན་དུ་སྟོང་ཉིད་སྒོམ་པའི་ཚུལ་ནི། འབྱུང་བ་ཆེན་པོ་ལ་བརྟེན་པའི་རང་ གི་ཕུང་པོ་འདི་དོན་དམ་པར་ནམ་མཁའ་དང་འདྲ་ཞིང་ཐ་སྙད་དུ་གཟུགས་བརྙན་དང་འདྲ་བར་སངས་རྒྱས་རྣམས་ཀྱིས་ཐུགས་སུ་ཆུད་ལ། དེ་དག་ལས་ལྷག་པ་ཡང་མེད་པས་རང་གིས་ཀྱང་དེ་དག་གིས་གཟིགས་པ་བཞིན་དུ་རྟོགས་པར་བྱ་སྟེ། འདི་ལྟར་རང་དང་ བསྒོམ་པར་བྱ་བའི་ལྷ་གཉིས་ཀ་ལ་ངོ་བོ་ཉིད་ཀྱིས་གྲུབ་པའི་རང་བཞིན་མེད་དེ། བརྟེན་ནས་འབྱུང་བའི་ཕྱིར་གཟུགས་བརྙན་བཞིན་ནོ་སྙམ་དུ་བསམས་ལ་རང་དང་ལྷ་གཉིས་རང་བཞིན་མེད་པར་གཏན་ལ་དབབ་བོ། །དེ་ནས་རང་དང་ལྷ་གཉིས་ཀྱི་རང་བཞིན་ 3-2-80b མེད་པའི་སྟོང་ཉིད་གཉིས་དབྱེར་མེད་པའོ་སྙམ་དུ་ངེས་པ་བརྟན་པོ་རྙེད་དུ་སྦྱངས་ནས་ལྷར་སྐྱེད་པ་དགོས་ཏེ། རྣམ་སྣང་མངོན་བྱང་ལས། བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པས་འདི་ལྟར་ལུས་ལ་ལུས་ཀྱི་གཟུགས་ བསྐྱེད་པར་བྱའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ལས་ལྷག་པ་ནི་གང་ཡང་མེད་དེ། ཇི་ལྟར་བདག་གི་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ལ་སོགས་པ་འབྱུང་བ་ཆེན་པོ་བཞིའི་ནང་དུ་གཏོགས་པ་ཡིན་ལ། དེ་དག་ཀྱང་ངོ་བོ་ཉིད་ཀྱིས་སྟོང་པ་ མིང་ཙམ་གྱིས་བསྡུས་པ་ནམ་མཁའ་དང་མཚུངས་ཤིང་འདྲ་བ། གཟུང་དུ་མེད་པ་རྒྱུ་དང་ལས་ལས་བྱུང་བ་སྟེ་གཟུགས་བརྙན་དང་འདྲ་བ་དེ་བཞིན་དུ། དེ་བཞིན་གཤེགས་པ་རྣམས་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་དག་ཀྱང་ཕན་ཚུན་རྟེན་ཅིང་འབྲེལ་ བར་འབྱུང་བའི་རྒྱུན་མ་ཆད་པར་འབྲེལ་བ་སྟེ། གང་བརྟེན་ནས་སྐྱེས་པ་དེ་ནི། གཟུགས་བརྙན་དང་འདྲ་བར་འབྱུང་ངོ༌། །དེ་ལྟ་བས་ན་ཕན་ཚུན་རྟེན་ཅིང་འབྲེལ་བར་འབྱུང་བའི་ཕྱིར་ལྷ་གང་ཡིན་པ་དེ་བདག་ཡིན། བདག་གང་ཡིན་པ་དེ་ལྷ་ཡིན་ནོ་ཞེས་དེ་ལྟར་ལུས་ཀྱིས་ལུས་ ཀྱི་གཟུགས་ལྷའི་སྐུར་བསྐྱེད་པར་བའོ། །ཞེས་གསལ་བར་གསུངས་ཏེ། རྒྱུད་སྡེ་བཞི་ཁའི་ལྷ་སྒོམ་པའི་སྔོན་དུ་སྟོང་ཉིད་སྒོམ་པའི་ཚུལ་ནི། འདི་འདྲ་ཞིག་དགོས་ཀྱི་ལྟ་བས་གཏན་ལ་མ་ཕབ་པར་སྭ་བྷཱ་ཝ་ལ་སོགས་པའི་སྔགས་བརྗོད་ནས་སྣང་བ་བསྡུས་པ་ཙམ་ལ་སྙིང་ པོ་མེད་དོ། །བསྡུས་འགྲེལ་ལས་ཀྱང༌། ཕུང་པོ་ལ་སོགས་པ་གཅིག་དང་དུ་བྲལ་གྱི་རིགས་པས་རང་བཞིན་མེད་པར་གཏན་ལ་ཕབ་ནས་ལྷའི་རྣལ་འབྱོར་བྱ་བར་གསུངས་པའི་རྒྱུད་ཀྱི་ལུང་དྲངས་སོ། །སྟོང་པའི་ངང་ལས་ལྷར་ལྡང་ཚུལ་ལ་བསྡུས་འགྲེལ་ལས། རང་གི་ 3-2-81a ལྷའི་རྣལ་འབྱོར་པ་ཀུན་རྫོབ་པའི་གོ་རིམས་འདི་ལས་རྣམ་པ་གཉིས་སུ་བསྟན་ཏེ། དེ་ལ་གཅིག་ནི་རང་གི་སེམས་ཀྱི་རྣམ་པ་སྣང་བ་ཐམས་ཅད་ཀྱིས་དབེན་པ་ཟླ་བའི་དཀྱིལ་འཁོར་ལ་སོགས་པའི་རྣམ་པར་བསྒྱུར་བས་བདག་ཉིད་རང་གི་ལྷར་སྣང་བ་བསྒྲུབས་པ་ ཡིན་ནོ། །ཞེས་ཟླ་བ་སོགས་སྔོན་དུ་བཏང་བ་དང༌། དེ་དག་མ་བཏང་བར་ཀྲོངས་བསྐྱེད་བྱེད་པའི་ཚུལ་གཉིས་གསུངས་ནས། དེ་ཡང་རྒྱུད་འདིའི་ལྷའི་དེ་ཁོ་ན་ཉིད་ལ་སོགས་པའི་རིམ་པར་ཕྱེ་བ་ལས་བསྟན་པར་གསུངས་ཏེ་ད་ལྟ་འགྱུར་བའི་རྒྱུད་ལ་ཆད་དོ། །སྔ་མ་ལྟར་ན་སེམས་ ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་གྱུར་པའི་སྟེང་དུ་ཡི་གེ་ཨཾ་བསམ། དེ་ལས་འོད་ཀྱི་སྤྲོ་བསྡུ་བྱས་ལ་ཡོངས་སུ་གྱུར་པ་ལས་རང་ཉིད་རྣམ་པར་སྣང་མཛད་ཆེན་པོ་ཞལ་གཅིག་ཕྱག་གཉིས་མཉམ་གཞག་གི་ཕྱག་རྒྱ་མཛད་པ། སྐུ་གསེར་གྱི་མདོག་ཅན་འབར་བའི་ ཕྲེང་བས་འཁྲིགས་པ། པདྨ་དཀར་པོ་དང་ཟླ་གདན་ལ་བཞུགས་པ། དབུ་རྒྱན་དང་ཐོར་ཚུགས་ཅན་དར་ལྭའི་སྟོད་གཡོགས་དང་སྨད་གཡོགས་མནབས་བར་བསྐྱེད་ལ། སྔགས་དང་ཕྱག་རྒྱས་བྱིན་གྱིས་རློབ་པ་རྒྱས་བསྡུས་གང་རུང་བྱ་སྟེ་ཞིབ་པར་མ་བྲིས་སོ། །གཞི་ གཉིས་པ་ནི། མདུན་དུ་ཡང་རང་དང་འདྲ་བའི་དེ་བཞིན་གཤེགས་པ་བསྒོམ་པར་བྱའོ། །དེ་ནས་དེའི་ཐུགས་ཀར་ཟླ་བ་ལ་གང་བཟླས་པར་བྱ་བའི་སྔགས་ཀྱི་ཕྲེང་བ་དགོད་པར་བྱ་སྟེ་བཟླས་བརྗོད་ཀྱི་ཡན་ལག་བཞིའོ། །དེ་ལྟར་ཡང་རྣམ་སྣང་མངོན་བྱང་ལས། ཡི་གེ་དང་ནི་ཡི་ གེ་སྦྱར། །དེ་བཞིན་གཞི་ལས་གཞིར་གྱུར་པ། །ཤིན་ཏུ་བསྡམས་པས་ཡིད་ལ་ནི། །བཟླས་བརྗོད་འབུམ་ཕྲག་གཅིག་བྱའོ། །ཡི་གེ་བྱང་ཆུབ་སེམས་ཡིན་ཏེ། །གཉིས་པ་སྒྲ་ཞེས་བྱ་བ་ཡིན། །གཞི་ནི་རང་གི་ལྷ་གཞག་པ། །རང་གི་ལུས་ཀྱི་གནས་ལ་བྱ། །གཞི་གཉིས་པ་ 3-2-81b ནི་རྫོགས་སངས་རྒྱས། །རྐང་གཉིས་མཆོག་ཏུ་ཤེས་པར་བྱ། །ཟླ་བའི་དཀྱིལ་འཁོར་རྣམ་དག་པ། །སྔགས་པས་དེ་ལ་གནས་པར་བསམ། །ཡི་གེ་རྣམས་ནི་གོ་རིམས་བཞིན། །དེ་ཡི་དབུས་སུ་ལེགས་པར་དགོད། །སླར་སྡུད་པ་ཡི་ཚིག་གིས་ནོན། །སྲོག་དང་རྩོལ་བ་ རྣམ་པར་སྦྱངས། །སྲོག་ཅེས་བྱ་བ་རླུང་དུ་བཤད། །རྩོལ་བ་དྲན་པ་ཞེས་བྱ་སྟེ། །དེ་གཉིས་བསྡམ་པ་བྱས་ནས་སུ། །སྔོན་དུ་བསྙེན་པ་ལེགས་པར་བྱ། །ཞེས་གསུངས་སོ། །ཡི་གེ་གཉིས་ལ་རྣམ་སྣང་མངོན་བྱང་གི་འགྲེལ་པ་གཉིས་སུ་གསལ་ཁ་མེད་ཀྱང་སྔར་ བཤད་པའི་བསམ་གཏན་ཕྱི་མའི་འགྲེལ་པ་ལྟར་ཡན་ལག་བཞིའི་ཟླ་བ་དང་སྔགས་ཕྲེང་ཡིན་གྱི། ལྷ་སྐྱེད་པའི་དུས་ཀྱི་ཟླ་བ་དང་སྔགས་ལ་འཆད་པ་དོན་མིན་ནོ། །སྲོག་རྩོལ་བསྡམས་ནས་ཐོག་མར་ལྷའི་སྐུ་གསལ་བར་སྣང་བ་ལ་གནས་ཆ་འཚོལ་བ་དང༌། དེ་ནས་ཡི་གེ་ལ་དམིགས་ནས་བཟླས་པ་བྱེད་ལུགས་རྣམས་ནི་སྔར་བྱ་རྒྱུད་ཀྱི་སྐབས་སུ་བཤད་པ་དང་འདྲའོ། །ལུང་དེའི་མཇུག་ཏུ། དེ་ནས་སྔགས་པ་ཟླ་གཅིག་ཏུ། །ཤིན་ཏུ་བསྡམས་ཏེ་བཟླས་བརྗོད་བྱ། །གསང་སྔགས་སྔོན་དུ་སྤྱད་པ་ནི། །གཞི་གཅིག་ནས་ནི་ གཅིག་ཏུ་འཇུག །གྲགས་ཆེན་སངས་རྒྱས་ཐམས་ཅད་ཀྱི། །སྔར་སྤྱད་པ་ཞེས་བཤད་པ་ཡིན། །ཞེས་ཟླ་བ་གཅིག་ཏུ་བྱ་བར་གསུངས་ཏེ། གཞི་གཅིག་ནས་གཅིག་ཏུ་འཇུག་པ་ནི། མདུན་གྱི་ཐུགས་ཀའི་ཟླ་བ་ལ་བཀོད་པའི་སྔགས་ལ་དམིགས་པས་སྐྱོན་རང་གི་ཐུགས་ ཀ་དང་གཉིས་རེ་མོས་བྱེད་པའོ། །ཡིད་ལ་བཟླས་བརྗོད་བྱ་བར་གསུངས་པ་ནི་མཚོན་པ་ཙམ་ཡིན་པས་ཤུབ་བུ་དང་ཡིད་བཟླས་གཉིས་ཀ་གསུངས་ཏེ། རྣམ་སྣང་མངོན་བྱང་ལས། ཡིད་ཀྱིས་བཟླས་བརྗོད་བྱ་བའམ། །ཡང་ན་ཤུབ་བུ་རྣམ་གཉིས་པ། །རྣལ་འབྱོར་མཆོག་ 3-2-82a གིས་བརྟག་པར་བྱ། །ཞེས་སོ། །འདི་གཉིས་ལ་ཡང་སྔར་ཤུབ་བུའི་བཟླས་པ་བྱ་བ་དང༌། ཡིད་བཟླས་བྱེད་པའི་ཚེ་སྲོག་རྩོལ་བཀག་ནས་བྱ་བ་སྔར་དང་འདྲའོ། །གཉིས་པ་ནི། སྟོང་པའི་ངང་ནས་ཨ་ཨཱ་ཨཾ་ཨཿབཞི་གང་རུང་ལས་སྔར་ལྟར་བསྐྱེད་པ་ནི་གཞི་དང་པོ་ སྟེ་འདི་བསྡུས་དོན་གྱི་འགྲེལ་པ་ལས་ཤཱཀྱ་ཐུབ་པར་སྐྱེད་པར་བཤད་དོ། །དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ཤིན་ཏུ་དག་ཅིང་བརྟན་པ་མེ་ལོང་ལྟ་བུ་ཞིག་བསྒོམ་སྟེ། རང་གི་ལུས་ལྷའི་ལུས་སུ་མཐོང་གི་བར་དུ་སྒོམ་པར་གསུངས་སོ། །གཞི་གཉིས་པ་ནི་ཟླ་ བའི་ནང་དུ་སྔར་བཤད་པའི་རྣམ་སྣང་ཕུག་ན་བཞུགས་པ་ལྟ་བུར་བསྒོམ་ཏེ། དེའི་ཐུགས་ཀར་ཟླ་བ་ལ་སྔགས་གནས་པར་བསམས་ལ་བཟླས་བརྗོད་བྱ་སྟེ་འདི་ལའང་འབུམ་ཕྲག་གཅིག་བཟླ་བར་གསུངས་སོ། །བཟླས་པ་གཉིས་དང་ཡིད་བཟླས་ཀྱི་ཚེ་སྲོག་ རྩོལ་སྡོམ་པ་འདི་ལ་ཡང་དགོས་པ་འདྲའོ། །སྔར་སྤྱད་པ་ཞེས་བཤད་པ་ཡིན། །ཞེས་པའི་མཇུག་ཏུ། དེ་ཕྱིན་ཆད་ནི་གང་ཅུང་ཟད། །མེ་ཏོག་སྔོས་ལ་སོགས་དབུལ་ཞིང༌། །སངས་རྒྱས་ཉིད་དུ་འགྱུར་བྱའི་ཕྱིར། །དེ་ཚེ་བྱང་ཆུབ་ཏུ་ཡང་བསྔོ། །སྔགས་པས་ འཇིགས་མེད་དེ་ལྟ་བུར། །ཟླ་གཉིས་པ་ལ་བཟླས་བརྗོད་བྱ། །ཞེས་མེ་ཏོག་སོགས་ཀྱི་མཆོད་པ་དང་མ་བསྲེས་པའི་ཟླ་བ་གཅིག་དང༌། བསྲེས་ནས་ཟླ་བ་གཅིག་ཏུ་བསྙེན་པ་བྱ་བར་བཤད་དོ། །ཡང་དེ་ཉིད་ལས། གསང་སྔགས་གྲངས་ནི་སུམ་འབུམ་དུ། ། ཕལ་ཆེར་ངས་ནི་བཤད་པ་དག །ལུས་ཅན་སྡིག་དང་བྲལ་བ་ཡི། །སྔགས་པ་རྣམ་པར་དག་པ་ལ། །བཟླས་བརྗོད་གྲངས་འདི་བསྟན་པ་སྟེ། །གཞན་དུ་བྱ་བ་མ་ཡིན་ནོ། །ཞེས་ཀྱང་གསུངས་སོ། །དེ་ལྟར་ལྷའི་སྐུ་ལ་དམིགས་པའི་སེམས་འཛིན་དང་ 3-2-82b རླུང་སྦྱོར་ལ་བརྟེན་ནས་ཞི་གནས་རྙེད་རྙེད་དུ་བསྒོམ་པར་བྱའོ། །གཉིས་པ་ནི། ལྷའི་སྐུ་ལ་སོགས་པ་ལ་དམིགས་པའི་ཞི་གནས་རྙེད་པ་ན་སྟོང་པ་ཉིད་བསྒོམ་སྟེ། རྣམ་སྣང་མངོན་བྱང་ལས། སྐྱེད་མོས་ཚལ་ལམ་གཙུག་ལག་ཁང་ངམ་ཕུག་གམ་ཡིད་གང་དུ་དབེན་ པ་དེར་བྱང་ཆུབ་ཀྱི་སེམས་བསྒོམ་ཞིང་མཚན་མ་བྱུང་གི་བར་དེ་སྲིད་དུ་འདུག་པར་བྱའོ། །ཞེས་གསུངས་ལ། མཚན་མ་ནི། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་རྟོགས་པའི་ཏིང་ངེ་འཛིན་དུས་ཇི་སྲིད་འདོད་ཀྱི་བར་དུ་སེམས་བརྟན་པ་ལ་བསྡུས་འགྲེལ་ལས་བཤད་ དོ། །དེ་ལ་ཡན་ལག་བཞིའི་བཟླས་བརྗོད་ཀྱི་སྔོན་དུ་སྟོང་ཉིད་སྒོམ་པའི་ཚུལ་གསུངས་ཀྱང་ལྷ་སྒོམ་པའི་སྔ་རོལ་ཏུ་སྟོང་ཉིད་ཡིད་ལ་བྱ་བའི་ཚུལ་བསྟན་པ་ཡིན་གྱི། སྟོང་ཉིད་ལ་གཙོ་བོར་སྒོམ་པའི་རིམ་པ་ནི་ལྷའི་རྣལ་འབྱོར་སྔོན་དུ་བཏང་ནས་བྱེད་དེ། བསྡུས་ འགྲེལ་ལས། རང་གི་ལྷ་ཆོས་ཀྱི་སྐུའི་མཚན་ཉིད་ཅན་མཚན་མ་མེད་པའི་ཏིང་ངེ་འཛིན་གོམས་པའི་སྒོ་ནས་བཟླས་བརྗོད་སྒྲུབ་པའི་སྦྱོར་བའི་གོ་རིམས་འདི་ཡིན་ཏེ། དེ་ལ་རེ་ཞིག་སྔ་མ་བཞིན་དུ་བཟླས་བརྗོད་ཡན་ལག་བཞི་ལ་སོགས་པ་ཐམས་ཅད་ མངོན་དུ་བྱས་ལ། རང་གི་ལྷའི་སྐུ་བདག་གཉིས་སུ་མེད་པའི་ཁ་དོག་དང༌། དབྱིབས་ལ་སོགས་པའི་ངོ་བོ་ཉིད་ཀུན་བཏགས་པར་སྣང་བ་ལ་རྡུལ་ཕྲ་རབ་དུ་མར་གཞིགས་པར་བརྟགས་པའམ། ཞེས་གསུངས་སོ། །མཚན་མ་མེད་པ་ཇི་ལྟར་བསྒོམ་པར་བྱ་བ་ནི། རྒྱུད་དེ་ཉིད་ལས་རྒྱས་པར་གསུངས་ཏེ། ཇི་སྐད་དུ། གསང་བ་བའི་བདག་པོ་དེ་ལ་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་མཚན་མ་མེད་པའི་ཏིང་ངེ་འཛིན་སྒྲུབ་པར་འདོད་པས་འདི་ལྟར་བསམ་པར་བྱའོ། །མཚན་ 3-2-83a མ་རྣམས་གང་ནས་བྱུང་ཅི་བདག་གི་ལུས་སམ་བདག་གི་སེམས་སམ་བདག་གི་ཡིད་ལས་བྱུང༌། དེ་ལ་ལུས་ནི་ལས་ལས་སྐྱེས་པ་སྟེ་རྩྭ་དང་ཤིང་དང་བོང་བ་ལྟ་བུ་ངོ་བོ་ཉིད་ཀྱིས་བྱ་བ་མེད་པ། བླུན་པའམ་ཕྱི་རོལ་གྱི་རྣམ་པ་ལྟ་བུ་ལ་བཟོ་བྱས་པའི་གཟུགས་ ལྟ་བུར་བརྟག་པར་བྱའོ། །འདི་ལྟར་བཟོ་བྱས་པའི་གཟུགས་དེ་ལ་མི་ཞིག་གིས་ཁྲོས་ཏེ་མེའམ་དུག་གམ་མཚོན་ནམ་ཆུའམ་རྡོ་རྗེས་བཤིག་གམ། བསྲེགས་སམ་བཅད་ཀྱང་མི་དགའ་བ་ཅུང་ཟད་ཀྱང་མེད་ལ་བཟའ་བ་དང་བཏུང་བའམ་བཀྲུ་བའམ་བྱུག་པའི་སྤོས་སམ། ཕྲེང་བའམ་གོས་སམ་ཙནྡན་ནམ་ག་བུར་ལ་སོགས་པ་ལྷ་དང་མིའི་ཡོ་བྱད་རྣམ་པ་སྣ་ཚོགས་ཀྱིས་མཆོད་ཀྱང་མི་དེ་ལ་དགའ་བར་འགྱུར་བ་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ངོ་བོ་ཉིད་ཀྱིས་སྟོང་པའི་གཟུགས་དེ་ལ་རང་གི་ང་རྒྱལ་གྱིས་ཀུན་ནས་བསླངས་པའི་ཕྱིན་ཅི་མ་ ལོག་གིས་ཡང་དག་པ་མ་ཡིན་པའི་རྟོག་པ་ལས་བྱུང་བའི་མཆོད་པའམ། གནོད་པར་བྱེད་པའི་མི་གང་ཡིན་པ་དེ་ནི་བྱིས་པའི་རང་བཞིན་ཅན་ཡིན་ནོ། །གསང་བ་པའི་བདག་པོ། དེ་ལྟར་ལུས་ལ་ལུས་ཀྱི་རྗེས་སུ་སོང་བའི་དྲན་པ་ངོ་བོ་ཉིད་ཀྱིས་སྟོང་པ་བསྒོམ་པར་ བྱའོ། །ཞེས་ལུས་རང་གི་ངོ་བོ་ཉིད་ཀྱིས་སྟོང་པར་གཏན་ལ་ཕབ་ནས་སྒོམ་པར་གསུངས་ལ། སེམས་ལ་སོ་སོར་རྟོག་ཚུལ་ཡང་དེ་ཉིད་ལས། གསང་བ་པའི་བདག་པོ། གཞན་ཡང་སེམས་ནི་ངོ་བོ་ཉིད་མེད་པ་མཚན་མ་ཐམས་ཅད་དང་བྲལ་བ་ངོ་བོ་ཉིད་ཀྱིས་སྟོང་ པར་བསམ་པར་བྱའོ། །གསང་བ་པའི་བདག་པོ། སེམས་ནི་དུས་གསུམ་མེད་དོ། །དུས་གསུམ་དང་བྲལ་བ་གང་ཡིན་པ་དེ་ནི། ངོ་བོ་ཉིད་ཀྱིས་མཚན་མ་དང་བྲལ་བའོ་སྙམ་དུ་བསམ་པར་བྱའོ། །གསང་བ་པའི་བདག་པོ། གཞན་ཡང་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ 3-2-83b ཡིད་མཚན་མ་དང་བཅས་པར་རྟོག་སྟེ། འདི་ནི་ཡང་དག་པ་མ་ཡིན་ཀུན་ཏུ་རྟོག་པའི་ཚིག་བླ་དྭགས་སོ། །ཡང་དག་པ་མ་ཡིན་པ་གང་ཡིན་པ་དེ་ནི་མ་སྐྱེས་པའོ་ཞེས་བྱ་བར་ནི་རབ་ཏུ་མི་ཤེས་སོ། །གསང་བ་པའི་བདག་པོ། བྱང་ཆུབ་སེམས་དཔའ་གསང་སྔགས་ ཀྱི་སྒོ་ནས་སྤྱད་པ་སྤྱོད་པས་དེ་ལྟར་བསམས་ན་མཚན་མ་མེད་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ། །གསང་བ་པའི་བདག་པོ། ནམ་མཚན་མ་མེད་པའི་ཏིང་ངེ་འཛིན་ལ་གནས་པར་གྱུར་པ་དེའི་ཚེ་དེ་ལ་དེ་བཞིན་གཤེགས་པས་གསུངས་པའི་གསང་སྔགས་རྣམ་ མངོན་དུ་ཕྱོགས་ཤིང་གཞོལ་བར་འགྱུར་རོ། །ཞེས་སེམས་ལ་རང་བཞིན་མེད་པའི་ཚུལ་དང༌། དེ་ལ་བདེན་པར་འཛིན་པ་བློས་བརྟགས་པ་ཙམ་ཡིན་པ་དང༌། ལུས་དང་སེམས་ལ་སོ་སོར་རྟོག་ཚུལ་དེ་ལྟར་བྱས་ན་མཚན་མ་མེད་པའི་ཏིང་ངེ་འཛིན་འཐོབ་པ་ དང༌། ཏིང་ངེ་འཛིན་དེ་ཐོབ་ན་སྔགས་ཀྱི་དངོས་གྲུབ་རྣམས་འགྲུབ་པར་གསུངས་སོ། །བསྡུས་འགྲེལ་ལས་ཀྱང༌། རང་དང་ལྷའི་སྐུ་གཉིས་སུ་མེད་པར་ཁ་དོག་དང་དབྱིབས་སུ་སྣང་བ་མངོན་དུ་བྱས་ནས་དེ་ལ་རྡུལ་ཕྲ་རབ་ཏུ་རྣམ་པར་གཞིགས་པར་བརྟགས་པ་ འམ་གཟོད་མ་ནས་མ་སྐྱེས་ཤིང་སྐྱེ་བ་མེད་པའི་རིགས་པའམ། དེ་བཞིན་དུ་རང་གི་སེམས་ཁ་ནང་དུ་བལྟས་པར་བྱ་བའི་སྦྱོར་བའི་སྒོ་ནས་སྲོག་སླར་སྡུད་པའི་རིགས་པའམ། དེར་སྣང་བ་ཡིད་ལ་མི་བྱེད་པའི་སྒོ་ནས་ཀྱང་རུང་སྟེ་ཇི་ལྟར་རྟོགས་པ་བཞིན་སེམས་ རང་རིག་པ་ཙམ་རང་གི་ལྷའི་གཟུགས་ཀྱི་སྐུ་དང་བྲལ་བ་སྣང་བ་མེད་པ་མངོན་སུམ་དུ་བྱ་སྟེ། ཅི་རིགས་པར་ཡིད་ལ་རང་གི་རིག་སྔགས་བཟླས་བརྗོད་བྱའོ་ཞེས་བྱ་བ་ཡིན་ནོ། །ཞེས་གཅིག་ཏུ་བྲལ་ལམ་རྡོ་རྗེ་གཟེགས་མའི་རིགས་པས་དཔྱད་པའི་མཐར་རམ། 3-2-84a ཡང་ན་སྔར་བཤད་པའི་དོན་ལ་སྲོག་སླར་སྡུད་པའི་རིགས་པས་ཡིད་ཕྱི་རོལ་ཏུ་འགྲོ་བ་བསྡུས་ནས་འཇོག་པའམ། ཡང་ན་སྤྲོས་པའི་སྣང་བ་རྣམས་ལྟ་བ་དྲན་ནས་ཡིད་ལ་མི་བྱེད་པའི་སྒོ་ནས་ལྷའི་ཁ་དོག་དང་དབྱིབས་དང་བྲལ་བའི་སྣང་ བ་མེད་པའི་དོན་སྒོམ་པར་གསུངས་པ་ལྟར་བསྒོམ་པར་བྱའོ། །འདི་དག་ནི། སྒོམ་རིམ་རྣམས་དང་ཡང་ཤིན་ཏུ་མཐུན་པ་ཡིན་ཏེ། སྒོམ་རིམ་ཐ་མ་ལས། འཕགས་པ་དཀོན་མཆོག་སྤྲིན་ལས་ཀྱང་བཀའ་སྩལ་ཏེ། དེ་ལྟར་སྐྱོན་ལ་མཁས་པ་དེ་སྤྲོས་པ་ཐམས་ ཅད་དང་བྲལ་བར་བྱ་བའི་ཕྱིར་སྟོང་པ་ཉིད་སྒོམ་པ་ལ་རྣལ་འབྱོར་དུ་བྱེད་དོ། །དེ་སྟོང་པ་ཉིད་ལ་སྒོམ་པ་མང་བས་གནས་གང་དང་གང་དུ་སེམས་འཕྲོ་ཞིང་མངོན་པར་དགའ་བའི་གནད་དེ་དག་གི་ངོ་བོ་ཉིད་ཡོངས་སུ་བཙལ་ན་སྟོང་པར་རྟོགས་སོ། །སེམས་ གང་ཡིན་པ་དེ་ཡང་བརྟགས་ན་སྟོང་པར་རྟོགས་སོ། །སེམས་གང་གིས་རྟོགས་པ་དེ་ཡང་ངོ་བོ་ཉིད་ཀུན་ཏུ་བཙལ་ན་སྟོང་པར་རྟོགས་ཏེ། དེ་དེ་ལྟར་རྟོགས་པས་མཚན་མ་མེད་པའི་རྣལ་འབྱོར་ལ་འཇུག་གོ་ཞེས་འབྱུང་ངོ༌། །འདིས་ནི་འདི་སྐད་དུ་གང་ཉེ་བར་མི་ རྟོག་པ་དེ་ནི་མཚན་མ་མེད་པ་ལ་འཇུག་པར་མི་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །ཞེས་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱོད་པ་དེ་མཚན་མ་མེད་པའི་རྣལ་འབྱོར་ལ་འཇུག་པར་གསུངས་པའི་ཤུགས་ཀྱིས། སོ་སོར་རྟོག་པའི་ཤེས་རབ་སྤངས་ན་མཚན་ མེད་ཀྱི་རྣལ་འབྱོར་ལ་མི་འཇུག་པར་གསུངས་ཏེ། རྒྱུད་འདིར་ཡང་མཚན་མ་མེད་པའི་ཏིང་ངེ་འཛིན་སྒྲུབ་པར་འདོད་པས་ལུས་དང་སེམས་དེ་ཁོ་ནར་མ་གྲུབ་པར་སོ་སོར་བརྟག་པར་གསུངས་པས། དངོས་པོའི་དེ་ཁོ་ན་ཉིད་ལ་དཔྱོད་པའི་ཤེས་རབ་ཀྱིས་མ་ 3-2-84b དཔྱད་ན་མཚན་མེད་ཀྱི་ཏིང་ངེ་འཛིན་མི་སྐྱེ་བར་བསྟན་པ་ཡིན་ནོ། །དེས་ན་ལྟ་བས་ཆོས་ཐམས་ཅད་རང་བཞིན་མེད་པར་གཏན་ལ་ཕབ་པའི་དོན་ངེས་པའི་ངེས་ཤེས་ཀྱི་རྒྱུན་སྐྱོང་དགོས་ཀྱི། ལྟ་བ་མ་གོ་བའི་སེམས་མི་རྟོག་པར་བཞག་པ་དང༌། ལྟ་བ་རྙེད་ཀྱང་སྒོམ་པའི་དུས་སུ་ ལྟ་བའི་ངེས་པ་མ་བསྐྱངས་པར་མི་རྟོག་པ་ཙམ་ཞིག་སྐྱོང་བ་ནི་སྟོང་པ་ཉིད་སྒོམ་པ་མ་ཡིན་ནོ། །འདི་ཡང་ལྷག་མཐོང་གིས་དཔྱད་དྲགས་ན་མི་རུང་བས་དཔྱད་པ་དང་འཇོག་པའི་སྒོམ་སྤེལ་ནས་བྱེད་པ་སྔར་བཤད་པ་བཞིན་བྱ་དགོས་སོ། །དེ་ལྟར་ན་བྱ་སྤྱོད་ཀྱི་རྒྱུད་ རྣམས་ལ་རྣལ་འབྱོར་གལ་ཆེ་བ་བཞི་སྟེ། ལྷ་དང་སྟོང་པའི་རྣལ་འབྱོར་དང་རླུང་དང་བཟླས་པའི་རྣལ་འབྱོར་རོ། །དེ་ལ་དོན་དམ་པ་དང་ཀུན་རྫོབ་པའི་ལྷའི་རྣལ་འབྱོར་གཉིས་ནི། སྐུ་གཉིས་ཀྱི་སྒྲུབ་བྱེད་གཙོ་བོ་ཡིན་ལ། བཟླས་པ་ནི། གང་དུ་བསྒོམས་པའི་ལྷ་དེའི་ཐུགས་ སྐུལ་བའི་ཡན་ལག་ཡིན་པས་ཀུན་རྫོབ་པའི་ལྷའི་རྣལ་འབྱོར་གྱི་ཡན་ལག་ཏུ་འདུའོ། །རླུང་གི་རྣལ་འབྱོར་ནི། ལྷའི་རྣལ་འབྱོར་གཉིས་ཀའི་བརྟན་བྱེད་ཀྱི་ཡན་ལག་ཡིན་པས་གཉིས་ཀར་བསྡུས་ནས་མཚན་མ་དང་བཅས་མ་བཅས་ཀྱི་རྣལ་འབྱོར་གཉིས་སུ་བསྡུའོ། ། དེ་ལྟར་ཡིན་ཡང་འདི་དག་ལ་རྫོགས་རིམ་མེད་པར་བཤད་པས་རླུང་ནང་དུ་བཟུང་པའི་མཐུས་བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་སྐྱེས་པ་དང༌། དེ་དག་ལ་བརྟེན་པའི་མཚན་མེད་ཀྱི་རྣལ་འབྱོར་ཡང་རྫོགས་རིམ་མ་ཡིན་པ་དང༌། བླ་མེད་ཀྱི་རྫོགས་རིམ་ ཐུན་མོང་མ་ཡིན་པ་རྣམས་མ་འདྲེས་པར་སོ་སོར་ཤེས་དགོས་ཏེ། རྒྱུད་སྡེ་འོག་མ་འདི་རྣམས་ལ་ལམ་ཇི་ཙམ་ཞིག་ཡོད་པའི་ཁྱད་པར་ཞིབ་མོ་མ་ཤེས་ན། གོང་མའི་ལམ་ཐུན་མོང་མ་ཡིན་པ་རྣམས་མི་ཤེས་པའི་ཕྱིར་རོ། །བཞི་པ་ནི། རལ་གྲི་ལ་སོགས་ 3-2-85a པའི་ཕྱིའི་རྫས་ལ་བརྟེན་ནས་རལ་གྲིའི་རིག་པ་འཛིན་པ་སོགས་སྒྲུབ་པ་དང༌། ནང་གི་ལུས་ཀྱི་གནས་རྣམས་སུ་ས་ཆུ་མེ་རླུང་གི་དཀྱིལ་འཁོར་བསྒོམས་ནས་ཞི་རྒྱས་ལ་སོགས་པའི་ལས་སྒྲུབ་པ་དང༌། འཇམ་དཔལ་ལ་སོགས་པའི་སྒྲུབ་ པ་བྱས་ནས་བྱང་སེམས་དེ་དག་གིས་མགོ་ལ་ཉུག་པའམ། ལེགས་སོ་ཞེས་པ་བྱུང་བྱུང་དུ་བཟླས་བརྗོད་བྱས་པའི་མཐར་དེ་དག་བྱུང་བ་ན། བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་ཏིང་ངེ་འཛིན་ཐོབ་པར་རྒྱུད་འདི་ལས་གསུངས་ཏེ། དེ་ལ་སོགས་པའི་དངོས་གྲུབ་ སྒྲུབ་པའི་ཚུལ་དུ་མ་ཞིག་གསུངས་སོ། །ལམ་སྡུད་པའི་སྤྱིའི་ཆིངས་བཞི་བོ་དེར་རྒྱུད་གཉིས་པོ་ཐམས་ཅད་ཀྱིས་དོན་རྣམས་འཁྲུགས་བསྡེབས་ནས་ལེགས་པར་བསྡུས་པས། རྒྱུད་རྣམས་གདམས་ངག་ཏུ་འཆར་བར་སྣང་ན་རྒྱུད་ཤེས་པའི་གྲངས་སུ་འགྲོ་ བ་ཡིན་གྱི། དེ་ལྟ་མ་ཡིན་ན་ལམ་གྱི་ཆ་ཤས་རེ་རེ་ཙམ་ཤེས་པ་ནི་ལམ་སྤྱིའི་གནད་ཤེས་པ་མ་ཡིན་པས། བློ་གྲོས་ཅན་རྣམས་ཀྱིས་རྒྱུད་སྡེ་གཉིས་ཀྱི་གཞུང་གདམས་ངག་ཏུ་འཆར་བའི་ཐབས་ལ་འབད་པར་བྱོས་ཤིག །འདིར་སྨྲས་པ། སྤྱོད་རྒྱུད་གཙོ་ བོ་རྣམ་སྣང་མངོན་བྱང་དོན། །མཁས་གྲུབ་སངས་རྒྱས་གསང་བས་བཤད་པ་བཞིན། །རྣལ་འབྱོར་གཉིས་ཀྱི་རིམ་པ་བཤད་པ་འདི། །སྤྱོད་པའི་རྒྱུད་ལ་བདེ་བླག་འཇུག་པའི་སྒོ། །རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་གསང་བ་ཀུན་གྱི་གནད་རྣམ་པར་ ཕྱེ་བ་ལས་སྤྱོད་པའི་རྒྱུད་ཀྱི་ལམ་བགྲོད་པའི་རིམ་པ་སྟེ་ལེའུ་གསུམ་པའོ།། ༈ །།གཉིས་པ་རྣལ་འབྱོར་རྒྱུད་ཀྱི་ལམ་གྱི་རིམ་པ་ལ་གཉིས། རྒྱུད་ལས་ཇི་ལྟར་བསྟན་པའི་ཚུལ་དང༌། དེའི་དོན་ཉམས་སུ་བླང་བའི་རིམ་པའོ། །དང་པོ་ནི། རྣལ་ 3-2-85b འབྱོར་ཀྱི་རྒྱུད་ཐམས་ཅད་ཀྱི་རྩ་བ་ནི་དེ་ཉིད་བསྡུས་པ་ཡིན་ལ། དེར་དང་པོར་གླེང་གཞིས་དོན་གཉིས་ཕུན་སུམ་ཚོགས་པའི་རྣམ་སྣང་བསྟན་པས་དེ་ལ་ཐོབ་འདོད་སྐྱེད་དོ། །དེ་སྐྱེས་པ་ན་ཐོབ་བྱ་དེ་མངོན་དུ་བྱ་བའི་ཐབས་ནི། དེ་མན་ཆད་ཀྱི་རྒྱུད་ཐམས་ཅད་ཀྱིས་སྟོན་པ་ལ། འཇིག་རྟེན་ལས་འདས་མ་འདས་ཀྱི་དངོས་གྲུབ་སྒྲུབ་པའི་ཐབས་ཐུན་མོང་བ་ནི། རྩ་བའི་རྒྱུད་ཀྱིས་སྟོན་ཞིང་དེ་ལ་ཡང་དུམ་བུ་བཞི་སྟེ། རྡོར་དབྱིངས་དང༌། ཁམས་གསུམ་རྣམ་རྒྱལ་དང༌། འགྲོ་འདུལ་དང༌། དོན་གྲུབ་ཀྱི་དུམ་བུའོ། །དང་པོ་ལ་དེ་བཞིན་གཤེགས་པ་དང་དེའི་ རིགས་གཉིས་ཀྱི་ཕྱི་མ་ནི་རྣམ་སྣང་གི་རིགས་སོ། །གཉིས་པ་ནི། རྡོ་རྗེའི་རིགས་ཏེ་མི་བསྐྱོད་པའི་རིགས་སོ། གསུམ་པ་ནི། པདྨའི་རིགས་ཏེ་འོད་དཔག་མེད་ཀྱི་རིགས་སོ། །བཞི་པ་ནི། སེམས་ཅན་གྱི་འདོད་པ་རྫོགས་པར་བྱེད་པའི་རིན་པོ་ཆེའི་རིགས་ཏེ་རིན་འབྱུང་གི་རིགས་ སོ། །རིགས་ལྔ་ཡོད་པ་ལ་རྩ་རྒྱུད་ལས་བཞི་ལས་མ་བཤད་པ་ནི་སེམས་ཅན་གྱི་བསམ་པ་རྫོགས་པར་བྱེད་པའི་བྱེད་པ་པོའི་སྒོ་ནས་རིན་པོ་ཆེའི་རིགས་ཡིན་ལ། ལས་སུ་བྱ་བའི་སྒོ་ནས་ལས་ཀྱི་རིགས་ཡིན་པས་ལས་དང་བྱེད་པ་པོ་གཅིག་ཏུ་བསྡུས་པ་ཡིན་པར་ སངས་རྒྱས་གསང་བས་བཤད་དོ། །རྒྱུད་ཕྱི་མ་ནི། འཇིག་རྟེན་ལས་འདས་པའི་དངོས་གྲུབ་སྒྲུབ་པར་བྱེད་པའི་སེམས་ཅན་གོང་མའི་ཡང་གོང་མ་རྗེས་སུ་འཛིན་པར་བྱེད་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐོབ་པའི་རྒྱུར་གྱུར་པ་དངོས་གྲུབ་མཆོག་གི་ཁྱད་ པར་སྟོན་པ་སྟེ། འདིས་ཀྱང་དུམ་བུ་བཞི་ཁ་དང་འགྲེལ་པའི་ལམ་སྟོན་ནོ། །རྒྱུད་ཕྱི་མའི་ཕྱི་མ་ནི། དངོས་གྲུབ་ཀྱི་མཆོག་སྒྲུབ་པའི་ཐབས་ཁྱད་པར་ཅན་དེ་ཁོ་ན་ཉིད་ཀྱི་དོན་ལ་འཇུག་པར་མི་ནུས་པས་དམིགས་པ་དང་བཅས་ཤིང༌། སྒོམ་པས་འཇིགས་སྐྲག་ལ་ 3-2-86a བཟླས་པ་དང་མཆོད་པ་སོགས་ཀྱི་བྱ་བ་ལ་མངོན་པར་ཞེན་པའི་སེམས་ཅན་རྗེས་སུ་འཛིན་པའི་ཐབས་སུ་གསུངས་པ་སྟེ། འདིས་ཀྱང་དུམ་བུ་བཞི་ཁ་དང་འབྲེལ་བའི་ལམ་སྟོན་ནོ། །དེ་ལྟ་ནའང་རྣལ་འབྱོར་གྱི་རྒྱུད་བསྒོམ་པ་གཙོ་བོར་བྱེད་པའི་གདུལ་བྱ་ལ་ གསུངས་པ་མི་འགལ་ཏེ། གདུལ་བྱའི་གཙོ་བོ་དེ་ལྟར་ཡིན་ཡང་ཕལ་བའི་གདུལ་བྱ་ལ་སྒོམ་པ་གཙོ་བོར་མི་བྱེད་པ་མི་འགལ་བའི་ཕྱིར་རོ། །འོ་ན་དུམ་བུ་བཞིའི་ལམ་འདི་གང་ཟག་རྒྱུད་ཐ་དད་པ་བཞིའམ་འོན་ཏེ་གང་ཟག་གཅིག་རིམ་གྱིས་འཁྲིད་ པའི་གནས་སྐབས་མི་འདྲ་བ་བཞི་ཡིན་སྙམ་ན། འདི་ལ་དཔལ་མཆོག་འགྲེལ་ཆེན་ལས། དེ་བཞིན་གཤེགས་པའི་ཟློས་པ་པོ་ནི། རང་བཞིན་བཟང་བ་ཆ་མཉམ་པ་ལ་སྤྱོད་པ་དང༌། དེ་བཞིན་གཤེགས་པའི་རིགས་ཀྱི་ཟློས་པ་པོ་ནི་འདོད་ཆགས་ཅན། དུམ་བུ་གཉིས་པའི་གདུལ་བྱ་ནི་ཞེ་སྡང་ཅན། གསུམ་པའི་གདུལ་བྱ་ནི་གཏི་མུག་ཅན་ནམ་ལོག་པར་ལྟ་བ་ཅན། བཞི་པའི་གདུལ་བྱ་ནི་སེར་སྣ་ཅན་དུ་གསུངས་པས་གང་ཟག་རྒྱུད་ཐ་དད་པ་བཞི་ཡིན་ཏེ། དཔེར་ན། བླ་མེད་ཀྱི་སྐབས་སུ་དེ་བཞིན་གཤེགས་ པ་རིགས་ལྔའི་ཟློས་པ་པོ་བཤད་པ་བཞིན་ནོ། །ཡང་འགྲེལ་པ་དེ་ལས། དེ་བཞིན་གཤེགས་པ་དང༌། རྡོ་རྗེའི་རིགས་དང༌། རིན་པོ་ཆེ་དང༌། པདྨ་དང༌། ལས་ཀྱི་རིགས་བཞི་རིམ་པ་བཞིན་ངོ་བོ་ཉིད་དང༌། རྣམ་པར་སྨིན་པ་དང༌། ལོངས་སྤྱོད་རྫོགས་པ་དང༌། སྤྲུལ་པའི་སྐུ་བཞི་དང༌། མེ་ལོང་ལྟ་བུ་དང༌། མཉམ་པ་ཉིད་དང༌། སོ་སོར་རྟོག་པ་དང༌། བྱ་བ་སྒྲུབ་པའི་ཡེ་ཤེས་བཞི་དང༌། བྱང་ཆུབ་ཀྱི་སེམས་དང༌། སྦྱིན་པའི་ཕར་ཕྱིན་དང༌། ཤེས་རབ་ཀྱི་ཕར་ཕྱིན་དང༌། བརྩོན་འགྲུས་ཀྱི་ཕར་ཕྱིན་དུ་བཤད་པ་ནི་ཐོབ་བྱའི་སྒོ་ 3-2-86b ནས་བཤད་པ་སྟེ། དེ་ལྟར་བྱས་ན་གདུལ་བྱ་རེ་རེའི་ཐོབ་བྱ་ལ་ཡང་རིགས་བཞི་ཁ་ཚང་བ་དགོས་སོ། །རྣམ་སྣང་གི་གོ་འཕང་མངོན་དུ་བྱེད་པ་ནི། དུམ་བུ་རེ་རེ་ལས་གསུངས་པ་ལ་རྒྱས་པ་དང་འབྲིང་དང་བསྡུས་པ་ལ་དགའ་བའི་གདུལ་བྱ་གསུམ་གྱི་ཏིང་ངེ་འཛིན་ ཚན་པ་གསུམ་གསུམ་གསུངས་སོ། །དེ་ལ་འབྲིང་གི་ཏིང་ངེ་འཛིན་གསུམ་ཚན་བཞི་ནི། རང་རང་གི་ཕྱག་རྒྱ་བཞིའི་དཀྱིལ་འཁོར་དང༌། བསྡུས་པའི་ཏིང་ངེ་འཛིན་གསུམ་ཚན་བཞི་ནི། རང་རང་གི་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་གྱི་སྐབས་ནས་གསུངས་པའོ། ། རྒྱས་པའི་ཏིང་ངེ་འཛིན་གསུམ་ཚན་བཞི་པོ་རེ་རེ་ལ་དུམ་བུ་སོ་སོ་ནས་དཀྱིལ་འཁོར་ཆེན་པོ་དང༌། གཟུགས་དཀྱིལ་དང༌། ཆོས་དཀྱིལ་དང༌། ལས་དཀྱིལ་གྱི་སྐབས་ཀྱི་དང་པོ་སྦྱོར་བ་དང་དཀྱིལ་འཁོར་རྒྱལ་མཆོག་དང་ལས་རྒྱལ་མཆོག་གི་ཏིང་ངེ་འཛིན་གསུམ་ གསུམ་གསུངས་སོ། །དེ་ཉིད་སྣང་བ་ལས་དུམ་བུ་བཞིའི་རིགས་བཞི་དང་ཕྱག་རྒྱ་བཞི་སྦྱར་བ་ནི། ཕྱག་ཆེན་སྐུ་དམ་རྒྱ་ཐུགས་ཆོས་རྒྱ་གསུང་ལས་རྒྱ་འཕྲིན་ལས་ཡིན་པས་སྐུ་གསུང་ཐུགས་མཛད་པ་བཞི་དང་དུམ་བུ་རྣམས་ཀྱི་རིགས་བཞི་སྦྱར་བ་ཡིན་ལ། ཨ་བ་ཏ་ར་ལས་ཀྱང༌། ཕྱག་རྒྱ་དེ་ཡང་འདིར་སྐུ་ལ་སོགས་པའི་བྱེ་བྲག་གིས་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་དང༌། དམ་ཚིག་དང་ཆོས་དང་ལས་ཀྱི་ཕྱག་རྒྱ་དང་རྣམ་པ་བཞིར་བསྟན་ཏེ། ཞེས་སྒྲུབ་བྱེད་དང་བཅས་པས་རྒྱས་པར་བཤད་དོ། །དེ་ལྟར་སྦྱར་བའི་སྐུ་ལ་ སོགས་པ་བཞི་ནི། རྣམ་སྣང་དང་མི་བསྐྱོད་པ་དང་འོད་དཔག་མེད་དང་རིགས་གཞན་གཉིས་ཀྱི་རིགས་ལ་སྐུ་དང་ཐུགས་དང་གསུང་དང་འཕྲིན་ལས་སུ་བྱས་པ་ཡིན་གྱི། ལྷ་གང་ཡང་རུང་བའི་སྐུ་ལ་སོགས་པ་མིན་ནོ། །རིགས་བཞི་པོ་རེ་རེའི་དཀྱིལ་ 3-2-87a འཁོར་ཆེན་པོ་ནས་ལས་དཀྱིལ་གྱི་བར་བཞི་བཞི་ཡང་ཕྱག་རྒྱ་བཞི་དང་སྦྱར་ནས་དེ་ཉིད་སྣང་བ་ལས་གསུངས་པས། རང་རང་གི་རིགས་ཀྱི་སྐུ་དང་ཐུགས་དང་གསུང་དང་འཕྲིན་ལས་བཞི་བཞིའི་དབང་དུ་མཛད་པ་ཡིན་ཏེ། ཨ་བ་ཏ་ར་ལས་ ཀྱང༌། རིགས་བཞི་རྣམས་ལ་ཡང་དཀྱིལ་འཁོར་ཆེན་པོ་ནི། ལྷ་རྣམས་དགོད་པ་གཟུགས་ཀྱི་སྐུ་བཀོད་པའི་ཕྱིར་སྐུ་མི་ཟད་པའི་མཛོད་རྣམ་པར་སྤྲུལ་པ་བསྡུས་པ་ཡིན་པར་བལྟའོ། །དམ་ཚིག་གི་དཀྱིལ་འཁོར་ནི། ཇི་ལྟར་རྟོགས་པའི་རྣམ་པར་གྲོལ་བའི་སྒོ་ མཚོན་པར་བྱེད་པ་རྡོ་རྗེ་དང་ལྕགས་ཀྱུ་དང༌། མདའ་དང་མགུ་བ་ལ་སོགས་པ་རྣམ་པར་བཀོད་པ་ཉེ་བའི་མཚན་ཉིད་ནི་ཐུགས་མི་ཟད་པ་རྣམ་པར་བཀོད་པའི་མཛོད་རྣམ་པར་སྤྲུལ་པ་བསྡུས་པའོ། །ཆོས་ཀྱི་དཀྱིལ་འཁོར་ནི། ཇི་ལྟར་རྟོགས་པའི་ཆོས་བསྟན་ པའི་ཐབས་སྤྱོད་པ་མཉམ་པར་བཞག་པ་རྣམ་པར་བཀོད་ཅིང་གནས་པའི་ལྷ་རྣམས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་མི་ཟད་པ་རྣམ་པར་བཀོད་པའི་མཛོད་རྨ་པར་སྤྲུལ་པ་བྱིན་གྱིས་བརླབས་པའོ། །དེ་བཞིན་དུ་ལས་ཀྱི་དཀྱིལ་འཁོར་ ལ་ཡང་མཆོད་པ་ལ་སོགས་པའི་ལས་ཀྱི་ལྷ་རྣམས་བཀོད་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སེམས་ཅན་གྱི་དོན་སྤྱོད་པ་ལ་སོགས་པ་བསྡུས་པ་བསྟན་པར་བལྟའོ། །ཞེས་གསུངས་སོ། །དེ་ཡང་དེ་ཉིད་སྣང་བ་ལས་གཙོ་ཆེ་བའི་སྒོ་ནས་ གསུངས་པས། རྡོར་དབྱིངས་ཀྱི་དུམ་བུའི་དཀྱིལ་འཁོར་དང་པོ་ལྟ་བུ་ལ་ཡང་རང་རིགས་ཀྱི་སྐུ་ཕྱག་ཆེན་གཙོ་ཆེ་མོད་ཀྱང༌། ཐུགས་དམ་ཚིག་གི་ཕྱག་རྒྱ་སོགས་མེད་པ་མིན་པས་ཕྱག་རྒྱ་བཞིས་རྒྱས་གདབ་པར་ཡང་གསུངས་ཏེ། གཞན་རྣམས་ 3-2-87b ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །དེ་ལྟར་ཡང་ཨ་བ་ཏ་ར་ལས། རིམ་པ་འདིས་ནི་སྐུ་ལ་སོགས་པ་རྣམ་པ་བཞི་གཙོ་བོར་གྱུར་བའི་ཕྱིར་དཀྱིལ་འཁོར་བཞིར་གསུངས་མོད་ཀྱི། འོན་ཀྱང་ཕལ་ཆེར་ལུས་མེད་པའི་སེམས་ཀྱང་མི་སྲིད་ལ། སེམས་དང་ལུས་ མེད་པའི་ངག་ཀྱང་མི་སྲིད་དེ། དེ་བས་ན་དཀྱིལ་འཁོར་སོ་སོ་ལས་ཀྱང་སྐུ་ལ་སོགས་པ་བཞི་ཆར་དགོས་པར་བལྟའོ། །དེ་བས་ན་རིགས་ཀྱི་དཀྱིལ་འཁོར་ཐམས་ཅད་དུ་ཡང་སྐུ་ལ་སོགས་པའི་མཚན་མར་གྱུར་པ་གོ་རིམས་བཞིན་དུ་ཕྱག་རྒྱ་ཆེན་པོ་དང་དམ་ ཚིག་དང་ཆོས་དང་ལས་ཀྱི་ཕྱག་རྒྱ་དང་རྣམ་པ་བཞི་འདིར་བཤད་དོ། །ཞེས་གསུངས་སོ། །དེ་དག་གི་རྣམ་དབྱེ་ཞིབ་པར་ཤེས་ན་དཔལ་མཆོག་འགྲེལ་ཆེན་ལས་དུམ་བུ་བཞིའི་ལམ་རེས་འགའ་གང་ཟག་གཅིག་གིས་འཚང་རྒྱ་བའི་ཆ་རྐྱེན་དུ་དྲིལ་ནས་བཤད་ ཅིང༌། རེས་འགའ་གང་ཟག་རྒྱུད་སོ་སོ་བའི་ལམ་དུ་བཤད་པ་རྣམས་མི་འགལ་བར་ཤེས་པར་འགྱུར་རོ། །རྣལ་འབྱོར་རྒྱུད་ནས་རང་ལྷར་བསྐྱེད་པ་ལ་ཡེ་ཤེས་པ་བཅུག་ནས་ཕྱག་རྒྱ་བཞིས་རྒྱས་གདབ་པ་མང་དུ་གསུངས་པ་ནི། འབྲས་བུའི་ཕྱག་རྒྱ་བཞི་ཐོབ་པའི་ ཐབས་སུ་ལུས་ངག་ཡིད་གསུམ་བྱ་བ་དང་བཅས་པ་བཞི་ལྷའི་སྐུ་གསུང་ཐུགས་འཕྲིན་ལས་དང་བཅས་པར་བསྒྲུབས་ནས་ཐ་མལ་བའི་ལུས་ངག་ཡིད་གསུམ་བྱ་བ་དང་བཅས་པ་བཞི་སྦྱོང་བའོ། །དེ་ལྟར་རིགས་སོ་སོ་ལ་བརྟེན་པའི་ལམ་གྱི་རིམ་པ་མང་དུ་ གསུངས་ཀྱང༌། དེ་བཞིན་གཤེགས་པའི་རིགས་སམ་རྡོ་རྗེ་འཆང་གི་རིགས་ཞེས་པའི་ཟློས་པ་པོ་ནི་མཆོག་ཡིན་ཏེ། རྡོར་དབྱིངས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་རྫོགས་པ་ནི་རིགས་ཐམས་ཅད་ཀྱི་སློབ་དཔོན་ཡིན་ལ། རིགས་གཞན་རྣམས་ནི་ཉི་ཚེ་བའི་སློབ་ 3-2-88a དཔོན་ཡིན་པར་སྟོན་འགྲེལ་ལས་ཤེས་བྱེད་དང་བཅས་པས་བསྒྲུབས་པའི་ཕྱིར་རོ། །འོ་ན་རྣམ་སྣང་མངོན་དུ་བྱེད་པའི་ཐབས་སུ་བསྒོམ་པར་བྱ་བའི་ལམ་དེ་ཏིང་ངེ་འཛིན་གསུམ་ཙམ་ཞིག་ཡིན་ནམ་སྙམ་ན། དེ་ཙམ་ཞིག་ཏུ་ལམ་རྫོགས་པ་མ་ཡིན་ ཏེ། སྔོན་དུ་རྣལ་འབྱོར་ཆེན་པོ་བདག་ཉིད་རྫོགས་པའི་ལམ་ཡང་སྒོམ་དགོས་པའི་ཕྱིར་རོ། །ལྷའི་རྣལ་འབྱོར་སྒོམ་པ་ལ་སྲིད་པ་སྐྱེ་བའི་རིམ་པ་ཀུན་ནས་ཉོན་མོངས་ཀྱི་ཕྱོགས་དང་བསྟུན་ནས་སྒོམ་པར་རྒྱུད་སྡེ་འོག་མ་གསུམ་གྱི་གཞུང་ཁུངས་ཐུབ་ལས་མ་གསུངས་ པས། དེ་ནི་བླ་མེད་ཀྱི་ཁྱད་ཆོས་སོ། །འོན་ཀྱང་རྣམ་བྱང་གི་ཕྱོགས་དང་བསྟུན་ནས་སྒོམ་པ་ནི་ཡོད་དེ། མངོན་བྱང་ལྔ་སྒོམ་པ་ནི། སྲིད་པ་ཐ་མ་པའི་བྱང་སེམས་འཚང་རྒྱ་བའི་རིམ་པ་ལྟར་དེ་དང་དེའི་ང་རྒྱལ་བྱས་ནས་སྒོམ་པར་གསུངས་པའི་ཕྱིར་རོ། །དེས་ན་དེའི་སྔོན་གྱི་ལམ་ སྒོམ་པ་ལ་དེ་ཉིད་སྣང་བའི་སྐབས་སུ་ཟུར་ཙམ་བྱུང་བ་མ་གཏོགས་པ་ལམ་བཞི་དང་སོ་སོར་སྦྱར་བ་སློབ་དཔོན་གསུམ་གྱིས་མ་བཤད་ཀྱང༌། མངོན་བྱང་ལྔས་སངས་རྒྱས་པ་ཡན་ཆོད་སློབ་པའི་ལམ་དང་བསྟུན་པའི་སྒོམ་དུ་གསལ་ལ། རྣམ་སྣང་དུ་སངས་རྒྱས་པ་མན་ ཆད་ཀྱི་ལམ་ནི། སངས་རྒྱས་ཟིན་གྱི་མཛད་པ་རྣམས་དང་མཐུན་པར་སྒོམ་པ་ཡིན་ནོ། །གཉིས་པ་ལ་བཞི། ལམ་སྒོམ་པའི་སྣོད་དུ་རུང་བར་བྱ་བ་དང༌། སྣོད་དུ་གྱུར་ནས་དམ་ཚིག་དང་སྡོམ་པ་དག་པར་བྱ་བ་དང༌། དམ་ཚིག་ལ་གནས་ནས་སྔོན་དུ་བསྙེན་པ་ཇི་ལྟར་བྱ་བ་ དང༌། བསྙེན་པ་ལས་སུ་རུང་ནས་དངོས་གྲུབ་ཇི་ལྟར་བསྒྲུབ་པའོ། །དང་པོ་ནི། རྡོ་རྗེ་དབྱིངས་ལ་སོགས་པའི་དཀྱིལ་འཁོར་དུ་བཅུག་ནས་དབང་བསྐུར་དམ་ཚིག་དང་སྡོམ་པ་ཕོག་ནས་ལམ་སྒོམ་པ་སོགས་ཀྱི་སྣོད་དུ་རུང་བར་བྱའོ། །འདི་ལ་དཀྱིལ་འཁོར་དུ་གཞུག་པ་ཅི་ 3-2-88b ཞིག་དང༌། ཞུགས་པ་ལ་གཉིས་ལས། རིགས་ལྔའི་སྡོམ་པ་མི་འཛིན་ཅིང་བྱང་སེམས་ཀྱི་སྡོམ་པ་འཛིན་པ་ལ་སློབ་མའི་དབང་ཙམ་ཞིག་སྐུར་བ་དང༌། སྡོམ་པ་གཉིས་ཀ་འཛིན་པ་ལ་རྡོ་རྗེ་སློབ་དཔོན་གྱི་དབང་གི་བར་རྫོགས་པར་སྐུར་བ་སོགས་ཀྱི་རྣམ་གཞག་རྡོ་རྗེ་འབྱུང་ བ་དང་སྟོད་འགྲེལ་ལས་གསུངས་པ་རྣམས་ཀྱི་དགོངས་པ་རྩ་ལྟུང་གི་རྣམ་བཤད་དུ་རྒྱས་པར་བརྗོད་ཟིན་པས་མ་སྤྲོས་སོ། །གཉིས་པ་ནི། དབང་ཐོབ་ནས་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་དག་པར་བྱེད་པ་ནི། ཐོག་མར་མེད་དུ་མི་རུང་བ་ཡིན་པས་དེ་ལ་བརྩོན་པ་མི་ ལྷོད་པར་བྱ་དགོས་ཏེ། ཨ་བ་ཏ་ར་ལས། དེ་ནས་བླ་མ་མཉེས་པར་བྱས་པ་དེ། དེས་བསྟན་པའི་དཀྱིལ་འཁོར་ཆེན་པོ་དང༌། དམ་ཚིག་དང་ཆོས་དང་ལས་ཀྱི་དཀྱིལ་འཁོར་དུ་ཆོ་ག་ཇི་ལྟ་བ་བཞིན་དབང་བསྐུར་བས། ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་ཆོ་གས་སྡོམ་པ་གཟུང་བ་ དང༌། ཡོངས་སུ་བསྲུང་བར་བྱ་བའི་དམ་ཚིག་དང༌། འདུལ་བ་དང༌། སྤྱོད་པ་དང༌། བརྟུལ་ཞུགས་རྣམས་ལ་མཁས་པར་བྱས་པས་དེ་ཕྱིན་ཆད་དམ་ཚིག་ལ་སོགས་པ་ཇི་ལྟར་བླངས་པ་བསྲུང་བའི་ཕྱིར་རྟག་ཏུ་སྤྲོ་བ་མི་ལྷོད་པར་བྱ་སྟེ། བདག་དང་གཞན་གྱི་དོན་མ་ལུས་པར་ སྒྲུབ་པ་ལ་དེ་ཐོག་མར་འགྲོ་བའི་ཕྱིར་རོ། །དམ་ཚིག་ཀྱང་སྐབས་འདིར་ནི། འབྲས་བུ་འདོད་པ་རྣམས་ཀྱིས་མི་འདའ་བར་བྱ་བ་ཡིན་པས། རང་གི་ལྷག་པའི་ལྷ་མཉེས་པར་འགྱུར་བ་དང་རྗེས་སུ་མཐུན་པའི་ལུས་དང་ངག་དང་ཡིད་ཀྱི་སྤྱོད་པ་དགེ་བ་དང་མི་དགེ་བ་ལ་སོགས་པ་ལ་ འཇུག་པ་དང་ལྡོག་པའི་མཚན་ཉིད་དེ་སྟོན་པས་གསུངས་པའི་ཚུལ་གྱི་ཁྱད་པར་རོ། །ཞེས་སོ། །དཔལ་མཆོག་དང་པོ་དང་རྩེ་མོ་ནས་གསུངས་པའི་དམ་ཚིག་རྣམས་དང༌། ཁྱད་པར་དུ་རྩ་བའི་ལྟུང་བ་རྣམས་ནི་རྩ་ལྟུང་གི་རྣམ་བཤད་དུ་རྒྱས་པར་བཤད་ཟིན་པས་འདིར་མ་ 3-2-89a སྤྲོས་སོ། །དམ་ཚིག་བསྲུང་བ་ལ་སོགས་པའི་མཚན་ཉིད་མ་ཚང་ན་མི་འགྲུབ་སྟེ། རྩེ་མོ་ལས། བསྐལ་པ་བརྒྱ་ཕྲག་དག་ཏུ་ནི། །ཇི་སྟེ་མངོན་པར་བརྩོན་བྱས་ཀྱང༌། །གང་ཟག་བཞི་ནི་འཇིག་རྟེན་དུ། །བསྒྲུབས་ཀྱང་འགྲུབ་པ་ཉིད་མི་འགྱུར། ། བྱང་ཆུབ་སེམས་ནི་མ་སྐྱེས་དང༌། ཐེ་ཚོམ་ལྡན་པ་ཉིད་དང་ནི། །བཀའ་བཞིན་དུ་ནི་མི་བྱེད་པ། །དད་པ་མེད་ཉིད་འགྲུབ་མི་འགྱུར། །ཞེས་སྐྱོན་བཞི་དང་ལྡན་པས་བསྐལ་པ་དུ་མར་བསྒྲུབས་ཀྱང་མི་འགྲུབ་པར་གསུངས་པས། ཡོན་ཏན་བཞི་དང་ལྡན་པ་ ཞིག་དགོས་ཏེ། ཐེག་ཆེན་གྱི་འཇུག་སྒོ་བྱང་ཆུབ་ཀྱི་སེམས་མན་ངག་བཞིན་དུ་སྦྱངས་ནས་མཚན་ཉིད་དང་ལྡན་པར་བསྐྱེད་པ་དང༌། རྒྱུད་ལ་ཡིད་ཤིན་ཏུ་ཆེས་ནས་ཐེ་ཚོམ་དང་ཡིད་གཉིས་མེད་པ་དང༌། རྒྱལ་བས་འཇུག་ལྡོག་གི་བསླབ་པ་བཅས་པའི་དམ་ ཚིག་རྣམས་ཇི་ལྟར་བཤད་པ་བཞིན་དུ་སྲུང་བར་ནུས་པ་དང༌། ལྷ་དང་བླ་མའི་ཡུལ་ལ་དད་པ་བརྟན་པའོ། །དེ་ལྟར་ན་སྒྲུབ་པ་པོ་ཁྱིམ་པ་དང་རབ་བྱུང་གང་ཡིན་པའི་སྡོམ་པ་ལ་གནས་ནས་སྒྲུབ་དགོས་ཏེ། རྩེ་མོ་ལས། སྲོག་གཅོད་རྐུ་དང་འཁྲིག་པ་དང༌། །རྫུན་ དང་མྱོས་བྱེད་རྣམ་པར་སྤང༌། །ཁྱིམ་པའི་སྡོམ་པ་ལ་གནས་ནས། །དེ་ཚེ་རིག་པའི་རྒྱལ་པོ་བསྒྲུབ། །གལ་ཏེ་དེ་ནི་རབ་བྱུང་གྱུར། །སྡོམ་པ་གསུམ་ལ་ཡང་དག་གནས། །སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་སྡོམ་པ་མཆོག་ཡིན་ནོ། །ཞེས་གསུངས་ཏེ། ཁྱིམ་པ་ཡང་སོ་ཐར་གྱི་རྟེན་དུ་རུང་ན་སྡོམ་པ་གསུམ་ལྡན་དུ་བྱས་ཏེ་སྒྲུབ་དགོས་སོ། །གསུམ་པ་ལ་གཉིས། མཚན་མ་དང་བཅས་པའི་རྣལ་འབྱོར་དང༌། མཚན་མ་མེད་པའི་རྣལ་འབྱོར་རོ། །དང་པོ་ལ་གཉིས། རགས་པ་ལྷ་ལ་དམིགས་པའི་ཐུན་བཞིའི་རྣལ་འབྱོར་ 3-2-89b དང༌། ཕྲ་བ་ཕྱག་མཚན་ལ་དམིགས་པའི་ཐུན་བཞིའི་རྣལ་འབྱོར་རོ། །དང་པོ་ལ་གཉིས། ཐུན་བཞིར་བསྒོམ་པ་དང༌། དེ་མི་ནུས་པས་ཇི་ལྟར་བྱ་བའོ། །དང་པོ་ལ་གཉིས། སློབ་མའི་དབང་ཙམ་ཞིག་ཐོབ་པའི་ཐུན་བཞིའི་རྣལ་འབྱོར་དང༌། སློབ་དཔོན་གྱི་དབང་ཐོབ་པའི་ཐུན་ བཞིའི་རྣལ་འབྱོར་རོ། །དང་པོ་ནི། སྟོད་འགྲེལ་ལས། སློབ་དཔོན་དང་སློབ་མའི་དབང་དུ་བྱས་པའི་ལམ་མི་འདྲ་བ་གཉིས་བཤད་པ་ནི། སློབ་དཔོན་གྱི་དབང་ཐོབ་པ་དང༌། སློབ་མའི་དབང་ཙམ་ཞིག་ཐོབ་པའི་དབང་དུ་བྱས་ནས་རིམ་པ་གཉིས་གསུངས་པའོ། །དེ་ལ་སློབ་མའི་ དབང་ཙམ་ཞིག་ཐོབ་པས་ཇི་ཙམ་ཞིག་བསྒོམ་པར་བྱ་བ་ནི། སྟོད་འགྲེལ་ལས། སློབ་མའི་དབང་དུ་བྱས་པ་ནི། བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་འདི་ལྟར་ཤེས་པར་བྱ་སྟེ། བདག་བསྲུང་བ་དང་ཆུའི་ཁྲུས་དང༌། ཡང་བདག་བསྲུང་བ་དང་གནས་བསྲུང་བ་ཡང་བྱས་ ནས་རང་གི་ལྷ་མདུན་དུ་བཞུགས་སུ་གསོལ་ཏེ། ཕྱག་བྱ་བ་དང་སྡིག་པ་བཤགས་པ་དང་བསོད་ནམས་ལ་རྗེས་སུ་ཡི་རང་བ་དང༌། བསྐུལ་བ་དང་གསོལ་བ་དང་ཡོངས་སུ་བསྔོ་བ་དང་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་རྗེས་ སུ་སྤྱད་ལ། རྡོ་རྗེ་ཐལ་མོ་དང་རྡོ་རྗེ་བསྡམས་པ་བཅིངས་ཏེ་རྡོ་རྗེ་ཐལ་མོ་སྙིང་གར་དྲལ་ལ་རྡོ་རྗེ་དབབ་པ་བརྟན་པར་བྱས་ནས། བདག་མེད་པར་སྒོམ་པ་དང་ཟླ་བའི་དཀྱིལ་འཁོར་ལ་སོགས་པ་སྔ་མ་བཞིན་དུ་བསྒོམས་ཏེ་རང་གི་ལྷའི་ཕྱག་རྒྱ་ཆེན་པོ་ཇི་ལྟ་བ་བཞིན་ དུ་བཅིང་བར་བྱའོ། །ཡེ་ཤེས་སེམས་དཔའ་ཇི་ལྟ་བ་བཞིན་དུ་བཅུག་སྟེ་ཕྱག་རྒྱ་ཆེན་པོ་སྒྲུབ་པ་བྱས་ནས། ཛཿཧཱུཾ་བཾ་ཧོཿཞེས་བརྗོད་དེ་ཡིད་ཀྱི་ལེགས་པའི་སྦྱོར་བས་དེ་བཞིན་གཤེགས་པ་ཐམས་ཅད་རང་གི་ལུས་ལ་བཅུག་སྟེ། རང་གི་དམ་ཚིག་གི་ཕྱག་རྒྱ་རྣམས་ 3-2-90a ཀྱིས་རབ་ཏུ་བསྒྲུབས་ནས་རང་གི་ལྷ་དང་དེ་བཞིན་གཤེགས་པ་ཐམས་ཅད་དང༌། ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོས་རྒྱས་བཏབ་ལ་རིགས་ཀྱི་དམ་ཚིག་གིས་བདག་ཉིད་བྱིན་གྱིས་བརླབས་ཏེ། རང་གི་རིགས་ཀྱི་དབང་བསྐུར་བས་དབང་བསྐུར་ནས་ སྒེག་མོ་ལ་སོགས་པ་གསང་བའི་མཆོད་པ་བཞིས་ཡང་དག་པར་མཆོད་ལ། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱ་སྟེ་རང་གི་ཕྱག་རྒྱ་ཆེན་པོ་ལེགས་པར་བསྒོམས་ལ། བཛྲ་སཏྭ་ཞེས་བྱ་བ་ལ་སོགས་པ་རང་གི་ལྷའི་སྔགས་ཟློས་ཤིང་ལོ་ གཅིག་གི་བར་དུ་ཉིན་རེ་ཞིང་ཐུན་བཞིར་བསྒོམ་པར་བྱའོ། །ཞེས་གསུངས་པའོ། །འདི་ལྟར་ན་ཁྲུས་སྔོན་དུ་བཏང་ནས་ཁྲོ་བོའི་རྣལ་འབྱོར་དང་བསྲུང་འཁོར་བྱས་ཏེ་ཚོགས་རྟེན་གྱི་སྤྱན་སྔར་ཕྱག་བྱས་ནས་སྐྱབས་སུ་འགྲོ་བ་སོགས་བྱ། དེ་ནས་རྡོ་རྗེ་ ཐལ་མོ་ནས་ཡེ་ཤེས་དབབ་པའི་བར་བྱས་ཏེ་ཆོ་ག་ལྔས་རང་གི་ལྷ་གང་ཡིན་དུ་བསྐྱེད་ནས་རང་འདྲའི་ཡེ་ཤེས་སེམས་དཔའ་བཅུག་པ་ལ་ཕྱག་རྒྱ་བཞིས་རྒྱས་གདབ་བོ། །དེ་ནས་དེ་བཞིན་གཤེགས་པ་ཚད་མེད་པ་བཅུག་པ་ལ་ཕྱག་རྒྱ་བཞིས་རྒྱས་བཏབ་ སྟེ་རང་གི་རིགས་ཀྱི་བྱིན་གྱིས་བརླབ་པ་དང༌། རང་རིགས་ཀྱི་དབང་གང་ཡིན་གྱིས་དབང་བསྐུར་མཆོད་པས་མཆོད་ཕྱག་བྱས་ནས་སྐུ་ཕྱག་ཆེན་སྒོམ་པ་དང༌། ལྷ་གང་ཡིན་གྱི་བཟླས་པ་བྱེད་དེ། རྣལ་འབྱོར་གཅིག་ལྡན་མ་གཏོགས་པ་རྣལ་འབྱོར་ཆེན་པོ་མེད་ཅིང་ གཞལ་ཡས་ཁང་སྒོམ་པའང་མ་བཤད་དོ། །སེམས་དཔའ་འབྱུང་བ་ཆེ་ཆུང་གཉིས་ཀར་རྡོ་རྗེ་སེམས་པའི་རྣལ་འབྱོར་གཅིག་ལྡན་བྱས་པའི་མཐར་དེ་ཉིད་ནམ་མཁར་བཞག་ནས། འབྱུང་བ་རིམ་བརྩེགས་རི་རབ་གཞལ་ཡས་ཁང་གི་དབུས་སུ་སེང་གེའི་ 3-2-90b གདན་བསམས་པའི་སྟེང་དུ་ནམ་མཁའ་ནས་བབས་ཏེ་འདུག་པར་བཤད་དོ། །དེ་ཡང་སྒྲུབ་ཐབས་ཆེ་བ་ལས། བཛྲ་དྷཱ་ཏུ་དང་བྱང་ཆུབ་མཆོག་གི་ཕྱག་རྒྱ་བཅིངས་ནས་རང་རྣམ་སྣང་དུ་བསྐྱེད་དེ་བཛྲ་སཏྭ་ཞེས་བརྗོད་ནས་རང་གི་སྙིང་ག་ནས་རྡོ་རྗེ་སེམས་དཔའ་ སྤྲུལ་ཏེ་མདུན་དུ་ཡང་སེང་གེའི་གདན་བསམས་པ་ལ་གཞག །དེ་ནས་རྡོར་སེམས་ཀྱི་སྙིང་པོ་བརྗོད་ཅིང་དེའི་ཕྱག་ཆེན་བཅིངས་ནས་རང་རྡོ་རྗེ་སེམས་དཔར་བསམ། ཡང་ཧཱུཾ་ཡིག་ལས་ཧཱུཾ་མཛད་དུ་སྤྲུལ་ཏེ་སྒོ་དབྱེ་བའི་སྔགས་རྒྱ་བྱས་ནས་ཡིད་ཀྱིས་སྒོ་བཞི་དབྱེ། དེ་ནས་རྡོ་རྗེ་བསྡུ་བའི་སྔགས་རྒྱས་སངས་རྒྱས་རྣམས་བསྡུ་ལ་རྡོར་སེམས་སུ་བསྒོམས་ནས་མཚན་བརྒྱ་རྩས་བསྟོད་ལ། སྒོ་བ་བཞིའི་སྔགས་རྒྱས་དགུག་གཞུག་སོགས་བྱས་ནས་ཕྱག་རྒྱ་བཞིས་རྒྱས་བཏབ་སྟེ་མཆོད་པའི་མཐར་མཉམ་རྣམ་གསུམ་སྒོམ་ པ་དང་བཟླས་པ་བྱ་བར་བཤད་དོ། །སྒྲུབ་ཐབས་ཆུང་བ་ལས་རང་ནམ་མཁའ་ནས་བབས་ནས་མདུན་དུ་སེང་གེའི་གདན་གཉིས་པ་བསམས་པ་ལ་རྡོར་སེམས་གཅིག་སྤྲུལ་བར་བཤད་ཅིང་རང་རྣམ་སྣང་དུ་སྒོམ་པ་མ་བཤད་དོ། །དེ་ལྟར་ན་སྟོད་འགྲེལ་ལས་སློབ་མའི་དབང་དུ་ བྱས་པ་ལ་རྣལ་འབྱོར་གཅིག་ལྡན་དང་སློབ་དཔོན་ལ་རྣལ་འབྱོར་ཆེན་པོ་བཤད་པས། སྒྲུབ་ཐབས་གཉིས་སུ་བཤད་པའི་རྣལ་འབྱོར་གཅིག་ལྡན་ནི། སློབ་མའི་དབང་དུ་བྱས་པར་གསལ་ལ། སྟོད་འགྲེལ་ལས་གཞལ་ཡས་ཁང་དང་དེའི་དབུས་དང་མདུན་དུ་ལྷ་ སྒོམ་པ་མ་བཤད་ཀྱང་སྒྲུབ་ཐབས་གཉིས་སུ་བཤད་པས་སློབ་མ་ལ་ཡང་དེ་དག་དགོས་སོ། །སྒྲུབ་ཐབས་གཉིས་སུ་རྡོར་སེམས་སུ་སྒོམ་པར་བཤད་པ་ནི་མེ་ཏོག་གང་འཕོག་གི་མཚོན་བྱེད་དུ་བྱས་ནས། སྟོད་འགྲེལ་ལས་རང་གི་ལྷ་གང་ཡིན་དུ་སྒོམ་པར་ 3-2-91a གསུངས་པ་ལྟར་བྱའོ། །ཆོ་གའི་རིམ་པ་དེ་དག་གིས་ཐུན་བཞིའི་རྣལ་འབྱོར་བྱ་བར་འདོད་ན་སྟོད་འགྲེལ་ལས་གསུངས་པ་ལ་གཞི་བྱས་ལ་རྡོ་རྗེ་སེམས་དཔའ་འབྱུང་བའི་སྒྲུབ་ཐབས་ཆེ་ཆུང་གཉིས་གང་རུང་གཅིག་ནས་འབྱུང་བ་ བཞིན་དུ་བྱས་པས་ཆོག་སྟེ། གོ་སླ་བ་དང་ཚིག་མངས་སུ་དོགས་ནས་མ་བྲིས་སོ། །ཇི་ཙམ་ཞིག་གི་རྣལ་འབྱོར་སྐྱེས་ཀྱི་བར་དུ་བསྒོམ་པ་ནི་འོག་ཏུ་བཤད་པར་བྱའོ། །གཉིས་པ་ནི། སློབ་དཔོན་གྱི་དབང་ཐོབ་པ་ལ་གཉིས་ལས་སློབ་མ་དབང་བསྐུར་ བར་འདོད་ན་ནི། རྡོ་རྗེ་འབྱུང་བ་ལས་གསུངས་པ་ལྟར། བདག་རྫོགས་རྣལ་འབྱོར་ཆེན་པོ་དང་བཅས་པའི་ཏིང་ངེ་འཛིན་གསུམ་ཕྲི་བ་མེད་པར་སྒོམ་པའི་བསྙེན་པ་རྒྱས་པ་དང༌། དཀྱིལ་འཁོར་རྒྱལ་མཆོག་གི་བསྐྱེད་ཆོག་ལ་སོགས་པ་བསྡུས་པའི་བསྙེན་ པ་འབྲིང་དང༌། རྣལ་འབྱོར་ཆེན་པོ་ལྷ་རེ་རེའི་བཟླས་བརྗོད་འབུམ་དང་བཅས་པའི་བསྙེན་པ་བསྡུས་པ་གང་རུང་ཞིག་དགོས་ལ། རང་གི་ལྷ་སྒྲུབ་པར་འདོད་ན་ནི། སྟོད་འགྲེལ་ལས། དེ་ལྟར་རང་གི་སློབ་མ་རྣམས་ཀྱི་རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་བཤད་ ནས། སློབ་དཔོན་རྣམས་ཀྱི་དཀྱིལ་འཁོར་སྒྲུབ་པ་དང་རང་གི་ལྷ་སྒྲུབ་པའི་རྣལ་འབྱོར་ཆེན་པོའི་ཆོ་ག་བརྗོད་པར་བྱ་སྟེ། ཞེས་རང་གི་ལྷ་སྒྲུབ་པ་ལ་ཡང་རྣལ་འབྱོར་ཆེན་པོ་བྱ་དགོས་པར་གསུངས་ཤིང༌། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཆེ་བ་ལས་ཀྱང༌། སློབ་དཔོན་གྱི་དབང་ཐོབ་པ་གང་ཡིན་པ་དེས་ནི། རྣལ་འབྱོར་ཆེན་པོ་བྱས་ལ་ཆོ་ག་ཐམས་ཅད་རྫོགས་པར་སྤྱད་དེ། ཞེས་གསུངས་པས། དབང་རྫོགས་པར་ཐོབ་པས་རྩ་བའི་ལྷ་རྫོགས་པར་སྒོམ་དགོས་པ་དང༌། དབང་རྫོགས་པར་མ་ཐོབ་པས་ལྷ་རྫོགས་པར་ 3-2-91b སྒོམ་མི་རུང་བར་བཞེད་པ་ཡིན་ནོ། །དེ་ཡང་རྣལ་འབྱོར་ཆེན་པོ་ཙམ་གྱིས་མི་ཆོག་གི་ཏིང་ངེ་འཛིན་གསུམ་སྒོམ་དགོས་ཏེ། སྟོད་འགྲེལ་ལས། དེ་ལ་ཐབས་ཀྱི་དབྱེ་བ་བཤད་པར་བྱ་སྟེ་དེ་ལ་ཡང་ཏིང་ངེ་འཛིན་ཉིད་ནི་དངོས་སུ་ཐབས་ཡིན་པས་ན། ཞེས་གསུངས་ཤིང༌། ཏིང་ངེ་འཛིན་ལ་དང་པོ་སྦྱར་བ་སོགས་གསུམ་དུ་ཕྱེ་ལ། ཐ་ན་མདོར་བསྡུས་པའི་ལམ་ལ་དགའ་བ་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་ལ་ཡང་ཏིང་ངེ་འཛིན་གསུམ་གསུངས་པའི་ཕྱིར་དང༌། རྣམ་སྣང་མངོན་དུ་བྱེད་པའི་ཐབས་དངོས་ནི། ཏིང་ངེ་འཛིན་གསུམ་ཡིན་པར་ གསུངས་པའི་ཕྱིར་རོ། །དེས་ན་རྒྱས་འབྲིང་གི་ཏིང་ངེ་འཛིན་གསུམ་སྒོམ་པར་མ་ནུས་ནའང་བསྡུས་པའི་ཏིང་ངེ་འཛིན་གསུམ་རྣལ་འབྱོར་ཆེན་པོ་དང་བཅས་པ་སྒོམ་དགོས་ལ། རྣལ་འབྱོར་ཆེན་པོ་ལ་ནི་རྒྱས་འབྲིང་བསྡུས་གསུམ་གྱི་རྣམ་དབྱེ་མེད་དོ། །སྒོམ་པའི་དུས་ ལ་ལོ་གཅིག་གམ་ཟླ་བ་དྲུག་གམ་ཟླ་བ་གཅིག་གི་བར་དུ་སྒོམ་པར་རྡོ་རྗེ་འབྱུང་བ་ལས་གསུངས་ཏེ། གང་ཟག་རབ་འབྲིང་ཐ་མའི་དབང་གིས་དུས་གཅིག་ཏུ་མ་ངེས་ལ། དབང་བསྐུར་བ་ལ་ནི་དེར་དུས་ཇི་སྲིད་ཀྱིས་ལྷ་རྣམས་ལ་གནང་བ་ཐོབ་པ་དེ་སྲིད་དུ་བྱ་བར་གསུངས་སོ། ། མངོན་པར་རྟོགས་པ་ཇི་ཙམ་སྐྱེས་ཀྱི་བར་དུ་སྒོམ་པ་ནི། སྟོད་འགྲེལ་ལས། དེ་ལྟར་ཇི་སྲིད་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་མངོན་སུམ་དུ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་ཉིན་རེ་ཞིང་བསྒོམ་པར་བྱའོ། །ཞེས་གསུངས་པས། སྔ་དྲོ་དང་གུང་དང་ཕྱི་དྲོ་དང་ མཚན་ཕྱེད་ཀྱི་ཐུན་བཞིར་ཆོ་གའི་རིམ་པ་ཇི་ལྟར་གསུངས་པ་ལས་ཡིད་གཞན་དུ་གཡེང་བ་བཀག་ནས་སྒོམ་པའི་རིམ་པ་རྣམས་ཚིག་ཙམ་དུ་མ་སོང་བར་ཐད་ཀ་ཐད་ཀའི་དོན་གྱི་སྤྱི་ལྷོངས་པར་བྱས་ནས། སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་ནས་བསྐྱངས་ 3-2-92a པས་བགེགས་བཟློས་པ་དང་དམ་ཚིག་དང་སྡོམ་པ་འཛིན་པའི་བློ་བརྟན་པ་དང༌། ཕྱག་དང་མཆོད་པ་དང་བཟླས་པ་སོགས་ཀྱིས་རྒྱུད་སྦྱོར་བ་དང༌། ལྷའི་རྣལ་འབྱོར་གང་ཡིན་གསལ་བཏབ་པའི་ཚེ་མངོན་སུམ་པ་ལྟ་བུའི་གསལ་སྣང་བྱུང་བྱུང་གི་བར་དུ་བསྒོམ་ པར་བྱའོ། །དེ་ནི་ཐོག་མར་རྣལ་འབྱོར་རྒྱུད་ལ་སྐྱེས་པའི་ཚད་བཟུང་བ་ཡིན་གྱི་དེ་ཕན་ཆད་དུ་སྒོམ་མི་དགོས་པ་མིན་ཏེ། འདི་ནི་སློབ་དཔོན་དང་སློབ་མ་གཉིས་ཀ་ལ་འདྲའོ། །སྐབས་འདི་དག་ཏུ་སེམས་དམིགས་པ་གཅིག་ལ་བརྟན་པར་གནས་པའི་གནས་ཆ་སྒྲུབ་པ་ མི་གསལ་པ་ནི། རྡོ་རྗེ་ཕྲ་མོ་ལ་དམིགས་ནས་སྒྲུབ་པ་ལ་དགོངས་ཏེ། དེའི་ཕན་ཡོན་སྟོན་པའི་སྐབས་ལས་ཤེས་སོ། །བདག་རྫོགས་རྣལ་འབྱོར་ཆེན་པོ་ཡང་ཆོག་ཁྲིགས་རྡོ་རྗེ་འབྱུང་བ་ན་གསལ་བ་དང་ཚིག་མངས་སུ་དོགས་ནས་མ་བྲིས་སོ། །སློབ་དཔོན་སངས་ རྒྱས་གསང་བས་དབང་རྫོགས་མ་རྫོགས་དང༌། གཞན་དབང་བསྐུར་བ་དང་རང་གི་ལྷ་སྒྲུབ་པའི་ཁྱད་པར་གྱི་སྒོ་ནས་ལམ་སྒོམ་པའི་རིམ་པ་སོ་སོར་མི་འབྱེད་ཅིང༌། རྡོར་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བའི་གང་ཟག་དམ་ཚིག་དང་སྡོམ་པ་དང་ལྡན་ པས་དེ་བཞིན་གཤེགས་པ་དང་དེའི་རིགས་ཀྱི་སེམས་དཔའ་སྒོམ་ཚུལ་གཉིས་བསྟན་ཏེ། དེ་གཉིས་གང་སྒོམ་ཡང་ལྷ་རེ་རེ་ལས་མ་བཤད་ཅིང༌། མདུན་དུ་གཞལ་ཡས་ཁང་གདན་བཅས་ལ་དཀྱིལ་འཁོར་ཆེན་པོའི་སྐབས་ལྟར་ལྷ་སྒོམ་པའམ་དེ་མ་ནུས་ན་ ཕྱག་རྒྱ་བཞི་དང་ཕྱག་རྒྱ་གཅིག་པའི་སྐབས་ལྟར་ལྷ་བསྒོམས་ནས་སྡོམ་པ་གཟུང་བ་དང༌། ཕྱི་ནང་གི་མཆོད་པ་དང་བསྟོད་པ་ལ་སོགས་པ་ཐུན་བཞིར་བྱེད་པར་གསུངས་ཏེ། སློབ་དཔོན་ཀུན་དགའ་སྙིང་པོའི་ལུགས་ལས་བྱ་སླ་བ་ཞིག་སྣང་ངོ༌། །གཉིས་པ་ནི། དེ་ལྟར་ 3-2-92b མངོན་བྱང་ལྔ་ལས་དེ་བཞིན་གཤེགས་པར་བསྐྱེད་པ་སོགས་བྱས་ནས་ལྷ་སྒོམ་པར་མི་ནུས་པས་ནི། ལྷ་གང་ཡིན་གྱི་སྙིང་པོ་ཙམ་བརྗོད་ལ་ལྷ་དེར་རང་བསྒོམ་ཞིང་མདུན་དུ་ཡང་དེ་ལྟར་བསྒོམས་ནས་མཆོད་བསྟོད་སོགས་བྱས་ནས་བཟླས་པ་ཚང་བར་བྱ་སྟེ། ཨ་བ་ཏ་ར་ལས། ཇི་ སྐད་དུ་གསུངས་པའི་རང་གི་ལྷའི་དམ་ཚིག་གི་སེམས་དཔའི་རྣལ་འབྱོར་བྱེད་མི་ནུས་པའི་སྔགས་པས་བཟླས་བརྗོད་ཙམ་ཉིད་དང༌། དེའི་དོན་གྱིས་བཟླས་བརྗོད་བྱ་བའི་ལྷ་སེམས་དཔར་བདག་བྱིན་གྱིས་བརླབ་པ་དང་དབང་བསྐུར་བ་དང༌། ཏིང་ངེ་འཛིན་དང་མཆོང་པ་དང་ལྡན་པར་ བསམས་ཏེ། མདུན་དུ་ཡང་དེ་ལྟ་བུ་ཉིད་བསྒོམ་ཞིང་བཟླས་བརྗོད་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། ཞེས་སོ། །ལྷའི་སྙིང་པོ་ཚིག་ཙམ་གྱིས་ལྷར་སྐྱེད་པ་འདི་ཡང་སྒོམ་པ་མི་ནུས་པར་བཟླས་བརྗོད་སོགས་འབའ་ཞིག་ལས་དངོས་གྲུབ་འདོད་པ་རྣམས་ལ་ཡིན་གྱི། སྒོམ་པ་ནུས་ན་དེ་ལྟར་མི་བྱ་བ་རྒྱུད་ཀྱི་ཤེས་བྱེད་དང་བཅས་པར་གསུངས་ཏེ། དེ་ཉིད་ལས། སྙིང་པོའི་དོན་གྱི་ཚིག་ཙམ་གྱིས་ཀྱང་དམ་ཚིག་སེམས་དཔར་བསྒྲུབ་པའི་ཕྱོགས་གཉིས་པ་འདི་ཡང་བཟླས་བརྗོད་འབའ་ཞིག་ལས་དངོས་གྲུབ་འདོད་པ་རྣམས་ལ་བསྟན་ གྱི། ཕྱག་རྒྱ་ཆེན་པོ་ལ་སོགས་པ་སྒོམ་པས་སྒྲུབ་ནུས་པ་རྣམས་ལ་ནི་མ་ཡིན་ནོ། །ཇི་ལྟར་ཞེ་ན། ཕྱི་མའི་ཡང་ཕྱི་མའི་རྒྱུད་ལས་བཟླས་བརྗོད་ཀྱི་སྐབས་སུ། ལྟ་ངན་ཆགས་པ་མེད་པ་ལ། །གསང་བ་འདི་ནི་མི་རིགས་སོ། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་ གསུངས་ནས། ཐ་ན་སྙིང་པོའི་དོན་གྱི་བདག་རང་སངས་རྒྱས་ཀྱི་སྐུར་བསྒྱུར་ཏེ། མདུན་དུ་ཡང་སངས་རྒྱས་ཀྱི་སྐུ་ཚིག་ཙམ་གྱིས་ཀྱང་བསྒོམ་ཞིང་ཇི་ལྟར་འདོད་པར་བྱེད་པས་བརྒྱ་རྩ་བརྒྱད་དུ་རྡོ་རྗེའི་ཚིག་གིས་བཟླས་པར་བྱའོ་ཞེས་གསུངས་སོ། །ཞེས་གསལ་ 3-2-93a བར་བཤད་དོ། །འདི་ནི་ལྷའི་རྣལ་འབྱོར་གྱི་ཆོག་ཁྲིགས་བཏོན་པ་ལ་བསྒོམས་ཞེས་ཐ་སྙད་འདོགས་པ་ལྟ་བུ་ཡིན་ལ། དེ་ཙམ་ཡང་ཁྱད་ཆེ་བས་གསོན་པོ་དང་གཤིན་པོ་ལ་དབང་བསྐུར་བ་དང་རབ་གནས་སོགས་རྣལ་འབྱོར་རྒྱུད་ཀྱི་སྒོ་ནས་བྱེད་པ་ རྣམས་ཀྱིས། ཐ་ནའང་སྒོམ་པ་དེ་ཙམ་རེ་བྱས་ནས་རང་རང་གི་བཟླས་པ་རྫོགས་པ་རེ་བྱ་དགོས་སོ། །གཉིས་པ་ལ་གསུམ། ཕྲ་མོ་སྒོམ་པའི་དགོས་པ་དང༌། ཕྲ་མོ་ལ་དམིགས་ནས་སེམས་བརྟན་པར་བྱ་བ་དང༌། བརྟན་པ་ཐོབ་ནས་སྤྲོ་བསྡུ་སོགས་བྱ་བའི་ཚུལ་ལོ། །དང་པོ་ནི། དེ་ཉིད་བསྡུས་པའི་དུམ་བུ་དང་པོ་ལས། དེ་ནས་ཤིན་ཏུ་མཉམ་པར་བཞག །གང་ཡང་རུང་སྟེ་བསྒོམ་བྱ་བ། །དེ་དག་ཐམས་ཅད་བརྟན་པར་འགྱུར། །ཏིང་འཛིན་ཡེ་ཤེས་ཀྱིས་རྟོགས་པའོ། །ཞེས་ཕྲ་མོའི་ཏིང་ངེ་འཛིན་གྲུབ་པ་དེ་ནས་མཉམ་པར་བཞག་སྟེ་སྒོམ་དགོས་ པའི་ལྷ་སྐུ་སོགས་ཐམས་ཅད་བརྟན་པ་སྟེ་མངོན་སུམ་དུ་བྱེད་པར་འགྱུར་བར་དེ་ཉིད་སྣང་བ་ལས་གསུངས་པས། འདིས་སེམས་ལས་སུ་རུང་བ་ཁྱད་པར་ཅན་ཐོབ་ནས་གང་སྒོམ་པ་ཐམས་ཅད་ལ་བོགས་ཕྱིན་པར་འགྱུར་བའོ། །ཨ་བ་ཏ་ར་ལས་ཀྱང༌། དེ་བས་ན་ཁྱད་པར་དུ་ ཏིང་ངེ་འཛིན་ལས་བྱུང་བའི་དངོས་གྲུབ་འདོད་པའི་རྣལ་འབྱོར་པས་དང་པོར་རྡོ་རྗེ་ཕྲ་མོ་བསྒོམ་པར་བྱ་བར་ངེས་སོ། །ཞེས་འོག་ནས་འཆད་པ་ལྟར་གྱི་བསམ་གཏན་ཙམ་གྱི་སྒོ་ནས་དངོས་གྲུབ་མང་མོ་སྒྲུབ་པ་ལ་འདི་ངེས་པར་སྔོན་དུ་འགྲོ་དགོས་པར་གསུངས་སོ། །མདོར་ ན་འདི་ཞི་གནས་ཁྱད་པར་ཅན་སྒྲུབ་པ་ཡིན་པས་ཞི་གནས་གང་ལ་དགོས་པའི་དགོས་པ་རྣམས་འདིའི་ཡང་དགོས་པའོ། །གཉིས་པ་ནི། ཕྲ་མོ་འདི་སངས་རྒྱས་གསང་བས་ལྷའི་རྣལ་འབྱོར་སྔོན་དུ་བཏང་ནས་སྒོམ་པར་བཞེད་དེ། ཨ་བ་ཏ་ར་ལས། དེ་ལྟར་རྒྱས་པ་དང་ 3-2-93b མདོར་བསྡུས་པ་རྣམ་པ་གཉིས་ཀྱིས་ཀྱང་རང་གི་ལྷའི་དམ་ཚིག་སེམས་དཔའ་བདག་བྱིན་གྱིས་བརླབ་པ་དང༌། དབང་བསྐུར་བ་དང་ཏིང་ངེ་འཛིན་དང་མཆོད་པ་དང་ལྡན་པ་ཉིད་དུ་བྱས་ནས། དང་པོར་རེ་ཞིག་རང་གི་སེམས་དབང་དུ་གྱུར་པར་བྱ་བའི་ཕྱིར་རྡོ་རྗེ་ཕྲ་མོའི་ཏིང་ངེ་འཛིན་བསྒོམ་ མོ། །ཞེས་སོ། སྒོམ་པའི་རིམ་པ་ནི། དུམ་བུ་དང་པོ་ལས། ལྕེ་ནི་རྐན་ལ་སྦྱར་བྱ་ཞིང༌། །སྣ་ཡི་རྩེ་མོར་བསམ་བྱ་བ། །རྡོ་རྗེ་ཕྲ་མོ་བདེ་རེག་པས། །སེམས་ནི་མཉམ་པར་བཞག་པར་འགྱུར། །ཞེས་གསུངས་ཏེ། རྐང་པ་དང་པོ་གཉིས་ཀྱིས་ནི་བཞག་ཐབས་དང༌། ཕྱི་མ་གཉིས་ཀྱི་ནི་དེ་ ལྟར་བཞག་པས་ཏིང་ངེ་འཛིན་སྐྱེ་ཚུལ་སྟོན་ནོ། །འདི་ཡང་རང་གི་ལྷའི་རྣལ་འབྱོར་དྲན་པར་བྱས་ནས་སྒོམ་པར་ཨ་བ་ཏ་ར་ལས་གསུངས་པ་ལྟར་བྱ་ཞིང༌། ལུས་གནད་ནི་ཀོ་ས་ལའི་རྒྱན་ལས། བྱ་བ་ཐམས་ཅད་རྫོགས་པར་བྱས་ནས་སྒྲའི་ཀླག་ཅོར་མེད་ཅིང་དབེན་པའི་ཕྱོགས་ སུ་འདུག་ལ་སྐྱིལ་མོ་ཀྲུང་བཅས་ཏེ་ལུས་དྲང་པོར་བསྲངས་ཏེ། ལྕེའི་རྩ་བ་ནས་མདུན་སོའི་བར་དུ་ལྕེ་སྟེང་གི་ཕྱོགས་སུ་སྦྱར་ཞིང་མཆུ་གཉིས་མཉམ་པར་བྱ་བར་གསུངས་པ་ལྟར་བྱ་སྟེ། ཏིང་ངེ་འཛིན་གྱི་སྤྱོད་ལམ་གཞན་རྣམས་དང་ཡང་ལྡན་པར་བྱའོ། །དེ་ནས་བསྒོམ་པར་བྱ་བའི་ དམིགས་པ་རྡོ་རྗེ་ཕྲ་མོའི་ཁ་དོག་ལ་སོགས་པ་ཇི་ལྟར་ངེས་པར་བྱས་པ་ལྟར་སྣའི་རྩེ་མོར་བཞག་ལ་དེ་ལ་སེམས་གཟུང་བར་བྱའོ། །དེ་ཡང་ཨ་བ་ཏ་ར་ལས། ཕྲ་ཤོས་སྐྲའི་རྩེ་མོ་ཙམ་ནས་སྦོམ་ཤོས་ཏིལ་གྱི་འབྲུ་ཙམ་གྱི་བར་རང་གི་ལྷའི་སྐུ་མདོག་འདྲ་བ་རྩེ་ལྔ་པར་བཤད་དོ། །འདི་ དང་པོ་ལྟེ་བར་བསྐྱེད་དེ་སུཀྵྨ་བཛྲ་ཞེས་བརྗོད་ནས་དེ་ནས་བཏེག་སྟེ་སྣ་ཁུང་ནས་སྣ་རྩེར་འགྲེང་སྟེ་གནས་པར་བསམ་པར་ཀུན་བཞེད་ལ། སྙིང་ག་ནས་འདྲེན་པར་ཤཱཀྱ་བཤེས་གཉེན་བཞེད་དོ། །ཨ་བ་ཏ་རའི་འགྲེལ་པ་ལས། སྙིང་ག་ནས་རླུང་རྒྱུ་བ་དང་མཉམ་དུ་ 3-2-94a སྙིང་པོ་ཡིད་ཀྱིས་བརྗོད་དེ་སྣ་རྩེར་འདྲེན་པར་བཤད་དོ། །སངས་རྒྱས་གསང་བས། རྡོ་རྗེ་ཕྲ་མོ་ལ་དམིགས་ནས་སྒོམ་པའི་ཚེ་རླུང་འབྱུང་འཇུག་བཀག་ནས་སྣ་བུག་ཏུ་རླུང་བཟུང་ན་སེམས་གནས་པ་དང་མཐུན་པའི་རེག་བྱ་ཁྱད་པར་ཅན་སྐྱེ་བར་ བཤད་དོ། །སེམས་འཛིན་ལུགས་ནི་ཤཱཀྱ་བཤེས་གཉེན་གྱིས། ཡིད་ཀྱི་གླང་སྨྱོན་ལམ་ལོག་སྤྱོད། །དྲན་པའི་ཐག་པས་དམིགས་པ་ཡི། །ཀ་བ་ལ་གདགས་རིམ་གྱིས་ནི། །ཤེས་རབ་ལྕགས་ཀྱུས་དབང་དུ་བྱ། །ཞེས་དབུ་མ་སྙིང་པོ་ལས་གསུངས་པ་དྲངས་ ནས་དེ་ལྟར་དུ་བྱ་བར་གསུངས་སོ། །དེ་ལ་ཤེས་རབ་ནི་ཤེས་བཞིན་ཡིན་པས། དྲན་པ་དང་ཤེས་བཞིན་གཉིས་ཀྱི་སྒོ་ནས་སེམས་ལས་རུང་དུ་སྒྲུབ་པ་ནི་གླང་པོ་ཆེ་འདུལ་བའི་དཔེས་བསྟན་ཏེ། སེམས་གང་ལ་འཇོག་པའི་གཞི་རྡོ་རྗེ་ཕྲ་མོ་ལྟ་བུ་ནི་གླང་པོ་ཆེ་གང་ལ་ འདོགས་པའི་ཀ་བ་བརྟན་པོ་དང་འདྲ། ཡིད་ལས་རུང་དུ་མ་གྱུར་པ་ནི་གླང་པོ་ཆེ་མ་དུལ་བ་དང་འདྲ། དྲན་པ་བསྟེན་ནས་སེམས་དམིགས་པ་ལས་མི་གཡེང་བར་བྱེད་པ་ནི་གླང་པོ་འདོགས་པའི་ཞགས་ཐག་དང་འདྲ། ཇི་ལྟར་བཞག་པ་ལྟར་གྱི་དམིགས་པ་མ་བཟུང་བའི་ ཚེ་དེ་མ་ཐག་ཤེས་བཞིན་གྱིས་རིག་ནས་སྐྱོན་དང་བྲལ་བར་འཇོག་པ་ནི་གླང་པོ་ཆེ་གླང་རྫིས་ཇི་ལྟར་བཞག་པ་ལས་ལོག་པར་སྤྱོད་ན་ལྕགས་ཀྱུ་བཏབ་ནས་ཚར་གཅོད་པ་དང་འདྲའོ། །དེས་ན་སེམས་འཛིན་ལ་གནད་ཆེ་བ་གཉིས་ཏེ། དང་པོ་ནས་དམིགས་པ་ལས་ གཞན་དུ་མ་གཡེང་བར་སྡོད་པ་ཞིག་དང༌། དེ་ནས་གལ་ཏེ་གཡེངས་ན་དེ་མ་ཐག་རིག་ནས་སླར་ཡང་སྔར་བཞིན་གཏོད་པ་ཞིག་དགོས་སོ། །དེ་ལ་དང་པོ་ནི། མ་ཡེངས་པའི་དྲན་པ་སྐྱོང་པ་ལ་རག་ལས་པས་དང་པོར་དམིགས་པ་གསལ་གདབ་ལ། འདི་ལྟར་བཞག་ཡོད་ 3-2-94b སྙམ་པའི་དྲན་པའི་འཛིན་སྟངས་ཤུགས་ཅན་བསྐྱེད་ལ་མ་ཡེངས་པར་བྱ། རིག་པ་ལ་ཤེད་མ་ཐོན་པའི་དྲན་པ་སྐྱོང་ལུགས་ཀྱིས་བྱིང་བ་མི་ཆོད་པས། ཀོ་ས་ལའི་རྒྱན་ལས། བློ་གསལ་ཞིང་མ་རྨུགས་པས་དྲན་པ་ཉེ་བར་བཞག་སྟེ། ཞེས་གསུངས་སོ། །གཉིས་པ་ནི། ཤེས་ བཞིན་གྱི་སྐྱོང་ལུགས་ལ་རག་ལས་པས་དྲན་པས་བཏགས་ནས་ཧ་ཅང་རིང་བ་དང་ཧ་ཅང་ཐུང་བ་མིན་པའི་སྐབས་སུ་སེམས་བཏགས་པ་ལྟར་གནས་མི་གནས་ཀྱི་བྱ་ར་གནས་པ་མ་བཏང་བའི་ངང་ནས་རིག་ཙམ་རིག་ཙམ་བྱའོ། །འདི་ཡང་ཧ་ཅང་གྲིམས་ན་ རྒོད་པ་སྐྱེ་ཞིང་ཧ་ཅང་ལྷོད་ན་བྱིང་བ་སྐྱེ་བར་གསུངས་པས། དེ་གཉིས་དང་བྲལ་བའི་ས་ཚིགས་ཤེས་པར་བྱས་ནས་བསྐྱངས་པས་རྡོ་རྗེ་ཕྲ་མོ་བརྟན་པར་གྱུར་པ་ན། སྣའི་རྩེ་མོའམ་དེ་ལས་གཞན་པའི་ལུས་ཀྱི་ཕྱོགས་སུ་བདེ་བ་སྐྱེད་པའི་རེག་པ་སྟེ་རེག་བྱའི་ཁྱད་པར་གང་ གིས་ལུས་དགེ་བའི་བྱ་བ་ལ་བཀོལ་བ་ལ་ལས་སུ་མི་རུང་པའི་ལུས་ཀྱི་གནས་ངན་ལེན་ལ་སོགས་པ་སེལ་བར་ནུས་པའི་ལུས་ཤིན་སྦྱངས་སྐྱེའོ། །ལུས་ཀྱི་གནས་ངན་ལེན་དང་བྲལ་ན་ལུས་ལས་སུ་རུང་བར་འགྱུར་ཏེ་མངོན་པར་བརྩོན་པར་བྱེད་ནུས་སོ། །ལུས་ཤིན་ཏུ་ སྦྱངས་པས་ནི་སེམས་ཤིན་སྦྱངས་སྐྱེད་དེ་ལུས་ཤིན་ཏུ་སྦྱངས་པས་བདེ་བ་མྱོང་བར་འགྱུར་ལ། བདེ་བ་དང་ལྡན་པས་ནི་སེམས་རྩེ་གཅིག་པར་འགྱུར་རོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །ཞེས་ཕྲ་མོའི་དམིགས་པ་ལ་བརྟེན་ནས་སེམས་རྩེ་གཅིག་པའི་ཞི་གནས་ སྐྱེ་ཚུལ་ཀོ་ས་ལའི་རྒྱན་ལས་གསལ་བར་གསུངས་སོ། །ས་སྡེ་ལས་སེམས་ཤིན་སྦྱངས་ཀྱིས་ལུས་ཤིན་སྦྱངས་སྐྱེད་ལ་དེ་ལས་ཞི་གནས་སྐྱེ་བར་བཤད་པ་མི་འགལ་ཏེ། འདིའི་སེམས་ཤིན་སྦྱངས་རྩེ་གཅིག་པའི་ཞི་གནས་ལ་བཞེད་དེ་ཤེས་བྱེད་ཀྱི་མདོ་ 3-2-95a དྲངས་པས་ཤེས་སོ། །འདི་ནི་ཞི་གནས་གྲུབ་གྲུབ་ཏུ་སྦྱོང་བར་གསལ་ཏེ་ལུས་སེམས་ཀྱི་ཤིན་སྦྱངས་སྐྱེས་པའི་བར་དུ་སྐྱེད་པའི་ཕྱིར་རོ། །དེ་ཡང་སྔོན་དུ་ལྷའི་གསལ་སྣང་ལེགས་པོ་རྙེད་པའི་བར་དུ་སྦྱངས་ནས། དེ་ནས་འདི་སྒོམ་པའི་ཚེ་ཐུན་བཞིར་ བཅད་ནས་ཟླ་བ་གཉིས་ཀྱི་བར་དུ་རྒྱུན་མ་ཆད་དུ་སྒོམ་དགོས་ཏེ། སྟོད་འགྲེལ་ལས། ཉིན་རེ་ཞིང་ཐུན་བཞིའི་སྦྱོར་བས་ཟླ་བ་གཉིས་ཀྱི་བར་དུ་བསྒོམས་ན་ངེས་པར་མཚན་མ་ཐོབ་པར་འགྱུར་བར་གསུངས་སོ། །གསུམ་པ་ནི། དུམ་བུ་དང་པོ་ལས། རྡོ་རྗེ་ཕྲ་མོ་བདེ་རིག་ པའི། །མཚན་མ་གལ་ཏེ་བྱུང་བ་ན། །མཚན་མ་དེ་ནི་ཁྱབ་བྱ་བ། །སེམས་ནི་ཀུན་ཏུ་ཁྱབ་པར་བྱ། །ཇི་ཙམ་འདོད་པས་སེམས་ཁྱབ་ནས། །ཁམས་གསུམ་དུ་ཡང་ཁྱབ་པར་འགྱུར། །ཞེས་གསུངས་ཏེ། རྡོ་རྗེ་ཕྲ་མོའི་གཟུགས་བསྒོམས་པའི་སྟོབས་ཀྱིས་རང་གི་ལུས་ཐམས་ ཅད་ཁྱབ་པར་མཐོང་བའི་ཚེ་འཕེལ་བར་འདོད་ན། དེ་ནས་གྲོང་ལ་སོགས་པ་དང་དེ་ནས་ཁམས་གསུམ་པའི་བར་དུ་སྤྲོ་བར་སྟོད་འགྲེལ་ལས་གསུངས་སོ། །སྤྲོ་ཚུལ་ནི། སྥ་ར་བཛྲ་ཞེས་བརྗོད་ཅིང་རླུང་གི་དཀྱིལ་འཁོར་གྱིས་རྡུལ་ལ་བུས་པ་ལྟར་རྡོ་རྗེ་ཕྲ་མོ་མང་པོ་གཏོར་བས་ རིམ་གྱིས་ཁྱབ་པར་བྱ་བར་ཨ་བ་ཏ་ར་ལས་བཤད་དོ། །དེ་ལྟར་རིང་དུ་བསམས་ནས། སཾ་ཧ་ར་ན་བཛྲ་ཞེས་བརྗོད་ཅིང་རླུང་ནང་དུ་བསྡུ་བའི་རེག་པ་མྱོང་བར་བྱེད་པས་སྣ་རྩེའི་བར་དུ་བསྡུས་ནས་རྡོ་རྗེ་གཅིག་ཏུ་བྱས་ལ་བསྒོམ་སྟེ། དུམ་བུ་དང་པོ་ལས། དེ་ནས་དེ་ཡང་བསྡུ་བ་ ནི། །སྣ་ཡི་རྩེ་མོའི་བར་དུ་གནས། །ཞེས་སོ། དེ་ནས་སྣ་རྩེ་ནས་སྣ་བུག་གཡས་པར་གཞུག་སྟེ་སྙིང་གར་བཞག་ནས་བརྟན་པར་བྱེད་པར་ཀོ་ས་ལའི་རྒྱན་ལས་བཤད་དེ། ཨོཾ་དྲི་ཌྷ་ཏིཥྛ་ཞེས་བརྗོད་ལ་བྱའོ། །དང་པོ་ཕྲ་མོ་ལ་དམིགས་པའི་ཞི་གནས་བཙལ་ནས་དེ་གྲུབ་ 3-2-95b པ་ན་སྤྲོ་བསྡུ་སྣ་ཚོགས་ལ་རྩལ་སྦྱོང་བ་འདི་སེམས་ལས་རུང་གི་རྒྱུ་ཁྱད་པར་ཅན་ཡིན་པས་གནས་པ་ཁོ་ན་སྐྱོང་བ་དང་སྟོབས་མི་གཅིག་གོ། སྤྲོ་བ་མན་ཆད་ལ་ཟླ་བ་གཅིག་སྟེ་ཟླ་བ་གསུམ་བསྒོམས་ན་ཕྲ་མོའི་ཏིང་ངེ་འཛིན་རྫོགས་པར་སྟོད་འགྲེལ་ལས་བཤད་དོ། །དེ་ཉིད་ བསྡུས་པ་རྩ་འགྲེལ་ལས་ཕྲ་མོའི་རྣལ་འབྱོར་རྒྱས་པར་བཤད་པ་འདི་ལ་གོ་བ་ཆགས་ན། གསང་འདུས་འཕགས་སྐོར་སོགས་ཀྱི་མངོན་རྟོགས་ཀྱི་སྐབས་སུ་གནས་ཆ་དང་པོར་སྒྲུབ་པ་དང་གྲུབ་ནས་རྩལ་སྦྱོང་བ་མང་པོ་ལ་ཁྱད་ཆེ་བར་སྣང་ངོ༌། །གཉིས་པ་ལ་གསུམ། དེ་ཉིད་བསྡུས་པ་ནས་གསུངས་པའི་ཚུལ་དང༌། བཤད་རྒྱུད་ནས་གསུངས་པའི་ཚུལ་དང༌། སྒོམ་པའི་ཚུལ་མདོར་བསྡུས་ཏེ་བསྟན་པའོ། །དང་པོ་ནི། དེ་ཉིད་བསྡུས་པ་ལས། ཡི་གེ་ཨ་ལ་འཇུག་པ་ཡིས། ཡི་གེ་ཐམས་ཅད་རྣམ་པར་བསྒོམ། །རང་གི་ཁ་ནས་གཞན་ གྱི་ཁར། །བསྒོམས་ན་དངོས་གྲུབ་ཐོབ་པར་འགྱུར། །ཤེས་རབ་ངེས་འབིགས་ཞེས་བྱ་བ། །ཏིང་ངེ་འཛིན་ཞེས་གྲགས་པ་སྟེ། །དེ་ཡིས་ཕྱག་རྒྱ་བསྒྲུབ་པར་བྱ། །བསྒོམས་ན་མྱུར་དུ་འགྲུབ་པར་འགྱུར། །ཤེས་རབ་དབྱངས་ཀྱི་རྗེས་འགྲོ་བ། །ཏིང་འཛིན་ཚིག་ནི་རབ་ཏུ་ འཕྲོ། །དེ་ཡིས་བསྒོམས་ན་མྱུར་བ་རུ། །གསང་སྔགས་དངོས་གྲུབ་ཐོབ་པར་འགྱུར། །གསང་སྔགས་རིག་སྔགས་བྱེ་བྲག་རྣམས། །བྱེ་བྲག་ཡོད་པ་མ་ཡིན་ཏེ། །ཤེས་རབ་སྒོམ་པ་ཉིད་ཀྱིས་སུ། །དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། །ཞེས་གསུངས་ཏེ། ཚིགས་བཅད་ དང་པོ་ལ་སྙིང་པོའི་སྒྲ་མ་བྱུང་ཡང་ཚིགས་བཅད་བཞིན་ནི་རིམ་པ་བཞིན་དུ། སྙིང་པོ་དང་ཕྱག་རྒྱ་དང་གསང་སྔགས་དང་རིག་སྔགས་ཀྱི་དབང་དུ་བྱས་པའི་དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་སྒོམ་པ་ཡིན་པར་ཨ་བ་ཏ་ར་ལས་བཤད་དོ། །དེ་ལ་ཨ་ནི་མ་སྐྱེས་པའི་ཕྱིར་ཆོས་ 3-2-96a ཐམས་ཅད་ཀྱི་སྒོའི་ཞེས་གསུངས་པས། ཨའི་དོན་རང་བཞིན་གྱིས་སྐྱེ་བ་མེད་པ་ལ་འཇུག་པ་ཡིས་བཟླས་བྱའི་སྔགས་ཀྱི་ཡི་གེ་ཐམས་ཅད་ཀྱི་ཆོས་བདག་མེད་པར་སྒྲུབ་པའི་རིགས་པས་རྣམ་པར་བསྒོམ་པ་སྟེ་གཞིགས་ནས་མི་སྣང་བར་བྱའོ། །ཁ་ ནི་སྒོ་དང་འཇུག་པ་ཞེས་པ་དང་དོན་གཅིག་པས་རང་གི་འཇུག་པ་དང་གཞན་གྱི་འཇུག་པ་ཞེས་བྱ་ལ། ཨའི་དོན་ལ་འཇུག་པས་རང་ཡང་སྣང་མེད་དུ་འཇུག་པར་བྱ་ཞིང་དེ་ནས་གཞན་མདུན་གྱི་ལྷ་ཡང་སྣང་མེད་དུ་འཇུག་པར་བྱའོ། །ཁའི་དོན་སྒོ་ལ་བྱས་པ་ལྟར་ན་ རང་དང་མདུན་དུ་བསྒོམས་པའི་ལྷ་སྐུ་ནི་རྣམ་པར་གྲོལ་བའི་སྒོ་ཡིན་པས་རང་དང་གཞན་གྱི་སྒོ་ཞེས་བྱ་ལ། དེ་གཉིས་ལ་འཇུག་པ་ནི་སྔར་ལྟར་རོ། །གཞུང་འདིས་རང་དང་མདུན་གྱི་ལྷ་དང་སྔགས་ཀྱི་ཡི་གེ་རྣམས་རིམ་གྱིས་དེ་ཁོ་ནར་མ་གྲུབ་པར་སོ་སོར་དཔྱོད་པ་ གཅིག་ནས་གཅིག་ཏུ་བརྒྱུད་པའི་རྟོག་བཅས་ཀྱི་ཤེས་རབ་གཙོ་བོར་བསྟན་ཏོ། །ཤེས་རབ་ངེས་འབིགས་ནི་དོན་དམ་ལ་དམིགས་པ་ཡིན་ལ་ཏིང་ངེ་འཛིན་ཞེས་གསུངས་པས་རབ་ཏུ་རྣམ་པར་འབྱེད་པའི་རྟོག་པ་བཀག་ནས་ཅུང་ཟད་མཉམ་པར་བཞག་པ་སྟེ། གསུམ་པ་ལ་ཡང་ཏིང་ངེ་འཛིན་གྱི་ཚིག་ཡོད་ཅིང༌། བཞི་པ་ནི་འདི་དང་འདྲ་བར་བསྟན་པས་ཕྱི་མ་གསུམ་ནི་ཞི་གནས་ལྷག་པའམ་གཙོ་བོར་བསྟན་པར་སློབ་དཔོན་རྣམས་ཀྱི་བཤད་དོ་ཞེས་ཨ་བ་ཏ་ར་ལས་གསུངས་ཏེ། དཔྱད་སྒོམ་དང་འཇོག་སྒོམ་ གཙོ་ཆེ་བ་གཉིས་བསྟན་ཀྱང་ཉམས་སུ་ལེན་པ་ན་གཉིས་ཀ་ཆ་མཉམ་ནས་བྱ་དགོས་སོ། །སྔགས་ཀྱི་ཡི་གེའི་དབྱངས་ཀྱི་རྗེས་སུ་འགྲོ་ཞིང་འཕྲོ་བའི་རྣམ་རྟོག་གཅིག་ནས་གཅིག་ཏུ་བརྒྱུད་པ་མེད་པར་རྩེ་གཅིག་ཏུ་བཞག་པ་ནི་གསང་སྔགས་ཀྱི་ཤེས་རབ་སྒོམ་ 3-2-96b པའོ། །རིག་སྔགས་ཀྱང་དེ་དང་འདྲ་ལ་དེ་གཉིས་ཀྱི་ཡི་གེ་ཐ་དད་པར་སྣང་བ་ནི། ངོ་བོ་ཉིད་མེད་པར་དཔྱོད་པའི་རིགས་པས་ཐ་དད་མེད་པར་བྱའོ། །བདག་མདུན་གྱི་ལྷ་དང་བཟླས་པའི་སྔགས་རྣམས་རང་བཞིན་མེད་པར་གཏན་ལ་ཕབ་པའི་དོན་སྒོམ་པ་ལ་བཞི་ཁ་འདྲ་ཡང་ སྙིང་པོ་ལ་སོགས་པའི་ཤེས་རབ་སྒོམ་པ་ཞེས་ཐ་དད་དུ་འབྱེད་པ་ནི། དེ་བཞིན་གཤེགས་པའི་རིགས་ལ་སོགས་པའི་རིགས་བཞིའི་ཟློས་པ་པོས་སྒོམ་པའི་དབང་དུ་བྱས་པ་སྟེ་འཆད་པར་འགྱུར་རོ། །གཉིས་པ་ལ་བཞི། དེ་བཞིན་གཤེགས་པའི་རིགས་ཀྱི་སྒོམ་ ཚུལ་དང༌། རྡོ་རྗེའི་རིགས་ཀྱི་སྒོམ་ཚུལ་དང༌། རིན་པོ་ཆེའི་རིགས་ཀྱི་སྒོམ་ཚུལ་དང་པདྨའི་རིགས་ཀྱི་སྒོམ་ཚུལ་ལོ། །དང་པོ་ནི། བདག་ཉིད་རྣམ་སྣང་ལ་སོགས་པའི་སངས་རྒྱས་ཀྱི་སྐུར་བསྒོམ་ཞིང་མདུན་དུ་ཡང་དེ་ལྟར་བསྒོམས་པའི་ཐུགས་ཀར་སྔགས་ཀྱི་ཡི་གེ་ བསམ་མོ། །དེ་ནས་རང་དང་མདུན་གྱི་ལྷ་ལ་གང་ཟག་དང་ཆོས་ཀྱི་བདག་མེད་པར་གཏན་ལ་དབབ་ཅིང་རང་བཞིན་མེད་པའི་ངེས་པ་རྙེད་པ་ན། གཟུགས་ལ་སོགས་པའི་སོ་སོར་སྣང་བ་མེད་པའི་ཏིང་ངེ་འཛིན་གྱིས་རྩེ་གཅིག་ཏུ་བསྒོམས་པར་བྱ་སྟེ། རྩེ་མོ་ལས། དེ་ བཞིན་གཤེགས་པའི་རིགས་བཟླས་པ། །སངས་རྒྱས་བདག་ཉིད་བཀྲ་ཤིས་གནས། །སྟོང་གསུམ་གྱི་ནི་འཇིག་རྟེན་འདིར། །སངས་རྒྱས་སྐུ་ནི་བསྒོམ་པར་བྱ། །སངས་རྒྱས་དེ་ཡི་སྙིང་གར་ནི། །རང་སྔགས་ཡི་གེ་རྣམ་པར་བསྒོམ། །རང་གི་ལུས་ནི་བདག་མེད་ པར། །ཆོས་དང་གང་ཟག་སྟོང་པ་ཉིད། །སངས་རྒྱས་དེ་ཡི་སྐུ་གང་ཡིན། དེ་ཡང་བདག་མེད་པར་བསམ་མོ། །སངས་རྒྱས་གཟུགས་འདི་ཅི་ཞིག་ཡིན། །དེ་ཡི་རང་བཞིན་ཡོད་མ་ཡིན། །གང་ཟག་ཅེས་བྱའི་སངས་རྒྱས་མེད། །ཕུང་པོ་དང་ནི་ཁམས་མ་ཡིན། ། 3-2-97a གཟུང་དང་འཛིན་པ་སངས་རྒྱས་མེད། །སངས་རྒྱས་མེད་པའང་མ་ཡིན་ཏེ། །ཕ་རོལ་ཕྱིན་དྲུག་ས་བོན་ནི། །ཤེས་རབ་ཀྱི་ནི་རྣམ་པར་སྦྱངས། །ཀུན་གཞིའི་གནས་མེད་རྣལ་འབྱོར་པ། །དེ་ཉིད་བྱང་ཆུབ་བདག་མེད་འཛིན། །འདི་འདྲ་བ་ཡི་རྣལ་འབྱོར་གྱིས། ། དེ་བཞིན་གཤེགས་པའི་རིགས་བཟླས་ན། །བསྐལ་པ་ཆེན་པོ་མྱུར་བ་རུ། །རབ་ཏུ་དགའ་བ་སྒྲུབ་པར་བྱེད། །ཅེས་གསུངས་སོ། །གཉིས་པ་ནི། རང་རྡོ་རྗེ་སེམས་དཔའ་དང་མདུན་དུ་ཡང་ནམ་མཁའ་ཁྱབ་པའི་རྡོ་རྗེའི་གཟུགས་བསམས་པའི་ལྟེ་བར་ཡི་གེ་དགོད། དེ་ནས་གཟུགས་ ལ་སོགས་པ་རྣམས་ལ་སོ་སོར་རྣམ་པར་གཞིགས་པས་རང་བཞིན་མེད་པའི་ངེས་པ་རྙེད་པ་ན་རྩེ་གཅིག་ཏུ་གཞག་ལ་བསྒོམ་སྟེ། རྩེ་མོ་ལས། དེ་ནས་རྡོ་རྗེའི་རིགས་བཟླས་པ། །བདག་ཉིད་རྡོ་རྗེ་སེམས་དཔར་བྱ། །སྟོང་གསུམ་གྱི་ནི་འཇིག་རྟེན་འདིར། །རྡོ་རྗེའི་གཟུགས་ནི་ བསྒོམ་པར་བྱ། །རྡོ་རྗེ་དེ་ཡི་དབུས་སུ་ནི། །རིག་སྔགས་ཡི་གེ་རྣམ་པར་བསྒོམ། །རྡོ་རྗེ་དེ་ཡང་དངོས་མེད་པའི། །བྱང་ཆུབ་སེམས་ཀྱི་འབྲས་བུ་ཡིན། །དེ་ཅི་རྡོ་རྗེ་ཞེས་བྱའམ། །དེ་ཉིད་གང་ནི་མི་འགྱུར་བ། །དེ་ཅི་དེ་ཉིད་ཅེས་བརྗོད་དམ། །གང་སྟོང་ཆོས་ཉིད་ཅེས་སུ་བརྗོད། ། གཟུགས་ལ་སོགས་པའི་ཆོས་རྣམས་ཀུན། །སྟོང་པའི་རྣམ་པར་བསྒོམ་པ་སྟེ། །གཟུགས་ནི་རྡུལ་དུ་རྣམ་གཞིགས་ན། །རྡུལ་ཞེས་བྱ་བ་ཡོད་མ་ཡིན། །གཟུགས་ནི་སྟོང་པ་ཞེས་བཤད་དེ། །དེ་ཡང་རྡོ་རྗེ་ཞེས་སུ་བྱ། །དེ་ལྟར་རྣལ་འབྱོར་འདི་ཡིས་ནི། །རབ་ཏུ་དགའ་བ་ མྱུར་དུ་འགྲུབ། །ཅེས་གསུངས་སོ། །གསུམ་པ་ནི། རང་རྡོ་རྗེ་རིན་ཆེན་དང་མདུན་དུ་ནམ་མཁའ་ལ་ཡི་གེ་རྣམས་བསམ་མོ། །དེ་ནས་གཟུང་འཛིན་བདེན་པར་མེད་པར་མཉམ་པ་ཉིད་དུ་གཏན་ལ་ཕབ་པའི་དོན་ལ་ངེས་པ་རྙེད་པ་ན་རྩེ་གཅིག་ཏུ་བསྒོམ་པར་བྱ་སྟེ། རྩེ་མོ་ལས། 3-2-97b དེ་ནས་རིན་ཆེན་རིགས་བཟླས་པ། །བདག་ཉིད་རྡོ་རྗེ་རིན་ཆེན་དུ། །སྟོང་གསུམ་གྱི་ནི་འཇིག་རྟེན་འདི། །སྟོང་པ་རྣམ་པར་བསྒོམ་པར་བྱ། །ནམ་མཁའ་དེ་ལ་རྣལ་འབྱོར་པས། །རིག་སྔགས་ཡི་གེ་བསམ་པར་བྱ། །ཆོས་རྣམས་དངོས་མེད་ཅེས་བྱ་བ། །སྟོང་ཉིད་དེ་བཞིན་ཉིད་ཅེས་བྱ། ། ཕྱི་དང་ནང་དུ་རྣམ་བརྟགས་པའི། །གཟུགས་ནི་རེ་ཞིག་མ་སྐྱེས་ཏེ། །གང་ན་གཟུགས་ནི་ཡོད་མིན་པ། །དེ་ལ་མིག་ཅེས་ཇི་སྐད་བརྗོད། །གཟུགས་དང་མིག་ནི་མེད་པས་ན། །རྣམ་པར་ཤེས་པ་མི་འབྱུང་ངོ༌། །ཇི་ལྟར་མིག་ལ་དེ་བཞིན་ཀུན། །གཟུང་དང་འཛིན་པ་རྣམ་སྤངས་པའོ། །རྣལ་ འབྱོར་ཚུལ་ནི་འདི་ཡིས་སུ། །རབ་ཏུ་དགའ་བ་སྒྲུབ་པའི་མཆོག །ཅེས་གསུངས་སོ། །བཞི་པ་ནི། རང་འཇིག་རྟེན་དབང་ཕྱུག་དང་མདུན་དུ་ཡང་པདྨས་ནམ་མཁའ་ཁྱབ་པར་བསམས་ལ་ཡི་གེ་དགོད། དེ་ནས་ཆོས་ཐམས་ཅད་རང་བཞིན་མེད་པར་གཏན་ལ་ཕབ་པའི་དོན་ལ་ངེས་པ་ རྙེད་པ་ན་བསྒོམ་པར་བྱ་སྟེ། རྩེ་མོ་ལས། དེ་ནས་པདྨའི་རིགས་བཟླས་པ། །བདག་ཉིད་པདྨའི་སེམས་དཔར་བྱ། །སྟོང་གསུམ་གྱི་ནི་འཇིག་རྟེན་འདི། །པདྨའི་གཟུགས་སུ་རྣམ་པར་བསྒོམ། །པདྨ་དག་ཆེན་དེ་ལ་ནི། །རིག་སྔགས་ཡི་གེ་རྣམ་པར་བསྒོམ། །པདྨ་དེ་ལས་མཁས་པ་ ཡིས། །ཆོས་ཀྱི་སྙིང་པོ་རྣམ་པར་བསམ། །པདྨ་ཆུ་ཡིས་མི་ཆགས་ཤིང༌། །འདམ་གྱི་ཉེས་པས་མི་གོས་པ། །དེ་བཞིན་ཆོས་ཀུན་དག་པ་སྟེ། །ཆོས་དབྱིངས་གདོད་ནས་མ་སྐྱེས་པའོ། །དེ་བཞིན་གཤེགས་པའི་སྙིང་འདི་ཅི། །གང་འདི་སྟོང་པའི་ཆོས་ཉིད་དེ། །གཟུགས་ལ་སོགས་ པ་ཆོས་ཀུན་གྱི། །ཆོས་ཉིད་དེ་བཞིན་ཉིད་ཅེས་བྱའོ། །རྣལ་འབྱོར་འདི་ཡི་ཚུལ་གྱིས་ནི། །རྣལ་འབྱོར་ཆེན་པོ་དཀའ་ཐུབ་ཆེ། །ཚེ་འདི་ཉིད་ལས་སངས་རྒྱས་པ། །པདྨ་ངེས་པར་བསྒྲུབ་པར་བྱ། །ཞེས་གསུངས་སོ། །འདི་རྣམས་ཡང་དང་ཡང་དུ་འདྲིས་པར་བྱེད་པ་ལ་བཟླས་པའི་ 3-2-98a མིང་བཏགས་པ་ཡིན་གྱི། །སྔགས་ཀྱི་ཡི་གེ་ཟློས་པ་མ་ཡིན་ནོ། །ཨ་བ་ཏ་ར་ལས། དམིགས་བཅས་ཀྱི་བཟླས་བརྗོད་བཤད་པའི་འོག་ཏུ། རྣལ་འབྱོར་པ་ཆོས་བདག་མེད་པར་ཤེས་པའི་བློ་ཅན་རྣམས་ལ་ནི། དོན་དམ་པའི་ཤེས་རབ་ཀྱི་རྣལ་འབྱོར། དེ་ཁོ་ན་ཉིད་བསྡུས་པ་དང་རྡོ་རྗེ་རྩེ་མོ་ལས་བཟླས་བརྗོད་ཀྱི་བྱེ་བྲག་གཞན་དག་བསྟན་པ་དེ་ཡང་ད་འདིར་བཤད་པར་བྱའོ། །ཞེས་དེ་ཉིད་བསྡུས་པ་དང་བཤད་རྒྱུད་ལས་གསུངས་པ་རྣམས་དྲངས་ནས་བཤད་པ་བཞིན་བཀོད་པའོ། །གསུམ་པ་ནི། དེ་ལྟར་རྩེ་མོ་ནས་ གསུངས་པ་ནི། སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་ནས་སྐྱོང་བ་ལྷག་མཐོང་གཙོ་ཆེ་ལ། དེ་ཉིད་བསྡུས་པ་ནས་གསུངས་པ་ལ་དཔྱོད་པ་དང་མི་དཔྱོད་པར་འཇོག་པའི་ཞི་ལྷག་གཉིས་ཀ་ཡོད་ལ། ཀོ་ས་ལའི་རྒྱན་ལས་ཀྱང༌། ཞི་གནས་ནི། ཏིང་ངེ་འཛིན་ལ་སེམས་ པའི་མཚན་ཉིད་དེ་སེམས་གང་དམིགས་པར་བྱ་བ་གཅིག་ལ་རབ་ཏུ་འཇུག་པའོ། །ལྷག་མཐོང་ནི། ཤེས་རབ་སྟེ་དེ་ཡང་སེམས་ལས་བྱུང་བ་ཆོས་རབ་ཏུ་རྣམ་པར་འབྱེད་པའི་མཚན་ཉིད་ཅན་ཏེ། མཉམ་པར་འཇོག་པའི་སེམས་ཀྱིས་འདི་ནི་ཟག་པ་དང་བཅས་པའོ། །འདི་ ནི་ཟག་པ་མེད་པའོ། །འདི་ནི་ཀུན་ནས་ཉོན་མོངས་པའོ། །འདི་ནི་རྣམ་པར་བྱང་བའོ། །ཞེས་རྣམ་པར་འབྱེད་པའི་རྣམ་པའོ། །ཞེས་ཞི་ལྷག་གི་མཚན་ཉིད་དེ་བཞིན་དུ་གསུངས་སོ། །ཟག་བཅས་ཟག་མེད་སོགས་སོ་སོར་འབྱེད་པ་ལ་ལྷག་མཐོང་དུ་གསུངས་པ་ནི་ཇི་ སྙེད་པ་ལ་དམིགས་པའི་ལྷག་མཐོང་སྟེ། ཇི་ལྟ་བ་ལ་དམིགས་པ་ཡང་དེས་མཚོན་ནས་ཤེས་པར་བྱའོ། །ཞི་གནས་ཀྱི་འཇོག་སྒོམ་འབའ་ཞིག་བྱས་ན་མཐར་བྱིང་རྨུགས་སུ་འགྱུར་ལ། ལྷག་མཐོང་གི་དཔྱད་སྒོམ་འབའ་ཞིག་བྱས་ན་མཐར་རྒོད་པར་འགྱུར་བས་ 3-2-98b ཞི་ལྷག་གཉིས་ཆ་མཉམ་ལ་བསྒོམ་ཞིང༌། རྒོད་པ་ནི། མི་རྟག་པ་ལ་སོགས་པ་སྐྱོ་ཤས་སྐྱེ་བའི་དམིགས་པ་དང༌། བྱིང་རྨུགས་ནི། སེམས་ལ་སྣང་བ་ཆེན་པོ་ཤར་བ་སོགས་གཟེངས་བསྟོད་པའི་དམིགས་པ་ཡིད་ལ་བྱས་ལ་བསལ་བར་བྱའོ། །དེ་ལྟར་བྱས་པས་མངོན་ པར་འདུ་བྱེད་པ་མེད་པར་ཆ་མཉམ་དུ་རང་གི་ངང་གིས་འཇུག་པ་ཐོབ་ན་ཟུང་དུ་འབྲེལ་བར་ཀོ་ས་ལའི་རྒྱན་ལས་གསུངས་ཏེ། ཞི་གནས་ཤས་ཆེ་ན་ནི། སེམས་རྨུགས་པའི་ཉེ་བར་གཡེང་བར་འགྱུར་ལ། ལྷག་མཐོང་ཤས་ཆེ་ན་ནི། རྒོད་པའི་ཉེ་བར་གཡེང་བར་ འགྱུར་རོ། །དེ་བས་ན་རིམ་པ་བཞིན་དུ་སྣང་བ་ཡིད་ལ་བྱེད་པ་དང་མི་རྟག་པ་ཡིད་ལ་བྱེད་པས་ཀྱང་ཉེ་བར་གཡེང་བའི་དངོས་པོ་གཉིས་བཟློག་ནས་བསམ་པར་བྱ་བའི་དངོས་པོ་དེ་ལ་ཟུང་དུ་འཇུག་པར་གནས་ལ། དྲན་པའི་ཐག་པས་གང་དང་གང་དུ་ཞི་གནས་ དང་ལྷག་མཐོང་གི་ཚུལ་རྟ་ལྟ་བུ་གང་ལས་ཉམས་པ་ལས་བློ་བཟློག་སྟེ་ཡང་དག་པ་ལ་སྦྱར་བ་ནི་ཟུང་དུ་འཇུག་པའོ། །ཟུང་དུ་འཇུག་པ་ཉིད་ཀྱིས་ན་རྣམ་པ་འདིས་འཇུག་པའི་ངང་ཚུལ་ཅན་ནི། མངོན་པར་འདུ་བྱེད་པ་མེད་པར་འཇུག་གོ་ཞེས་བྱ་བའི་དོན་ཏོ། ། ཞེས་སོ། །སངས་རྒྱས་གསང་བས་ནི་སྟོང་ཉིད་སྒོམ་པའི་ཚེ་སྲོག་རྩོལ་བཀག་པའི་རླུང་སྦྱོར་དང་སྦྲགས་ནས་བྱ་བར་བཞེད་དེ། ཨ་བ་ཏ་ར་ལས། བདག་དང་ལྷ་དང་བཟླས་བརྗོད་དུ་བྱ་བའི་ཡི་གེ་ཇི་ལྟར་བསམས་པ་རྣམས་མ་སྐྱེས་བར་སྒོམ་པའི་སྒོ་ནས་ཆོས་ ཐམས་ཅད་སྟོང་པ་ཉིད་དུ་མོས་པ་མངོན་དུ་བྱས་ལ། སེམས་ཀྱི་གནས་སྲོག་དང་རྩོལ་བ་གཉིས་ནང་དུ་བཀག་སྟེ་གཟུགས་ལ་སོགས་པར་སྣང་བ་དང་བྲལ་བའི་སེམས་ཀྱིས་བདག་དང་ལྷ་དང་བཟླས་བརྗོད་དུ་བྱ་བའི་ཡི་གེ་རྣམས་ནམ་མཁའ་དང་འདྲ་བར་ཡིད་ 3-2-99a ལ་བྱེད་ཅིང༌། ཞེས་གསུངས་ཤིང༌། དབུགས་གཏོང་བ་ན་སྣའི་ནང་གི་རླུང་ཕྲ་མོའི་རེག་པ་མྱོང་བར་བྱས་ནས་བཏང་སྟེ་མདུན་གྱི་ལྷ་དྲན་པར་བྱེད་ལ་ཡང་སྔར་བཞིན་སྲོག་རྩོལ་བཀག་ནས་བྱེད་པར་བཤད་དོ། །དེ་ལྟར་ན་ལྟ་བས་བདག་མེད་པའི་ དོན་གཏན་ལ་ཕབ་པ་མེད་པར་སེམས་གང་དུའང་མི་འཛིན་པར་མི་རྟོག་པར་བཞག་པ་ཙམ་མམ། རླུང་སྦྱོར་ལ་སོགས་པའི་དབང་གིས་བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་སྐྱེས་པ་ལ་དངོས་པོའི་དེ་ཁོ་ན་ཉིད་སྒོམ་པའི་རྣལ་འབྱོར་དུ་འདོད་པ་ནི། རྣལ་ འབྱོར་བླ་མེད་ལྟ་ཞོག་རྒྱུད་སྡེ་འོག་མ་གསུམ་གྱི་ལུགས་ཀྱང་མ་ཡིན་ལ། ལྟ་བས་བདག་མེད་པའི་དོན་གཏན་ལ་ཕེབས་ཀྱང་སྒོམ་པའི་ཚེ་ལྟ་བ་དྲན་ནས་ལྟ་བའི་ངེས་པ་མ་བསྐྱངས་པར། སྤྱིར་བློ་གང་དུའང་མི་རྟོག་པར་འཇོག་པ་ཙམ་ཞིག་སྐྱོང་བ་ ཡང་དེ་ཁོ་ན་ཉིད་ཀྱི་དོན་སྒོམ་པ་མ་ཡིན་པས། ཐར་འདོད་རྣམས་ཀྱིས་བདག་མེད་པའི་ལྟ་བ་བཙལ་བ་དང༌། རྙེད་ནས་དེའི་དོན་སྒོམ་པའི་ཚུལ་མ་ནོར་བར་ཤེས་པར་གྱིས་ཤིག སློབ་དཔོན་ཀུན་དགའ་སྙིང་པོས་སྟོང་ཉིད་ཀྱི་ལྟ་བ་གཏན་ལ་འབེབས་པ་ དང་དེ་ཤིན་ཏུ་གལ་ཆེ་བར་དེ་ཉིད་བསྡུས་པ་དང་དཔལ་མཆོག་འགྲེལ་ཆེན་ལས་ཐོར་བུ་ཐོར་བུར་ཡང་ཡང་གསུངས་ཤིང༌། རྡོ་རྗེ་འབྱུང་བར་ལྷ་བསྒོམས་པའི་མཐར་མཉམ་པ་ཉིད་རྣམ་པ་གསུམ་སྒོམ་པའི་ས་བོན་ཙམ་ཞིག་གསུངས་མོད་ཀྱང༌། སངས་རྒྱས་གསང་བ་བཞིན་དུ་དེ་ཉིད་བསྡུས་པ་དང་བཤད་རྒྱུད་ཀྱི་སྟོང་ཉིད་སྒོམ་ཚུལ་རྒྱུན་གཅིག་ཏུ་མ་བཤད་ལ། ཤཱཀྱ་བཤེས་གཉེན་བཞིན་དུ་ཞི་ལྷག་སོ་སོའི་མཚན་ཉིད་དང་ཤས་ཆེ་ཆུང་གི་སྐྱོན་དང་ཟུང་དུ་འབྲེལ་ལུགས་ཀྱང་མ་གསུངས་སོ། ། 3-2-99b འོན་ཀྱང་སྔར་བཤད་པ་ལྟར་གྱི་སྟོང་ཉིད་སྒོམ་ཚུལ་འདི་ལ་རྣལ་འབྱོར་རྒྱུད་ལ་མཁས་པའི་སློབ་དཔོན་གསུམ་དགོངས་པ་གཅིག་ཏུ་ཡོད་པས། རྣལ་འབྱོར་རྒྱུད་ཀྱི་དགོངས་པས་ཕྲ་མོ་དང་ལྷའི་རྣལ་འབྱོར་ཐུན་བཞིར་བསྐྱངས་ནས་མཚན་བཅས་ཀྱི་ཏིང་ངེ་འཛིན་སྐྱེད་ ཚུལ་དང༌། དེ་ནས་མཚན་མེད་ཀྱི་ཏིང་ངེ་འཛིན་སྐྱེད་ཚུལ་རྣམས་ཀྱི་གནད་སྔར་བཤད་པ་བཞིན་དུ་གཟུང་བར་བྱའོ། །འདིར་སྔོན་དུ་བསྙེན་པ་བྱ་བར་གསུངས་པའི་དོན་ནི། ཐོབ་བྱ་ལ་ཁད་ཉེ་བར་བྱེད་པ་ཞིག་ཡིན་ལ། དེ་ཡང་འདུས་པ་ཕྱི་མ་ལས། ཐུན་མོང་མཆོག་ གི་དབྱེ་བ་ཡིས། །བསྙེན་པ་རྣམ་པ་གཉིས་སུ་འདོད། །ཅེས་དངོས་གྲུབ་གཉིས་སྒྲུབ་པའི་ཐབས་གཉིས་ཀ་བསྙེན་པར་གསུངས་པ་ལྟར་འདིར་ཡང་ཡིན་ནོ། །དེའི་ཕྱིར་སྔོན་དུ་བསྙེན་པ་བྱ་བར་རྒྱུད་སྡེ་བཞི་ཁ་ལས་གསུངས་པ་ནི། ལམ་གོང་ནས་གོང་དུ་བགྲོད་པའི་རིམ་ པ་སྟོན་པ་ཡིན་ལ། དེར་ཡང་གཙོ་བོར་ལྷའི་རྣལ་འབྱོར་དང་སྟོང་པ་ཉིད་ཀྱི་རྣལ་འབྱོར་རྒྱུད་ལ་སྐྱེད་ཚུལ་གྱིས་ཚིགས་ལེགས་པར་ཕྱེད་པ་ཞིག་དགོས་པ་ལ། དེ་ལྟར་མ་གོ་བར་སྒྲུབ་ཐབས་ཀྱི་ཆོག་ཁྲིགས་འདོན་པ་བྱང་བར་བྱེད་པ་དང༌། དེའི་སྐབས་སུ་སྔགས་ཀྱི་བཟླས་ པ་བྱེད་པ་ལ་བསྙེན་པའི་དོན་དུ་འཛིན་ཅིང༌། དེའི་དགོས་པ་ཡང་དབང་བསྐུར་དང་རབ་གནས་ལ་སོགས་པའི་ཆོག་ཁྲིགས་ལ་འཇུག་པ་ཙམ་ཞིག་ཏུ་མཐོང་ནས་གོ་བ་འཚོལ་བས་ནི། རྒྱུད་སྡེ་གང་གི་ཡང་ལམ་གྱི་གནད་ཟིན་པར་མ་མཐོང་ངོ༌། །རྒྱུད་སྡེ་གསུམ་དང་དེ་ དག་གི་དགོངས་འགྲེལ་གྱི་པཎ་ཆེན་རྣམས་ཀྱིས་སྟོང་ཉིད་སྒོམ་པའི་ཞི་ལྷག་གི་འགྲེལ་ལུགས་རྣམས་ནི། སློབ་དཔོན་མཁས་པ་ཀ་མ་ལ་ཤཱི་ལའི་སྒོམ་རིམ་གསུམ་དང༌། ཤཱནྟི་པའི་ཤེར་ཕྱིན་མན་ངག་དང༌། ས་སྡེ་དང་བྱམས་ཆོས་ལ་སོགས་པ་ནས་འབྱུང་བ་རྣམས་ 3-2-100a དང་འདྲ་བར་སྣང་ངོ༌། །ཞི་གནས་སྔོན་དུ་བཏང་ནས་ལྷག་མཐོང་སྒོམ་པའི་གོ་རིམ་གྱི་རྒྱུ་མཚན་དང༌། ཤིན་སྦྱངས་གཉིས་མ་རྙེད་པར་དུ་ལྷག་མཐོང་རྗེས་མཐུན་པ་ཡིན་གྱི། རྙེད་ནས་ལྷག་མཐོང་མཚན་ཉིད་པར་འགྲོ་བའི་ཚུལ་དང༌། བདག་མེད་སྒོམ་ པ་ལ་ཞི་ལྷག་གཉིས་ཀ་འོང་ཚུལ་དང༌། ཟུང་འབྲེལ་འགྲུབ་པའི་དུས་མཚམས་ལ་སོགས་པ་ཞིབ་པར་ནི། ཐེག་པ་ཐུན་མོང་བའི་ལམ་གྱི་རིམ་པར་རྒྱས་པར་བཤད་ཟིན་པས་འདིར་མ་སྤྲོས་སོ། །བསྙེན་པའི་སྐབས་སུ་དངོས་གྲུབ་འགྲུབ་པའི་རྒྱུ་ནི། ཨ་བ་ཏ་ར་ལས། ཕྱག་རྒྱ་དང་གསང་སྔགས་དང་རིག་སྔགས་ལ་སོགས་པ་རྣམས་ལ་ཡང་ཕྱིའི་མཆོད་པའི་ཆོ་ག་རྣམས་དངོས་གྲུབ་ཀྱི་ཡན་ལག་ཏུ་འགྱུར་མོད་ཀྱི། འོན་ཀྱང་དངོས་པོའི་རང་བཞིན་གྱིས་གཙོ་བོར་སྙིང་པོ་བཟླས་བརྗོད་བྱེད་པ་དང༌། བསྒོམ་པ་ལ་བརྩོན་པ་རྣམས་ ཉིད་ལ་མྱུར་དུ་དངོས་གྲུབ་སྩོལ་ཏེ། དེ་བས་ན་དེ་ལ་བརྩོན་པ་རྣམས་ཀྱིས་ཁྱད་པར་དུ་དེ་ལ་མངོན་པར་བརྩོན་པར་བྱའོ། །ཞེས་ལྷ་སྒོམ་པ་དང་བཟླས་བརྗོད་ཚང་བར་བྱེད་པ་གལ་ཆེ་བར་གསུངས་སོ། །འོན་ཀྱང་དངོས་གྲུབ་འགྲུབ་པའི་གེགས་ཀྱི་སྒྲིབ་པ་སྦྱོང་བ་ལ་ སྟོང་ཉིད་སྒོམ་པ་བསྔགས་པས་དེ་ཡང་གལ་ཆེ་སྟེ། དེ་ཉིད་ལས། རྫོགས་པའི་སངས་རྒྱས་ལ་སོགས་པ་རང་གི་ལྷ་རྣམས་རྣམ་པ་མེད་པར་རྗེས་སུ་དྲན་པའི་སྒོ་ནས་བསྒོམ་པ་དང༌། དེ་བཞིན་དུ་བདག་དང་ཆོས་ཐམས་ཅད་དམིགས་སུ་མེད་པས་དངོས་གྲུབ་ཀྱི་ གེགས་སུ་གྱུར་པའི་ལས་དང་ཉོན་མོངས་པ་མེད་པར་གྱུར་ན་ཅི་འདོད་པའི་དངོས་གྲུབ་ཐོབ་པར་འགྱུར་ཏེ། ཞེས་དང༌། གང་གི་ཚེ་གསང་སྔགས་ལེགས་པར་མཉེས་པར་བྱས་ཀྱང་རྣལ་འབྱོར་པས་ཇི་ལྟར་འདོད་པའི་དངོས་གྲུབ་ཐོབ་པར་མ་གྱུར་པ་དེའི་ 3-2-100b ཚེ། ཕྱག་རྒྱ་ཆེན་པོ་ལ་སོགས་པ་སྒོམ་པའི་སྦྱོར་བ་དང་བཟླས་བརྗོད་ཀྱི་སྦྱོར་བའི་སྔོན་རོལ་དང༌། ཕྱིས་རང་གི་ལྷའི་ཆོས་ཀྱི་སྐུ་ལ་ལྷག་པར་དམིགས་པར་བྱའོ། །ཞེས་དངོས་གྲུབ་མ་གྲུབ་ན་ལྷ་ལ་དྲག་ཤུལ་བྱ་བའི་སྐབས་ལས་གསུངས་པས་ལྷའི་སྐུ་ཕྱག་རྒྱ་ ཆེན་པོ་སྐྱེད་པའི་སྔ་རོལ་དང༌། བསྒོམ་བཟླས་ཀྱི་འོག་ཏུ་སྟོང་ཉིད་བསྒོམས་ན་དངོས་གྲུབ་མྱུར་རོ། །བཞི་པ་ལ་གསུམ། བསམ་གཏན་གྱིས་དངོས་གྲུབ་སྒྲུབ་པའི་ཚུལ་དང༌། བཟླས་བརྗོད་ཀྱིས་དངོས་གྲུབ་སྒྲུབ་པའི་ཚུལ་དང༌། སྦྱིན་སྲེག་གིས་དངོས་གྲུབ་སྒྲུབ་ པའི་ཚུལ་ལོ། །དང་པོ་ནི། སྔར་བཤད་པ་ལྟར་བསྙེན་པ་སྤྱི་དང་ཁྱད་པར་དུ་རྡོ་རྗེ་ཕྲ་མོའི་ཏིང་ངེ་འཛིན་རང་དབང་དུ་གྱུར་པ་ཐོབ་ནས་ནི། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་བསམ་གཏན་གྱིས་སྒྲུབ་པ་རྣམས་བསྒྲུབ་པར་བྱའོ། །དེ་ལ་ ཡང་གཉིས་ལས་དཀྱིལ་འཁོར་དུ་ཞུགས་པའི་དུས་སུ་ཡེ་ཤེས་བབས་པས་ནི། གཏེར་ལ་སོགས་པ་འཇིག་རྟེན་པའི་དངོས་གྲུབ་རྣམས་དེ་ལ་སྦྱར་བ་ཙམ་གྱིས་འགྲུབ་ལ། དེ་ལས་གཞན་པ་རྣམས་ནི་འཆད་པ་ལྟར་གྱི་མཚན་མ་བྱུང་བྱུང་གི་བར་དུ་ བསྒོམས་པས་འགྲུབ་བོ། །འདིར་སློབ་དཔོན་སངས་རྒྱས་གསང་བས་ཕྱག་རྒྱ་བཞི་སྒྲུབ་པ་ལ་ཡེ་ཤེས་སེམས་དཔའ་རང་ལ་བཅུག་ནས་སྒྲུབ་པ་མ་གཏོགས་པའི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་སྒྲུབ་པ་ཐམས་ཅད་ལ། རང་དམ་ ཚིག་པ་ཙམ་གྱི་ང་རྒྱལ་ལ་གནས་ནས་ཡེ་ཤེས་སེམས་དཔའ་རང་ལ་མི་འཇུག་པར་མདུན་དུ་བཞག་པ་ལ་མཆོད་པ་སོགས་བྱས་ནས་སྒྲུབ་པར་བཞེད་ལ། སློབ་དཔོན་གཞན་རྣམས་རང་དམ་ཚིག་པར་བྱས་པ་ལ་ཡེ་ཤེས་པ་བཅུག་པ་སྔོན་དུ་བཏང་ནས་ 3-2-101a དེ་ནས་དངོས་གྲུབ་སྒྲུབ་པར་བྱེད་པའི་གཞན་ལུགས་བཀོད་ནས་དགག་པ་མཛད་དོ། །དངོས་གྲུབ་སྒྲུབ་པ་ཐམས་ཅད་ལ་རང་གི་ལྷའི་རྣལ་འབྱོར་སྔོན་དུ་བཏང་ནས་བྱ་དགོས་པ་ནི་སློབ་དཔོན་རྣམས་བཞེད་པ་མཐུན་ནོ། །དེ་ལ་རང་གཞན་གྱི་ དབུལ་བ་བསལ་བ་སོགས་ཀྱི་ཆོས་ལྡན་གྱི་དོན་ཁྱད་པར་ཅན་བསྒྲུབ་པའི་ཕྱིར་དུ་གཏེར་འདོན་པའི་དངོས་གྲུབ་སྒྲུབ་ན། དུམ་བུ་དང་པོ་ལས། གཏེར་ལ་རྡོ་རྗེའི་གཟུགས་གནས་པ། །སྙིང་ག་ཉིད་དུ་བསྒོམ་པར་བྱ། །བསྒོམས་ན་ས་ལ་གནས་པ་ཡི། །གཏེར་ རྣམས་དེ་ཡིས་མཐོང་བར་འགྱུར། །ཞེས་གསུངས་པ་ལྟར་བྱ་སྟེ། རང་གི་སྙིང་གར་གཏེར་གྱི་བུམ་པའི་ནང་ན་ཟླ་བ་དང་དེ་ལ་རྡོ་རྗེ་རྩེ་ལྔ་པ་ཞིག་བསམས་ལ། བཛྲ་ནི་དྷི་ཞེས་བཟླས་ཏེ་མཚན་མ་བྱུང་བྱུང་དུ་བསྒོམ་པར་བྱའོ། །མཚན་མ་ནི་རེག་མཐོང་གི་མཚན་མ་ ལ་བྱའོ། །དེ་བྱུང་བ་དང་མཚན་གཅིག་ཐོག་ཐག་ཏུ་བཟླས་བསྒོམ་བྱས་པའི་རྗེས་ལ། གཏེར་ཡོད་དུ་རེ་བའི་གནས་དེར་སོང་ལ་ལྷ་ལ་མཆོད་པ་སོགས་དང་འབྱུང་པོ་ལ་གཏོར་མ་བྱིན་ལ། རྡོ་རྗེ་ལྕགས་སྒྲོག་གི་སྔགས་རྒྱས་གཏེར་དང་གནས་བཅིང་ཞིང་ བསྲུང་ངོ༌། །དེ་ནས་བསྒོམ་བཟླས་བྱས་ན་གཏེར་མཐོང་བར་འགྱུར་ལ་དེ་ནས་ས་བརྐོས་ཏེ་བླང་བར་བྱའོ། །དེ་བཞིན་དུ་ནམ་མཁའ་ལ་རྡོ་རྗེ་དང་རང་སྣ་ཚོགས་རྡོ་རྗེར་སྒོམ་པའི་བསྒོམ་བཟླས་བྱས་ནས་རྡོ་རྗེ་དེ་གཉིས་གང་དུ་ལྷུང་བའི་གནས་སུ་གཏེར་ཡོད་པར་ ཤེས་པ་དང༌། རང་གི་ལྕེ་ལ་རྡོ་རྗེ་བསྒོམས་ནས་བཟླས་བསྒོམ་བྱས་པས་འདི་ན་ཡོད་ཅེས་རང་ཉིད་ཀྱིས་བདེན་པར་སྨྲ་བར་འགྱུར་བ་ཡང་གསུངས་སོ། །ཆུ་ལ་མི་འབྱིང་བའི་དངོས་གྲུབ་སྒྲུབ་ན་ལུ་མ་ལ་སོགས་པའི་ཆུ་ངོགས་སམ་ཡང་ན་ཇི་ལྟར་འདོད་པའི་གནས་ 3-2-101b སུ། ཁམ་པའི་སྣོད་ཆེན་པོ་ཆུས་བཀང་བ་མཐོང་བའི་སར་བཞག་བཛྲ་ཛཱ་ལ་ཞེས་ཡིད་ཀྱི་བརྗོད་ཅིང༌། ཆུའི་གཟུགས་རྣམས་རྡོ་རྗེའི་གཟུགས་སུ་གྱུར་ཏེ་གཅིག་ལ་གཅིག་འབྱར་ནས་ཆུ་དེ་རྡོ་རྗེའི་གཟུགས་གཅིག་པུར་གྱུར་པར་ཐུན་བཞིར་རེག་མཐོང་གི་མཚན་མ་བྱུང་བྱུང་ གི་བར་དུ་བསྒོམ་མོ། །དེ་ནས་རྐང་ལག་གིས་རེག་པར་བྱར་རུང་ཞིང་རྡོ་རྗེ་དང་འདྲ་བར་སྲ་བར་གྱུར་པར་བྱ་ལ། དེར་རིགས་གང་རུང་གི་དཀྱིལ་འཁོར་གཅིག་བྲིས་ཏེ་སྔོན་དུ་བྱ་བའི་ཆོ་ག་རྣམས་བྱས་ནས་མཚན་གཅིག་ཐོག་ཐག་ཏུ་ཏིང་ངེ་འཛིན་དེ་ལ་གནས་པར་ བྱའོ། །དེ་ནས་ནམ་ཆུའི་སྟེང་དུ་འགྲོ་བར་འདོད་པ་ན་ཏིང་ངེ་འཛིན་འདི་མངོན་དུ་བྱས་ཏེ་མཉམ་པར་བཞག་པ་ཉིད་ཀྱིས་ཆུའི་སྟེང་ནས་འགྲོ་འཆག་སོགས་བྱའོ། །ནམ་མཁའི་རྡུལ་རྣམས་སྣ་ཚོགས་རྡོ་རྗེར་བསྒོམས་ཏེ་རྡོ་རྗེའི་ཐེམ་སྐས་གཅིག་ཏུ་གྱུར་པ་རྐང་ལག་ གིས་རེག་ཏུ་རུང་བར་གོམས་པར་བྱ་བ་སོགས་སྔར་བཞིན་བྱས་པས་རི་རབ་ཀྱི་རྩེ་མོ་ལ་སོགས་པར་འགྲོ་ནུས་སོ། །རིག་སྔགས་འཆང་གི་དངོས་གྲུབ་སྒྲུབ་པ་ནི། མཆོད་པའི་ཆོ་ག་རྒྱས་པར་བྱས་ལ་རྡོ་རྗེ་ཕྲ་མོ་བསྒོམས་ནས། བཛྲ་དྷ་ར་ལ་སོགས་པའི་སྙིང་པོ་བཞི་ གང་རུང་བཟླས་ཤིང་དུམ་བུ་སོ་སོའི་རིགས་དང་མཐུན་པའི་རིག་སྔགས་འཆང་གི་གཟུགས་ཡོངས་སུ་རྫོགས་པ་ཟླ་བ་ལ་གནས་པར་བསམས་ནས་རེག་མཐོང་གི་མཚན་མ་བྱུང་བྱུང་དུ་བསྒོམ་མོ། །དེ་ནས་དང་པའི་ལྷ་ལ་མཆོད་པ་བྱས་ཏེ་མཚན་ཐོག་ ཐག་གཅིག་ཏིང་ངེ་འཛིན་འདིས་གནས་ན་རང་གི་ལྷ་ཡེ་ཤེས་པ་གཤེགས་ནས་ཇི་ལྟར་བསྒོམས་པའི་རིག་སྔགས་འཆང་གི་དངོས་གྲུབ་སྟེར་རོ། །དེ་ལ་སོགས་པའི་ཐུན་མོང་གི་དངོས་གྲུབ་དུ་མ་ཞིག་འགྲུབ་པར་གསུངས་སོ། །དངོས་གྲུབ་མཆོག་སྒྲུབ་པར་ 3-2-102a འདོད་ན་རང་དེ་བཞིན་གཤེགས་པ་ལྔ་གང་རུང་གི་སྐུར་བསྐྱེད། བཛྲ་དྷཱ་ཏུ་ཞེས་བརྗོད་ཅིང༌། ནམ་མཁའི་ངོས་ཐམས་ཅད་སངས་རྒྱས་ཀྱི་སྐུ་ཕྲ་མོས་ཁྱབ་པར་བསམ། དེ་ནས་རླུང་ཕྱིར་རྒྱུ་བ་ན་དེ་ཐམས་ཅད་གསལ་བར་བསམས་ལ་རླུང་ནང་དུ་ སྡུད་པའི་ཚེ་མར་གསར་བྱེ་མའི་ནང་དུ་ཐིམ་པ་བཞིན་དུ་རང་གི་སྙིང་གར་གཟུང་ངོ༌། །དེ་ལྟར་ལས་གཞན་མེད་པར་སྒོམ་པ་ལ་བརྩོན་ཞིང་སྒོ་གསུམ་གྱི་གནས་ངན་ལེན་བཏུལ་བས་རང་གཞན་གྱིས་མཐོང་གི་བར་དུ་བསྒོམས་ནས་མཚན་མ་དེ་བྱུང་བ་དང་དཀྱིལ་ འཁོར་བྲི་བ་སོགས་སྔར་བཤད་པ་བཞིན་བྱས་པས། རྫོགས་པའི་སངས་རྒྱས་ཀྱི་གཟུགས་འཛིན་པའི་བྱང་ཆུབ་སེམས་དཔའི་རིག་སྔགས་འཆང་དུ་འགྱུར་རོ། །དེ་བཞིན་གཤེགས་པའི་རིགས་ལ་ཡང་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རང་གི་ལྷའི་གཟུགས་ དང་བདག་གཉིས་དབྱེར་མི་ཕྱེད་པའི་ང་རྒྱལ་དུ་བྱས་ཏེ་ཉི་མ་རེ་རེ་ཞིང་སྒོ་གསུམ་ལ་གནོད་པ་སྤངས་ཏེ་བསྒོམ་མོ། །དབུགས་ཕྱིར་འབྱིན་པའི་ཚེ་རང་གི་ལྷའི་གཟུགས་ཀྱིས་ནམ་མཁའི་ཁོངས་ཐམས་ཅད་གང་བར་བྱའོ། །ཁྱད་པར་དུ་དབང་པོ་དང་དྲན་པའི་ཡུལ་དུ་ འོང་བ་ཐམས་ཅད་རང་གི་ལྷའི་གཟུགས་སུ་བསམ་མོ། །དེ་དག་ལ་སེམས་པ་ནའང་འདི་ལྟར་ཡིད་ལ་བྱ་སྟེ། འདི་ཐམས་ཅད་ནི་བདག་གི་རྣམ་པར་རྟོག་པ་ལས་བྱུང་བ་སྟེ་ཇི་ལྟར་བརྟགས་པ་བཞིན་དུ་སོ་སོར་སྣང་བ་མེད་ཀྱི། རིགས་པ་དང་ལུང་གིས་དཔྱད་ ན་དོན་དམ་པར་ཡོད་པ་མ་ཡིན་ནོ་སྙམ་དུ་བསམ་མོ། །དེ་ནས་ཡིད་རླུང་དང་བཅས་པ་སླར་བསྡུས་ནས་རང་གི་ལྷ་ལ་དམིགས་པར་བྱའོ། །དེ་ལྟར་གོམས་པའི་མཐར་སྔར་བཤད་པ་ལྟར་མཚན་མ་རྙེད་པ་ན་དཀྱིལ་འཁོར་བྲིས་ནས་མཆོད་ཅིང་མཚན་ཐོག་ 3-2-102b ཐག་གཅིག་ཏུ་གནས་ནས་བསྒོམ་བཟླས་བྱས་ན། རང་གི་ལྷ་བྱོན་ནས་རང་གི་ལྷའི་སྐུ་ཕྱག་རྒྱ་ཆེན་པོའི་གཟུགས་གྲུབ་པ་དེ་ལ་སྩོལ་ལོ། །དེ་གཉིས་ཀའི་སྐབས་སུ་སྲོག་རྩོལ་བཀག་ནས་སྒོམ་པར་བཤད་དོ། །དེ་གཉིས་ཀ་ལ་སྒོམ་པ་ཞན་པས་བཤད་ པ་ལྟར་གྱི་དངོས་གྲུབ་མ་ཐོབ་ནའང་མངོན་ཤེས་དང་ཚེ་དང་སྟོབས་དང་ལུས་བཟང་པོ་ལ་སོགས་པའི་དངོས་གྲུབ་རྣམས་ནན་ཏན་མ་བྱས་ཀྱང་འགྲུབ་པར་གསུངས་སོ། །དེ་ལྟར་བསྒྲུབས་པའི་དངོས་གྲུབ་དེ་ནི་རྣལ་འབྱོར་རྒྱུད་ཀྱི་གདུལ་བྱ་མཆོག་རྣམས་ ཀྱིས་ཐོག་མར་གྲུབ་པའི་དངོས་གྲུབ་བཟང་ཤོས་ཤིག་ཏུ་སྣང་ལ། བྱ་སྤྱོད་ལ་ནི་སྔར་བཤད་པའི་རིག་འཛིན་གྱི་དངོས་གྲུབ་སྒྲུབ་པ་ལུས་ཀྱི་དངོས་གྲུབ་ཆེན་པོར་སྣང་ངོ༌། །གཉིས་པ་ནི། བཟླས་བརྗོད་ཀྱི་སྒོ་ནས་དངོས་གྲུབ་སྒྲུབ་པས་ནི་རང་ལྷར་སྒོམ་པ་ བྱས་ནས། དེ་བཞིན་གཤེགས་པའམ་དེའི་རིགས་ཀྱི་སྙིང་པོ་གང་ཡིན་པ་དེ་ཟླ་བ་བཞིར་ཞག་རེ་རེ་ལ་ཐུན་བཞི་བཞིར་བརྒྱ་རྩ་བརྒྱད་རེ་བཟླས་བརྗོད་བྱ་བས་སྔོན་དུ་བསྙེན་པ་རྫོགས་པར་བྱའོ། །དེ་ནས་དངོས་གྲུབ་མཆོག་སྒྲུབ་པར་འདོད་ན་རང་གི་ལྷའི་ རི་མོའི་སྐུ་གཟུགས་ཀྱི་སྤྱན་སྔར་རང་གི་ལྷའི་རྣལ་འབྱོར་གང་ཡིན་སྔོན་དུ་བྱས་ནས་ཟླ་བ་བཞིར་ཐུན་བཞི་རེ་རེ་ལ་སྔར་ལྟར་བཟླས་བརྗོད་བྱས་པའི་མཐར། མཚན་ཐོག་ཐག་གཅིག་བཟླས་བརྗོད་བྱས་ན་ནམ་ལངས་པ་དང་རང་གི་ལྷའི་གཟུགས་ཀྱི་ དངོས་གྲུབ་འཐོབ་བོ། །དམ་ཚིག་གི་ཕྱག་རྒྱའི་དངོས་གྲུབ་སྒྲུབ་པར་འདོད་ན་སྔར་བཞིན་དུ་བསྙེན་པ་སྔོན་དུ་གཏང༌། དེ་ནས་རང་གི་ལྷའི་རི་མོའི་གཟུགས་ཀྱི་མདུན་དུ་ཐུན་བཞི་རེ་རེར་དེ་བཞིན་གཤེགས་པའི་རིགས་ཀྱི་སེམས་མ་རྡོ་རྗེ་མའི་དམ་ཚིག་གི་ 3-2-103a ཕྱག་རྒྱ་བཅིངས་ནས། དེ་མི་དགྲོལ་བར་བཟླས་པ་བྱ་སྟེ། སྤྱིར་ན་སྔགས་འབུམ་སོང་སོང་དུ་བཟླས་པ་བྱའོ། །དེ་ནས་ཕྱག་རྒྱ་དེ་བཅིངས་ཏེ་མཚན་ཐོག་ཐག་གཅིག་ཏུ་བཟླས་བརྗོད་བྱ་སྟེ་དེའི་ཚེ་དུབ་ན་ཡང་ཕྱག་རྒྱ་དགྲོལ་ལ་སྐྱོ་བ་སངས་པ་དང་ཡང་ བཅིང་ལ་བཟླའོ། །དེ་ལྟར་ཡིད་རྩེ་གཅིག་ཏུ་བྱས་ཏེ་དམ་རྒྱ་དེ་སྤྱི་བོར་བཅིངས་ནས་འབར་བར་མཐོང་ན་དེའི་ཚེ་ཕྱག་རྒྱ་བཅིངས་པ་ལས་འཕར་བར་འགྱུར་རོ། །དེ་ལྟར་འཕར་བ་ན་ཕྱག་རྒྱ་བཅིངས་ནས་སྟེགས་བྱས་པ་ཙམ་གྱིས་ནམ་མཁའ་ལ་ཐོགས་པ་མེད་ པར་འགྲོ་ནུས་པར་འགྱུར་རོ། །དམ་རྒྱ་དེ་སྨིན་མཚམས་སུ་བཅིངས་ནས་བཟླས་བརྗོད་བྱས་པ་ལས་གཡོ་བར་མཐོང་ན་དེའི་ཚེ་ཕྱག་རྒྱ་བཅིངས་པ་ཙམ་གྱིས་རང་གང་འདོད་པའི་གཟུགས་སུ་གཞན་ལ་སྟོན་ནུས་པར་འགྱུར་རོ། །གལ་ཏེ་སྙིང་གའི་ཕྱོགས་སུ་བཟུང་ ཤིང་བཟླས་བརྗོད་བྱས་པ་ལས་འཕར་ན་ནི་ཕྱག་རྒྱ་དེ་བཅིངས་པ་ཙམ་གྱིས་མི་སྣང་བའི་དངོས་གྲུབ་འཐོབ་བོ། །ཅི་སྟེ་ཕྱག་རྒྱ་དེས་སྒྲ་འབྱིན་ན་དེ་བཞིན་གཤེགས་པའི་རིགས་ཀྱི་ལྷ་ཐམས་ཅད་ཀྱི་སོ་སོའི་དམ་ཚིག་གི་ཕྱག་རྒྱ་ཐམས་ཅད་དམ་གང་རུང་ བཅིངས་ནས་རང་གི་སྙིང་པོ་བརྗོད་ན་སོ་སོའི་གཞུང་ལས་ཇི་སྐད་གསུངས་པའི་ལས་རྣམས་བྱེད་ནུས་སོ། །ཡང་ཟླ་བ་བཞིར་བསྙེན་པ་སྔོན་དུ་གཏང་ཞིང་དེ་ནས་རང་གི་ལྷའི་སྤྱན་སྔར་ཟླ་གཅིག་ལ་ཐུན་བཞི་དང་དེ་ནས་མཚན་ཐོག་ཐག་གཅིག་ཏུ་ བཟླས་བརྗོད་བྱས་ནས། གོ་ཆ་དང་དབྱུག་པ་དང་སྐུད་པ་དང་ཡུངས་ཀར་གྱི་ཐལ་བ་དང༌། ཡུངས་ཀར་དང༌། རྡོ་རྗེ་དང་ཕུར་བུ་དང་མདའ་དང་གཞུ་དང་རལ་གྲི་དང་བྱི་བྲུན་ལ་སོགས་པའི་རྫས་གང་ཡང་རུང་བ་ལ་སོ་སོའི་སྔགས་སམ། ཡང་ན་རང་གི་ལྷའི་ 3-2-103b སྔགས་ཀྱིས་བཏབ་པ་ལུས་ལ་བཏགས་སམ་ལག་པར་བྱིན་ན་སྐྱེས་པ་དང་བུད་མེད་དང་ཁྱེའུ་གདོན་གྱིས་ཟིན་པ་དང༌། མི་དང་མི་མ་ཡིན་དང་གདོན་གྱི་རིགས་ཀྱིས་གནོད་པ་བྱེད་དུ་དོགས་པ་དང༌། གནོད་པ་བྱེད་པ་དག་ལས་སྲུང་ཞིང་གནོད་པ་དང་འཇིགས་པ་ ཐམས་ཅད་ལས་ཐར་བར་འགྱུར་རོ། །གྲོང་དང་གྲོང་ཁྱེར་དང་ཡུལ་འཁོར་ལ་སོགས་པར་དགྲ་དང་ཕས་ཀྱི་རྒོལ་བ་དང་མེ་དང་ཆུའི་འཇིགས་པ་དང༌། ཡམས་དང་ནད་ཀྱི་གནོད་པ་དག་བྱུང་དུ་དོགས་ན་སྔ་མ་བཞིན་དུ་བསྲུང་བ་བྱས་ན་འཇིགས་པ་དེ་དག་ལས་ཐར་ བར་འགྱུར་རོ། །ཡང་དགེ་མི་དགེ་ལ་སོགས་པ་ཤེས་པར་འདོད་ནས་དབབ་པར་འདོད་ན། ཙནྡན་དཀར་དམར་གང་རུང་དག་པའི་ཆུ་དང་སྦྱར་ཏེ་ལྡེ་གུར་བྱས་པ་ལ་སྔགས་ལན་ཅིག་བཟླས་པས་རེག་པའམ། ཡང་ན་རྡོ་རྗེ་དང་ལྕགས་ཀྱུ་ལ་སོགས་པའི་ཕྱག་རྒྱ་ བཅིངས་པའམ། ལུགས་མ་ལ་སོགས་པས་རེག་སྟེ་ཕབ་ན་བབས་ནས་གང་ཡིན་སྨྲ་ཞིང་གདོན་ཞི་བ་ལ་སོགས་པ་བྱེད་དོ། །ཟངས་མ་དང་གྱོ་མོ་དང་ཤིང་ལ་སོགས་པའི་བུམ་པ་ལ་སྔ་མ་བཞིན་དུ་བྱས་ནས་ཕབ་ན་འབབ་པར་འགྱུར་ཞིང༌། རྫས་སྟོར་བ་གང་ ན་འདུག་པར་འགྲོ་བའམ་གང་གིས་ཁྱེར་བ་དེ་སྟོན་ནུས་པར་འགྱུར་རོ། །དེ་བཞིན་དུ་རིམ་པ་གསུམ་སྔར་བཤད་པ་བཞིན་དུ་བྱས་པའི་ཐ་མ་ལ་རྨ་བྱའི་མཇུག་མ་སྡམས་པའི་ནང་དུ་ཤིང་ལས་བྱས་པའི་རྡོ་རྗེ་གཞུག་ལ་སྤྱི་བོར་བཅིང༌། དེ་སེམས་མ་རྡོ་རྗེ་མའི་ དམ་རྒྱས་མནན་ནས་ཕྱག་རྒྱ་ཐམས་ཅད་ཞུགས་ཀྱི་བར་དུ་བཟླས་བརྗོད་བྱས་ལ། རྟགས་བྱུང་ཕྱིན་ཆད་སྒྲོ་དེ་བསྐོར་བས་རང་ཉིད་ཀྱིས་གཟུགས་ཐམས་ཅད་སྟོན་ནུས་པ་དང༌། འཇིག་རྟེན་པའི་དགོས་པའི་ལས་ཐམས་ཅད་སྟོན་པ་དང༌། ཕྱོགས་བཅུའི་རྒྱལ་བ་འཁོར་ 3-2-104a བཅས་སྟོན་ཞིང་རང་ཉིད་སངས་རྒྱས་ཀྱི་སྐུར་ཡང་སྟོན་པར་ནུས་སོ། །ཟླ་བ་བཞིའི་བསྙེན་པ་སྔོན་དུ་སོང་ནས་རང་གི་ལྷའི་སྤྱན་སྔར་སྔར་གྱི་དམ་རྒྱ་བཅིངས་ཏེ་ཟླ་བ་གཅིག་ཏུ་དུས་བཞིར་བཟླས་བརྗོད་བརྒྱ་རྩ་བརྒྱད་བྱས་པ་ཟིན་པ་དང༌། དཀྱིལ་ འཁོར་བྲིས་ནས་མཚན་ཐོག་ཐག་གཅིག་ཏུ་དམ་རྒྱ་བཅིངས་ཏེ་བཟླས་བརྗོད་བྱས། ཕྱག་རྒྱ་འབར་བར་མཐོང་བའི་འོག་ཏུ་སེམས་ཅན་གང་དབང་དུ་བྱ་བར་འདོད་པ་དེའི་སེམས་སུ་ཞུགས་ཤིང་དེ་ལ་རྗེས་སུ་ཆགས་ནས་བཟླས་བརྗོད་བྱས་པ་དེ་ དབང་དུ་འགྱུར་ཏེ། བསྲུང་བ་དང་དབབ་པ་དང་དབང་དུ་བྱ་བའི་ལས་སོ། །བྱམས་པ་ལ་སོགས་པའི་ཏིང་ངེ་འཛིན་ཡང་བཟླས་བརྗོད་བྱས་པས་འགྲུབ་པའི་ཚུལ་རྣམས་ཨ་བ་ཏ་ར་ལས་གསུངས་སོ། །དེ་དག་ལ་འདུག་སྟངས་དང་བཟླས་རྗོད་ཀྱི་སྒྲ་ འདོན་ལུགས་དང༌། ཡིད་ཀྱི་བསམ་པ་དང་ལྟ་བའི་ཚུལ་བཞི་དང་སོ་སོའི་དམ་ཚིག་དང་ཚོགས་བསག་པ་དང༌། བགྲང་ཕྲེང་དང་ལག་པས་འདྲེན་ཚུལ་སོགས་རྒྱུད་རྣམས་ནས་བཏུས་ཏེ་ཆོ་ག་ཚང་བར་ཨ་བ་ཏ་ར་རྩ་འགྲེལ་ལས་བཤད་དོ། །གསུམ་པ་ནི། སྡིག་ པ་ཞི་བ་དང་རིགས་རྒྱས་པ་ལ་སོགས་པའི་ཐབ་ཁུང་སོ་སོར་ལྷའི་རྣལ་འབྱོར་སྔོན་དུ་སོང་བས་ཉི་མ་རེ་རེ་ཞིང་སྦྱིན་སྲེག་བྱས་ཏེ་རང་ངམ་གཞན་ལ་སྡིག་པ་ཞི་བ་ལ་སོགས་པའི་མཚན་མ་བྱུང་བྱུང་གི་བར་དུ་བྱས་ནས་ལས་སོ་སོ་སྒྲུབ་པར་བཤད་དོ། །དེ་ ལྟར་ན་དང་པོར་དངོས་གྲུབ་ཀྱི་འབྱུང་གནས་དམ་ཚིག་དང་སྡོམ་པ་དག་པར་བྱས་ནས་དེ་ནས་ཐུན་བཞིར་མཚན་མ་ཡོད་མེད་ཀྱི་རྣལ་འབྱོར་ལ་འབད་དེ་ནུས་པ་རྙེད་པ་དང༌། དེ་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་དངོས་གྲུབ་རྣམས་བསྒྲུབས་ནས་ལམ་ 3-2-104b གྱིས་གཅོད་པའི་ཚུལ་འདི་རྒྱུད་སྡེ་འོག་མ་གསུམ་ལ་ཤེས་དགོས་ཀྱི། རླུང་དང་བཟླས་པ་དང་སྟོང་པ་དང་ལྷའི་རྣལ་འབྱོར་རྣམས་ལ་གཅིག་དྲིལ་བྱས་པས་ལམ་བགྲོད་པར་འདོད་ན་མི་རུང་ངོ༌། །འདི་དག་ལ་བསྐྱེད་རིམ་གྱི་གནད་རྫོགས་པ་དང༌། རྫོགས་རིམ་གྱི་གནད་རྣམས་ མེད་པའི་ཕྱིར་དངོས་གྲུབ་ཁྱད་པར་ཅན་རྣམས་བསྒྲུབས་ནས་ལམ་བགྲོད་དགོས་ལ། དེའི་གནད་རྣམས་ཤེས་པར་བྱ་བའི་ཕྱིར་དུམ་བུ་དང་པོའི་དབང་དུ་བྱས་ནས་དངོས་གྲུབ་སྒྲུབ་ལུགས་རྒྱུད་ན་འཐོར་བ་རྣམས་ལེགས་པར་བསྡུས་ནས་སྟོན་པའི་ཨ་བ་ཏ་ར་དང༌། དེའི་འགྲེལ་པ་སློབ་དཔོན་སྐལ་བཟང་རྡོ་རྗེས་མཛད་པ་ལས་མདོ་ཙམ་ཞིག་བླངས་ཏེ་བཤད་པ་ཡིན་ནོ། །འདིར་སྨྲས་པ། རྣལ་འབྱོར་རྒྱུད་རྣམས་ཀུན་གྱི་མཆོག་གྱུར་པ། །དཔལ་ལྡན་དེ་ཉིད་བསྡུས་པའི་འོ་མའི་མཚོ། །མཁས་པ་གསུམ་གྱི་གཞུང་གི་སྲུབ་ ཤིང་གིས། །ལེགས་པར་བསྲུབས་ལས་བྱུང་བའི་བདུད་རྩི་མཆོག །དྲི་མེད་དབང་གིས་སྨིན་ཞིང་སྡོམ་ལ་གནས། །དེ་ཡིས་ཐུན་བཞིར་བཟླས་ཤིང་བསྒོམས་པ་ཡིས། །ལྷག་པའི་ལྷ་ཡི་སྐུ་གསུང་ཐུགས་དང་ནི། །རང་གི་སྒོ་གསུམ་གཅིག་ཏུ་སྦྱོར་བྱེད་པའི། ། རྣལ་འབྱོར་གསུམ་གྱི་སེམས་ནི་ལེགས་སྦྱངས་པས། །དངོས་གྲུབ་སྒྲུབ་པའི་སྒོ་གསུམ་གང་རུང་དུ། །ཞུགས་ནས་རང་གི་ལྷ་ཡིས་མཆོག་བསྩོལ་བས། །ལམ་བཟང་བདེ་བླག་བགྲོད་པ་འདི་ཡིན་ནོ། །དེ་ཕྱིར་ཕྱག་རྒྱ་འཆིང་བའི་རིམ་པ་དང༌། །ཆོག་ ཁྲིགས་རིམ་པ་ཙམ་ཞིག་ཤེས་པ་ལ། །རྣལ་འབྱོར་རྒྱུད་དོན་ཤེས་པར་སྨྲ་མོད་ཀྱང༌། །ལམ་གྱི་གནད་རྣམས་ད་གདོད་བཙལ་དགོས་སོ། །རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་གསང་བ་ཀུན་གྱི་གནད་རྣམ་པར་ཕྱེ་བ་ལས་རྣལ་འབྱོར་རྒྱུད་ཀྱི་ལམ་བགྲོད་ 3-2-105a པའི་རིམ་པ་སྟེ་ལེའུ་བཞི་པའོ།། ༈ །།གསུམ་པ་རྣལ་འབྱོར་བླ་མེད་ཀྱི་ལམ་གྱི་རིམ་པ་ལ་གསུམ། ལམ་སྡུད་པའི་སྤྱིའི་ཆིངས་བཤད་པ་དང༌། ལམ་གྱི་གོ་རིམ་བཤད་པ་དང༌། གོ་རིམ་ཅན་གྱི་ལམ་ཉིད་བཤད་པའོ། །དང་པོ་ནི། འདིར་རྣལ་འབྱོར་བླ་མེད་ཀྱི་ལམ་གྱི་རིམ་པ་འཆད་ན་དོན་ཚན་དུ་ཞིག་ཏུ་སྡུད་སྙམ་ན། དོན་ཚན་འདི་དང་འདིར་ལམ་གྱི་རིམ་པ་སྡུད་དོ་ཞེས་སྤྱིའི་ཆིངས་མི་འདྲ་བ་མང་པོ་མཁས་པ་དག་གིས་བྱས་པ་རྣམས་ཤེས་ན། རྣམ་དཔྱོད་ཅན་རྣམས་ཀྱི་བློ་གྲོས་ འཕེལ་བས་དེའི་སྒོ་རྣམས་བརྗོད་ན། སློབ་དཔོན་སྐལ་བཟང་རྡོ་རྗེའི་ལམ་རིམ་ལས། སྔོན་དུ་ཕར་ཕྱིན་གྱི་ཐེག་པའི་ལམ་རིམ་བཤད་ནས་དེ་ནས་སྔགས་ཀྱི་ཐེག་པའི་ལམ་རིམ་སྟོན་པ་ན་ཆོ་ག་ལྔར་བསྡུས་ཏེ། མ་སྨིན་པ་སྨིན་པར་བྱེད་པ་དབང་གི་ཆོ་ག་ དང༌། སྨིན་པ་མི་ཉམས་པར་བྱེད་པ་དམ་ཚིག་བསྲུང་བའི་ཆོ་ག་དང༌། བླ་མ་ལས་རྒྱུད་མཉན་ནས་མཚན་ཉིད་ཤེས་པར་བྱེད་པའི་ཆོ་ག་དང༌། བྱང་ཆུབ་འགྲུབ་པར་བྱེད་པ་སེམས་སྦྱང་བའི་ཆོ་ག་དང༌། དེ་མཐར་ཕྱིན་པའི་ཐབས་སྤྱོད་པ་དག་པའི་ཆོ་ག་སྟེ། དེའི་ལམ་རིམ་ལས། སྐལ་བ་དང་ལྡན་གང་ཟག་གིས། །བླ་མ་དམ་པར་གྱུར་པ་ལ། །སེམས་བསྐྱེད་སྡོམ་བླང་དབང་ནོད་ཅིང༌། །དེ་ཉིད་བསྲུང་དང་མཚན་ཉིད་ཤེས། །སེམས་སྦྱང་སྤྱོད་པ་དག་པ་དང༌། །ཆོ་ག་ལྔ་ཡི་མཚན་ཉིད་དོ། །ཞེས་སོ། །རྒྱན་ བདུན་དགྲོལ་བ་ལས་ནི། རྣལ་འབྱོར་རྒྱུད་ཚུལ་གང་ལ་ཡང༌། །རྒྱུད་ཚུལ་རྣམ་པ་གསུམ་དུ་སྣང༌། །རྒྱུ་ཡི་རྒྱུད་དང་ཐབས་ཀྱི་རྒྱུད། །འབྲས་བུའི་རྒྱུད་ཅེས་མཁས་པས་བཤད། །ཅེས་དང༌། རྣལ་འབྱོར་བླ་མའི་རྒྱུད་འཛིན་པས། །འབྲས་བུ་རྒྱུ་ལ་རག་ 3-2-105b ལས་ཏེ། །ས་བོན་ལྟ་བུའི་གང་ཟག་ལྔ། །སྤང་བླང་བྱེ་བྲག་ཤེས་པར་བྱ། །དེ་ནས་རིམ་པར་དབང་བླངས་ཏེ། །ཐབས་ཀྱི་རྒྱུད་ལ་འཇུག་པར་བྱ། །དང་པོ་ཉན་པའི་ཤེས་རབ་ཀྱིས། །ཚིག་གི་རྒྱུད་ལ་ཐོས་པ་བསྐྱེད། །དེ་ནས་བསམས་པའི་ཤེས་རབ་ཀྱིས། །ཚིག་དང་དོན་དུ་ འབྲེལ་བ་བསླབ། །དེ་ནས་བསྒོམ་པའི་བློ་རྩལ་གྱིས། །དང་པོར་བསྐྱེད་པའི་རིམ་ལ་བསླབ། །དེ་རྗེས་རྫོགས་པ་མཐར་དབྱུང་སྟེ། །ཁ་སྦུབ་རྡོལ་དང་དུག་ཅན་གྱི། །སྐྱོན་རྣམས་སྤངས་ཏེ་རྒྱུན་གནས་ན། །ཆུ་ལུད་རྐྱེན་གྱིས་འབྲས་སྐྱེད་བཞིན། །འབྲས་བུ་མངོན་གྱུར་ཐེ་ ཚོམ་མེད། །ཅེས་རྒྱུ་རྒྱུད་ནི། སྒྲོན་གསལ་ལས་གསུངས་པ་ལྟར་གྱི་གང་ཟག་ལྔ་དབང་ཐོབ་པ་དང༌། ཐབས་རྒྱུད་ནི། ཐོས་བསམ་གྱི་ཤེས་རབ་ལ་བརྟེན་ནས་རྒྱུད་དོན་ངེས་པར་བྱས་ཏེ་རིམ་གཉིས་ལ་རིམ་ཅན་དུ་སློབ་པ་སྟེ། དེ་ལྟར་བྱས་ན་འབྲས་བུའི་རྒྱུད་མངོན་དུ་ འགྱུར་བར་ཤྲཱདྡྷ་ཀ་ར་ཝཱརྨ་བཞེད་དེ། འདུས་པའི་རྒྱུད་ཕྱི་མ་ལས་རྒྱུད་གསུམ་དུ་བསྡུས་ནས་གསུངས་པ་ལ་བརྟེན་པའོ། །དགྲ་ནག་གི་ལེའུ་དང་པོའི་འགྲེལ་བ་རིན་ཆེན་སྒྲོན་མེ་ལས། གང་ཟག་མཆོག་གི་དབང་དུ་བྱས་པ་ལ་ཐམས་ཅད་དུ་འགྲོ་བ་དམ་ ཚིག་དང༌། དམ་ཚིག་ལ་བརྟེན་པ་དབང་བསྐུར་དང༌། དབང་ཐོབ་པས་བསྙེན་པ་བྱ་བ་དང༌། བསྙེན་པ་སོང་བས་སྒྲུབ་པ་བྱ་བ་དང༌། སྒྲུབ་པ་གྲུབ་པའི་འབྲས་བུ་དང༌། འབྲས་བུ་ཐོབ་པས་གཞན་དོན་བྱེད་པའི་ལས་ཚོགས་ཏེ་དྲུག་ཏུ་བསྡུས་ལ། མཆོག་མི་འགྲུབ་ པའི་གང་ཟག་དམན་པའི་དབང་དུ་བྱས་པ་ལ་དམ་ཚིག་དང༌། དབང་བསྐུར་དང༌། བསྙེན་པ་དང༌། ལས་ཚོགས་ཏེ་བཞིར་བསྡུས་ནས་གསུངས་སོ། །ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལས་ནི། ཆགས་ཅན་གྱི་ཐེག་པས་འཚང་རྒྱ་བའི་ཚུལ་རྣམས་བཞིར་ 3-2-106a བསྡུས་ཏེ། རྒྱུད་དང་གླེང་གཞི་དང་ངེས་པའི་ཚིག་དང་རྒྱུའོ། །དེ་དག་གི་དོན་ནི་སྒྲོན་གསལ་ལས། འདོད་ཆགས་ཆོས་ཀྱི་ཚུལ་གྱི་ནི། །དོན་གསལ་རྟོགས་ཕྱིར་བཤད་པར་བྱ། །རིགས་ལྔའི་སངས་རྒྱས་སྐྱེད་པ་ནི། །རྒྱུད་ཅེས་བྱ་བ་ཡིན་པར་བརྗོད། ། སླར་ཡང་རིགས་གཅིག་གྱུར་པ་ནི། །གླེང་གཞི་ཡིན་པར་རབ་ཏུ་བསྟན། །རྡོ་རྗེ་ལ་སོགས་གཟུང་བ་ཉིད། །ངེས་པའི་ཚིག་ནི་ཡིན་པར་བཤད། །སྒེག་པ་ལ་སོགས་སྤྱོད་པ་ནི། །རྒྱུ་ཞེས་བྱ་བ་ཡིན་པར་བཤད། །ཅེས་གསུངས་སོ། །དེ་ཡང་ཆགས་བྲལ་གྱི་ཐེག་ པས་འདོད་པ་ཁམས་སུ་ཚེ་དེ་ལ་འཚང་རྒྱ་བའི་ཚུལ་བཞི་དཔེར་མཛད་ནས། ཆགས་ཅན་གྱི་ཐེག་པས་ཚེ་གཅིག་ལ་འཚང་རྒྱ་བའི་ཚུལ་བཞི་ཡང་དེ་དང་འདྲ་བར་སྒྲོན་གསལ་ལས་གསུངས་ཏེ། སྔ་མའི་ཚུལ་དང་པོ་ལ་མིའི་རྒྱུད་དུ་འཁྲུངས་པ་དགོས་པ་ བཞིན་དུ་འདི་ལ་ཡང་ཐ་མལ་པའི་ལུས་ཀྱི་ང་རྒྱལ་དོར་ཏེ་རིགས་ལྔའམ་དེ་དང་འབྲེལ་བའི་ལྷའི་ང་རྒྱལ་དུ་འཕོས་ནས་སྐྱེ་བ་བླངས་པ་ལྟ་བུའི་རྒྱུད་ཅིག་དགོས་ཏེ་རིམ་པ་དང་པོའོ། །སྔ་མའི་ཚུལ་གཉིས་པ་ལ་ཁབ་ནས་མ་བྱུང་བའི་ཚེ་རྟགས་དང་ཆ་ལུགས་སོགས་སྣ་ ཚོགས་ཡོད་ཀྱང༌། ཁབ་ནས་བྱུང་བའི་ཚེ་རབ་བྱུང་གི་རྟགས་དང་ཆ་ལུགས་ཀྱི་རྣམ་པ་གཅིག་པ་ཅན་གྱི་གླེང་གཞི་དགོས་པ་བཞིན་དུ། འདི་ལ་ཡང་ལྷའི་སྤྲུལ་པ་སྣ་ཚོགས་པ་རྣམས་མཐར་གཏུགས་ན་གསང་ཆེན་རྡོ་རྗེ་འཆང་གི་རིགས་གཅིག་ཏུ་ཟད་པ་དང༌། འཁོར་ འདས་ཀྱི་ཆོས་སྣ་ཚོགས་པ་རྣམས་ཀྱང་དེ་ཁོ་ན་ཉིད་འོད་གསལ་དུ་རོ་གཅིག་པའི་རིགས་གཅིག་པ་གཉིས་དགོས་ཏེ་རྫོགས་རིམ་མོ། །འདི་ལྷའི་འཁོར་ལོ་སོགས་ཆོས་དུ་མའི་གཞི་དང་རྩ་བ་ཡིན་པས་གླེང་གཞིའོ། །སྔ་མའི་ཚུལ་གསུམ་པ་ལ་འདུལ་ 3-2-106b བའི་ཀུན་སྤྱོད་ལ་ངེས་པར་གནས་པ་ཞིག་དགོས་པ་བཞིན་དུ། འདི་ལ་ཡང་རྡོ་རྗེའི་དམ་ཚིག་ལ་སོགས་པ་རིགས་ལྔའི་དམ་ཚིག་རྣམས་དང་དབང་བསྐུར་བ་བཟུངས་པ་ཞིག་ངེས་པར་དགོས་ལ། འདི་ནི་གདོན་མི་ཟ་བར་བསྟེན་པའི་གནས་ཡིན་པས་ངེས་པའི་ཚིག་ སྟེ། ཚིག་གི་སྐད་དོད་པཱ་ཏ་ནི་གནས་ལའང་འཇུག་པའི་ཕྱིར་རོ། །སྔ་མའི་ཚུལ་བཞི་པ་ལ་འབྲས་བུ་འདོད་ནས་ཆོས་སྤྱོད་པའི་ཉེ་རྒྱུ་དགོས་པ་བཞིན་དུ། འདི་ལ་ཡང་སྤྱོད་པ་གསུམ་གང་རུང་ལ་སྤྱོད་པའི་ཉེ་རྒྱུ་དགོས་སོ། །དེ་དག་ནི་དབང་དང་དམ་ཚིག་དང་ རིམ་གཉིས་དང་དེ་ལ་བོགས་འབྱིན་པའི་སྤྱོད་པ་རྣམས་སུ་འགྱུར་ལ། འབྲས་བུའི་ཆོས་གཟུགས་གཉིས་ནི་རྫོགས་རིམ་གྱི་འོད་གསལ་དང་ཟུང་འཇུག་གཉིས་སུ་འདུ་བར་འཕགས་ལུགས་པ་རྣམས་བཞེད་དོ། །དེ་ལྟར་བྱས་ན་ལམ་སྒོམ་པའི་སྣོད་རུང་དུ་ བྱེད་པའི་དབང་དང༌། དེའི་སྐབས་སུ་ཐོབ་པའི་དམ་ཚིག་དང་སྡོམ་པ་དག་པར་བྱ་བ་དང༌། དེ་ལ་བརྟེན་ནས་ལམ་ཇི་ལྟར་བསྒོམ་པ་དང༌། ལམ་ལ་བོགས་འབྱིན་པའི་སྤྱོད་པ་དང༌། འབྲས་བུ་མངོན་དུ་བྱེད་ཚུལ་ཏེ་དོན་ཚན་ལྔར་འགྱུར་རོ། །རིམ་པ་དེ་ཡང་སྒྲོན་ གསལ་ལས། རྡོ་རྗེ་འཆང་ཆེན་པོའི་སྤྲུལ་པའི་དཀྱིལ་འཁོར་དུ་ཉན་པའི་སྐལ་བ་དང་ལྡན་པ་རྣམས་ལ་རིག་པའི་དབང་བསྐུར་བ་བྱིན་ནས། དྲང་བ་དང་ངེས་པའི་དོན་གྱི་བྱེ་བྲག་གིས་བརྟགས་པ་དང་རྫོགས་པའི་རིམ་པའི་སྒྲུབ་པའི་ཐབས་སོ་སོར་སྟོན་ཞིང༌། ཞེས་གསུངས་སོ། ། ལམ་སྡུད་པའི་སྤྱིའི་ཆིངས་བྱས་པ་ནི། རྒྱུད་རྣམས་ནས་དགོས་པའི་དབང་གིས་གོང་འོག་དཀྲུགས་ནས་གསུངས་པའི་རྒྱུད་དོན་ཐམས་ཅད་གང་ཟག་གཅིག་འཚང་རྒྱ་བའི་ཆ་རྐྱེན་དུ་འདྲིལ་ཤེས་པའི་སྒོ་ནས། རྒྱུད་དང་དགོངས་འགྲེལ་གྱི་བསྟན་བཅོས་རྣམ་པར་དག་པ་རྣམས་གདམས་པའི་ 3-2-107a མཆོག་ཏུ་འཆར་བའི་ཐབས་ཡིན་པས། དོན་ཚན་གང་དུ་བསྡུས་ནས་ལམ་གྱི་རིམ་པ་བསྒྲིགས་པ་དེར་རྒྱུད་དོན་ཐམས་ཅད་སྡུད་ཤེས་པ་ཞིག་ཤིན་ཏུ་གལ་ཆེ་སྟེ། དགྲ་ནག་གི་འགྲེལ་པ་རིན་ཆེན་སྒྲོན་མེ་ལས། གཞན་ཡང་རྒྱུད་ཀྱི་ རྒྱལ་པོ་འདི་ནི། རབ་ཏུ་ཡང་འཁྲུགས་པ་སྟེ་དེའི་ཕྱིར་བླ་མའི་གདམས་ངག་གིས་བསྙེན་པའི་བྱ་བ་ལ་སོགས་པ་རེ་རེ་ལ་ཅི་རིགས་སུ་འབྲེལ་བར་བྱ་སྟེ། དེ་ཡང་དང་པོ་ནི་དམ་ཚིག་གི་བྱ་བ་སྟོན་པ་རྣམས་གཅིག་ཏུ་བསྲེའོ། །དེ་ནས་ནི་དབང་བསྐུར་བའི་བྱ་བ་ སྟོན་པ་རྣམས་སོ། །དེ་ནས་ནི་བསྙེན་པ་དང་སྒྲུབ་པའི་བྱ་བ་སྟོན་པ་རྣམས་སོ། །དེ་ནས་ནི་འབྲས་བུའི་བྱ་བ་སྟོན་པ་རྣམས་སོ། །དེ་ནས་ནི་ལས་རབ་འབྱམས་རྣམས་སོ། །ཞེས་གསུངས་ཏེ། དགྲ་ནག་གི་རྒྱུད་ལ་འདི་ལྟར་གསུངས་པ་ནི་ཕྱོགས་ཙམ་མཚོན་ པ་སྟེ་རྒྱུད་ཐམས་ཅད་ལ་འདི་འདྲ་བའི་སྡུད་ལུགས་ཤིག་དགོས་སོ། །དེ་ལྟར་ལམ་གྱི་རིམ་པ་སྡུད་པའི་ལུགས་ཐ་དད་པ་དེ་དག་ལས་གང་ལྟར་བྱས་ཀྱང་འདིར་ནི་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་དགོངས་པ་ལྟར་བཤད་པར་བྱའོ། ། གཉིས་པ་ནི། སྔར་བཤད་པ་ལྟར་ལམ་ཐུན་མོང་བས་རྒྱུད་སྦྱངས་པའི་ཐེག་པ་མཆོག་གི་རིགས་ཅན་རྣལ་འབྱོར་བླ་ན་མེད་པའི་ཆེད་དུ་བྱ་བའི་གདུལ་བྱ་ནི། ཐེག་པ་ཆེན་པོའི་ཡང་ཆེན་པོ་པ་རིགས་ཀྱི་ནུས་པ་ལྷག་པ་ཅན་ཡིན་པས་སྙིང་རྗེ་ཆེན་པོས་ ཡིད་ཆེས་ཆེར་བསྐྱོད་པའི་ཕྱིར། ཤིན་ཏུ་རིངས་པར་འཚང་རྒྱ་བར་འདོད་པའི་འདུན་པ་དྲག་པོ་དང་ལྡན་པ་ཡིན་ནོ། །དེས་རྣལ་འབྱོར་བླ་མེད་ཀྱི་སྒོར་ཞུགས་ནས་མྱུར་དུ་འཚང་རྒྱ་བ་ལ་རྒྱུད་དོན་ཕྱིན་ཅི་མ་ལོག་པ་ཤེས་ནས་རིམ་པ་གཉིས་སྤྱོད་པ་དང་བཅས་ 3-2-107b པ་ལ་སློབ་དགོས་སོ། །རྒྱུད་དོན་ཤེས་པའི་ཕྱིར་དུ་ཉན་པ་དང་ཤེས་ནས་སྒོམ་པ་ཐམས་ཅད་ལ་རྣམ་པར་དག་པའི་དབང་བསྐུར་བ་དང་དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བཟུངས་པ་ཞིག་དགོས་ཏེ། དབང་དང་དམ་ཚིག་ནི། རྡོ་རྗེ་ཐེག་པའི་ལམ་གྱི་རྨང་འཛུགས་ ཡིན་པའི་ཕྱིར་རོ། །དེ་ལྟར་དབང་བསྐུར་བ་ལ་ནི། སྔོན་དུ་དཀྱིལ་འཁོར་དུ་གཞུག་དགོས་ལ་དེ་ལ་ཡང་གཞུག་སའི་དཀྱིལ་འཁོར་སྔོན་དུ་འགྲོ་དགོས་ཏེ། དྲིལ་བུ་བའི་དབང་གི་ཆོ་ག་ལས། དབང་བསྐུར་དཀྱིལ་འཁོར་སྔོན་འགྲོ་བར། རྡོ་རྗེ་འཆང་གིས་གསུངས་ པ་སྟེ། ཞེས་གསུངས་པའི་ཕྱིར་རོ། །དཀྱིལ་འཁོར་ཡང་དེ་ཉིད་ལས། འོན་ཀྱང་དཀྱིལ་འཁོར་དེའི་རང་བཞིན། །ཅི་ཡིན་ད་ནི་འདི་ལྟར་བཤད། །རི་མོར་གནས་པའི་ལས་དང་ནི། །ཐིག་ལས་ཚོན་དགྱེའི་རིམ་པ་བསྟན། །འགྲོ་བ་འདི་དག་རང་བཞིན་གྱིས། ། གྲུབ་པའི་དཀྱིལ་འཁོར་གཉིས་མེད་པའོ། །ཞེས་བྲིས་སྐུ་དང་རྡུལ་ཚོན་དང་ལུས་ཀྱི་དཀྱིལ་འཁོར་གསུམ་གསུངས་སོ། །གདུལ་བྱའི་ཁྱད་པར་འགའ་ཞིག་ལ་བསམ་གཏན་གྱི་དཀྱིལ་འཁོར་ཡང་གསུངས་པས་དཀྱིལ་འཁོད་དུ་གཞུག་པའི་སྐབས་ཀྱི་ དཀྱིལ་འཁོར་ལ་སྤྱིར་ན་བཞི་ཡོད་དོ། །བྱང་ཆུབ་སེམས་ལ་དོན་དམ་དང་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གཉིས་དང༌། བྷ་གའི་དཀྱིལ་འཁོར་གསུམ་དུ་དབང་བསྐུར་བ་གསུངས་པ་ནི། དབང་གོང་མ་གསུམ་གྱི་སྐབས་ཡིན་གྱི། ཆུ་ལ་སོགས་པའི་ དབང་གི་སྔོན་དུ་དཀྱིལ་འཁོར་དུ་འཇུག་པའི་དཀྱིལ་འཁོར་མིན་ནོ། །དེ་ལ་ལུས་དཀྱིལ་དུ་དབང་བྱེད་པ་ནི། སྔོན་དུ་དབང་མ་ཐོབ་པ་ལ་བསྐུར་དུ་མི་རུང་ལ། བསམ་གཏན་ཀྱི་དཀྱིལ་འཁོར་དུ་དབང་སྐུར་བ་ཡང་སློབ་དཔོན་དང་སློབ་མ་མཚན་ཉིད་ཁྱད་པར་བ་ 3-2-108a དང་ལྡན་པ་ཞིག་དགོས་པས་སྤྱིའི་དབང་དུ་བྱས་པ་མིན་ཏེ་འཆད་པར་འགྱུར་རོ། །བྲིས་སྐུ་ལ་བརྟེན་པ་ཡང་རུང་མོད་ཀྱང་སློབ་དཔོན་གྱི་མཚན་ཉིད་ལ། དཀྱིལ་འཁོར་བྲིས་པའི་ལས་ལ་མཁས། །ཞེས་མང་དུ་གསུངས་པས། ཐོག་མར་དབང་ བསྐུར་བ་ནི། རྒྱུད་དང་དེའི་དགོངས་འགྲེལ་མཁས་པ་རྣམས་ཀྱིས་ཕལ་ཆེར་རྡུལ་ཚོན་ལ་བརྟེན་པའི་ཕྱོགས་ཉིད་གསུངས་སོ། །དེས་ན་སྤྱི་ཙམ་ནས་སློབ་མ་གང་དུ་གཞུག་པའི་དཀྱིལ་འཁོར་ནི། རྡུལ་ཚོན་གྱིས་བྲིས་པའི་དཀྱིལ་འཁོར་དེ་བཞིན་གཤེགས་ པ་རྣམས་ཀྱི་རྟེན་དང་བརྟེན་པར་ཚུལ་བཞིན་དུ་བསྒྲུབས་ནས་མཆོད་པ་ཞིག་ཏུ་རང་ཉིད་ཞུགས་པའི་འོག་ཏུ་སློབ་མ་གཞུག་པར་བྱ་བ་ཡིན་ནོ། །དེ་ལ་ཡང་རྡུལ་ཚོན་གྱི་དུས་སུ་ལྷ་གནས་གང་དུ་འོང་བའི་གནས་དེ་ཉིད་དུ་དྲིའི་དཀྱིལ་འཁོར་སོགས་ བྱས་ནས་ལྷ་སྟ་གོན་བྱེད་པ་དང༌། རྡུལ་ཚོན་གང་དུ་འགྱེད་པའི་གནས་རྟོགས་པའི་དོན་དུ་ཐིག་གིས་ཆ་སོ་སོར་དབྱེ་དགོས་པས། ལས་ཐིག་གིས་ཆ་བགོ་བ་དང་བགོས་པའི་ཐིག་བྱིན་གྱིས་རློབ་པའི་ཡེ་ཤེས་ཀྱི་ཐིག་གཉིས་སྔོན་དུ་འགྲོ་དགོས་སོ། ། ཐིག་གིས་ཆ་སོ་སོར་བགོས་པའི་གཞི་ལ་ལྷ་སྟ་གོན་བྱེད་པའི་གཞི་དེ་ཡང་སའི་ལྷ་མོ་སྟ་གོན་བྱེད་པ་རྣམས་ཀྱི་ལྟར་ན། སའི་ལྷ་མོ་ལ་གཞི་དེར་དཀྱིལ་འཁོར་གྱི་ཆོ་ག་བྱེད་པའི་གནང་བ་ཐོབ་པ་སྔོན་དུ་འགྲོ་ལ། ས་སློང་བའི་སྐབས་མ་གཏོགས་པ་སའི་ལྷ་མོ་སྟ་གོན་ ལོགས་སུ་མི་བྱེད་པ་ལྟར་ན་ས་ཆོག་དང་སྦྲེལ་བའི་རིམ་པས་ཆོག་གོ། སློབ་མ་སྟ་གོན་དུ་བྱེད་པ་ནི། འོག་ཏུ་དབང་བསྐུར་བའི་སྔ་རོལ་ཏུ་རྒྱུད་དབང་གི་སྣོད་དུ་བྱེད་པའོ། །བུམ་པ་སྟ་གོན་ལ་གཉིས་ལས་ལས་བུམ་སྟ་གོན་བྱེད་པ་ནི། སློབ་མ་དང་མཆོད་རྫས་སོགས་ལ་ 3-2-108b མ་དག་པ་དང་བགེགས་བསལ་བའི་དོན་དུ་ཡིན་ལ། བུམ་པ་གཞན་སྟ་གོན་བྱེད་པ་ནི། དབང་གི་དུས་སུ་ཆུ་དབང་མང་དུ་སྐུར་བའི་དོན་དུ་ཡིན་ནོ། །སའི་ལྷ་མོ་ལ་དེར་ཆོ་ག་བྱེད་གནང་བ་གསོལ་བའི་གཞི་དེ་ཡང་སའི་ཆོ་ག་ལེགས་པར་བྱས་པ་ ཞིག་དགོས་པས་སྔོན་དུ་ས་ཆོག་དགོས་སོ། །འདིར་གཉུག་མར་གནས་པའི་ས་ལ་ས་ཆོག་རྫོགས་པར་མི་དགོས་ཀྱང་ས་ཆོག་རྫོགས་པར་དགོས་པའི་ཆོ་ག་རྣམས་ཤེས་ན་ཆོ་ག་རྫོགས་པར་ཤེས་ལ། དེ་མ་ཤེས་ན་ཆོ་ག་སྔ་མས་མི་འགྲུབ་པའི་ སར་བྱ་དགོས་པ་རྣམས་མི་ཤེས་པས་ཆོ་ག་རྒྱས་པ་བཤད་པར་བྱའོ། །དེ་ལ་སྔོན་དུ་སའི་ཆ་དེ་དཀྱིལ་འཁོར་བྱར་རུང་མི་རུང་བརྟག་པའི་ས་བརྟག་པ་དགོས་ལ། བརྟགས་པས་རུང་བར་ཤེས་ན་བདག་པོ་ལས་བསླངས་ཏེ་གནང་བ་ཐོབ་པ་དགོས་པས་ས་ བསླང་བར་བྱའོ། །བསླངས་པས་གནང་བ་ཐོབ་ནས་དེ་སྦྱང་དགོས་པས་དེའི་འོག་ཏུ་ས་སྦྱང་བ་བྱ་ལ། སྦྱངས་པས་དག་པ་ན་དཀྱིལ་འཁོར་བྱ་བའི་གཞིར་ཡོངས་སུ་གཟུང་དགོས་པས་དེའི་འོག་ཏུ་ས་གཟུང་བྱའོ། །ཡོངས་སུ་བཟུངས་པའི་ས་ནི་བྱིན་གྱིས་བརླབ་པ་ དང་བསྲུང་བ་བྱ་དགོས་པས་སའི་ཆོ་ག་ལྔའོ། །དེ་ལྟར་བྱེད་པའི་སློབ་དཔོན་དེ་ནི་སྔོན་དུ་བསྙེན་པ་ལ་འཇུག་དགོས་པས་དེ་དག་གི་སྔོན་དུ་བསྙེན་པ་བྱ་ཚུལ་རྣམས་དགོས་ལ། སྤྱིར་སྔོན་དུ་བསྙེན་པ་བྱེད་པ་སློབ་མས་དབང་དང་རབ་གནས་སོགས་ཀྱི་དོན་དུ་བསྐུལ་བ་ ལ་མི་ལྟོས་ཀྱང་སློབ་མའི་དོན་དུ་དེ་ལྟར་བྱེད་པ་ལ་ནི་སློབ་མས་བསྐུལ་བ་དགོས་པས། སློབ་མས་སློབ་དཔོན་ལ་གསོལ་བ་གདབ་ཚུལ་དང་དེ་ནས་སློབ་མ་ལ་སློབ་དཔོན་གྱིས་བསྲུང་བ་བྱ་ཚུལ་རྣམས་དགོས་སོ། །དེ་དག་ནི་སློབ་མ་དབང་སྐུར་བའི་རིམ་པ་ཡིན་ 3-2-109a ལ་བསྒྲུབས་ཤིང་མཆོད་པའི་དཀྱིལ་འཁོར་དུ་ལྷ་དབང་སྐུར་བ་ནི། རབ་གནས་ཡིན་པས་དབང་བསྐུར་ནི་གཙོ་བོའི་དོན་ནོ། །དབང་གི་ཆོ་གའི་ཡན་ལག་ཏུ་སྦྱིན་སྲེག་དང་ཚོགས་འཁོར་གྱི་ཆོ་ག་དང་དེ་རྣམས་ཀྱི་སྐབས་སུ་ཉེ་བར་ མཁོ་བའི་སྔགས་པའི་རྟགས་རྡོར་དྲིལ་དང་དགང་བླུགས་དང་ཁ་ཊྭཱཾ་ག་ལ་སོགས་པ་ཇི་ལྟ་བུ་ཞིག་བྱ་བ་དང༌། བྱས་པ་རྣམས་ཇི་ལྟར་བཅང་བའི་ཚུལ་རྣམས་ཀྱང་ཤེས་དགོས་སོ། །དེ་ལྟར་དབང་གིས་སྣོད་རུང་དུ་བསྒྲུབས་ཤིང་དམ་ཚིག་རྣམས་ སྲུང་བ་དེས་རྒྱུད་དོན་ཐོས་བསམ་གྱིས་གཏན་ལ་ཕབ་པའི་དོན་ཉམས་སུ་བླངས་པ་ལས་རབ་ཚེ་འདི་ལ་འཚང་རྒྱ་བ་དང༌། འབྲིང་གང་ཟག་གཞན་ལ་བར་དོ་འགྲུབ་པའི་དུས་སུ་འཚང་རྒྱ་བ་དང༌། ཐ་མ་སྐྱེ་བ་བརྒྱུད་ནས་འཚང་རྒྱ་བའི་ལམ་གྱི་རིམ་ པ་རྣམས་ཤེས་ན། གང་ཟག་མཆོག་དམན་འབྲིང་གསུམ་གྱི་ལམ་གྱི་གནད་ཐམས་ཅད་ལེགས་པར་དམིགས་ཕྱེད་ནས་རང་གི་ཉམས་ལེན་ལ་ལམ་གང་གནད་དུ་འགྲོ་བ་དང༌། གཞན་བཀྲི་བའི་རིམ་པ་ལ་སྐབས་སུ་གང་བབ་པ་རྣམས་ཤེས་ པར་འགྱུར་རོ། །གསུམ་པ་ལ་བཞི། ལམ་སྒོམ་པའི་སྣོད་རུང་དུ་བྱ་བ་དང༌། སྣོད་དུ་གྱུར་ནས་དམ་ཚིག་དང་སྡོམ་པ་དག་པར་བྱ་བ་དང༌། དམ་ཚིག་ལ་གནས་ནས་ལམ་ཇི་ལྟར་ཉམས་སུ་བླང་བ་དང༌། ཉམས་སུ་བླངས་པའི་འབྲས་བུ་མངོན་དུ་ བྱེད་ཚུལ་ལོ། །དང་པོ་ལ་བཞི། སྔགས་ཀྱི་ལམ་ཉན་ཞིང་སྒོམ་པ་ལ་དབང་ངེས་པར་དགོས་པར་བསྟན་པ་དང༌། དབང་བསྐུར་བའི་དཔོན་སློབ་ཕན་ཚུན་དུ་བརྟག་དགོས་པ་དང༌། བརྟགས་པས་རུང་ན་གསོལ་བ་གདབ་ཅིང་བསྙེན་པ་བྱ་བ་དང༌། བསྙེན་ 3-2-109b པ་ལས་སུ་རུང་ནས་དབང་ཇི་ལྟར་བྱ་བའི་རིམ་པའོ། །དང་པོ་ནི། གསང་ཆེན་བཤད་པ་དང་སྒོམ་པའི་སྣོད་དུ་རུང་བ་དབང་རྣམ་དག་ཐོབ་པ་ལ་རག་ལས་པས་དབང་ནི་དངོས་གྲུབ་ཀྱི་རྩ་བ་ཡིན་ཏེ། དེ་མེད་ན་རྒྱུད་དོན་ཕྱིན་ཅི་མ་ལོག་པར་ཤེས་ནས་ལམ་ལ་ཅི་ཙམ་འབད་ ཀྱང་དངོས་གྲུབ་ཁྱད་པར་ཅན་ཐོབ་མི་སྲིད་ལ། དེ་མ་ཐོབ་པའི་ཉེས་དམིགས་ཙམ་དུ་མ་ཟད་དངོས་གྲུབ་ཕྲ་མོ་ཐོབ་ཀྱང་དཔོན་སློབ་གཉིས་ཀ་དམྱལ་བར་འགྲོ་བའི་ཕྱིར་རོ། །དེ་ལྟར་ཡང་ཕྱག་ཆེན་ཐིག་ལེའི་གཉིས་པ་ལས། དང་པོར་རེ་ཞིག་གང་ཚེ་སློབ། །ལན་ཅིག་དབང་ རྣམས་ཀྱིས་ནི་བསྐུར། །དེ་ཚེ་གསང་ཆེན་བཤད་པ་ཡི། །ངེས་པར་སྣོད་དུ་གྱུར་པའོ། །དབང་མེད་ན་ནི་དངོས་གྲུབ་མེད། །བྱེ་མ་བཙིར་ལ་མར་མེད་ལྟར། །གང་ཞིག་རྒྱུད་ལུང་ང་རྒྱལ་གྱིས། །དབང་བསྐུར་མེད་པར་འཆད་བྱེད་པ། །སློབ་དཔོན་སློབ་མ་ཤི་མ་ཐག ། དངོས་གྲུབ་ཐོབ་ཀྱང་དམྱལ་བར་འགྲོ། །དེ་བས་འབད་པ་ཐམས་ཅད་ཀྱིས། །བླ་མ་ལས་ནི་དབང་དོན་ཞུ། །ཞེས་དང༌། རྒྱུད་རྡོར་ཕྲེང་གི་གཉིས་པ་ལས་ཀྱང༌། དབང་བསྐུར་བ་ནི་གཙོ་བོ་སྟེ། །དངོས་གྲུབ་ཐམས་ཅད་རྟག་ཏུ་གནས། །ང་ཡིས་ཇི་བཞིན་དོན་བཤད་ ཀྱིས། །དེ་ཕྱིར་ཐོག་མར་ཡང་དག་ཉོན། །ཐོག་མར་སློབ་མ་གང་གི་ཚེ། །བློ་ལྡན་ཡང་དག་དབང་བསྐུར་ན། །རྫོགས་པའི་རིམ་པའི་རྣལ་འབྱོར་ལ། །དེ་ཡི་ཚེ་ན་སྣོད་དུ་འགྱུར། །ཡང་དག་དབང་བསྐུར་གྱིས་དབེན་ན། །སྒྲུབ་པོས་རྒྱུད་ཀྱི་དོན་ཤེས་ཀྱང༌། །སློབ་དཔོན་ སློབ་མ་མཚུངས་པར་ནི། །མི་བཟད་དམྱལ་བ་ཆེན་པོར་འགྲོ། །ཞེས་དང༌། དུག་ནི་སྔགས་ཀྱིས་འཇོམས་པ་བཞིན། །སྔགས་ཀྱི་དག་བྱེད་བཅུད་ལེན་བྱད། །དེ་བཞིན་སློབ་མ་དབང་སོགས་ཀྱིས། །མ་དག་པ་ནི་དག་པར་འགྱུར། །ཞེས་དང༌། སངས་རྒྱས་ཐོད་པའི་གསུམ་ 3-2-110a པ་ལས་ཀྱང༌། །དཔེར་ན་བུ་ཚ་མེད་པའི་ཁྱིམ། །ཤི་བ་ཙམ་གྱིས་སྟོང་པ་ཉིད། །དེ་བཞིན་དབང་དང་བྲལ་ན་ནི། །ཡེ་ཤེས་ཀུན་གྱིས་སྟོང་པ་ཉིད། །དཔེར་ན་པི་ཝང་སྦྱོར་ཀུན་ཚོགས། །རྒྱུད་དང་བྲལ་ན་རྡུང་མི་རུང༌། །དེ་བཞིན་དབང་དང་བྲལ་ན་ནི། །སྔགས་ དང་བསམ་གཏན་འགྲུབ་མི་འགྱུར། །རྨོངས་པ་གང་ཞིག་དབང་མེད་པར། །བདག་ནི་དབང་བསྐུར་ཞེས་སྨྲ་བ། །ཇི་སྲིད་སངས་རྒྱས་བཞུགས་ཀྱི་བར། །སློབ་མར་བཅས་ཏེ་དམྱལ་བར་འགྲོ། །ཞེས་གསུངས་སོ། །མི་འཇིགས་པའི་གཞུང་འགྲེལ་ལས། འདིས་ ནི་དབང་བསྐུར་བ་ཐམས་ཅད་གདོན་མི་ཟ་བ་གཟུང་བར་གསུངས་སོ། །ཞེས་དབང་ཐམས་ཅད་གཟུང་དགོས་པའི་དོན་དུ་བཤད་ལ། དཀའ་འགྲེལ་ཡེ་ཤེས་ལྡན་ལས་ཚིགས་བཅད་སྔ་མ་གཉིས་གསང་དབང་དང་ཤེས་རབ་ཡེ་ཤེས་ཀྱི་དབང་དང་ སྦྱར་བས། གསུམ་པ་ནི། དབང་བཞི་བ་དང་སྦྱོར་བ་དོན་གྱིས་བསྟན་ཏེ། ཐོད་པའི་དཀྱིལ་ཆོག་ལས་ཀྱང་དབང་གོང་མ་གསུམ་དང་རིམ་པ་བཞིན་དུ་སྦྱར་རོ། །ཇི་སྲིད་སངས་རྒྱས་བཞུགས་ཀྱི་བར་ནི། ཡེ་ཤེས་ལྡན་ལས་སངས་རྒྱས་ཀྱི་བསྟན་པ་ཇི་སྲིད་ གནས་པའི་བར་དུ་དམྱལ་བར་གནས་པ་ལ་བཤད་དེ། བཞི་པའི་དབང་མེད་པར་ཡོད་དོ་ཞེས་རྫུན་བྱས་ནས་དབང་བསྐུར་བའོ། །གཞུང་འགྲེལ་ལས་དམྱལ་བ་དེ་མ་སྟོངས་ཀྱི་བར་དུ་གནས་པ་ལ་བཤད་དེ་དབང་བསྐུར་མ་ཐོབ་པར་གཞན་ལ་དབང་ བསྐུར་བའོ། །དེས་ན་དབང་གོང་མ་མ་ཐོབ་ན་བུམ་དབང་ཙམ་ཐོབ་ཀྱང་ལྷན་སྐྱེས་ཀྱི་རང་བཞིན་གྱི་རྫོགས་པའི་རིམ་པའི་སྐོར་རྣམས་ཉན་པ་དང་སྒྲུབ་པ་ལ་མི་དབང་ངོ༌། །དཀྱིལ་ཆོག་རྡོར་ཕྲེང་ལས་ཀྱང་གསལ་བར་གསུངས་ཏེ། རྣལ་འབྱོར་དང་ 3-2-110b རྣལ་འབྱོར་མའི་རྒྱུད་ཀྱང་ངོ་ཞེས་སློབ་དཔོན་དུ་རློམ་པའི་འདོད་པ་ནི་ལུང་དང་མི་ལྡན་ཏེ། ལྷན་ཅིག་སྐྱེས་པའི་དབང་དང་སྡོམ་པ་དང་བྲལ་བ་ལ་དེའི་རང་བཞིན་བརྗོད་པར་བཅོམ་ལྡན་འདས་ཀྱིས་གང་དུ་ཡང་བཀའ་མ་བསྩལ་ཞིང་རིགས་པ་ཡང་མ་ཡིན་ནོ། ། ཞེས་རིག་པའི་དབང་ཙམ་ལས་མ་ཐོབ་ཀྱང་རྒྱུད་གཉིས་རྫོགས་པར་ཉན་པ་དང་བཤད་པ་དང་སྒྲུབ་པ་ལ་དབང་ཞེས་འདོད་པ་བྱུང་བ་ལ་དགག་པ་མཛད་དོ། །དབང་གི་རིམ་པ་ཡང་དང་པོར་དཀྱིལ་འཁོར་དུ་བཅུག་ནས་ལྷ་ངོ་བསྟན་པ་མེད་པར་དབང་བསྐུར་ བ་ཙམ་བྱས་ནས་བསྒྲུབ་པ་བྱར་མི་རུང་སྟེ། མཉམ་སྦྱོར་གྱི་བརྟག་པ་བདུན་པ་ལས། དཀྱིལ་འཁོར་དུ་ནི་མ་ཞུགས་ཤིང༌། །དམ་ཚིག་རྣམས་ནི་སྤངས་པ་དང༌། །གསང་བའི་དེ་ཉིད་མི་ཤེས་པས། །བསྒྲུབས་ཀྱང་ཅི་ཡང་མི་འགྲུབ་བོ། །ཞེས་དང༌། གུར་གྱི་བརྒྱད་པ་ལས་ ཀྱང༌། དཀྱིལ་འཁོར་དུ་ནི་མ་ཞུགས་དང༌། །དབང་བསྐུར་མེད་པའི་རྣལ་འབྱོར་པ། །གང་གིས་རབ་གནས་མ་མཐོང་ཞིང༌། །གང་ཞིག་སྦྱིན་སྲེག་མ་བྱས་ན། །འཇིག་རྟེན་འདི་དང་གཞན་དུ་ཡང༌། །དེ་ལ་དངོས་གྲུབ་མཆོག་ཉིད་མེད། །ཅེས་དཀྱིལ་འཁོར་དུ་མ་ཞུགས་ པས་བསྒྲུབས་ཀྱང་ཅི་ཡང་མི་འགྲུབ་པར་གསུངས་པའི་ཕྱིར་རོ། །དེ་འདྲ་བ་དེ་ལ་ལམ་སྟོན་ན་འཆད་པར་འགྱུར་བ་ལྟར། སྙིང་ལ་རྡོར་སེམས་སྔར་ཞུགས་པ་མི་བཞུགས་པར་འབྱོན་པ་སོགས་ཀྱི་སྒོ་ནས་དམ་ཚིག་ཉམས་པར་འགྱུར་བར་ཡང་གསུངས་ཏེ། དེ་ཉིད་བསྡུས་པ་ལས། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། ངས་ཁྱོད་ལ་ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་གྲུབ་པ་ཡང་ཐོབ་ན་དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ལྟ་བུའི་ཡེ་ཤེས་བསྐྱེད་པར་ 3-2-111a བྱས། ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ལ་མ་སྨྲ་ཞིག དམ་ཚིག་ཉམས་པར་གྱུར་ཏ་རེ། ཞེས་སོགས་གསུངས་ཤིང༌། ཀླུ་བྱང་དང་ལྭ་བ་པ་སོགས་ཀྱི་དཀྱིལ་ཆོག་ཁུངས་ཐུབ་དུ་མར་ཡང་དེ་བཞིན་དུ་གསུངས་སོ། །དཀྱིལ་ འཁོར་མཐོང་བ་ཡང་ཆོ་ག་ཇི་ལྟ་བ་བཞིན་དུ་བཅུག་ནས་ལྷ་ངོ་བསྟན་པ་ལ་ཤཱཀྱ་བཤེས་གཉེན་གྱིས་བཤད་པ་ལྟར་ཆུ་དབང་སོགས་སྐུར་བའི་སྔ་རོལ་ཏུ་དཀྱིལ་འཁོར་དུ་འཇུག་པའི་དཀྱིལ་འཁོར་ཡིན་གྱི་དཀྱིལ་འཁོར་གཞན་སྐབས་དེའི་དཀྱིལ་འཁོར་ ལ་བཤད་དུ་མི་རུང་ངོ༌། །དེས་ན་ཟུང་འཇུག་གསལ་བ་ལས། དབང་སྐུར་བ་འདི་རྣམས་ཀྱང་དཀྱིལ་འཁོར་དུ་བཅུག་ལ་སྦྱིན་པར་བྱ་སྟེ། ཞེས་ཕྲེང་བའི་དབང་ནས་དབང་བཞི་པའི་བར་བཤད་པའི་འོག་ཏུ་གསུངས་པ་ལྟར། དཀྱིལ་འཁོར་དུ་བཅུག་ཅིང་བསྟན་ པ་ལ་དབང་བསྐུར་གྱི་དཀྱིལ་འཁོར་དུ་མ་བཅུག་པ་ལ་བྱར་གཏན་མི་རུང་ངོ༌། །དབང་བསྐུར་བ་ནའང་སྔོན་ལ་འོག་མའི་དབང་མ་བསྐུར་བར་གོང་མ་གོང་མའི་དབང་སྐུར་བ་ནི་གཏན་མི་རུང་བས། བླ་མེད་ཀྱི་དབང་གང་ཡང་མ་ཐོབ་པའི་ལས་དང་པོ་པ་ལ་དབང་ འོག་མ་རྣམས་དང་དམ་ཚིག་དང་སྡོམ་པ་འཛིན་པའི་སྐོར་རྣམས་ཀྱང་དོར་ནས། དབང་ཕྱི་མ་རྣམས་ཉི་ཚེ་བསྐུར་ཏེ་ལམ་སྟོན་པ་ནི་རང་དང་གཞན་ལ་ཕུང་གྲོལ་ཆེན་པོ་སྐྱེད་པ་ཡིན་པས། རྒྱུད་དོན་ཤེས་པ་རྣམས་ཀྱིས་སྤང་བར་བྱ་སྟེ། དེ་ལྟ་མ་ཡིན་ན་བསྐྱེད་ རིམ་གྱི་སྣོད་དུ་མི་རུང་བས་ཀྱང་རིམ་པ་གཉིས་པ་སྒྲུབ་ཏུ་རུང་བ་དང་དབང་སྔ་མ་རྣམས་གང་ཡང་མ་ཐོབ་པར་ཡང་དབང་བཞི་པ་སྐུར་དུ་རུང་བར་ཡང་འགྱུར་ཏེ། རིམ་པ་དང་པོའི་སྣོད་རུང་དུ་སྒྲུབ་པའི་དབང་མ་ཐོབ་པར་ཡང་རྫོགས་རིམ་གྱི་སྣོད་རུང་དུ་ 3-2-111b སྒྲུབ་པའི་དབང་བསྐུར་བས་ཆོག་པའི་ཕྱིར་དང༌། སློབ་མའི་དབང་དང་དེའི་གོང་མའི་དབང་རྣམས་ལ་གོ་རིམ་ངེས་པ་མེད་ན་དབང་གཞན་རྣམས་ལའང་རིགས་པ་ཇི་ལྟར་བ་བཞིན་དུ་མཚུངས་པའི་ཕྱིར་རོ། །གསང་བའི་དབང་ལ་སོགས་པས་རྫོགས་རིམ་གྱི་སྣོད་ རུང་དུ་སྒྲུབ་པར་གསུངས་པ་ཡང་དབང་སྔ་མ་རྣམས་ཀྱིས་གདུལ་བྱ་དེ་བསྐྱེད་རིམ་གྱི་སྣོད་རུང་དུ་བསྒྲུབས་ཟིན་པ་ལ་དགོངས་པ་ཡིན་གྱི། དེ་དག་འབའ་ཞིག་གིས་སྒྲུབ་ནུས་པར་འདོད་ན་ནི། དབང་ཕྱི་མ་གསུམ་ལ་ཡང་རྫོགས་རིམ་གྱི་ཁྱད་པར་སོ་སོ་ལ་ དབང་བ་རིམ་ལྔ་སོགས་ནས་གསུངས་པ་དང༌། ཆུ་ཅོད་པན་ལ་སོགས་པ་ལ་ཡང་རིགས་སོ་སོའི་དངོས་གྲུབ་སྒྲུབ་པ་ལ་དབང་བར་འདོད་དགོས་པས། དེ་དག་ལ་ཡང་སྔ་མ་རྣམས་མེད་པར་ཕྱི་མ་རྣམས་སྐུར་དུ་རུང་བ་ཡང་འདོད་པར་གྱིས་ཤིག །གཞན་ ཡང་རྗེ་བཙུན་རྩེ་མོའི་གསུང་ནས། དབང་སྐུར་བྱས་ཀྱང་ཡིད་བརྟན་དུ་མི་བཏུབ་པ་ཅི་ཡིན་གཏོལ་མེད་པ་བླུན་པོ་སླུ་བ་དང་འདྲ་བར་སྣང་བ་དང༌། ཡང་བྱིན་རླབས་ཕྲ་མོས་དབང་སྐུར་གྱི་གོ་བཅད་ནས་ཟབ་མོ་སྟོན་པའི་རྡོ་རྗེ་ཐེག་པའི་གཟུགས་བརྙན་སྤང་ བར་བྱའོ། །ཞེས་གསུང་བ་ཡང་ཤིན་ཏུ་མང་པས། རྒྱུད་སྡེ་ནས་བཤད་པའི་དཀྱིལ་འཁོར་མཚན་ཉིད་དང་ལྡན་པར། གོ་རིམ་འགངས་ཅན་རྣམས་མ་འཁྲུགས་པར་ཆོ་ག་ཚང་བས་དབང་བསྐུར་ན་ཡང་དག་པའི་གདམས་ངག་གི་སྣོད་དུ་རུང་བ་སོགས་ཀྱི་ ཡོན་ཏན་འབྱུང་གི། དེ་ལས་གཞན་པའི་ཆོ་གས་ནི་འབྲས་བུ་སྐུ་བཞིའི་ས་བོན་ཁྱད་པར་ཅན་ཡང་མི་ཐེབས་ཤིང་དངོས་གྲུབ་འགྲུབ་པའི་གེགས་ཀྱི་སྒོ་གསུམ་གྱི་དྲི་མ་ཡང་འཁྲུད་མི་ནུས་ལ། གདམས་པའི་མཆོག་རྒྱུད་དང་དགོངས་འགྲེལ་ཟབ་མོ་ཉན་པ་ལ་སོགས་ 3-2-112a པའི་སྣོད་དུ་ཡང་སྒྲུབ་མི་ནུས་པས་རྡོ་རྗེ་ཐེག་པའི་རྨང་འཛུགས་པ་འདིའི་སྐབས་སུ་འབད་པར་རིགས་སོ། །གཉིས་པ་ལ་གཉིས། མ་བརྟགས་པར་ཞུགས་པའི་ཉེས་དམིགས་དང༌། བརྟག་པའི་ཐབས་བསྟན་པའོ། །དང་པོ་ནི། བླ་མས་སློབ་ མའི་སྣོད་མ་བརྟགས་པར་སུ་རུང་རུང་ལ་དབང་བསྐུར་ན། སྣོད་མིན་གྱིས་དམ་ཚིག་བསྲུང་བར་མི་ནུས་པས་འདི་ཕྱི་གཉིས་ཀར་ཕུངས་ལ། དེའི་ཕྱིར་སྣོད་མིན་ལ་བསྟན་པའི་ཉེས་པ་མང་པོ་འབྱུང་བས་དམ་ཚིག་ཉམས་པར་འགྱུར་བ་དང༌། རང་གི་དངོས་གྲུབ་འགྲུབ་ པ་རྒྱང་རིང་དུ་བྱེད་པ་དང་བགེགས་ཀྱིས་འཚེ་བ་སོགས་འབྱུང་ལ་སློབ་མས་ཀྱང་བླ་མའི་མཚན་ཉིད་མ་བརྟགས་པར་གང་ཡང་རུང་བ་ལ་དབང་བླངས་ན། ལོག་པའི་བཤེས་གཉེན་གྱིས་བསླུས་པར་འགྱུར་བ་དང༌། སློབ་དཔོན་གྱི་དམ་ཚིག་གསུངས་པ་རྣམས་ བསྲུང་བར་མི་ནུས་པས་དངོས་གྲུབ་ཀྱི་རྩ་བ་འཆད་པ་དང༌། བགེགས་ཀྱིས་འཚེ་བ་ལ་སོགས་པའི་ཉེས་དམིགས་རྣམས་འབྱུང་ངོ༌། །དེའི་ཕྱིར་ཕན་ཚུན་ལེགས་པར་བརྟག་དགོས་ཏེ། བླ་མ་ལྔ་བཅུ་པ་ལས། བླ་མ་དང་ནི་སློབ་མ་དག །མཚུངས་པར་དམ་ཚིག་ ཉམས་འགྱུར་བས། །དཔའ་བོས་དང་པོར་སློབ་དཔོན་དང༌། །སློབ་མའི་འབྲེལ་བ་བརྟག་པར་བྱ། །ཞེས་དང༌། རྡོར་ཕྲེང་གི་གཉིས་པ་ལས་ཀྱང༌། ཇི་ལྟར་རིན་ཆེན་བདར་བ་དང༌། གསེར་ནི་བསྲེག་དང་བཅས་པས་བརྟག །དེ་བཞིན་དུ་ནི་སློབ་མ་ཡང༌། །ལོ་ ནི་བཅུ་གཉིས་བར་དུ་བརྟག །དེ་ཕྱིར་ཕན་ཚུན་དེ་ལྟ་བུས། །དུས་ཀུན་ཏུ་ནི་དེ་ལྟར་བརྟག །གཞན་དུ་བགེགས་ནི་འབྱུང་འགྱུར་ཏེ། །དངོས་གྲུབ་འཇོམས་ཤིང་སྡུག་བསྔལ་སྟེར། །ཞེས་དང༌། དེའི་ང་བཞི་པ་ལས་ཀྱང༌། ཇི་ལྟར་སེང་གེའི་འོ་མ་ནི། །ས་ 3-2-112b ཡི་སྣོད་དུ་གཞག་མི་བྱ། །དེ་བཞིན་རྣལ་འབྱོར་ཆེན་པོའི་རྒྱུད། །སྣོད་མིན་དག་ལ་སྦྱིན་མི་བྱ། །སློབ་མ་སྐད་ཅིག་དེ་ལ་འཆི། །འདི་དང་ཕ་རོལ་ཏུ་ནི་ཕུང་། །སྣོད་མིན་མན་ངག་རབ་བཤད་ན། །སློབ་དཔོན་དངོས་གྲུབ་ཉམས་པར་འགྱུར། །ཞེས་དང༌། ཕྱག་ཆེན་ཐིག་ ལེའི་གཉིས་པ་ལས་ཀྱང༌། ཇི་ལྟར་བསྲེག་ལ་སོགས་པས་གསེར། །ཇི་ལྟར་མཁས་པས་རིན་པོ་ཆེ། །ཇི་ལྟར་བདེ་ལྡན་བུ་མོ་ནི། །དེ་ལྟར་སློབ་མ་བརྟག་པར་བྱ། །དེ་བས་ཐམས་ཅད་རབ་འབད་དེ། །ཕན་ཚུན་སོ་སོར་བརྟག་པར་བྱ། །དེ་ལྟ་མིན་ན་སྐྱོན་ དུ་འགྱུར། །ནམ་ཡང་དངོས་གྲུབ་ཐོབ་མི་འགྱུར། །ཞེས་སོ། །ལོ་བཅུ་གཉིས་ནི། མྱུར་པོར་མ་ཤེས་ན་དེ་ཙམ་དུ་བརྟགས་པས་ངེས་པར་ཤེས་པ་ལ་དགོངས་ཀྱི་ཅི་ནས་ཀྱང་དེ་ཙམ་ཞིག་བརྟག་དགོས་པ་ནི་མིན་ནོ། །གཉིས་པ་ནི། བརྟག་བྱའི་སློབ་དཔོན་ནི་ གཉིས་ཏེ། སྔགས་ལ་གཞོལ་བ་བསྐྱེད་རིམ་པའི་སློབ་དཔོན་དང༌། བསམ་གཏན་ལ་གཞོལ་བ་རྫོགས་རིམ་པའི་སློབ་དཔོན་ནོ། །དེ་ལྟར་ཡང་ཀླུའི་བློས། དེ་བཞིན་གཤེགས་པས་རྡོ་རྗེ་ཡི། །ཐེག་པར་སློབ་དཔོན་རྣམ་གཉིས་གསུངས། །གཅིག་ནི་གསང་ སྔགས་གཙོར་བྱེད་འགྱུར། །གཅིག་ནི་བསམ་གཏན་ལ་གཞོལ་བ། །ཞེས་དབྱེ་བ་གསུངས་ལ། དེ་དག་གི་མཚན་ཉིད་ཀྱང༌། གསང་སྔགས་སྨྲ་གནས་རྣལ་འབྱོར་པ། །ལྷ་ལ་དམིགས་པ་ལྷུར་ལེན་པས། །དེ་ལས་མཚན་མ་རྙེད་གྱུར་ཏེ། །རྡུལ་ཚོན་དཀྱིལ་ འཁོར་བྲི་བར་བྱ། །གསང་སྔགས་ཚུལ་གནས་རྣལ་འབྱོར་པ། །གཉིས་མེད་ཡེ་ཤེས་སྦྱོར་ལྡན་པས། །སྒྱུ་མ་ལྟ་བུའི་ལུས་ཀྱིས་ནི། །འཁོར་ལོ་སྒྱུ་མ་ལྟ་བུ་བྲི། །ཞེས་གསུངས་སོ། །སྔགས་ལ་གཙོ་བོར་བྱེད་པ་ནི་སྒོམ་པ་ལྷུར་མི་ལེན་པ་མིན་ཏེ། ལྷའི་ 3-2-113a རྣལ་འབྱོར་ལྷུར་བླངས་ནས་སེམས་དག་པའི་མཚན་མ་རྙེད་པ་ལ་གསུངས་པས་སོ། །སྔགས་དང་བསམ་གཏན་ལ་གཙོ་བོར་བྱེད་པ་གཉིས་ཀྱང་ལམ་སོ་སོར་ཞུགས་པ་མིན་ཏེ། ཐུན་བཞིའི་རྣལ་འབྱོར་གྱིས་བསྐྱེད་རིམ་བརྟན་པར་བྱས་ ནས་རྫོགས་རིམ་ལ་འཇུག་པའི་རིམ་པ་ངེས་པ་ནི། འཕགས་པ་ཡབ་སྲས་ཀྱི་བཞེད་པ་དམ་པ་ཡིན་པའི་ཕྱིར་རོ། །དེས་ན་བསྐྱེད་རིམ་གྱི་སྐབས་ཀྱི་དབང་སྐུར་བའི་སློབ་དཔོན་གྱིས་ནི། ཐུན་བཞིར་ལྷའི་རྣལ་འབྱོར་ལ་སྒོམ་པ་གཙོ་བོར་བྱ་ནས་སྔགས་བཟླ་ དགོས་པས་སྔགས་ལ་གཙོ་བོར་བྱེད་པ་ཞེས་གསུངས་ལ། རྫོགས་རིམ་པའི་སློབ་དཔོན་གྱིས་དབང་སྐུར་བ་ལ་ནི་སྔ་མ་ལྟ་བུ་མི་དགོས་པས། གཉིས་སུ་མེད་པའི་ཡེ་ཤེས་ཟུང་འཇུག་དང་སྒྱུ་ལུས་ཀྱི་བསམ་གཏན་ལ་གཞོལ་བའི་སྒོ་ནས་བྱས་ པས་ཆོག་པ་ལ་བསམ་གཏན་ལ་གཞོལ་བ་ཞེས་གསུངས་ཀྱི། བསམ་གཏན་གང་རུང་རུང་མིན་ནོ། །རྫོགས་རིམ་པའི་སློབ་དཔོན་གྱིས་དབང་བསྐུར་བ་ཡིན་ན་ནི། བསྐྱེད་རིམ་གྱི་སློབ་དཔོན་ལ་དགོས་པའི་མཚན་ཉིད་ཐམས་ཅད་ཡར་ལྡན་དུ་ཚང་ཞིང་ ཡོན་ཏན་ལྷག་དང་བཅས་པ་ཡིན་ཏེ་ཤིན་ཏུ་དཀོན་ནོ། །དེ་མེད་ཀྱང་བསྐྱེད་རིམ་པའི་སློབ་དཔོན་གྱིས་ཀྱང་དབང་སྐུར་བའི་སློབ་དཔོན་མཚན་ཉིད་ཚང་བ་རུང་བས་འདིར་དེའི་བརྟག་ཐབས་སྟོན་ནོ། །དེའི་མཚན་ཉིད་ནི། རྡོར་ཕྲེང་གི་རེ་བཞི་པ་ལས། ཞི་བ་ལ་ སོགས་ལས་ལ་བྱང༌། །སྔགས་དང་རྣལ་འབྱོར་ཆོ་ག་ཤེས། །དེ་ནི་བླ་མར་མངོན་པར་བསྔགས། །ཚུལ་ཁྲིམས་དག་ཅིང་སྦྱིན་པ་གཏོང༌། །བཟོད་དང་བརྩོན་འགྲུས་མཆོག་དང་ལྡན། །ཉིན་དང་མཚན་དུ་སྒོམ་ལ་ཞེན། །ཤེས་རབ་ལྡན་ཞིང་བཟོ་ལ་མཁས། ། 3-2-113b བླ་མའི་ཕྱིར་ནི་ཡོན་ཏན་ཚོགས། །དཔལ་ལྡན་སློབ་དཔོན་ཞེས་ནི་བརྗོད། །ནང་གི་གསང་འདུས་ལ་རབ་དགའ། །ཕྱི་རོལ་ཉན་ཐོས་ཀྱི་སྤྱོད་པ། །དེ་ལྟའི་མན་ངག་རིམ་པ་ཡིས། །སློབ་མ་རྣམས་ལ་རྗེས་སུ་བསླབས། །དེ་ནི་སྟོན་པར་ཡོངས་སུ་ཤེས། །ཞེས་ཚུལ་ཁྲིམས་ དག་པ་སོགས་ཕྱིན་དྲུག་དང་ལྡན་པ་དང༌། ནང་དུ་འདུས་པས་མཚོན་ནས་བླ་མེད་ཀྱི་ཐེག་པའི་ལམ་སྐྱོང་ཞིང་ཕྱིའི་ཀུན་སྤྱོད་སོ་ཐར་དང་མཐུན་པར་འཇུག་པའི་སྒོ་ནས་སློབ་མ་འཁྲིད་པ་ལ་གསུངས་ཤིང༌། གཞན་ཡང་དེ་ཉིད་བཅུ་ཤེས་པ་སོགས་མང་དུ་ གསུངས་སོ། །རྒྱུད་ནས་མཚན་ཉིད་རྫོགས་པར་གསུངས་པའི་ཚང་བ་མ་རྙེད་ན་སྐྱོན་ཡོན་མཉམ་པ་དང་སྐྱོན་ཤས་ཆེ་བ་སྤངས་ནས་ཡོན་ཏན་ལྷག་པ་ལ་བརྟེན་པར་བྱ་སྟེ། དོན་དམ་བསྙེན་པ་ལས། རྩོད་ལྡན་དབང་གིས་བླ་མ་སྐྱོན་དང་ཡོན་ཏན་འདྲེས། །རྣམ་ པ་ཀུན་ཏུ་སྡིག་པ་མེད་པ་ཡོད་མ་ཡིན། །གང་ཞིག་ཡོན་ཏན་ལྷག་པ་ཡང་ནི་ལེགས་དཔྱད་ནས། །བུ་རྣམས་ཀྱིས་ནི་དེ་ལ་བརྟེན་པར་འགྱུར་བའོ། །ཞེས་སོ། །མེད་དུ་མི་རུང་བའི་མཚན་ཉིད་ནི་བོད་ཀྱི་མཁས་པ་དག་དབང་ཡོངས་སུ་རྫོགས་པར་ཐོབ་ཅིང་དམ་ ཚིག་དང་སྡོམ་པ་ལ་གནས་པ། བླ་མ་བརྒྱུད་པའི་ཕྱག་ལེན་མཐོང་བའི་སྒོ་ནས་དེ་ཉིད་བཅུ་ཤེས་ཤིང་དབང་སྐུར་གྱི་ཆོ་ག་ལ་མཁས་པ། བསྙེན་པ་སྔོན་དུ་སོང་བས་ལྷས་གནང་བའམ་མ་བཀག་པ་སྟེ་ཆོས་གསུམ་ལྡན་ཞིག་ངེས་པར་དགོས་ཞེས་ གསུངས་སྟེ་དེ་ཁོ་ན་བཞིན་དུ་འཐད་དོ། །སྔགས་ཀྱི་སྡོམ་པ་ལ་གནས་པ་ལ་ནི། རྩ་ལྟུང་དང་མི་ལྡན་པ་དགོས་པས་དེ་གལ་ཆེ་སྟེ། གུར་གྱི་བརྒྱད་པ་ལས། རྩ་བའི་ལྟུང་བ་རབ་འཇོམས་ཤིང༌། །སྔགས་དང་རྒྱུད་ཀྱི་རབ་སྦྱོར་གྱིས། །འཇིག་རྟེན་རྣམས་ལ་ 3-2-114a བདེ་སྟེར་བ། །དེ་འདྲའི་བླ་མ་དངོས་བྱས་ནས། །ཞེས་སློབ་དཔོན་གྱི་མཚན་ཉིད་དུ་རྩ་ལྟུང་དང་བྲལ་པ་གསུངས་པའི་ཕྱིར་རོ། །སྡོམ་འབྱུང་གི་བཅོ་བརྒྱད་པ་ལས་ཀྱང༌། རྩ་བའི་ལྟུང་བ་ཡོངས་སྤང་ཞིང༌། །སྦོམ་པོའི་ལྟུང་བ་རྣམ་པར་སྤང༌། ། ཞེས་སློབ་མ་ལ་འབོགས་པའི་དམ་ཚིག་ཏུ་གསུངས་ལ། དེ་ནི་འབོགས་པ་པོ་ལ་ལྷག་པར་ཡང་ལྡན་དགོས་སོ། །བརྟག་བྱ་སློབ་མའི་མཚན་ཉིད་ལ། དེ་ཉིད་བསྡུས་པའི་དུམ་བུ་དང་པོ་ལས། དཀྱིལ་འཁོར་ཆེན་པོ་འདིར་གཞུག་པ་ལ་སྣོད་དུ་གྱུར་བ་ དང་སྣོད་དུ་མ་གྱུར་བ་བརྟག་མི་འཚལ་ལོ། །ཞེས་དཀྱིལ་འཁོར་དུ་གཞུག་པ་དང༌། ཞུགས་པ་ལ་དབང་བསྐུར་པ་གཉིས་ལས། དང་པོ་ཙམ་བྱེད་པ་ལ་སློབ་མའི་མཚན་ཉིད་བརྟག་མི་དགོས་པར་གསུངས་སོ། །རྡོ་རྗེ་འབྱུང་བ་ལས་ཀྱང༌། གང་ ཞིག་སྡོམ་པ་འཛིན་པར་མི་བྱེད་པ་དེ་ལ་ནི་དེ་བ་ཁྱོད་ཅེས་བྱ་བ་ལ་སོགས་པ་རྣམས་བརྗོད་པར་མི་བྱ་སྟེ་སློབ་དཔོན་དུ་རྗེས་སུ་གནང་བ་དང་དབང་བསྐུར་པར་མི་བྱའོ། །འཇུག་པ་ཙམ་ཞིག་བྱེད་དུ་གཞུག་གོ། ཞེས་སྡོམ་པ་གཉིས་གང་ཡང་འཛིན་ མི་ནུས་པ་ལ་མེ་ཏོག་དོར་ནས་ལྷ་ངོ་སྟོན་པ་ཡན་ཆད་ཀྱི་འཇུག་པ་ཙམ་ཞིག་བྱེད་ཅིང་དམ་གཞག་གི་སྐོར་རྣམས་འདོར་བར་གསུངས་སོ། །སངས་རྒྱས་གསང་བས་རྣམ་སྣང་མངོན་བྱང་གི་དགོངས་པ་ཡང་དེ་བཞིན་དུ་བཀྲལ་ལ། དགྲ་ནག་གི་འགྲེལ་ པ་རིན་ཆེན་སྒྲོན་མེ་ལས་དེ་ཉིད་སྣང་བ་ཁུངས་སུ་དྲངས་ནས་སྲོག་གཅོད་ལས་ལྡོག་ན་དེ་ལྟར་བྱ་རུང་བར་གསུངས་སོ། །དབང་སྐུར་བ་ལ་ནི། ཐུན་མོང་བ་བྱང་སེམས་ཀྱི་སྡོམ་པ་སྲུང་གི་སྔགས་ཀྱི་སྡོམ་པ་སྲུང་མི་ནུས་པ་ལ་སློབ་མའི་དབང་ཙམ་ 3-2-114b དང༌། སྡོམ་པ་གཉིས་ཀ་སྲུང་བ་ལ་སློབ་དཔོན་གྱི་དབང་ཡང་སྐུར་བར་གསུངས་པས། བསྲུང་སྡོམ་ལ་བརྟགས་ནས་དབང་སྐུར་བ་ནི་སློབ་མ་བརྟག་པའི་གལ་ཆེ་ཤོས་སུ་སྣང་ངོ༌། །ཕྲེང་བ་ལས་ཀྱང༌། ལེགས་པར་བརྟགས་པ་ང་རྒྱལ་ལ་སོགས་པའི་སྐྱོན་ དང་བྲལ་བ། དགེ་བསྙེན་ལ་སོགས་པའི་བསླབ་པ་ལ་གནས་པ། ཐོས་པ་ལ་སོགས་པ་ཡོངས་སུ་སྦྱངས་པ་དང་ལྡན་པ། རྡོ་རྗེ་སེམས་དཔའི་སྡོམ་པ་གཟུང་བར་རུང་བ་རྣམས་ནི། རིགས་དང་མདོག་དང་གཟུགས་དང་བྲལ་བ་རྣམས་ཀྱང་ལྷག་པར་གནས་ པར་བྱ་སྟེ། གལ་ཏེ་ཆེ་རྣམས་ཀྱང་དད་པས་རྡོ་རྗེ་སེམས་དཔའི་སྡོམ་པ་དོན་དུ་གཉེར་ཞིང་རྡོ་རྗེ་ཐེག་པ་ལ་སྟོན་པ་གཞན་མི་འཚོལ་བར་གྱུར་ནའོ། །ཞེས་སྡོམ་པ་ལ་དོན་གཉེར་ཆེ་ཞིང་རྡོ་རྗེ་ཐེག་པ་ལ་དད་པ་བརྟན་པ་སྟེ། ཆོས་གཉིས་ནི་དབང་རྫོགས་པར་ སྐུར་དུ་རུང་བའི་སློབ་མ་ལ་ངེས་ལྡན་དུ་གསུངས་སོ། །རྒྱུད་རྡོར་ཕྲེང་གི་རེ་བཞི་པ་ལས། དད་ཅིང་བླ་མ་ལ་གུས་པ་དང་རྒྱུན་དུ་དགེ་བ་ལ་སྦྱོར་བ་དང༌། སྒྱུ་མེད་ཅིང་ལུང་མང་དུ་ཐོས་པ་དང༌། སེམས་ཅན་རྣམས་འདོན་པའི་བློ་དང་ལྡན་པ་སོགས་ཀྱི་མཚན་ཉིད་ གསུངས་པ་ཡང་སྡོམ་པ་གཉིས་སྲུང་བར་ནུས་ན་ཚང་ནས་འོང་ལ། སྤྱི་རྒྱུད་ལས་རིགས་དང་གཟུགས་དང་ན་ཚོད་དང་ལྡན་ཞིང་བསྟན་བཅོས་མང་དུ་ཤེས་པའི་ཡོན་ཏན་ལ་སོགས་པའི་མཚན་ཉིད་མང་པོ་བཤད་ནས་དམིགས་བསལ་དུ། སློབ་མ་ཡན་ལག་མ་ཉམས་ དང༌། །ལྷག་པར་ཡོན་ཏན་ལྡན་པ་དང༌། །ནད་མེད་རིགས་ནི་བཙུན་པ་དང༌། །དད་ཅིང་བརྟུལ་ཞུགས་ལྡན་པ་དཀོན། །དཀོན་མཆོག་གསུམ་ལ་གང་དད་ཅིང༌། །ཐེག་པ་ཆེན་པོའི་ལུགས་ལ་དགའ། །བསོད་ནམས་འདོད་པའི་སེམས་ཅན་ནི། །ཆེན་པོ་དེ་དག་མདོར་ 3-2-115a གཟུང་ངོ༌། །བདེར་གཤེགས་གསང་སྔགས་སྒྲུབ་པ་ལ། །དོན་གཉེར་བརྩོན་པ་སློབ་མ་ནི། །གཟུགས་ངན་ཡོན་ཏན་མི་ལྡན་ཡང༌། །བློ་དང་ལྡན་པས་གཞུག་པར་བྱ། །ཞེས་ཀྱང་གསུངས་སོ། །དེ་ཡང་སྤྱི་རྒྱུད་ལས། དཀྱིལ་འཁོར་ ཆོ་ག་འཁོར་བཞི་པོ། །ཐེག་པ་ཆེ་ལ་དགའ་བའི་བདག །རང་གི་བསླབ་པ་ལ་བརྩོན་པ། །ཀུན་གྱི་ཆོ་ག་ཡིན་པར་བཞེད། །ཅེས་དགེ་སློང་ལ་སོགས་པའི་འཁོར་བཞི་པོ་རང་རང་གི་སོ་ཐར་གྱི་བསླབ་པ་ལ་བརྩོན་ཞིང༌། །རྡོ་རྗེ་ཐེག་པ་ལ་ཤིན་ཏུ་དགའ་བ་ལ་དཀྱིལ་འཁོར་གྱི་ ཆོ་ག་བྱ་བར་གསུངས་པས། རྡོ་རྗེ་མཁའ་འགྲོ་ལས་དགེ་སློང་ལ་དེ་ཉིད་མི་བསྟན་པར་གསུངས་པ་ནི་ཐེག་ཆེན་ལ་མི་མོས་པའི་དགེ་སློང་ངོ༌། །ཤཱནྟི་པ་དང་ཨ་བྷྱས། རྐང་པ་གཉིས་པས་ནི་འགལ་བ་སྤང་བའི་དོན་དུ་ཐེག་པ་འདི་ལ་ཡིད་ལས་གཙོ་བོར་སྟོན་ པར་བྱེད་དོ། །ཞེས་གསུངས་པ་ནི་སྔགས་ཀྱི་ཀུན་སྤྱོད་དང་སོ་ཐར་གྱི་བསླབ་པ་ལ་བརྩོན་པ་གཉིས་མི་འགལ་བར་སྟོན་པའོ། །གསུམ་པ་ལ་གསུམ། སློབ་མས་གསོལ་བ་གདབ་པ་དང༌། སློབ་དཔོན་གྱིས་བསྲུང་བ་བྱ་བ་དང༌། སྔོན་དུ་བསྙེན་པ་བྱ་ ཚུལ་ལོ། །དང་པོ་ནི། དེ་ལྟར་བརྟགས་པས་རུང་བར་ཤེས་ན་བླ་མ་ལ་དབང་གི་དོན་དུ་གསོལ་བ་གདབ་སྟེ། རྡོ་རྗེ་མཁའ་འགྲོའི་ཞེ་དྲུག་པ་ལས། སླར་ཡང་དཀྱིལ་འཁོར་བྲི་བའི་ཕྱིར། །སློབ་མ་ཡིས་ནི་བླ་མ་ལ། །ཡང་དང་ཡང་དུ་གསོལ་བར་བྱ། །ཞེས་ གསུངས་པས་སོ། །དེ་ཡང་མཎྜལ་ཕུལ་ཏེ་ཕྱག་བྱས་ལ། །པུས་མོ་བཙུགས་ཤིང་ཐལ་མོ་སྦྱར་ནས། པྲཛྙཱ་རཀྵི་ཏས། ཐམས་ཅད་མཁྱེན་པའི་སྟོན་པ་པོ། །འཇིག་རྟེན་གསུམ་གྱི་འདྲེན་མཛད་ལྷ། །འཁོར་བ་འདམ་གྱི་ཚོགས་ནང་དུ། །བྱིང་བ་སྐྱབས་མེད་ 3-2-115b བདག་ལ་སྐྱོབས། །རྡོ་རྗེ་བླ་མ་མཛད་དུ་གསོལ། །ཞེས་གསུངས་པ་ལྟར་ལན་གསུམ་གསོལ་བ་གདབ་སྟེ། ལྔ་བཅུ་པ་ལས། མདུན་དུ་དུལ་བར་འདུག་པ་དང༌། །གོས་སོགས་ཚུལ་ནི་བསྡམས་པ་དང༌། །བུས་བཙུགས་ཐལ་མོ་སྦྱར་བ་ཡིས། །ཉན་སོགས་ འདོད་པས་གསོལ་གསུམ་གདབ། །ཅེས་གསུངས་པའི་ཕྱིར་རོ། །སྣོད་རུང་དུ་ཤེས་ན་གསོལ་བ་མ་བཏབ་ཀྱང་བསྐུལ་ནས་དབང་བསྐུར་བ་ཡང་རུང་སྟེ། རྣམ་སྣང་མངོན་བྱང་ལས། ཡང་ན་བདག་གིས་སེམས་ཅན་དག །སྣོད་དུ་རུང་ཞིང་ཉེས་བྲལ་ བ། །མོས་མང་བརྟན་ལ་དད་པ་ཅན། །གཞན་ལ་ཕན་དགའ་མཐོང་ནས་ནི། །དེ་ལྟ་བུ་ཡི་སློབ་མ་དེ། །ཤེས་ནས་སློབ་དཔོན་བདག་ཉིད་ཀྱིས། །མ་གསོལ་བར་ནི་དེ་བོས་ཏེ། །ཕན་འདོད་ཕྱིར་ནི་འདི་སྐད་བྱ། །ཞེས་གསུངས་སོ། །གཉིས་པ་ནི། རྡོ་རྗེ་ མཁའ་འགྲོའི་ཞེ་དྲུག་པ་ལས། གསོལ་ནས་བླ་མས་སྨྲ་བྱས་ཏེ། །ཡོ་བྱད་ཐམས་ཅད་འབྱོར་རམ་ཅི། །ཅུང་ཟད་ཅིག་ནི་འབྱོར་གྱུར་ལ། །ཁ་ཅིག་དག་ནི་མ་འབྱོར་ཞེས། །སྨྲ་ན་སློབ་དཔོན་བདག་ཉིད་ཀྱིས། །དེ་ཡི་སེམས་ནི་བརྟག་པར་བྱ། །བརྟན་པ་ ལས་ནི་བརྟན་པར་ཏེ། །གཡོ་བ་ལས་ནི་གཡོ་བ་རུ། །འདྲེན་མ་ལས་ནི་འདྲེན་མར་ཤེས། །སློབ་མ་ཡི་ནི་རྐང་མཐིལ་དུ། །གཞུ་འདྲའི་རླུང་གི་དཀྱིལ་འཁོར་བསམ། །ལྟེ་བར་ཡེ་ཤེས་མེ་འབར་བ། །དེ་ཡི་འོད་ཟེར་སྙིང་གར་འབར། །འབར་བས་ ཀུན་ནས་འཁྲིགས་པར་བསྒོམ། །པཾ་ལས་བྱུང་བའི་མི་སྡུག་གཟུགས། །སྡིག་ནི་སྣ་ཡི་སྒོ་ནས་དབྱུང༌། །དེ་ནས་ཁྲོ་བོའི་གཟུགས་བསྒོམས་ལ། །དེ་ནི་ཀུན་ནས་ཟ་བར་བསྒོམ། །ཨོཾ་བཛྲ་ཌཱ་ཀི་ནཱི་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་པཱ་པཾ་ད་ཧ་ད་ཧ་བྷ་སྨི་ཀུ་རུ་ཧཱུཾ་ཧཱུཾ་ 3-2-116a ཕཊ། བསྒྲུབ་བྱ་ལྷ་གཟུགས་བསྐྱེད་ནས་ནི། །བསྲུང་བ་དག་ནི་དགོད་པར་བྱ། །ཞེས་སློབ་མ་རྗེས་སུ་གཟུང་བ་བཤད་དེ་དེའི་རིམ་པ་ནི། རྡོ་རྗེ་མཁའ་འགྲོའི་འགྲེལ་པ་ལས་འདི་སྐད་བཤད་དེ། སློབ་མས་གསོལ་བ་བཏབ་པ་ན་སློབ་ དཔོན་གྱིས་བདག་གིས་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ལ་དགོད་པར་བྱའོ་སྙམ་དུ་དམིགས་ནས། ཁྱོད་ཀྱི་དཀྱིལ་འཁོར་གྱི་ཡོ་བྱད་ཐམས་ཅད་འབྱོར་རམ་མ་འབྱོར་ཞེས་དྲིས་པས། ཅུང་ཟད་འབྱོར་ལ་ཅུང་ཟད་མ་འབྱོར་རོ་ཞེས་ ཟེར་ན་དེའི་ཚེ་རྐང་མཐིལ་དུ་གཞུ་འདྲ་བའི་རླུང་དང་ལྟེ་བར་མེའི་དཀྱིལ་འཁོར་དང༌། དེའི་སྟེང་དུ་ཉི་མ་ལ་གནས་པའི་ཧཱུཾ་བསྒོམས་ཏེ། རླུང་གིས་བསྐྱོད་པའི་ཧཱུཾ་གི་མེ་ལྕེའི་ཕྲེང་བ་སྙིང་གའི་བར་དུ་འབར་བས། བཾ་ལས་བྱུང་བའི་སྡིག་པའི་རང་བཞིན་ཤ་ཟའི་ གཟུགས་མདོག་སྔོ་ཞིང་རྣམ་པར་འགྱུར་ལ་རླིག་པ་འཕྱང་བ། སྙིང་ག་ནས་སྣ་སྒོར་ཕྱུང་ལ། ཧཱུཾ་ཡང་སྙིང་གར་ཕྱིན་པ་ན་དེ་ལས་བྱུང་བའི་རྡོ་རྗེ་གནོད་སྦྱིན་སྐུ་མདོག་སྔོ་ཞིང་གསུས་པ་འཕྱང་བ་མཆེ་བ་གཙིགས་ཤིང་གཡས་བརྐྱངས་པས་བཞུགས་ པ། གཡོན་པས་མཆེ་བ་བསྣམས་ནས་སྙིང་གར་སྡིགས་མཛུབ་མཛད་པ། གཡས་ཀྱིས་མཆེ་བ་ཐོགས་ཏེ་ཕྱར་བ་སྣ་སྒོ་ནས་ཕྱུང་ལ། ཨོཾ་བཛྲ་ཌཱ་ཀི་ནི་ཞེས་སོགས་ཀྱི་སྔགས་བརྗོད་པས་སྡིག་པ་དེ་གསོལ་བར་བསམ་མོ། །ཤཱནྟི་པས་གཡོན་ པའི་སྡིགས་མཛུབ་མཆེ་བ་ལྟར་བསྒྲེང་བ་ཞེས་འཆད་དོ། །དེ་ནས་སློབ་མ་སོ་ལས་ཀུན་ཏུ་བཟང་པོར་བསྐྱེད་དེ། དེའི་སེམས་བསྲུང་བའི་ཕྱིར་དུ་ཁྭ་གདོང་མ་ལ་སོགས་པའི་མ་མོ་རྣམས་སྟེང་ཁྲོ་བོའི་དབྱིབས་ལ་འོག་རྡོ་རྗེ་རྩེ་གཅིག་པའི་དབྱིབས་ལྟ་བུ་ 3-2-116b རྣམས་ཀུན་བཟང་དུ་བསྐྱེད་པའི་སྙིང་ག་ནས་ཕྱུང་བའི་ཕུར་བུས། དེའི་སེམས་ལས་གྱུར་པའི་བགེགས་ཀྱི་གཙོ་བོ་རྣམས་ལ་གདབ་ལ། ཕུར་བུའི་འོད་ཀྱིས་བགེགས་ཀྱི་ཚོགས་ལྷག་མ་རྣམས་བསྲེགས་པར་བསམ་མོ། །དེ་ནས་སློབ་མའི་སྙིང་གར་ཧཱུཾ་ལས་ སྐྱེས་པའི་རྡོ་རྗེ་དང་སྤྱི་བོར་ཨ་ལས་སྐྱེས་པའི་ཟླ་པའི་སྟེང་དུ་ཧཾ་གྱིས་མཚན་པའི་རྡོ་རྗེ་རྒྱ་གྲམ་བསྒོམ་པར་བྷཱ་བ་བྷ་དྲས་བཤད་དོ། །ཁྭ་གདོང་མ་ལ་སོགས་པ་ནི་མཚོན་པ་སྟེ་ཕུར་བུར་སྐྱེད་པའི་ལྷ་སྐབས་སུ་གང་བབ་ཏུ་བསྐྱེད་དོ། །ཀུན་ཏུ་བཟང་པོ་ནི། དཀར་སྔོ་དམར་བའི་ཞལ་གསུམ་ཕྱག་དང་པོ་གཉིས་འཁྱུད་པའི་ཕྱག་རྒྱ་ཅན་གཡས་འོག་མ་གཉིས་རྡོ་རྗེ་དང་རལ་གྲི་དང༌། གཡོན་འོག་མ་གཉིས་རིན་པོ་ཆེ་དང་པདྨ་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པར་སྒྲུབ་ཐབས་ཀུན་བཟང་གི་འགྲེལ་ པ་གཉིས་སུ་བཤད་པ་ལྟར་རམ། གཞུང་ཁུངས་མ་གཞན་ནས་བཤད་པའི་ཀུན་བཟང་དུ་བསྐྱེད་དོ། །བརྟན་པ་ལ་སོགས་པ་གསུམ་ནི། དགེ་མི་དགེའི་མཚན་ཉིད་བརྟག་པར་བྷཱ་བ་བྷ་དྲས་བཤད་དོ། །ཕྲེང་བ་ལས་ཀྱང་གསུངས་ཏེ། སློབ་མའི་ལྟེ་བར་ཉི་མ་ ལ་གནས་པའི་ཧཱུཾ་གི་འོད་ཟེར་གྱིས་སྙིང་གར་གནས་པའི་ཀཾ་ལས་བྱུང་བའི་སྡིག་པ་ཤ་ཟ་ལྟར་གནག་ཅིང་གཟུགས་རྣམ་པར་འགྱུར་བ་འབྲས་བུ་འཕྱང་བ་སྐྲ་གྱེན་དུ་འགྲེང་བ་སྣ་སྒོ་ནས་ཕྱུང་ལ། ཧཱུཾ་ཡང་སྙིང་གར་ཕྱིན་ནས་ཡོངས་སུ་གྱུར་བ་ལས་འཆད་པར་ འགྱུར་བའི་ཧཱུཾ་མཛད་དུ་བསྒོམས་ནས་ཕྱིར་འཐོན་ཏེ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཨོཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་ཝན་བིདྱ་རཱ་ཛ་ཆེ་གེ་མོའི་སརྦ་པཱ་པཾ་ནཱ་ཤ་ཡ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་བརྗོད་ཅིང་ 3-2-117a ཕྱག་གི་རྡོ་རྗེ་འབར་བས་ཕྱུང་བའི་སྡིག་པ་སྟོང་པར་མཛད་པར་བསམ་མོ། །ཞེས་གསུངས་ཏེ། ཡི་གེ་གཉིས་ལས་ཧཱུཾ་མཛད་དང་སྡིག་པའི་སྐྱེད་ཆོག་ཟིན་པའི་འོག་ཏུ། ཧཱུཾ་མཛད་ཀྱི་འོད་ཟེར་གྱིས་བདས་ནས་སྡིག་པ་སྣ་སྒོ་ནས་ཕྱི་རོལ་ཏུ་ ཕྱུང་བ་རྡོ་རྗེས་བསྣུན་པས་ཟད་པར་བྱས་པར་བསྒོམས་ན་དགོངས་པ་དང་མི་འགལ་ཞིང་བདེའོ། །དེ་ནས་ཧཱུཾ་མཛད་ཀྱིས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨ་སྱ་སརྦ་བི་གྷན་བནྡྷ་བནྡྷ་ཧཱུཾ་ཕཊ། ཅེས་གསུང་ཞིང་བཀའ་བསྒོས་པ་དང༌། རང་གིས་ཀྱང་དེ་འདོན་བཞིན་ པས་སྟོད་བདུད་རྩི་འཁྱིལ་པ་ལྟེ་བ་ནས་འོག་ཕུར་བུའི་རྣམ་པ་ཅན་གྱི་ཕུར་བུས་སློབ་མའི་སེམས་ཀྱི་བགེགས་རྣམས་ལ་ཕུར་བུས་གདབ་ཅིང༌། ཕུར་བུའི་འོད་ཟེར་ཤིན་ཏུ་དྲག་པོ་རྣམས་ཀྱིས་སྡང་བ་ཀུན་བསྲེགས་པར་བསམ་པར་བྱའོ། །སློབ་མ་ཡང་སཾ་ ལས་ཀུན་ཏུ་བཟང་པོའི་གཟུགས་སུ་བསམས་ཏེ་བསྲུང་བའི་དོན་དུ་སྙིང་གར་ཨ་ལས་སྐྱེས་པའི་ཟླ་བ་ཨཱཿལས་བྱུང་བའི་སྣ་ཚོགས་རྡོ་རྗེས་མཚན་པ་དང༌། མགོ་བོ་ལ་ཟླ་བ་ལ་གནས་པའི་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པ་གྱེན་དུ་འགྲེང་བའི་ལྟེ་བར་ མཱ་མ་ཀཱི་དམ་ཚིག་པ་བཞུགས་པར་བསམ་མོ། །དེའི་ཐུགས་ཀར་ཡེ་ཤེས་སེམས་དཔའི་མ་མཱ་ཀཱི་གནས་པའི་ཐུགས་ཀར་ཟླ་བ་ལ་གནས་པའི་རྡོ་རྗེའི་ལྟེ་བའི་ནང་དུ་འོག་ནས་འབྱུང་བའི་སྔགས་ཕྲེང་ལས་བྱུང་བའི་རྡོ་རྗེ་སེར་པོ་ཕྲ་མོའི་འོད་ཟེར་ འཕྲོས་པ་རྣམས་ཀྱིས་ལུས་ཐམས་ཅད་ཁྱབ་པར་བྱས་ཏེ་གོ་ཆ་བགོས་པར་བསམ་ཞིང༌། ཨོཾ་ཨཱཿ ཤཾ་ཀ་རེ་ཤནྟི་ཀ་རེ་གྷུཊྚ་གྷུཊྚ་གྷུཊྚི་ནི་གྷ་ཏ་ཡ་གྷ་ཏ་ཡ་གྷུཊྚི་ནི་ཆེ་གེ་མོ་ལ་རཀྵ་རཀྵ་སྭཱཧཱ། ཞེས་བརྗོད་པས་བསྲུང་ཞིང༌། འཁྱིལ་པའི་སྔགས་ཀྱང་བཟླས་ 3-2-117b པའི་ཆེད་དུ་བྱིན་ན་བགེགས་རྣམས་ཀྱིས་མི་ཚུགས་ཤིང་མཁོ་བའི་ཡོ་བྱད་རྣམས་ཀྱང་བདེ་བླག་ཏུ་རྙེད་པར་གསུངས་སོ། །སྔགས་འདི་མཱ་མ་ཀཱིའི་སྔགས་སུ་གསང་འདུས་ཀྱི་ལེའུ་བཅུ་བཞི་པར་གསུངས་ལ། མཱ་མ་ཀཱི་ནི་སྔོན་མོ་ནག་དཀར་དམར་བའི་ཞལ་གསུམ་ ཕྱག་གཡས་གསུམ་ན་རྡོ་རྗེ་འཁོར་ལོ་ཨུཏྤལ་སྔོན་པོ་རྩ་བ་དམར་བ་འཛིན་པ། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པར་མདོར་བྱས་སུ་བཤད་དོ། །སློབ་མ་རྗེས་གཟུང་འདི་དག་ནི། སྡིག་པ་དག་པར་བྱེད་པ་དང༌། བགེགས་ཀྱིས་མི་ཚུགས་པའི་ཐབས་ཟབ་མོར་ སྣང་བས་སྐབས་གཞན་དུ་འང་རང་ངམ་གཞན་ལ་སྐབས་དང་སྦྱར་ནས་བྱས་ན་ལེགས་པར་མཐོང་ངོ༌། །འདི་ཕྲེང་བར་བསྙེན་པ་བཤད་ཟིན་པའི་འོག་ཏུ་གསུངས་པ་ལྟར་བསྙེན་པ་ཟིན་པའི་སློབ་དཔོན་ལ་གསོལ་བ་འདེབས་ནའང་སྐབས་དེར་བྱ་ལ། བསྙེན་ པའི་གོང་དུ་གསོལ་བ་འདེབས་ནའང་སྐབས་དེར་བྱ་རྒྱུ་ཡིན་པས་གོ་རིམ་མ་ངེས་སོ། །གསུམ་པ་ནི། སྤྱིར་བསྙེན་པ་ནི་རིམ་པ་གཉིས་ཀ་ལ་བྱ་སྟེ། འདུས་པ་ཕྱི་མ་ལས། ཐུན་མོང་མཆོག་གི་དབྱེ་བ་ཡིས། །བསྙེན་པ་རྣམ་པ་གཉིས་སུ་འདོད། །ཐ་མལ་པ་ ནི་རྡོ་རྗེ་བཞི། །མཆོག་ནི་ཡན་ལག་དྲུག་གིས་སོ། །ཞེས་གསུངས་པས་སོ། །དེས་ན་དབང་ཐོབ་ནས་དམ་ཚིག་དང་སྡོམ་པ་ལ་གནས་ཏེ་རིམ་པ་གཉིས་ལ་རིམ་ཅན་དུ་སློབ་པའི་བསྙེན་པ་ནི་རང་གི་ལམ་སྒོམ་པ་ཡིན་པས། དབང་དང་རབ་གནས་ སོགས་བྱེད་ན་སྒྲུབ་ལ་མི་བྱེད་ན་འཇོག་པ་ག་ལ་ཡིན། དེའི་ཕྱིར་མར་མེ་མཛད་བཟང་པོ་ལ་སོགས་པ་མཁས་གྲུབ་མང་པོས་སྔོན་དུ་བསྙེན་པ་བྱེད་པ་ལ་ལྷའི་རྣལ་འབྱོར་རྫོགས་པར་བསྟན་ནས་དེའི་འོག་ཏུ་དཀྱིལ་འཁོར་གྱི་ཆོ་ག་བཤད་པ་ནི། 3-2-118a གཞན་དབང་བསྐུར་བ་སོགས་བྱེད་པ་དང་མི་བྱེད་པ་གཉིས་ཀ་དང༌། ཐུན་མོང་དང་མཆོག་སྒྲུབ་པ་གཉིས་ཀས་ཐུན་བཞིའི་ལྷའི་རྣལ་འབྱོར་བྱ་དགོས་པ་ལ་དགོངས་ནས་མཛད་པ་ཡིན་ནོ། །བསྙེན་པ་སྔོན་དུ་མ་སོང་བར་དབང་ལ་སོགས་ པ་ལ་འཇུག་པ་ནི་རང་གིས་རང་ལ་གནོད་པ་བྱེད་པ་ཡིན་ཏེ། སྙིང་པོ་མདོར་བསགས་ལས། དཀྱིལ་འཁོར་མཆོག་གི་སློབ་དཔོན་གྱིས། །སྔོན་དུ་བསྙེན་པ་ལ་འབད་ནས། །དེ་ནས་དཀྱིལ་འཁོར་དེ་ཉིད་ནི། །ཤིན་ཏུ་དུལ་བས་བརྟག་པར་བྱ། །ལྷ་ནི་མཉེས་པ་ མ་བྱས་ན། །བདག་ཉིད་རྣམ་པར་སུན་འབྱིན་ཡིན། །ཞེས་གསུངས་ཏེ། ནག་པོ་སྤྱོད་པས་ཀྱང་ལྷ་མཉེས་པར་མ་བྱས་ན་རང་ཉིད་སུན་འབྱིན་པར་གསུངས་སོ། །ཕྲེང་བ་ལས་ཀྱང༌། ཐམས་ཅད་མཁྱེན་པའི་ལམ་ཤེས་པས། སྔོན་དུ་བསྙེན་པ་ཚོགས་གསོག་ཅིང༌། ། བགེགས་ནི་རྣམ་པར་ཉམས་བྱེད་བྱ། །བསྙེན་པ་མེད་པས་དངོས་གྲུབ་མེད། །དེ་ཕྱིར་རིམ་གཉིས་དེ་ཉིད་རིག །དབེན་པར་ཡང་དག་གནས་ནས་ནི། །ལྷ་ཡི་འཁོར་ལོ་བསྒོམ་པར་བྱ། །སྐྱོ་ན་དེ་ཡི་གསང་སྔགས་བཟླས། །འཁོར་ལོའི་གཙོ་བོའི་འབུམ་ བཟླས་ཤིང༌། །ཡང་ན་རང་གི་ལྷ་ཡི་འབུམ། །དཀྱིལ་འཁོར་པ་ཡི་ཁྲི་ཡིན་ཏེ། །འདི་ནི་སྔོན་དུ་བསྙེན་པར་བརྗོད། །ཅེས་ཚོགས་བསག་པ་དང་བགེགས་ཉམས་པར་བྱ་བ་སོགས་ཀྱི་ཕྱིར་དུ་ཐོག་མར་ལྷ་སྒོམ་པ་དང་སྔགས་བཟླ་བའི་བསྙེན་པ་བྱ་བར་ གསུངས་ཏེ་ཚིག་འདི་དག་བཟང་པོ་ཡོངས་བཟུང་ན་ཡོད་དོ། །དེའི་ཕྱིར་ཐོག་མའི་བསྙེན་པ་ཤིན་ཏུ་གལ་ཆེ་ལ་དབང་དང་རབ་གནས་སོགས་ལ་འཇུག་པས་ལྷ་སྒོམ་པའི་བསྙེན་པ་ཇི་ཙམ་ཞིག་བྱ་བ་ནི། ཕྲེང་བ་ལས། དེ་ལྟར་སྔོན་དུ་བསྙེན་པ་རྒྱས་ 3-2-118b པར་བྱས་པས་སྐད་ཅིག་གིས་དཀྱིལ་འཁོར་གྱི་ལྷའི་རྣལ་འབྱོར་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་སྤྲོ་བ་དང་བསྡུ་བ་མངོན་དུ་བྱ་བར་ནུས་པས། འཁོར་ལོར་གནས་པ་ཉིད་ཀྱི་འཁོར་ལོ་ཅན་གྱིས་མ་བཀག་པའམ་ཚོགས་བསགས་པ་ཉིད་ཀྱིས་གནང་ བས་ཀྱང་དཀྱིལ་འཁོར་དང་རབ་ཏུ་གནས་པ་དང་སློབ་མ་བསྡུ་བ་ལ་སོགས་པ་བྱའོ། །ཞེས་གསུངས་པ་ལྟར། ཐུན་བཞིའི་རྣལ་འབྱོར་ལ་འབད་པའི་སྒོ་ནས་ལྷའི་ང་རྒྱལ་དང་གསལ་སྣང་སྒྲུབ་པ་ནི་བསྙེན་པའི་གཙོ་བོ་ཡིན་ཏེ། འདི་ཇི་ལྟར་བྱ་བ་རྒྱས་པར་ བསྐྱེད་རིམ་གྱི་སྐབས་སུ་བཤད་པར་བྱའོ། །བཟླས་པའི་གྲངས་ནི། ཕྲེང་བ་ལས་འབྱུང་བ་བཞིན་དུ་ཕྱེད་བཅས་བཞི་བརྒྱ་པ་ལས་ཀྱང༌། དཀྱིལ་འཁོར་ཅན་སྔགས་འབུམ་བཟླས་པའམ། ཡང་ན་རང་གི་ལྷ་ཡི་འབུམ། །གཞན་གྱི་ཁྲི་སྟེ་ཡང་ན་ནི། །འཁོར་ལོ་ ཅན་གྱི་བཀས་གནང་བྲི། །ཞེས་གསུངས་ཏེ། གཙོ་བོ་ལས་གནང་བ་ཐོབ་ན་དེ་ཙམ་མ་སོང་ཡང་རུང་བར་གསུངས་སོ། །རིན་ཆེན་རྡོ་རྗེ་དང་ཕྲེང་བའི་རྗེས་འབྲང་བི་བྷཱུ་ཏཱིས་ཀྱང་གཙོ་བོ་དང་རང་གི་ལྷའི་འབུམ་གདམ་ང་ཅན་དུ་མཛད་དོ། །བརྟག་གཉིས་ཀྱི་བརྟག་པ་དང་ པོའི་བཅུ་པ་ལས་ཀྱང༌། དཀྱིལ་འཁོར་བདག་པོའི་བཟླས་པ་འབུམ། །དཀྱིལ་འཁོར་པ་ཡི་དེ་བཞིན་ཁྲི། །ཞེས་གསུངས་པ་ལྟར། ལྭ་བའི་ན་བཟའ་ཅན་དང་དཔལ་འཛིན་གྱིས་ཀྱང་གསུངས་པས། མངོན་བརྗོད་ཀྱི་ཞེ་དགུ་པར་གཙོ་བོ་དང་རང་གི་ལྷ་གཉིས་ཀ་ ལ་འབུམ་བཟླ་བར་གསུངས་པའི་དགོངས་པ་ནི་གདམ་ང་ཅན་ལ་བྱའོ། །ཕྲེང་བའི་དེ་བཟང་པོ་ཡོངས་བཟུང་བཀོད་པར་སྣང་བས་དེ་ལས་གཙོ་བོ་དང་རང་གི་ལྷ་གཉིས་ཀ་ལ་འབུམ་བཟླ་བར་གསུངས་པའི་འགྱུར་ཡང་ཕྲེང་བ་བཞིན་དུ་བྱ་དགོས་སོ། །ཉིན་མོ་ 3-2-119a འབྱུང་གནས་ཟླ་བའི་ཞབས་དང་པྲ་ཛྙཱ་རཀྵི་ཏའི་དཀྱིལ་ཆོག་ཏུ་ཡང་གཙོ་བོ་དང་རང་གི་ལྷ་ལ་འབུམ་ཕྲག་རེ་རེ་བཤད་མོད་ཀྱང་གྲུབ་ཆེན་མར་མེ་མཛད་ལ་ཚད་མར་བྱའོ། །བདེ་མཆོག་ལ་ནག་པོ་སྤྱོད་པ་དང་དཱ་རི་ཀ་པས་གཙོ་བོ་ཡབ་ཡུམ་ ལ་ཁྲི་ཕྲག་གསུམ་གསུམ་དང༌། འཁོར་ལོ་གསུམ་གྱི་ལྷ་ཞེ་བརྒྱད་ལ་ཁྲི་ཕྲག་གཉིས་གཉིས་དང༌། བདེ་ཆེན་འཁོར་ལོ་དང་དམ་ཚིག་གི་འཁོར་ལོའི་ལྷ་བཅུ་གཉིས་ལ་སྟོང་ཕྲག་ཕྱེད་དང་དྲུག་དྲུག་ཏུ་གསུངས་སོ། །ཡང་དཱ་རི་ཀ་པས། འབྲིང་ངམ་ཆུང་ངུའི་ ཚུལ་གནས་ན། །དཀྱིལ་འཁོར་དབང་པོ་འབུམ་དུ་སྟེ། །དེ་བཞིན་མཁའ་འགྲོ་སྟོང་ཕྲག་བཅུ། །བཟླས་ཏེ་ལྷ་རྣམས་མཉེས་པར་བྱ། །ཡེ་ཤེས་མཆོག་ལ་ཁྲི་ཕྲག་སྟེ། །སྦྱིན་སྲེག་མཆོག་གིས་ཉེ་བར་མཆོད། །ཅེས་གསུངས་པའི་དོན་ལ་བོད་ཀྱི་མཁས་པ་ དག་ལྷ་བཅུ་གསུམ་མམ་ལྷ་ལྔ་མ་ལ་གཙོ་བོ་ལ་འབུམ་འཁོར་ལ་ཁྲི་ཕྲག་རེ། ཐམས་ཅད་ཀྱི་ཐུན་མོང་དུ་ཡེ་ཤེས་འབེབས་པའི་སྔགས་ལ་ཁྲི་ཕྲག་གཅིག དེ་རྣམས་ཀྱི་བཟླས་པའི་བཅུ་ཆ་སྦྱིན་སྲེག་བྱ་ཞེས་གསུངས་སོ། །ཡེ་ཤེས་འབེབས་པའི་ བཟླས་པའི་བཅུ་ཆ་ལ་སྦྱིན་སྲེག་བྱ་བར་དུས་འཁོར་གྱི་སྐོར་ལས་གསུངས་པ་དང༌། སྡོམ་འབྱུང་སོགས་ལས་ཞི་རྒྱས་ལ་སོགས་པའི་དངོས་གྲུབ་སྒྲུབ་པའི་སྐབས་སུ་བཟླས་པའི་བཅུ་ཆའི་སྦྱིན་སྲེག་བྱ་དགོས་པར་མང་དུ་གསུངས་པ་མ་གཏོགས་ པ། དཀྱིལ་འཁོར་གྱི་ཆོ་ག་བྱེད་པའི་སྔ་རོལ་གྱི་བཟླས་པ་ལ་བཅུ་ཆའི་སྦྱིན་སྲེག་བྱ་བར་ཚད་ལྡན་གྱི་དཀྱིལ་ཆོག་ནས་ཀྱང་མ་གསུངས་པས་མི་དགོས་སོ། །དེས་ན་དཱ་རི་ཀ་པས་གསུངས་པ་ཡང་ཆོ་ག་དང་བཟླས་པའི་ཆད་ལྷག་གི་ཉེས་པ་རྣམས་དག་ 3-2-119b པར་བྱ་བའི་ཕྱིར་བཟླས་བསྒོམ་གྱི་མཐར་བྱེད་པའི་སྦྱིན་སྲེག་ཡིན་གྱི་བཅུ་ཆའི་སྦྱིན་སྲེག་མིན་ཏེ། རྡོ་རྗེ་སྙིང་པོ་རྒྱན་གྱི་བདུན་པ་ལས། གསང་སྔགས་ལྷག་ཆད་གང་ཡིན་པ། །ཐམས་ཅད་སྦྱིན་སྲེག་དག་གིས་སྐོངས། །ཞེས་གསུངས་པ་ལྟར་རོ། །ཐོད་པའི་ རྒྱུད་ཀྱི་རྗེས་སུ་འབྲངས་ནས་དེའི་དཀྱིལ་ཆོག་ལས། རྒྱུད་ལས་གསུངས་པའི་ཚུལ་བཞིན་དུ། །བསྐྱེད་པའི་ཚུལ་གནས་བླ་མ་ཡིས། །དཀྱིལ་འཁོར་བདག་པོའི་བཟླས་པ་ནི། །བསོད་ནམས་ཆེ་འབྲིང་ཆུང་བ་དག །བྱེ་བ་འབུམ་དང་ཁྲིས་འགྲུབ་འགྱུར། །འཁོར་ རྣམས་གཙོ་བོའི་ཡན་ལག་ཕྱིར། །ཐ་དད་པར་ནི་བཟླས་མི་བྱ། །གལ་ཏེ་མཚན་མ་མཐོང་གྱུར་ན། །བཟླས་པའི་འཕྲོ་ཡང་བཤོལ་བས་འགྲུབ། །ཅེས་གསུངས་ཤིང༌། བྷཱ་བ་བྷ་དྲས་ཀྱང༌། དེ་ནས་རང་གི་རིག་པ་ལན་ཁྲིའམ་འབུམ་མམ་བྱེ་བ་སྙེད་དུ་བཟླས་ལ། ཞེས་གསུངས་སོ། །འཁོར་གཙོ་བོའི་ཡན་ལག་ཡིན་པས་གུད་དུ་བཟླ་མི་དགོས་པར་གསུངས་པ་ནི་དངོས་པོ་ལ་དེ་ལྟར་ཡིན་པས་མི་ཆོག་གི་སྟོང་ཉིད་ལ་མཐར་ཐུག་པར་གཏུགས་ནས། གཉིས་སུ་མེད་པའི་ཡེ་ཤེས་ཉིད་རྟེན་དང་བརྟེན་པར་ ཤར་བའི་ཚུལ་ལ་ངེས་པ་བརྟན་པོ་རྙེད་པ་ལ་དགོངས་སམ་བརྟག་པར་བྱའོ། །བཟླས་རྒྱུའི་སྔགས་ལ་ནག་པོ་སྤྱོད་པས། དཔའ་པོའི་སྙིང་པོའི་གསང་སྔགས་ནི། །ཁྲི་ཕྲག་གསུམ་དུ་བཟླས་པར་བྱ། །ཞེས་སྙིང་པོའི་སྔགས་ལ་གསུངས་ལ། ཕྱེད་བཅས་ བཞི་བརྒྱ་པ་ལས། འབྱིན་པ་དེ་ཉིད་གསུམ་དང་སྤེལ། ཞེས་བཛྲ་དྷྲིཀ་ལ་སོགས་པའི་འབྱིན་སྔགས་འབྲུ་གསུམ་དང་སྤེལ་བ་བསྙེན་པའི་དུས་ཀྱི་བཟླས་བྱའི་སྔགས་སུ་གསུངས་པ་དང༌། དོན་ཡོད་ཞབས་ཀྱིས་འཇིགས་བྱེད་ཀྱི་ཡི་གེ་བཅུ་པའི་སྙིང་པོ་ 3-2-120a འབུམ་ཕྲག་གཅིག་བཟླས་པ་བྱ་བར་གསུངས་པས། དབང་ལ་སོགས་པ་བྱིན་པ་ལ་ནི། ཕྲེང་སྔགས་ལ་སོགས་པའི་སྔགས་རིང་རྣམས་ངེས་པར་ནི་དགོས་སོ། །སྡོམ་འབྱུར་གི་བཅུ་གཉིས་པ་ལས། རྫོགས་ལྡན་ལ་ནི་བཟླས་བྱ་གཅིག །ཉིས་ འགྱུར་གསུམ་ལྡན་ལ་བཟླས་བྱ། །སུམ་འགྱུར་གཉིས་ལྡན་ལ་རབ་བརྗོད། །རྩོད་ལྡན་བཟླས་པ་བཞི་འགྱུར་རོ། །ཞེས་གསུངས་པས། གཙོ་བོ་ལ་འབུམ་དང་འཁོར་ལ་ཁྲི་བཟླ་བར་གསུངས་པ་རྣམས་བཞི་འགྱུར་དུ་བྱ་དགོས་ཞེས་ཁ་ཅིག་སྨྲ་མོད་ཀྱང་ རྒྱུད་ཀྱི་དོན་དུ་མ་མཐོང་སྟེ། སྡོམ་འབྱུང་གི་བཅུ་གཅིག་པར་གཙོ་བོ་ཡབ་ཡུམ་དང་མཁའ་འགྲོ་མ་ལ་སོགས་པ་བཞི་སྟེ་ལྷ་དྲུག་གི་སྒོ་ནས་གཏེར་དང་བཅུད་ལེན་སོགས་སྒྲུབ་པའི་སྐབས་སུ་སྙིང་པོ་འབུམ་དང་ཉེ་སྙིང་འབུམ་ཕྲག་གསུམ་ལ་སོགས་ པ་ཟློ་བ་དང་བཟླས་པ་གང་བྱས་ཀྱི་བཅུ་ཆའི་སྦྱིན་སྲེག་བྱེད་པར་གསུངས་ལ། དེ་རྫོགས་ལྡན་གྱི་དབང་དུ་བྱས་པར་འགྲེལ་པས་བཤད་ཅིང་ལུང་དྲངས་པ་དེའི་འགྲེལ་པ་ལས་ཀྱང་འབུམ་ཕྲག་གཅིག་དང་གཉིས་ལ་སོགས་པ་བཟླ་བར་གསུངས་པ་རྣམས་ རྫོགས་ལྡན་གྱི་ཡིན་པས་དེ་ཉིས་འགྱུར་ལ་སོགས་པ་བྱ་བར་བཤད་པས། དངོས་གྲུབ་སྒྲུབ་པའི་སྐབས་ལ་གསལ་བར་བཤད་ཀྱི་དཀྱིལ་འཁོར་གྱི་ཆོ་ག་བྱེད་པའི་སྔོན་དུ་བཟླས་པ་བྱེད་པ་ལ་མ་བཤད་པའི་ཕྱིར་དང༌། དཀྱིལ་ཆོག་ཁུངས་ཐུབ་གཞན་ནས་ ཀྱང་དེ་ལྟར་བྱེད་པའི་རྣམ་གཞག་མ་གསུངས་པའི་ཕྱིར་རོ། །ཁ་ཅིག་དབང་སྐུར་བ་ལ་སློབ་མའི་སྡིག་པ་ཞི་བ་དང་ཡོན་ཏན་རྒྱས་པ་དང་བགེགས་ཚར་བཅད་པ་སོགས་ཡོད་པས་ཞི་རྒྱས་ལ་སོགས་པའི་དངོས་གྲུབ་སྒྲུབ་པའི་སྐབས་ཡིན་ནོ་ཞེས་ 3-2-120b པ་ནི་རིགས་པ་མ་ཡིན་ཏེ། དེ་ལྟ་ཡིན་ན་ཐོག་མར་བསྙེན་པ་བྱེད་པའི་སྐབས་ཀྱི་བཟླས་སྒོམ་ཐམས་ཅད་ལ་ཡང་དགོས་པ་དེ་དག་ཡོད་པས་དེ་དག་ཀྱང་དངོས་གྲུབ་སྒྲུབ་པའི་སྐབས་སུ་འགྱུར་བས། སྔོན་དུ་བསྙེན་པ་དང་དེ་ནས་དངོས་གྲུབ་སྒྲུབ་པའི་ སྐབས་སོ་སོར་གཞུང་དུ་མ་ནས་བཤད་པ་ཐམས་ཅད་དང་འགལ་བར་འགྱུར་རོ། །བསྙེན་པའི་དབྱེ་བ་ལ་དཔའ་བོ་རྡོ་རྗེས་གསུམ་དུ་བཤད་དེ། མཚན་མའི་བསྙེན་པ་ནི། ཐུན་བཞིའི་རྣལ་འབྱོར་བྱས་པས་དུ་བ་ལ་སོགས་པའི་རྟགས་མཐོང་བ་དང༌། དུས་ ཀྱི་བསྙེན་པ་ནི། ལོའམ་ལོ་ཕྱེད་དམ་ཟླ་བ་བཞིར་སྒོམ་པ་དང༌། གྲངས་ཀྱི་བསྙེན་པ་ནི། གཙོ་བོ་ལ་འབུམ་འཁོར་ལ་ཁྲི་ཟློ་བ་གང་རུང་གཅིག་བྱས་པས་ཆོག་པར་འདོད་མོད་ཀྱང༌། ལྭ་བ་པས། འཁོར་ལོའི་བདག་པོའི་འབུམ་བཟླས་ཤིང༌། །དཀྱིལ་འཁོར་པ་ཡི་ དེ་བཞིན་ཁྲི། །ཞེས་ཇི་སྐད་གསུངས་པ་བཞིན་དུ་བཟླས་བརྗོད་བྱས་པས་ལྷའི་མཚན་མ་ཐོབ་པའམ་རང་གི་སེམས་དག་ཅིང་བརྟན་པར་གྱུར་པར་བྱ་སྟེ་སྔོན་དུ་བསྙེན་པའོ། །ཞེས་གྲངས་ཀྱི་བཟླས་པ་དང་ལྷའི་རྣལ་འབྱོར་བྱས་པས་ལྟས་གནང་བའི་ མཚན་མ་ཐོབ་པ་དང་ལྷའི་རྣལ་འབྱོར་བརྟན་པའི་སེམས་དག་པ་ཐོབ་པ་གང་རུང་ཞིག་དགོས་པར་གསུངས་ལ། དཔལ་འཛིན་གྱིས་ཀྱང་དེ་བཞིན་དུ་གསུངས་པས། ལྷ་ལས་གནང་བ་ཡང་མ་ཐོབ་ཅིང་བཟླས་པའི་གྲངས་ཀྱང་མ་རྫོགས་པས་ལོ་ལ་སོགས་ པའི་དུས་གསུམ་པོ་གང་རུང་དུ་བསྒོམས་ན་བྱར་རུང་བར་བཤད་པ་མི་འཐད་དོ། །མཚན་མའི་བསྙེན་པ་ལ་གཉིས་ལས། ལྷས་གནང་བའི་མཚན་མ་མ་བྱུང་ན་སེམས་དག་པའི་མཚན་མ་བྱུང་ཡང་བཟླས་པའི་གྲངས་རྫོགས་པར་བྱ་སྟེ། ཀླུ་བྱང་གིས་སྒོམ་པ་ 3-2-121a ལྷུར་བྱས་ནས་མཚན་མ་རྙེད་ནས་བྲི་བར་གསུངས་པ་ལ་ཡང་སྔགས་བཟླས་པ་ལ་གནས་པར་གསུངས་པ་དང༌། ཕྱེད་བཅས་བཞི་བརྒྱ་པ་ལས་ཀྱང༌། འཁོར་ལོ་ལ་གནས་ཚུལ་བཞིན་བཟླས། །མཚན་མ་ཐོབ་ནས་ཡང་དག་བྲི། །ཞེས་གཉིས་ཀ་ཚོགས་པ་གསུངས་པའི་ཕྱིར་རོ། །བཟླས་པ་ནི་ཐུན་སོ་ སོའི་རྣལ་འབྱོར་གྱི་སྐབས་སུ་ཡིད་གཞན་དུ་མ་གཡེངས་ཤིང་སྨྲ་བ་གཞན་སྤངས་པའི་བཟླས་བརྗོད་སྒྲུབ་ཐབས་རྣམས་ནས་བཤད་པ་དགོས་ཀྱི། ཐུན་མཚམས་ལས་སོགས་པའི་སྐབས་གཞན་དུ་གང་བྱུང་དུ་བགྲངས་པས་མི་ཆོག་སྟེ་འཆད་པར་འགྱུར་རོ། ། བཟླས་ལུགས་ལ་གང་དུ་དཀྱིལ་འཁོར་བྱེད་པའི་གནས་སུ་མཎྜལ་བྱས་པ་ལ་དྲིའི་ཐིག་ལེ་མེ་ཏོག་གི་ཚོམ་བུ་དང་བཅས་པ་བྱས་ནས་དེར་ལྷ་བསྒོམས་ཏེ་བཟླ་ཞེས་པྲཛྙཱ་ཤྲཱི་ཟེར་བ་དང༌། འཇིགས་བྱེད་ལྷས་དབང་མེད་བྱུང་ན་བཟླས་པ་དུ་མ་ཞིག་བྱས་ལ་ལྷས་ གནང་བར་བསམས་པས་བྱར་རུང་བ་དང་ལྷ་ཡང་དཔའ་བོ་གཅིག་པ་བསྒོམས་པས་ཀྱང་ཆོག་པར་འདོད་པ་རྣམས་ལ་ཤེས་བྱེད་ཁུངས་ཐུབ་པ་ཅུང་ཟད་ཀྱང་མེད་པས་མི་དགོས་ཤིང་མི་བྱའོ། །བོད་ཀྱི་བླ་མ་ཁ་ཅིག་ཀྱང་བུམ་སྐྱེད་དམ་ཡང་ན་མདུན་ སྐྱེད་བྱས་ལ་བཟླས་པ་བྱ་གསུང་ཡང་མར་མེ་མཛད་བཟང་པོ་ལ་སོགས་པ་ཁུངས་ཐོབ་དུ་མས་མངོན་རྟོགས་ཀྱི་སྐབས་སུ་བཤད་པ་བཞིན་གྱི་བསྒོམ་བཟླས་མ་གཏོགས་པ་དམིགས་བསལ་མ་བཤད་པས་སྤྱིར་ལྷའི་བསྒོམ་བཟླས་ཐུན་བཞིར་བྱེད་ པ་དང༌། དབང་སྐུར་བ་སོགས་ཀྱི་དོན་དུ་ཐུན་བཞིར་བསྒོམ་བཟླས་བྱེད་པ་རྣམས་ཁྱད་མེད་དོ། །དཀྱིལ་འཁོར་གཅིག་ལ་ཡང་དབང་སྐུར་རེས་ཀྱིས་གྲངས་རྫོགས་པའི་བཟླས་བསྒོམ་བྱ་བར་བོད་ཀྱི་བླ་མ་ཁ་ཅིག་བཞེད་མོད་ཀྱང༌། སྔར་བཤད་པ་ལྟ་བུའི་ 3-2-121b བསྒོམ་བཟླས་ལན་ཅིག་སོང་ན་དེ་ཉིད་ཀྱིས་ཆོག་ལ། འོན་ཀྱང་བསྒོམ་བཟླས་ཀྱི་བསྙེན་པ་སྔོན་དུ་སོང་བས་དབང་བྱེད་པ་ལའང་རྨི་ལམ་བརྟགས་ནས་གནང་བ་ཐོབ་པ་དང་མ་བཀག་པ་གང་རུང་དགོས་པར་གསུངས་པས་དེ་བཞིན་དུ་བྱའོ། །ལྷ་མི་གཅིག་པའི་དཀྱིལ་ འཁོར་སོ་སོ་ལ་ནི་བསྒོམ་བཟླས་སོ་སོར་བྱ་དགོས་པར་མངོན་ལ་དཔའ་བོ་གཅིག་པའི་བསྒོམ་བཟླས་བྱས་པས་ཀྱང་ཆོག་པའི་སྐབས་ཡོད་པ་རྡོ་རྗེ་འཇིགས་བྱེད་ལྟ་བུ་མ་གཏོགས་པ་རྣམས་ལ་གཙོ་འཁོར་ཚང་བའི་བསྒོམ་བཟླས་བྱའོ། །བཞི་པ་ལ་གཉིས། ཆོ་ག་བྱ་བའི་ དུས་བསྟན་པ་དང༌། ཆོ་ག་ཇི་ལྟར་བྱ་བའི་རིམ་པའོ། །དང་པོ་ནི། སྤྱི་རྒྱུད་ལས། ཡང་དག་ཞི་བའི་སེམས་ཀྱིས་ནི། །དུས་དང་ཚེས་གྲངས་ཞི་བ་ལ། །སྔགས་ཀྱི་སྤྱན་འདྲེན་བྱེད་པ་ནི། །བསམས་པའི་དངོས་གྲུབ་ཐོབ་པར་འགྱུར། །ཞེས་དང༌། ཚེས་གྲངས་ངན་དང་ དུས་མིན་དང༌། །གནས་མིན་ཆོ་གར་མི་ལྡན་པར། །མཁས་པས་དཀྱིལ་འཁོར་མི་བྲིའོ། །བྲིས་ན་དོགས་པ་མེད་པར་འཆི། །ཞེས་དང༌། ཡུད་ཙམ་རྣམས་ནི་རྒྱུད་ཀུན་གྱི། །བྱ་བའི་ཆོ་ག་རྣམས་ལ་ཤིས། །དེ་དག་ལ་སོགས་བཟང་པོ་དང༌། །བྱེད་པ་བཟང་ལ་རྟག་ཏུ་བྲི། །མི་ བཟང་བ་ལ་བརྩོན་པའི་ལས། །གང་དུ་ཅི་ཡང་མི་འགྲུབ་བོ། །ཞེས་ཚེས་གྲངས་སོགས་ཀྱི་དུས་བཟང་ངན་གྱི་ཚེ་ཆོ་ག་བྱེད་པ་ལ་ཕན་ཡོན་དང་ཉེས་དམིགས་ཆེ་བར་གསུངས་པས་དེ་དག་བརྟག་པར་བྱའོ། །ཟླ་བ་གང་ལ་བྱ་བ་ནི་སྤྱི་རྒྱུད་ལས། སྟོན་ཟླ་འབྲིང་པོའི་ཉ་ནས་ནི། ། དཔྱིད་ཟླ་ཐ་ཆུང་ཉ་ཡི་བར། །འདི་ཡི་བར་དུ་མཁས་པ་ཡིས། །དཀྱིལ་འཁོར་ཆོ་ག་བཞིན་དུ་བྲི། །བགེགས་ཀྱི་དཀྱིལ་འཁོར་ནད་གཅོད་དང༌། །དེ་བཞིན་སྒྲུབ་པའི་དཀྱིལ་འཁོར་དག །དཔྱད་མི་དགོས་པར་དབྱར་ཡང་ནི། །མཁས་པས་དུས་བཞིན་བྲི་བར་བྱ། །ཞེས་གསུངས་པ་ལྟར། 3-2-122a ཟླ་བ་བདུན་ལ་དབང་བསྐུར་བའི་དཀྱིལ་འཁོར་བྱ་བར་བཤད་པ་དབྱར་ལ་ཡང་དཀྱིལ་འཁོར་གཞན་བྱ་བར་བཤད་དོ། །ཟླ་བ་བདུན་པོའི་ཡར་ངོ་མར་ངོ་གང་ལ་བྱ་བ་དང་ཡར་གྱི་ཚེས་གྲངས་གང་ལ་བྱ་བ་ནི། དེ་ཉིད་ལས། མཁས་པས་ཇི་སྐད་ བཤད་པ་ཡི། །ཟླ་བ་ཡར་གྱི་ངོ་དག་ལ། །ཟླ་བ་ཉའམ་བཅུ་གསུམ་མམ། །ཚེས་བརྒྱད་དག་གམ་བཅུ་བཞི་འམ། །ཚེས་བཅུ་དང་ནི་བཅུ་གཅིག་གམ། །ཡང་ན་ཡར་གྱི་ཚེས་གཅིག་གམ། །ཚེས་ལྔའམ་ཡང་ན་ཚེས་བདུན་ནམ། །ཡང་ན་ཚེས་གྲངས་གསུམ་ཡང་ རུང༌། །ཉི་མ་བཅུ་པོ་འདི་དག་ལ། །དཀྱིལ་འཁོར་རབ་ཏུ་བསྒྲིམས་ཏེ་བྲི། །མར་གྱི་ངོ་ཡི་དུས་མཚམས་ལའང༌། །དཀྱིལ་འཁོར་བྲི་བ་འགལ་བ་མེད། །ཅེས་གསུངས་ཏེ་རབ་གནས་ཀྱི་རྒྱུད་ལས། གལ་ཏེ་གཟའ་དང་རྗེས་མཐུན་ན། །ནག་པོའི་ཕྱོགས་ལའང་ བརྩམ་པར་བྱ། །ཞེས་གསུངས་པ་ལྟར་རོ། །གཟའ་གང་ལ་བྱ་བ་ཡང་དེ་ཉིད་ལས། ཕུར་བུ་དང་ནི་ཟླ་བ་དང༌། །པ་བ་སངས་དང་ཉི་མ་བཟང༌། །གཞན་ལ་རབ་ཏུ་དྲག་པོ་ཡི། །ལས་ནི་ཀུན་ཏུ་བརྩམ་པར་བྱ། །ཞེས་སོ། །སྐར་མ་གང་ལ་བྱ་བ་ཡང་དེ་ཉིད་ལས། རྒྱལ་དང་སྐག་དང་ས་ག་དང༌། །མེ་བཞི་ནག་པ་ཐ་སྐར་དང༌། །སྣྲོན་ལ་སོགས་པ་དེ་དག་ནི། །དཀྱིལ་འཁོར་དག་ལ་རབ་ཏུ་ཤིས། །དེ་ལ་སོགས་པ་ཞི་བ་དང༌། །རྒྱུ་སྐར་དག་ནི་བཟང་པོ་ལ། །བློ་དང་ལྡན་པས་དཀྱིལ་འཁོར་བྲི། །དྲག་པོ་ལ་ནི་དྲག་པོ་བྲི། །ཞེས་སོ། ། སྦྱོར་བ་དང་བྱེད་པ་ངན་པ་རྣམས་ཀྱང་སྤངས་ནས་བྱའོ། །དུས་ཀྱི་ཁྱད་པར་གཞན་ཡང་སྤྱི་རྒྱུད་ལས། ཉི་མ་ཟླ་བ་གཟའ་ཟིན་དང༌། །ཡ་མཚན་ཆེ་ལྟས་བྱུང་བ་དང༌། །ཆོ་འཕྲུལ་གྱི་ནི་ཟླ་བ་ལ། །བསྒྲིམས་ཏེ་དཀྱིལ་འཁོར་བྲི་བར་བྱ། །ཞེས་གསུངས་ཤིང༌། གཞན་ 3-2-122b ཡང་ཡོ་བྱད་ཚོགས་པ་དང་དད་པ་བདོ་བ་དང་ལས་ལ་བརྩོན་པ་དང༌། འཚེ་བ་མེད་ཅིང་མེ་ཏོག་མོད་པ་ལ་སོགས་པ་དང་སློབ་མའི་བསྙེན་བཀུར་གྱིས་བླ་མ་མཉེས་པའི་ཚེ་ཡང་བྱ་བར་གསུངས་ཏེ། བླ་མ་མཉེས་པའི་ཚེ་བྱིན་པའི་སྔགས་ནི་མྱུར་དུ་འགྲུབ་པར་ལེགས་གྲུབ་ ལས་ཀྱང་གསུངས་སོ། །དེ་ལྟ་བུའི་དུས་བཟང་བའི་སྔ་དྲོ་ནས་བརྩམས་ཏེ་དཀྱིལ་འཁོར་གྱི་ལས་བྱ་བར་ཕྲེང་བར་བཤད་དོ། །གཉིས་པ་ལ་གཉིས། དབང་གི་ཆོ་གའི་རིམ་པ་དངོས་དང༌། དབང་གི་ཡན་ལག་ཏུ་གྱུར་པའི་ཆོ་གའོ། །དང་པོ་ལ་སྒྱུ་དྲའི་གཉིས་པ་ལས། །དང་པོ་ས་གཞི་ཡོངས་སུ་གཟུང༌། །གཉིས་ པ་སྟ་གོན་གནས་པ་སྟེ། །ནུབ་གསུམ་པ་ནི་འཇུག་པ་ཡིན། །ཞེས་གསུངས་པ་ལྟར་གསུམ། སའི་ཆོ་ག་དང༌། སྟ་གོན་གྱི་ཆོ་ག་དང༌། དངོས་གཞིའི་ཆོ་གའོ། །དང་པོ་ལ་དྲུག །ས་བརྟག་པ། ས་བསླང་བ། ས་སྦྱང་བ། ས་གཟུང་བ། བསྲུང་ཞིང་བྱིན་གྱིས་བརླབ་པ། གནས་ དང་དཀྱིལ་འཁོར་གཞན་ལ་ས་ཆོག་དགོས་མི་དགོས་བཤད་པའོ། །དང་པོ་ནི། འདིར་དཀྱིལ་འཁོར་རྣམས་ཀྱི་ཐུན་མོང་གི་ཆོ་ག་བསྟན་པར་འདོད་པས་ཕྲེང་བ་གཞིར་བྱ་སྟེ། དེ་ནི་ཕ་རྒྱུད་དང་མ་རྒྱུད་སོགས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་ཐུན་མོང་བའི་དབང་དུ་མཛད་པ་ ཡིན་པའི་ཕྱིར་དང་ཆོ་ག་ཤིན་ཏུ་རྒྱས་ལ་གསལ་བའི་ཕྱིར་རོ། །དེ་ལ་གནས་མིན་པར་དཀྱིལ་འཁོར་བྲིས་ན་འཆི་བར་སྤྱི་རྒྱུད་ལས་གསུངས་པས་དཀྱིལ་འཁོར་བྱ་བའི་གནས་སུ་རུང་མི་རུང་བརྟག་པར་བྱའོ། །དེ་ཡང་ཤར་དུ་བྲིས་ན་རྒྱལ་པོ་འཆི་ཞིང་ཡུལ་མི་ ལ་ཉེ་བར་འཚེ་བ་སྣ་ཚོགས་འབྱུང་བ་དང༌། ལྷོར་ནི་གང་གི་དོན་དུ་བྲིས་པ་དང༌། ནུབ་ཏུ་ནི་སློབ་དཔོན་དང༌། བྱང་དུ་ནི་དཀྱིལ་འཁོར་དེར་ཞུགས་པ་རྣམས་འཆི་བ་དང༌། མེར་ནི་ཆར་དང༌། བདེན་བྲལ་དུ་མུ་གེ་དང༌། རླུང་དུ་ཆར་རླུང་འབྱུང་ཞིང༌། མཆོད་རྟེན་ལ་ཉེ་བར་ནི་འཆི་ 3-2-123a བ་དང༌། ཀླུ་གནས་པའི་ཆུ་དང་ཉེ་བར་ནི་ཆུ་འབྱུང་བ་དང༌། ཤིང་གྲིབ་ཏུ་བྱིས་པ་འཆི་བར་ཤེས་ནས་དེ་ཐམས་ཅད་དོར་ཏེ། གྲོང་རྡལ་དང་གྲོང་ཁྱེར་དང་གྲོང་དང་སྐྱེད་མོས་ཚུལ་དང་གཙུག་ལག་ཁང་དང་ཁྱིམ་རྣམས་ཀྱི་དབང་ལྡན་གྱི་མཚམས་ སུའམ། ཡང་ན་ཡིད་དུ་འོང་ཞིང་ཤར་དང་བྱང་གཞོལ་བར་བྱ་བར་ཕྲེང་བ་ལས་གསུངས་སོ། །དཔལ་མཆོག་སྨད་འགྲེལ་ལས་མེར་ཆར་མི་འབབ་པ་དང་མེའི་འཇིགས་པ་འབྱུང་བ་དང་རླུང་དུ་ཆུ་ཆེན་པོ་འབབ་པར་གསུངས་པས་སྔ་མ་དང་མི་འདྲ་ལ་ཤིང་ གི་གནས་སུ་འཆི་ཤིང་ཀླུའི་གནས་སུ་འཆི་བ་དང་དམུ་རྫིང་འབྱུང་བར་གསུངས་སོ། །ལྷོར་གྲོང་ཁྱེར་སྟོངས་པ་ལྷག་པ་མ་གཏོགས་པ་གནས་དྲུག་ནི། སྔ་མ་དང་འདྲ་སྟེ་དེ་རྣམས་སྟོན་པས་གསུངས་པར་བཤད་དོ། །མཆོད་རྟེན་གྱི་དྲུང་དུ་བྱེད་པ་སྤྱི་ རྒྱུད་ལས་གསུངས་པས་དེ་དང་ཉེ་བར་བྱེད་པ་བཀག་པའོ། །རྡོ་རྗེ་མཁའ་འགྲོའི་ཞེ་དྲུག་པ་ལས་ཀྱང༌། གྲོང་དང་དུར་ཁྲོད་ཚོང་འདུས་དང༌། །ཚལ་དང་ལྷ་ཁང་གྲོང་ཁྱེར་གྱི། །ཤར་དང་བྱང་གི་ས་གཞི་ཤིས། །ལྷོ་དང་ནུབ་ཕྱོགས་དེ་ལྟ་མིན། །ཞེས་དང༌། ཡང་ན་ ཡིད་ནི་གང་དགའ་བར། །དེ་རྣམས་སུ་ནི་དཀྱིལ་འཁོར་བྲི། །ཞེས་གདམ་ང་ཅན་དུ་གསུངས་སོ། །འོ་ན་ཕྱོགས་བདུན་དུ་མི་རུང་བ་དང་ཡིད་གང་དུ་དགའ་བར་བྱ་བ་གཉིས་འགལ་ཞིང་ཤར་དང་བྱང་གི་ཕྱོགས་སུ་བྱེད་པ་ཡང་འགལ་ལོ་ཞེ་ན་སྐྱོན་མེད་དེ། ཤར་ དང་བྱང་ནི་བྱང་ཤར་ལ་དགོངས་ལ། ཕྱོགས་བདུན་བཀག་པ་ནི་གྲོང་དང་ལྷ་ཁང་ལ་སོགས་པའི་ནང་དུ་མི་བྱེད་པར་དེ་དག་དང་ཉེ་བར་ཕྱི་རོལ་ཏུ་དཀྱིལ་འཁོར་བྲི་བ་དང་དཀྱིལ་འཁོར་གྱི་ཁང་པ་བྱེད་ན་ཡིད་དུ་འོང་ཡང་བྱར་མི་རུང་ཞིང༌། དེ་འདྲ་མིན་པའི་སར་བྱེད་ན་ 3-2-123b ཡིད་དུ་འོང་བའི་གནས་སུ་བྱས་པས་ཆོག་པའི་ཕྱིར་རོ། །དེ་ཡང་སྤྱི་རྒྱུད་ལས། ཕུན་སུམ་ཚོགས་པ་ཀུན་བཟང་བའི། །ཚོགས་པ་དག་ནི་རྙེད་པར་དཀའ། །མདོར་ན་ས་གཞི་མཉམ་པ་དང༌། །མདངས་སྣུམ་ཤར་དུ་གཞོལ་བ་བཞེད། །ཆུ་མང་ལྡན་པའི་གནས་དང་ནི། ། ལྗོན་ཤིང་བཟང་པོས་བརྒྱན་པ་དང༌། །བདག་གི་མིག་ཡིད་མགུ་བ་དང༌། །འཚེ་མེད་ཟུག་རྔུ་སྤངས་པ་ནི། །དཀྱིལ་འཁོར་གནས་སུ་ཤིས་པ་སྟེ། །མི་ཡི་དངོས་གྲུབ་ཀུན་ཐོབ་བྱེད། །ཅེས་གསུངས་པ་ལྟར་རོ། །ཟུང་རྔུ་ནི་ཚེར་མ་དང་གྱོ་དུམ་དང་ངམ་གྲོག་དང་རུས་པ་ དང་སྡོང་དུམ་དང་ཁུང་བུ་དང་གྲོག་མཁར་དང་ཐལ་བ་དང་ཚ་རྒོ་ཅན་དང༌། གསེག་མ་དང་རྡོ་དང་རྡུལ་དང་སྐྲ་དང་སྲིན་བུ་དང་གྲོག་སྦུར་སོགས་མང་བ་ལས་ཀུན་ལ་སྤང་བར་གསུངས་པ་ཡིན་ལ། བྱང་ཡང་གཞོལ་བ་དགོས་པར་དེ་ཉིད་ལས་གསུངས་སོ། །ཕྲེང་ བར་ས་ཤིན་ཏུ་རུས་སྦལ་གྱི་རྒྱབ་ལྟ་བུ་ནི་འཆི་བ་དང་ནོར་ཉམས་པའི་རྒྱུར་བཤད་པས་སྤང་ངོ༌། །རྡོ་རྗེ་མཁའ་འགྲོའི་ཞེ་དྲུག་པ་ལས། གཙུག་ལག་ཁང་གི་གནས་ཁང་དང༌། །ཚལ་དང་རི་རྩེ་རྡོ་ལེབ་དང༌། །ཁང་བཟང་གི་ནི་སྟེང་ཕྱོགས་དང༌། །དུར་ཁྲོད་དང་ ནི་ལྷ་ཡི་ཁྱིམ། །ས་ཡི་ཆ་ནི་ཇི་སྙེད་པ། །རྒྱུད་རྣམས་ཀུན་ལས་བསྔགས་པ་ཡིན། །ཞེས་གསུངས་པ་ནི། གནས་དེ་དག་གི་ཕྱི་རོལ་ཏུ་བྱེད་པ་མིན་གྱི་དེ་དག་ཏུ་བྱེད་པ་ཡིན་པས་དེ་འདྲ་ལ་ཕྱོགས་བརྟག་དགོས་པ་མ་ཡིན་ནོ། །སས་བརྟག་པ་ནི། མཐོ་གང་ཙམ་ གྱི་ཁུང་བུ་བརྐོས་ནས་མྱུར་པོར་ས་དེ་ཉིད་ཀྱིས་བཀང་བས་ལྷག་ན་བཟང་བར་ཕྲེང་བ་ལས་བཤད་ཅིང༌། སྤྱི་རྒྱུད་ལས་པུས་ནུབ་ཙམ་དུ་བརྐོས་ལ་ས་དེས་བཀང་བས་ལྷག་ན་དངོས་གྲུབ་ཡོད་ལ་དེ་ལས་བཟློག་ན་ལས་མི་བརྩམ་སྟེ། བརྩམས་ན་སྡུག་བསྔལ་ 3-2-124a མྱོང་ཞིང་ལེགས་པ་ཡང་མི་འཐོབ་པར་གསུངས་སོ། །ཕྱག་རྡོར་དབང་བསྐུར་བའི་རྒྱུད་ལས། མཁས་པས་ཁྲུ་གང་ཙམ་བརྐོས་ནས། །སྔགས་པ་ཡིས་ནི་བརྐོས་པ་དེ། །ས་དེ་ཉིད་ཀྱིས་དགང་བར་བྱ། །ལྷག་ན་མཁས་པ་ཀུན་ཏུ་མཆོག །ཁ་ད་ཆད་ དུ་འབྲིང་དུ་བརྗོད། །གང་བར་མ་གྱུར་ན་དེ་སྤང༌། །མཁས་པས་དེར་ནི་བརྩམ་མི་བྱ། །ཞེས་གསུངས་སོ། །ཆུས་བརྟག་པ་ནི། ཁུང་བུ་སྔ་མ་སླར་ཡང་མཐོ་གང་དུ་བརྐོས་པ་ཆུས་བཀང་ལ་གོམ་པ་བརྒྱར་ཕྱིན་ནས་ལོག་སྟེ་བལྟས་པས་ཆུས་གང་ན་བཟང་ལ་ དམའ་ན་སྤང་ཞིང་སྒྲ་དང་བཅས་ན་ཀླུས་འཇིགས་པ་སྟོན་པར་ཕྲེང་བ་ལས་བཤད་དོ། །རྡོ་རྗེ་མཁའ་འགྲོ་ལས་ཀྱང༌། ཤར་དུ་སྔར་ལྟར་ཕྱིན་ནས་ལོག་སྟེ་བལྟས་པས་གང་ན་བཟང་ལ་སྐམས་ན་སྤང་བར་གསུངས་པའི་འགྲེལ་པར་ཕྱེད་མན་ཆད་སྐམས་ན་མི་ དགེ་ལ་གཞན་དུ་ན་དགེའོ། །ཞེས་བཤད་དོ། །གཞན་ཡང༌། ཆུ་གཡས་སུ་འཁོར་ན་རབ་མི་འཁོར་ན་འབྲིང་གཡོན་དུ་འཁོར་ན་སྤང་ཞིང་བགེགས་དང་བཅས་ན་བདུད་རྩི་འཁྱིལ་པས་བགེགས་བསྐྲད་ལ་ཕུར་བུས་གདབ་པར་འཆད་དོ། །དམ་ཚིག་རྡོ་རྗེས་ཁུང་བུ་བརྐོ་བ་དང་ཆུས་འགེངས་ པའི་ཚེ་འཁྱིལ་བའི་སྔགས་དང་ཤར་དུ་འགྲོ་བ་ན་ཡི་གེ་གསུམ་ཟློ་བར་བཤད་དོ། །ཕྱོགས་དང་མཚན་ཉིད་ཀྱི་སྒོ་ནས་བརྟགས་པས་རུང་བར་ཤེས་ཀྱང་འདི་གཉིས་ཀྱིས་རྟོག་པ་ནི། བརྟགས་པས་བཟང་ན་དངོས་གྲུབ་འགྲུབ་པར་སྤྱི་རྒྱུད་ལས་གསུངས་པས་དེར་ ལས་བརྩམས་ན་མངོན་པར་འདོད་པའི་དོན་འགྲུབ་མི་འགྲུབ་རྟོག་པའོ། །བརྟག་པ་འདི་གཉིས་ནི། གཙུག་ལག་ཁང་དང་མཆོད་རྟེན་དང་ཁང་བཟང་དང་དགོན་གནས་བྱེད་པ་ལ་ཡང་བྱ་བར་ཕྲེང་བ་ལས་བཤད་དེ། དེའི་ཚེ་ནི་དེ་དག་བྱས་པ་ལས་ཤིས་མི་ཤིས་ 3-2-124b རྟོག་པའོ། །ཁ་དོག་གི་སྒོ་ནས་རྟོག་པ་ཡང་ཕྱག་རྡོར་དབང་བསྐུར་བ་ལས། དཀར་པོ་དག་ནི་ཞི་བར་བསྟན། །དམར་པོ་དབང་གི་དོན་དུ་འདོད། །སེར་པོ་རྒྱས་པར་ཤེས་པར་བྱ། །ནག་པོ་དྲག་ཤུལ་སྤྱོད་པར་ཤེས། །ཞེས་གསུངས་སོ། །གཉིས་པ་ནི། སྤྱི་རྒྱུད་ལས། ས་ ཡི་བདག་པོས་གནང་ནས་ནི། །སློབ་དཔོན་གྱིས་ནི་དཀྱིལ་འཁོར་བྲི། །ཞེས་སའི་བདག་པོ་ལ་གནང་བ་ཐོབ་དགོས་པར་གསུངས་པས། བརྟགས་པས་རུང་པའི་ས་དེ་རྒྱལ་པོ་ལ་སོགས་པ་གཞན་དབང་ན་མངོན་པའི་བདག་པོ་ལས་བསླངས་ཏེ་གནང་བ་ གསོལ། དེ་ནས་སྔ་དྲོ་གཏོར་མ་སྦྱིན་པ་སྔོན་དུ་འགྲོ་བས། ས་བརྟགས་པ་དེ་ལ་གཞི་དེར་དྲི་བཟང་པོ་ལ་སོགས་པས་མཎྜལ་བྱས་ཏེ་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམས་ལ་མཆོད་གཏོར་ཕུལ་ནས་ནམ་མཁར་གདེག་གོ། དེར་གནས་པའི་ཞིང་སྐྱོང་ལ་ སོགས་པ་ལ་ཡང་མཆོད་ཅིང་གཏོར་མ་བྱིན་ནས། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །ས་འདི་བདག་གིས་བསླང་བར་བགྱི། །དཀྱིལ་འཁོར་དོན་དུ་ཁྱེད་ཀྱིས་སྩོལ། །ཞེས་གསོལ་བ་ལན་གསུམ་བཏབ་སྟེ། ཨོཾ་མུ་ཙི་ ལི་སྭཱཧཱ། ཨོཾ་མོ་ཧ་ནི་སཱཧཱ། ཨོཾ་དཱཾ་ཏི་ལི་སྭཱཧཱ། ཞེས་ལག་པ་གཡོན་པས་ཁར་ལན་ཉེར་གཅིག་ཏུ་བསྔགས་ལ་འཇིག་རྟེན་དབང་ཕྱུག་གི་མདུན་དུ་མཆོད་པ་སྔོན་དུ་འགྲོ་བས་མགོ་ལྷོ་དང་ཁ་ཤར་དུ་ཕྱོགས་ལ་གོས་གཙང་མ་གྱོན་ནས་ས་ཕྱོགས་གཙང་མར་ ཉལ་བར་བྱའོ། །རྨི་ལམ་ངན་ན་བདུད་རྩི་འཁྱིལ་པའི་སྔགས་ཟློས་པའམ་དོན་དམ་པར་ཆོས་ཐམས་ཅད་རང་བཞིན་མེད་པར་མོས་པས་སམ། ཡང་ན་སླར་ཡང་རྨི་ལམ་བརྟགས་པས་དེ་རྣམས་ཀྱིས་བྱིན་པའམ་མ་བཀག་པའི་ས་ལ་བྱའི་བཀག་པ་ལ་ནི་ 3-2-125a མ་ཡིན་ནོ། །དེ་ནས་ཉི་མ་གཞན་གྱི་སྔ་དྲོ་ལ་སྔར་ནམ་མཁར་བཏེག་པའི་ལྷ་རྣམས་ལ་གསོལ་བ་བཏབ་ནས་གནང་བ་ཞུས་ཏེ། ཉིན་གུང་ལ་བསྲུང་འཁོར་བསྒོམས་ནས་བགེགས་ལ་ཕུར་བུས་གདབ་པ་དང་དྲག་པོའི་སྦྱིན་སྲེག་གིས་བགེགས་ བསྐྲད་པ་གང་རུང་བྱའོ། །ཕྱི་མ་བྱེད་ན་སློབ་མ་བསྲུང་བའི་དོན་དུ་ཕྱི་དྲོ་མེ་མཚམས་ཀྱི་ཐབ་ཁུང་དུ་ཞི་བའི་སྦྱིན་སྲེག་ཀྱང་བྱའོ། །ལས་ཐམས་ཅད་པ་བཟླས་པའི་ཡུངས་ཀར་དང་ཆུ་དང་ཐལ་བས་ས་དེར་གཏོར་ལ་བསང་ངོ༌། །དེ་ནས་རྡོ་རྗེ་སྐྱིལ་ཀྲུང་ བཅས་ཏེ་སའི་ལྷ་མོ་འཆད་པ་ལྟར་བསྒོམས་ལ་ཞབས་བསིལ་དང་ཞལ་བསིལ་དང་མཆོད་ཡོན་དང་མཆོད་པ་སྔོན་དུ་འགྲོ་བས། ཨོཾ་ཚུར་སྦྱོན་ཞེས་སོགས་སམ། སྐྱོབ་པ་ཞེས་སོགས་ཀྱིས་ལན་གསུམ་གསོལ་བ་བཏབ་པས། དེ་ལྟར་གྱིས་ཤིག་ཅེས་ བརྗོད་པ་ཅན་ཡིད་ཀྱིས་བཏེག་ལ་ནམ་མཁར་བཞུགས་སུ་གསོལ་ལོ། །ཕྲེང་བར་སྐབས་འདིར་སའི་ལྷ་མོ་ལ་ས་སློང་བ་མི་གསལ་ཡང་སྔར་གནས་སྩོལ་བའི་གནང་བ་ཞུ་བར་གསུངས་པས། འདི་ནི་དཀྱིལ་འཁོར་བྲི་བའི་ས་ལ་གནང་བ་ཞུ་བའོ། ། ཕྱེད་བཅས་བཞི་བརྒྱ་པ་ལ་སོགས་པར་གཏོར་མ་དབུལ་བར་ཡང་གསུངས་པས་དེ་བཞིན་དུ་བྱའོ། །འདི་དང་སྔ་མ་གཉིས་ནི། སའི་བདག་པོ་མི་མངོན་པ་ལ་བསླང་བའོ། །གསུམ་པ་ལ་གསུམ། ས་བརྐོས་ནས་སྦྱང་བ་དང༌། རྫས་སྔགས་ཏིང་ངེ་འཛིན་ གསུམ་གྱིས་སྦྱང་བ་དང༌། བླ་ན་མེད་པའི་དག་པས་སྦྱང་བའོ། །དང་པོ་ལ་གཉིས། སའི་ཟུག་རྔུ་དག་པའི་ཆེད་དུ་བརྐོ་བ་དང་ལྟོ་འཕྱེ་བརྟགས་ནས་བརྐོ་བའོ། །དང་པོ་ནི། སྤྱི་རྒྱུད་ལས། འཇོར་གྱིས་ས་ནི་སློག་བྱ་ཞིང༌། །དེ་ནས་ཟུག་རྔུ་དབྱུང་བར་ 3-2-125b བྱ། །ཞེས་གསུངས་ལ་ཟུག་རྔུ་དབྱུང་དགོས་པའི་རྒྱུ་མཚན་དང་ཟུག་རྔུ་ཇི་ལྟ་བུ་ཞིག་དབྱུང་བ་ཡང་དེ་ཉིད་ལས། ཟུག་རྔུར་བཅས་པའི་ས་གཞི་ནི། །ལས་བྱས་པ་དག་འགྲུབ་མི་འགྱུར། །ཟུག་རྔུ་ཉེས་པ་རུས་པ་དང༌། །གྱོ་མོ་དང་ནི་ཐལ་བ་དང༌། ། སྡོང་དུམ་དང་ནི་ཚེར་མ་དག །རབ་ཏུ་བསྒྲིམས་ཏེ་མ་ལུས་དབྱུང༌། །ཞེས་གསུངས་ཏེ། མིང་གཉིས་པ་ས་སེལ་ཞེས་ཀྱང་ཟེར་རོ། །ཇི་ཙམ་ཞིག་ཏུ་བརྐོ་བ་ནི། རྡོ་རྗེ་མཁའ་འགྲོའི་ཞེ་དྲུག་པ་ལས། དམན་སོགས་དངོས་གྲུབ་བྱེ་བྲག་གིས། །པུས་མོ་ཆུ་སོ་ ལྟར་བའི་བར། །བརྐོས་ལ་ཕུབ་མ་རྡོ་དང་ནི། །གྱོ་མོ་སོལ་བ་ཟུག་རྔུ་དང༌། །ཚེར་མ་ལ་སོགས་བསལ་ལ་བཅག །ཅེས་དངོས་གྲུབ་མཆོག་སྒྲུབ་ན་ལྟེ་བ་ཙམ་དུ་བརྐོ་ལ་འབྲིང་དང་དམན་པ་ལ་ཆུ་སོ་དང་པུས་མོའི་བར་ཙམ་བརྐོས་ནས་ས་སེལ་དབྱུང་ བར་བཤད་དེ། ཟུག་རྔུས་ཇི་ལྟར་དག་པ་ཙམ་གྱི་དངོས་གྲུབ་འགྲུབ་པ་ལ་ཁྱད་ཆེ་བའོ། །རྡོ་བ་སོགས་མ་བསལ་བའི་ཉེས་དམིགས་ནི། ཕྲེང་བ་ལས། རྡོ་བར་བཅས་ན་རླུང་ཆེན་པོ། །རུས་པར་བཅས་ན་ཟུག་གཟེར་འབྱུང༌། །གྱོ་དུམ་བཅས་ན་ ལྐུགས་པ་ཉིད། །ཕུབ་མ་སོལ་བར་ལྡན་ན་རིམས། །སྐྲ་དང་རྩ་བ་ཤིང་སོགས་བཅས། །ཉེ་བར་འཚེ་བ་ཕྲ་མོ་འབྱུང༌། །ཞེས་ཤེས་པར་བྱས་ལ་དེ་དག་བསལ་བར་གསུངས་ཤིང༌། དཔལ་མཆོག་འགྲེལ་ཆེན་དུ་ཡང་དེ་རྣམས་བསལ་ནས་དཀྱིལ་ འཁོར་བྲི་དགོས་པའི་རྒྱུ་མཚན་དུ་ཉེས་དམིགས་དེ་དག་ཅི་རིགས་པར་བཤད་པས་ན། མ་བསལ་བར་དཀྱིལ་འཁོར་བྲིས་པའི་ཉེས་དམིགས་ཡིན་གྱི། སྤྱིར་ས་བརྐོས་པ་ལ་དེ་ལྟར་བྱུང་བ་ཙམ་གྱིས་ཉེས་དམིགས་དེ་དག་འབྱུང་བར་སྟོན་པ་ 3-2-126a མིན་ནོ། །ས་སྟེགས་གང་དུ་བྱེད་པའི་ས་དེ། དེའི་རྒྱ་ཇི་ཙམ་ཡོད་པ་ལ་བརྐོས་ནས་ཟུག་རྔུ་དབྱུང་དགོས་ཀྱི་གཞན་ཞིག་ཏུ་བརྐོས་ནས་ཟུག་རྔུ་ཕྱུང་བས་མི་ཕན་ནོ། །གལ་ཏེ་ས་སེལ་བསལ་བས་མ་ལང་ན་ཇི་ལྟར་བྱ་སྙམ་ན། སྤྱི་རྒྱུད་ལས། ཟུག་རྔུའི་ཉེས་པ་ཐམས་ཅད་ནི། །གལ་ཏེ་དབྱུང་བར་མི་ནུས་ན། །དེར་ནི་གསང་སྔགས་ཁོ་ན་ཡིས། །སྦྱང་བ་ལེགས་པར་བྱས་པར་འགྱུར། །ཞེས་གསུངས་ཤིང༌། ཕྲེང་བ་དང་དཱ་རི་ཀ་པས་ལག་པས་རེག་ཅིང་བྱབས་ནས་སྔགས་བཟླ་བར་ བཤད་ཀྱི་སྔགས་གང་ཡིན་མི་གསལ་ཡང༌། བཟང་པོ་ཡོང་བཟུང་དང་ཉིན་མོ་འབྱུང་གནས་ཀྱིས། ཨོཾ་ཧ་ན་ཧ་ན་ཀྲོ་དྷ་ཧཱུཾ་ཕཊ་ཅེས་པ་ལ་བཤད་དོ། །ས་སེལ་དབྱུང་མ་ནུས་པའི་ཚད་ནི། པུས་ནུབ་ཙམ་བརྐོས་པས་མ་དག་ན། རྐེད་པ་ཙམ་བརྐོ་ ལ་སྦྱང་དེས་མ་དག་ན་སྔགས་ཀྱིས་སྦྱང་བར་ཉིན་མོ་འབྱུང་གནས་ཀྱིས་བཤད་དོ། །ས་སེལ་གྱི་ཉེས་པ་སྦྱང་བའི་ཕྱིར་དུ་བརྐོས་པའི་ཁུང་བུ་ལ་ས་དང་ཆུས་བརྟག་པར་པྲཛྙཱ་རཀྵི་ཏས་བཤད་ལ་དམ་ཚིག་རྡོ་རྗེས་ཀྱང་དང་པོ་གཉིས་གཅིག་པར་བཤད་དོ། །ས་སེལ་ བསལ་ཟིན་པ་ནས་སེལ་མ་གཏོགས་པའི་ས་ལྷག་མ་དེ་ཉིད་དྲི་ཞིམ་པོའི་ཆུ་དང་སྦྱར་བས་དོང་དེ་དགང་དེས་མ་ཁེངས་ན་ས་གཞན་གྱིས་ཀྱང་དགང་ངོ༌། །དེ་ནས་ཧཱུཾ་དང་ལས་ཐམས་ཅད་པ་བཟླས་པའི་དྲི་ཞིམ་པོའི་ཆུས་གཏོར་ཞིང་བརྡུངས་ནས་ས་ཁྲུ་ཕྱེད་ཙམ་དུ་མཐོ་ཞིང་མཉམ་ ལ་དབུས་ཅུང་ཟད་མཐོ་བ་ཤར་དང་བྱང་ཡིད་ཙམ་དམའ་བར་བྱའོ། །དེ་ལྟར་བྱས་པའི་ཕན་ཡོན་དང་བཟློས་སྟེ་བྱས་པའི་ཉེས་དམིགས་ནི། རྡོ་རྗེ་མཁའ་འགྲོ་ལས། སྔར་བཤད་ས་ཡི་མཚན་ཉིད་ལ། །དབུས་སུ་མཐོ་བར་བྲི་བར་བྱ། ། 3-2-126b ཤར་དང་བྱང་དུ་གཞོལ་བ་ནི། །སྔགས་པ་རྣམས་ཀྱི་དངོས་གྲུབ་འགྱུར། །དབུས་སུ་མཐོ་བས་རྒྱལ་སྲིད་དང༌། །རིག་པ་འཛིན་པའི་གནས་དག་འཐོབ། །བྱང་དུ་མཐོ་བས་འཆི་འགྱུར་རམ། །ནོར་རྣམས་བརླག་པར་འགྱུར་བ་སྟེ། །ཡང་ན་ནད་ཀྱིས་འདེབས་ པར་འགྱུར། །ཇི་སྐད་བཤད་པའི་ཤར་མཐོ་བས། །མྱུར་དུ་རིགས་རྣམས་ཟད་པར་འགྱུར། །དབུས་བུ་དམའ་བའི་རང་བཞིན་ས། །སྒྲུབ་པ་པོ་ནི་འཇོམས་དང་ལྡན། །ཞེས་གསུངས་ཏེ། ཕྲེང་བ་ལས་དཀྱིལ་འཁོར་བྱེད་པའི་ས་ཕྱོགས་ཀྱི་མཐོ་དམན་ལ་ ཡང་དེ་ལྟར་གསུངས་པས་ས་ཕྱོགས་དང་སྟེགས་བུ་གཉིས་ཀ་ལ་གོ་བར་བྱའོ། །སྤྱི་རྒྱུད་ལས་སྟེགས་བུའི་དབུས་སུ་ཁུང་བུ་ཅུང་ཞིག་བརྐོས་ནས་འབྲུ་དང་རིན་པོ་ཆེ་ལ་སྔགས་ཀྱི་བཏབ་སྟེ་གཞུག་པར་གསུངས་ལ། མི་ཐུབ་ཟླ་བ་དང་དཱ་རི་ཀ་ པ་དང་ཕྲེང་བ་དང་བི་བྷཱུ་ཏཱི་ལ་སོགས་པས་ཀྱང་སྨན་དང་རིན་པོ་ཆེ་ལྔ་དབུས་སུ་གཞུག་པར་བཤད་པ་ནི། དོན་ཡོད་ཞབས་ཀྱིས་རིན་པོ་ཆེ་ལྔ་དང་འབྲུ་ལྔ་གཅུག་པའི་བུམ་པ་བཅུག་ནས་སས་དགང་བར་གསུངས་པ་ལྟར་ས་གཏེར་བཙུད་ན་ལེགས་སོ། །གཉིས་ པ་ལ་གསུམ། ལྟོ་འཕྱེ་གང་ལ་བརྟག་ཅིང་གནས་པ་དང་རྒྱུ་བའི་ཚུལ་དང༌། དེ་ཤེས་ནས་ཇི་ལྟར་བརྐོ་བའི་ཚུལ་དང༌། བརྐོས་ལེགས་ཉེས་ཀྱི་སྐྱོན་ཡོན་བསྟན་པའོ། །དང་པོ་ནི། ལྟོ་འཕྱེ་བརྟག་པར་རྡོ་རྗེ་མཁའ་འགྲོ་ལས་གསུངས་ཤིང༌། མི་ཐུབ་ཟླ་ བ་དང་ཨ་བྷྱ་དང་པྲཛྙཱ་རཀྵི་ཏ་དང་རཏྣ་རཀྵི་ཏ་དང་ཉིན་མོ་འབྱུང་གནས་དང་དེ་བཞིན་གཤེགས་པའི་རྡོ་རྗེ་སོགས་ཀྱི་དཀྱིལ་ཆོག་ལས་ཀྱང་བརྟག་པར་བཤད་དོ། །ལྟོ་འཕྱེ་བརྟག་པ་གང་ལ་དགོས་པ་ནི། རྡོ་རྗེ་མཁའ་འགྲོ་ལས། གཙུག་ལག་ 3-2-127a ཁང་དང་ཁང་བཟང་དང༌། །མཆོད་རྟེན་དཀྱིལ་འཁོར་གྲོང་ཁྱེར་དང༌། །ཁྱིམ་དང་ལྡུམ་ར་ལ་སོགས་ལ། །ལྟོ་འཕྱེའི་ལྟོ་བར་བརྐོ་བ་དང༌། །ཞེས་གསུངས་ཤིང་ཕྲེང་བར་དགོན་གནས་བྱེད་པ་ལ་ཡང་བརྟག་པར་བཤད་དོ། །བི་བྷཱུ་ཏིའི་ དཀྱིལ་ཆོག་ལས་ཀྱང༌། ལྷ་ཁང་མཆོད་རྟེན་ཁང་བཟང་ཁང་བརྩེགས་དང༌། རབ་གནས་དཀྱིལ་ཆོག་ལ་སོགས་བྱེད་འདོད་པས། །འདིར་ནི་ས་ཡི་ལྟོ་འཕྱེ་བརྟག་བྱ་སྟེ། །ཞེས་གསུངས་པས། འདི་བརྟག་པ་ནི་མང་པོ་ཞིག་ལ་མཁོ་བར་སྣང་ངོ༌། །དེ་ལ་ དཀྱིལ་འཁོར་གྱི་ཁང་པ་བྱེད་པ་ལ་ནི། ངེས་པར་དགོས་ལ་སྔར་བཤད་པ་ལྟར་བརྐོས་ནས་སྦྱངས་ཏེ་དཀྱིལ་འཁོར་གྱི་སྟེགས་བུ་བྱེད་པ་ལ་ཡང་དགོས་སོ། །ས་བརྐོ་བའི་སྔོན་དུ་སྔར་བཤད་པ་ལྟར་ས་གཞི་བགེགས་དང་བྲལ་བར་བྱས་ནས་གཏོར་མ་ བྱིན་ཏེ་ས་བདག་ཀླུ་བརྟག་པར་གསུངས་པ་ལྟར་བྱའོ། །འདིར་ཕྲེང་བ་ལས་རྡོ་རྗེ་ཁུ་ཚུར་གྱིས་ཐིག་སྐུད་བཟུང་སྟེ། སྒྲུབ་གྲོགས་དང་བཅས་པས་གཡས་སྐོར་གྱི་འགྲོས་ཀྱིས་སློབ་དཔོན་མེ་དང་རླུང་དུ་གནས་ལ་ཤར་དང་ནུབ་དང་བྱང་དང་ལྷོ་ཕྱོགས་ཀྱི་ཐིག་བཏབ་ ནས། གཙུག་ལག་ཁང་ལ་སོགས་པ་གང་དུ་བྱེད་པའི་གཞི་དེ་གྲུ་བཞིར་བྱས་ཏེ། སྟོན་ཟླ་གསུམ་ལ་སོགས་པ་ཟླ་བ་གསུམ་གསུམ་དུ་རིམ་པ་བཞིན་ཤར་ལྷོ་ནུབ་བྱང་རྣམས་སུ་མགོ་བསྟན་ཅིང་ལྷོ་ལ་སོགས་པར་ཁ་ཕྱོགས་ནས་ཉལ་བ་བརྟགས་ཏེ། ཉི་ མ་ཤར་བ་ནས་བརྩམས་ནས་ཀླུའི་མཚན་ལས་ཁྲུ་གང་དོར་བའི་མཆན་གྱི་ཆར་གཡས་སྐོར་དུ་རྩིག་རྨང་བརྐོ་བར་བྱ་ཞེས་རགས་པ་ཙམ་ཞིག་ལས་མ་གསུངས་ཀྱང༌། བི་བྷཱུ་ཏཱིས་ཞིབ་པར་གསུངས་པ་ལྟར་བཤད་ན། གཞི་གང་ཡིན་གྲུ་བཞིར་བྱས་ 3-2-127b པ་དེའི་ཕྱོགས་བཞི་པོ་རེ་རེར་ཡང་ཟླ་བ་གསུམ་གྱི་ཞག་གྲངས་དང་མཐུན་པར་རེའུ་མིག་དགུ་བཅུ་རེ་བྱའོ། །དེ་ལ་ལྟོ་འཕྱེ་གནས་པ་དང་རྒྱུ་བའི་ཚུལ་ནི། སྟོན་ཟླ་ར་བའི་ཚེས་གཅིག་ལ་མགོ་བྱང་ཤར་གྱི་མཚམས་ཀྱི་རེའུ་མིག་ཏུ་བཞག་ནས་མཇུག་རྩེ་ལྷོ་ ནུབ་ཀྱི་རེའུ་མིག་ཏུ་བཞག་སྟེ་ཁ་ལྷོར་བལྟས་ནས་གནས་སོ། །དེ་ནས་ཞག་རེ་སོང་བ་ན་མགོས་ལྷོ་ངོས་སུ་རེའུ་མིག་རེ་དང་མཇུག་རྩེས་བྱང་ངོས་སུ་རེའུ་མིག་རེ་བགྲོད་ནས་གཡས་སྐོར་གྱིས་འཕོའོ། །ཟླ་བ་གསུམ་ལ་ཕྱོགས་རེའི་རེའུ་མིག་ དགུ་བཅུ་རེ་བགྲོད་པས་ལོ་གཅིག་ལ་ཕྱོགས་བཞིའི་རེའུ་མིག་དགུ་བཅུ་པ་ཕྲག་བཞི་ཁ་འཁོར་རོ། །དེ་ཡང་གཞོགས་གཡོན་འོག་ཏུ་བཅུག་ནས་ཉལ་བའི་གདེངས་ཀ་ནས་མཇུག་རྩེའི་བར་ལ་མཐོ་བཅུ་ཡོད་ལ་མཐོ་རེས་རེའུ་མིག་དགུ་རེ་ནོན་པས་ ཕྱོགས་དང་མཚམས་གང་དུ་གནས་པའི་ཚེ་ཡང་རེའུ་མིག་དགུ་བཅུ་རེ་ནོན་ནོ། །ལུས་ཀྱི་ཞེང་གིས་ནི་སའི་རེའུ་མིག་གི་ཆ་དགུ་ཁྱབ་པར་ཉལ་ཞིང་གསང་གནས་ནི་ཕྱོགས་མཚམས་གང་ལ་གནས་པའི་ཚེ་ནའང་དེའི་དབུས་སུ་བཞག་ནས་ གནས་ཏེ། བི་བྷཱུ་ཏཱིའི་དཀྱིལ་ཆོག་ལས། ས་གཞི་གང་ཡིན་དེ་ནི་གྲུ་བཞིར་བྱ། །ཟླ་བ་གསུམ་གྱི་ཉིན་མོའི་གྲངས་ཀྱིས་འདིར། །ཕྱོགས་ནི་སོ་སོར་ས་དེ་རྣམ་པར་དབྱེ། །དབང་ལྡན་ནས་ནི་མེ་ཡི་མཚམས་ཀྱི་བར། །ཤར་གྱི་ས་དེ་དགུ་བཅུར་རྣམ་པར་དབྱེ། ། མེ་ནས་བདེན་བྲལ་མཚམས་ཀྱི་བར་དང་ནི། །བདེན་བྲལ་ནས་ནི་རླུང་གི་མཚམས་བར་དང༌། །རླུང་ནས་འབྱུང་པོའི་བདག་པོའི་མཚམས་ཀྱི་བར། །དེ་བཞིན་ཁོ་ནར་དགུ་བཅུར་རྣམ་དབྱེ་བྱ། །སྟོན་ཟླ་ར་བ་འབྲིང་དང་ཐ་མའི་བར། །དབང་ལྡན་མཚམས་ལ་སོགས་པར་ 3-2-128a མགོ་བོ་གནས། །བདེན་བྲལ་མཚམས་ལ་སོགས་པར་མཇུག་མའི་ཆ། །གསང་བའི་གནས་ནི་ས་ཡི་དབུས་སུ་གཞག །ལྟེ་བའི་འོག་གི་ཆ་ནི་ལྟོ་འཕྱེའི་ལུས། །སྟེང་ཆ་གདེངས་ཀ་དང་ལྡན་མི་ཡི་གཟུགས། །ལྷོར་ལྟ་ལག་པ་གཡོན་ པ་རྣ་བར་བཞག །གཡས་པ་རིན་ཆེན་ཐོགས་པས་དཀུར་བཀབ་ནས། །ས་ཡི་ཆ་དགུ་ཁྱབ་པར་ཉལ་ནས་གནས། །ཀླུ་ཡི་རྒྱལ་པོ་ལུས་ཚད་མཐོ་བཅུ་པའོ། །ཤར་དང་ནུབ་ཀྱི་མཐའ་མར་གནས་ན་ཡང༌། །ས་ཡི་དུམ་བུ་དེ་ནི་འཇལ་བ་ལྟར། །ཉི་མའི་བགྲོད་ པས་ཚེས་གཅིག་ལ་སོགས་པར། །ཉིན་ཞག་རེ་རེ་ཞིང་ནི་ཆ་རེ་རེར། །ཇི་ལྟར་རིགས་པས་ཤར་གྱི་ཆ་རུ་རྒྱུ། །ལྷོ་དང་ནུབ་དང་བྱང་དུའང་དེ་བཞིན་ནོ། །དགུན་ཟླ་ར་བ་འབྲིང་དང་ཐ་མ་ཡི། །དཀར་ཕྱོགས་ལ་སོགས་ནུབ་ཏུ་ཁ་མིག་ལྟ། །མེ་ཡི་མཚམས་སུ་ ཡན་ལག་མཆོག་བསྟན་ཏེ། །རླུང་གི་མཚམས་ལ་སོགས་པར་མཇུག་མ་གནས། །དཔྱིད་ཟླ་ར་བ་འབྲིང་དང་ཐ་མ་དེའི། །གནོད་སྦྱིན་བདག་ཕྱོགས་ཁ་དང་མིག་གིས་ལྟ། །བདེན་བྲལ་མཚམས་ལ་སོགས་པར་མགོ་བོ་གནས། །དབང་ལྡན་མཚམས་ ལ་སོགས་པར་མཇུག་མའི་ཆ། །དབྱར་ཟླ་ར་བ་འབྲིང་དང་ཐ་མ་རུ། །ཤར་ཕྱོགས་སུ་ནི་ཁ་དང་མིག་གིས་ལྟ། །རླུང་གི་མཚམས་ལ་སོགས་པར་མགོ་བོ་གནས། །མེ་ཡི་མཚམས་ལ་སོགས་པར་མཇུག་མའི་ཆ། །ལོ་གཅིག་ལ་ནི་ས་གཞི་མཐའ་དག་ ཏུ། །འཁོར་གཅིག་གིས་ནི་འབད་པས་ཀུན་ཏུ་ཁྱབ། །ཅེས་སོ། །གཞན་ཡང་ཀླུ་ཆེན་པོ་བརྒྱད་ཀྱང་དེའི་མཇུག་རྩེ་སོགས་གནས་བརྒྱད་ན་གནས་ཏེ། དེ་ཉིད་ལས། ལྟོ་འཕྱེའི་རྒྱལ་པོའི་རྒྱུ་བའི་དབྱེ་བ་ནི། །ཟླ་བ་རེ་རེའི་བྱེ་བྲག་ཤེས་ནས་སུ། །མཐའ་ཡས་ 3-2-128b བདག་ཉིད་དཀར་པོ་མཛེས་པའི་སྐུ། །མཇུག་མ་ལ་སོགས་རིམ་གྱིས་བསམས་ནས་སུ། །དེ་ཡི་ལུས་ལ་ཀླུ་ཡི་བདག་པོ་བརྒྱད། །འོ་མ་ལ་སོགས་ཉེ་བར་སྤྱོད་པས་མཆོད། །མཇུག་མའི་རྩེ་མོར་རིགས་ལྡན་ཤིན་ཏུ་སྔོ། །གསང་གནས་དུར་བ་ལྟར་ལྗང་ སྟོབས་ཀྱི་རྒྱུ། །ལྟེ་བར་དུང་སྐྱོང་པདྨའི་རྩ་བ་བཞིན། །དཔུང་བར་པདྨ་ཆེན་པོ་གསེར་མཚུངས། །ནོར་རྒྱས་སྙིང་གར་གནས་པ་ལྗང་གུ་སྟེ། །འཇོག་པོ་ཞེས་བྱ་དམར་པོ་མགྲིན་པར་གནས། །རྣ་བར་པདྨ་དཀར་པོའི་འོད་ཟེར་ཅན། །སྤྱི་བོ་རུ་ནི་མཐའ་ཡས་ སྔོན་པོ་གནས། །ཞེས་སོ། །ལྟོ་འཕྱེ་ཡང་མཐའ་ཡས་ཡིན་ཏེ་མདོག་དཀར་ལ་མཛེས་པའོ། །འོ་ན་ས་གཞི་ཆེ་ཆུང་གང་ཡིན་ཡང་དེས་དེ་ལྟར་ཁྱབ་ནས་ཉལ་བ་ཇི་ལྟར་ཡིན་སྙམ་ན། བོད་ཀྱི་བླ་མ་དག་ཟླ་བ་ཤར་བའི་གཟུགས་བརྙན་སྣོད་ཆེ་ཆུང་གི་ ཆུ་ནང་དུ་སྣང་བ་དང་འདྲ་བས་མི་འགལ་བར་འཆད་མོད་ཀྱང་མི་འཐད་དེ། ལྟོ་འཕྱེ་གཅིག་ཉིད་ཀྱིས་སའི་ཆ་ཀུན་ཏུ་དེ་ལྟར་ཁྱབ་པ་ནི་འགལ་ལ་རང་གི་ངོ་བོ་གཅིག་ཡིན་ཡང་ས་སོ་སོ་ལ་གཟུགས་བརྙན་སོ་སོར་ཤར་བ་ཡང་མ་བཤད་པའི་ཕྱིར་རོ། ། དེས་ན་གང་དུ་བརྐོས་པས་ས་བདག་ལ་མི་འཕྲོད་པ་འོང་བ་དང་མི་འོང་བའི་གནས་ཤེས་པའི་ཕྱིར་དུ་ས་ཆེ་ཆུང་གང་ཡིན་པའི་གཞི་དེར་རྟོག་ལུགས་དེ་འདྲ་ཞིག་གསུངས་ཀྱི་གར་རྟོག་པའི་ས་ཐམས་ཅད་དུ་དེ་ལྟར་གནས་མི་དགོས་སོ། །གཉིས་པ་ནི། འོ་ན་ཐོག་མར་བརྐོ་བའི་གནས་དེ་གང་ཡིན་སྙམ་ན། དེ་ཉིད་ལས། ཤར་ནས་ཆ་ནི་ཉི་ཤུ་རྩ་བདུན་དོར། །བྱང་ནས་ཕྱེད་དང་བཅུ་བཞིའི་ཆ་དོར་བར། །ཤར་ནུབ་ཆ་དགུ་ལྷོ་བྱང་ཕྱེད་དང་ལྔ། །འདི་ནི་མཆན་གྱི་མདུན་དུ་ཐོག་མར་བརྐོ། །ཞེས་གསུངས་སོ། །དེའི་ 3-2-129a དོན་ནི་མགོ་ཤར་དུ་བསྟན་པའི་དབང་དུ་བྱས་ན་མགོས་རེའུ་མིག་གང་ནོན་པའི་ཕྱོགས་དེ་ནས་ནུབ་ཏུ་རེའུ་མིག་དགུ་གསུམ་ཉེར་བདུན་དོར་པའི་བར་ལ་བརྐོར་མི་རུང་བས། མཚམས་དེ་ནས་ནུབ་ཏུ་རེའུ་མིག་དགུ་དང་རྒྱབ་ཀྱི་ལུས་ ཀྱིས་ནོན་པའི་ས་ནས་མདུན་དུ་རེའུ་མིག་ཕྱེད་དང་བཅུ་བཞིའི་བར་ལ་བརྐོར་མི་རུང་བས་མཚམས་དེ་ནས་ལྷོར་རེའུ་མིག་ཕྱེད་དང་ལྔ་ནི་དང་པོར་བརྐོ་བའི་དམིགས་སོ། །དེ་ནི་མཆན་གྱི་མདུན་དུ་བཞེད་པས་མཆན་གྱི་ཐད་དུ་རེའུ་མིག་དགུ་སྤངས་པར་ བརྐོ་བའི་ལུགས་སོ། །ཕྲེང་བ་ལས་ཁྲུ་གང་སྤངས་པའི་མཆན་གྱི་ཐད་དུ་བརྐོ་བའི་རང་ལུགས་དང་མཐོང་བའི་ཐད་ཀར་བརྐོ་བའི་གཞན་ལུགས་གཉིས་བཤད་དོ། །སྡོམ་འབྱུང་འགྲེལ་པ་ལས། མགོའི་ཕྱོགས་ལ་རེའུ་མིག་ཉི་ཤུའམ་ཉི་ཤུ་ རྩ་གཅིག་དང་ལྟོ་བར་ཡང་རེའུ་མིག་གཉིས་སམ་གསུམ་ཡོངས་སུ་སྤངས་ཏེ་རྒྱབ་དང་མཇུག་མ་ཡང་ངེས་པར་བྱས་ནས་ལྟོ་བར་བརྐོ་བར་བྱ་སྟེ། ཞེས་གསུངས་ཏེ། ལུས་ཀྱི་མགོ་མཇུག་གིས་རེའུ་མིག་དགུ་བཅུ་ནོན་པ་དང་འགལ་མི་འགལ་བརྟག་ གོ། གདེངས་ཀ་ལ་ནི་ཞལ་གང་སྟེ། །ཞལ་ལ་ཆ་ཕྲན་དགུ་རུ་ཤེས། །དེ་ལྟར་མགྲིན་དང་ཐུགས་ཀ་ཉིད། །ལྟེ་བ་ལ་ནི་དེ་ཡི་ཚད། །དེ་ནས་མཚན་མའང་དེ་ཙམ་ཡིན། །ལྷག་མ་ལྟོ་འཕྱེའི་རྣམ་པའོ། །ཞེས་ཟེར་བ་བཞིན་དུ་ལུས་ཚད་ངེས་པར་བྱ་ ཞེས་གསུངས་པ་ནི་གསང་གནས་སའི་དབུས་སུ་འོང་བའི་ལུགས་དང་འགལ་ལམ་སྙམ་མོ། །དེ་འདྲ་བའི་ལྟོ་འཕྱེ་བསམས་ལ་འོ་མ་ལ་སོགས་པའི་མཆོད་པས་མཆོད། རྐོ་མཁན་བགེགས་མཐར་བྱེད་དུ་བསྐྱེད། ཏོག་ཙེ་རྡོ་རྗེས་མཚན་པར་བསམ་ 3-2-129b ལག་པ་གཡས་སྟེང་དང་གཡོན་འོག་ཏུ་བྱས་ལ་བཟུང་སྟེ་ཁ་ཤར་དང་བྱང་དུ་བལྟ། འཇོར་ཁམ་བཞི་བརྒྱབ་པའི་ས་བླངས་ནས་ཞི་བའི་སེམས་ཀྱིས་གཏོར་མའི་ནང་དུ་བླུག་པའམ་མེ་མཚམས་ལ་སོགས་པའི་ཕྱི་རོལ་ཏུ་དོར་བར་བྱའོ། །ཁམ་ ལྔ་བརྒྱབ་པའི་ས་ནི། ས་དེའི་དབུས་སུ་དགྲམ་དེའི་རྗེས་ནས་ཕྱོགས་མཚམས་ཀུན་ཏུ་ལས་མི་ཐམས་ཅད་ཀྱིས་བརྐོས་པས་ཆོག་སྟེ། བི་བྷཱུ་ཏཱིས། མི་ནི་བགེགས་མཐར་བྱེད་ཀྱི་རྣམ་པར་བསྒོམ། །དཔའ་བོའི་ལག་པ་ཏོག་ཙེ་རྡོ་རྗེས་མཚན། །ལག་པ་ གཡོན་པ་འོག་ཏུ་བྱས་ནས་གཟུང༌། །དེ་ཡིས་བདུད་ཀྱི་ཚོགས་ནི་སྐྲག་ཅིང་ཟློག །ཤར་དང་བྱང་གི་ཕྱོགས་སུ་ཁ་བལྟས་པས། །ཏོག་ཙེ་ཁམ་བཞི་བརྒྱབ་པས་བླངས་པའི་ས། །ཞི་བའི་སེམས་ཀྱིས་གཏོར་མའི་ནང་དུ་ནི། །གཞག་པའམ་མེ་ མཚམས་ལ་སོགས་ཕྱི་རོལ་དོར། །འབད་པས་དེ་ཡི་ཁམ་ལྔ་པ་ཡི་ས། །ས་གཞིའི་དབུས་སུ་ལེགས་པའི་ཡིད་ཀྱིས་དགྲམ། །ཁམ་ལྔ་པ་དེར་ལས་མི་དུ་མ་ཡིས། །ཕྱོགས་དང་མཚམས་སུ་ཀུན་ནས་བརྐོ་བར་བྱ། །ཞེས་སོ། །གསུམ་པ་ནི། སྔར་ བཤད་པ་ལྟར་གྱི་གནས་སུ་བརྐོས་ན་ནི། ཆོས་དང་ནོར་དང་འདོད་དོན་ཐམས་ཅད་འགྲུབ་ཅིང་འཕེལ་བར་འགྱུར་ལ་དེ་ལས་གཞན་པའི་གནས་སུ་བརྐོས་ན་ནི། ཉེས་དམིགས་མང་པོ་འབྱུང་སྟེ་དེ་ཉིད་ལས། དེ་ཡིས་ཆོས་ནོར་འདོད་དོན་འཕེལ་ ཞིང་འགྲུབ། །གལ་ཏེ་ལྟོ་འཕྱེའི་རྒྱལ་པོ་གནས་པ་ཡི། །ཆ་དགུའི་ས་ཡི་ཆ་ལ་བརྐོས་ན་ནི། །ཕ་མ་བུ་དང་བུ་མོ་སྤུན་ཆུང་མ། །མནའ་མ་རང་གི་སྐྱེ་བོ་མཛའ་བཤེས་འཆི། །གལ་ཏེ་རྒྱབ་ཏུ་བརྐོས་ན་རང་འཆི་ཞིང༌། །ཡང་ན་རང་གནས་ནས་འཕོ་ 3-2-130a ནོར་བརླག་འགྱུར། །འཇུག་མར་གླང་ཆེན་རྟ་དང་མ་ཧེ་ར། །བ་ལང་འཆི་ཞིང་སྟོབས་ཀྱང་ཉམས་པར་འགྱུར། །གལ་ཏེ་ཁམ་ལྔའི་ནང་དུ་ཤིང་དང་སྐྲ། །གྲོག་མཁར་སྐྲ་སེན་ཐལ་བས་གནོད་པ་འབྱུང༌། རྡོ་བས་རླུང་གི་འཇིགས་ པ་ཕུབ་མ་དང༌། །མགལ་དུམ་གྱིས་རིམས་རུས་པས་ཟུག་གཟེར་རོ། །ཞེས་སོ། །ཁམ་ལྔའི་སའི་ནང་དུ་ཤིང་ལ་སོགས་པ་བྱུང་ན་སྐྱོན་སྐྱེད་པར་གསུངས་པ་ནི། མ་བསལ་བའི་ཉེས་པ་ཡིན་གྱི་ཡོད་པ་ཙམ་གྱི་མིན་ཏེ། ཕྲེང་བ་ནས་སྔར་ ལྟར་གསུངས་པ་ཡང་ལྟོ་འཕྱེ་བརྟགས་ནས་བརྐོས་པའི་ས་ལ་གསུངས་པ་དང༌། བི་བྷཱུ་ཏཱིས་ཀྱང༌། དེ་ནས་རྡོ་བ་ལ་སོགས་པ་བསལ་ཏེ་ས་དེ་ཉིད་ཀྱིས་སམ་དེས་མི་ལྡང་ན་གཞན་གྱི་ས་ལ་ཡང་དྲི་བཟང་གི་ཆུས་བཏབ་སྟེ་དོང་ དགང་བར་བྱའོ། །ཞེས་སའི་ཟུག་རྔུ་དེ་དག་བསལ་ནས་བྱ་བར་གསུངས་ཀྱི། དེ་ལས་གཞན་དུ་སྤོ་བའམ་མཚན་མ་ངན་པ་བཟློག་པའི་ཐབས་མ་བཤད་པའི་ཕྱིར་རོ། །ཉིན་མོ་འབྱུང་གནས་ཀྱིས་ཀྱང༌། གལ་ཏེ་ཟུག་རྔུ་དེ་མ་བསལ། ། ཉེས་པ་དག་ནི་སྐྱེད་པར་འགྱུར། །ཞེས་དང༌། ཟུག་རྔུ་ལེགས་གསལ་དེས་ནི་ཉོན་མོངས་མ་ལུས་སེལ། །ཞེས་ལྟོ་འཕྱེ་བརྟགས་ནས་བརྐོས་པའི་ས་ལ་གསུངས་པའི་ཕྱིར་རོ། །པྲཛྙཱ་རཀྵི་ཏས་དངོས་གྲུབ་ཀྱི་དོན་དུ་བརྐོ་བ་དང་ས་བདག་ བརྟགས་ནས་བརྐོ་བ་གཉིས་སོ་སོར་བཤད་ལ། ཕྲེང་བ་དང་རཏྣ་རཀྵི་ཏས་དེ་གཉིས་འཇུག་པ་གཅིག་ཏུ་བྱས་པ་ནི། དཀྱིལ་འཁོར་གྱི་སྐབས་ལ་དགོངས་པས་དེ་ལས་གཞན་པའི་ས་བདག་བརྟགས་ནས་བརྐོ་བའི་སྐབས་སུ་དངོས་གྲུབ་ 3-2-130b གསུམ་གྱི་དོན་དུ་བརྐོ་བའི་ཚུལ་རྣམས་མི་དགོས་སོ། །གཉིས་པ་ནི། དེ་ནས་ལས་ཐམས་ཅད་པ་བཟླས་པའི་ཡུངས་ཆུ་ཐལ་བས་ས་དེ་ལ་གཏོར་ལ་དེ་བཟླས་པའི་བ་བྱུང་ལྔས་ཤར་ནས་བརྩམས་ཏེ་བྱུག་ཅིང་དྲིའི་ཆུས་ཀྱང་གཏོར་ནས། ཨོཾ་བྷུ་ཁོཾ་ཞེས་ པས་ནམ་མཁར་བྱ་བ་ནི། བདེ་མཆོག་གི་དབང་གི་རབ་བྱེད་ལས་གསུངས་པ་ལྟར་སྟོང་ཉིད་དུ་བསྒོམ་པའོ། །ཧཱུྃ་ལྃ་ཧཱུྃ་ཞེས་པས་ས་རྡོ་རྗེའི་རང་བཞིན་དུ་བསམ་སྟེ། རྡོ་རྗེ་མཁའ་འགྲོ་ལས་ཨོཾ་ཨཿལཾ་ཧཱུཾ་ཞེས་འབྱུང་ངོ༌། །དེ་ནས་ཨོཾ་མེ་དི་ནི་བཛྲི་ བྷ་བ་བཛྲ་བནྡྷ་ཧཱུཾ། ཨོཾ་ཧ་ན་ཧ་ན་བཛྲ་ཀྲོ་དྷ་ཧཱུཾ་ཕཊ། ཨོཾ་ཨཱཿཧཱུཾ་ཤོ་དྷཱ་ཡ་ཤོ་དྷཱ་ཡ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཕཊ། ཅེས་བརྗོད་ལ་ལག་པས་རེག་ནས་བྱིན་གྱིས་བརླབས་ཏེ་ས་གཞི་རྡོ་རྗེའི་རང་བཞིན་དུ་བཅིངས་ནས་བརྟན་པར་བྱ་བ་དང་རྡོ་རྗེ་ཁྲོ་བོས་བགེགས་ རྣམས་བཅོམ་པ་དང་རྡོ་རྗེ་གསུམ་གྱི་ཉེས་སྐྱོན་སྦྱངས་ཤིང་བསྲུངས་པར་བསམ་པའོ། །རྡོ་རྗེ་མཁའ་འགྲོ་དང་གུར་ལས་སྔགས་གསུམ་གྱི་དང་པོ་འདི་དང་མི་འདྲ་ཙམ་ཞིག་འབྱུང་ལ་གཉིས་པ་ནི། གདན་བཞིར་ལག་པ་གཡས་རྡོ་རྗེར་བསྒོམས་ནས་ བརྐྱངས་པས་ས་ལ་བརྡེགས་པས་སྦྱང་བར་བཤད་དོ། །དེ་ནས་སྔར་ནམ་མཁར་བཏེག་པའི་སའི་ལྷ་མོ་ཕབ་ལ་མཆོད་གཏོར་ཕུལ་ཏེ་ས་ལ་བསྟིམས་ནས་པད་ཀོར་བྱས་ལ་ཡི་གེ་གསུམ་དང་ཡིག་བརྒྱ་བཟླ་བ་ནི། སའི་ལྷ་མོས་ས་བྱིན་གྱིས་རློབ་པའོ། ། གསུམ་པ་ནི། སྣ་ཚོགས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་དང་རོ་གཅིག་ཏུ་མོས་ནས་དེ་བཞིན་ཉིད་ཀྱི་རང་བཞིན་ཤིན་ཏུ་རྣམ་པར་དག་པར་མོས་པ་བྱ་སྟེ། རྣམ་སྣང་མངོན་བྱང་ལས། སྔགས་པ་རྟོག་ལ་གནས་ནས་སུ། །གང་ཞིག་ས་སྤོང་བྱེད་པ་ནི། ། 3-2-131a བྱང་ཆུབ་སེམས་ནི་རྣམ་སྤངས་པས། །གསང་བའི་བདག་པོ་དེ་མི་འདག །དེ་བས་རྟོག་པ་རྣམ་སྤངས་ནས། །ས་ཀུན་རྣམ་པར་སྦྱང་བར་བྱ། །ཞེས་གསུངས་ཤིང༌། ཀླུ་བྱང་གིས་ཀྱང་དེ་ལྟར་གསུངས་པས་ས་སྦྱང་བ་ལ་འདི་ གལ་ཆེའོ། །དེ་ནས་ཐིག་གི་སྐབས་ནས་གསུངས་པ་ལྟར་ཕྱོགས་ངེས་པར་བྱས་ལ་ས་དེར་རྒྱར་ཇི་ཙམ་འདོད་པའི་དཀྱིལ་འཁོར་གྱི་ཁང་པ་གྲུ་བཞི་སྒོ་བཞི་པ་རྟ་བབས་བཞི་དང་ལྡན་པ་དྲ་བའི་ཁོར་ཡུག་གིས་ཁྱབ་པའི་དབུས་སུ་དཀྱིལ་ འཁོར་གྱི་གནས་དེ་ཆུང་བ་བྱ་བར་ཕྲེང་བ་ལས་གསུངས་ལ། རྡོ་རྗེ་མཁའ་འགྲོ་ལས་ཀྱང༌། དེ་ལྟར་སྦྱངས་པའི་ས་གཞི་ལ། དཀྱིལ་འཁོར་དང་ནི་རྗེས་མཐུན་པའི། །རིན་ཆེན་ལ་སོགས་བཞི་འགྱུར་གྱི། །དཀྱིལ་འཁོར་གྱི་ནི་ཁང་པ་བྱ། ། ཞེས་སྟེགས་བུའི་བཞི་འགྱུར་གྱི་ཁང་པ་བྱ་བར་གསུངས་པས། སྔར་བཤད་པའི་ས་ཆོག་རྣམས་ཕལ་ཆེར་དཀྱིལ་འཁོར་གྱི་ཁང་པ་ལོགས་སུ་བྱེད་པའི་དབང་དུ་མཛད་པ་ཡིན་ནོ། །བཞི་པ་ལ་གསུམ། ལྷའི་རྣལ་འབྱོར་བྱས་ཏེ་གསོལ་བ་གདབ་ ཅིང་དཀྱིལ་འཁོར་གདེག་པ་དང༌། ལངས་ཏེ་ང་རྒྱལ་བཟུངས་ནས་བགེགས་ལ་བཀའ་བསྒོ་བ་དང༌། སྟངས་སྟབས་བྱ་བ་དམིགས་བསལ་དང་བཅས་པའོ། །དང་པོ་ནི། དེ་ནས་དཀྱིལ་འཁོར་གྱི་ས་གཞི་མེ་ཏོག་གཅལ་དུ་བཀྲམ་པའི་དབུས་སུ་འདུག་ ལ་རྡོ་རྗེ་དང་དྲིལ་བུ་ཇི་ལྟར་གཟུང་བའི་སྐབས་ནས་བཤད་པ་ལྟར་གཟུང་ཞིང༌། འདྲི་བར་འགྱུར་བའི་དཀྱིལ་འཁོར་གྱི་རྣལ་འབྱོར་བསྲུང་བའི་འཁོར་ལོ་དང་བཅས་པ་རྫོགས་པར་བསྒོམས་པས་བསལ་ཏེ། ལྕེ་ཧཱུཾ་ལས་རྡོ་རྗེར་བསྐྱེད་ཅིང་ལག་ 3-2-131b པ་གཡས་པས་སྤོས་ཕོར་བཟུང་ནས། མ་ལུས་ཕྱོགས་ན་བཞུགས་པ་ཡི། །སངས་རྒྱས་རྣམས་ནི་བདག་ལ་དགོངས། །བདག་ནི་རྡོ་རྗེ་ཆེ་གེ་ཡིས། །འདིར་ནི་དཀྱིལ་འཁོར་བྲི་བར་བགྱི། །སངས་རྒྱས་ལ་སོགས་ཀུན་བྱོན་འཚལ། །དངོས་གྲུབ་འདི་ནི་ཡང་དག་ སྩོལ། །ཞེས་རྩེ་མོ་ནས་འབྱུང་བ་འདིས་རྒྱལ་བ་སྲས་བཅས་ལ་སྙན་གསན་དབབ་ཅིང་མཆོད་པ་བྱའོ། །རྡོ་རྗེ་འབྱུང་བ་ལས། བདག་མིང་འདི་ཞེས་བགྱི་བ་ཡིས། །རྡོ་རྗེ་ཅན་གྱི་དཀྱིལ་འཁོར་བྲི། །ཞེས་འབྱུང་ངོ༌། །དེ་ནས་ཡོད་ན་ཤར་ལ་སོགས་པའི་ཕྱོགས་ བཞིར་གནས་པའི་སློབ་མ་རྡོར་དྲིལ་འཛིན་པ་རིམ་པ་བཞིན་དུ་རྣམ་སྣང་དང་རིན་འབྱུང་དང་འོད་དཔག་མེད་དང་དོན་གྲུབ་ཀྱི་རྣལ་འབྱོར་དང་ལྡན་པ་བཞིའམ། མེད་ན་སློབ་མ་གཅིག་ཉིད་རིམ་པ་བཞིན་དུ་ཕྱོགས་དེ་དག་ཏུ་སོང་ལ་ཕྱོགས་སོ་སོའི་དེ་ བཞིན་གཤེགས་པའི་ང་རྒྱལ་འཛིན་པས་ནམ་མཁར་གནས་པའི་རྣམ་སྣང་ལ་སོགས་པ་དང་ལྷན་ཅིག་ཏུ་སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོ་དང་ཐ་མི་དད་པར་བསམས་ལ། དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་ གནས། །ཆོས་ཀུན་བདག་མེད་པ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །མཚན་ཉིད་ཐམས་ཅད་ཡང་དག་རྫོགས། །མཚན་ཉིད་མིན་པ་ཐམས་ཅད་སྤངས། །ཀུན་ཏུ་བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། ། ཞི་བའི་ཆོས་མཆོག་ལས་བྱུང་བ། །ཡེ་ཤེས་སྤྱོད་པ་རྣམ་སྦྱོང་མཛད། །ཀུན་ཏུ་བཟང་པོ་གསུང་གི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་ཅིང་དྲི་མ་མེད། །ཀུན་བཟང་ཐུགས་མཆོག་ཁ་ 3-2-132a ལོ་སྒྱུར། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞེས་གསང་འདུས་ཀྱི་བཞི་པ་ལས་དེ་བཞིན་གཤེགས་པ་རྣམས་ཀྱིས་རྡོ་རྗེ་འཆང་ལ་དབང་གི་དཀྱིལ་འཁོར་བཤད་པར་གསོལ་བ་བཏབ་པ་འདི་མ་འོངས་པའི་གདུལ་བྱ་ལ་བསླབ་ བྱའི་ཕྱིར་ཡིན་པས་དེ་ལྟར་དུ་གསོལ་བ་གདབ་སྟེ་རྒྱ་གཞུང་གི་དཀྱིལ་ཆོག་དུ་མ་ལས་འབྱུང་ངོ༌། །རྣམ་སྣང་སོགས་བཞི་དང་ལྷན་ཅིག་ཏུ་གསོལ་བ་འདེབས་པ་ནི། མི་ཐུབ་ཟླ་བས། སློབ་དཔོན་རྡོ་རྗེ་སེམས་མཚུངས་ལ། །ཕྱི་ནས་རྟག་སོགས་རྒྱལ་བ་ དང༌། །མཉམ་པར་རྡོ་རྗེ་དྲིལ་འཆང་བའི། །སློབ་མ་རྣམས་ཀྱིས་གསོལ་བ་གདབ། །ཅེས་པའི་རྗེས་སུ་འབྲངས་པའོ། །སློབ་དཔོན་གྱིས་ཀྱང་རང་གཙོ་བོར་གནས་པ་ལ་དེ་བཞིན་གཤེགས་པ་བཞིས་གསོལ་བ་བཏབ་པར་བསམ་མོ། །སློབ་མ་དངོས་ སུ་མེད་ན་བསམ་གཏན་གྱིས་ཀྱང་དེ་ལྟར་བྱ་བ་ནི་མན་ངག་ཡིན་པར་ཕྲེང་བ་ལས་སོ། །དེ་ལ་དེ་བཞིན་གཤེགས་པ་ཀུན་ནི་རིགས་ལྔ་དང་ལྡན་པའོ། །རྣམ་སྣང་ལ་སོགས་པའི་ཞི་བ་ཆེན་པོའི་ཏིང་ངེ་འཛིན་འབྱུང་བས་ཞི་བའོ། །དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་གནས་ཡིན་པས་ན་དེ་བཞིན་གཤེགས་པ་ཀུན་གྱི་གནས་སོ། །དྲན་པ་ཉེར་གཞག་ལ་སོགས་ཆོས་ཀུན་གྱི་རང་བཞིན་མེད་པའི་ངོ་བོ་ཡིན་པས་ཆོས་ཀུན་བདག་མེད་པ་ཡི་མཆོག་གོ། དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞེས་ པ་ལ་སྟོང་པ་དང་སྙིང་རྗེ་དབྱེར་མི་ཕྱེད་པའི་བདེ་བ་ཆེན་པོའི་སྙིང་པོ་ལེན་པ་ནི་དཀྱིལ་འཁོར་ཡིན་ལ། དེ་གསལ་བའམ་མཚོན་པར་བྱེད་པས་རྡུལ་ཚོན་གྱི་དཀྱིལ་འཁོར་ཡང་དཀྱིལ་འཁོར་ཏེ། དེ་བཤད་དུ་གསོལ་ཞེས་ཞུ་བའོ། །མཚན་ཉིད་ཐམས་ 3-2-132b ཅད་ཡང་དག་རྫོགས་ནི་གྲུ་བཞི་ལ་སོགས་པའི་མཚན་ཉིད་ཀུན་དང་ལྡན་པའོ། །མཚན་ཉིད་མིན་པ་ནི། རྡུལ་ཚོན་ཕྲ་བ་དང་སྦོམ་པ་ལ་སོགས་པའི་ཉེས་པ་སྟེ་དེ་ཐམས་ཅད་དང་བྲལ་བས་ན་ཡང་དག་སྤངས་པའོ། །སྐུའི་མཆོག་སྐུ་རྡོ་རྗེའི་རང་བཞིན་འདི་ལ་ ཡོད་པས་ན་ཀུན་ཏུ་བཟང་པོ་སྐུའི་མཆོག་གོ། དཀར་པོའི་ཆོས་ཀྱི་ངོ་བོར་གསལ་བར་བྱུང་བས་ཞི་བའི་ཆོས་མཆོག་ལས་བྱུང་བའོ། །ཡེ་ཤེས་དེའི་ཆེད་དུ་སྤྱོད་པ་རྣམས་སྦྱོང་བར་མཛད་པས་ན་ཡེ་ཤེས་སྤྱོད་པ་རྣམ་སྦྱོང་མཛད་པའོ། །དེ་གསལ་བར་མཛད་པ་པོ་ ཉིད་ཀྱིས་གསུང་རྡོ་རྗེའི་རང་བཞིན་ཡིན་པའི་ཕྱིར་ཀུན་ཏུ་བཟང་པོ་གསུང་གི་མཆོག་གོ། ཆོས་ཐམས་ཅད་ཀྱི་ངོ་བོར་སྤྲོ་ཞིང་ཁྱད་པར་བྱེད་པས་སེམས་ཅན་ཀུན་གྱི་སེམས་ཆེན་པོའོ། །དོན་དམ་པར་ཀུན་བཏགས་པ་ཐམས་ཅད་དང་བྲལ་ཞིང་ཐུགས་རྡོ་ རྗེའི་རང་བཞིན་ནི་རང་བཞིན་དག་ཅིང་དྲི་མ་མེད་པའོ། །འདུལ་འོས་པ་རྣམས་འདུལ་བས་ན་ཀུན་བཟང་ཐུགས་མཆོག་ཁ་ལོ་སྒྱུར་བའོ། །དཀྱིལ་འཁོར་བཤད་དུ་གསོལ་རྣམས་ནི་སྔར་བཞིན་ཏེ་ཕྲེང་བའི་བཤད་པའོ། །དེ་བཞིན་གཤེགས་པ་བཞིའི་ང་རྒྱལ་ འཛིན་ལུགས་ལ་བདེ་མཆོག་ལ་རྣལ་འབྱོར་མ་བཞི་དང་གཤེད་དམར་ལ་གཏི་མུག་གཤིན་རྗེའི་གཤེད་ལ་སོགས་པ་བཞིའི་ང་རྒྱལ་བྱས་ནས་གསོལ་བ་གདབ་པར་བི་བྷཱུ་ཏཱི་དང་དཔལ་འཛིན་གྱིས་བཤད་དེ་དེའི་རིགས་པ་གཞན་ལ་ཡང་བསྒྲེའོ། །བི་བྷཱུ་ ཏཱིས་མཎྜལ་སྔོན་དུ་བཏང་ནས་བྱེད་པར་བཤད་དོ། །དེ་ནས་བསྒོམས་པའི་དཀྱིལ་འཁོར་ནམ་མཁར་འདེགས་པའི་སྔགས་ནི། ཧཱུཾ་བཛྲ་ཨུཏྟི་ཥྛ་ཞེས་པ་སྟེ་རྡོ་རྗེ་ཉེ་བར་གནས་ཤིག་པའོ། །ཕྱག་རྒྱ་ནི་རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཛུབ་མོ་གཉིས་བརྐྱངས་ལ་རྩེ་མོ་ 3-2-133a སྦྱར་བ་འོག་ཏུ་ཕྱོགས་པས་སྤྱི་བོར་གཟུང་བ་སྟེ་མཐེའུ་ཆུང་གཉིས་སྦྲེལ་བ་ནི་མ་དག་གོ། ཕྱག་རྒྱ་དེ་བཅིངས་ལ་སྔགས་དེ་བརྗོད་ནས་ནམ་མཁར་གདེག་གོ། གཉིས་པ་ནི། དེ་ནས་སྐྱིལ་ཀྲུང་བཤིག་ལ་ལངས་ཏེ་ཤར་དུ་ཕྱོགས་ པས་མཉམ་པའི་རྐང་སྟབས་བྱས་ལ་མགོ་བོར་ཐལ་མོ་སྦྱར་ནས། ཨོཾ་པྲ་ན་མ་མི་སརྦ་ཏ་ཐཱ་ག་ཏ་ན། ཞེས་པས་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་བྱའོ། །དེ་ནས་སེམས་ཅན་མ་རིག་པའི་མུན་པས་བསྒྲིབས་ཤིང་བདུད་ཀྱི་དབང་དུ་སོང་བ་རྣམས་ལ་བལྟས་ཏེ་ བདུད་བསལ་བའི་ཕྱིར་དུ་རང་ཉིད་སྐད་ཅིག་གིས་འཆད་པར་འགྱུར་བ་ལྟར་གྱི་ཧཱུཾ་མཛད་དུ་སྐྱེད་ལ། མིག་གཡས་པ་མ་ལས་ཉི་མ་དང་གཡོན་པ་ཊ་ལས་ཟླ་བ་དང་མིག་འབྲས་ཧཱུཾ་ལས་དུས་མཐའི་མེ་ལྟར་བསྐྱེད་པའི་རྡོ་རྗེའི་ལྟ་བས་ཕྱོགས་ཐམས་ཅད་དུ་འགྲོ་ བ་ལ་བལྟའོ། །ཚུལ་དེས་ལྟ་བཞིན་དུ་རྡོ་རྗེའི་འགྲོས་བྱེད་པ་ན་མིག་སོ་སོའི་བྱེད་ལས་ནི། རྒྱལ་བ་བཟང་པོས། མ་ལས་གཡས་སུ་ཉི་དམིགས་ཏེ། །རྡོ་རྗེ་འོད་ཟེར་དེ་བཞིན་སྤྲོས། །མིག་འབྲས་ཧཱུཾ་ལས་བསྐལ་པའི་མེ། །རྡོ་རྗེ་གསོར་བར་བྱེད་བརྩོན་པས། ། རྐང་པའི་འགྲོས་ཀྱིས་འོད་ཟེར་ཚོགས། །རྡོ་རྗེ་དུས་ཀྱི་མེ་འོད་འདྲ། །གདུག་པ་འབྲོས་པར་བལྟ་བར་བྱ། །གཡོན་པའི་ཟླ་བ་དྲི་མེད་ལ། །ཨཾ་ལས་བྱུང་བའི་འོད་ཟེར་ནི། །བདུད་རྩི་ཡི་ནི་ཚོགས་དང་ལྡན། །རང་གི་འཁོར་ཚོགས་འཐུང་བྱེད་ཅིང༌། །ཚིམ་ པར་བྱེད་ཅིང་མཆོད་བྱེད་པའོ། །ཞེས་སོ། །ཁ་སྦྱོར་གྱི་བརྟག་པ་བདུན་པའི་རབ་བྱེད་བཞི་པ་ལས་ཧཱུཾ་མཛད་ཞལ་གསུམ་ཕྱག་དྲུག་པར་བྱས་ནས་བགེགས་བསལ་བར་བཤད་པའི་རྗེས་སུ་འབྲངས་ནས། སློབ་དཔོན་འདིས་དཀྱིལ་འཁོར་ནམ་མཁར་བཏེག་རྗེས་སུ་ 3-2-133b གཙོ་བོ་གང་ཡིན་གྱི་ང་རྒྱལ་ལས་འཕོས་ནས་ཧཱུཾ་མཛད་དུ་སྐྱེད་པར་བཤད་དེ། དཱ་རི་ཀ་བས་ཀྱང་ཁམས་གསུམ་རྣམ་རྒྱལ་དུ་སྐྱེད་པར་བཤད་དོ། །ཀྱཻ་རྡོར་ལ་ཉིན་མོ་འབྱུང་གནས་དང་ཀྱཻ་རྡོར་ལས་རིམ་གྱི་ཆོ་ག་ལས་ཀྱཻ་རྡོར་དུ་སྒོམ་པ་དང༌། གཤིན་ རྗེའི་གཤེད་དམར་ནག་ལ་དཔལ་འཛིན་གྱིས་དེ་དག་ཏུ་སྒོམ་པར་གསུངས་པས། དེ་དག་གི་ལྟར་ན་དེ་རྣམས་ལ་གཙོ་བོའི་ང་རྒྱལ་འཕོ་མི་དགོས་སོ། །ཀླུ་བྱང་གིས་ཀྱང་ཞེ་སྡང་རྡོ་རྗེར་བསྒོམས་ནས་བགེགས་བསལ་བར་གསུངས་པས་དེ་ལའང་ང་རྒྱལ་ འཕོ་མི་དགོས་ལ། འོན་ཀྱང་རྡོ་རྗེའི་རྐང་སྟབས་ཀྱིས་ས་ལ་རྡོ་རྗེ་བྲི་དགོས་པས་བཞེངས་པའི་རྣམ་པ་ཅན་དུ་བྱའོ། །འཇམ་རྡོར་ལ་ཕྱེད་བཅས་བཞི་བརྒྱ་པ་ལས་ཁྲོ་བོར་བྱ་བར་གསུངས་པས་གཙོ་བོ་ཁྲོ་བོ་མིན་པ་རྣམས་ལ་ང་རྒྱལ་འཕོས་ནས་ཁྲོ་ བོའི་ང་རྒྱལ་གྱིས་བགེགས་བསལ་དགོས་པར་མངོན་ནོ། །དེ་ནས། ང་ནི་རང་ཉིད་རྡོ་རྗེ་ཅན། །རྡོ་རྗེ་སེམས་དཔའ་རང་ཉིད་ང༌། །ང་ནི་སངས་རྒྱས་རྒྱལ་པོ་ཆེ། །ང་ནི་སྟོབས་ཆེན་རྡོ་རྗེ་ཅན། །ང་ནི་རྣལ་འབྱོར་དབང་ཕྱུག་རྒྱལ། །ཕྱག་ན་རྡོ་རྗེ་བརྟན་པ་དང༌། ། ང་ནི་བདག་པོ་རྡོ་རྗེ་ཆེ། །བྱིན་གྱིས་བརླབས་པ་མི་འདོར་རོ། །ཞེས་རྩེ་མོ་ནས་གསུངས་པས་ང་རྒྱལ་བྱའོ། །དེ་དག་ནི་ཡོ་ག་བའི་བླ་མ་རྣམས་རིགས་བཞིའི་འཁོར་ལོས་སྒྱུར་བའི་ང་རྒྱལ་འཛིན་པར་འཆད་ལ། འདིར་ནི་རིགས་དྲུག་གི་ང་རྒྱལ་འཛིན་པ་ ལ་ཇི་ལྟར་རིགས་པར་སྦྱར་ཏེ། བཟང་པོ་ཡོངས་བཟུང་ལས་རིགས་ལྔ་ལ་སོགས་པའི་སངས་རྒྱས་ཐམས་ཅད་ཀྱི་ང་རྒྱལ་འཛིན་པར་བཤད་པའི་དོད་ལ་འདི་མཛད་པར་སྣང་བའི་ཕྱིར་རོ། །རྐང་པ་ཐ་མའི་དོན་ནི། རིགས་ཀུན་གྱི་བདག་པོས་བཀའ་བསྒོས་ནས་ 3-2-134a བྱིན་གྱིས་བརླབས་པའི་བཀའ་མི་འདོར་བའོ། །དེ་ནས་རྐང་པ་གཉིས་ཀྱི་མཐིལ་དུ་རྡོ་རྗེ་འབར་བ་བསྒོམས་ལ་རྐང་པ་བྱིན་གྱིས་བརླབ་བོ། །ས་བོན་ནི་ཕྲེང་བ་དང་ཁ་སྦྱོར་གཉིས་ཀྱིས་ཧཱུཾ་ལས་སྐྱེད་པར་བཤད་ལ། དཱ་རི་ཀ་པ་དང་ཤཱནྟི་པས་ཨཿལས་ སྣ་ཚོགས་རྡོ་རྗེ་སྐྱེད་པར་བཤད་དོ། །དེ་ནས་འགྱིང་བ་དང་བཅས་པས་རྡོ་རྗེ་གསོར་དྲིལ་བུ་དཀྲོལ་ཞིང་རྡོ་རྗེའི་རྐང་སྟབས་ཀྱིས་དབང་ལྡན་དུ་ཕྱིན་ལ་དེ་ནས་བརྩམས་ཏེ་སློབ་མ་དང་ལྷན་ཅིག་དཀྱིལ་འཁོར་གྱི་ས་གཞིར་གཡས་སྐོར་དུ་རྡོ་རྗེའི་རྐང་ སྟབས་ཀྱིས་གར་བྱས་ཏེ་བསྐོར་བའི་འོག་ཏུ་བགེགས་བསྐྲད་དེ་སྒྱུ་དྲ་དང་དཔལ་འཛིན་དང་ཉིན་མོ་འབྱུང་གནས་སོགས་ཀྱིས་ཀྱང་དེ་བཞིན་དུ་བཤད་དོ། །ལྭ་བ་པ་དང་དཱ་རི་ཀ་པ་དང་ནག་པོ་སྤྱོད་པ་དང་བི་བྷཱུ་ཏཱིས་སྔོན་དུ་བཀའ་བསྒོས་ནས་དེ་ནས་དཀྱིལ་ འཁོར་གྱི་ས་ལ་སྐོར་བར་བཤད་པ་ཡང་སྔོན་དུ་ལན་ཅིག་བསྐོར་ནས་བཀའ་བསྒོས་པའི་འོག་ཏུ་རྡོ་རྗེའི་འགྲོས་རྣམས་ཀྱིས་བསྐོར་བ་ཕྲེང་བའི་དགོངས་པ་ལྟར་བྱས་ན་མི་འགལ་ལོ། །འདིར་སྐོར་བའི་དུས་སུ་ཁ་སྦྱོར་བྱ་བར་གསུངས་པས་སྒོ་བཞི་སོ་སོར་རང་ གི་གཡོན་ན་གནས་བའི་སློབ་མའི་དྲིལ་བུའི་ནང་དུ་རང་གི་རྡོ་རྗེ་དང༌། དེའི་རྡོ་རྗེ་ཡང་རང་གི་དྲིལ་བུའི་ནང་དུ་གཞུག་པར་བྱའོ། །དེ་ནས་མདུན་དུ་དང་དེ་ནས་གཡས་སུ་དང་དེ་ནས་རྒྱབ་ཏུ་ཡང་དེ་ལྟར་བྱ་སྟེ་ཕྱོགས་རེ་རེ་བཞི་བཞིའོ། །དེའི་སྔགས་ནི། ཨོཾ་ཁ་བཛྲ་ དྷྲིཀ་བཛྲ་ཧཱུཾ་ཀ་ར་ཧཱུཾ་ཕཊ། ཅེས་པས་བྱ་བར་བི་བྷཱུ་ཏིས་བཤད་དོ། །འདི་འོག་གི་སྐོར་བའི་སྐབས་སུ་བྱས་ཀྱང་མི་འགལ་ལོ། །དེ་ནས་དབང་ལྡན་ནས་བཀའ་བསྒོ་བར་དཱ་རི་ཀ་པས་གསུངས་པས་དེར་གནས་ནས་བཀའ་སྒོ་རིང་བ་བྱེད་ན། གང་སུ་དག་ལྷ་དང་ 3-2-134b ལྷ་མ་ཡིན་དང་གནོད་སྦྱིན་དང་སྲིན་པོ་དང་ཡི་དྭགས་དང་ཤ་ཟ་དང་བརྗེད་བྱེད་དང་འབྱུང་པོ་དང་མཁའ་འགྲོ་དང་མཁའ་འགྲོ་མ་དང་གྲིབ་གནོན་དང་རྒན་པོ་དང་རྒན་མོ་དང་གཡོག་དང་འཁོར་དང་ནམ་མཁའ་ལྡིང་དང་མིའམ་ཅི་དང་རིག་སྔགས་གྲུབ་པ་ ཁྱེད་རྣམས་དེངས་ཤིག །སའི་ཕྱོགས་འདིར་རྡོ་རྗེ་སློབ་དཔོན་ཆེ་གེ་མོ་ཞེས་བྱ་བ་བདག་གིས་སེམས་ཅད་ཐམས་ཅད་ཀྱིས་བླ་ན་མེད་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་དང༌། སློབ་མ་ཆེ་གེ་མོ་ཞེས་བྱ་བའི་མངོན་པར་རྫོགས་པར་བྱང་ཆུབ་པ་རྫོགས་པར་བྱ་བའི་དོན་དུ་དཔལ་ ཆེ་གེ་མོ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོ་བྲི་བར་བྱའོ། །དེའི་ཕྱིར་རྡོ་རྗེ་འཆང་ཆེན་པོའི་བཀའ་འདི་ཐོས་ནས་མྱུར་དུ་དེངས་ཤིག །གང་དག་མི་འགྲོ་བ་དེའི་མགོ་བོ་བདག་གིས་ཧཱུཾ་མཛད་ཀྱི་རྡོ་རྗེ་རབ་ཏུ་འབར་བ་གསལ་ཞིང་རབ་ཏུ་གསལ་བ་ཡེ་ཤེས་ཀྱི་རྡོ་རྗེ་ ཆེན་པོ་འདིས་རྣམ་པ་བརྒྱར་འགས་པར་བྱའོ། །ཞེས་ཁ་སྦྱོར་གྱི་བརྟག་པ་བདུན་པའི་རབ་བྱེད་བཞི་པ་དང་སྒྱུ་དྲའི་གཉིས་པ་ལས་གསུངས་པ་ལན་གསུམ་བརྗོད་ཅིང་ཁྲོ་བོ་དཔག་ཏུ་མེད་པ་སྤྲོས་པས་བགེགས་རྣམས་བསལ་བར་བྱའོ། །བཀའ་བསྒོ་ཐུང་བ་ བྱེད་ན། ལུས་ངག་སེམས་ལ་གནས་པ་ཡི། །བགེགས་ཀྱི་ཚོགས་ཀུན་ཡང་དག་ཉོན། །ང་ནི་དཔལ་ལྡན་རྡོ་རྗེ་འཆང༌། །བཀའ་ཡི་འཁོར་ལོ་སྦྱོར་བ་པོ། །རྡོ་རྗེ་འབར་བའི་གཟུགས་ཀྱིས་ནི། །ལུས་གསུམ་ལས་བྱུང་དགས་བྱ་སྟེ། །གལ་ཏེ་ཁ་ཅིག་བདག་ལས་ འདའ། །འདིར་ནི་འཇིག་འགྱུར་གཞན་དུ་མིན། །ཞེས་འདུས་པའི་བཅུ་གསུམ་པ་ལས་འབྱུང་བ་ལན་གསུམ་བརྗོད་ལ་བྱ་སྟེ་དམིགས་པ་ནི་སྔར་བཞིན་ནོ། །ལུས་གསུམ་ལ་ནི་སྐུ་གསུམ་ཞེས་ཀྱང་བཤད་ལ། དེའི་དོན་ནི་སྐུ་གསུམ་གཅིག་ཏུ་གྱུར་པ་ལ་སྒྲོན་ 3-2-135a གསལ་ལས་གསུངས་པས་འགས་བྱེད་ཀྱི་ཁྱད་པར་ཡིན་གྱི། དགས་བྱའི་ཡུལ་མིན་ནོ། །དཀྱིལ་འཁོར་གྱི་ས་གཞི་ཡང་དབང་ཆེན་གྱི་གཏིང་གི་བར་དུ་ཧཱུཾ་ལས་བྱུང་བའི་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ་བོ། །བཤད་ཟིན་པ་དང་འཆད་ པར་འགྱུར་བའི་སྐབས་ཐམས་ཅད་དུ་ཡང་སྐབས་གང་ཡིན་གྱི་དམིགས་པ་རྣམས་མ་གསལ་གྱི་བར་དུ་མ་ཡེངས་པར་དལ་བུས་བྱ་བ་ནི་ཤིན་ཏུ་གལ་ཆེའོ། །ཕྱག་དང་སེམས་བསྐྱེད་པའི་ཡུལ་གྱི་སེམས་ཅན་སོ་སོ་བ་རྣམས་དང་ང་རྒྱལ་གཟུང་བ་དང་ བཀའ་བསྒོ་བའི་ཡུལ་ལ་སོགས་པ་ལ་སོ་སོའི་ཉམས་བཏོན་པའི་གར་མང་པོ་བྱེད་པ་ཕྲེང་བའི་ལུགས་སུ་འདོད་པ་ནི། ཕྲེང་བ་དང་མན་སྙེ་དང་ཁ་སྦྱོར་གྱི་འགྲེལ་པ་གཞན་གཉིས་དང་སྒྱུ་དྲའི་འགྲེལ་པ་གཉིས་ལ་སོགས་པའི་གཞུང་ཁུངས་ཐུབ་སུས་ ཀྱང་མ་བཤད་པས། སྤྲོས་པ་ལ་དགའ་བའི་བོད་འགའ་ཞིག་གིས་བལ་པོའི་སྔགས་པ་མི་མཁས་པ་ཁ་ཅིག་ལ་བརྟེན་ནས་རང་གི་བློས་བཏགས་པ་ཙམ་དུ་ཟད་དོ། །བྱ་བ་བསྡུས་པ་ལས་བཀའ་བསྒོ་བཞིར་བྱས་ནས་དེ་རྣམས་སྒོའི་སློབ་དཔོན་སོ་ སོས་བྱེད་པར་བཤད་པ་ཡང་འཐད་པ་མ་ཡིན་ཏེ། སྒྱུ་དྲ་ལས། སློབ་དཔོན་ཉིད་ཀྱིས་ལྷ་ཉིད་ཀྱི་སྟངས་སྟབས་སུ་འདུག་ལ་ལག་པ་གཡས་པས་བསྒྲིམས་ཏེ་རྡོ་རྗེ་གསོར་ཞིང་གཡོན་པས་དྲིལ་བུ་གསིལ་ནས་རྡོ་རྗེའི་འགྲོས་ཀྱིས་དཀྱིལ་འཁོར་གྱི་ས་ བརྗིད་བག་དང་བཅས་པར་ཡོངས་སུ་བསྐོར་བར་བྱའོ། །ཞེས་སོགས་གསུངས་པས། ཤར་སྒོའི་སློབ་དཔོན་གྱིས་བྱེད་པར་འདོད་པའི་བཀའ་བསྒོ་ནི་སློབ་དཔོན་ཉིད་ཀྱིས་བྱེད་པར་བཤད་པའི་ཕྱིར་དང༌། བཀའ་བསྒོའི་ཚིག་ལས་ཀྱང་རྡོ་རྗེ་སློབ་དཔོན་ཆེ་གེ་མོ་ 3-2-135b ཞེས་བྱ་བ་བདག་གིས་ཞེས་གསུངས་པའི་ཕྱིར་དང༌། མར་མེ་མཛད་བཟང་པོ་དང་ལྭ་བ་པ་དང་དཱ་རི་ཀ་པ་ལ་སོགས་པ་ཁུངས་ཐུབ་དུ་མས་ཀྱང་སྔར་བཤད་པ་ལྟར་གྱི་གསོལ་གདབ་བྱས་པའི་སློབ་དཔོན་དེས་བྱེད་པར་གསུངས་པའི་ཕྱིར་དང༌། ཕྱོགས་གཞན་དུ་ བཀའ་བསྒོ་བྱེད་པར་འདོད་པ་དག་ཀྱང་བཀའ་བསྒོ་དང་པོར་མ་འདུས་པ་མི་སྣང་བ་དང་རིང་ཐུང་གཉིས་ཀྱང་གདམ་པ་ཅན་དུ་བཤད་པའི་ཕྱིར་རོ། །དེས་ན་བགེགས་བསྐྲད་པའི་བཀའ་བསྒོ་ནི་རྡོ་རྗེ་སློབ་དཔོན་གྱིས་ངེས་པར་བྱ་དགོས་པའི་ལས་ཡིན་ནོ། །གསུམ་ པ་ནི། ལྭ་བ་པ་དང་ནག་པོ་སྤྱོད་པས་རྐང་པ་བྱིན་གྱིས་བརླབས་པས་སྐོར་བའི་ཚེ་རྐང་འོག་ནས་བསྐལ་པའི་མེ་ལྟ་བུའི་འོད་ཟེར་བྱུང་བས་གདུག་པ་རྣམས་བསྲེགས་ཏེ་ཕན་ཚུན་བྱེར་བར་བསམ་པར་གསུངས་པ་མ་གཏོགས་པ་རྐང་པས་ས་ལ་རྡོ་རྗེ་འདྲི་བ་མ་ བཤད་ལ། ཤཱནྟི་བས་རྡོ་རྗེ་འབྲི་བ་བཤད་པ་བཞིན་དུ། ཕྲེང་བ་ལས་ཀྱང༌། བཞི་པོ་འདི་རྡོ་རྗེས་མཚན་པ་དང་རྡོ་རྗེ་རྣམས་འབྲི་བས་རྡོ་རྗེའི་རྐང་སྟབས་ཏེ་སོ་སོར་གཡས་སྐོར་དུ་གཡས་བརྐྱངས་ལ་སོགས་པ་རྣམས་བྱེད་པས་ལན་རེ་བྱའོ། །ཞེས་གསུངས་སོ། །རྡོ་རྗེའི་ རྐང་སྟབས་ནི་བཞི་སྟེ་རྡོ་རྗེ་རྩེ་གཅིག་པ་དང་རྩེ་གསུམ་པ་དང་རྩེ་ལྔ་པ་དང་སྣ་ཚོགས་རྡོ་རྗེའི་རྐང་སྟབས་སོ། །རྡོ་རྗེ་དེ་རྣམས་སྐྱེད་པའི་གནས་ནི་རྐང་མཐིལ་དང་ས་བོན་ཧཱུཾ་ཡིན་ལ་རྐང་མཐིལ་གྱིས་རྡོ་རྗེ་རྣམས་ས་ལ་བྲི་ཞིང་གར་གྱིས་བསྐོར་ཏེ། འོན་ཀྱང་ཕྱིར་ ལོག་ནས་བསྐོར་ཅིང་རྗེས་གདོད་པར་ཕྲེང་བ་ལས་སོ། །རྡོ་རྗེའི་རྐང་སྟབས་ཀྱི་སྐབས་སུ་རྡོ་རྗེའི་མིག་གཉིས་ཀྱིས་མདུན་དུ་ལྟ་བའི་མངོན་དུ་ཕྱོགས་པ་དང༌། རྒྱབ་ཏུ་ལྟ་བའི་ཕྱིར་ཕྱོགས་པ་སྟེ་ལྟ་བ་གཉིས་བྱ་བར་ཕྲེང་བ་ལས་གསུངས་པས་རྐང་སྟབས་བཞི་ 3-2-136a ཁ་ལ་ལྟ་བ་གཉིས་གཉིས་དགོས་སོ། །དེ་དག་གི་ཚུལ་ནི་ཕྲེང་བ་ལས། མིག་གཉིས་ལག་གཉིས་དེ་བཞིན་དཀུར། །རྐང་པ་གཞོགས་སུ་གཡས་སྐོར་དུ། །ཕེག་རྡོབ་སྦྱོར་བས་བཀྱེར་བར་བྱ། །སླར་ཡང་གཡོན་དུ་དེ་བཞིན་ནོ། །དེ་ནས་ རྒྱུག་པའི་གར་བྱས་ནས། །དེ་ནས་གཡོ་ཞིང་གར་བྱའོ། །མྱུར་དུ་ཕེག་རྡོབ་དེ་བཞིན་དུ། །གར་བྱས་འཁོར་ལོ་རབ་བསྐོར་ཞིང༌། །ཞེས་གསུངས་ཏེ། དཔང་ལོའི་འགྱུར་ལས། གར་བྱས་འཁོར་ལོ་འདྲར་བསྐོར་ཞིང༌། ཞེས་བསྒྱུར་བ་དང༌། བཟང་པོ་ཡོང་ བཟུང་ལས། འཁོར་ལོ་ལྟ་བུར་འཁོར་བར་བྱ། །ཞེས་འབྱུང་བ་ལེགས་སོ། །དེ་དག་གི་རིམ་པ་ནི་འདི་ཡིན་ཏེ། སྔར་ལྟར་རྐང་པ་བྱིན་གྱིས་བརླབ་ལ་རྡོ་རྗེ་གསོར་དྲིལ་བུ་གསིལ་ཏེ་ཧཱུཾ་ཞེས་བརྗོད་ཅིང་རྐང་པས་རྡོ་རྗེ་རྩེ་གཅིག་པ་སོགས་ཀྱི་རྣམ་པ་ས་ལ་བྲི་བ་ ཟིན་པ་དང་ལག་པ་གཉིས་དཀུར་བཞག་ནས་གཡས་སུ་འཁོར་ལོ་བཞིན་བསྐོར་རོ། །དེ་ནས་རྒྱུག་པའི་གར་ཏེ་གོམ་པ་མྱུར་དུ་དགོད་པའི་ཚུལ་ཇི་ལྟར་རིགས་པར་བྱས་ནས་ཡང་སྔར་བཞིན་དུ་བྱས་པའི་འོག་ཏུ་གཡོན་ངོས་ནས་འཁོར་ལོ་བཞིན་ བསྐོར་རོ། །དེ་ཡང་རྐང་སྟབས་དང་པོ་གསུམ་ལ་དང་པོར་རྐང་པ་གཡས་པས་རྒྱབ་མདུན་གཉིས་སུ་བྲི་ལ་དེ་ནས་གཡོན་པས་དེ་ལྟར་བྱེད་པའི་འགྲོས་སྤེལ་ལ་བྱ་ཞིང༌། བཞི་པ་ལ་རྐང་པ་གཡས་པས་མདུན་དང་གཡས་གཉིས་དང་གཡོན་པས་རྒྱབ་དང་གཡོན་ གྱི་རྡོ་རྗེ་བྲིས་ལ་བསྐོར་རོ། །རྡོ་རྗེའི་རྐང་སྟབས་རེ་རེས་ཀྱང་སྐོར་བ་རེ་བྱའོ། །ཕྲེང་བ་ལས་ཧཱུཾ་ཡིག་བརྗོད་པ་སྔོན་དུ་འགྲོ་བས་ཞེས་གདན་གྱི་སྐབས་སུ་བཤད་པ་མ་གཏོགས་སྔགས་གཞན་འདོན་པ་མ་བཤད་ལ་རྡོ་རྗེ་མཁའ་འགྲོ་དང་ཁ་སྦྱོར་དང་སྒྱུ་དྲ་ 3-2-136b དང་དཀྱིལ་ཆོག་མང་པོས་ཀྱང་རྡོ་རྗེའི་གོམ་པས་བསྐོར་བའི་སྐབས་སུ་ཧཱུཾ་ཡིག་བརྗོད་པར་བཤད་དོ། །འདི་རྣམས་ལ་བོད་ཀྱི་བླ་མ་དག་གཞན་མང་པོ་བྱེད་ཀྱང་ཕྲེང་བའི་དགོངས་པ་ནི་དེ་ཙམ་ཞིག་ཏུ་སྣང་ངོ༌། །དེ་ནས་གཡས་བརྐྱངས་ལ་སོགས་པ་བྱེད་པ་ལ་རྡོ་རྗེའི་ རྐང་སྟབས་ལན་རེ་དང་ལན་གསུམ་བྱས་ནས་བྱེད་པ་དང་ངེས་པ་མེད་པའི་ལུགས་གསུམ་ཕྲེང་བར་གསུངས་པས་གང་འདོད་པ་བྱས་ལ། གཡས་བརྐྱངས་ནི། རྐང་པ་གཡོན་པའི་བྱིན་པ་བསྐུམས་ནས་མཐོ་ལྔའི་བར་དུ་རྐང་པ་གཡས་པ་འགྱིང་བ་དང་བཅས་པར་དྲང་ པོར་བརྐྱངས་པའོ། །གཡོན་བརྐྱངས་ནི། དེ་ལས་བཟློག་པའོ། །ས་ག་ནི་རྐང་པ་གཉིས་ཀྱི་བར་དུ་སོར་ཉེར་དྲུག་ཡོད་པ་བྱས་ནས་རྐང་སོར་རྣམས་ལོགས་སུ་བསྟན་ཅིང་པུས་མོ་གཉིས་དྲང་པོར་བྱས་པའོ། །ཟླུམ་པོ་ནི། རྐང་པ་གཉིས་ཀྱི་བར་དུ་ཁྲུ་དོ་བ་ངང་པའི་ གཤོག་པ་ལྟར་བྱའོ། །མཉམ་པ་ནི། རྐང་པ་གཉིས་ཀྱི་སོར་མོ་ཕན་ཚུན་སྦྱར་བ་སྟེ་རྐང་པའི་མཐེ་བོང་དང་རྟིང་པ་གཉིས་བཅེར་བ་སྟེ་དེ་དག་གི་མཚན་ཉིད་ནི་ཁ་སྦྱོར་དང་སྒྱུ་དྲའི་འགྲེལ་པར་ཀུན་སྙིང་གིས་བཤད་དོ། །དེ་ལྔ་ནི་རིམ་པ་ལྟར་ཤར་ལ་ སོགས་པ་བཞི་དང་དབུས་སུ་བྱའོ། །འདི་རྣམས་བགེགས་བསྐྲད་པའི་སྐབས་ཀྱི་ལྷའི་ང་རྒྱལ་གང་བཟུང་བ་དེས་བྱས་པས་ཆོག་པར་ཀླུ་བྱང་དང་ཨ་བྷྱ་སོགས་བཞེད་པས་ཧཱུཾ་མཛད་སོགས་ཀྱི་ང་རྒྱལ་ལ་གནས་ནས་ཧཱུཾ་ཡིག་བརྗོད་ལ་བྱའོ། །བོད་ཀྱི་བླ་མ་ དག་དེ་རྣམས་ལ་གཞི་བཅའ་བ་རྐང་པ་དག་མདུན་དང་གཞོགས་དང་རྒྱབ་ཏུ་རེ་མོས་ཀྱིས་འཇོག་ཅིང་བཞི་པ་ལ་རྐང་སྟབས་གང་ཡིན་སྒྲུབ་ལ། ཁ་སྦྱོར་ལ་ཡང་གཞི་བཅའ་སྔོན་དུ་འགྲོ་བས་སློབ་དཔོན་ཁ་ནང་དུ་བལྟ་སློབ་མ་ཁ་ཕྱིར་ལྟ་བས་ཤར་དུ་སློབ་ 3-2-137a དཔོན་གྱིས་གཡས་བརྐྱངས་དང་སློབ་མས་གཡོན་བརྐྱངས་བྱེད་ཅིང་ལྷོར་དེ་ལས་བཟློག་པ་དང༌། ཕྱོགས་གཞན་གཉིས་སུ་རྐང་སྟབས་འདྲ་བར་བྱས་ནས་བྱེད་དོ། །དེ་ནས་ཤེས་ཤིང་སྤྲོ་ན་རྐང་སྟབས་ལྷག་མ་བརྒྱད་དང་ཚུལ་རྣམས་དང་ གདན་རྣམས་བྱའོ། །དེ་དག་མི་ཤེས་པའམ་ཤེས་ཀྱང་མི་སྤྲོ་ན་མ་བྱས་ཀྱང་ཉེས་པ་མེད་པར་གསུངས་ཏེ། ཕྲེང་བ་ལས། ཡོངས་སུ་མི་ཤེས་པའམ་མི་ནུས་པའམ་བྱ་བ་བསྡུས་པ་ལ་དགའ་བའམ་མི་འདོད་པས་ཀྱང་རུང་སྟེ་རྡོ་རྗེའི་རྐང་སྟབས་ལ་ སོགས་པ་ཐམས་ཅད་དམ་ཉུང་ཟད་མ་བསྒྲུབས་ནའང་སྐབས་སུ་བབ་པ་ཉམས་པར་མི་འགྱུར་ཏེ། བགེགས་བསལ་བ་ནི། བསྐོར་བ་ལ་སོགས་པས་ཀྱང་འགྲུབ་པའི་ཕྱིར་རོ་ཞེས་མན་ངག་རིག་པ་རྣམས་གསུང་ངོ༌། །ཞེས་སོ། །རྡོ་རྗེའི་རྐང་སྟབས་ས་ལ་རྡོ་རྗེ་འདྲི་བ་ སོགས་ཀྱི་གར་མི་བྱེད་ཀྱང་རྐང་པ་རྡོ་རྗེར་བྱིན་གྱིས་བརླབས་ནས་དཀྱིལ་འཁོར་གྱིས་སྐོར་བ་རྣམས་གཞག་ཏུ་མི་རུང་ལ། དེ་དག་གི་སྐབས་སུ་ནག་པོ་སྤྱོད་པས་གསུངས་པ་ལྟར་དམིགས་པ་ཤིན་ཏུ་གསལ་བར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ས་གཞི་ དྲིས་བྱུགས་ལ་མེ་ཏོག་དང་སྤོས་ལ་སོགས་པ་དང་ཟུར་བཞི་དང་སྒོ་བཞིར་སྤོས་ཕོར་ལ་སོགས་པ་དང་གར་དང་གླུ་ལ་སོགས་པས་ཡང་དག་པར་མཆོད་ནས། ལག་པས་རེག་ཅིང་དཀྱིལ་འཁོར་གྱི་བདག་པོའི་སྔགས་བརྒྱ་རྩ་བརྒྱད་དང་ཡི་གེ་བརྒྱ་པ་ ལན་བདུན་བཟླས་ལ་དེ་ཉིད་དུ་ལྷའི་འཁོར་ལོ་སྤྲོ་ཞིང་བསྡུ་བས་ཉལ་བར་བྱའོ། །སའི་དབུས་སུ་མངོན་རྟོགས་བསྒོམས་ནས་གསོལ་བ་གདབ་པ་ནི་ཤཱནྟི་པ་ལ་སོགས་པས་ཀྱང་ས་གཟུང་བར་གསུངས་ལ། ཁ་སྦྱོར་དང་སྒྱུ་དྲར་བགེགས་བསྐྲད་དེ་རྡོ་རྗེའི་རྐང་ 3-2-137b སྟབས་ཀྱིས་སྐོར་བ་བྱེད་པ་རྣམས་ས་གཟུང་བར་བཤད་པ་བཞིན་ཕྲེང་བར་ཡང་མཛད་པའོ། །ས་གཟུང་བར་འགྲོ་ཚུལ་ནི། སློབ་མ་རིགས་བཞིའི་ང་རྒྱལ་འཛིན་པས་ས་དེར་དཀྱིལ་འཁོར་བྲི་བའི་དོན་དུ་གསོལ་བ་བཏབ་པ་ན་སློབ་དཔོན་གྱིས་ཀྱང་ཅང་མི་སྨྲ་བར་ དེར་དཀྱིལ་འཁོར་བྱེད་པར་ཁས་བླངས་པས་ས་དེ་དཀྱིལ་འཁོར་གྱི་གཞིར་བཟུང་བ་ཡིན་ལ། དེ་ཡང་དེར་གནས་པའི་བགེགས་དང་བྲལ་བས་སྒྲུབ་དགོས་པས་བཀའ་བསྒོ་དང་སྟངས་སྟབས་རྣམས་ཀྱང་ས་གཟུང་བར་བསྡུས་སོ། །ལྔ་པ་ལ་གཉིས། སྔོན་དུ་ལྷར་ བསྐྱེད་ནས་བགེགས་དགུག་པ། བཀུག་པའི་བགེགས་ལ་ཕུར་བུས་གདབ་པའོ། །དང་པོ་ནི། ཤཱནྟི་པས་བགེགས་བསྐྲད་པའི་ཉི་མ་གཉིས་པ་ལ་ཕུར་བུས་གདབ་པར་གསུངས་པ་ལྟར་འདིར་ཡང་མཛད་པས་དེ་ཉིད་ལ་མ་ལྕོགས་ན་དེ་བཞིན་དུ་བྱ་ལ་ལྕོགས་ ན་སྟངས་སྟབས་རྒྱས་བསྡུས་གང་རུང་ཟིན་པའི་འོག་ཏུ་བྱའོ། །གཉིས་པ་ལ་བྱེད་ན་སྔ་བར་ལངས་ལ་འགྲོ་བ་རྡོ་རྗེ་འཆང་གི་གོ་འཕང་ལ་དགོད་པའི་དོན་དུ་བགེགས་བསྐྲད་པར་བྱའོ་སྙམ་དུ་སེམས་བསྐྱེད། སྐད་ཅིག་གིས་སྟོང་ཉིད་དུ་བསམས་པའི་རྗེས་ལ་རཾ་ ལས་ཉི་མའི་སྟེང་དུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ལྟེ་བ་ཧཱུཾ་གིས་མཚན་པའི་འོད་ཟེར་ལས་བྱུང་བའི་རྡོ་རྗེ་འབར་བ་སྤྲོས་པས་ཕྱོགས་སུ་བར་མཚམས་མེད་པར་དུམ་བུ་གཅིག་ཏུ་གྱུར་པའི་རྡོ་རྗེའི་ར་བ་དང༌། སྟེང་དུ་གུར་དང་དེའི་འོག་ར་བའི་སྟེང་དུ་རྡོ་རྗེའི་བླ་རེ་ དང་ཕྱི་རོལ་ཏུ་མདའི་དྲ་བ་དང༌། འོག་གིས་ས་གཞི་ཡང་འབར་ཞིང་བཟོད་པར་དཀའ་བའི་སྣ་ཚོགས་རྡོ་རྗེའི་རང་བཞིན་དུ་བསྒོམ་མོ། །དེའི་དབུས་སུ་སྐད་ཅིག་གིས་རང་ཉིད་རྡོར་སེམས་ཀྱི་ངོ་བོ་ཡོངས་སུ་གྱུར་པའི་ཁྲོ་བོ་འཇིག་རྟེན་གསུམ་རྒྱལ་མིང་གཞན་ཧཱུཾ་མཛད་ 3-2-138a ཅེས་པ་རྩ་ཞལ་སྔོ་གཡས་སེར་གཡོན་ལྗང་བའི་ཞལ་གསུམ་གདངས་ཤིང་མཆེ་བ་གཙིགས་པ་ལྗགས་འདྲིལ་བ། ཞལ་རེ་རེ་ཞིང་སྨིན་མ་འཁྱོག་ཅིང་ཁྲོ་གཉེར་དང་བཅས་པ་སྤྱན་གསུམ་དམར་ཞིང་ཟླུམ་པ་འཁོར་ལོ་ལ་ སོགས་པའི་ཕྱག་རྒྱ་དྲུག་དང་ལྡན་པ། དཔྲལ་བར་ཐོད་པ་ལྔས་བརྒྱན་ཅིང་ཁྲག་འཛག་པའི་མགོ་ཕྲེང་མགུལ་བ་ལ་འཕྱང་བ་མགོ་བོ་དང་བཅས་པའི་སྐ་རགས་ཅན་སྟག་ལྤགས་ཀྱི་ན་བཟའ་འཕྱང་བ། མཐའ་ཡས་ནག་པོས་བཅིངས་པའི་དབུ་སྐྲ་ ཁམ་པ་གྱེན་དུ་འབར་བ་འཇོག་པོ་སོགས་ཀླུའི་རྒྱལ་པོ་བརྒྱད་ཀྱིས་བརྒྱན་པ། ཕྱག་དྲུག་གི་དང་པོ་གཉིས་རྡོར་དྲིལ་འཛིན་པས་རྡོ་རྗེ་ཁུ་ཚུར་གཉིས་རྒྱབ་སྦྱར་ཏེ་མཐེའུ་ཆུང་གཉིས་སྦྲེལ་ཞིང་མཛུབ་མོ་གཉིས་བརྐྱངས་པའི་འཇིག་རྟེན་གསུམ་རྒྱལ་གྱི་ཕྱག་ རྒྱས་རང་འོད་ཀྱི་ཤེས་རབ་མ་དང་སྙོམས་པར་འཇུག་པ། གཡས་འོག་མ་གཉིས་ཀྱིས་ལྕགས་ཀྱུ་དང་ཞགས་པ། གཡོན་འོག་མ་གཉིས་ཀྱིས་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པ། གཡས་བརྐྱངས་ཤིང་གཡོན་བསྐུམས་པའི་ཞབས་གཉིས་ཀྱིས་སྣ་ཚོགས་ པདྨ་དང་ཉི་མ་ལ་གནས་པའི་འཇིགས་བྱེད་དང་དུས་མཚན་མནན་པ། རབ་ཏུ་ཁྲོས་པའི་བསྐལ་བའི་མེ་ལྟར་འོད་ཟེར་གྱི་ཕུང་པོ་འབར་བ་འགྲོ་བ་མ་ལུས་པའི་བགེགས་ཐམས་ཅད་ཟ་བ་ལྟ་བུ། ཧཱུཾ་གི་སྒྲ་དྲག་པོ་སྒྲོག་ཅིང་ཕྱོགས་སུ་ལྟ་བས་རང་གི་ སྙིང་གའི་ཧཱུཾ་ལས་སྤྲོས་པའི་འོད་ཟེར་གྱིས་ཕྱོགས་བགེགས་རྣམས་བཀུག་སྟེ་ཧཱུཾ་ལས་སྤྲོས་པའི་ཁྲོ་བོ་བཅུ་ལ་གཏང་བར་བྱའོ། །ཕྱོགས་བཅུའི་བགེགས་ནི་དབང་པོ་ལ་སོགས་པའི་གཟུགས་ཅན་གྱི་བགེགས་འཁོར་བཅས་སོ། །ཕྲེང་བ་དང་སྡོམ་ 3-2-138b འབྱུང་འགྲེལ་པར་ར་བ་སོགས་བྱས་པའི་འོག་ཏུ་ཕུར་བུས་འདེབས་པར་བཤད་ལ། མར་མེ་མཛད་དཱ་རི་ཀ་པ་ནག་པོ་སྤྱོད་པ་ལ་སོགས་པས་ཕུར་བུས་བཏབ་ནས་ར་བ་སོགས་མཛད་ཅིང༌། ལྭ་བ་པས་སྐབས་གཉིས་ཀར་ཡང་བྱ་བར་གསུངས་ སོ། །སྔར་གྱི་བགེགས་བསྐྲད་ནི་བགེགས་རྣམས་ལ་བཀའ་བསྒོས་ནས་ཕྱོགས་གཞན་དུ་སྐྲོད་པ་ཡིན་ལ། འདིར་བཀུག་པ་ནི་ལྭ་བ་པས་བྲོས་པའི་བགེགས་འགུགས་པར་གསུངས་པས། བཀའ་བསྒོ་བའི་དུས་སུ་བཀའ་བསྒོ་མི་ཉན་པར་ གཞན་དུ་བྲོས་ནས་སླར་བགེགས་བྱེད་འདོད་པ་རྣམས་བཀུག་ནས་ཕུར་བུས་བཏབ་སྟེ་དཀྱིལ་འཁོར་གྱི་བྱ་བ་མ་རྫོགས་ཀྱི་བར་དུ་འཇོག་པ་ཡིན་ཏེ། ཕུར་བུ་འདོན་པའི་སྐབས་ཀྱིས་ཤེས་སོ། །འདིར་ཧཱུཾ་མཛད་དུ་བསྐྱེད་ནས་བགེགས་ལ་བཀའ་བསྒོ་བ་ དང་བསྒོ་བ་མི་ཉན་པ་རྣམས་འགུགས་པ་སོགས་བྱེད་པ་ནི། དེ་ཉིད་བསྡུས་པའི་དུམ་བུ་གཉིས་པ་ལས་དྲག་པོ་དབང་ཕྱུག་ལ་སོགས་པའི་མ་རུངས་པ་ཐམས་ཅད་སྔོན་དུས་སུ་ཧཱུཾ་མཛད་ཀྱིས་བཏུལ་བར་གསུངས་པས། རྗེས་འཇུག་ལ་ཡང་དེའི་ང་རྒྱལ་ བྱས་ནས་གདུག་པ་ཅན་རྣམས་བཏུལ་ན་ཁྱད་པར་ཆེ་བར་སློབ་དཔོན་འདིས་དགོངས་སོ། །གཉིས་པ་ལ་གཉིས། ཕུར་བུ་དང་དེའི་སྐྱེད་ཆོག་ཇི་ལྟར་བྱ་བ་དང༌། ཕུར་བུས་འདེབས་པའི་ཚུལ་དམིགས་བསལ་དང་བཅས་པའོ། །དང་པོ་ནི། ཕུར་བུའི་རྒྱུ་ནི་སེང་ ལྡེང་དང་རུས་པ་དང་ལྕགས་གསུམ་གང་རུང་ལས་བྱས་པ་སྲིད་ཀྱི་ཚད་སོར་བཅོ་བརྒྱད་པ་བཅུ་གཉིས་པ་བརྒྱད་པ་གསུམ་གང་རུང་དང་སྦོམས་ཀྱི་ཚད་ནི་རང་རང་གི་སྲིད་ཀྱི་ཚད་ཀྱི་སུམ་ཆའོ། །དབྱིབས་ཇི་ལྟར་དུ་བྱ་བ་ལ་འདི་དང་ཀླུ་བྱང་དང་དཔལ་ 3-2-139a འཛིན་གྱིས་སྒོམ་དོན་ལ་སྟོད་ཁྲོ་བོ་དང་སྨད་ཕུར་བུའི་རྣམ་པར་སྒོམ་པར་བཤད་པ་མ་གཏོགས་པ་མི་གསལ་ཡང༌། དབང་གི་རབ་བྱེད་ལས། སྟོད་རང་རང་གི་གཟུགས་ལ་སྨད་ཕུར་བུར་འདུག་པ་བཅུ། ཞེས་དང༌། ལི་ལ་བཛྲས་ཀྱང༌། ཕུར་བ་སྟོད་ནི་ཁྲོ་བོ་ལ། །སྨད་ནི་རྡོ་རྗེ་རྩེ་གཅིག་པ། །ཞེས་བཤད་པས། ལྟེ་བ་ཡན་ཆད་སྒོམ་དོན་ལ་ཁྲོ་བོ་གང་དུ་སྒོམ་པར་གསུངས་པ་དེའི་རྣམ་པ་ཅན་ལ་ལྟེ་བ་མན་ཆད་རྡོ་རྗེ་རྩེ་གཅིག་པའི་རྣམ་པར་ཤཱནྟི་པས་ཀྱང་གསུངས་པས་དེ་བཞིན་དུ་བཟོའོ། ། དེ་ལ་ཚོན་སྐུད་སྣ་ལྔས་རིམ་པ་བཞིན་དུ་དཀྲི་ཡུངས་ཀར་དང་ཙནྡན་དམར་པོས་བྱུགས་ནས་མེ་ཏོག་གི་ཕྲེང་བ་དམར་པོ་རེ་བཅིངས་པ་བཅུ་སྣོད་གསར་བར་གཞག་གོ། དཱ་རི་ཀ་བས། སེང་ལྡེང་ལ་སོགས་དྲི་དམར་བསྐུས། །དར་དམར་མེ་ཏོག་ཕྲེང་བཏགས་ པའི། །ཞེས་ཀྱང་བཤད་ལ། ཚོན་སྐུད་སྣ་ལྔས་དཀྲི་བར་ཀླུ་བྱང་གིས་ཀྱང་བཤད་དོ། །ཕུར་བའི་གྲངས་ལ་འདིར་བཅུ་དང་བཞི་བྱེད་པའི་ལུགས་གཉིས་བཤད་པའི་ཕྱི་མ་ནི་རྒྱལ་བ་བཟང་པོས་ཀྱང་བཞེད་ལ། མར་མེ་མཛད་བཟང་པོས་གཅིག་དང་ལི་ ལ་བཛྲས་ལྔ་བཤད་དོ། །ཕུར་བུའི་སྐྱེད་ཆོག་ལ་ལྷ་སོ་སོ་བར་བྱེད་མི་བྱེད་ཀྱི་ལུགས་གཉིས་ལས་འདི་དང་སྡོམ་འབྱུང་འགྲེལ་པའི་ལུགས་ཀྱིས་ཕུར་བུ་རྣམས་ཁྲོ་བོ་བཅུ་སོ་སོར་སྐྱེད་ཅིང༌། ལྭ་བ་པ་དང་པྲཛྙཱ་རཀྵི་ཏས་ཀྱང་ཕུར་བུ་རྣམས་སྒོ་མཚམས་ མ་བརྒྱད་དུ་སྐྱེད་པས་སོ་སོ་བའོ། །ཀླུ་བྱང་དང་དཱ་རི་ཀ་པས་ཕུར་བུ་རྣམས་བགེགས་མཐར་བྱེད་དང༌། དཔལ་འཛིན་གྱིས་རལ་གྲི་གཤིན་རྗེའི་གཤེད་དུ་སྐྱེད་པར་བཞེད་པས་སོ་སོ་བར་མི་བྱེད་དོ། །མར་མེ་མཛད་ཀྱིས་ཕུར་བུའང་གཅིག་ཏུ་གསུངས་ལ་ལྷ་ 3-2-139b ཡང་བགེགས་མཐར་བྱེད་དུ་སྐྱེད་དོ། །གང་ལྟར་ནའང་བསང་སྦྱང་སྔོན་དུ་བྱས་ནས་སྟོད་རང་རང་གི་ཁྲོ་བོའི་གཟུགས་ལ་སྨད་རྡོ་རྗེ་རྩེ་གཅིག་པའི་རྣམ་པ་ཅན་བསྐལ་བའི་མེ་ལྟར་འབར་བར་སྒོམ་སྟེ་བསྡུས་ན་དེས་ཆོག་ལ་སྤྲོ་ན་ཡེ་ཤེས་པ་གཞུག་པ་དང་དབང་བསྐུར་ རྒྱས་གདབ་བྱས་ལ་མཆོད་ཅིང་བསྟོད་དོ། །མི་ཐུབ་ཟླ་བས། ཕུར་བུའི་མགོ་རུ་ཐོ་བ་ནི། །བཞག་པ་ལག་པ་ཅིག་ཤོས་ཀྱིས། །སྔོན་གྱི་སྔགས་ཀྱིས་བརྡུང་བྱ་སྟེ། ཞེས་ཐོ་བ་ལག་པ་གཡས་སུ་བཟུང་ནས་གཡོན་པའི་ཕུར་བུའི་མགོ་ནས་བརྡུངས་ཏེ་འདེབས་པར་ བཤད་པས་ཐོ་བ་ཡང་དགོས་ལ། དེ་ནི་བསང་སྦྱང་སྔོན་དུ་བཏང་ནས་སྒོམ་དོན་ལ་གང་གིས་འདེབས་པའི་ལྷ་དེའི་གཡས་ཀྱི་ཕྱག་མཚན་དང་པོ་ལས་ཐོ་བར་བསྐྱེད་པས་ཆོག་གོ། གཉིས་པ་ནི། དེ་ནས་སྒྲ་རིང་བོར་བརྗོད་པའི་ཧཱུཾ་ལས་བྱུང་བའི་ཁྲོན་པ་བཅུར་ བགེགས་དེ་རྣམས་བཅུག་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱ་ཧཱུཾ། ཞེས་པའམ། འདུས་པ་ལས་གསུངས་པའི་ཨོཾ་གྷ་གྷ་ཞེས་སོགས་ཀྱི་སྔགས་བརྗོད་པ་སྔོན་དུ་འགྲོ་བས་མགོ་བོར་ཕུར་བུ་བཙུགས་ནས། ཨོཾ་བཛྲ་མུད་ག་ར་ཨ་ཀོ་ཊ་ཡ་ཧཱུཾ། ཞེས་བརྗོད་ ཅིང་བརྡུངས་པར་བསམས་ལ། དབང་ལྡན་ནས་བརྩམས་ཏེ་འོད་ཟེར་གྱི་ཕྲེང་བའི་ཕྱོགས་བརྒྱད་དུ་དང་པོར་སློབ་དཔོན་གྱིས་གདབ་ཅིང་བརྡུང༌། དེ་ནས་མི་ནུས་ན་དེའི་རྗེས་སུ་སྒོའི་སློབ་དཔོན་རྣམས་ཀྱིས་བྱའོ། །སྟེང་གི་ཕུར་བ་ནི། ཤར་གྱི་ཕུར་པའི་ཤར་ དང༌། འོག་གི་ཕུར་བ་ནི། ནུབ་ཀྱི་ཕུར་བའི་ནུབ་ཏུ་བྱའོ། །འདིར་དངོས་སུ་སློབ་དཔོན་ནམ་སློབ་མས་གཡོན་གྱིས་ཕུར་བུ་བཟུང་ནས་གཡས་པས་འདེབས་མོད་ཀྱང་སྒོམ་དོན་ལ་རང་ལྷའི་ང་རྒྱལ་བྱས་པའི་འདེབས་མཁན་དེ་ཙམ་གྱིས་ཆོག་གམ་ལོགས་པ་ 3-2-140a དགོས་སྙམ་ན། ཕྲེང་བ་ལས། ཁྲོ་བོ་དེ་རྣམས་ཀྱིས་ཀྱང་ཞེས་པ་ནས་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་བཟུང་སྟེ་གཡས་པས་མཚན་མའི་གཙོ་བོ་ཡོངས་སུ་གྱུར་བའི་ཐོ་བ་མེ་ཏོག་དམར་པོའི་ཕྲེང་བ་བཅིངས་པ་བཟུང་ནས། ཞེས་ གསུངས་པས། རང་གིས་བཀའ་བསྒོས་པས་སྔར་བགེགས་གཏད་པའི་ཁྲོ་བོ་བཅུས་རང་རང་གི་ཕུར་པ་འདེབས་པར་སྒོམ་པ་འདི་དང་རཏྣ་རཀྵི་ཏ་བཞེད་ལ། གསང་འདུས་འཕགས་ལུགས་པ་རང་གིས་བཀའ་བསྒོས་པས་འགུགས་པ་དང་འདེབས་ པ་གཉིས་ཀ་གནོད་མཛེས་ཀྱིས་བྱེད་དོ། །འཇམ་རྡོར་དང་ཀྱཻ་རྡོར་དང་གཤེད་དམར་ལ་སྔར་བཀའ་བསྒོ་བའི་དུས་ཀྱི་ལྷའི་ང་རྒྱལ་གང་བཟུང་པ་དེ་ཉིད་ཀྱིས་བཏབ་པས་ཆོག་ཅིང༌། ལྭ་བ་པ་དང་པྲ་ཛྙཱ་རཀྵི་ཏས་སྒོ་མཚམས་མ་བརྒྱད་ཀྱིས་འདེབས་པར་བཤད་ དོ། །ཕུར་བུ་བཞིར་འདོད་པ་རྣམས་ལ་ཁ་ཅིག་ཕྱོགས་བཞི་དང༌། ཁ་ཅིག་མཚམས་བཞིར་འདེབས་པའི་ཚུལ་གཉིས་འདིར་བཤད་པའི་ཕྱི་མ་ནི་རྒྱལ་བ་བཟང་པོ་བཞེད་ལ། འཇམ་རྡོར་གྱི་དཀྱིལ་ཆོག་རྩ་འགྲེལ་ལྟར་ན་ཕུར་བུ་གཅིག་པུ་དེ་དབུས་སུ་ འདེབས་ཏེ་དེ་ཡང་ཕྱོགས་སྐྱོང་བཅུ་འཁོར་བཅས་ཀྱི་བགེགས་ཐམས་ཅད་ལ་གཅིག་པུ་དེས་འདེབས་སོ། །ཉིན་མོ་འབྱུང་གནས་ཀྱི་བགེགས་ཐམས་ཅད་གཅིག་ཏུ་འདུས་པར་བསམས་པ་ལ་དབུས་སུ་བློས་གདབ་པར་བཤད་དེ། ཕུར་བུ་དངོས་ སུ་ཡོད་ནའང་དཀྱིལ་འཁོར་གྱི་དབུས་སུ་དམིགས་པས་བཏབ་ནས་དབང་ལྡན་ལྟ་བུར་དངོས་སུ་བཏབ་ན་ལེགས་སོ། །ཕྱིའི་འོད་ཟེར་གྱི་ཕྲེང་བ་ལ་ཕུར་བུས་གདབ་པར་གསུངས་མོད་ཀྱང༌། ད་ལྟར་གྱི་སློབ་དཔོན་རྣམས་ནི་དཀྱིལ་འཁོར་གྱི་ཁང་ 3-2-140b པའི་ཕྱི་རོལ་ཏུ་ཕུར་བུས་བཏབ་ནས། དེའི་སྟེང་དུ་སའི་གོང་བུ་བཅུ་བྱས་པས་ཕུར་བུའི་གཟུགས་ཀྱི་ཁྲོ་བོ་རྣམས་ལ་ཐུན་སོ་སོ་ལ་མེ་ཏོག་ལ་སོགས་པ་དང་གདུགས་དང་གཏོར་མ་དབུལ་བ་རྣམས་ཀྱིས་མཉེས་པར་བྱའོ་ཞེས་གསུངས་ཤིང་མཛད་པ་ནི་མི་ འགལ་ཏེ། དེ་ལྟར་བྱས་ནའང་འདོད་པའི་དངོས་གྲུབ་འགྲུབ་པའི་ཕྱིར་རོ། །ཞེས་གསུངས་ཏེ། ཕྱི་ནང་གང་དུ་འདེབས་ཀྱང་ཕུར་བུ་ལ་གནོད་པ་སྤང་བའི་ཕྱིར་དུ་སའི་གོང་བུའི་སྦུབས་སུ་འཛུད་པ་དང་ཐུན་སོ་སོ་ལ་ཕུར་མཆོད་བྱེད་པ་ནི་ཉིན་རེ་བཞིན་བྱའོ། །ཇི་སྐད་ བཤད་པའི་ཕུར་བུ་དངོས་སུ་མེད་ན་བསྒོམས་པ་ཁོ་ནས་གདབ་པ་དང་བརྡུང་བ་སྔར་བཤད་པ་རྣམས་བྱས་ལ་ལག་པ་གན་རྐྱལ་དུ་གནས་པ་བསྒྱུར་ནས། ཨོཾ་བཛྲ་ཨཱཿཧཱུཾ། ཞེས་བརྗོད་ཅིང་ས་ལ་བསྣུན་ཏེ་དེ་ལྟར་མོས་པར་བྱ་བར་གསུངས་པ་ནི་མི་ཐུབ་ཟླ་ བའི་རྗེས་སུ་འབྲངས་པའོ། །རྒྱལ་བ་བཟང་པོས་ཀྱང༌། ཡང་ན་ཡེ་ཤེས་ཀྱིས་ནུས་ན། ཏིང་ངེ་འཛིན་གྱི་ཕུར་བུས་གདབ། །ཅེས་གསུངས་སོ། །ཕུར་བུ་གདབ་པ་དང་བརྡུངས་པས་བགེགས་ཐམས་ཅད་བདེ་བ་ཆེན་པོའི་དེ་བཞིན་ཉིད་དུ་རོ་གཅིག་ཏུ་གྱུར་བར་ བསམ་ཞིང་བགེགས་ལྷག་མ་རྣམས་ཀྱང་རྒྱང་རིང་དུ་བྲོས་པ་དང༌། སྟེང་འོག་དང་ཕྱོགས་སུ་ཁོར་ཡུག་ཆེན་པོའི་བར་དུ་འགྲོ་བ་རྣམས་རྣམ་པ་ཐམས་ཅད་དུ་བགེགས་དང་བྲལ་བར་མོས་པ་བརྟན་པོ་བྱ་བར་གསུངས་པས། ཕུར་བུ་འདེབས་པའི་དུས་ཀྱི་དམིགས་ པ་རྣམས་རེ་རེ་ནས་གསལ་ཞིང་བརྟན་པར་བྱའོ། །དྲུག་པ་ནི། དཀྱིལ་འཁོར་གྱི་ཁང་པ་རྙིང་པ་དང་ཁང་བཟང་ལ་སོགས་པའི་གནས་གཞན་དུ་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་པ་དང༌། རས་རིས་དང་ལུས་དཀྱིལ་ལ་སོགས་པའི་དཀྱིལ་འཁོར་གཞན་དུ་དབང་ 3-2-141a སྐུར་བ་སོགས་ལ་ས་ཆོག་འདི་རྣམས་དགོས་སམ་མི་དགོས་སྙམ་ན། འདི་ལ་སྤྱི་རྒྱུད་ལས། དྲང་སྲོང་གནས་དང་བ་ལང་ལྷས། །ཕུག་དང་རི་ཡི་རྩེ་མོ་དང༌། །ས་གཞི་གང་ན་མཐས་པ་དང༌། །ཁང་སྟོང་དང་ནི་རྡོ་ལེབ་དང༌། །མཆོད་རྟེན་ དྲུང་དང་འབབ་ཆུའི་གླིང༌། །མཚོ་རྣམས་ཀྱི་ནི་འགྲམ་དག་ཏུ། །ས་གཞི་སྦྱང་དང་བརྟག་པ་དང༌། །ནན་ཏན་དུ་ནི་བྱ་མི་དགོས། །མཐས་པར་བཅག་ཀྱང་དེར་མི་དགོས། །མཐོ་དམན་ལ་སོགས་སྐྱོན་རྣམས་ཀྱང༌། །དེར་ནི་དོགས་པ་སྐྱེད་མི་དགོས། །ཞེས་གནས་དེ་རྣམས་ སུ་ས་བརྟག་མི་དགོས་ཤིང་ཤར་དང་བྱང་དམའ་བ་དགོས་པར་བཤད་པ་ལས་བཟློག་པའི་མཐོ་བ་བྱུང་ཡང་དགོས་པ་བྱ་མི་དགོས་པར་གསུངས་པས། ས་བརྟག་པའི་སྐོར་དང་མཐོ་དམན་གྱི་ཁྱད་པར་རྣམས་བརྩི་མི་དགོས་སོ། །སྦྱང་མི་དགོས་པར་གསུངས་པ་ ནི། ས་བརྐོས་ནས་སྦྱོང་བའི་སྐོར་རྣམས་མི་དགོས་པ་ཡིན་གྱི། སྦྱང་བ་གཏན་མི་དགོས་པ་མིན་ཏེ། དེ་ཉིད་ལས། རང་བཞིན་གནས་པའི་ས་གཞི་ལ། །བྱི་དོར་ལེགས་པར་བྱས་ནས་སུ། །ལག་པས་བྲམ་ཞིང་གསང་སྔགས་བཟླས། །དེ་ཡི་སྦྱང་བ་དེ་ཡིན་ནོ། ། ཞེས་དང༌། རྡོ་རྗེ་མཁའ་འགྲོ་ཡང་དེ་དང་འདྲ་བ་ཞིག་གསུངས་སོ། །སྡོམ་འབྱུང་གི་བཅོ་བརྒྱད་པ་ལས་ཀྱང༌། སྔོན་དུ་ལས་བྱས་ས་ཡི་ཆར། །བརྐོ་བ་ལ་སོགས་མི་བྱའོ། །ལག་པས་རེག་སྟེ་ཧཱུཾ་ཡིག་ནི། །བཟླས་བྱ་སྔགས་ཀྱིས་ས་སྦྱང་ངོ༌། །ཞེས་ གསུངས་ཤིང༌། དེའི་འགྲེལ་པར་རྫས་སྔགས་ཏིང་ངེ་འཛིན་གསུམ་གྱིས་ས་སྦྱང་བ་ཐམས་ཅད་བྱ་བར་བཤད་པ་བཞིན་ཕྲེང་བར་ཡང་གསུངས་པས་དེ་དག་དང་བླ་ན་མེད་པའི་སྦྱང་བ་རྣམས་བྱའོ། །མི་སྣང་བ་ལ་བསླང་བའི་སྐོར་དང་ས་གཟུང་བའི་སྐོར་རྣམས་ 3-2-141b ཀྱང་གནས་དེ་དག་ཏུ་རྡུལ་ཚོན་གྱི་དཀྱིལ་འཁོར་བྱེད་ན་ཚང་བར་བྱ་དགོས་སོ། །རས་བྲིས་ལ་བརྟེན་ན་ཇི་ལྟར་བྱ་བ་གསལ་བར་མ་གསུངས་ཀྱང༌། རས་བྲིས་ལ་བརྟེན་ནས་དབང་བྱེད་པའི་དཀྱིལ་ཆོག་སྒྲ་གཅན་འཛིན་དཔལ་བཤེས་གཉེན་དང་ངག་དབང་གྲགས་པ་ དང་རྟག་པའི་རྡོ་རྗེས་མཛད་པ་ལས་མ་བྱུང་ཞིང༌། དོན་ཐོབ་ལ་དཔྱད་ནའང་མི་དགོས་པར་སྣང་བས་ས་བརྟག་པ་དང་བསླང་བ་དང་སྦྱང་བ་རྣམས་མི་དགོས་སོ། །ས་གཟུང་བའི་སྐབས་ཀྱི་ཆོ་ག་ལ་ནི། ཕྲེང་བ་ལས། དཀྱིལ་འཁོར་གྱི་བདག་པོའི་གཟུགས་ཀྱིས་ས་ གཟུང་བ་ལ་སོགས་པ་དང་སྐུ་གཟུགས་ལ་སོགས་པའི་རབ་གནས་དང་སློབ་མ་དབང་བསྐུར་བ་དང་གཤེགས་སུ་གསོལ་བ་དང༌། ཞི་བའི་སྦྱིན་སྲེག་གི་མཐར་ཐུག་པ་ཐམས་ཅད་ཡིད་ཀྱིས་བྱའོ། །ཞེས་ཡིད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་སྐབས་སུ་ གསུངས་པས། ལྷའི་རྣལ་འབྱོར་བསྒོམས་ནས་བགེགས་ལ་བཀའ་བསྒོ་བ་དང་ཕུར་བུས་གདབ་པ་དང་ར་བ་སོགས་ཀྱི་བསྲུང་བ་རྣམས་བྱའོ། །ལུས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ་ས་ཆོག་དགོས་མི་དགོས་རྒྱ་གཞུང་རྣམས་ལས་མི་གསལ་ཡང༌། བླ་མ་ གོང་མ་རྣམས་ས་ཆོག་གི་སྐོར་རྣམས་མི་དགོས་པར་བཞེད་པ་བཞིན་ནམ། ཡང་ན་ཡིད་ཀྱི་དཀྱིལ་འཁོར་ལ་གསུངས་པའི་རིགས་པ་སྦྱར་ནའང་རུང་བར་མངོན་ནོ། །འདིར་སྨྲས་པ། དཔལ་ལྡན་རྡོ་རྗེ་ཐེག་པའི་མཐར་ཐུག་པ། །རྣལ་འབྱོར་བླ་མེད་རྒྱུད་སྡེ་རྒྱ་མཚོའི་ དོན། །མ་ལུས་སྡུད་བྱེད་ལམ་གྱི་སྤྱི་ཡི་ཆིངས། །ལམ་གྱི་གོ་རིམ་ངེས་པའི་ཚུལ་དང་ནི། །སྔོན་དུ་བསྙེན་པས་རྒྱུད་ནི་སྦྱངས་པ་ཡིས། །གང་དུ་དཀྱིལ་འཁོར་བྲི་བའི་ས་ཡི་ཆ། །ཡོངས་སུ་དག་པར་བྱེད་པའི་ཆོ་ག་རྣམས། །མཁས་པའི་གཞུང་བཞིན་ཤིན་ཏུ་གསལ་བར་བཤད། ། 3-2-142a རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་གསང་བ་ཀུན་གྱི་གནད་རྣམ་པར་ཕྱེ་བ་ལས། ལམ་གྱི་གནད་ཤེས་ཤིང་བསྙེན་པ་སྔོན་དུ་སོང་བས་སའི་ཆོ་ག་ཇི་ལྟར་བྱ་བའི་རིམ་པ་སྟེ་ལེའུ་ལྔ་པའོ།། ༈ །།གཉིས་པ་སྟ་གོན་གྱི་ཆོ་ག་ལ་ གསུམ། སྟ་གོན་སྤྱིའི་རྣམ་གཞག་དང༌། སྟ་གོན་སོ་སོའི་ཆོ་ག་དང༌། དཀྱིལ་འཁོར་གཞན་གྱི་སྟ་གོན་བཤད་པའོ། །དང་པོ་ནི། སྟ་གོན་གྱི་ཆོས་ལ་ཁ་སྦྱོར་གྱི་བརྟག་པ་བདུན་པའི་རབ་བྱེད་བཞི་པར་སའི་ལྷ་མོ་སྟ་གོན་དང༌། དེའི་རྒྱུད་ཕྱི་མར་དང་པོར་ལྷ་སྟ་གོན་དེ་ནས་ བུམ་པ་སྟ་གོན་དེ་ནས་སློབ་མ་སྟ་གོན་ཏེ་སྟ་གོན་བཞིར་མཛད་ཅིང་སྐབས་ཀྱང་སྟ་གོན་གྱི་སྐབས་ཉིད་དུ་གསུངས་ཏེ། ཀླུ་བྱང་དང་མར་མེ་མཛད་དང་དཱ་རི་ཀ་པ་ལ་སོགས་པས་ཀྱང་བཞི་པོ་དེ་སྐབས་དེ་ཉིད་དུ་གསུངས་སོ། །དེ་ལ་སའི་ལྷ་མོ་ནི་ས་ཆོག་གི་སྐབས་སུ་ ཡོད་ལ་སྟ་གོན་གྱི་ཚེ་མེད་པ་རྡོ་རྗེ་མཁའ་འགྲོ་དང་ནག་པོ་སྤྱོད་པ་སོགས་ཀྱི་གཞུང་དང༌། སྟ་གོན་གྱི་ཚེ་ཡོད་ལ་ས་ཆོག་གི་སྐབས་སུ་མེད་པ་ཁ་སྦྱོར་དང་སྒྱུ་དྲ་དང་ཀླུ་བྱང་དང་མར་མེ་མཛད་ལ་སོགས་པའི་དཀྱིལ་ཆོག་མང་པོ་དང༌། གཉིས་ཀའི་སྐབས་སུ་ཡོད་པ་ཕྲེང་བ་ལ་ སོགས་པའི་གཞུང་སྟེ་བཤད་སྲོལ་གསུམ་ཡོད་དོ། །ཐིག་ཚོན་གྱིས་བྲིས་ཟིན་པའི་འོག་ཏུ་སྡོམ་འབྱུང་ལས་སློབ་མ་སྟ་གོན་བཤད་ཅིང་ནག་པོ་སྤྱོད་པ་དང་མི་ཐུབ་ཟླ་བས་བུམ་པ་སྒྲུབ་པ་བཤད་ལ། དཔལ་འཛིན་གྱིས་ཀྱང་དཀྱིལ་འཁོར་བསྒྲུབས་པའི་འོག་ཏུ་བུམ་པ་ སྒྲུབ་ཅིང་དེ་ནས་སློབ་མ་སྟ་གོན་གསུངས་སོ། །ཕྲེང་བ་ལས་ཀྱང་སྡོམ་འབྱུང་ལྟར་མཛད་མོད་ཀྱང་སྟ་གོན་གྱི་སྐབས་སུ་སློབ་མ་སྟ་གོན་མི་བྱེད་པ་མིན་ཏེ་འཆད་པར་འགྱུར་རོ། །དེ་ལ་སའི་ལྷ་མོ་དང་ལྷ་སྟ་གོན་བྱེད་པ་ནི་སྟ་གོན་གྱི་སྐབས་ཉིད་དུ་བྱ་དགོས་ལ། སློབ་མ་སྟ་ 3-2-142b གོན་ལ་ཡང་བཤད་པའི་རིམ་པ་གང་བྱུང་ཡང་ལག་ལེན་ནི་སྟ་གོན་གྱི་སྐབས་ཉིད་དུ་འཐད་དོ། །བུམ་པ་སྒྲུབ་པ་ཡང་ལག་ལེན་ལ་སྔོན་དུ་བྱས་ན་དགོས་པ་ཆེའོ། །ཕྲེང་བར་བུམ་པ་ལྷག་གནས་གྱི་འོག་ཏུ་ལྷ་ལྷག་གནས་བཤད་པ་ནི་མར་མེ་མཛད་ཀྱིས་ བུམ་པ་སྟ་གོན་གྱི་འོག་ཏུ་སྟ་གོན་གྱི་ལྷ་ལ་གསོལ་གདབ་བཤད་པའི་རིམ་པ་ལྟར་མཛད་པ་སྟེ་ལྷ་ལ་གསོལ་བ་གདབ་པའི་སྟ་གོན་ཡིན་གྱི། ལྷ་སྟ་གོན་གྱི་དངོས་གཞི་བུམ་པ་སྟ་གོན་གྱི་སྔོན་དུ་མི་བྱེད་པ་མིན་ཏེ། ཕྲེང་བ་ལས། དཀྱིལ་འཁོར་གྱི་ས་དྲི་ ཞིམ་པོས་བྱུགས་པ་དང་མེ་ཏོག་སྣ་ཚོགས་གཅལ་དུ་འགྲེམས་སུ་བཅུག་ནས་ཕྱི་དྲོ་ཆས་འཇུག་བྱས་ཏེ་སའི་དབུས་ནས་ཁ་ཤར་རམ་ཤར་ནས་ནུབ་ཏུ་ཕྱོགས་པས་འདུག་སྟེ། དཀྱིལ་འཁོར་གྱི་བདག་པོའི་རྣལ་འབྱོར་དང་ལྡན་པས་ལྷ་རྣམས་ཀྱི་གནས་སུ་ བདུད་རྩི་དང་ཙནྡན་དང་གུར་གུམ་ལ་སོགས་པས་མཎྜལ་རྣམས་བྱས་ལ། རང་གི་དམ་ཚིག་གི་འཁོར་ལོ་ཇི་ལྟ་བར་བསྒོམས་ནས་དེར་ནམ་མཁའ་ལ་གནས་པའི་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ནས་བཅུག་སྟེ་མཆོད་པ་དང་བསྟོད་པ་དང་བདུད་རྩི་མྱང་བ་བྱའོ། ། དེ་ནས་བསྒོམས་པའི་དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་ཤར་ལ་སོགས་པའི་ཕྱོགས་སུ་གནས་པའི་བུམ་པ་རྣམས་སམ་ཕྱོགས་གཞན་ལ་ནི། བྱང་དུ་ཕྱོགས་པས་དབང་ལྡན་གྱི་མཚམས་ན་གནས་པའི་བུམ་པ་རྣམས་ལྷག་པར་གནས་པར་བྱའོ། །ཞེས་ལྷའི་གནས་ རྣམས་སུ་དྲིའི་དཀྱིལ་འཁོར་བྱས་པའི་གཞིར་ལྷ་སྟ་གོན་བྱས་ནས་དེའི་འོག་ཏུ་བུམ་པ་སྟ་གོན་བྱ་བར་གསུངས་པའི་ཕྱིར་རོ། །དེ་ལྟར་བྱེད་པ་ཡང་བཞི་བརྒྱ་ལྔ་བཅུ་པ་རྩ་འགྲེལ་དང་མཐུན་པར་བྱས་པ་ཡིན་ཏེ། མར་མེ་མཛད་ཀྱིས། ས་གཞི་དྲི་ཞིམ་སོགས་བྱུགས་ 3-2-143a ཤིང༌། །མེ་ཏོག་སྣ་ཚོགས་སིལ་མ་དགྲམ། །ཟླ་སོགས་འཁོར་ལོ་ཅན་གནས་སུ། །མཁས་པས་དཀྱིལ་འཁོར་རབ་ཏུ་བྱ། །དེ་ལ་འཁོར་ལོ་སྤྱན་དྲང་བ། །བྱས་ནས་མཚམས་ལ་སོགས་བཅིངས་ཏེ། །མཆོད་བསྟོད་བདུད་རྩི་མྱང་བྱས་ནས། །བུམ་པ་ ལྷག་པར་གནས་པར་བྱ། །ཞེས་གསུངས་ལ། དེའི་འགྲེལ་པ་ལས་ཀྱང་ཕྱི་དྲོའི་དུས་སུ་ཆས་སུ་ཞུགས་ཏེ་གཙོ་བོའི་རྣལ་འབྱོར་བྱས་ནས་ལྷ་རྣམས་ཀྱི་གནས་སུ་རང་རང་གི་གདན་བསམས་ལ་དེར་ནམ་མཁའ་ལ་བཞུགས་པའི་འཁོར་ལོ་སྤྱན་དྲངས་ཏེ་མཆོད་པ་སོགས་བྱས་ ནས་བུམ་པ་ལྷག་གནས་བྱ་བ་ཕྲེང་བ་བཞིན་དུ་གསུངས་པའི་ཕྱིར་རོ། །འགྲེལ་པར་ལྷ་ལ་གསོལ་གདབ་ཀྱི་འོག་ཏུ་འདི་ནི་ལྷ་ལྷག་པར་གནས་པའི་ཆོ་གའོ་ཞེས་བུམ་པ་ལྷག་གནས་ཀྱི་འོག་ཏུ་བཤད་ལ། རྩ་འགྲེལ་གཉིས་ཀས་དེར་ལྷ་སྟ་གོན་གྱི་དངོས་གཞི་ བཤད་པ་མེད་དོ། །དེས་ན་ཕྲེང་བ་ལས་བུམ་པ་སྟ་གོན་གྱི་འོག་ཏུ་ལྷ་སྟ་གོན་གྱི་དངོས་གཞི་བྱེད་པ་འདྲ་བ་ཞིག་བཤད་ཀྱང་གསོལ་གདབ་ཀྱི་ཡུལ་ཤེས་པར་བྱ་བའི་ཕྱིར་དུ་བཤད་ཀྱི། དེར་ལྷ་སྟ་གོན་བྱེད་པ་མིན་པས་ལྷ་དང་བུམ་པ་སྟ་གོན་གྱི་རིམ་པ་ནི། རྡོ་རྗེ་ མཁའ་འགྲོ་དང་ཁ་སྦྱོར་དང་མར་མེ་མཛད་ལ་སོགས་པ་དང་འདྲའོ། །འདི་རྣམས་དངོས་གཞིའི་ཆོ་གའི་ཉེར་བསྡོགས་ཡིན་པས་སྟ་གོན་ཞེས་བྱ་ལ་ལྷག་པར་གནས་པ་ཞེས་ཀྱང་གསུངས་ཏེ། ལྷག་པའི་དོན་རབ་ཏུ་གནས་པ་ལ་ཉིན་མོ་འབྱུང་གནས་ཀྱི་བཤད་ དོ། །གཉིས་པ་ལ་ལྔ། སའི་ལྷ་མོ་སྟ་གོན། དཀྱིལ་འཁོར་གྱི་ལྷ་སྟ་གོན། བུམ་པ་སྟ་གོན། ལྷ་ལ་གསོལ་བ་གདབ་པ། སློབ་མ་སྟ་གོན་ནོ། །དང་པོ་ནི། ཕུར་གདབ་ཟིན་པ་དེ་ནས་དཀྱིལ་འཁོར་གྱི་དབུས་སུ་འདུག་སྟེ་རང་གི་མདུན་དུའམ་ཡང་ན་ཤཱནྟི་པས་དཀྱིལ་འཁོར་ 3-2-143b གྱི་དབུས་སུ་དྲིའི་དཀྱིལ་འཁོར་བྱ་བར་གསུངས་པ་ལྟར། དྲིའི་དཀྱིལ་འཁོར་བྱས་ལ་དེར་བཾ་ལས་བྱུང་བའི་སའི་ལྷ་མོ་སྒོམ་སྟེ་སྡོམ་འབྱུང་ལས་པཾ་དང་རྡོ་རྗེ་མཁའ་འགྲོ་ལས་ལཾ་ལས་སྐྱེད་པར་བཤད་དོ། །དེ་ནས་ལག་པར་གནས་པའི་ཟླ་བ་ལ་ཧཱུཾ་གསུམ་བསམས་ ཏེ་སོར་མོའི་རྩེ་མོས་ས་ལ་ལན་གསུམ་བསྣུན་ཏེ་ལྭ་བ་པས་རྡོ་རྗེ་དང་བཅས་པའི་སོར་མོས་བསྣུན་ནོ། །བསྣུན་པའི་སྒྲ་དང་ཧཱུཾ་གི་འོད་ཟེར་གྱིས་བསྐུལ་བས་སའི་ལྷ་མོ་ཡེ་ཤེས་པའི་ངོ་བོ་ས་ནས་འཐོན་པ་དང་འདྲེས་པ། དགའ་བ་དང་ལྡན་པའི་ཐུགས་ཅན་སེར་མོ་ ན་བཟའ་དཀར་བ་མནབས་པ་རྒྱན་སྣ་ཚོགས་ཅན་ཞལ་གཅིག་མ་ཕྱག་གཉིས་ཀྱི་གཡོན་པས་གསེར་གྱི་བུམ་པ་བཟང་པོ་བསྣམས་ཤིང༌། གཡས་པས་མི་འཇིགས་པ་མཛད་པ་བསམས་ཏེ་ཕྱག་གཉིས་ཀྱི་མཚན་མ་ནི་སྡོམ་འབྱུང་དང་མཐུན་ནོ། །ཁ་སྦྱོར་ལས་ཡེ་ ཤེས་པ་དང་བསྲེ་བ་བཤད་ལ་རྡོ་རྗེ་མཁའ་འགྲོ་ལས་ལུས་ཕྱེད་འཐོན་ཞིང་ཕྱག་གཉིས་ཀྱིས་བུམ་པ་འཛིན་པ་ལ་ཡེ་ཤེས་པ་མ་བསྟིམས་པར་མཆོད་བསྟོད་སོགས་བྱེད་པར་བཤད་པ་བཞིན་རྒྱ་གཞུང་མང་པོས་ཀྱང་བཤད་དོ། །དེ་ལ་མཆོད་ཡོན་ལ་སོགས་པས་ མཆོད་པའི་མཇུག་ཏུ། ཨོཾ་ཚུར་སྤྱོན་ཚུར་སྤྱོན་ས་ཡི་ནི། །ལྷ་མོ་ཆེན་མོ་འཇིག་རྟེན་ཡུམ། །རིན་ཆེན་ཀུན་གྱིས་རབ་གང་མ། །བཟང་པོའི་རྒྱན་གྱིས་རྣམ་བརྒྱན་མ། །དོ་ཤལ་རྐང་གདུབ་སྒྲ་ལྡན་མ། །རྡོ་རྗེ་སེམས་དཔའ་རབ་མཆོད་མ། །མཆོད་ཡོན་འདི་ནི་བཞེས་ནས་ ནི། །དཀྱིལ་འཁོར་ལས་ནི་ལེགས་སྒྲུབས་མཛོད། །ཧཱི་ཧཱི་ཧཱི་ཧཱི་ཧཱི་སྭཱཧཱ། ཞེས་ལན་གསུམ་བརྗོད་དེ་སྤྱན་འདྲེན་དང་ཉེ་བར་གནས་པར་གསོལ་བ་དང་བཅས་པའི་ལྷག་གནས་བྱའོ། །ལེགས་སྒྲུབས་མཛོད་ཅེས་པའི་ཤུགས་ཀྱིས་ནི་ཉེ་བར་གནས་པ་བརྗོད་དོ། ། 3-2-144a ཡང་ན། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་དང༌། །ས་དང་ཕ་རོལ་ཕྱིན་རྣམས་ལ། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །ཇི་ལྟར་བདུད་ཀྱི་དཔུང་བཅོམ་པ། །དེ་ལྟར་བདག་གིས་བདུད་ཀྱི་སྟོབས། །བཅོམ་ ནས་དཀྱིལ་འཁོར་བྲི་བར་བྱ། །ཞེས་ལན་གསུམ་བརྗོད་དེ་ལྷག་གནས་བྱའོ། །འདི་དང་ས་བསླང་བའི་སྐབས་གཉིས་ཀྱི་སའི་ལྷ་མོ་ལ་སྐྱེད་མི་སྐྱེད་དང་མཆོད་གཏོར་སོགས་ལ་ཁྱད་མེད་པས་ཆོ་ག་མཐུན་པར་བྱའོ། །ཚུར་སྦྱིན་སོགས་ནི། ཁ་སྦྱོར་གྱི་བརྟག་པ་བདུན་ པ་དང་རྡོ་རྗེ་མཁའ་འགྲོའི་ཞེ་དྲུག་པ་ན་རྒྱ་སྐད་དུ་ཡོད་པ་དང་དོན་གཅིག་ལ། སྐྱོབ་པ་ཞེས་པའི་ཚིགས་བཅད་གཉིས་ཀྱི་དང་པོ་སྒྱུ་དྲ་དང་གཉིས་པ་རྣམ་སྣང་མངོན་བྱང་ལས་སོ། །དེ་ནས་སའི་ལྷ་མོས་ཀྱང་དེ་ལྟར་གྱིས་ཤིག་ཅེས་གསུངས་ནས་དེ་ཉིད་དུ་ཐིམ་པར་ བསམ་མོ། །ནག་པོ་སྤྱོད་པ་སོགས་ཀྱིས་བདག་གིས་ཅི་བགྱི་བ་བཀའ་སྩོལ་ཞེས་སའི་ལྷ་མོས་སྨྲ་བར་བསམས་ལ། དེའི་ལན་དུ་མཆོད་པ་སོགས་ཕུལ་ནས་སྐྱོབ་པ་ཞེས་གསོལ་བ་བཏབ་པའི་ལན་དུ་དེ་ལྟར་གྱིས་ཞེས་གནང་བ་བྱིན་པར་སེམས་པར་ འཆད་པ་ལྟར་བྱའོ། །དེ་ནས་ལག་པ་གཉིས་རྡོ་རྗེ་ནང་བསྡམས་བྱས་ནས་དེས་ས་དེ་མནན་ལ། ཨོཾ་བཛྲི་བྷཱ་བ་ཧཱུཾ། ཞེས་ལན་གསུམ་བརྗོད་དེ་རྡོ་རྗེ་བསྡམས་པ་དེ་ལས་བྱུང་བའི་ཧཱུཾ་ཡིག་འོད་ཟེར་འབར་བ་འཕྲོས་པས་དབང་ཆེན་གསེར་གྱི་ས་གཞི་ལ་ ཐུག་གི་བར་རྡོ་རྗེར་བྱས་པར་བསམས་ནས། ཨོཾ་བཛྲ་དྲི་ཌྷ་ཏིཥྛ། ཞེས་ལན་གསུམ་བརྗོད་ལ་བྱིན་གྱིས་བརླབ་བོ། །འདིས་ས་རང་གི་དབང་དུ་འགྱུར་བར་ཕྲེང་བ་ལས་གསུངས་པ་ནི་སྔར་བཤད་པའི་ཆོ་ག་དེ་དག་གིས་སའི་ལྷ་མོ་རང་གི་དབང་དུ་འགྱུར་བའོ། ། 3-2-144b སྐྱོབ་པ་རྣམས་ཀྱི་སྤྱོད་པ་ལ་དབང་དུ་གྱུར་ཚུལ་དང༌། ས་ར་ཧས་ལག་པས་ས་ལ་བསྣུན་ནས་སའི་ལྷ་མོ་སྐུལ་བ་སྔོན་བྱུང་གི་སངས་རྒྱས་ཀྱི་ཚུལ་ཡིན་པར་བཤད་པ་ནི། རྒྱ་ཆེར་རོལ་པའི་ལེའུ་ཉེར་གཅིག་པ་ལས། སྟོན་པས་བདུད་ལ་ཁྱོད་ཀྱིས་ནི་གཏན་པ་མེད་པའི་མཆོད་སྦྱིན་ གཅིག་གིས་འདོད་པའི་དབང་ཕྱུག་ཐོབ་པ་ཙམ་ཡིན་གྱི། ངས་ནི་མཆོད་སྦྱིན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མས་གཏན་པ་མེད་པའི་མཆོད་སྦྱིན་བྱས་སོ་ཞེས་གསུངས་པ་ན། བདུད་ཀྱིས་ངས་དེ་ལྟར་བྱས་པ་ལ་ཁྱོད་དཔང་པོར་ཡོད་ལ། ཁྱོད་ཀྱིས་དེ་ལྟར་བྱས་པ་ ལ་དཔང་པོ་མེད་དོ་བྱས་པས། དེའི་ཚེ་ཕྱག་གཡས་པས་ལུས་ཐམས་ཅད་ལ་བྱུགས་ཏེ་ས་ལ་བརྡབས་ནས། ས་འདི་འགྲོ་བ་ཀུན་གྱི་གནས་ཡིན་ཏེ། །རྒྱུ་དང་མི་རྒྱུ་སྙོམས་ཤིང་ཉེ་མགོན་མེད། །འདི་ནི་བདག་གི་དཔང་སྟེ་བདག་རྫུན་མེད། །འདི་ལ་ཁྱོད་ནི་བདག་གི་ དཔང་བྱོས་ཤིག །ཅེས་གསུངས་པས། རེག་མ་ཐག་ཏུ་ས་གཡོས་ནས་སྒྲ་རིང་དུ་བྱུང་ངོ༌། །དེའི་ཚེ་སའི་ལྷ་མོ་བརྟན་མ་འཁོར་བྱེ་བ་ཕྲག་བརྒྱ་དང་ལྡན་པས་ས་ཐམས་ཅད་གཡོས་པར་བྱས་ནས་ཧ་ཅང་མི་རིང་བ་ཞིག་ཏུ་ས་བརྟོལ་ཏེ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ལུས་ ཕྱེད་བྱུང་ནས་ཐལ་མོ་སྦྱར་ཞིང་བཏུད་དེ་སྐྱེས་བུ་ཆེན་པོ་དེ་དེ་བཞིན་ནོ། །འདི་ནི་བདག་ལ་མངོན་སུམ་མོ། །འོན་ཀྱང་བཅོམ་ལྡན་འདས་ཉིད་ལྷ་དང་བཅས་པའི་འཇིག་རྟེན་གྱི་དཔང་དང་ཚད་མ་དམ་པ་ལེགས་སོ་ཞེས་སྨྲས་པ་དེ་ཐོས་པ་ན་བདུད་དཔུང་དང་བཅས་པ་ བྲོས་པར་གསུངས་པ་བཞིན་ནོ། །སྔོན་དུས་སུ་དཔང་པོ་མཛད་པ་བཞིན་ད་ལྟར་ཡང་བདག་གིས་བཟླས་སྒོམ་རྫོགས་ནས་དཀྱིལ་འཁོར་གྱི་ཆོ་ག་ལ་དབང་བ་ལ་དཔང་པོ་མཛོད་ཅིག་ཅེས་རྗེ་བཙུན་རྩེ་མོ་གསུང་ངོ༌། །རྣམ་སྣང་མངོན་བྱང་གི་འགྲེལ་པར། སྟོན་པས་ 3-2-145a བྱང་སེམས་ཀྱི་སྤྱོད་པ་སྤྱད་ནས་བྱང་ཆུབ་ཀྱི་ཤིང་དྲུང་དུ་བདུད་བཅོམ་སྟེ་སངས་རྒྱས་པ་རྣམས་ས་ཁྱོད་ཀྱི་སྟེང་དུ་མཛད་པ་ལ་ཁྱོད་དཔང་དུ་གྱུར་པ་བཞིན་དུ། བདག་གིས་ཀྱང་སེམས་ཅད་གྱི་དོན་དུ་ས་ཁྱོད་ཀྱི་སྟེང་དུ་དཀྱིལ་འཁོར་བྲིས་ཏེ་སངས་ རྒྱས་པར་བྱའོ། །ཞེས་བཤད་དེ་དཔང་པོ་མཛོད་ལ་བགེགས་མེད་པར་མཛོད་ཅིག་ཅེས་པའི་དོན་ནོ། །ས་བསླང་བ་དང་སྟ་གོན་གྱི་སྐབས་གཉིས་ཀར་སྐྱོབ་པ་ཞེས་སོགས་ཀྱི་ཚིག་གཅིག་གིས་བྱེད་ཀྱང་ཁྱད་པར་ནི་སྔ་མར་དཀྱིལ་འཁོར་བྱེད་པའི་ས་ལ་གནང་བ་ཞུ་བ་ ཡིན་ལ། འདིར་ནི་དེར་དཀྱིལ་འཁོར་གྱི་ཆོ་ག་བྱེད་པ་ལ་དཔང་པོ་བྱེད་པའི་གནང་བ་ཞུ་བའོ། །འདིར་རང་གི་ལྷའི་རྣལ་འབྱོར་ནི། སྔར་གྱི་ཧཱུཾ་མཛད་ཀྱི་རྣལ་འབྱོར་གྱིས་ཆོག་པ་ལ་དགོངས་ནས་གཞན་མ་བཤད་དེ་གཞན་རྣམས་ལའང་བདག་པོའི་རྣལ་འབྱོར་ གྱིས་ཆོག་གོ། །གཉིས་པ་ལ་གཉིས། ལྷ་གནས་ངེས་པའི་ཕྱིར་དུ་ཐིག་གདབ་པ་དང༌། དེས་ནས་ལྷ་སྟ་གོན་ཇི་ལྟར་བྱའོ། །དང་པོ་ལ་བཞི། ཇི་ཙམ་དུ་ཐིག་གདབ་པའི་དཀྱིལ་འཁོར་གྱི་ཚད། དེ་ཙམ་དུ་ཐིག་འདེབས་པའི་གོ་རིམས་དང་དུས་སྐབས། ལས་ཀྱི་ཐིག་ ཇི་ལྟར་གདབ་པའི་རིམ་པ། བཏབ་པའི་ཐིག་རྣམས་ཀྱི་དོན་བཤད་པའོ། །དང་པོ་ནི། འདིར་དཀྱིལ་འཁོར་གྱི་ཐིག་འདེབས་པས་ཚད་ཇི་ཙམ་ཞིག་ཏུ་གདབ་པར་བྱ་སྙམ་ན། འདི་ལ་ལྷའི་སྒོ་ནས་བཞག་པ་དང༌། སྦྱིན་བདག་གི་སྒོ་ནས་བཞག་པ་གཉིས་ཀྱི་དང་པོ་ ནི། གུར་གྱི་གཉིས་པ་ལས། རྡོ་རྗེ་ཅན་གྱི་ཁྲུ་གསུམ་སྟེ། །སངས་རྒྱས་དཀྱིལ་འཁོར་ཁྲུ་བཞི་པ། །ཁྲུ་ལྔ་པ་ནི་སྣང་བྱེད་ལའོ། །གར་དབང་ཕྱུག་གི་ཁྲུ་དྲུག་པ། །རྟ་ཡི་རྒྱལ་པོའི་ཁྲུ་བདུན་པའོ། །ཞེས་མི་བསྐྱོད་པ་དང་རྣམ་སྣང་དང་རིན་འབྱུང་དང་འོད་དཔག་མེད་ 3-2-145b དང་དོན་གྲུབ་ཀྱི་དཀྱིལ་འཁོར་ལ་ཁྲུ་གསུམ་ནས་བདུན་པའི་བར་དུ་གསུངས་ལ། གསང་འདུས་ལས་ཐུགས་སྐུ་གསུང་གི་དཀྱིལ་འཁོར་ལ་རིམ་པ་བཞིན་དུ་ཁྲུ་བཅུ་གཉིས་དང་བཅུ་དྲུག་དང་ཉི་ཤུར་གསུངས་པ་ལྟ་བུའོ། །དེ་དག་ནི་རྩ་ཐིག་གི་ངོས་བཞི་ཁའི་དབང་དུ་ བྱས་པ་ཡིན་པས་སྔ་མ་ཡང་དེ་ལྟར་ཡིན་པ་འདྲའོ། །སྦྱིན་བདག་འཁོར་སྒྱུར་ལྟ་བུ་ཡིན་ན་དཔག་ཚད་ཙམ་ཡང་གསུངས་ལ་གདུལ་བྱ་ལ་ལྟོས་ནས་ལག་མཐིལ་དུ་བྲིས་པས་ཆོག་པའི་རྒྱུད་ཀྱང་ཕྲེང་བར་དྲངས་ཏེ། དཀྱིལ་འཁོར་གྱི་ཚད་ཀྱང་རབ་ཏུ་གྲགས་པ་ བརྗོད་ཀྱི། འདི་ཙམ་འབའ་ཞིག་ནི་མ་ཡིན་ཏེ། དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས། འཛམ་བུ་གླིང་གི་དབང་ཕྱུག་གམ། །འཁོར་ལོས་སྒྱུར་པའི་རྒྱལ་པོ་ཡིས། །ཀུན་ནས་དཔག་ཚད་མཐའ་རུ་ནི། །དཀྱིལ་འཁོར་རབ་ཏུ་བྲི་བར་བྱ། །མཁས་པས་གདུལ་བྱའི་སྐྱེ་བོ་ཡི། །སེམས་རྣམས་ཡང་དག་བལྟས་ནས་ནི། །འདོད་པས་ཚད་ནི་བྱས་ན་ཡང༌། །ཉེས་པ་ཅུང་ཟད་ཡོད་མ་ཡིན། །རང་གི་འདོད་པས་དཀྱིལ་འཁོར་ཀུན། །ལག་པའི་མཐིལ་དུ་བྲིས་བྱས་ནས། །བསྟན་བཅོས་ལས་གསུངས་དོན་བྱེད་དེ། །ས་སྟེང་སོགས་སུ་སྨོས་ཅི་དགོས། ། ཞེས་གསུངས་སོ། །དེ་ལྟར་ན་མར་མེ་མཛད་ཀྱིས། སེམས་ཅན་བསམ་པ་ལ་བརྟེན་ནས། །ཚད་ལ་སོགས་པ་ངེས་མཛད་ཀྱི། །ཐབས་ཤེས་ལས་བྱུང་དངོས་གྲུབ་ལ། །ཚད་སོགས་ངེས་པས་ཅི་ཞིག་བྱ། །དེ་ནི་ཁྲུ་གཅིག་ནས་བརྩམས་ཏེ། །ཇི་སྲིད་ཁྲུ་སྟོང་བར་དུ་ བྱ། །དེ་ལྟར་འཁོར་ལོ་དེ་ཐིག་གདབ། །ཅེས་གྲངས་ཀྱི་ངེས་པ་ལ་དགའ་བའི་ངོར་ཁྲུ་ལ་སོགས་པའི་ངེས་པ་མཛད་ཀྱི་དངོས་པོ་ལ་མ་ངེས་པར་གསུངས་ཤིང༌། ཀླུ་བྱང་གིས་ཀྱང་སློབ་མའི་ནུས་པ་དང་བསྟུན་ནས་ཁྲུ་གང་ནས་ཁྲུ་སྟོང་གི་བར་དུ་བྱ་བར་གསུངས་པ་ 3-2-146a ལྟར་བྱ་སྟེ། སྡོམ་འབྱུང་ལས། ཁྲུ་ཕྱེད་སོགས་ནས་ཡང་དག་བརྩམ། །ཞེས་ཀྱང་གསུངས་སོ། །གཉིས་པ་ནི། ལས་ཐིག་དང་ཡེ་ཤེས་ཀྱི་ཐིག་གཉིས་འདེབས་པ་ལ་གོ་རིམས་ངེས་པ་ཡོད་དམ་མེད་སྙམ་ན། ཐིག་གཉིས་ཀྱི་གོ་རིམས་ནི། ལས་ཐིག་ སྔོན་དུ་བཏབ་ནས་ཡེ་ཐིག་འདེབས་པར་ངེས་པ་ཡིན་ཏེ། མཁས་གྲུབ་དུ་མའི་གཞུང་ལས་མཐོང་བའི་ཕྱིར་རོ། །འདི་ལྟར་ཀླུ་བྱང་གིས་ནི་རིམ་པ་དེ་ལྟར་དུ་ཤིན་ཏུ་གསལ་བར་བཤད་ལ། ས་ར་ཧས་ཀྱང༌། དང་པོར་དཀར་རྩི་ཐིག་སོགས་པས། །རིམ་བཞིན་ཐིག་ གདབ་ངེས་པར་བྱ། །དེ་སྟེང་ཡེ་ཤེས་ཐིག་བཏབ་པས། །ཀུན་ནས་ཡོངས་སུ་བརྐྱང་བར་བྱ། །ཞེས་དང་པོར་དཀར་རྩིས་བྱུགས་པའི་ཐིག་བཏབ་ནས་དེའི་སྟེང་དུ་ཡེ་ཐིག་བྱ་བར་བཤད་པ་ལྟར་ནག་པོ་སྤྱོད་པས་ཀྱང་བཤད་དོ། །མི་ཐུབ་ཟླ་བས་ཀྱང༌། ཐིག་སྐུད་ བཏབ་པའི་རིམ་པ་བཞིན། །ཡེ་ཤེས་ཐིག་སྐུད་རབ་ཏུ་བརྐྱང༌། །ཞེས་དང༌། ཇི་སྐད་གསུངས་པའི་ཐིག་བཏབ་པས། །དཀྱིལ་འཁོར་སྤྲུལ་པའི་ཐིག་ལ་ཡང༌། །ཡེ་ཤེས་ཐིག་སྐུད་རབ་ཏུ་གདབ། །ཅེས་ལས་ཐིག་ཇི་ལྟར་བཏབ་པའི་རིམ་པ་དེ་བཞིན་དུ་ཡེ་ཐིག་ བརྐྱང་བར་གསུངས་ཤིང༌། བྷཱ་བ་བྷ་དྲས་ཀྱང༌། ལས་ཐམས་ཅད་པའི་སྐུད་པའི་རི་མོའི་མཚན་མ་སྔར་བྱས་པ་ལ་ཡེ་ཤེས་ཀྱི་སྐུད་པ་བྲེ་བར་བྱའོ། །ཞེས་དང༌། དོན་ཡོད་ཞབས་ཀྱིས་ཀྱང༌། དེ་ནས་ཁ་དོག་གཅིག་པའི་སྐུད་པ་ལས་ཐམས་ཅད་པར་བྱིན་གྱིས་བརླབས་པས་ སའི་ཐིག་གདབ་ལ་ཐིག་དེའི་སྟེང་དུ་ཡེ་ཤེས་ལྔའི་ཐིག་གདབ་ལ་སྔ་མའི་ཐིག་བྱིན་གྱིས་བརླབ་པར་བྱའོ། །ཞེས་ཡེ་ཐིག་ནི་ལས་ཐིག་བྱིན་གྱིས་རློབ་བྱེད་དུ་གསུངས་ཏེ། མཁས་པ་རིན་ཆེན་རྡོ་རྗེས་ཀྱང༌། ལས་ཀྱི་ཐིག་གི་རིམ་བཞིན་དུ། །ཡེ་ཤེས་ཐིག་ནི་བརྐྱང་བར་ 3-2-146b བྱ། །ཞེས་དང༌། དཀྱིལ་འཁོར་གྱི་ནི་ཐིག་རྣམས་ལ། །ཡེ་ཤེས་ཐིག་ནི་བསྟིམ་པར་བྱ། །ཞེས་སོ། །དེས་ན་ཡེ་ཐིག་འདེབས་པ་ནི། ཡེ་ཤེས་ཀྱི་ཐིག་ལས་ཐིག་ལ་བསྟིམས་ནས་བྱིན་གྱིས་རློབ་པ་ཡིན་པས་ལས་ཐིག་སྔོན་དུ་ངེས་པར་གདབ་དགོས་སོ། །དེའི་ཕྱིར་གང་དག་ ཡེ་ཐིག་སྔོན་དུ་བཏབ་ནས་ལས་ཐིག་རྗེས་སུ་འདེབས་པ། རྡོ་རྗེ་མཁའ་འགྲོ་ལས། ཡེ་ཤེས་ཐིག་ནི་གདབ་བྱས་ནས། །ལས་འདི་ཡང་དག་བརྩམ་པར་བྱ། །ཞེས་པ་དང༌། སྡོམ་འབྱུང་ལས། བློ་ལྡན་ནམ་མཁར་ཐིག་གདབ་བྱ། །དེ་བཞིན་འོག་ཏུ་ཐིག་རབ་གདབ། །ཅེས་ པས་བསྟན་པར་བཞེད་པ་ནི་འཐད་པ་མ་ཡིན་ཏེ། རྡོ་རྗེ་མཁའ་འགྲོ་ལས། ཡེ་ཤེས་ཐིག་སྐུད་གཤེགས་གསོལ་ནས། །དེ་ནས་ལས་འདི་བརྩམ་པར་བྱ། །འདོད་དང་ཐར་པ་རབ་སྟེར་བའི། །ཚོན་རྩི་དག་ནི་བསྐྱེད་པར་བྱ། །ཞེས་གསུངས་པས། ཡེ་ཐིག་ཐེབས་པའི་འོག་ ཏུ་ཚོན་རྩི་བསྐྱེད་ནས་བྲི་བ་ལས་བརྩམ་པའི་དོན་དུ་སྣང་གི་ལས་ཐིག་འདེབས་པའི་དོན་དུ་མི་སྣང་བའི་ཕྱིར་དང༌། རྡོ་རྗེ་མཁའ་འགྲོའི་འགྲེལ་པར་བྷཱ་བ་བྷ་དྲས་ཀྱང་ལས་ཐིག་སྔོན་དུ་བཏབ་པའི་འོག་ཏུ་ཡེ་ཐིག་འདེབས་པར་བཤད་པའི་ཕྱིར་དང༌། སྡོམ་འབྱུང་གི་ ལུང་གིས་ནི། ཡེ་ཐིག་ནམ་མཁའ་ལ་འདེབས་པ་བཞིན་ས་ལའང་གདབ་པར་གསུངས་པས། དེ་ཡེ་ཐིག་ནམ་མཁའ་ལ་བཏབ་པའི་རྗེས་སུ་ཡེ་ཐིག་ས་ལ་འདེབས་པའི་ཁུངས་ཡིན་གྱི། ཡེ་ཐིག་ཐེབས་པའི་རྗེས་སུ་ལས་ཐིག་འདེབས་པའི་ཁུངས་མིན་པའི་ཕྱིར་རོ། །དེ་ ལྟ་མ་ཡིན་ན་ཀླུ་བྱང་གིས་ཀྱང༌། སློབ་བཅས་རྡོ་རྗེའི་འགྲོས་ཀྱིས་འགྲོས་དལ་བ། །བྱས་པས་མཁར་གནས་ཐིག་ནི་ཇི་ལྟ་བ། །དེ་བཞིན་ས་ལ་གནས་པ་གདབ་པར་བྱ། །ཞེས་དང༌། ནག་པོ་སྤྱོད་པས་ཀྱང༌། ལྷོ་རུ་མངོན་པར་ཕྱོགས་ནས་ཀྱང༌། །ནམ་མཁར་དེ་བཞིན་ཐིག་ 3-2-147a གདབ་བོ། །ཞེས་དང༌། ས་ལ་ཚངས་པའི་ཐིག་གཉིས་གདབ། །ཅེས་ནམ་མཁར་བཏབ་པའི་དེ་མ་ཐག་ཏུ་ས་ལ་འདེབས་པར་གསུངས་ཤིང༌། བི་བྷཱུ་ཏཱིས་ཀྱང༌། དེའི་དུས་སུ་ནམ་མཁའི་ཐིག་བཞིན་དུ་ས་ལ་ཚངས་པའི་ཐིག་གཉིས་ལག་པ་གཉིས་ མཉམ་དུ་ཕབ་ནས་གདབ་པར་བྱའོ། །ཞེས་གསུངས་པས། དེ་གསུམ་ལས་ཐིག་སྔོན་དུ་བཏབ་ནས་ཡེ་ཐིག་རྗེས་སུ་འདེབས་པའི་ཕྱོགས་ཡིན་པར་རང་ཉིད་བཞེད་པ་དང་འགལ་ལོ། །ཁྱད་པར་དུ་ལས་ཐིག་སྔོན་དུ་འདེབས་མི་འདེབས་ཀྱི་ལུགས་གཉིས་ཀ་ལ་ ཐིག་སྐུད་སོ་སོར་བྱེད་པའི་སྒྲུབ་བྱེད་དུ། རྣམ་སྣང་མངོན་བྱང་གི་འགྲེལ་པ་ལས། དཀྱིལ་འཁོར་གཞན་དུ་སྤྱད་ཟིན་པས་ཡེ་ཤེས་ཀྱི་ཐིག་སྐུད་ཀྱིས་ལས་ཀྱི་ཐིག་སྐུད་མི་རུང་བར་གསུངས། ཞེས་གསུངས་པ་ཡང་འཐད་པར་མ་མཐོང་སྟེ། སངས་རྒྱས་གསང་བས་དཀྱིལ་འཁོར་ གཞན་དུ་ལོངས་སྤྱད་པའི་རྒྱུ་མཚན་གྱིས་ཐིག་སྐུད་སྔ་མས་མི་རུང་བར་སྒྲུབ་པ་ནི། ཡེ་ཐིག་གི་སྐུད་པས་ལས་ཐིག་གི་ཐིག་སྐུ་མི་རུང་བར་སྒྲུབ་པ་མིན་གྱི། ནམ་མཁའ་ལ་བཏབ་པའི་ཐིག་སྐུད་ཀྱིས་ས་ལ་གདབ་ཏུ་མི་རུང་བར་སྒྲུབ་པ་ཡིན་པའི་ཕྱིར་རོ། །དེ་ཡང་ རྣམ་སྣང་མངོན་བྱང་ལས། ཤར་དུ་སྲད་བུ་བྲེ་བ་ནི། །ལྟེ་བའི་ཐད་ཀར་བཟུང་ནས་ནི། །བར་སྣང་ལ་ནི་བཟུང་བར་བྱ། །དེ་ནས་ལྷོ་ཕྱོགས་སོང་ནས་སུ། །བྱང་ཕྱོགས་སུ་ནི་བྲེ་བར་བྱ། །དེ་ནས་སྲད་བུ་གཉིས་པ་ནི། །རང་གིས་བླངས་ནས་ཞེས་ཤར་ནུབ་དང་ལྷོ་བྱང་ གི་ནམ་མཁའི་ཐིག་གཉིས་བཏབ་པའི་རྗེས་སུ་ས་ལ་འདེབས་པ་ན་སྲད་བུ་གཞན་ཞིག་བླང་བར་གསུངས་པ་ལ་སྔ་མས་ས་ལ་གདབ་ཏུ་མི་རུང་བའི་དགོངས་པ་འཆད་པ་ན། བསྡུས་འགྲེལ་ལས། དཀྱིལ་འཁོར་གཞན་དུ་སྤྱད་ཟིན་པ་ཉིད་ཀྱིས་དམན་པ་དང་ 3-2-147b འདྲ་བའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ། །ཞེས་དང༌། ཚིག་འགྲེལ་ལས་ཀྱང༌། དེ་ནས་སྲད་བུ་ཕྱི་མ་དེ་རང་གིས་བླངས་ཞེས་པ་ནི། སྲད་བུ་སྔ་མ་དཀྱིལ་འཁོར་སྔ་མའི་དམན་མས་བྲིར་མི་རུང་བས་ན་ཚོན་སྣ་ལྔ་པའི་སྐུད་པ་གཞན་ཞིག་བླངས་ནས་དཀྱིལ་འཁོར་ཕྱི་མ་བྲི་བའི་ དོན་ཏེ། ཞེས་བཤད་དོ། །རྒྱུད་ལས་ཐིག་སྐུད་གཉིས་བཤད་པའི་དང་པོས་ནི། བར་སྣང་ལ་རང་བཞིན་གྱི་དཀྱིལ་འཁོར་འདེབས་ལ། གཉིས་པས་ནི་ས་ལ་དེའི་གཟུགས་བརྙན་གྱི་དཀྱིལ་འཁོར་འདེབས་ཤིང་དེ་གཉིས་ཀའང་ཁ་དོག་སྣ་ལྔ་པའོ། །ལས་ཐིག་གི་ཐིག་སྐུད་ནི། ཁ་དོག་དཀར་པོ་གཅིག་པུ་སྟེ་དེ་ཤེས་སླ་བ་ལ་དགོངས་ནས་རྒྱུད་དུ་མ་བསྟན་པར་བཞེད་དེ། བསྡུས་འགྲེལ་ལས། དེ་ལ་དཀྱིལ་འཁོར་གྱི་ཐིག་གདབ་པ་ནི། ཚོན་སྣ་ལྔ་པའི་སྲད་བུ་རྣམ་པ་གཉིས་སུ་བསྟན་ཏེ། འདི་ལྟ་སྟེ། བར་སྣང་ལ་རང་བཞིན་གྱི་དཀྱིལ་འཁོར་གྱི་ ཐིག་གདབ་པ་དང༌། ས་ལ་དེའི་གཟུགས་བརྙན་དུ་གྱུར་པ་བྱིན་གྱིས་བརླབས་པའི་དཀྱིལ་འཁོར་གྱི་ཐིག་གདབ་པ་སྟེ། སྲད་བུ་རྣམ་པ་བཞིར་བཤད་དེ། དཀར་པོ་སེར་པོ་དམར་པོ་དང༌། །ནག་པོ་ཞེས་ནི་བརྗོད་པར་བྱ། །ལྔ་པ་ནམ་མཁའ་ལྟ་བུར་བཤད། །བར་སྣང་ལ་ནི་ བཟུང་ནས་སུ། །དེར་ནི་དཀྱིལ་འཁོར་བརྟག་པར་བྱ། །སྲད་བུ་དག་ནི་གཉིས་པ་ཡིས། །ས་ལ་དཀྱིལ་འཁོར་དགོད་པར་བྱ། །ཞེས་གང་གསུངས་པ་ཡིན་ནོ། །ཞེས་དང༌། གཤེར་ཐིག་གི་མཚན་ཉིད་མ་བསྟན་ཀྱང་ཁ་དོག་འཆོལ་བ་ཡོངས་སུ་སྤང་བའི་ཕྱིར་དཀར་པོ་ཁོ་ ནར་བྱའོ། །ཞེས་དང༌། ཚིག་འགྲེལ་ལས་ཀྱང༌། དེ་ལྟར་སྲད་བུ་བྲེས་ཏེ་ས་བཅད་ནས་ཚོན་སྣ་གཅིག་པའི་སྐུད་པ་གཤེར་ཐིག་ལ་བསྒྲེས་ཏེ། ཞེས་གསུངས་པས། ཚོན་སྣ་ལྔ་པའི་ཐིག་སྐུད་གཉིས་དང་ཚོན་སྣ་གཅིག་པའི་ཐིག་སྐུད་གཅིག་སྟེ་གསུམ་བཞེད་དོ། །དེས་ 3-2-148a ན་དེ་དག་ཤེས་བྱེད་དུ་དྲངས་ནས་ཐིག་སྐུད་སོ་སོ་བར་སྒྲུབ་ན་ནམ་མཁའ་ལ་བཏབ་པའི་ཡེ་ཐིག་གིས་ས་ལ་འདེབས་པ་མི་རུང་བར་འདོད་དགོས་ལ། དེ་ལྟ་ན་སྡོམ་འབྱུང་དང་བླ་མེད་ཀྱི་དཀྱིལ་ཆོག་ཚད་ལྡན་དུ་མས་ནམ་མཁའ་དང་ས་ལ་འདེབས་ པའི་ཡེ་ཐིག་གཉིས་ཀ་ཐིག་སྐུད་གཅིག་གིས་བྱེད་པར་བཤད་པ་དང༌། རང་གིས་ཀྱང་དེ་ལྟར་མཛད་པ་ཐམས་ཅད་དང་འགལ་བར་འགྱུར་རོ། །ལས་ཐིག་གི་ཐིག་སྐུད་ཀྱིས་ནམ་མཁའ་ལ་མི་འདེབས་པར་ངེས་ཀྱང་ཡེ་ཐིག་གི་ཐིག་སྐུད་ཀྱིས་ས་དང་ནམ་མཁའ་གཉིས་ཀ་ལ་ འདེབས་པ་ཡིན་པས། ས་ལ་ཐིག་གང་འདེབས་ཐམས་ཅད་ལས་ཐིག་གི་ཐིག་སྐུད་ཀྱིས་བྱེད་པར་མ་འཛིན་ཅིག །སངས་རྒྱས་གསང་བས་ཀྱང་ཚོན་སྣ་ལྔ་པའི་ཐིག་སྐུད་ཀྱིས་ས་ལ་འདེབས་པ་དེ་བྱིན་གྱིས་རློབས་པའི་དཀྱིལ་འཁོར་གྱི་ཐིག་ཏུ་བཞེད་པས། བྱིན་གྱིས་ རློབ་པའི་གཞི་ནི་ཚོན་སྣ་གཅིག་པའི་ཐིག་སྐུད་ཀྱིས་བཏབ་པའི་ཐིག་རྣམས་ལ་བྱས་ནས། བཤད་པའི་རིམ་པ་ལྟར་མ་བྱས་པར་དོན་གྱི་རིམ་པ་སྔར་བཤད་པ་ལྟར་བྱས་ན་དགོངས་པ་རྣམས་མི་འགལ་ལོ། །ནམ་མཁར་བཏབ་པའི་སྐུད་པས་ས་ལ་གདབ་ཏུ་མི་རུང་བ་ནི། རྣམ་ གཞག་སོ་སོར་སྣང་སྟེ་ཡེ་ཐིག་འདེབས་པའི་སྐབས་སུ་བཤད་པར་བྱའོ། །པྲཛྙཱ་ཤྲཱིས་ཀྱཻ་རྡོར་གྱི་དཀྱིལ་ཆོག་ཏུ་རྣམ་སྣང་མངོན་བྱང་གི་འགྲེལ་པ་ལྟར་ཐིག་སྐུད་གསུམ་དུ་བྱས་མོད་ཀྱང༌། བླ་མེད་ཀྱི་གཞུང་ཁུངས་ཐུབ་སུས་ཀྱང་མ་བཞད་པས་ཡིད་བརྟན་མི་བྱའོ། ། རྡོ་རྗེ་མཁའ་འགྲོ་དང་སྡོམ་འབྱུང་དང་ཕྱེད་བཅས་བཞི་བརྒྱ་པ་སོགས་མང་པོས་ཚོན་སྣ་ལྔའི་ཐིག་སྐུད་ལས་གཞན་མ་བཤད་པར་དེ་ཉིད་ཀྱིས་ཐིག་རྣམས་འདེབས་པར་གསུངས་པ་ནི། ལས་ཐིག་སྔོན་དུ་བཏབ་ནས་དེ་བཞིན་དུ་ཡེ་ཐིག་འདེབས་པ་ལ་དགོངས་ 3-2-148b ཀྱི། ཐིག་སྐུད་དེ་ཉིད་ཀྱིས་ལས་ཐིག་འདེབས་པར་བཞེད་པ་མིན་ཏེ། དཔེར་ན། ས་ར་ཧ་དང་ནག་པོ་སྤྱོད་པས་ཚོན་སྣ་ལྔའི་ཐིག་སྐུད་ཀྱིས་ཐིག་རྣམས་འདེབས་པར་བཤད་མོད་ཀྱང་སྔོན་དུ་ལས་ཐིག་བཏབ་ནས་དེའི་སྟེང་དུ་ཡེ་ཐིག་འདེབས་པར་ཡང་བཤད་པ་བཞིན་ ནོ། །ཕྲེང་བར་ཡང་ཐིག་སྐུད་ཆ་ཆུང་རེ་བཞིར་བྱེད་པའི་ཤེས་བྱེད་སྟོན་པ་ན། དེ་ནས་ཐིག་སྐུད་དཀར་བྱས་ནས། །ཅེས་དྲངས་ཏེ། དེར་ཐིག་སྐུད་དཀར་པོ་ཡང་བཤད་ལ་ཚོན་སྣ་ལྔའི་ཐིག་སྐུད་ཀྱང་བཤད་པས་ཐིག་སྐུད་གཉིས་སུ་བཞེད་དེ། ཐིག་སྐུད་ཆ་ཆུང་རེ་བཞི་ པ་དང་གོ་དྲུག་པའི་ཕྱོགས་གཉིས་ནི། སློབ་དཔོན་སོ་སོའི་བཞེད་པ་མི་མཐུན་པ་སྟོན་པ་མིན་གྱི། རྒྱུད་སོ་སོའི་ལུགས་སུ་བཤད་པའི་ཕྱིར་རོ། །རཏྣ་རཀྵི་ཏ་དང་བི་བྷཱ་ཏཱི་གཉིས་ནི། ཐིག་ལ་སོགས་པའི་རྣམ་གཞག་རྣམས་ཕྲེང་བའི་རྗེས་འབྲང་དུ་སྣང་ལ། སྔ་མས་ གསལ་བར་མ་མཛད་ཀྱང་ཕྱི་མའི་བདེ་མཆོག་གི་དཀྱིལ་ཆོག་ལས། དང་པོ་རུ་ནི་སྐྱ་ཐིག་སྟེ། །དེ་ཡི་རྗེས་སུ་ཡེ་ཤེས་ཐིག །ཅེས་དྲངས་སོ། །དཱ་རི་ཀ་པས་ཀྱང་ཚོན་སྣ་ལྔའི་ཡེ་ཐིག་བཤད་ཟིན་པའི་འོག་ཏུ། ཁྲག་ཆེན་གྱིས་ནི་སྦངས་པ་ཡི། །སུམ་སྒྲིལ་ སྐུད་པ་ཚད་ལྡན་པ། །བདུད་རྩི་ཙནྡན་དཀར་པོ་ཡིས། །ལེགས་པར་བྱས་ཏེ་ཐིག་གདབ་བྱ། །ཞེས་ཐིག་སྐུད་སྔ་མ་ལ་སྐུད་པ་ཉེར་ལྔ་པ་དང་ཕྱི་མ་ལ་སུམ་སྒྲིལ་དུ་བཤད་པས་ཡེ་ཐིག་དང་ལས་ཐིག་གི་ཐིག་སྐུད་སོ་སོར་གསུངས་སོ། །དེའི་དཀྱིལ་ ཆོག་ལས། ཡེ་ཤེས་ཐིག་ནི་བརྒྱད་ཀྱི་རྗེས། །མཚན་ཉིད་བཟང་པོ་རྣམ་བསམས་ནས། །ཆ་ནི་རྣམ་པར་དབྱེ་བར་བྱ། །ཞེས་གསུངས་པ་ནི། ཡེ་ཐིག་ཐམས་ཅད་བཏབ་པའི་རྗེས་སུ་ལས་ཐིག་གིས་ཆ་སོ་སོར་བགོ་བའི་དོན་མིན་གྱི། ཡེ་ཐིག་གི་ཐིག་ཆེན་བརྒྱད་ 3-2-149a བཏབ་པའི་འོག་ཏུ་ཡེ་ཐིག་གཞན་འདེབས་པའི་དོན་ཡིན་ཏེ། ཡེ་ཐིག་ཀྱང་ལས་ཐིག་བཞིན་ཚང་བར་གདབ་དགོས་པའི་ཕྱིར་རོ། །གལ་ཏེ་ཐིག་གཉིས་ཀྱི་གོ་རིམས་དེ་ལྟ་ཡིན་ན་འདེབས་པའི་སྐབས་གང་ཡིན་སྙམ་ན། ལས་ཐིག་ནི། ཀླུ་བྱང་དང་ལམ་ ཀ་རྒྱལ་བཟང་དང་ཛ་ཡ་སེ་ནས་ལྷ་སྟ་གོན་གྱི་སྔ་རོལ་ཏུ་འདེབས་པར་བཤད་པ་ལྟར་བྱ་སྟེ། རྡོ་རྗེ་མཁའ་འགྲོ་ལས། དེ་བཞིན་གཤེགས་པའི་གནས་རྣམས་སུ། །ཙནྡན་སོགས་པས་གྲུ་བཞི་བྱ། །ཞེས་སོགས་གསུངས་པ་ལྟར། དཀྱིལ་འཁོར་གྱི་གནས་ གང་དུ་ལྷ་འོང་བའི་གནས་དེར་ལྷ་སྟ་གོན་གྱི་དྲིའི་དཀྱིལ་འཁོར་བྱ་དགོས་ལ་དེ་ལ་ཐིག་མ་བཏབ་ན་གནས་ངོས་མི་ཟིན་པའི་ཕྱིར་རོ། །མི་ཐུབ་ཟླ་བས་ཀྱང༌། དཀྱིལ་འཁོར་གང་དུ་ངེས་པ་ཡི། །དཀྱིལ་འཁོར་དེར་ནི་དྲི་ལྔ་འམ། །ཡང་ན་གཞན་གྱིས་བྱུག་པར་བྱ། ། ཞེས་གསུངས་ཤིང༌། ལྭ་བ་པ་དང་ནག་པོ་སྤྱོད་པ་དང་ཤཱནྟི་པ་དང་ཉིན་མོ་འབྱུང་གནས་སོགས་མང་པོས་ཀྱང་ལྷ་སྟ་གོན་གྱི་དྲིའི་བྱུག་པ་རྣམས་ལྷ་རྣམས་ཀྱི་གནས་སུ་བྱ་བར་གསུངས་པའི་ཕྱིར་རོ། །ཡེ་ཐིག་འདེབས་པ་ནི། སློབ་མ་ལྷག་གནས་ཟིན་ནས་ཚོན་ གྱིས་བྲི་བའི་སྔ་རོལ་དུ་ཀླུ་བྱང་གིས་བཤད་པ་ལྟར་ཁུངས་ཐུབ་གཞན་དུ་མས་ཀྱང་བཤད་པས་དེར་བྱའོ། །གསུམ་པ་ལ་གཉིས། ཐིག་སྐུད་འདུ་བྱ་བ་དང༌། ཐིག་སྐུད་གདབ་པའི་ཚུལ་ལོ། །དང་པོ་ནི། ཐིག་སྐུད་ཀྱི་རྒྱུ་ནི། དཱ་རི་ཀ་པས། མ་ཉམས་རས་བལ་གཙང་ མ་ལས། །ཞེས་གསུངས་པ་ལྟར་ཡིན་ལ། དེ་མ་རྙེད་ན་རས་ཀྱི་སྐུད་པ་ལ་སོགས་པ་གཙང་ཞིང་མ་ཉམས་པ་སྐྲ་མ་འདྲེས་པ་ལ་བྱའོ། །འཁེལ་མཁན་དང་ཇི་ལྟར་བྱ་བ་ནི། སྤྱི་རྒྱུད་ལས། དཀྱིལ་འཁོར་ཐིག་གདབ་ཐིག་སྐུད་ནི། །ཁ་སྒྱུར་གཙང་མ་སྲ་ཞིང་ཕྲ། ། 3-2-149b དེ་བཞིན་བུ་མོ་གཞོན་ནུས་བཀལ། །གསར་བ་ཤིན་ཏུ་གཙང་བ་དང༌། །མཛེས་ཤིང་ཤིན་ཏུ་རན་པ་དང༌། །དྲི་ཞིམ་རེག་ན་བདེ་བ་དང༌། །ལེགས་པར་བཀལ་དང་ཕྲ་བ་དང༌། སྦོམ་ཕྲ་ལ་སོགས་བཀལ་ལེགས་དང༌། །འཇུར་མདུད་མེད་པར་གྱུར་པ་ཡི། །ཐིག་སྐུད་མེ་ ཏོག་སྤོས་མཆོད་པས། །ཤེས་རབ་ཅན་གྱིས་ཐིག་གདབ་བོ། །ཞེས་གསུངས་ཏེ། ཁ་བསྒྱུར་བ་ནི་ཚོན་སྣ་ལྔའི་ཐིག་སྐུད་ལ་དགོངས་སོ། །སློབ་དཔོན་འདི་དང་རྒྱལ་བ་བཟང་པོ་དང་ཛ་ཡ་སེ་ནས་གཞོན་ནུ་མ་མ་ཉམས་པས་བཀལ་བ་དང་དཔའ་བོའི་རིན་གྱིས་ཉོས་ པའི་སྐུད་པ་གདམ་ང་ཅན་དུ་གསུངས་པས། བདག་པོས་འདི་འདོད་ཟེར་བ་ལ་མ་བརྩེགས་པར་རིན་བྱིན་ནས་ཉོས་པ་ཡིན་ན་འཁེལ་མཁན་གཞན་གྱིས་ཀྱང་ཆོག་ལ། ཉིན་མོ་འབྱུང་གནས་ཀྱིས་དམ་ཚིག་དང་ལྡན་པས་བཀལ་བ་ཞེས་བཤད་པས་དེས་ཀྱང་ ཆོག་གོ། སྐུད་པའི་གྲངས་ནི། དཱ་རི་ཀ་པ་ལྟར་སུམ་སྒྲིལ་ཁ་དོག་དཀར་པོའོ། །རིང་ཐུང་གི་ཚད་དང་སྦོམས་ཀྱི་ཚད་ནི། ཡེ་ཐིག་ལྟར་ལག་པས་བཟུང་བའི་ཆ་མ་གཏོགས་པ་དཀྱིལ་འཁོར་ཉིས་འགྱུར་དང་སྒོའི་ཉི་ཤུ་ཆའོ། །སྐྱེད་ཆོག་ནི། ལས་ཐམས་ཅད་པར་སྐྱེད་ པ་བྷཱ་བ་བྷ་དྲ་དང་དོན་ཡོད་ཞབས་བཞེད་པས་དྲི་བཟང་པོའི་ཆུ་དང་བདུད་རྩི་ལྔ་དང་བའི་རྣམ་ལྔས་བྱུགས་ཏེ་གསེར་ལ་སོགས་པའི་སྣོད་དུ་གཞག་རང་གཙོ་བོའི་རྣལ་འབྱོར་དང་ལྡན་ཞིང་བསང་སྦྱང་སྔོན་དུ་འགྲོ་བས་ལས་ཐམས་ཅད་པ་གང་ཡིན་དུ་བསྐྱེད། ཡེ་ ཤེས་པ་གཞུག་པ་སོགས་བྱ་ལ་མཆོད་ཅིང་བསྟོད་དེ་ལག་པས་རེག་ཅིང་འཁྱིལ་པ་བཟླས་ཏེ་བསྲུང་བར་བྱའོ། །ལས་ཐམས་ཅད་པ་བཟླས་པའི་བདུད་རྩི་ལྔའི་ཆུ་དང་ཡུངས་ཀར་དང་དྲིའི་ཆུས་གཏོར་ལ་རྡོ་རྗེ་དང་བཅས་པའི་ལག་པ་གཡས་པས་རེག་སྟེ། ཨོཾ་བཛྲ་ས་ 3-2-150a མ་ཡ་སཱུ་ཏྲ་མ་ཏཱི་ཀྲ་མ་ཧཱུཾ། ཞེས་བཟླས་ནས་ཡི་གེ་གསུམ་གྱིས་བརྒྱ་རྩ་བརྒྱད་དུ་བཟླས་པས་ལྷག་གནས་བྱ་སྟེ་དེ་དག་ནི་ཐིག་གཉིས་འདྲའོ། །དེ་ནས་རྒྱལ་བ་བཟང་པོ་སོགས་ཀྱིས་བཤད་པ་ལྟར་ཙནྡན་དཀར་པོ་དང་བསྲེས་པའི་འབྲས་ཕྱེ་ འམ་རྡོ་རྒྱུས་སམ་དཀར་རྩི་གཞན་གྱིས་ཐིག་སྐུད་སྦང་ངོ༌། །གཉིས་པ་ལ་གཉིས། དཀྱིལ་འཁོར་གྱི་ཕྱིའི་ཐིག་གདབ་པ་དང༌། ནང་གི་ཐིག་གདབ་པའི་ཚུལ་ལོ། །དང་པོ་ལ་གཉིས། ལུགས་གཉིས་ཀྱི་ཐུན་མོང་གི་ཐིག་གདབ་ཚུལ་དང༌། ལུགས་གཉིས་སོ་སོའི་ཐིག་གདབ་ ཚུལ་ལོ། །དང་པོ་ནི། དེ་ནས་དཀྱིལ་འཁོར་གྱི་ས་ལ་བུམ་ཆུས་གཏོར་ནས་ནམ་མཁའི་དཀྱིལ་འཁོར་མཆོད་བསྟོད་ཀྱི་བར་འོག་བཞིན་དུ་བྱ། དཀྱིལ་འཁོར་གྱི་དབུས་བཙལ་དེར་ཐིག་ལེ་བྱ་ལ་དེ་ནས་ཚད་མཉམ་པའི་སྐུད་པས་ཕྱོགས་བཞིར་ཐིག་ལེ་རེ་བྱའོ། །དེ་ནས་ སྔར་གྱི་ཚད་ལས་རིང་བའི་སྐུད་པས་ཐིག་ལེ་བཞིའི་སྟེང་དུ་བཟུང་ནས་ཟླུམ་སྐོར་རེ་བྱའོ། །འདིར་ཟླུམ་སྐོར་བཞི་ལས་མ་བཤད་ཀྱང་འོག་ཏུ་ཟླུམ་པོ་ལྔ་དབྱིའོ་ཞེས་གསུངས་པས། དབུས་ཀྱི་མཚན་མའི་སྟེང་ནས་ཟླུམ་སྐོར་གཅིག་བྱའོ། །དེ་ལ་ལྷོ་བྱང་དང་ཤར་ནུབ་ དང་དབུས་ཀྱི་ཟླུམ་སྐོར་ནི། ཤར་ནུབ་དང་ལྷོ་བྱང་གི་ཚངས་ཐིག་གཉིས་དང་ཟུར་ཐིག་གཉིས་དྲང་པོར་འོང་བའི་ཆེད་ཡིན་ནོ། །དེ་ནས་རང་ཉིད་གཙོ་བོའི་རྣལ་འབྱོར་དང་སྒྲུབ་གྲོགས་རྣམ་སྣང་ངམ་བདུད་རྩི་འཁྱིལ་བར་བསམས་ལ། ཐིག་སྐུད་གཏོང་བ་དང་ལེན་པ་དང་ ལག་པས་བཟུང་བའི་ཚུལ་རྣམས་འོག་ནས་འབྱུང་བ་བཞིན་དུ་བྱའོ། །རྣམ་སྣང་དུ་སྐྱེད་པ་ཀླུ་བྱང་དང་འཁྱིལ་པར་སྐྱེད་པ་ཤཱནྟི་པས་བཤད་པ་ལྟར་ཡིན་ལ། ལྭ་བ་པས་སློབ་མ་རང་གི་ལྷ་དང་རྒྱལ་བ་བཟང་པོས་དུམ་སྐྱེས་མ་དང་ཉིན་མོ་འབྱུང་གནས་ཀྱིས་གྷསྨ་ 3-2-150b རིར་སྐྱེད་པར་བཤད་དེ། སློབ་མ་རང་གི་ལྷག་པའི་ལྷ་གང་ཡིན་དང་དཀྱིལ་འཁོར་སོ་སོའི་ལས་ཐམས་ཅད་པར་སྐྱེད་པའི་ལུགས་གཉིས་སོ། །དེ་ནས་རྡོ་རྗེ་མཁའ་འགྲོ་ལས། ཕྱོགས་ཀུན་མཉམ་པར་དམིགས་ནས་སུ། །ཞེས་གསུངས་ཤིང༌། དཀྱིལ་ཆོག་དུ་མ་ ལས་ཀྱང་ཕྱོགས་ཐམས་ཅད་མཉམ་པ་ཉིད་དུ་དམིགས་ནས་ཐིག་གདབ་པར་གསུངས་པ་ནི་ཤར་ལ་སོགས་པའི་ཕྱོགས་རྣམས་བློས་བཏགས་པ་ཙམ་ཡིན་གྱི། ངོ་བོ་ཉིད་ཀྱིས་གྲུབ་པ་མེད་པས་རང་བཞིན་མེད་པར་མཉམ་མོ་སྙམ་པ་སྔོན་དུ་བཏང་ནས་བྱ་ སྟེ། འདིས་ནི་ཕྱོགས་འཆུགས་པ་ལ་བརྟེན་པའི་ཉེས་པ་འགོག་གོ། ཐིག་ཆེན་བརྒྱད་འདེབས་པའི་རིམ་པ་ནི། གུར་གྱི་བརྒྱད་པ་ལས། དང་པོར་ཚངས་ཐིག དེ་ནས་ཟུར་ཐིག དེ་ནས་རྩ་ཐིག་གདབ་པར་གསུངས་པའི་རྗེས་སུ་འབྲངས་ནས་སློབ་དཔོན་འདིས་རིམ་ པ་དེ་ལྟར་དུ་མཛད་དེ། སྡོམ་འབྱུང་གི་དགོངས་པ་ཡང་འགྲེལ་པས་དེ་བཞིན་དུ་བཀྲལ་ལོ། །ཕྱོགས་འདི་ནི་དཱ་རི་ཀ་པ་དང་ནག་པོ་སྤྱོད་པ་དང་ས་ར་ཧ་དང་རྒྱལ་བ་བཟང་པོས་ཀྱང་མཛད་དེ་ལྭ་བ་པའི་ཡང་དགོངས་པར་སྣང་ངོ༌། །ཚངས་ཐིག་གི་རྗེས་སུ་རྩ་ཐིག་ དང་དེ་ནས་ཟུར་ཐིག་གདབ་པ་ཡང་ཀླུ་བྱང་དང་ཕྱེད་བཅས་བཞི་བརྒྱ་པ་རྩ་འགྲེལ་དང་བྷཱ་བ་བྷ་དྲ་དང་ཉིན་མོ་འབྱུང་གནས་སོགས་ཀྱིས་བཤད་པས་ཕ་རྒྱུད་དང་མ་རྒྱུད་ཀྱི་དབྱེ་བ་མ་ཡིན་ཏེ། ཕྲེང་བས་ནི་རྒྱུད་དེ་གཉིས་ཀའི་ཐུན་མོང་གི་དབང་དུ་མཛད་ནས་ གསུངས་ལ། བྷཱ་བ་བྷ་དྲས་རྡོ་རྗེ་མཁའ་འགྲོ་དང་ཉིན་མོ་འབྱུང་གནས་ཀྱིས་ཀྱཻ་རྡོར་དཀྱིལ་ཆོག་ཏུ་བཤད་པའི་ཕྱིར་རོ། །ཚངས་ཐིག་ལ་ཡང་ས་ར་ཧ་དང་ནག་པོ་སྤྱོད་པ་དང་བི་བྷཱུ་ཏཱིས་ལྷོ་བྱང་གི་ཚངས་ཐིག་སྔོན་དུ་བཏབ་ནས་ཤར་ནུབ་ཀྱི་ཚངས་ཐིག་འདེབས་ 3-2-151a ལ། སྔར་བཤད་པ་གཞན་རྣམས་ཀྱིས་སྔོན་དུ་ཤར་ནུབ་ཀྱི་ཐིག་བཏབ་ནས་ལྷོ་བྱང་དུ་འདེབས་སོ། །བོད་ཀྱི་མཁས་པ་དག་བི་བྷཱུ་ཏཱིས་བཤད་པའི་ལྷོ་དང་དཱ་རི་ཀ་པ་སོགས་ཀྱིས་བཤད་པའི་ཤར་གཉིས་དོན་གཅིག་སྟེ། བདེ་མཆོག་ ཞལ་གང་དུ་ལྟ་བ་ལ་ལྷོར་བྱས་པས་མཁའ་འགྲོ་མ་གནས་པའི་ཕྱོགས་ཉིད་ལ་བཞག་པའི་ཕྱིར་ཏེ། བི་བྷཱུ་ཏཱིས། དེ་ཕྱིར་གང་དུ་ཕྱོགས་པ་ཉིད། །ལྷོར་ནི་རྣལ་འབྱོར་ཀུན་གྱིས་དགོངས། །ཞེས་གསུངས་པའི་ཕྱིར་རོ་ཞེས་གསུངས་སོ། །དེ་ནི་བི་བྷཱུ་ཏཱིས་བྷཱུ་བ་ བློ་ལྡན་གྱི་དཀྱིལ་ཆོག་ནས་དྲངས་པར་སྣང་ལ་དེ་ལས། ལྷོ་ཡི་སྒོ་རུ་སོང་ནས་ནི། ལྷག་མ་རྣམས་སུ་ཡོངས་སུ་བསྐོར། །ལྷ་མོའི་རྒྱུད་གསུངས་རིམ་པའོ། །རྣལ་འབྱོར་རྒྱུད་རིག་ཤར་སོགས་ནས། །ལྷོ་ཡི་སྒོ་རུ་འགྲོ་བ་ནི། །གང་བསྟན་བདེན་པར་གསུངས་ བ་ཡིས། །དཀྱིལ་འཁོར་བྲི་བར་བསྟན་པ་ནི། །ཀུན་རྫོབ་དོན་དུ་རྟོགས་པར་བྱ། །ཕྱོགས་ནི་མཐའ་ཡས་ཆ་ཤས་ཀྱིས། །ལྷོ་ལ་སོགས་པ་བརྟགས་ན་མེད། །ལྷོ་ཡི་ཞལ་ནི་གང་ཡིན་ཉིད། །རྣལ་འབྱོར་པས་ནི་ཀུན་རྫོབ་ཉིད། །ཅེས་རྣལ་འབྱོར་མའི་ རྒྱུད་ཀྱིས་ལྷོ་ནས་བསྐོར་བ་དང༌། རྣལ་འབྱོར་གྱི་རྒྱུད་ཀྱིས་ཤར་ནས་བསྐོར་ཏེ་དཀྱིལ་འཁོར་བྲི་བར་གསུངས་པའི་ཕོགས་མི་འདྲ་བ་གཉིས་བཤད་ཀྱང་ཕྱོགས་དོན་དམ་པར་མ་གྲུབ་པར་རྟོགས་པ་ལ་འདྲ་བར་གསུངས་པས་ལྷོ་ནི་སྒྲ་ཇི་བཞིན་པ་ཡིན་ནོ། ། གཞན་ཡང་བྷུ་བ་བློ་ལྡན་གྱི་ལུང་བི་བྷཱུ་ཏཱིས་དྲངས་པ་ལས་ཀྱང༌། དང་པོར་གཤིན་རྗེར་ཁ་བལྟས་ཏེ། །འཁོར་ལོའི་ས་ཡི་བྱང་དུ་གནས། །མཁའ་དང་ས་ལ་ཐིག་གདབ་བྱ། །ཞེས་ཚངས་ཐིག་དང་པོ་འདེབས་པ་ལ་གཤིན་རྗེ་ཡོད་པའི་ཕྱོགས་སུ་ཁ་ 3-2-151b བལྟ་བ་དང༌། བྱང་ཡང་དཀྱིལ་འཁོར་གྱི་སའི་བྱང་ལ་གསུངས་པས་ལྷོ་ལ་སོགས་པ་ནི་ཕྱིའི་དབང་དུ་བྱས་པའོ། །ཟུར་ཐིག་ལ་ནི། མེ་རླུང་གི་ཟུར་ཐིག་གི་རྗེས་སུ་ཟུར་ཐིག་གཉིས་པ་འདེབས་པར་འདི་ནས་བཤད་པ་བཞིན་དུ་སློབ་དཔོན་དེ་རྣམས་ཀྱང་བཞེད་དོ། ། རྩ་ཐིག་བཞིའི་རིམ་པ་ལ་ཤར་ནུབ་བྱང་ལྷོ་རིམ་པ་བཞིན་འདེབས་པར་འདིར་བཤད་པ་ལྟར་མར་མེ་མཛད་དཱ་རི་ཀ་པ་རྒྱལ་བ་བཟང་པོ་སོགས་ཀྱིས་ཀྱང་བཤད་ལ། ཀླུ་བྱང་དང་ནག་པོ་སྤྱོད་པས་ཤར་ལྷོ་ནུབ་བྱང་གི་རིམ་པ་བཞིན་མཛད་དོ། །ལྭ་བ་པས་ ཤར་ནུབ་ལྷོ་བྱང་གི་རིམ་པ་བཞིན་ཡང་མཛད་ཅིང་ནུབ་དང་ལྷོའི་རྩ་ཐིག་གཉིས་ཐོག་མར་འདེབས་པ་ཡང་ཡོད་པས་མ་ངེས་སོ། །ཚངས་ཐིག་དང་ཟུར་ཐིག་དང་རྩ་ཐིག་འདེབས་པའི་ཚེ་སློབ་དཔོན་དང་སློབ་མའི་གནས་གཉིས་གཉིས་སུ་ངེས་པས་ ཚངས་ཐིག་ལ་སློབ་དཔོན་གྱི་གནས་གཉིས་ནི་བྱང་དང་ཤར་དང༌། སློབ་མའི་གནས་གཉིས་ནི་ལྷོ་དང་ནུབ་ཏུ་ལྷོ་བྱང་གི་ཚངས་ཐིག་དང་པོར་འདེབས་པ་གསུམ་གྱིས་བཤད་ལ། སྔར་བཤད་པའི་གཞན་རྣམས་ཀྱིས་ནུབ་དང་ལྷོ་གཉིས་སློབ་དཔོན་གྱི་གནས་དང་ ཤར་དང་བྱང་གཉིས་སློབ་མའི་གནས་སུ་བཤད་དེ། སྡོམ་འབྱུང་གི་བཅུ་བདུན་པ་ལས། ནུབ་དང་ལྷོ་ཡི་གནས་སུ་ནི། །སློབ་དཔོན་ངེས་པར་ཡང་དག་གནས། །ཤར་དང་བྱང་གི་ཕྱོགས་གནས་སུ། །སློབ་མ་གནས་ཏེ་མཉམ་གཞག་པ། །ཞེས་གསུངས་ པ་དང་མཐུན་ནོ། །འདི་དག་ཀྱང་རྒྱུད་གཉིས་ཀྱི་དབྱེ་བ་མིན་གྱི། །གང་བྱས་ཀྱང་འདྲ་བར་མངོན་ནོ། །ཟུར་ཐིག་ལ་སློབ་དཔོན་གྱི་གནས་གཉིས་ནི་མེ་དང་བདེན་བྲལ་དང༌། སློབ་མའི་གནས་གཉིས་ནི་རླུང་དང་དབང་ལྡན་དུ་འདིར་བཤད་པ་བཞིན་སྔ་མ་རྣམས་བཞེད་ 3-2-152a དེ། འོན་ཀྱང་རྒྱལ་བ་བཟང་པོ་དང་ཛ་ཡ་སེ་ནས་དེ་ལས་བཟློག་ནས་ཀྱང་བཤད་དོ། །ཀླུ་བྱང་གིས་སློབ་དཔོན་དབང་ལྡན་དང་སློབ་མ་བདེན་བྲལ་དུ་གནས་ནས་ཟུར་ཐིག་གདབ་པ་པ་ཚབ་ཀྱི་འགྱུར་ལ་འབྱུང་ཡང་དཔྱལ་གྱི་འགྱུར་ ལ་བཟློག་ནས་ཡོད་དོ། །རྩ་ཐིག་ལ་ནི་མེ་རླུང་གཉིས་སློབ་དཔོན་གྱི་གནས་དང༌། བདེན་བྲལ་དང་དབང་ལྡན་གཉིས་སློབ་མའི་གནས་སུ་འདིར་མཛད་པ་བཞིན་སྔ་མ་རྣམས་ཀྱང་འདྲའོ། །ཁ་ལྟ་ཕྱོགས་ནི། ཕྱོགས་དང་མཚམས་གང་ན་གནས་པ་དེ་ནས་དེའི་ ཐད་ཀྱི་ཕྱོགས་དང་མཚམས་གཞན་དུ་ཁ་བལྟའོ། །ཐིག་སྐོར་བྱེད་ལུགས་ལ་གསུམ་ཡོད་པའི་གཡས་སྐོར་ནི། འདིར་བཤད་པ་བཞིན་ཕྱེད་བཅས་བཞི་བརྒྱ་པ་རྩ་འགྲེལ་དང་ཉིན་མོ་འབྱུང་གནས་དང་རཏྣ་རཀྵི་ཏ་ལ་སོགས་པས་བཤད་ལ། གཡོན་ སྐོར་ནི། ས་ར་ཧ་དང་ནག་པོ་སྤྱོད་པ་དང་བི་བྷཱུ་ཏཱི་ལ་སོགས་པས་བཤད་དོ། །གཡས་གཡོན་སྤེལ་མ་ནི་དཱ་རི་ཀ་པས། གཡོན་ནས་བསྐོར་བའི་སྦྱོར་བ་ཡིས། །རྣམ་པ་ཀུན་ཏུ་ཐིག་གདབ་བྱ། །མཚམས་ཀྱི་ཆ་ནི་གཡས་སུ་སྟེ། །ཞེས་ཕྱོགས་ཐིག་ གཡོན་སྐོར་དང་མཚམས་ཐིག་གཡས་སྐོར་བྱས་ནས་འདེབས་པར་བཤད་དོ། །ཀླུ་བྱང་དང་ལྭ་བ་པས་གསལ་བར་མ་མཛད་དོ། །བྷཱུ་བ་བློ་ལྡན་དང་བི་བྷཱུ་ཏཱིས་བདེ་མཆོག་གི་དཀྱིལ་ཆོག་ཏུ་གཡོན་སྐོར་མ་བྱས་ནས་སློབ་མ་བརླག་པར་བཤད་མོད་ཀྱང༌། རྡོ་རྗེ་ མཁའ་འགྲོ་ལས། འདིར་ནི་སློབ་དཔོན་སློབ་མ་དག །གཡས་ཕྱོགས་སུ་ནི་བསྐོར་བར་བྱ། །ཞེས་གསུངས་ཤིང༌། འགྲེལ་པར་ཡང་དེ་བཞིན་དུ་བཤད་ལ། དཱ་རི་ཀ་པས་ཀྱང་མཚམས་གཡས་སྐོར་བྱ་བར་བཤད་པས་མ་རྒྱུད་ལ་གཡོན་སྐོར་ངེས་གཟུང་དུ་ 3-2-152b མི་དགོས་སོ། །སློབ་དཔོན་འདིས་ཀྱང་གཡས་སྐོར་རྒྱུད་གཉིས་ཀའི་ཐུན་མོང་དུ་མཛད་ལ། རཏྣ་རཀྵི་ཏས་བདེ་མཆོག་ལ་ཡང་གཡས་སྐོར་བཤད་པ་དང༌། རྒྱལ་བ་བཟང་པོས་ཀྱང༌། དེ་ནས་སློབ་དཔོན་སྒྲུབ་གྲོགས་དག །བསྐོར་ཞིང་འགྲོ་བའི་བྱ་བ་ནི། །གཡོན་པའི་སྤྱོད་པ་ གཙོ་བོའི་ཕྱིར། །ཀུན་ཏུ་གཡོན་པའི་ཆོ་གས་བྱ། །དེ་ལྟ་ན་ཡང་ལྟོས་པ་ཡིས། །རྟོགས་པར་དཀའ་བས་གཡས་སྐོར་བྱ། །ཞེས་བདེ་མཆོག་གི་དཀྱིལ་ཆོག་ཏུ་བཤད་པ་བཞིན་ཛ་ཡ་སེ་ནས་ཀྱང་མཁའ་འགྲོ་རྒྱ་མཚོའི་དཀྱིལ་ཆོག་ཏུ་བཤད་དོ། །དཀྱིལ་འཁོར་གྱི་ཕྱི་དང་ ནང་གི་ཐིག་ལྷག་མ་རྣམས་འདེབས་པ་ནའང་ཐིག་སྐོར་དང་སྡོད་སའི་གནས་དང་གོ་རིམས་རྣམས་སྔར་བཞིན་བྱ་སྟེ། ཕྲེང་བ་ལས་ལེའུ་ཚེ་དགུའི་ཕྱོགས་སོ་སོའི་ཐིག་འདེབས་པ་ན་དེ་ལྟར་བཤད་ཅིང༌། ལྭ་བ་པས་ཀྱང་ཐིག་ལྷག་མ་རྣམས་ལ་ཆོ་ག་སྔ་མས་གདབ་ པར་གསུངས་སོ། །ལས་ཐིག་འདེབས་པ་ན་ཀླུ་བྱང་གིས་དཔོན་སློབ་ཀྱི་སྡོད་ས་ངེས་པ་ཅན་གསུངས་པས་ཐིག་སྐོར་དངོས་སུ་མ་བཤད་ཀྱང་ཡེ་ཐིག་དང་འདྲའོ། །ལས་ཐིག་སློབ་དཔོན་དང་སྒྲུབ་གྲོགས་གཉིས་ཀས་གདབ་དགོས་པར་ཀླུ་བྱང་དང་ལམ་ཀ་རྒྱལ་ བཟང་དང་ཛ་ཡ་སེ་ནས་བཞེད་ལ། རྒྱུད་དང་དཀྱིལ་ཆོག་རྣམས་ལས་ཀྱང་ཚོན་འགྱེད་པ་ལ་སློབ་དཔོན་གྱིས་ཚོན་རྫོགས་པར་འགྱེད་མ་ནུས་ན་འཆད་པར་འགྱུར་བ་ལྟར་དམིགས་བསལ་གསུངས་ཤིང༌། ཐིག་ལ་སློབ་མ་ཡོད་ན་གཉིས་ཀ་དང་མེད་ན་སློབ་དཔོན་ རང་ཉིད་ཀྱིས་ཐིག་སྐུད་ཕུར་པ་ལ་བཏགས་ནས་འདེབས་པར་གསུངས་ཀྱི། སློབ་དཔོན་ལ་དམིགས་བསལ་མ་གསུངས་པས་ཐིག་གཉིས་ཀ་འདེབས་པ་ལ་སློབ་དཔོན་ངེས་པར་དགོས་སོ། །དེ་ནས་རྩིག་པའི་ཐིག་ནས་མདའ་ཡབ་ཀྱི་བར་གྱི་ཆ་བགོ་བ་རྣམས་ཀྱི་ཐིག་ 3-2-153a གདབ་སྟེ། དེ་དག་གི་བསྡུ་བའི་ཚིགས་སུ་བཅད་པ་ནི་ཕྲེང་བ་ལས། ཤར་སོགས་ཕྱོགས་ཀྱི་ཐིག་ལེའི་སྟེང༌། །སྲད་བུ་བཟུང་ནས་མཎྜལ་བཞིས། །ཉ་ཡི་མགོ་དང་མཇུག་མའི་མཐར། །ཚངས་ཐིག་དང་ནི་ཟུར་ཐིག་གདབ། །ཟུར་དེ་སྒོ་ཚད་ བདུན་དང་ཕྱོགས། །ཁྲུ་ལ་སོགས་པའི་རྩ་ཐིག་གི། དབུས་སུ་བརྒྱད་ཆ་ཕྱིས་པ་དེ། །སྒོ་དེའི་བཞི་ཆ་ཆ་ཆུང་སྟེ། །རྩ་བའི་ཕྱི་རོལ་གཅིག་དང་གཉིས། །གཅིག་གཉིས་གཅིག་དང་གཅིག་གི་མཐར། །ཐིག་དྲུག་ཟུར་ནས་ངོས་སུ་སྟེ། །ཚངས་ལས་རིམ་གྱིས་ རིང་བར་ནི། །ཆ་ཆུང་གསུམ་དུ་དང་པོའི་ཐིག །གཉིས་ཐིག་ཆ་ཆུང་གཉིས་རྩེར་རེག །ཆ་ཆུང་བརྒྱད་དུ་གསུམ་སྟེགས་བུའི། །ཐིག་ལས་དྲང་པོའི་ཐིག་བཞི་སྟེ། །གསུམ་ནི་ཆ་ཆུང་ལྔ་བཞི་པ། །ཆ་ཆུང་བཞི་དེའི་དང་པོ་ནི། །ངོས་ཐིག་རྩེ་མོར་ཡང་དག་ རེག །གསུམ་ནི་ཆ་ཆུང་རེ་རེའི་བར། །བཞི་པའི་རྩེ་ནས་ངོས་སུ་ཐིག །ཆ་ཆུང་བཅུ་དང་ལྡན་པའོ། །རྩ་བའི་རྩེ་ནས་བྱུང་བའི་ཐིག །ཆ་ཆུང་བཞི་པ་ངོས་སྟེང་དུ། །ཆ་ཆུང་གཉིས་གཉིས་ཐད་ཀར་ནི། །ཆ་ཆུང་བརྒྱད་དེ་གསུམ་འཁྱོག་པ། །ཞེས་སོ། ། འགྲམ་ལོགས་སྒོ་དང་མི་མཉམ་པ་འདི་ནི། ཐིག་སྐུད་ཆ་ཆུང་གོ་དྲུག་པ་དང་རེ་བཞི་པ་གཉིས་ཀའི་ཐུན་མོང་ཡིན་ཡང༌། གོ་དྲུག་པ་ལ་འགྲམ་ལོགས་སྒོ་དང་མཉམ་མི་མཉམ་གཉིས་ཀ་ཡོད་དོ། །དེས་ན་འགྲམ་ལོགས་སྒོ་དང་མཉམ་པའི་ཚེ་ནི་དར་དབྱངས་ དང་མུན་པའི་སྣམ་བུ་མེད་པས། སྟེགས་བུའི། །ཐིག་ལས་དྲང་པོའི་ཐིག་བཞི་སྟེ། །ཞེས་པ་ནི་དྲང་པོའི་ཐིག་གཉིས་སུ་འགྱུར་རོ། །སློབ་དཔོན་འདིས་ཐིག་རིང་ཐུང་གཉིས་ཀ་མཛད་ལ། ཐིག་རིང་ནི་ལྭ་བ་པ་དང་ས་ར་ཧ་ལ་སོགས་པ་མང་པོས་མཛད་དོ། ། 3-2-153b སྒོ་འཁོར་ལོའི་བཅུ་ཆ་དང་དགུ་ཆར་གསུངས་པའི་རྒྱུད་ཡོད་ཀྱང་རྒྱ་གར་པའི་སློབ་དཔོན་རྣམས་དེས་ཐ་སྙད་མི་མཛད་པས་སློབ་དཔོན་འདིས་ཀྱང་དེ་དག་བཞག་ནས་བརྒྱད་ཆར་གསུངས་ཏེ། གུར་དང་རྡོ་རྗེ་མཁའ་འགྲོའི་དགོངས་པ་ཡིན་ཞིང་རྒྱ་གར་ པའི་དཀྱིལ་ཆོག་རྣམས་ལས་ཀྱང་དེ་ལྟར་དུ་བཤད་དོ། །ཐིག་འདེབས་པ་ན། རྡོ་རྗེ་མཁའ་འགྲོ་ལས། ཐིག་སྐུད་ཆད་ན་སློབ་དཔོན་འཆི། །དམན་དང་ལྷག་པས་ནད་འབྱུང་སྟེ། །ཕྱོགས་ལ་འཁྲུལ་ན་སློབ་མ་མྱོས། །ཞེས་གསུངས་པ་ཤེས་པར་ བྱས་ལ་དེ་དག་བྱུང་ན་བཅོས་པའི་ཆོ་ག་བྱའོ་ཞེས་གསུངས་ཀྱི། འདིས་བཅོས་མ་བཤད་ཀྱང་རྨི་ལྟས་ངན་པ་བྱུང་བ་བཟློག་ཐབས་ལྟར་བྱའོ། །སྤྱི་རྒྱུད་ལས། ལྟས་ངན་བྱུང་ན་དངོས་མི་འགྲུབ། །ཅེས་དང༌། རིང་ཐུང་ཁྱེར་ན་ནད་ཀྱིས་འདེབས། །ཞེས་ གསུངས་ཏེ། འཆད་པ་ལྟར་གྱི་ཚད་ལས་རིང་བ་དང་ཐུང་བའི་ཐིག་སྐུད་བྱས་ན་ནད་འབྱུང་སྟེ་སློབ་དཔོན་ལ་འབྱུང་བར་ཤཱནྟི་པས་སོ། །ཕྱོགས་ལ་རྨོངས་པ་ནི། དཔོན་སློབ་ཀྱི་སྡོད་ས་འཆུགས་པ་ཡིན་ལ། སློབ་མ་འཁྲུལ་པའམ་མྱོས་པ་ནི། དཱ་རི་ཀ་པས། ཕྱོགས་འཁྲུགས་སློབ་མ་ཉོན་མོངས་འགྱུར། །ཞེས་གསུངས་པ་ལྟར་སློབ་མ་སྡུག་བསྔལ། །ཁ་ཅིག་རིང་ཐུང་བྱུང་བ་ཐིག་ཡིན་གྱི་ཐིག་སྐུད་མིན་ཞེས་པ་ནི་དོན་མིན་ཏེ། དེ་ལྟ་ཡིན་ན་ཕྱི་དགོས་པའི་ཐིག་གདབ་ཏུ་མི་རུང་བས་ཐིག་རིང་གདབ་ ཏུ་མི་རུང་བར་འགྱུར་རོ། །ཐིག་སྐུད་ཀྱི་མཚན་མ་ངན་པ་འདི་ཐིག་གང་འདེབས་པའི་ཚེ་ཡིན་ཞེ་ན། ཤཱནྟི་པས་ཚངས་ཐིག་གཉིས་འདེབས་པའི་དུས་ལ་བཞེད་དེ། ཕྲེང་བར་ཡང་དེ་གཉིས་བཏབ་པའི་འོག་ཏུ་གསུངས་པས་དགོངས་པ་གཅིག་གོ། ཉིན་མོ་ 3-2-154a འབྱུང་གནས་ཀྱིས་ཚངས་ཐིག་གཉིས་དང་ཐིག་ཆེན་བརྒྱད་དང་ཐིག་ཐམས་ཅད་ཀྱི་དབང་དུ་བྱས་པའི་ལུགས་གསུམ་བཤད་དོ། །དེས་ན་སྤྱི་རྒྱུད་ལས། དེ་བས་ཐམས་ཅད་ནན་ཏན་དུ། །མཁས་པས་ལེགས་པར་ཐིག་གདབ་ བོ། །ཞེས་གསུངས་པ་ལྟར། ཐིག་གཉིས་འདེབས་པ་དང་ཐིག་སྐུད་གཉིས་སྒྲུབ་པའི་ཚེ་ཤིན་ཏུ་གཟབ་པར་བྱའོ། །གཉིས་པ་ནི། རྟ་བབས་ལ་སོགས་པ་ནི་ཐིག་སྐུད་ཀྱི་ཚད་གཉིས་གསུངས་པའི་དབང་གིས་སོ་སོར་ཡོད་དོ། །དེ་ཡང་སྤྱིར་ཐིག་སྐུད་ཀྱི་ སྲིད་ཀྱི་ཚད་དཀྱིལ་འཁོར་གྱི་ཉིས་འགྱུར་དང་སྦོམས་ཀྱི་ཚད་སྒོའི་ཉི་ཤུ་ཆར་བཞེད་དེ། སྡོམ་འབྱུང་གི་བཅུ་བདུན་པ་ལས། རིང་བ་འཁོར་ལོའི་ཉིས་འགྱུར་ཏེ། སྒོ་ཡི་ཉི་ཤུ་ཆ་དག་གོ། ཞེས་གསུངས་ཤིང༌། དཀྱིལ་ཆོག་སོགས་ལས་ཀྱང་དེ་ བཞིན་དུ་མང་དུ་གསུངས་སོ། །རིང་ཚད་དེ་ལྟར་གསུངས་པའི་དགོས་པ་ནི། ཕྲེང་བ་ལས་ཚངས་ཐིག་ཁོ་ན་གདབ་པའི་དོན་དུ་ཡིན་པར་བཞེད་པས་ཐིག་གཞན་ལ་ཚད་དེ་མི་དགོས་ཀྱང་ཚངས་ཐིག་གཉིས་འདེབས་པའི་ཕྱིར་དུ་མཛད་དོ། །དེ་ལ་ཚངས་ ཐིག་ནི་རིང་ཐུང་གཉིས་སུ་ཡོད་དེ། འདི་ལྟར་རྟ་བབས་ཀྱི་དཔངས་དང་འཁོར་ལོ་དང་རྭ་རྩེ་ལ་ཆ་ཆེན་གཉིས་སུ་བྱས་པའི་ཚེ་ནི། རྩ་ཐིག་ནས་རྩ་ཐིག་གི་བར་ལ་དཀྱིལ་འཁོར་དུ་བྱས་པའི་ཉིས་འགྱུར་ཐིག་སྐུད་ཀྱི་ཚད་ཡིན་ལ། རྟ་བབས་ཀྱི་དཔངས་ ལ་སྒོ་ཚད་གསུམ་དང་འཁོར་ལོ་དང་རྭ་རྩེ་ལ་སྒོ་ཚད་གཅིག་བྱས་པའི་ཚེ་ནི། ཐིག་སྐུད་ཀྱི་ཚད་སྔ་མ་དེས་མི་ཆོག་པས་རྩ་བའི་དཀྱིལ་འཁོར་འཁོར་དང་བཅས་པའི་ཉིས་འགྱུར་ཡིན་ཏེ། ཕྲེང་བ་ལས། རྩ་བའི་ཐིག་བཞིས་ཡོངས་སུ་བཅད་པའི་རྩ་བའི་ 3-2-154b དཀྱིལ་འཁོར་ཁོ་ན་ལས་ཐིག་སྐུད་ཉིས་འགྱུར་གྱིས་རིང་བ་སྟེ་དེས་ཚངས་པའི་ཐིག་ཆ་ཆུང་དྲུག་ཅུ་རྩ་བཞི་གདབ་པར་བྱའོ། །ཞེས་དང༌། དཀྱིལ་འཁོར་ཡང་འདིར་སྣ་ཚོགས་རྡོ་རྗེའི་ལྟེ་བའི་མཐར་ཆུད་པའི་དཀྱིལ་འཁོར་འཁོར་དང་བཅས་པ་རྩ་བའི་ ཐིག་ལས་ཕྱིར་ཆ་ཆུང་བརྒྱད་པའི་བར་དུ་སྟེ་ཆ་ཆུང་བཞི་བཅུ་རྩ་བརྒྱད་པའོ། །ཞེས་སོགས་གསུངས་པའི་མཐར། དེའི་ཕྱིར་ཐིག་སྐུད་ཆ་ཆུང་དགུ་བཅུ་རྩ་དྲུག་ཏུ་འགྱུར་རོ། །ཞེས་གསུངས་སོ། །རེ་བཞི་པའི་ཤེས་བྱེད་དུ། དེ་ནས་ཐིག་སྐུད་ དཀར་བྱས་ནས། །རང་ཉིད་སྒྲུབ་པའི་གྲོགས་དང་ལྡན། །ཙནྡན་དཀར་པོ་བསྲེས་པ་ཡི། །ས་ལུས་བཏགས་པས་སྤང་བར་བྱ། །ཚངས་པའི་ཐིག་ནི་དག་པ་གཉིས། །འཁོར་ལོའི་ཚད་ནི་གང་ཡིན་པ། །དེ་ཡི་ཉིས་འགྱུར་གདབ་པར་བྱ། །དེ་ཡི་ཕྱེད་དུ་རྩ་ བའི་ཐིག །ཅེས་དྲངས་པ་ནི་ལམ་ཀ་རྒྱལ་བཟང་གི་དཀྱིལ་ཆོག་ན་ཡོད་དོ། །འདིས་ཚངས་ཐིག་གི་ཕྱེད་དུ་རྩ་ཐིག་གདབ་པར་གསུངས་པས་ཐིག་སྐུད་ཆ་ཆེན་བཅུ་དྲུག་པར་བསྟན་ནོ། །རྩིག་པ་ནས་རྩིག་པའི་བར་གྱི་གཞལ་ཡས་ཁང་ནི་དཀྱིལ་འཁོར་ གྱི་དངོས་གཞི་ཡིན་ལ། ཕ་གུ་ནས་མདའ་ཡབ་ཀྱི་བར་ནི་དེ་ལ་བཏགས་པའི་ཡན་ལག་ཡིན་པས་དེའི་འཁོར་ཞེས་བྱའོ། །རྒྱལ་པོ་འཁོར་བཅས་འགྲོ་བ་ན་རྒྱལ་པོ་འགྲོའོ་ཞེས་བརྗོད་པ་བཞིན། དཀྱིལ་འཁོར་འཁོར་དང་བཅས་པ་ལ་ཡང་དཀྱིལ་ འཁོར་གྱི་སྒྲ་འཇུག་པས་དཀྱིལ་འཁོར་གྱི་ཉིས་འགྱུར་དུ་གསུངས་པ་ནི་གཉིས་ཀ་ལ་དྲང་དུ་རུང་ངོ༌། །དེ་ལྟར་ན་སྔ་མ་ལ་དབུས་ནས་རྩ་ཐིག་གི་བར་དཀྱིལ་འཁོར་གྱི་ནང་དང་རྩ་ཐིག་ནས་པདྨའི་ལྟེ་བའི་མཐའི་བར་གྱི་ཕྱི་གཉིས་མཉམ་པས་རྭ་རྩེ་ནས་རྭ་རྩེའི་ 3-2-155a བར་ལ་དཀྱིལ་འཁོར་གྱི་ཉིས་འགྱུར་རོ། །ཕྱི་མ་ལ་ནི། དབུས་ནས་མདའ་ཡབ་ཀྱི་ཐིག་གི་བར་དང་དེ་ནས་འོད་ཕྲེང་གི་ཐིག་གི་བར་མཉམ་པས་འོད་ཕྲེང་ནས་འོད་ཕྲེང་གི་བར་ལ་དཀྱིལ་འཁོར་གྱི་ཉིས་འགྱུར་རོ། །དེ་ལ་ཕྱོགས་དང་པོ་ནི། སྡོམ་འབྱུང་གི་བཅུ་བདུན་པ་ལས། ཐིག་གི་མཚན་མ་དྲུག་ཅུ་བཞི། །དཀྱིལ་འཁོར་ཐིག་གི་མཚན་ཉིད་དེ། །ཞེས་ཕྱིའི་ཟླུམ་ཐིག་ཐོག་མར་སྐོར་བའི་ཕན་ཚུན་ལ་ཐིག་གི་མཚན་མ་རེ་བཞི་གསུངས་ཏེ། འགྲེལ་པས་རེ་བཞིའི་ཆ་རེ་ཆ་ཆུང་རེ་རེ་གསུངས་སོ། ། དེ་བཞིན་དུ་ས་ར་ཧ་དང་ལྭ་བ་པ་ལ་སོགས་པ་མང་པོས་ཀྱང་གསུངས་ཏེ། རེ་བཞི་པ་ལྟར་ན་རྟ་བབས་ཀྱི་དཔངས་སྒོ་ཚད་གཅིག་ཏུ་བཤད་དོ། །ཀླུ་བྱང་གིས་སྒོ་དང་སྒོ་ཁྱུད་དང་འགྲམ་པ་དང་ལོགས་ཏེ་བཞི་ཁ་ཚད་མཉམ་དུ་བཤད་པས་དེས་རྟ་བབས་སྒོ་ ལས་སུམ་འགྱུར་དུ་གསུངས་པ་ནི་དཔངས་སུ་ཡིན་ཏེ། ངོས་ལ་བྱས་ན་སྣམ་བུ་འོག་མས་ཀ་བའི་སྟེང་དུ་མི་སླེབས་པའི་ཕྱིར་རོ། །དེས་ན་ཀླུའི་བློས་ཐིག་སྐུད་ཆ་ཆེན་ཉེར་བཞི་པའི་ཕྱོགས་བསྔགས་སོ། །ཆ་ཆེན་ཉེར་བཞི་པའི་རྟ་བབས་དང་ཟླུམ་ཐིག་ལ་སོགས་ པ་ནི། ཕྲེང་བ་ལས། ཀ་བའི་རྩེ་ནས་ཕྱི་ངོས་སུ། །ཆ་ཆུང་རེ་རེ་དོར་བར་ཐིག །བཅུ་གཅིག་འདི་ལ་ལྔ་པ་དང༌། །བདུན་པ་ཆ་ཆུང་ཕྱེད་དང་གཉིས། །ཡང་ན་གསུམ་པ་བདུན་པ་དང༌། དགུ་པ་ཆ་ཆུང་རེ་རེའོ། །བཞི་པ་དྲུག་པ་བཅུ་པ་རྣམས། །སོ་སོར་ཆ་ཆུང་ཕྱེད་ཕྱེད་ དོ། །ལྔ་ནི་ཆ་ཆུང་ཕྱེད་དང་གཉིས། །དེ་ལ་ཕྱོགས་གཉིས་སུ་ནི་རྒྱར། །ཚངས་པའི་གཡས་དང་གཡོན་དུ་ནི། །ཆ་ཆུང་ཕྱེད་བཅས་མདའ་ཡི་མཐར། །སྣམ་བུ་ཆ་ཆུང་ཕྱེད་དང་གསུམ། །ཐིག་ནི་ཆ་ཆུང་ཕྱེད་དང་བཞི། །ཆ་ཆུང་དྲུག་མཐར་གཉིས་པ་དང༌། །གསུམ་པ་ 3-2-155b ཆ་ཆུང་གསུམ་པའོ། །ཆ་ཆུང་བཞི་མཐར་བཞི་པ་ནི། །ཆ་ཆུང་ལྔ་སྟེ་མདའ་ཕྱེད་བཅས། །གསུམ་དོར་ནས་ནི་ཕྱེད་དང་ལྔ། །གསུམ་ནས་དྲུག་པ་ཆ་ཆུང་ལྔ། །བཞི་ནི་ཆ་ཆུང་བདུན་རྣམས་ཏེ། །ཐིག་བཅུ་གཅིག་པ་ཆ་ཆུང་ལྔ། །སྣམ་བུ་ལྔ་བའི་སྟེང་གི་ནི། །ངོས་སུ་ཆ་ ཆུང་ཕྱེད་དང་བཞི། །བདུན་པའི་འོག་ལ་ཆ་ཆུང་གསུམ། །སྟེང་ནི་ཆ་ཆུང་དྲུག་སྟེང་དུ། །སྣམ་བུ་རྣམས་མཐར་སོན་པའི་ཐིག །གཞན་གྱི་མཐའ་དང་ལྷན་ཅིག་སྟེ། །ཀྱོག་པོ་གཅིག་གོ་འདི་ནང་དུའང༌། །ཆ་ཆུང་ཕྱེད་ནས་དེ་བཞིན་གཞན། །དེའི་ཕྱིར་ཆ་ཆུང་རིག་ བྱེད་མཐར། །ཐིག་ཟླུམ་དེ་ནས་གཉིས་ཡིན་ཏེ། །ཆ་ཆུང་གཉིས་གཉིས་དོར་བར་རོ། །བཞི་དོར་བར་ནི་ཟླུམ་པོ་གཞན། །འགྲམ་ལོགས་སྒོ་དང་མཉམ་པ་ལ། །མུན་པའི་སྣམ་བུ་མེད་པའོ། །ཞེས་གསུངས་པ་ལྟར་བྱ་སྟེ། །དེ་ལ་ནི་དར་དཔྱངས་ཀྱི་སྣམ་བུ་ཡང་མེད་ དོ། །ཆ་ཆེན་བཅུ་དྲུག་པའི་རྟ་བབས་དང་ཐིག་ཟླུམ་ལ་སོགས་པ་ཡང༌། ཕྲེང་བ་ལས། རྟ་བབས་སྒོ་ལས་སུམ་འགྱུར་ནི། །ངོས་ཉིད་དུ་སྟེ་སྟེང་མིན་པ། །དེ་ཚེ་ཐིག་ནི་དྲང་པོ་གསུམ། །སྟེགས་བུའི་ཐིག་ལས་དེ་ལྟར་གཞལ། །ཕྱོགས་ནི་དེ་མ་ཐག་པ་ཡི། ། རྟ་བབས་སྣམ་བུ་དྲག་པོའི་ལས། །དཔངས་སུ་ཚད་ནི་སྒོ་ཡི་ཆ། །ནོར་ལྷ་ནོར་ལྷ་ཉི་མ་དང༌། །རྒྱལ་བ་ནོར་ལྷ་རྒྱལ་བ་དང༌། །ཉི་མ་ནོར་ལྷ་ཉི་མ་དང༌། །རྒྱལ་བ་ནོར་ལྷ་གོ་རིམས་བཞིན། །འདི་རྣམས་ངོས་ཀྱི་བརྗོད་པར་བྱ། །ཚངས་པའི་གཡས་དང་གཡོན་དུ་ ནི། །ཆ་ཆུང་ཕྱེད་དང་ལྔ་དོར་ནས། །སྣམ་བུ་ཆ་ཆུང་ཕྱེད་དང་གསུམ། །ཐིག་ནི་ཆ་ཆུང་ཕྱེད་དང་བཞི། །གཉིས་པ་དང་ནི་གསུམ་པ་ནི། །ཆ་ཆུང་ལྔ་ནས་ཆ་ཆུང་གསུམ། །བཞི་པ་ཆ་ཆུང་བཞི་དོར་ནས། །ཆ་ཆུང་གསུམ་མདའ་ཆ་ཆུང་ནི། །ཕྱེད་དང་བཞི་ནས་ཕྱེད་དང་ 3-2-156a བཞི། །གསུམ་ནས་དྲུག་པ་ཆ་ཆུང་ལྔ༌། །དེ་ནས་གསུམ་ནི་བརྒྱད་གཅིག་ནི། །ཆ་ཆུང་བདུན་ཏེ་ཐ་མ་དྲུག །དེའི་ཕྱིར་ཆ་ཆུང་རིག་བྱེད་མཐར། །ཟླུམ་པོའི་གཉིས་ནས་དེ་བཞིན་ཐིག །ཆ་ཆུང་གཉིས་མཐར་ཟླུམ་པོ་སྟེ། །ཐ་མ་ཆ་ཆུང་བཞི་ཡི་ མཐར། །ཞེས་གསུངས་པ་ལྟར་བྱ་སྟེ། འདི་ལ་མུན་སྣམ་མེད་པས་ཀ་བ་ནས་ཀ་བའི་བར་ལ་ཆ་ཆུང་བཅུ་གཉིས་སོ། །དེ་ཚེ་ཐིག་ནི་དྲང་པོ་གསུམ། །ཞེས་གསུངས་པས་དར་དཔྱངས་ཀྱི་སྣམ་བུ་ནི་ཡོད་དོ། །འདི་ལ་འགྲམ་ལོགས་སྒོ་དང་མཉམ་པར་བྱས་ན་ ཀ་བ་ནས་ཀ་བའི་བར་དུ་རྟ་བབས་སྒོའི་སུམ་འགྱུར་དུ་ཕྲེང་བར་བཤད་པ་དང་མི་མཐུན་ལ། སྒོ་འགྲམ་ལ་ཆ་ཕྲན་གཉིས་ཡོད་པ་བཞིན་དུ་ལོགས་ལའང་བྱས་ན་མུན་སྣམ་མེད་པར་འདིར་བཤད་པ་དང་འགལ་ལོ། །སྒོ་སྟེང་ནས་ཆ་ཕྲན་གཅིག་ རྟ་བབས་ལ་འགྲོ་བ་བྱས་ན་ཐིག་སྐུད་ཆ་ཆུང་རེ་བཞི་པ་དང་མི་འགྲིག་ཅིང་ཀ་བ་དང་དར་དཔྱངས་བྱེད་པའི་ས་རྣམས་ཤིན་ཏུ་མི་མཛེས་པས་སྒོ་ལོགས་ལ་ཆ་ཆུང་གསུམ་བྱའོ། །དེ་ལྟར་བྱས་ན་སྒོ་ནས་སྒོ་ལོགས་ཀྱི་བར་བཞི་པོ་མཉམ་མི་མཉམ་ལ་ འདིར་གསུམ་བྱུང་སྟེ་སྒོ་ལ་སོགས་པ་བཞི་ཁ་མཉམ་པ་གཅིག་དང༌། སྒོ་དང་སྒོ་ཁྱུད་གཉིས་མཉམ་ཞིང་འགྲམ་ལོགས་གཉིས་དང་མི་མཉམ་ལ་འགྲམ་ལོགས་གཉིས་མཉམ་པ་གཅིག་དང༌། འགྲམ་ལོགས་གཉིས་མི་མཉམ་པ་གཅིག་གོ། སྒོ་ ཚད་གཅིག་མ་ལ་རཏྣ་རཀྵི་ཏས་སྒོ་ལོགས་ཀྱི་ཕྱི་ལ་ཆ་ཆུང་ལྔ་དང་ནང་ལ་ཆ་ཆུང་གཉིས་སུ་བྱས་ཤིང༌། ནང་མའི་རྩེ་གཉིས་ནས་ཕྱི་ངོས་སུ་ཆ་ཆུང་གཅིག་ནི་གདུང་དང་དེའི་ཕྱིར་ཆ་ཆུང་གཅིག་ནི་བར་སྣང་གི་སྣམ་བུ་སྔོན་པོར་འཆད་དེ་གདུང་གི་སྟེང་ན་རྩིག་ 3-2-156b པ་མེད་པའི་བར་སྟོང་གི་སྣམ་བུར་བཞེད་དོ། །འོན་ཀྱང་འདི་ལ་གདུང་གི་སྟེང་དུ་རྩིག་པ་མེད་པ་ལེགས་པར་མ་མཐོང་ངོ༌། །སློབ་དཔོན་འདིས་རྟ་བབས་ཀྱི་དཔངས་ལ་ཆ་ཆེན་གསུམ་དང་གཅིག་ཡོད་པ་གཉིས་བཤད་ནས་དང་པོ་ལ་གཉིས་མཉམ་དགུ་མཉམ་དང་ ལྔ་མཉམ་གསུམ་གསུམ་མཉམ་གཉིས་དང༌། ཕྱི་མ་ལ་ལྔ་མཉམ་གསུམ་གསུམ་མཉམ་ཁོ་ན་སྟེ་རྟ་བབས་ཀྱི་ལུགས་གསུམ་མཛད་དེ་སྣམ་བུ་ནི་བཅུ་གཅིག་ཏུ་གསུངས་སོ། །འོན་ཀྱང་ཕྲེང་བར། རྒྱལ་པོ་ཉེས་པ་གསུམ་ཉི་མ། །རྒྱལ་པོ་ཕྱོགས་དང་མི་ རྣམ་གསུམ། །ཕྱོགས་ཏེ་ཐད་ཀར་ཆ་ཆུང་རྣམས། །རྟ་བབས་སྣམ་བུའི་རིམ་པ་ཡིན། །ཞེས་སྣམ་བུ་གཉིས་པ་རིན་ཆེན་ཤར་བུའི་སྣམ་བུ་ལ་ཆ་ཆུང་བཅོ་བརྒྱད་སོགས་ཡོད་པར་འདོད་པ་ལ། ཀྱོག་པོའི་ནང་ན་སྣམ་བུ་དེ་དག་ཆད་ནས་མེད་པ་རྒྱུ་ མཚན་དུ་བཀོད་ནས་དགག་པ་མཛད་པས་ན། ཀྱོག་པོའི་ནང་གི་ཐད་ཀའི་སྣམ་བུ་རྣམས་ལ་གཡས་གཡོན་དུ་སྣམ་བུ་གཉིས་གཉིས་ཡོད་པས་གཉིས་ཀ་བསྡོམས་པའི་གྲངས་ལ་བཅུ་གཅིག་ཡིན་གྱི། སོ་སོར་ཕྱེ་ན་དེ་ལས་མང་ངོ༌། །ཐིག་སྐུད་ རིང་ཐུང་གཉིས་ཀའི་ལུགས་ལ་མདའ་ཡབ་ནས་མདའ་ཡབ་ཀྱི་བར་ལ་རིང་ཐུང་མེད་ལ། རེ་བཞི་པའི་ལུགས་ལ་མདའ་ཡབ་ཀྱི་ཕྱི་རུ་ཚངས་ཐིག་ལ་ཆ་ཆེན་གཉིས་ལས་མེད་པས་ཕྱི་མ་ནི་ཆོས་འཁོར་དང་རྭ་རྩེ་ཡིན་པས་རྟ་བབས་ཀྱི་དཔངས་སྒོ་ཚད་ གཅིག་ཏུ་ངེས་སོ། །དེའི་ཕྱིར་དེ་དག་གི་གཞུང་དུ་རྟ་བབས་སྒོ་ལས་སུམ་འགྱུར་དུ་བཤད་པ་ནི། ངོས་སུ་ཡིན་པ་དང་སྒོ་དང་རྟ་བབས་ཀྱི་བར་གྱི་མུན་སྣམ་མེད་པ་དང་སུམ་འགྱུར་ཡང་ཀ་བ་ནས་ཀ་བའི་བར་ལ་སློབ་དཔོན་འདི་བཞེད་དེ། ཕྲེང་བ་ལས། སྣ་ 3-2-157a ཚོགས་རྡོ་རྗེའི་ལྟེ་བ་ནི་སྒོའི་ཚད་བཅུ་གཉིས་སོ། །དེ་ལ་རྩ་བའི་ཐིག་གི་ནང་དུ་སྒོའི་ཚད་བརྒྱད་དོ། །ཕྱི་རོལ་ཏུ་སྲིད་དུ་སྒོ་གཉིས་གཉིས་སོ། །དེ་ལ་བར་སྐབས་ཀྱི་སྣམ་བུ་མེད་པ་ཉིད་དོ། །རྟ་བབས་ནི་ཀ་བའི་བར་དུ་ངོས་སུ་སྒོ་ ལས་སུམ་འགྱུར་རོ། །ཞེས་གསུངས་ཤིང་སྣམ་བུ་ཡང་བཅུ་གཅིག་ཏུ་བཤད་དོ། །ཀ་བ་གཉིས་ཀྱི་སྟེང་ནས་ངོས་སུ་སྣམ་བུ་ཆ་ཕྲན་རེ་རེ་ལྷག་པ་བཞེད་པས་དེའི་དབང་དུ་བྱས་ན་ཆ་ཕྲན་བཅུ་བཞིའོ། །ལྭ་བ་པས་རྟ་བབས་དཔངས་སུ་སྒོ་ཚད་གཅིག་ མ་ལ་འགྲམ་ལོགས་སྒོ་ཚད་ཕྱེད་དུ་བཤད་ཅིང་རྟ་བབས་ངོས་སུ་སྒོའི་བཞི་འགྱུར་དུ་བཤད་པས་མུན་སྣམ་ཡང་བཞེད་པར་མངོན་ནོ། །མར་མེ་མཛད་བཟང་པོས་རྟ་བབས་སྒོ་ལས་སུམ་འགྱུར་དུ་བཤད་པའི་དགོངས་པར་ཤཱནྟི་པས་མཆུར་སུམ་འགྱུར་ དང་དཔངས་སུ་ཇི་མཛེས་སུ་བྱ་བར་འཆད་དོ། །རྟ་བབས་ཀྱི་ཕྱིའི་ཆ་ཆེན་གཅིག་ལ་ནི་ཕྱེད་ནང་མ་ལ་འཁོར་ལོ་བྱའོ། །ཕྱེད་ཕྱི་མ་ལ་རྭ་དབུས་མའི་རྭ་རྩེ་བྱ་སྟེ། ཕྲེང་བ་ལས། འཁོར་ལོའི་ཕྱི་རོལ་གྱི་ཆ་ཆུང་གཉིས་ལ་སྣ་ཚོགས་རྡོ་རྗེའི་རྭའི་རྩེ་མོ་སྟེ། ཞེས་སོ། །དེས་ན་ཕྱོགས་ཀྱི་རྭ་རྩེ་རྣམས་རྭ་དབུས་མ་ལ་ཟུག་པའི་མཚམས་ཕྱིན་ལ་རྭ་རྩེར་བྱས་པ་ཡིན་གྱི། དབུས་ཀྱི་རྭ་ཟད་མཚམས་ཀྱི་རྩེ་ནས་གཡས་གཡོན་དུ་ཆ་ཆུང་རེ་རེ་བྱས་ནས་རྭ་རྩེ་ལ་ཆ་ཆུང་གཉིས་བྱེད་པ་དོན་མིན་ཏེ། འདི་ལུགས་ གཉིས་ཀ་ལ་འདྲ་བར་བཤད་དོ། །ཆ་ཆུང་ནང་མ་འཁོར་ལོའི་གདན་གྱི་པདྨ་དང་དེ་ནས་གཉིས་འཁོར་ལོ་དང་དེ་ནས་གཅིག་ལ་གདུགས་དང་རི་དྭགས་འཁོར་ལོའི་ཐད་ཀར་གནས་པར་ཤྲཱདྡྷ་བཞེད་དོ། །དེ་ནས་ཟླུམ་ཐིག་ནི། ཐིག་རིང་བའི་ལུགས་ལ་པད་ར་ 3-2-157b དང་རྡོར་ར་གཉིས་ཆ་ཆེན་ཕྱེད་ཕྱེད་མེ་རི་ལ་ཆ་ཆེན་གཅིག་བྱེད་དེ། དེ་ལྟར་ན་དབུས་ནས་མདའ་ཡབ་ཀྱི་བར་དང་མདའ་ཡབ་ནས་འོད་ཕྲེང་གི་བར་ལ་སྒོ་ཚད་དྲུག་དྲུག་ཡོད་པས་ཕྱོགས་རེའི་ཚངས་ཐིག་ལ་ཆ་ཆེན་བཅུ་གཉིས་ཡོད་པ་དེས་རྫོགས་སོ། །ཕྲེང་བ་ལས་ལུགས་ འདི་ལ་པད་ར་དང་རྡོར་ར་ལ་ཆ་ཆུང་རེ་རེ་དང་འོད་ཕྲེང་ལ་ཆ་ཆུང་གཉིས་ལ་སོགས་པ་བྱེད་པ་བཀག་ཅིང༌། ཐིག་སྐུད་ཐུང་བའི་ལུགས་ལ་ནི་པད་ར་དང་རྡོར་ར་ཆ་ཆུང་རེ་རེ་བ་དང་གཉིས་གཉིས་དང་འོད་ཕྲེང་ཆ་ཆུང་གཉིས་སམ་བཞི་གདམ་ང་ཅན་དུ་གསུངས་པས་གང་ རུང་བྱའོ། །རྡོ་རྗེ་མཁའ་འགྲོ་ལས། ཕྱི་རོལ་འོད་ཀྱི་དཀྱིལ་འཁོར་ནི། །ཚོན་གྱི་ས་ཡི་ཉིས་འགྱུར་ཚད། །ཞེས་གསུངས་ལ། ལྭ་བ་པས། རྡོར་ཕྲེང་དང་འོད་ཕྲེང་གཉིས་ཆ་ཆུང་རེ་རེ་བར་ཡང་བཤད་དོ། །ཕྲེང་བ་ལས། ཁ་ཅིག་ཏུ་ནི་བདེ་མཆོག་གི་དཀྱིལ་འཁོར་ལ། རྡོ་རྗེ་པདྨ་འཁོར་ ལོའི་གཟུགས། །ར་བ་གསུམ་ཡང་དགོད་པར་བྱ། །ཞེས་བྱ་བ་འདིས་རྡོ་རྗེ་ཕྲེང་བ་ལས་ཕྱི་རོལ་ཏུ་པདྨ་དང་འཁོར་ལོའི་ཕྲེང་བ་དག་གསུངས་སོ། །ཞེས་གསུངས་པ་ལྟར་ན་པད་ར་གཉིས་ཡོད་དེ། ལམ་ཀ་རྒྱལ་བཟང་ཡང་དེ་ལྟར་བཞེད་དོ། །ཟླུམ་ཐིག་བྱེད་པའི་ཚེ་ དཀྱིལ་འཁོར་གྱི་དབུས་སུ་སེང་ལྡེང་གི་ཕུར་བུ་འོག་རྩེ་གཅིག་པ་སྟེང་རྡོ་རྗེ་རྩེ་ལྔ་པའི་རྣམ་པ་ཧཱུཾ་ལས་སྐྱེས་པར་བསམས་ནས་ཕུར་བུ་གདབ་པའི་སྔགས་ཀྱིས་བརྒྱ་རྩ་བརྒྱད་དུ་བཟླས་ནས། བརྡུང་བའི་སྔགས་ཀྱིས་རྡོ་རྗེ་ཐོ་བས་བརྡུངས་ཏེ། དེ་ལ་ཐིག་སྐུད་གོ་དྲུག་པ་ ཉིས་ལྟབ་ཏུ་བྱས་པ་བཏགས་ནས་དབང་ལྡན་ནས་གཡས་སྐོར་དུ་བསྐོར་ལ་གདབ་བོ། །ཐིག་སྐུད་རེ་བཞི་པའི་སྐབས་སུ་ཐིག་སྐུད་རྐྱང་པས་ཀྱང་ཟླུམ་ཐིག་བྱར་རུང་བ་དང་ཟླུམ་སྐོར་གྱི་དོན་དུ་ཐིག་སྐུད་མཐོ་གང་ལ་སོགས་པ་ལྷག་པར་བྱ་བར་ཡང་གསུངས་ཏེ། ཐིག་ 3-2-158a སྐུད་ལྷག་པ་ལས་ནད་སྐྱེད་པར་གསུངས་པ་ལ་འདི་འདྲ་མ་གཏོགས་པར་བྱ་དགོས་སོ། །དབུས་སུ་འདེབས་པའི་ཕུར་བུ་དངོས་སུ་བྱེད་པ་མ་བྱུང་ན་བསམ་གཏན་གྱིས་ཀྱང་ཆོག་སྟེ། སྔར་ཕུར་བུ་འདེབས་པའི་སྐབས་ཀྱིས་ཤེས་སོ། ། རེ་བཞི་པ་ལ་ཡང་དབང་ལྡན་ནས་བསྐོར་བར་ལྭ་བ་པས་བཤད་དེ་སྔོན་ལ་ཚངས་ཐིག་གི་སྟེང་དུ་ཚད་བཙལ་ནས་བྱའོ། །དུར་ཁྲོད་གང་དུ་བྱ་བ་གསལ་བར་སློབ་དཔོན་འདིས་མ་བཤད་ལ། རྡོ་རྗེ་མཁའ་འགྲོའི་འོད་ཕྲེང་གི་ལུང་སྔར་བཤད་པ་དེ་ཕྲེང་བར་ དྲངས་པའི་འོག་ཏུ། འཁོར་ས་དེ་ཡི་ཕྱི་རོལ་ཏུ། །ཤིང་སོགས་དུར་ཁྲོད་བརྒྱད་པོ་བྱ། །ཞེས་གསུངས་ལ། རྒྱུད་ལས་ནི། འཁོར་ལོ་དེ་ཡི་ཕྱི་རོལ་ཞེས་འབྱུང་སྟེ། དཱ་རི་ཀ་པའི་དཀྱིལ་ཆོག་ཏུ་ཡང་དེ་བཞིན་ནོ། །པྲཛྙཱ་རཀྵི་ཏས་ཀྱང༌། རྡོ་རྗེ་ར་བ་མེ་འོད་བཅས། ། དཀྱིལ་འཁོར་དེ་ཡི་ཕྱི་རོལ་ཏུ། །ཤིང་ལ་སོགས་པའི་དུར་ཁྲོད་བྱ། །ཞེས་བཤད་དོ། །སྡོམ་འབྱུང་འགྱུར་རྙིང་ལས། རྡོ་རྗེ་ར་བའི་ནང་དུ་ནི། །དུར་ཁྲོད་བརྒྱད་ཀྱིས་བརྒྱན་པ་སྟེ། །ཞེས་འབྱུང་མོད་ཀྱང༌། འགྱུར་གསར་ལས། རྡོ་རྗེ་ར་བ་ནང་དུ་སྟེ། །དུར་ཁྲོད་ བརྒྱད་ཀྱིས་བརྒྱན་པའོ། །ཞེས་འབྱུང་བ་དག་སྟེ། སྡོམ་འབྱུང་གི་འགྲེལ་པ་ལས། འོད་ཟེར་ནི་ཁ་དོག་ལྔ་པའོ། །དེའི་ཕྱི་རོལ་ཏུ་དུར་ཁྲོད་རྣམས་བྲི་བར་བྱའོ། །ཞེས་གསུངས་ཤིང༌། བི་བྷཱུ་ཏཱིས་ཀྱང་དེ་བཞིན་དུ་བཤད་པའི་ཕྱིར་རོ། །བྷཱ་བ་བྷ་དྲས་གསལ་ བར་མ་བཤད་དོ། །དུར་ཁྲོད་ནི་དེས་བསྐོར་བའི་དབུས་ན་བཞུགས་པ་བདེ་མཆོག་ལྟ་བུ་ལ་བྱ་ཡི་གཞན་ལ་མི་དགོས་པ་དང་སྐལ་མེད་འདུས་པ་ན་དེར་ཡང་མི་བྲི་བ་ནི་ཕྲེང་བའི་དགོངས་པའོ། །སློབ་དཔོན་འདིའི་བཞེད་པས་དུས་འཁོར་ལྟ་བུ་རང་གི་རྒྱུད་ནས་ 3-2-158b མི་འདྲ་བར་གསུངས་པ་མ་གཏོགས་པ། བླ་མེད་ཀྱི་དཀྱིལ་འཁོར་རྣམས་ལ་པདྨ་དང་རྡོར་ར་དང་མེ་རི་རྣམས་ངེས་ཅན་དང་དུར་ཁྲོད་དང་བདེ་མཆོག་པའི་ར་བ་གསུམ་ལྟ་བུ་མ་ངེས་པར་བཞེད་ལ། ཐིག་སྐུད་ཀྱི་ཚད་གཉིས་ཀྱང་ཕ་རྒྱུད་མ་རྒྱུད་ཀྱི་དབྱེ་བ་མིན་གྱི། གང་ཡང་རུང་བས་འགྲུབ་པ་དང༌། འགྲམ་ལོགས་སྒོ་མཉམ་མི་མཉམ་ཡང་གང་བྱས་ཀྱང་འདྲ་བར་བཞེད་ཀྱི། དེ་ལྟར་བཤད་པའི་དཀྱིལ་འཁོར་དེ་ཁོ་ནའི་ལུགས་སུ་མི་བཞེད་དོ། །གཉིས་པ་ནི། འདིར་དཀྱིལ་འཁོར་འགའ་ཞིག་གི་ནང་གི་ཐིག་བསྟན་པར་བྱ་བ་ལ་ གསང་འདུས་ཀྱི་ནང་ཐིག་ནི། ཕྲེང་བ་ལས། ཚངས་ལས་ཆ་ཆུང་བརྒྱད་མཐར་དང༌། བདུན་པའི་མཐའ་རུ་ཟླུམ་པོའི་ཐིག །དེ་ནས་ཡང་དག་དྲངས་ནས་ནི། །ཕྱོགས་གཞན་ཐིག་གི་མཚམས་སོང་བའི། །ཐིག་གཉིས་རིམ་བཞིན་ཚངས་པའི་ཕྱིར། །ཆ་ཆུང་ གཉིས་གསུམ་དོར་བར་རོ། །ཕྱི་ཟླུམ་ཐིག་ལས་ཕྱི་ངོས་སུ། །ཆ་ཆུང་དོར་བར་ཟླུམ་པོའི་ཐིག །དེ་ནས་ཆ་ཆུང་གསུམ་དོར་ནས། །ཟུར་ཐིག་བར་དུ་གནས་པའི་ཐིག །ཀུན་ཏུ་སོན་པའི་ཚངས་ཐིག་དང༌། །རེའུ་མིག་སྣམ་བུའི་རེ་ཁ་དབྱི། །ཞེས་གསུངས་སོ། །དེ་ལ་ རྐང་པ་དང་པོ་དྲུག་གིས་ནི། །རེའུ་མིག་དགུའི་ཐིག་བསྟན་ཏེ་གསང་འདུས་གཉིས་ཀ་འདྲའོ། །དེ་ནས་རྐང་པ་བཞིས་ནི། གསང་འདུས་འཕགས་ལུགས་པའི་ཐིག་བསྟན་ཏེ་སྔར་གྱི་ཟླུམ་ཐིག་གཉིས་ཡོད་པའི་ཐིག་ཕྱི་མ་ནས་ཕྱི་ངོས་སུ་ཆ་ཆུང་གཅིག་དོར་བར་ སླར་ཡང་ཟླུམ་ཐིག་གཅིག་བྱ་སྟེ། ཀླུ་བྱང་གིས། འོད་ཟེར་ལྔ་ཡིས་རྣམ་བརྒྱན་པའི། །རྡོ་རྗེའི་ཕྲེང་བ་གསལ་བར་བྱ། །ཞེས་འོད་ཕྲེང་གཅིག་དང་རྡོར་ཕྲེང་གཅིག་སྟེ་གཉིས་གསུངས་པའི་སྔ་མའི་དོན་དུའོ། །མར་རེ་མཛད་བཟང་པོས་རྡོར་ཕྲེང་ལས་མ་གཏོགས་ 3-2-159a པའི་འོད་ཕྲེང་མ་གསུངས་པས་སྔ་མ་ལ་ཟླུམ་པོ་གཅིག་གིས་ཆོག་གོ། དེ་ནས་ཆ་ཆུང་གསུམ་དོར་བའི་མཚམས་ནས་ཟུར་ཐིག་ནས་ཟུར་ཐིག་གི་བར་དུ་འདེབས་པའི་ཆ་ཆུང་གསུམ་པའི་སྣམ་བུ་ནི། རྡོ་རྗེ་མ་བཞིའི་གནས་ཡིན་ལ། ཕྱི་མ་ཆ་ཆུང་བཞི་པ་ནི། སེམས་དཔའ་བརྒྱད་དང་མཚམས་ཀྱི་ཁྲོ་བོ་བཞིའི་ལྷ་སྣམ་ཀྱི་དོན་དུ་སྟེ། ཀླུ་བྱང་གིས། ནང་གི་འཁོར་ལོའི་ཕྱི་རོལ་ཏུ། །ཐིག་བཞི་མཉམ་པར་ཀུན་ནས་བྲི། །ཞེས་གསུངས་པའི་དོན་ནོ། །འཇམ་རྡོར་ལ་ནི། ཟླུམ་ ཐིག་ཕྱི་མ་ནས་རྩ་ཐིག་གི་བར་ལ་ཆ་ཆུང་བརྒྱད་ཡོད་པས། ཐིག་གི་ལྷུག་པའི་སྐབས་སུ་རྩ་ཐིག་གི་ནང་དུ་སྒོ་ཚད་གཅིག་གི་ལྷ་སྣམ་དོར་ནས་ངོས་ཐིག་གཅིག་ཟུར་ཐིག་གཉིས་ཀྱི་བར་དུ་གདབ་པ་དང༌། དེ་ནས་གཟུགས་རྡོ་རྗེ་ལ་སོགས་ པ་དགོད་པའི་དོན་དུ་སྒོ་ཚད་གཅིག་དོར་བར་གསུངས་པས་དེ་བཞིན་དུ་བྱའོ། །འོ་ན་འཕགས་ལུགས་ཀྱི་ཟླུམ་ཐིག་ལ་ཕྲེང་བའི་ཐིག་གི་ལྷུག་པའི་སྐབས་སུ། ཁྱད་པར་དུ་ཟླུམ་པོའི་ཐིག་གཉིས་པའི་ནང་དུ་ཡང་རྡོ་རྗེ་ཕྲེང་བའི་ཆ་ཆུང་དོར་ བར་ཟླུམ་པོའི་ཐིག་གསུམ་པའོ། །ཟླུམ་པོ་དང་པོའི་ནང་དུ་ནི་འོད་ཀྱི་ཕྲེང་བའོ། །ཟླུམ་པོའི་ཐིག་དང་པོ་ལས་ཕྱི་ངོས་སུ་ནི་ཟླུམ་པོའི་ཐིག་མེད་དོ། །ཞེས་སྔར་ཆ་ཆུང་བདུན་པ་ནས་བསྐོར་བའི་ཟླུམ་ཐིག་གཉིས་པའི་ནང་ནས་རྡོར་ཕྲེང་གི་ཆ་ ཆུང་སྐོར་བ་དང་བརྒྱད་པ་ནས་བསྐོར་བའི་ཟླུམ་ཐིག་དང་པོ་ལས་ཕྱི་ངོས་སུ་ཟླུམ་པོའི་ཐིག་མེད་པར་བཤད་པ་དང་ཐིག་རྩའི་ཚིགས་བཅད་གཉིས་འགལ་ལོ་ཞེ་ན། འདི་ལ་ཕྲེང་བར་འཕགས་ལུགས་ཀྱི་ཐིག་སྔར་ལྟར་མཛད་པའི་ཤེས་བྱེད་དུ། 3-2-159b ཚངས་ལས་སྟེགས་བུ་ཙམ་དུ་འགྱུར། །སྟེགས་བུའི་ཕྱེད་དུ་གཉིས་པ་སྟེ། །གསུམ་པ་སྟེགས་བུ་ཕྱེད་དང་གཉིས། །སྟེགས་བུའི་ཕྱེད་ཀྱིས་གཞན་ཡིན་ཏེ། །ཞེས་དྲངས་པ་ལྟར་ན་ཐིག་རྩ་ལྷུག་པ་བཞིན་བྱ་དགོས་ཏེ། ཀླུའི་བློས་སྟེགས་བུའི་ཚད་ཆ་ཆུང་གཉིས་ སུ་གསུངས་པས་ཚངས་ཐིག་ནས་ཆ་ཆུང་གཉིས་སོང་བར་ཐིག་དང་པོ་དང༌། དེ་ནས་ཆ་ཆུང་གཅིག་སོང་བར་ཐིག་གཉིས་པ་འདེབས་ཤིང༌། དེ་ནས་ཆ་ཆུང་གསུམ་སོང་བར་ཟླུམ་ཐིག་ནང་མ་སྐོར་ཏེ་གསུམ་པ་དེ་ཡིན་ལ། དེའི་ཕྱི་མའི་ཟླུམ་ཐིག་ནི་བཞི་པ་སྟེ་ དེ་ལ་ཆ་ཆུང་གཅིག་བྱ་དགོས་པའི་ཕྱིར་རོ། །རྐང་པ་འདི་བཞི་པ་ཚབ་ཀྱི་འགྱུར་ལ་ཆད་ཅིང་དཔྱལ་གྱི་འགྱུར་ལ་སྟེགས་བུའི་དོད་ལྟེ་བ་ཞེས་པར་བསྒྱུར་རོ། །ཡང་ཕྲེང་བར། དབུས་ཀྱི་འཁོར་ལོ་ཡི་ནི་ཚད། །རྩ་བའི་ཐིག་གི་ཕྱེད་ཀྱིས་སོ། །ཞེས་རྩ་ ཐིག་གི་ཕྱེད་ནས་དཀྱིལ་འཁོར་དབུས་མ་བྱ་བར་གསུངས་པ་ཤེས་བྱེད་དུ་དྲངས་པའི་དོན་ལྟར་ན། རྡོར་ཕྲེང་གི་རྩིག་པ་ཟླུམ་པོ་ནས་དཀྱིལ་འཁོར་ནང་མའི་མཚམས་གཟུང་དགོས་པས་དེ་རྩ་ཐིག་གི་ཕྱེད་ནས་ཡིན་ལ་དེ་ལྟ་ན་ཐིག་རྩ་ཚིགས་བཅད་མ་ བཞིན་དུ་བྱ་དགོས་སོ། །ཚིགས་བཅད་དང་ལྷུག་པ་གཉིས་ཀ་ཡང་ཆག་དང་དཔང་གི་འགྱུར་གཉིས་ཀ་མཐུན་པར་དེ་ལྟར་འབྱུང་བས་དཔེ་མ་དག་པ་མིན་ལ། ཕྲེང་བ་ལས། རྡོ་རྗེ་མཁའ་འགྲོར་ནི། ཟླུམ་པོའི་ཐིག་དང་པོ་ལས་ཕྱིར་འོད་ཀྱི་ཕྲེང་བའི་དོན་དུ་ཆ་ཆུང་ གཅིག་སྤངས་པར་ཟླུམ་པོའི་ཐིག་གཅིག་གོ། ཞེས་ཆ་ཆུང་བརྒྱད་པ་ནས་རྡོར་ཕྲེང་སྐོར་བའི་སྐབས་སུ་གསུངས་པས། ཐིག་རྩ་ཚིགས་བཅད་མ་ནི་དེ་དང་མཐུན་པས་ལུགས་གཉིས་གང་བྱས་ཀྱང་ཆོག་པར་བཞེད་དོ། །ད་ལྟ་འགྱུར་བའི་རྡོ་རྗེ་མཁའ་འགྲོ་ལས། 3-2-160a ནང་གི་འཁོར་ལོ་རྡོ་རྗེ་ར། །འོད་ཀྱི་དཀྱིལ་འཁོར་རིམ་གཉིས་སུ། །དབང་ལྡན་མཚམས་ནས་བརྩམས་ནས་ནི། །གཡས་སྐོར་དུ་ནི་སྐུད་པ་བསྐོར། །ཞེས་པ་ལས་མ་བྱུང་ཡང༌། རྒྱ་དཔེ་ལ་ཆ་ཆུང་བརྒྱད་པའི་ཕྱི་ནས་འོད་ཕྲེང་ སྐོར་བ་ཡོད་པར་གསལ་ལོ། །ཕྲེང་བ་ལས། གསང་འདུས་གཉིས་ཀ་ལ་རྩ་ཐིག་ནས་ནང་དུ་སྒོ་ཚད་གཅིག་དོར་བར་ངོས་ཐིག་འདེབས་པ་མ་གཏོགས་པ་ལྷ་སྣམ་ནང་མ་ལ་ངོས་ཐིག་འདེབས་པའི་བཤད་པ་མི་སྣང་ངོ༌། །ནང་ཐིག་ཐེབས་ནས་རེའུ་ མིག་དབུས་མའི་ནང་གི་ཟུར་ཐིག་དང་དེའི་སྣམ་བུའི་ནང་གི་ཐིག་རྣམས་དང་ཕྱི་ནང་གི་ཚངས་ཐིག་རྣམས་དབྱི་ཞིང༌། ཟུར་ཐིག་གཞན་དང་ལྷ་སྣམ་གྱི་ཐིག་ནི་གཞག་ཅིང་རྡུལ་ཚོན་གྱིས་གཡོག་པར་བྱ་སྟེ་ལྷའི་གནས་དང་ཚོན་སའི་ཁྱད་པར་དབྱེ་ བའི་དོན་དུའོ། །བདེ་མཆོག་རེ་གཉིས་པའི་ནང་ཐིག་ནི། ཕྲེང་བ་ལས། རྩ་བའི་ནང་གི་དཀྱིལ་འཁོར་ནི། །ལྷ་ཡི་དབྱེ་བས་ཐིག་གདབ་པ། །ཅུང་ཟད་ཐ་དད་བདེ་མཆོག་གི། གཞན་ཏེ་དེ་ཡི་བརྗོད་པར་བྱ། །ཚངས་དང་ཟུར་ཐིག་གནས་པ་ལས། །གཞན་ མིན་དེ་ཡི་ཚངས་ལས་ཕྱིར། །ཆ་ཆུང་གཉིས་དོར་རྩ་བའི་བར། །ཐིག་གདབ་ཟུར་གྱི་འགྲམ་དག་ཏུ། །དེ་བཞིན་ལྟེ་བའི་ལོགས་དག་ལས། །སྒོ་ནི་བཞི་བཞི་དེ་ཡི་སྲིད། །ལྟེ་བའི་ཕྱི་རུ་ཆ་ཆུང་བཞི། །དོར་བར་ཆ་ཆུང་བཞི་པའི་ཐིག །ཐད་ཀར་ཚངས་ དང་ཟུར་ལ་གནས། །འདིར་ནི་ཡང་ནི་ཐིག་ལྔ་ཡང༌། །ཆ་ཆུང་གཉིས་གཉིས་དོར་བར་རོ། །དེ་བཞིན་དེ་རྣམས་དང་དྲུག་པ། །མཚམས་སུ་ཡང་དག་སོན་པའོ། །ཚངས་པ་དང་ནི་ཟུར་ཐིག་གི། གཡས་དང་གཡོན་པའི་བདུན་རྣམས་ལས། །ལྔ་པ་ 3-2-160b གསུམ་པ་དང་པོ་ཡི། །ཆ་ཆུང་གཅིག་གི་མཐའ་ལས་འཐོན། །རང་གི་གཉིས་པའི་རྩེར་སོང་ནས། །བདུན་པ་ཡི་ནི་དབུས་སུ་སོང༌། །ཐིག་གཅིག་ཀྱོག་པོ་ལྔ་རུ་འགྱུར། །དེ་ནང་དུ་ཡང་ཆ་ཆུང་ཕྱེད། །དོར་ནས་དེ་བཞིན་གཞན་ཡིན་ནོ། །ཚངས་ ལས་རིམ་བཞིན་རྒྱལ་པོ་དང༌། །ཉི་ཀླུ་ཆུ་མིག་ཆ་ཆུང་ནི། །དོར་བར་ཟླུམ་པོའི་ཐིག་ལྔའོ། །དང་པོ་གསུམ་གྱི་ནང་དུ་ཡང༌། །ཆ་ཆུང་ཕྱེད་ཕྱེད་དོར་ནས་ཐིག །ཟླུམ་པོ་གསུམ་མོ་རྩིབས་ཟླུམ་གྱི། །ཐིག་ལས་གཞན་ནི་དབྱི་བར་བྱ། །ཞེས་གསུངས་ པ་ལྟར་བྱའོ། །འདིར་ཕྲེང་བ་ལས། རྩ་བའི་ཐིག་ནས་ཉེར་བཟུང་སྟེ། །ཟླུམ་པོའི་ཐིག་ནི་རྣམ་པ་བཞི། །འཁོར་ལོ་གསུམ་ནི་སྒོ་ཚད་དུ། །ཡང་དག་བསྐོར་བས་ཕྱིན་པའོ། །ལྷག་མ་པདྨ་འདབ་མ་བརྒྱད། །ཚད་དེ་འདི་ལས་ལྷག་ཆད་མིན། །ཐུགས་ སོགས་འཁོར་ལོའི་མུ་ཁྱུད་ལ། །རྡོ་རྗེ་པདྨ་འཁོར་ལོའི་ཕྲེང༌། །ཞེས་དྲངས་པ་ནི་ལམ་ཀ་རྒྱལ་བཟང་གི་དཀྱིལ་ཆོག་ན་ཡོད་དེ་འགྱུར་ཅུང་མི་འདྲ་ཙམ་སྣང་ངོ༌། །ཕྲེང་བའི་ཐིག་གི་ལྷུག་པའི་སྐབས་ལ། བཞི་པ་ཐུགས་ཀྱི་འཁོར་ལོའི་ལྟེ་བའི་ ནང་དུ་ཆ་ཆུང་གི་བཞི་ཆ་ལས་ཕ་རོལ་ཆ་ཆུང་ཕྱེད་དང་གསུམ་པའི་འདབ་མ་དོར་བར་ལྟེ་བའི་དོན་དུ་གེ་སར་གྱི་ཕྲེང་བའི་ངོ་བོ་ཐིག་གཅིག་གོ། ཞེས་གསུངས་པ་དང༌། ཐིག་རྩ་ཚིགས་བཅད་ཀྱིས་དབུས་ནས་ཆ་ཆུང་གཉིས་དོར་བར་པདྨའི་ལྟེ་བ་ སྐོར་བར་བཤད་པ་གཉིས་སྒྲ་སོར་བཞག་ན་མི་མཐུན་ཀྱང་ཚིགས་བཅད་ནི་རགས་རྩི་ཡིན་ལ་ལྷུག་པས་ཞིབ་རྩིས་མཛད་པ་ལྟར་བྱ་སྟེ། སྐབས་གཞན་དུ་ཡང་ཕྱོགས་རེའི་ལྟེ་བ་ལ་གང་ཡོད་པའི་ཉིས་འགྱུར་ཕྱོགས་རེའི་འདབ་མ་ལ་གསུངས་ 3-2-161a པ་མང་བས་འདབ་མ་ལ་ཆ་ཆུང་ཕྱེད་དང་གསུམ་དང༌། ལྟེ་བ་ལ་ཆ་ཆུང་གཅིག་དང་དེའི་བཞི་ཆ་གཅིག་བྱ་དགོས་པའི་ཕྱིར་རོ། །བི་བྷཱུ་ཏཱིས་ཕྲེང་བའི་ཐིག་རྩ་སོར་བཞག་པ་ལ་ཡང་དེ་ལྟར་དུ་བྱའོ། །ཁ་ཅིག་གིས་རྡོ་རྗེ་ཕྲེང་བའི་ དོན་དུ་འཁོར་ལོ་ནང་མ་ལ་ཡང་ཆ་ཆུང་ཕྱེད་པའི་ཟླུམ་ཐིག་བྱེད་པ་དང་གཞན་ནི་རྩིབས་ཀྱི་གློ་དག་ཏུ་ཤིན་ཏུ་མི་བཟད་པའི་རྡོ་རྗེ་བཞིས་བསྐོར་བ་དང༌། །ཁ་ཅིག་རྩིབས་ཀྱི་འགྲམ་གྱི་སྟེང་དུ་ཇི་ལྟར་རིགས་པར་རྡོ་རྗེ་དང་པདྨ་དང་འཁོར་ལོའི་ཕྲེང་ བ་བྱེད་པའི་འདོད་པ་གསུམ་ཕྲེང་བར་བཀོད་དོ། །དེའི་གཉིས་པ་ནི་ལམ་ཀ་རྒྱལ་བཟང་བཞེད་ལ། གསུམ་པ་ནི་བི་བྷཱུ་ཏཱི་ཡང་བཞེད་དོ། །ཀྱཻ་རྡོར་ལྷ་དགུ་ལ་དབུས་ནས་ཕྱི་ངོས་སུ་ལྟེ་བའི་དོན་དུ་ཆ་ཆུང་ལྔ་དོར་ནས་ཐིག་ཟླུམ་པོ་གཅིག་དང༌། དེའི་ཕྱི་ ངོས་སུ་འདབ་མའི་དོན་དུ་ཆ་ཆུང་བཅུ་སྤངས་པར་ཐིག་གཅིག་གོ། དེའི་ཕྱི་ངོས་སུ་ཆ་ཆུང་གཅིག་ལ་བུམ་པ་རྣམས་སམ་རྡོ་རྗེའི་ཕྲེང་བ་བྱེད་པའི་འདོད་པ་བཀོད་དོ། །གཤེད་དམར་ལྷ་ལྔ་ཡང་དེ་ལྟར་རོ། །ཉིན་མོ་འབྱུང་གནས་ཀྱིས་ཀྱཻ་རྡོར་ལྷ་ དགུའི་གནས་ལ་ལེའུ་ཚེ་དགུའི་ཐིག་བྱེད་དེ། རྡོ་རྗེ་འཇིགས་བྱེད་ལ་ཡང་དེ་ལྟར་རོ། །འདི་དག་གིས་མཚོན་ནས་གཞན་ཕལ་མོ་ཆེ་ཡང་ཤེས་པར་བྱའོ། །ཐིག་གི་སྐབས་སུ་སྒོ་དབྱེ་བ་ནི། ཐིག་ཆེན་བརྒྱད་ཐེབས་པ་དང་ཐིག་རྣམས་རྫོགས་པའི་ མཚམས་གཉིས་སུ་བྱ་བར་གསུངས་པས་དེ་གཉིས་གང་རུང་བྱ་སྟེ། དེའི་ཚུལ་ནི། རང་གཙོ་བོར་གསལ་བའི་མིག་གཉིས་ཧཱི་ལས་གཡས་ཉི་མ་དང་གཡོན་ཟླ་བར་བསྐྱེད་ལ་ཁྲོ་བོའི་ལྟ་བས་ཐམས་ཅད་དུ་བལྟ་ཞིང་ཧཱིཿཧཱིཿཞེས་བརྗོད་ལ། 3-2-161b ཐར་བའི་སྒོའི་གེགས་སུ་གྱུར་པའི་སྒྲིབ་པ་དབྱི་བར་བྱའོ་སྙམ་དུ་ལྷག་པར་མོས་པས་ཚངས་ཐིག་དང་རྩ་ཐིག་གཉིས་ཕྲད་པའི་གཡས་གཡོན་ཆ་ཆུང་གཉིས་གཉིས་རྩ་ཐིག་གི་ས་དང་བཅས་པ་དབྱི་བར་བྱའོ། །དེ་ལྟར་ཡང་ཕྱེད་བཅས་བཞི་བརྒྱ་པ་ལས། ཧཱིཿ ཡིག་ཁྲོ་བོའི་ལྟ་བ་ཡིས། །དེ་ནས་སྒོ་ཡང་དབྱེ་བར་བྱ། །ཞེས་གསུངས་ཤིང༌། ཀླུའི་བློས། སྒྱུ་མའི་ལུས་ནི་དྲན་བཞིན་དུ། །དེ་ནས་སྒོ་ནི་རྣམ་པར་དབྱེ། །ཞེས་གསུངས་པས། རང་ལྷའི་སྐུ་སྒྱུ་མ་ལྟ་བུའི་རྣམ་པར་བལྟས་ལ་བྱའོ། །ཐིག་རྫོགས་པའི་འོག་ཏུ་ མཆོད་ཅིང་བསྟོད་དེ་ཐིག་སྐུད་ཀྱི་ཡེ་ཤེས་པ་གཤེགས་སུ་གསོལ་ནས་ཐིག་སྐུད་དབེན་པར་འཇོག་པ་ནི་འདིར་ཡང་འདྲའོ། །བཞི་པ་ལ་གཉིས། དཀྱིལ་འཁོར་གྱི་ཕྱིའི་ཐིག་གི་དོན་བཤད་པ་དང༌། ནང་ཐིག་བཏབ་པའི་དོན་བཤད་པའོ། །དང་པོ་ལ་གཉིས། ཟླུམ་ཐིག་དང་རྟ་བབས་ཀྱི་ཐིག་གི་དོན་བཤད་པ་དང༌། མདའ་ཡབ་ནས་རྩིག་པའི་བར་གྱི་ཐིག་གི་དོན་བཤད་པའོ། །དང་པོ་ལ་གཉིས། ཟླུམ་པོ་དང་རྭའི་ཐིག་གི་དོན་བཤད་པ་དང༌། རྟ་བབས་ཀྱི་ཐིག་གི་དོན་བཤད་པའོ། །དང་པོ་ནི། ཐིག་གིས་ནི་གཞལ་ ཡས་ཁང་གི་མཚན་ཉིད་གཏན་ལ་འབེབས་པ་ཡིན་པས་ཐིག་ལ་བརྟེན་ནས་གཞལ་ཡས་ཁང་ཇི་ལྟར་བསྒོམ་པའི་ཚུལ་ཤེས་དགོས་པས་དེ་བཤད་པར་བྱ་བ་ལ། དུར་ཁྲོད་ཀྱི་བཤད་པ་ནི། སྡོམ་འབྱུང་དང་སྙེ་མ་བཅུ་གཉིས་པ་ལས་ཤེས་པར་བྱའོ། །ཕྱོགས་ ཀུན་གྱི་མེ་རི་ཚད་མཉམ་པ་ནི། འོད་ཟེར་འཕྲོ་བའི་ཚད་མཉམ་པའི་དོན་ཡིན་གྱི། ཆ་ཆུང་བཞི་ཕན་ཆད་དུ་མི་འགྲོ་བ་མིན་ནོ། །དེས་ན་དེའི་རྩེར་ཚོན་གྱི་རེ་ཁ་མི་བྱ་བར་གསུངས་ཏེ་ཚད་མེད་པར་འཕྲོ་བའོ། །ཕྱོགས་མཚམས་ཀུན་ཏུ་མེ་དཔུང་འཕྲོ་བ་དེའི་ 3-2-162a ནང་དུ་རྡོ་རྗེའི་ར་བ་ནི་འཐུག་ཅིང་སྲ་བ་ཁོར་ཡུག་ཆེན་པོའི་ངོ་བོ་ཡིན་ལ། དེ་ཡང་སྒོམ་དོན་ལ་འོག་ཏུ་རླུང་གི་དཀྱིལ་འཁོར་དང་སྟེང་དུ་འོག་མིན་གྱི་བར་དུ་ཡོད་པར་སློབ་དཔོན་འདི་བཞེད་པས་རྡོ་རྗེ་གནས་པའི་སྣམ་བུ་ཡང་ དེ་ལྟར་དུ་གོ་དགོས་སོ། །རྡོ་རྗེའི་ངོ་བོ་ནི་རྩེ་ལྔ་པའམ་རྩེ་གསུམ་པའམ་སྣ་ཚོགས་རྡོ་རྗེ་གང་རུང་ཡིན་པས་བྲི་བ་ན་ཡང་དེ་ལྟར་བྱའོ། །རྡོ་རྗེ་དང་པད་རའི་བར་གྱི་ཟླུམ་ཐིག་ནི། རང་ལུགས་ཀྱིས་ཆོས་འབྱུང་མཚོན་བྱེད་ཡིན་ཞིང༌། ཆོས་འབྱུང་སྒོམ་པ་ཡོད་ ན་དེ་ལྟར་ཡིན་ལ། བདེ་མཆོག་ལ་སོགས་པའི་དཀྱིལ་འཁོར་གྱི་ཁྱད་པར་འགའ་ཞིག་ལ་ཆོས་འབྱུང་སྒོམ་པ་མེད་པ་ལ་ནི་ཆོས་དབྱིངས་ཀྱི་ནང་དུ་ཚུད་པ་ཡིན་པས། ཐིག་དེ་ཆོས་དབྱིངས་མཚོན་བྱེད་དུ་འདོད་པ་དང༌། ཐིག་དེ་ཁོར་ཡུག་ཆེན་པོའི་ངོ་ བོར་འདོད་པའི་གཞན་ལུགས་གཉིས་ཕྲེང་བར་རོ། །དེས་ན་མེ་རི་དང་རྡོ་རྗེ་གཉིས་ཀྱི་བར་གྱི་ཟླུམ་ཐིག་གིས་གང་མཚོན་གསལ་བར་མ་བཤད་ཀྱང༌། ཁོར་ཡུག་གི་ངོ་བོར་བྱས་ནས་རྡོར་ར་ལ་གཏོགས་དགོས་པར་མངོན་ནོ། །རྡོར་རའི་བསྲུང་འཁོར་གྱི་ནང་དུ་ཚུད་ པའི་ཆོས་འབྱུང་གི་ཐིག་ལ་རྩེ་མོས་རེག་པ་ནི་པདྨའི་འདབ་མ་ཡིན་ལ། འདབ་མ་གནས་པའི་ས་ནི་ཆོས་འབྱུང་དང༌། ནང་གི་ཟླུམ་ཐིག་དང་པོ་ནི་པདྨའི་གེ་སར་གྱི་རི་མོ་ཡིན་པས་གེ་སར་ནས་གེ་སར་གྱི་བར་ནི་པདྨའི་ལྟེ་བ་ཟླུམ་པོའོ། །ཕྲེང་བར་གེ་ སར་གྱི་རེ་ཁ་ནས་བཟུང་ནས་ཁོར་ཡུག་ཏུ་འདོད་པ་ལ། ཀླུའི་བློས། རྟ་བབས་རྡོ་རྗེའི་རྩེ་མོ་ཅན། །དེ་ཡི་ཕྱི་རོལ་ཁོར་ཡུག་སྟེ། །རྡོ་རྗེ་ཕྲེང་བ་འོད་བཟང་ལྡན། །ཞེས་རྡོར་ཕྲེང་ཉིད་ཁོར་ཡུག་ཏུ་བཤད་པས། རྡོར་ར་ཁོར་ཡུག་ཡིན་ལ། གེ་སར་ 3-2-162b དང་འདབ་མ་དང་ཆོས་འབྱུང་རྣམས་རྡོར་ར་ལ་མི་གཏོགས་པས་དེ་རྣམས་ཁོར་ཡུག་མིན་ཞེས་བཀག་ནས་སྣ་ཚོགས་རྡོ་རྗེའི་རྭ་རྩེའི་ཕྱི་ནས་ཁོར་ཡུག་ཏུ་གསུངས་པས། དེ་དག་ཀྱང་ཁོར་ཡུག་བཏགས་པ་བར་འདོད་ན་ནི་ལེགས་སོ་ཞེས་འཆད་ དོ། །གཞན་ཡང་ལུང་དེས་རྭ་རྩེའི་ཕྱི་ནས་རྡོར་རའི་ཁོར་ཡུག་ཏུ་བཤད་པས་པདྨ་དང་ཆོས་འབྱུང་མེད་པར་འདོད་པ་བཀག་ནས་སྣ་ཚོགས་རྡོ་རྗེ་པདྨ་ལ་གནས་པར་བསྒྲུབས་པའི་མཐར་པདྨ་མེད་པར་སྣ་ཚོགས་རྡོ་རྗེའོ་ཞེས་བྱ་བ་ནི་ཆེར་འཁྲུལ་ལོ། །ཞེས་ གསུངས་ཏེ། པདྨ་གསལ་བར་མ་བཤད་པར་སྣ་ཚོགས་རྡོ་རྗེ་གསུངས་པའི་གཞུང་ཚད་ལྡན་རྣམས་ཀྱི་དགོངས་པ་ཡང་པདྨ་ཡོད་པའི་ལུགས་སུ་འགྲེལ་པར་མཛད་དོ། །དེ་ལྟར་ན་པདྨའི་ལྟེ་བའི་མཐའ་ནས་མཐའི་བར་ཇི་སྲིད་པ་དེ་སྲིད་དུ་སྣ་ཚོགས་ རྡོ་རྗེའི་རྭའི་རྩེ་ནས་རྩེ་གཞན་གྱི་བར་གྱིས་ནོན་པར་བཞེད་དོ། །དེ་ལ་སྣ་ཚོགས་རྡོ་རྗེའི་ལྟེ་བའི་དབྱིབས་ནི་གྲུ་བཞིར་གནས་ལ་ལྟེ་བའི་མཐའ་ནས་མཐའི་རྒྱ་ཚད་ནི་ཆ་ཆེན་བཅུ་གཉིས་ཏེ། འདི་ལ་ནི་ཐིག་སྐུད་ཀྱི་ལུགས་གཉིས་ཀ་འདྲའོ། །དེ་ལ་ཟུག་པའི་རྭའི་སྲིད་ཀྱི་ཚད་ལ་ ནི་ཐིག་སྐུད་གོ་དྲུག་པ་ལྟར་ན་ཆ་ཆེན་བཞི་ཡོད་ལ། རེ་བཞི་པ་ལྟར་ན་ཆ་ཆེན་གཉིས་སོ། །རྭ་ཆ་ཆུང་བཅུ་བཞི་པར་འདོད་པ་ལ་ཕྲེང་བར་དགག་པ་མཛད་ནས་སྔ་མ་གཉིས་སུ་ངེས་པར་མཛད་དོ། །དེ་ལྟར་ན་སློབ་དཔོན་འདིའི་ལུགས་ཀྱིས་རྭ་ལ་ཆ་ཆེན་གཉིས་ འདོད་ན་རྟ་བབས་སྒོ་ཚད་གཅིག་ཏུ་བྱེད་ལ་རྩ་བའི་དཀྱིལ་འཁོར་ཁོ་ནའི་དཀྱིལ་འཁོར་གྱི་ཉིས་འགྱུར་ཐིག་སྐུད་ཀྱི་ཚད་དོ། །རྭ་ལ་ཆ་ཆེན་བཞི་འདོད་ན་རྟ་བབས་སྒོ་ཚད་གསུམ་ཡིན་ལ། རྩ་བའི་དཀྱིལ་འཁོར་འཁོར་བཅས་ཀྱི་ཉིས་འགྱུར་ཐིག་སྐུད་ཀྱི་ཚད་དོ། ། 3-2-163a འོ་ན་སྣ་ཚོགས་རྡོ་རྗེའི་རྭ་རྣམས་ལྟེ་བའི་མཚམས་གང་ནས་ཟུག་པ་ཡིན་སྙམ་ན། འདི་ལ་རྭ་སྒོ་ཚད་བཞི་པ་ལྟར་ན་སྣ་ཚོགས་རྡོ་རྗེའི་ལྟེ་བའི་ཕྱོགས་རེ་ལ་སྒོ་ཚད་བཅུ་གཉིས་ཡོད་པའི་བཞི་གཡས་དང་བཞི་གཡོན་ དུ་བཞག་པའི་བར་གྱི་སྒོ་ཚད་བཞིའི་མཐའ་ནས་ཕྱོགས་ཀྱི་རྭ་རྣམས་འཐོན་པ་དགོས་ཏེ། ཕྲེང་བ་ལས། རྟ་བབས་ཀྱི་གློ་རྣམས་སུ་ནི། དར་དཔྱངས་ཀྱི་སྣམ་བུའི་སྟེང་དུ་ཆུ་སྲིན་གྱི་ཁ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེའི་རྭ་རྣམས་ནི། ཅུང་ཟད་ཕྱོགས་སུ་ སོང་ནས་ཕྱིར་བྱུང་བ་དབུས་ཀྱི་རྒྱར་ཆ་ཆུང་གསུམ་དང་ལྡན་པ་སྲིད་དུ་ཆ་ཆུང་བཅུ་དྲུག་པའོ། །ཞེས་རྟ་བབས་དཔངས་སུ་སྒོ་ཚད་གསུམ་མའི་སྐབས་སུ་གསུངས་ལ། དེ་ལ་ནི་དར་དཔྱངས་ནས་དར་དཔྱངས་ཀྱི་སྣམ་བུའི་བར་ལ་སྒོ་ཚད་བཞི་ཡོད་པའི་ཕྱིར་དང༌། ཆུ་ སྲིན་གྱི་ཁ་ནི་དེ་ནས་བྱུང་བའི་རྭ་རྣམས་ཀྱི་རྩ་བ་ངོས་ཡིན་པའི་ཕྱིར་རོ། །དེས་ན་ཕྱོགས་ཀྱི་རྭའི་ཕྱི་ངོས་དར་དཔྱངས་ཀྱི་སྣམ་བུའི་ཐིག་ཕྱི་མ་ལས་འདར་མི་རུང་བས་སྣམ་བུ་དེའི་ཕྱི་རོལ་ནས་རྭ་སྐོར་བ་ནི་མི་རིགས་སོ། །ཕྱོགས་འདི་ལ་ཚངས་ཐིག་ ནས་གཡས་གཡོན་དུ་སྒོ་ཚད་གཉིས་གཉིས་སོང་བ་ནས་རྭ་སྐོར་དགོས་པའི་རྒྱུ་མཚན། ཆ་ཆུང་བཅུ་དྲུག་པའི་ཐིག་ཚད་ལ་ཆ་ཆུང་གཉིས་གུག་པའི་ཆ་ལ་བཏང་ནས་སྐུད་པ་འཐེན་པས་དབུས་རྭའི་རྩེ་མོའི་ཆ་ཆུང་གཉིས་ཕྱིར་བཞག་པའི་མཚམས་སུ་ གང་ནས་སླེབས་བལྟས་པས་ཤེས་ཏེ་དེ་ཡང་རྭའི་ནང་ངོས་ཀྱི་ཐིག་གོ འགྲམ་ལོགས་སྒོ་དང་མཉམ་པ་ལ་ཡང་ཚངས་ཐིག་ནས་གཡས་གཡོན་དུ་སྒོ་ཚད་གཉིས་གཉིས་སོང་བའི་མཚམས་ནས་འཐོན་པའི་རྭའི་ཕྱི་ཐིག་ནི། ཀ་བའི་ཐིག་ཕྱི་མ་ལས་ 3-2-163b མི་འདའ་སྟེ་རྭའི་སྐོར་མཚམས་འདི་ལས་རིང་བ་མ་བཤད་དོ། །རྭ་རྣམས་ནི། ཅུང་ཟད་ཕྱོགས་སུ་སོང་ནས་ཞེས་གསུངས་པའི་དོན་ནི། བི་བྷཱུ་ཏཱིས་ཐད་ཀར་སོང་ནས་ཞེས་གསུངས་པ་ལྟར་རོ། །ཕྱོགས་ཀྱི་རྭ་རྣམས་ནི། སྲིད་དུ་ཆ་ཆུང་བཅུ་དྲུག་པར་བཤད་པས་ དབུས་ཀྱི་རྭ་དང་མཉམ་པ་ལ་དབུས་ཀྱི་རྭ་རྩེ་ཕྱོགས་ཀྱི་རྭ་རྩེ་ལས་ཆ་ཆུང་གཉིས་ཀྱིས་ཕྱིར་རིང་བ་ནི་ཕྱོགས་ཀྱི་རྭ་རྣམས་གུག་པའི་དབང་གིས་ཡིན་ནོ། །ཕྱོགས་གཞན་དུ་རྡོ་རྗེའི་རྭ་གཡས་གཡོན་དང་དེ་དག་གི་བར་རྣམས་མཉམ་གསུམ་དུ་ བཤད་པ་དང་མི་འགལ་ཏེ། ཕྱོགས་གཞན་དུ་པདྨའི་ལྟེ་བའི་ཕྱོགས་གཅིག་ཉིས་འགྱུར་འདབ་མའི་ཕྱོགས་གཅིག་ལ་བཤད་ཀྱང༌། འདིར་པདྨའི་ལྟེ་བ་ཤིན་ཏུ་རྒྱ་ཆེ་བ་ལ་འདབ་མ་ཆ་ཕྲན་གཉིས་ལས་མ་བཤད་པ་བཞིན་ནོ། །རྭའི་སྲིད་ལ་ ཆ་ཆེན་གཉིས་སུ་འདོད་པ་ལྟར་ན། ཕྱོགས་ཀྱི་རྭ་ཇི་ཙམ་ནས་འཐོན་པ་ཕྲེང་བ་དང་སྡོམ་འབྱུང་འགྲེལ་པ་ལས་མི་གསལ་ལ། ཕྲེང་བར་རྟ་བབས་ཀྱི་ཀ་བ་སྟེགས་བུ་གྲུ་བཞི་ལ་གནས་པའི་བུམ་པ་ལ་གནས་པའི་ཁུངས་སུ། ཆུ་སྲིན་ཁ་ནས་ཆུ་སྲིན་ པར། །རྟ་བབས་སྒོ་ལས་སུམ་འགྱུར་ཏེ། །སྟེགས་བུ་བུམ་པ་ལས་བྱུང་བའི། །རྟ་བབས་ཀ་བ་དྲང་པོར་བྱ། །ཞེས་རྒྱལ་བ་བཟང་པོའི་དཀྱིལ་ཆོག་དྲངས་པའི་ཞར་ལ་བྱུང་བའི་རྐང་པ་དང་པོ་གཉིས་ཀྱིས་ཆུ་སྲིན་གྱི་ཁ་ནས་ཆུ་སྲིན་གྱི་ཁའི་བར་ལ་སྒོའི་སུམ་ འགྱུར་དུ་བཤད་པ་ལྟར་ན། གཡས་གཡོན་དུ་ཆ་ཆུང་བཅོ་བརྒྱད་རེ་བཞག་པའི་དབུས་སུ་ཆ་ཆུང་བཅུ་གཉིས་ཡོད་པའི་མཚམས་ནས་ཕྱོགས་ཀྱི་རྭ་འཐོན་པར་གསལ་ལོ། །དེ་ལྟར་བྱས་ན་མཁའ་འགྲོ་རྒྱ་མཚོ་ལས། ཀ་བའི་རྩ་ལས་འཐོན་རྩེ་མོ། །སྣ་ 3-2-164a ཚོགས་རྡོ་རྗེ་འོད་ཆེན་པོ། །ཞེས་གསུངས་པ་དང་ཡང་མཐུན་ནོ། །འདི་ལ་ཡང་ཕྱོགས་ཀྱི་རྭ་རྩེ་ཟུག་པའི་མཚམས་ནས་ཕྱི་རོལ་ཏུ་རྭ་དབུས་མ་ལ་ཆ་ཕྲན་གཉིས་བཤད་པས་ཆ་ཆུང་གཉིས་གུག་པའི་ཆ་ལ་སོང་བ་སྔར་དང་འདྲའོ། ། འདིར་ཚངས་ཐིག་ནས་གཡས་གཡོན་དུ་སྒོ་ཚད་ཕྱེད་དང་གཉིས་སོང་བའི་མཚམས་ནས་རྭ་སྐོར་དགོས་པའི་རྒྱུ་མཚན་ཡང༌། ཆ་ཆུང་བརྒྱད་པའི་ཐིག་སྐུད་ལ་ཆ་ཆུང་གཉིས་གུག་པའི་ཆ་ལ་བཏང་ནས་སྐུད་པ་གང་ནས་འཐེན་པས་དབུས་རྭ་ལ་སླེབས་འོང་ བ་བལྟས་པས་ཤེས་ཏེ་རྭའི་ནང་གི་ཐིག་ཡིན་ལ། རྭའི་ཕྱི་ཐིག་ནི་ཀ་བའི་ཕྱི་ཐིག་ལས་འདར་མི་རུང་ངོ༌། །རྭའི་ཚད་རིང་ཐུང་གཉིས་ཀ་ལ་དབུས་ནས་ཟླུམ་པོར་བསྐོར་བའི་རྩིས་བྱས་ན་དེའི་མཐའ་ནས་མཐའ་ལ་སྔ་མ་ལ་ཆ་ཆེན་བཞི་དང་ཕྱི་མ་ལ་ ཆ་ཆེན་གཉིས་ཡིན་གསུང་ཡང་ཕྱོགས་རེ་ལ་རྭ་རྩེ་གསུམ་པ་བྱེད་ན་དེ་མི་དགོས་ལ། རྩེ་ལྔ་པ་བྱེད་ན་རྭ་དབུས་མ་འོང་སའི་དབུས་དྲང་པོ་ནས་གཡས་གཡོན་དང་མདུན་རྒྱབ་ཏུ་སྔ་མ་ལ་སྒོ་ཚད་གཉིས་གཉིས་དང་ཕྱི་མ་ལ་སྒོ་ཚད་ཕྱེད་དང་ གཉིས་གཉིས་ཡོད་དོ། །སྔ་མ་ལ་ཕྱོགས་ཀྱི་རྭའི་སྦོམ་སར་ཆ་ཆུང་གསུམ་བཤད་ཅིང་རྭ་དབུས་མ་ལ་བཤད་པ་མི་གསལ་ལ་བླ་མ་དག་སྦོམ་སར་སྒོ་ཚད་གཅིག་བཞེད་དོ། །རྭ་ཐུང་བ་ལ་རྭའི་སྦོམས་ལ་ཅི་ཡོད་མི་གསལ་ཡང་སྔ་མ་དང་ འདྲ་བར་མངོན་ནོ། །གཉིས་པ་ནི། འོ་ན་ཕྱི་མ་ལ་རྟ་བབས་སྒོ་ལས་སུམ་འགྱུར་དུ་བྱེད་པ་མི་རིགས་ཏེ། སྣམ་བུ་འོག་མའི་མཐའ་ནས་གཞན་གྱི་མཐའི་བར་ལ་ཆ་ཆུང་བཅུ་བཞི་ཡོད་པའི་ཕྱིར་རོ་སྙམ་ན་སྐྱོན་མེད་དེ། སུམ་འགྱུར་ནི་རྟ་བབས་ཀྱི་ཐོག་ 3-2-164b ངོས་ལ་མི་བྱེད་ཀྱི་རྨང་གི་རྒྱ་ཚད་ཡིན་ལ། རྨང་ལ་ཡང་རྩིག་པ་མེད་པས་ཕན་ཚུན་གྱི་ཀ་བའི་རྩ་བ་ནས་རྩ་བའི་བར་ཡིན་པའི་ཕྱིར་རོ། །འགྲམ་ལོགས་སྒོ་དང་མཉམ་པ་ལ་ངོས་སུ་བཞི་འགྱུར་དུ་ཕྲེང་བར་གསུངས་པ་ཡང་ཀ་བ་ནས་ཀ་བའི་བར་ལ་ ཡིན་ནོ། །འགྲམ་ལོགས་སྒོ་དང་མི་མཉམ་པའི་རྟ་བབས་དཔངས་སུ་སྒོ་ཚད་གསུམ་མ་ལ་ནི་ཀ་བ་ནས་ཀ་བའི་བར་ལ་ཆ་ཆུང་བཅུ་བཞི་ཡོད་དོ། །དེ་ལ་ཡང་ཆུ་སྲིན་གྱི་ཁ་ནས་ཆུ་སྲིན་གྱི་ཁའི་བར་ལ་ཆ་ཆུང་བཅུ་དྲུག་ཡོད་ཀྱང༌། རྟ་བབས་ཀྱི་མཐིལ་གྱི་རྒྱ་ ཚད་ནི་ཀ་བ་ཕན་ཚུན་གྱི་བར་ཡིན་ཏེ། །ཀ་བའི་ཕྱི་ལོགས་སུ་དར་དཔྱངས་ཀྱི་སྣམ་བུ་ཡོད་ཀྱང་དེ་ནི་ཐོག་མཚམས་ནས་འཕྱང་པའི་དར་གྱི་རྒྱན་ཡིན་པས་འོག་གི་རྒྱ་ཚད་ལ་མི་གཏོགས་པའི་ཕྱིར་རོ། །འོ་ན་རྟ་བབས་ཇི་ཙམ་ཞིག་ན་གནས་སྙམ་ན། དཀྱིལ་ འཁོར་གྱི་ཕྱོགས་བཞིའི་རྩིག་པ་ཕྱོགས་སུ་ཅི་ཙམ་སོང་ཡང་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལས་མི་འདའ་བ་བཞིན་དུ། རྟ་བབས་ཀྱི་འོག་གི་རྒྱ་ཡང་གཡས་གཡོན་གྱི་སྣ་ཚོགས་རྡོ་རྗེའི་རྭའི་མཚམས་ལས་མི་འདའོ། །དེའི་ཀ་བ་ཡང་སྣ་ཚོགས་རྡོ་རྗེའི་ ལྟེ་བ་ལ་མི་གནས་པར་ངེས་ལ། དེ་ཕན་ཆད་དུ་ནི་བྲི་བྱ་ལ་མུན་སྣམ་ཡོད་པ་ལྟར་ན་སྒོ་ལོགས་ཀྱི་གདོང་ནས་ཆ་ཆུང་གཅིག་སོང་བ་ན་སྣ་ཚོགས་རྡོ་རྗེའི་ལྟེ་བའི་མཐར་སླེབས་པས་ལྟེ་བའི་ཟད་མཚམས་ནས་རྟ་བབས་ཀྱི་ཀ་བ་ཡོད་དོ། །བྲི་བྱ་ལ་མུན་ པ་མེད་པ་ལྟར་ན་སྒོ་ལོགས་ཕྱི་མའི་འོག་གི་རྩེ་མོ་དང་སྣ་ཚོགས་རྡོ་རྗེའི་ལྟེ་བའི་མཐའ་གཉིས་ཁད་ཆད་དུ་ཡོད་པས་དེ་ནས་བར་སྟོང་ཆ་ཆུང་གཅིག་སོང་བའི་མཚམས་ནས་ཀ་བ་ཡོད་ལ། དེ་ཡང་སྒོ་ལོགས་ཕྱི་མའི་རྩེ་མོ་ནས་ངོས་སུ་ཆ་ཆུང་གཅིག་སོང་ 3-2-165a བའི་མཚམས་སུ་བྱ་བ་ནི་ཐམས་ཅད་ལ་འདྲའོ། །འགྲམ་ལོགས་སྒོ་དང་མཉམ་པ་ལ་མུན་སྣམ་བྱས་ན་ཤིང་རྟ་ཆེན་པོ་རྣམས་ཀྱིས་རྩ་ཐིག་ནས་མདའ་ཡབ་ཀྱི་ཐིག་གི་བར་ལ་ཆ་ཆུང་བརྒྱད་ལས་མ་བཤད་པ་དང་འགལ་ ཞིང༌། ཀ་བའི་དཔངས་ལ་ཆ་ཕྲན་ལྔ་ལས་མེད་པས་སྣམ་བུ་འོག་མ་ཀ་བའི་སྟེང་དུ་མི་ཁེལ་བའི་སྐྱོན་ཡོད་པས་བྲི་བྱ་ལ་མུན་སྣམ་ཆད་དོ། །དཔངས་སུ་སྒོ་ཚད་གཅིག་མ་ལ་ཡང་ཚངས་ཐིག་ནས་གཡས་གཡོན་དུ་ཆ་ཆུང་དྲུག་དྲུག་སོང་བའི་ མཚམས་སུ་ཕྱོགས་ཀྱི་རྭ་འཐོན་དགོས་པ་སྔར་བསྟན་པ་ལྟར་ཡིན་པས། དེའི་མཚམས་སུ་མུན་པ་བྱས་ན་དེའི་སྣམ་བུ་ལས་རྭ་འཐོན་པ་ཇི་ལྟར་རུང༌། དེའི་ཕྱིར་མཚམས་དེར་ཀ་བ་འོང་རིགས་པས་བྲི་བྱ་ལ་མུན་སྣམ་ཆད་པ་ཡིན་གྱི། བསྒོམ་བྱ་ ལ་སྒོ་དང་རྟ་བབས་ལ་བར་སྟོང་མེད་ནས་མུན་སྣམ་མ་བྱས་པ་མིན་ནོ། །ཕྲེང་བ་ལས། རྟ་བབས་ཀྱི་ཀ་བ་རྩིག་པའི་ཐིག་ལས་འཐོན་ཞིང་ཆ་ཆུང་བདུན་པའོ་ཞེས་པའི་ཕྱོགས་ནི་མི་རིགས་ཏེ། གཞལ་ཡས་ཁང་ལས་ཅུང་ཟད་རིང་བར་རྟ་བབས་ ཀྱི་ཀ་བ་རྣམས་རེ་རེ་ཞིང་སྟེགས་བུ་གྲུ་བཞི་པ་ལ་གནས་པའི་ཕྱིར་རོ། །ས་མཉམ་པ་ལ་གནས་པ་ཉིད་ཀྱིས་སྟེགས་བུ་དང་འབྲེལ་བ་བཞིན་མཐོང་བས་སྟེགས་བུའི་ཕྱི་ངོས་སུ་འདི་རྣམས་བྲི་བར་རིགས་སོ། །ཞེས་ཀ་བ་རྩིག་པའི་ཐིག་ལས་ འཐོན་པར་འདོད་པ་འགོག་པ་ན། ཀ་བ་རྣམས་གཞལ་ཡས་ཁང་ལ་ཅུང་ཟད་རིང་བར་གནས་པ་གཏན་ཚིགས་སུ་བཀོད་ནས་དགག་པ་མཛད་པའི་ཕྱོགས་སྔས་ཀྱང་བྲི་བྱ་ལ་མུན་པ་ཡོད་མེད་ཕྱེ་ནས་དེ་ལྟར་ཁས་བླངས་པ་མིན་ལ། གནོད་བྱེད་ཀྱང་ 3-2-165b བྲི་བྱ་ལ་མུན་སྣམ་ཡོད་མེད་མི་འབྱེད་ཀྱི། སྤྱིར་དེ་ལྟར་འདོད་པ་འགོག་པ་ཡིན་ནོ། །དེའི་ཕྱིར་གཞལ་ཡས་ཁང་ལས་ཅུང་ཟད་ཀྱིས་རིང་བར་གནས་པ་ནི་རྟ་བབས་སྤྱིའི་དབང་དུ་བྱས་པའོ། །གསང་ལྡན་གྱི་ཐིག་གི་ཆོ་ག་ལས་ཀྱང༌། རྟ་བབས་ཡ་ཕུབས་ དག་ལས་ནི། །ཆ་གཅིག་དོར་བའི་ཆ་ཆེན་ཚད། །སྒོ་ཡི་མཚམས་དང་ཏྭ་ར་ན། །ཤིན་ཏུ་གཅིག་ཉིད་མི་བྱའོ། །ཞེས་རྟ་བབས་སྒོ་ཚད་གཅིག་མ་སྒོ་ལ་སྦྱོར་བ་སྨྲྀ་ཏས་བཀག་གོ། རང་ལུགས་ཀྱིས་སྟེགས་བུ་དང་ཀ་བ་གཉིས་བར་ཐག་ཧ་ཅང་མི་རིང་བ་དང་ གཉིས་ཀ་ཡང་འོག་གཞི་ཁང་མཉམ་ལ་གནས་པས་ཕ་ཟད་ནས་ལྟ་བ་ན་སྟེགས་བུ་དང་བར་མ་ཚད་པ་ལྟར་སྣང་བས་སྟེགས་བུའི་ཐིག་ལས་འཐོན་པར་བྱེད་པ་རིགས་སོ། །ཞེས་བཞེད་པས། སྟེགས་བུ་ལྟེ་བའི་སྟེང་དང་ཀ་བ་ལྟེ་བ་ཐོན་ནས་ཡོད་ཀྱང་ དཔངས་མཐོ་དམན་བྱར་མི་རུང་བར་ཡང་བསྟན་པ་ཡིན་ནོ། །ཅུང་ཟད་རིང་བའི་ཚད་ཀྱང་ཕྲེང་བ་ལས་མུན་སྣམ་ལ་ཆ་ཆུང་གཅིག་བཤད་པ་དེ་ཡིན་ལ། དེས་ན་དཀྱིལ་འཁོར་དང་རྟ་བབས་ཀྱི་བར་སྟོང་ཡིན་པས་བར་གྱི་སྣམ་བུར་ཡང་གསུངས་པས་མུན་ སྣམ་ནི། བསྒོམ་བྱ་ལ་ཀ་བ་ཕན་ཚུན་གྱི་བར་མིན་གྱི། སྒོ་དང་རྟ་བབས་ཀྱི་བར་རོ། །རྟ་བབས་ཀྱི་ཀ་བ་ནི། བྲི་བྱ་ལ་ཇི་ལྟར་ཡོད་པའི་ཐད་ནས་ཡོད་དེ། ཞེང་དུ་ཆ་ཆུང་གཅིག་ལ་སྲིད་དུ་ལྔ་སྟེ་དེ་ཡང་འོག་ཏུ་སྟེགས་བུ་གྲུ་བཞི་དེའི་སྟེང་དུ་བུམ་པ་དེ་ལས་ཀ་བ་བྱུང་བ་ ཡིན་ཏེ། དེ་ཐམས་ཅད་ཀྱི་ཚད་དོ། །ཀ་བའི་རྩ་བ་དང་རྩེ་མོ་ལ་ནོར་བུས་སྤྲས་པའི་དབུས་སུ་སྟེང་དུ་དཔུང་བ་བཏེག་པའི་སེང་གེ་བྱ་སྟེ། ཁ་ཅིག་ཏུ་ཀ་བའི་དབུས་སུ་མེ་ལོང་བྱ་བར་གསུངས་སོ། །ཀ་བའི་གྲངས་ནི། མན་སྙེ་ལ་སོགས་པའི་གཞུང་ཆེ་བ་རྣམས་ལས་ཕྱོགས་ 3-2-166a རེར་གཉིས་གཉིས་གསུངས་སོ། །དར་དཔྱངས་ནི། རྟ་བབས་ཀྱི་སྣམ་བུ་འོག་མ་ཀ་བས་འདེགས་པ་ལ་བར་དུ་གདུང་ཡོད་པ་ལྟར་ན་གདུང་ནས་དང༌། མེད་པ་ལྟར་ན་རིན་ཆེན་ཤར་བུ་ནས་འཕྱང་སྟེ། དེ་ཡང་རིན་པོ་ཆེའི་པ་ཏྲ་འཕྲོ་བ་ ལས་ཇི་ལྟར་མཛེས་པར་དཔྱངས་པའི་ཁ་དོག་དམར་པོ་དང་སེར་པོ་ལ་སོགས་པ་དང་སྣ་ཚོགས་པའི་དར་དཔྱངས་དང་རིན་པོ་ཆེའི་ཡུ་བ་ཅན་གྱི་རྔ་ཡབ་བོ། །འདི་ཡང་བྲི་བྱ་ལ་ཇི་ལྟར་ཡོད་པ་ལྟར་གྱི་ཐད་ནས་འཕྱང་བས་ཀ་རྒྱན་མིན་ནོ། །ཁ་ཅིག་ཏུ་ནི་དར་ དཔྱངས་ཀྱི་སྣམ་བུ་ལ་གླང་པོ་ཆེའི་སྟེང་དུ་སེང་གེའི་ཁ་ནས་རིན་པོ་ཆེའི་དོ་ཤལ་འཕྱང་བ་གསུངས་སོ། །འདིས་དར་དཔྱངས་སེང་གེའི་ཁ་ནས་འཕྱང་བར་སྟོན་པ་མིན་གྱི། སྣམ་བུའི་ལོགས་ལ་གླང་པོའི་སྟེང་ན་སེང་གེའི་ཁ་ནས་དོ་ཤལ་འཕྱང་བ་བྱེད་པའི་ལུགས་ སོ། །རྟ་བབས་ཀྱི་སྣམ་བུ་ནི། མས་རིམ་ནས་གསེར་དང་རིན་པོ་ཆེའི་ཤར་བུ་དང་རིན་པོ་ཆེ་དང་རྨིག་པ་དང་མུན་པ་དང་བབ་རན་དང་མུན་པ་དང་ཤར་བུ་དང་རིན་པོ་ཆེ་དང་རྨིག་པ་དང་མདའ་ཡབ་ཅེས་བྱ་སྟེ་གཉིས་མཉམ་དགུ་མཉམ་གྱི་སྣམ་བུ་རྣམས་སོ། ། ཡང་ན་མས་རིམ་ནས་ཤར་བུ་དང་རིན་པོ་ཆེ་དང་རྨིག་པ་དང་གསེར་དང་ཆུ་སྲིན་དང་གསེར་དང་རྨིག་པ་དང་རིན་པོ་ཆེ་དང་རྨིག་པ་དང་གསེར་དང་མདའ་ཡབ་སྟེ་སྒོ་ཚད་གསུམ་མ་དང་སྒོ་ཚད་གཅིག་མའི་ལྔ་མཉམ་གསུམ་གསུམ་མཉམ་གྱི་སྣམ་བུའོ། ། ལུགས་དང་པོ་ལ་སྣམ་བུ་འོག་མ་ལ་གསེར་སྣམ་མེད་པར་བྲེ་ཕུལ་གྱི་སྣམ་བུར་ཁ་ཅིག་འདོད་པར་བཤད་དོ། །རྟ་རྨིག་དང་བབ་རན་གྱི་མཐའ་རྣམས་སུ་རྒྱལ་མཚན་དང་བ་དན་ཇི་མཛེས་སུ་བྱ་ཞིང༌། སེང་གེ་དང་སེངྒེ་རྐང་པ་བརྒྱད་པ་དང་ངང་པ་དང་རྨ་བྱ་དང་མི་འམ་ 3-2-166b ཅི་དང་མི་འམ་ཅི་མོ་རྣམས་ཀྱང་ངོ༌། །ཞེས་གསུངས་པས། སྲོག་ཆགས་ཀྱི་གཟུགས་བརྙན་དེ་རྣམས་ཀྱིས་མུན་སྣམ་གཉིས་ཀྱི་སྟེང་གི་སྣམ་བུ་འདེགས་པ་བྱ་སྟེ་ཇི་ལྟར་རིགས་པར་རོ། །དབང་འགྱུར་ལས་སྟག་རྐང་པ་བརྒྱད་པ་ཞེས་འབྱུང་ངོ༌། །རྟ་བབས་ལ་རྣམ་ པར་བཀྲ་བའི་བླ་བྲེ་དང་དོ་ཤལ་དང་དོ་ཤལ་ཕྱེད་པ་བྱ་བར་གསུངས་པ་ནི། ཀྱོག་པོའི་ནང་དུ་སྟེ་དོ་ཤལ་སོགས་ནི་སྟེང་དུ་ཆ་སྲིན་གྱི་ཁ་ལས་འཐོན་པའི་མུ་ཏིག་གི་ཆུན་འཕྱང་ལ་སོགས་པ་ཇི་མཛེས་སུ་བྱ་བར་གསུངས་པའི་དོན་ཏེ་ཆུན་འཕྱང་ནི་ཕྲེང་བའོ། །ཀྱོག་ པོའི་ནང་གི་ཆ་ཆུང་ཕྱེད་པ་ནི་རིན་པོ་ཆེ་ལ་སོགས་པ་བྲི་བའི་དོན་དུའོ། །བོད་ཀྱི་བླ་མ་རྣམས་མུན་སྣམ་ལ་མུན་སེལ་གྱི་ནོར་བུ་དགོད་པར་བཞེད་དོ། །སྣམ་བུ་བཅུ་གཅིག་པ་ལ་ཁ་ཅིག་རི་དྭགས་ཁོ་ན་གནས་ཀྱི་མདའ་ཡབ་མེད་དོ་ཞེས་འདོད་པ་ལ་ཀླུའི་བློས། བུ་ པ་ཀ་བའི་སྟེང་གནས་པའི། །སྒོ་ལས་སུམ་འགྱུར་རྟ་བབས་ནི། །ཕྱོགས་ཅན་མདའ་ཡབ་དག་དང་ལྡན། །དྲིལ་བུའི་སྒྲ་ནི་ཡང་དག་སྒྲོག །ཅེས་གསུངས་པས་བཀག་ནས། འདིས་ནི་གདན་གྱི་གཞོགས་ན་གནས་པའི་རི་དྭགས་ཕོ་མོའི་མཇུག་མའི་ཕ་ རོལ་ཏུ་མདའ་ཡབ་གཉིས་གཉིས་གསུངས་སོ་ཞེས་གསུངས་ཏེ། ཕྱོགས་ཅན་ཞེས་པ་ནི་གཉིས་ཀྱི་བརྡ་ཚིག་ཡིན་པའི་ཕྱིར་རོ། །ཕྱོགས་ཅན་ནི་བྱ་དང་ཟླ་བ་ཡར་ངོ་མར་ངོ་གཉིས་ཀ་ལ་འཇུག་པས། པ་ཚབ་ཀྱིས་བྱ་རུ་བསྒྱུར་བ་འགྱུར་ཉེས་པ་ཡིན་གསུང་ངོ༌། ། དེས་ན་རི་དྭགས་ནི། མདའ་ཡབ་ལ་མི་གནས་ཀྱི། མདའ་ཡབ་ཀྱི་སྣམ་བུ་ལ་གནས་སོ། །མདའ་ཡབ་ཕྱི་མ་གཉིས་ཀྱི་སྟེང་དུ་སྤྲེའུས་གདུགས་བཟུང་བ་བྱ་སྟེ། ཟླ་ཚེས་དང་རིན་པོ་ཆེ་དང་རྡོ་རྗེའི་རྩེ་མོ་ཅན་གྱི་རིན་པོ་ཆེའི་ཡུ་བ་ཆ་ཆུང་གསུམ་ཡོད་པ་དར་ལྕེའི་ཤམ་བུ་དང་བཅས་ 3-2-167a པའི་གཡོགས་ཆ་ཆུང་གཉིས་པའི་གདུགས་དཀར་པོ་གཉིས་སོ། །ཁ་ཅིག་ཏུ་ནི་དམར་པོ་དང་དར་དཔྱངས་གཉིས་འཕྱང་བ་གསུངས་སོ། །ཁ་ཅིག་གདུགས་ཆ་ཆུང་དྲུག་པར་འདོད་པ་དང༌། ཁ་ཅིག་ནི། དེ་སྟེང་ཡུ་བ་ཞི་བའི་ཚད། གདུགས་གཡོགས་དག་ཀྱང་དེ་བཞིན་ནོ། །ཞེས་ཟེར་བའི་ལུགས་གཉིས་བཀོད་དོ། །ཕྲེང་བར་ལུང་དྲངས་པ་ལས། བཞི་ཆ་ཆ་ཆུང་བརྒྱད་ཆ་ཞི། །ཞེས་གསུངས་པས་སྒོའི་བརྒྱད་ཆ་ལ་ཞི་བ་ཞེས་ཟེར་རོ། །མདའ་ཡབ་ཐ་མ་གཉིས་ཀྱི་སྟེང་དུ་ ཆ་ཆུང་གཅིག་པའི་རྒྱལ་མཚན་དང་བ་དན་བྱའོ། །རྭ་རྩེ་བཤད་ཟིན་ལ། འཁོར་ལོ་ནི། རྒྱ་ཚད་ཆ་ཆུང་གཉིས་ལ་རྩིབས་བཅུ་པའི་ཆོས་འཁོར་ཏེ། དེའི་གདན་པད་ཟླ་ནི་སྣམ་བུ་བཅུ་གཅིག་པ་ལའོ། །གདན་དེའི་གཡས་གཡོན་དུ་མདའ་ཡབ་ཀྱི་སྣམ་ བུ་ལ་རི་དྭགས་ཕོ་མོ་ནི་འཁོར་ལོ་ལ་ཁ་ལྟ་ཞིང༌། འཁོར་ལོ་ལས་ཆ་ཆུང་ཕྱེད་ཙམ་དུ་རིང་བར་གནས་པ་སྟེ་ཆ་ཆུང་གཅིག་ཏུ་མགྲིན་པ་དང་བཅས་པའི་གདོང་འགྲེང་ཞིང་མིག་འཁོར་ལོའི་རྩེ་མོ་ལ་ལྟ་བ་བྲིའོ། །རྩིབས་བརྒྱད་ལྡན་པའི་འཁོར་ལོ་ནི། ། ཆ་ལྔ་ལྡན་པའི་མུ་ཁྱུད་ཅན། །ཞེས་ཁ་ཅིག་འདོད་པ་བཀོད་དེ། ཆ་ཆུང་གཅིག་གི་ལྔ་ཆས་མུ་ཁྱུད་བྱེད་པ་ནི་རྩིབས་བཅུ་བ་ལ་ཡང་འདྲའོ། །རྩིབས་དེའི་བར་བར་དུ་རྭ་དབུས་མ་མཐོང་བ་བྱ་སྟེ་འདི་བྲི་བྱ་ལྟར་སྒོམ་དོན་ལ་ཡང་བསླངས་ནས་གནས་པའོ། ། རྟ་བབས་ཀྱི་གཡས་གཡོན་དུ་ཧ་ཅང་མི་རིང་བར་བུམ་པ་བཟང་པོ་ལས་སྐྱེས་པའི་དཔག་བསམ་གྱི་ཤིང་རྣམས་ཏེ་གླང་པོ་ཆེ་ལ་སོགས་པའི་རིན་པོ་ཆེ་བདུན་དང་ལྡན་པའོ། །འཁོར་ལོ་ནི་རྩིབས་བརྒྱད་སེར་པོ་དང༌། གླང་པོ་ཆེ་མཆེ་བ་དྲུག་པ་དཀར་པོ་ 3-2-167b དང༌། རྟ་ལྗང་གུ་དང༌། བུད་མེད་ལོ་བཅུ་དྲུག་པའི་རྣམ་པ་སྔོ་བསངས་དང༌། ནོར་བུ་རྩེ་དྲུག་པ་སེར་པོ་དང༌། ཁྱིམ་བདག་དམར་པོ་མཛོད་མི་ཟད་པ་དང་ལྡན་པ་དང༌། དམག་དཔོན་ནག་པོ་གོ་ཆ་དང་བཅས་པ་མདུང་དང་རལ་གྲི་འཛིན་པར་དགོངས་པ་རབ་གསལ་ལས་ བཤད་ལ། མདོ་ལས་ནོར་བུ་སྔོན་པོ་ཟུར་བརྒྱད་པར་བཤད་དོ་ཞེས་གསུང་བ་ལྟར་བྱ་སྟེ། ཕྲེང་བར་དེ་དག་གི་མཚན་ཉིད་མ་བཤད་དོ། །བར་བར་དུ་གྲུབ་པ་ཐོབ་པ་རྣམས་དང་སྤྲིན་གྱི་སྦུབས་ལས་བྱུང་བའི་ལྷའི་ལུས་ཅན་མེ་ཏོག་གི་ཕྲེང་བ་བཟུང་བ་ རྣམས་བྱའོ། །གཉིས་པ་ལ་གཉིས། རྩིག་པའི་ཐིག་གི་དོན་བཤད་པ་དང༌། ཕ་གུ་ནས་མདའ་ཡབ་ཀྱི་བར་གྱི་ཐིག་གི་དོན་བཤད་པའོ། །དང་པོ་ནི། རྩིག་པ་རིམ་པ་ལྔ་ལ་སྟེང་ནས་བརྩེགས་པ་དང་ཕྱི་ནང་དུ་ལྔ་སྦྲག་ཏུ་ཡོད་པའི་ལུགས་གཉིས་བཤད་ ནས་དེ་གཉིས་ལས་འདི་འཐད་གསལ་བར་མ་མཛད་ཀྱང་ཕྱི་མ་ལེགས་ཏེ། རྩིག་པ་ལྔ་ཁ་ལ་ཆ་ཆུང་གཅིག་བཤད་པ་དེ་ཞེང་གི་ཚད་ཡིན་པའི་ཕྱིར་དང་བྲི་བ་ན་ཕྱི་ནང་གི་རིམ་པ་གསལ་བར་གསུངས་པ་མང་ལ་དེ་བསྒོམ་བྱ་ལ་མི་རུང་བའི་རྒྱུ་མཚན་ཡང་དག་ མེད་པའི་ཕྱིར་རོ། །ཁ་ཅིག་ནི། དེ་ལྔ་ཁ་བ་སྒོའི་བཞི་ཆ་གཅིག་ལས་མེད་ལ་རེ་རེ་སྒོའི་ཉི་ཤུ་ཆར་བཤད་པས་རེག་ལ་མ་འབྱར་བ་ཡིན་གྱི་བར་སྟོང་མེད་དོ། །དེའི་ཕྱིར་མར་མེ་མཛད་བཟང་པོས། རི་མོ་ཕན་ཚུན་ནས་གང་གིས། །མ་རེག་པར་ནི་བྲི་པར་བྱ། །ཞེས་ པ་དང༌། སྒོ་ཡི་ཉི་ཤུ་ཆ་རུ་ནི། །རི་མོ་མཉམ་པར་དགྱེ་བར་བྱ། །ཞེས་པ་གཉིས་ནང་འགལ་ལོ་ཞེས་སྨྲ་པ་ནི་སྨྲ་ཁམ་ཆེས་པ་ཡིན་ཏེ། དེ་ལྟ་ཡིན་ན་སྡོམ་འབྱུང་ལས། རི་མོ་ཕན་ཚུན་དག་གི་བར། །ནས་ཙམ་དུ་ནི་གདབ་པར་བྱ། །ཞེས་གསུངས་པ་ཡང་འགལ་ 3-2-168a བར་འགྱུར་བའི་ཕྱིར་ཏེ། རྩིག་པ་ལ་སྒོའི་བཞི་ཆ་ལས་མེད་པ་དེའི་ཡང་ལུགས་ཡིན་པས་རྩིག་ཞེང་ལ་ཆ་ལྔར་བགོས་པ་ན་སྒོའི་ཉི་ཤུ་ཆར་འགྱུར་བའི་ཕྱིར་རོ། །དེས་ན་དེ་གཉིས་ནི་རྩ་ཐིག་ཁྲུ་གང་བའི་དབང་དུ་མཛད་པ་སྟེ་དེ་ལ་སྒོའི་བཞི་ཆ་གཅིག་ ལ་ནས་ལྔ་དང་ནས་གཅིག་གི་བཞི་ཆ་ལས་མེད་པས་རི་མོ་རེ་རེའི་ཞེང་གི་ཕ་མཐའ་ནས་ཚུར་མཐའི་བར་ལ་ནས་རེ་རེར་བྱེད་པའི་དོན་ཡིན་གྱི། རི་ལོ་གཉིས་གཉིས་ཀྱི་བར་ན་ནས་རེ་རེ་ཡོད་པར་འདོད་པ་མིན་ནོ། །ནས་གཅིག་གི་བཞི་ཆ་ཡོད་མོད་ཀྱང་དེ་བཏང་ སྙོམས་སུ་བཞག་ནས་རགས་རྩིས་མཛད་པའོ། །མ་རེག་པར་ནི་དཱ་རི་ཀ་པས། ནས་གང་གིས་ནི་མ་འདྲེས་པས། རི་མོ་ཀུན་ཏུ་བྲི་བར་བྱ། །ཞེས་གསུངས་པ་ལྟར། ཚོན་ཕན་ཚུན་མ་འདྲེས་པའི་དོན་ཡིན་གྱི། མ་རེག་པའི་བར་སྟོང་སྟོན་པ་མིན་ནོ། །ཤཱནྟི་པས། ནས་གང་གིས་མ་རེག་པ་ཞེས་པ་ནི་འོག་གི་ཆའི་ཚད་དེ་སྟེང་དུ་ཇི་ལྟར་མཛེས་པར་བྱའོ། །ཞེས་པ་ནི། བྲི་བྱ་ལ་རྩིག་པའི་རྩ་བ་སྦོམ་པས་ནས་གང་གི་ཚད་ཡོད་པ་ལྟར་རྩེ་མོ་ལ་མེད་པ་ལ་དགོངས་ཀྱི་སྒོམ་དོན་ལ་མིན་ནོ། །སྒོའི་ཉི་ཤུ་ཆ་དང་ནས་ཀྱི་ཚད་ གཉིས་གསུངས་པའི་དགོངས་པ་ནི་འཆད་པར་འགྱུར་རོ། །རྩིག་པ་དེ་འགྲོ་བའི་མཚམས་ནི། འགྲམ་ལོགས་སྒོ་དང་མཉམ་པ་ལྟར་ན་སྒོ་ལོགས་ཀྱི་རྩིག་པ་ལྔ་ཁ་སྣ་ཚོགས་རྡོ་རྗེའི་ལྟེ་བའི་མཐའ་བར་དུ་འགྲོའོ། །འདི་ལ་སྒོ་ལོགས་ཀྱི་གདུང་ནི་ཡོད་དེ། ཕྲེང་ བ་ལས། ཀླུའི་བློའི་ཞབས་ནི་ལོགས་ཀྱི་ཐིག་གཉིས་ལ་གནས་པའི་ཐིག་ཉིད་གདུང་དུ་དགོངས་ནས་བར་གྱི་སྣམ་བུ་དང་ཡ་ཕུབས་ཀྱི་སྣམ་བུ་ནི་མི་བཞེད་དོ། །ཞེས་གསུངས་སོ། །ཐིག་དེ་ལ་ཆ་ཆུང་བཅུ་བཞི་ཡོད་མོད་ཀྱང༌། གདུང་ནི་རྩིག་པ་ནང་མའི་སྒོ་ལོགས་ཀྱི་ 3-2-168b ངོས་ནས་གཞན་ཕྱོགས་ཀྱི་སྒོ་ལོགས་ཀྱི་ནང་ངོས་བར་དུ་བྱ་ཡི་སྒོ་ལོགས་ཀྱི་གདོང་ནས་བྱས་ན་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལས་ཐལ་ནས་འགྲོ་བས་མི་རུང་ངོ༌། །དེའི་ཕྱིར་སྲིད་དུ་ཆ་ཆུང་བཅུ་གཉིས་ཡིན་ལ་ཞེང་དུ་ནི་ཆ་ཆུང་གཅིག་འཐོབ་བོ། །འདི་ལ་སྒོ་ ལོགས་ཀྱི་གདུང་གི་སྟེང་དུ་རྩིག་པ་ལྔ་ནི་མི་བྱེད་པར་ངེས་སོ། །འགྲམ་ལོགས་སྒོ་དང་མི་མཉམ་པ་རྟ་བབས་དཔངས་སུ་སྒོ་ཚད་གསུམ་མ་ལྟར་ན་བྲི་བྱ་ལ་མུན་སྣམ་ཡོད་པས་སྒོ་ལོགས་ཀྱི་གདོང་ནས་སྣ་ཚོགས་རྡོ་རྗེའི་ལྟེ་བའི་མཐའ་ལ་བར་དུ་ཆ་ ཆུང་གཅིག་ཡོད་པས་དེ་བར་དུ་རྩིག་རྒྱུན་འགྲོའོ། །འདི་ལ་སྒོ་ལོགས་ཀྱི་ཐིག་ནང་མའི་རྩེ་ནས་ནང་མའི་རྩེའི་བར་དུ་ཆ་ཆུང་བརྒྱད་པའི་ཐིག་ནི་གདུང་ཆུ་ཆུང་བརྒྱད་པར་ཕྲེང་བ་རྗེས་འབྲང་དང་བཅས་པས་བཤད་དོ། །དེ་ནས་སྒོ་ལོགས་ཀྱི་ཐིག་ཕྱི་མའི་ རྩེ་ནས་རྩེ་གཞན་གྱི་བར་ཆ་ཆུང་བཅུ་པའི་ཐིག་ནི། གདུང་དང་བཅས་པའི་བྲེ་ཕུལ་གྱི་སའམ་ཡ་ཕུབས་ཀྱི་སའམ་གདུང་གི་སྟེང་གི་ཚོན་སྣ་ལྔའི་སར་ཕྲེང་བར་གསུངས་སོ། །ཐིག་དེ་གཉིས་ཀྱི་བར་གྱི་ཞེང་ཚད་ཆ་ཆུང་གཅིག་པ་ལ་རྩིག་པ་ལྔ་བྱེད་ པ་ནི་བྲི་བྱ་ལ་ཡིན་གྱི། བསྒོམ་བྱ་ལ་སྒོ་ལོགས་ཀྱི་གདུང་ཆ་ཆུང་བརྒྱད་པའི་སྟེང་དུ་ཡོད་པས་སྒོ་དང་རྟ་བབས་ཀྱི་བར་ན་བར་སྟོང་ཆ་ཆུང་གཉིས་ཡོད་ཅེས་བོད་ཀྱི་བླ་མ་དག་གསུང་ངོ༌། །དེ་ནི་མི་འཐད་དེ། གདུང་གི་སྟེང་གི་རྩིག་པ་ལྔ་ནི་སྒོ་ལོགས་ཀྱི་རྩིག་ པ་ལྔའི་རྒྱུན་ཡིན་པས་དེ་རྣམས་ཀྱི་རྒྱུན་མ་ཆད་པ་དགོས་པའི་ཕྱིར་རོ། །དེས་ན་སྒོ་ལོགས་ཀྱི་གདོང་གི་རྩིག་པ་ལྔ་གདུང་སྟེང་དུ་འོངས་པ་ཡིན་ན་ནི་བྲི་བྱ་ཇི་ལྟ་བ་བཞིན་རྩིག་དགོས་པས། དེའི་ས་སྒོ་དང་རྟ་བབས་ཀྱི་བར་སྟོང་དུ་འོང་དོན་མེད་ལ། སྒོ་ལོགས་ 3-2-169a ཀྱི་རྩིག་པ་ནང་མའི་མཚམས་ནས་རྩིག་པ་ཕྱི་མའི་བར་ལ་ཁྲིགས་ཆོད་དུ་བཏང་ན་ནི་འཕྲེང་བ་ལས་བཞི་པ་ནི་ཆ་ཆུང་བཞི་པའོ་ཞེས་སྒོ་ལོགས་ཀྱི་ཕྱི་ལ་ཆ་ཆུང་བཞི་བཤད་པ་དང་འགལ་ལོ། །གདུང་ལ་ཆ་ཆུང་བརྒྱད་དུ་བཤད་ པ་ལ་འཁྲུལ་བར་མི་བྱ་སྟེ། དེ་ནི་སྒོ་ལོགས་ནང་མའི་རྩེ་ཕན་ཚུན་དུ་འགྲོ་བའི་གདུང་གི་ཚད་ལ་དངོས་སུ་གསུངས་པས་དེ་ནས་ཕྱི་ལ་གདུང་མི་འགྲོ་བ་ག་ལ་ཡིན། དེས་ན་སྒོ་ལོགས་ཀྱི་གདོང་གི་རྩིག་པ་ཕྱི་ནང་ལྔ་མཉམ་པོར་མེད་ཀྱི། རིང་ཐུང་དུ་ཡོད་པ་ ལྟར་གདུང་ཡང་བསེགས་གར་རིང་ཐུང་དུ་རྩིག་པ་ཕྱི་མའི་རྩེ་མོ་བར་དུ་འགྲོ་བས་གདུང་གི་ཕྱི་མཐའ་ལ་ཆ་ཆུང་བཅུ་ཅུང་མེད་ཅིག་འོང་ངོ༌། །འདི་ལ་གདུང་ལེབ་ཆེན་པོ་གཅིག་གམ་ཡང་ན་བྲེ་ཕུལ་དང་བཅས་པའི་གདུང་འགྲོ་བར་བཤད་པས་གདུང་གི་ ཞེང་དེ་ཙམ་དུ་འགྲོའོ། །དཔེར་ན། སྒོ་ལོགས་ཕྱི་མའི་རྩེ་ནས་གཞན་གྱི་རྩེའི་བར་གྱི་ཐིག་ལ་ཆ་ཆུང་བཅུ་ཡོད་པར་བཤད་ཅིང་དེ་ཉིད་ཚོན་སྣ་ལྔའི་སར་ཡང་གསུངས་པ་ལ་ཚོན་སྣ་ཕྱི་མ་མ་གཏོགས་པ་ནང་མ་བཞིའི་ས་ལ་ཆ་ཆུང་བཅུ་ཡོད་མི་ དགོས་པ་བཞིན་དུ། གདུང་ཆ་ཆུང་བརྒྱད་པ་ཡང་ནང་གི་འགྲོ་མཚམས་ཡིན་གྱི་ཕྱི་ལ་ཚད་དེར་ངེས་མི་དགོས་སོ། །སྡོམ་འབྱུང་འགྲེལ་པ་ལས། ཆ་ཆུང་བརྒྱད་པའི་སྟེང་དུ་གདུང༌། །ཆ་ཆུང་བཅུ་པར་ཤེས་པར་བྱ། །ཞེས་གདུང་ཆ་ཆུང་བཅུ་པར་ གསུངས་པ་ཡང་ཡོད་དེ་སྒོ་ཚད་གཅིག་མ་ལའོ། །འདི་ལ་འོག་གི་སྒོ་ལོགས་ཀྱི་གདོང་ཇི་ལྟར་བྱ་བ་མི་གསལ་ཡང་འགྲམ་ལོགས་སྒོ་དང་མཉམ་པ་བཞིན་རྩིག་གདོང་ལྔ་མཉམ་པོར་མེད་ལ་དེ་མི་མཛེས་པས་ཐད་ཀར་སོང་པའི་མཚམས་ནས་ 3-2-169b ཅུང་ཟད་རེ་རིམ་གྱིས་ངོས་སུ་འོངས་པ་བྱས་ན་མཛེས་སོ། །རྟ་བབས་དཔངས་སུ་སྒོ་ཚད་གཅིག་མ་ལ་ནི། སྒོ་ལོགས་ཀྱི་ཕྱི་ནང་ནི། འགྲམ་པ་ལས་རིང་དུ་འགྲོ་དགོས་པར་སྔར་བསྒྲུབས་ཟིན་པས་སྒོ་ལོགས་ཀྱི་གདོང་གི་རྩིག་པ་ཕྱི་མས་སྣ་ཚོགས་རྡོ་རྗེའི་ལྟེ་བའི་མཐའ་ བར་དུ་འགྲོ་བ་ཡིན་ནོ། །གདུང་གིས་ནི་འོག་གི་ཆའི་དབང་དུ་བྱས་ལ། ཚོན་སྣ་ལྔའི་ས་ནི་སྟེང་གི་དབང་དུ་མཛད་ཅིང༌ཡ་ཕུབས་ཀྱི་ས་ནི་དེ་གཉིས་ཀ་ལ་འཇུག་པས་འགྲམ་ལོགས་སྒོ་དང་མཉམ་པ་མིན་པ་རྣམས་ལ་སྟེང་དུ་སྒོ་ལོགས་གཉིས་ཀྱི་རྩིག་རྒྱུན་ བྲི་བྱ་བཞིན་དུ་འོང་བ་བྱས་ན་མཛེས་པར་སྣང་ངོ༌། །དེ་ལྟར་ལུགས་གསུམ་ག་ལ་སྒོ་ལོགས་ཀྱི་གདུང་གི་འོག་གི་ཀ་བ་གཉིས་བྲི་བྱ་ལ་མེད་ཀྱང་བསྒོམ་བྱ་ལ་ཡོད་དེ། གྲུ་བཞི་བ་ལ་སྒོ་བཞི་པ། །ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས། །ཞེས་པའི་ལུང་གིས་སོ། །གལ་ཏེ་དེས་ མི་འགྲུབ་སྟེ་དེ་ནི་དཀྱིལ་འཁོར་ནང་གི་ཀ་བ་བརྒྱད་ཡིན་ནོ་སྙམ་ན་མི་འཐད་དེ། ནང་གི་ཀ་བ་བརྒྱད་ནི་བདེ་མཆོག་ལ་སོགས་པའི་དཀྱིལ་འཁོར་འགའ་ཞིག་ལ་མེད་པས། ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས། །ཞེས་གསུངས་པ་ཡང་དཀྱིལ་འཁོར་ཐམས་ཅད་ཀྱི་ ཁྱབ་བྱེད་ཡིན་པས་སོ། །འདི་ལ་བོད་ཀྱི་བླ་མ་ཁ་ཅིག་དཀྱིལ་འཁོར་གྲུ་བཞི་སྒོ་གཅིག་པ་དང་ཟླུམ་པོ་སྒོ་བཞི་པ་སོགས་བཤད་ཅིང༌། མཁའ་འགྲོ་རྒྱ་མཚོ་དང་ངེས་བརྗོད་བླ་མར་བདེ་མཆོག་གི་དཀྱིལ་འཁོར་འགའ་ཞིག་ལ་ནང་གི་ཀ་བ་བརྒྱད་ཀྱང་བཤད་པས་ ཚིག་དེ་དཀྱིལ་འཁོར་ཀུན་གྱི་ཁྱབ་བྱེད་དོ་ཞེས་པ་ནི། པཎྜི་ཏས་མཉམ་པར་མ་བཞག་པའོ་ཞེས་གསུངས་པ་ནི་ཕྱོགས་སྔ་མ་ལོངས་བར་སྣང་སྟེ། ཕྲེང་བ་ལས་དཀྱིལ་འཁོར་ཀུན་གྱི་ཁྱབ་བྱེད་དུ། ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས། །ཞེས་པའི་རྐང་པ་གཅིག་པོ་དེ་དྲངས་ཀྱི། 3-2-170a གྲུ་བཞི་པ་ལ་སྒོ་བཞི་པ། །ཞེས་པ་མ་དྲངས་པའི་ཕྱིར། དཀྱིལ་འཁོར་ཟླུམ་པོ་དང་གྲུ་བཞི་སྒོ་གཅིག་པ་བྱུང་བས་ཅི་ཡང་མི་གནོད་དོ། །ཀ་བ་བརྒྱད་ཀྱིས་མཛེས་ས་ནི་གྲུ་བཞི་པ་ལ་སྒོ་བཞི་པ་ཡིན་ལ། ཀ་བ་བརྒྱད་ནི་མཛེས་བྱེད་ཡིན་ པས་དཀྱིལ་འཁོར་གྲུ་བཞི་སྒོ་བཞི་ཐམས་ཅད་ལ་ཀ་བ་བརྒྱད་ཀྱིས་མཛེས་པ་ཁྱབ་བྱེད་དུ་བྱེད་ཀྱི། དཀྱིལ་འཁོར་འདུག་ཚད་ལ་བྱེད་པ་མིན་ལ། བདེ་མཆོག་གི་དཀྱིལ་འཁོར་ལ་ཀ་བ་བརྒྱད་བྱུང་ཡང་མི་གནོད་དེ། འདིར་གྲུ་བཞི་སྒོ་བཞི་པའི་བདེ་མཆོག་གི་ དཀྱིལ་འཁོར་ལ་ནང་དུ་ཀ་བ་བརྒྱད་མེད་པ་ཞིག་བྱུང་ན་དེས་ཆོག་པའི་ཕྱིར་ཏེ། གྲུ་བཞི་སྒོ་བཞི་ལ་ཀ་བ་བརྒྱད་ངེས་པར་ཡོད་པར་གསུངས་པའི་ཀ་བ་བརྒྱད་ནང་གི་ཀ་བ་ལ་འདོད་པ་འགོག་པའི་སྐབས་ཡིན་པས་སོ། །གལ་ཏེ་སྒོའི་གཞོགས་ཀྱི་ཀ་བ་ བརྒྱད་ལ་དགོངས་ནས། ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས། །ཞེས་གསུངས་པས། སྒོ་ལོགས་ཀྱི་གདུང་གི་འོག་གི་ཀ་བ་བསྟན་མི་དགོས་སོ་སྙམ་ན། གྲུ་བཞི་པ་ལ་སྒོ་བཞི་པ། །ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས། །ཞེས་གསུངས་པའི་མཛེས་ས་ནི་གཞལ་ཡས་ཁང་ དུ་སྣང་ལ། སྒོའི་གཞོགས་ཀྱི་ཀ་བ་རྣམས་ནི་རྟ་བབས་ཀྱི་ཀ་བ་ཡིན་པས་ཇི་ལྟར་ན་དེ་ལ་དྲང་དུ་རུང་བ་སོམས་ཤིག སྒོ་ལོགས་ཀྱི་གདུང་གི་འོག་ཏུ་ཀ་བ་གཉིས་ཡོད་པ་རྒྱུ་མཚན་དུ་བྱས་ནས་སྒོ་ཁྱུད་སོགས་གསུམ་པོ་གཅིག་སྟེང་དུ་གཅིག་ཡོད་པར་འདོད་ པ་ནི་གསུང་རབ་ཀྱི་དོན་མ་ཤེས་པར་གསུངས་ཏེ། བསླངས་ན་འགྲམ་པའི་ས་བར་སྣང་ལ་སྡོད་མི་ཉན་པས་ལོགས་ཀྱི་རྩིག་པའང་མི་རུང་ལ་དེའི་ཕྱིར་སྒོ་ལོགས་ཀྱི་གདུང་མེད་པས་དེའི་འོག་གི་ཀ་བ་མེད་པས་སོ་སྙམ་དུ་དགོངས་སོ། །གཉིས་པ་ནི། ཕ་གུ་ནི་ 3-2-170b རྩིག་པའི་སྟེང་ནས་སྒོ་ལོགས་ཀྱི་རྩེ་མོའི་བར་དུ་རྩིག་པ་ཇི་ལྟར་སོང་བ་བཞིན་ཡོད་དོ། །དེ་ལ་ཕྲེང་བ་ལས། རིན་པོ་ཆེའི་སྣམ་བུ་ལ་ནི་ཟུར་གསུམ་དང་ཐིག་ལེ་དང་གྲུ་བཞི་དང་ཟླུམ་པོ་རྣམས་གོ་རིམས་བཞིན་དུ་རིན་པོ་ཆེས་སྤྲས་པ་ནི་ཀ་བ་སོ་སོའི་གཞོགས་སུའོ། །ཞེས་ གསུངས་ཏེ། ཀ་བའི་གཞོགས་སུ་ཡོད་པར་གསུངས་པ་ནི་བྲི་བྱ་ལ་དགོངས་སོ། །ཕ་གུ་རྩིག་པ་ལས་ཆ་ཆུང་ཕྱེད་ཀྱིས་འཕྱར་དུ་ཡོད་པར་བླ་མ་དག་བཞེད་དེ། དེ་ལྟ་ན་ཆ་ཆུང་ཕྱེད་ཀྱིས་རྩིག་པའི་སྟེང་ནོན་པ་བྱ་དགོས་སོ། །དྲ་བའི་སྣམ་བུ་ལ་གསེར་གྱི་སྐ་རགས་ བཞིའི་ཕྱི་ངོས་སུ་ཆུ་སྲིན་མ་ཀ་རའི་ཁ་ནས་བྱུང་བའི་དོ་ཤལ་དང་དོ་ཤལ་ཕྱེད་པ་འཕྱང་བྱ་བ་ཙམ་མ་གཏོགས་པ་ཕ་གུའི་སྟེང་ནས་ཇི་ལྟར་ཡོད་མ་གསུངས་ལ། བོད་ཀྱི་བླ་མ་དག་ཕ་གུའི་སྟེང་དུ་གཞི་ནག་པོར་བཤད་པས་བར་སྟོང་ལ་བར་སྐབས་སུ་སྐ་རག་ འདེགས་པའི་རིན་པོ་ཆེའི་བྲེ་ཕུལ་བྱེད་ཅིང་སྟེང་གི་དཔངས་བྲི་བྱ་བཞིན་བཞེད་དོ། །དེ་ལ་དོ་ཤལ་ནི། སྐུད་པ་དམར་པོ་ལ་བརྒྱུས་པའི་མུ་ཏིག་གི་ཕྲེང་བ་གློ་གཉིས་དང་སྟེང་དང་འོག་ཏུ་གསེར་གྱིས་བཅིངས་པའི་ནོར་བུ་དབུས་ན་ཡོད་པའོ། །དོ་ཤལ་ཕྱེད་པ་ནི། དོ་ ཤལ་གློ་གཉིས་སུ་དོ་ཤལ་ལས་ཅུང་ཟད་ཐུང་བར་འཕྱང་བའི་རིན་པོ་ཆེའི་ཕྲེང་བ་དྲང་པོ་བྱ་བར་གསུངས་པས་དོ་ཤལ་ནི་ཁུག་པར་ཡོད་པར་བསྟན་ཏོ། །དོ་ཤལ་ཕྱེད་པའི་རྩེ་མོ་ལ་གསེར་གྱིས་བསྡམས་པའི་ནོར་བུ་སྦོམ་པོ་དང༌། ཁ་ཅིག་ཏུ་རིན་པོ་ཆེའི་ ཡུ་བ་ཅན་གྱི་རྔ་ཡབ་དང་དྲིལ་བུའི་མཐར་རྔ་ཡབ་འཕྱང་བའི་ཚུལ་གསུམ་གསུངས་པས་རེ་རེའི་རྩེ་མོ་ལ་དེ་གསུམ་གང་རུང་རེ་བྱས་ཏེ་སྤེལ་ལོ། །འདི་ལ་སློབ་དཔོན་ཁ་ཅིག་ནི། སྔར་གྱི་དྲ་ཕྱེད་དེའི་གློ་གཉིས་སུ་ཡིད་དུ་འོང་བའི་མེ་ཏོག་གི་ཕྲེང་བའི་དྲ་ཕྱེད་ 3-2-171a དང་དེའི་གློར་གོས་སྣ་ཚོགས་པའི་དྲ་ཕྱེད་བཞེད་པར་གསུངས་ཏེ། དེའི་ལྟར་ན་དྲ་ཕྱེད་ལྔ་སྒྲིགས་སམ་བཞི་སྒྲིགས་འོང་ངོ༌། །སློབ་དཔོན་གཞན་ནི་མེ་ཏོག་གི་ཕྲེང་བའི་དོ་ཤལ་ཕྱེད་པ་དང་གོས་ཀྱི་ཆུན་པོའི་དོ་ཤལ་བྱེད་པར་གསུངས་ ཏེ། དེ་བྱེད་པའི་གནས་ལ་འགྱུར་ཁ་ཅིག་ལས་བར་རྣམས་སུ་ཞེས་འབྱུང་ལ། ཁ་ཅིག་ལས་གྲྭ་རྣམས་སུ་ཞེས་འབྱུང་ངོ༌། །དོ་ཤལ་གྱི་ནང་དུ་ཁ་ཅིག་ཏུ་ནི་པདྨ་ལ་ཟླ་ཚེས་དང་དེའི་སྟེང་དུ་ཉི་མ་ལ་རྡོ་རྗེ་ཕྱེད་པས་མཚན་པའོ། །ཁ་ཅིག་ཏུ་ནི་རིན་པོ་ཆེའོ། །ཁ་ ཅིག་ཏུ་ནི་པདྨ་ལ་གནས་པའི་རྡོ་རྗེ་བྱ་བར་གསུངས་ཏེ་ཕྱི་མ་འདི་རྡོ་རྗེ་རྫོགས་པའོ། །རིན་པོ་ཆེའི་ཤར་བུ་ནི། བྱ་འདབ་ལས་དཔྱངས་བར་ཤེས་པར་བྱའོ་ཞེས་གསུངས་ཏེ། སྐ་རགས་བཞིའི་སྟེང་ནས་ཕུབས་པའི་བྱ་འདབ་ཀྱི་ཕྱམ་སྣ་ལས་འཕྱང་བའོ། ། ཤར་བུའི་སྣམ་བུ་ལ་ཇི་ལྟར་འབྲི་བ་ནི། ཁ་ཅིག་ཏུ་རིན་ཆེན་ཤར་བུའི་ཆ་ཆུང་བདུན་པ་རྣམས་ལ་རིན་པོ་ཆེ་རྣམས་བྲི་བར་བྱའོ་ཞེས་གསུངས་སོ། །ཞེས་ཤར་བུ་འབྲི་བ་དང་རིན་པོ་ཆེ་འབྲི་བའི་ཚུལ་གཉིས་མཛད་ནས་ཤར་བུ་ཇི་ལྟར་འབྲི་བ་མ་གསུངས་ སོ། །བོད་ཀྱི་བླ་མ་དག་མཆུ་མེད་པའི་སྤྱི་བླུགས་མགོ་མཇུག་བཟློག་པ་ལྟ་བུའམ་རུས་རྒྱན་རྙིང་བའི་ཟ་ར་ཚགས་ཀྱི་སྣེ་མོའི་རྣམ་པ་ཅན་དུ་བཞེད་པའི་ཕྱི་མ་ནི། དཔྱལ་གྱིས་བསྒྱུར་བའི་ཀླུ་བྱང་གི་དཀྱིལ་ཆོག་ལས། ཟ་ར་ཚགས་དང་བྲེ་ཕྲེང་སོགས་ཞེས་ ཤར་བུ་ཟ་ར་ཚགས་སུ་བསྒྱུར་བ་དང་མཐུན་ནོ། །འདི་ལ་མིང་གཞན་བཱ་ཀུ་ལི་ཞེས་ཀྱང་འབྱུང་ངོ༌། །ཕྲེང་བ་ལས་ཤར་བུའི་སྐབས་སུ་བྱ་འདབ་ལས་དཔྱངས་པ་ཞེས་གསུངས་པའི་བྱ་འདབ་ནི། གཞལ་ཡས་ཁང་དངོས་གཞིའི་ཐོག་བཀབ་པའི་ཕྱི་ 3-2-171b མཚམས་ནས་བྱ་འདབ་གུད་དུ་འདོགས་པར་བླ་མ་རྣམས་བཞེད་དོ། །མདའ་ཡབ་ཐད་གང་དུ་ཡོད་པ་དང་ཇི་ཙམ་ཞིག་ཏུ་ཡོད་པ་ནི། ཕྲེང་བ་ལས། འདིར་ཆ་ཆུང་བརྒྱད་པའི་མདའ་ཡབ་ཀྱིས་ཇི་ལྟར་གཞལ་ཡས་ཁང་མཛེས་པ་དེ་ལྟར་མདའ་ཡབ་དང་བྲལ་ ན་མགོ་བཅད་པ་ལྟ་བུའི་རིན་པོ་ཆེའི་ཤར་བུ་རྣམས་ཀྱིས་ནི་མ་ཡིན་ཞིང་ལྷ་ཁང་ཆེན་མོ་རྣམས་ལའང་མཐོང་བས་འདིར་བྲི་བྱའི་དཀྱིལ་འཁོར་ལ་མདའ་ཡབ་ནི། དར་དཔྱངས་ཀྱི་ཐིག་གི་བར་དུའོ། །བསྒོམ་བྱའི་དཀྱིལ་འཁོར་ལ་ནི་སྒོ་ལོགས་ཀྱི་ སྟེང་གི་བར་དུ་སྟེ་མདའ་ཡབ་རྣམས་ནི་ལོགས་ཅན་དང༌། ཞེས་རྡོ་རྗེ་ཕྲེང་བའི་རྒྱུད་དུ་གསུངས་པའི་ཕྱིར་རོ། །ཞེས་རྩ་ཐིག་ནས་ཆ་ཆུང་བརྒྱད་སོང་བའི་ཆ་ཆུང་བརྒྱད་པ་ལ་ཡོད་ན་གཞལ་ཡས་ཁང་མཛེས་ཀྱི། བདུན་པ་ཚུན་ཆད་དུ་བྱས་ན་ཤར་བུ་ རྣམས་མགོ་བཅད་པ་ལྟར་འགྱུར་བས་མི་མཛེས་པར་གསུངས་པས། འོག་གི་ཤར་བུ་གང་ན་ཡོད་པའི་སྟེང་ཉིད་ན་ཡོད་པ་བྱའོ། །འདིའི་སྐད་དོད་ཀྲ་མ་ཤིརྵ་ཞེས་པ་དྲང་པོར་བསྒྱུར་ན་མགོ་བོའི་རིམ་པར་འགྱུར་རོ། །ཁ་ཅིག་གིས་བྲེ་ཕྲེང་ཞེས་པར་ཡང་ བསྒྱུར་རོ། འདི་བྲི་བྱ་ལ་དར་དཔྱངས་ཀྱི་ཐིག་གི་བར་ལས་མེད་ཀྱང་བསྒོམ་བྱ་ལ་སྒོ་ལོགས་ཀྱི་སྟེང་གི་བར་དུ་ཡོད་པར་གསུངས་པས། དེའི་འོག་གི་ཤར་བུ་དང་དྲ་བ་དྲ་ཕྱེད་དང་ཕ་གུ་རྣམས་ཀྱང་དེ་ཙམ་དུ་ཡོད་པ་ཡིན་ནོ། །མདའ་ཡབ་ཀྱི་དབྱིབས་ནི་པདྨ་ འདབ་མ་ཕྱེད་པའི་དབྱིབས་ཅན་དུ་ཕྲེང་བར་གསུངས་ཤིང༌། རྡུལ་ཚོན་གྱི་རྩིག་པ་ལ་ནི། ཕ་གུ་དང་དྲ་བ་དྲ་ཕྱེད་དང་ཤར་བུ་རྣམས་རིམ་པ་བཞིན་དུ་སྟེང་དུ་བརྩེགས་པས་གསུངས་པའི་རྡུལ་ཚོན་གྱི་རྩིག་པ་ཞེས་པ་ནི་ཚོན་སྣ་ལྔའི་རྩིག་པ་ལ་རྡུལ་ 3-2-172a ཚོན་ཁོ་ན་ལ་མི་གཟུང་ངོ༌། །འོན་ཀྱང་ཤར་བུ་ནི། དྲ་བ་དྲ་ཕྱེད་ཀྱི་ཕྱི་ངོས་སུ་གནས་ཀྱི་བྲིས་པ་ལྟར་མེད་དོ། །བྱ་འདབ་ཀྱི་ཞེང་ལ་རྒྱ་གཞུང་ནས་བཤད་པ་མ་བྱུང་ལ་བོད་ཀྱི་བླ་མ་རྣམས་འདོད་སྣམ་གྱི་མཐའ་དང་མཉམ་པ་ཙམ་ དུ་བཞེད་པ་ལ་སྒོ་ཁྱུད་དང་སྒོ་འགྲམ་གྱི་ཐད་དུ་ཚད་དེ་བྱས་མི་བདེ་བས་བཞེངས་པ་ལ་གཅིག་ཕག་ཏུ་གཅིག་སོང་བ་ལ་སོགས་པའི་ཐབས་ཀྱིས་ཅི་མཛེས་བྱ་གསུང་ངོ༌། །སྟེགས་བུ་ནི། བྲི་བྱ་ལ་ཇི་ལྟར་ཡོད་པ་ལྟར་བསྒོམ་བྱ་ལ་ཡང་ཡིན་པས་སྒོའི་ཐད་ཀར་ ཆད་ནས་མེད་དོ། །དེའི་ཕྱིར་ཁ་ཁྱེར་བཞི་ཞེས་ཀྱང་གསུངས་སོ། །དེ་ལ་གཟུངས་ཀྱི་སྣམ་བུ་དང་གར་གྱི་སྣམ་བུ་ཞེས་ཀྱང་བརྗོད་དོ་ཞེས་པ་ཙམ་ལས་ལྷ་མོ་དགོད་པ་འདིར་མ་བཤད་ཀྱང་གར་སྟབས་ལ་སོགས་པའི་བཞུགས་སྟབས་དང་ཁ་དོག་སྣ་ཚོགས་ པའི་ལྷ་མོ་རྣམས་དགོད་དོ། །སྒོ་དང་སྒོ་ཁྱུད་ཀྱི་མཚམས་རྣམས་སུ་ཟླ་ཚེས་ལ་གནས་པའི་རིན་པོ་ཆེ་དམར་སེར་ལྗང་ནག་གང་རུང་ལ་སྟེང་དུ་རྡོ་རྗེ་ཕྱེད་པའམ་ཡོངས་རྫོགས་ཀྱི་རྡོ་རྗེས་མཚན་པ་བྱ་སྟེ་ཟླ་བ་ནས་རྡོ་རྗེའི་བར་ལ་ཆ་ཆུང་གཅིག་པའོ། །འདི་ འཕྲེང་བར་ལུང་དྲངས་པ་ལས་ཕྱིའི་མཚམས་སུ་བྱ་བར་གསུངས་ཤིང༌། སྟེགས་བུའི་ཕྱི་དང་ནང་གི་ཟུར་རྣམས་སུ། །ཟླ་བ་ཉི་མ་རིན་ཆེན་རྡོ་རྗེ་དག །རྡོ་རྗེས་མཚན་པའམ་རིན་ཆེན་གཅིག་པུ་ཉིད། །མཁས་པ་རྣམས་ཀྱིས་རིམ་བཞིན་ཡང་དག་བྲི། །ཞེས་ གསུངས་པ་ལྟར་འདོད་སྣམ་གྱི་ཕྱི་ནང་གི་ཟུར་གཉིས་ཀར་ཡང་ཟླ་ཉི་སོགས་བྱའོ། །ཕྱོགས་རྣམས་སུ་པདྨ་འདབ་མ་ཕྱེད་པའི་དབྱིབས་ཅན་གྱི་མདའ་ཡབ་རྣམས་ལ་གསེར་གྱི་བུམ་པའམ་རིན་པོ་ཆེའི་བུམ་པ་ལ་གནས་པའི་རྒྱལ་མཚན་དང་བ་དན་བརྒྱད་དེ། 3-2-172b ཞེས་གསུངས་པས་ཕྱོགས་སྤྱིར་བསྡོམས་ནས་རྒྱལ་མཚན་བརྒྱད་དང་བ་དན་བརྒྱད་ཡིན་གྱི། ཕྱོགས་རེ་ལ་བཅུ་དྲུག་གམ་བརྒྱད་མིན་ནོ། །འཛུགས་ས་ནི་ཁ་ཅིག་མདའ་ཡབ་ཀྱི་སྣམ་བུ་ལ་བྱ་ཡི་མདའ་ཡབ་མིན་པའམ་ཡང་ན་མདའ་ཡབ་ཀྱི་དཔུང་པ་ལ་བཞེད་མེད་ ཀྱང་པདྨ་ཕྱེད་པའི་དབྱིབས་ཅན་གྱི་མདའ་ཡབ་ཅེས་གསལ་བར་གསུངས་པས་མདའ་ཡབ་ཡིན་ཞིང་དེའི་ཡང་དཔུང་པ་གཉིས་ཀྱི་དབུས་མ་ལ་བུམ་པ་ཡོད་པའི་ཁར་གཙུགས་སོ། །རྒྱལ་མཚན་ནི། ཟླ་ཚེས་དང་རིན་པོ་ཆེ་དང་རྡོ་རྗེ་དང་ལྡན་པའི་རྩེ་མོ་ཅན་གྱི་རིན་པོ་ཆེའི་ དབྱུག་པ་ལ་བཅིངས་ཤིང༌། དྲིལ་བུ་འཁྲོལ་བ་བཅིངས་པའི་དར་ལྕེ་གསུམ་པ་རྩེ་མོ་ལ་རི་དྭགས་ཀྱི་རྒྱལ་པོ་དང་ངང་པའི་རྒྱལ་པོ་དང་ཀླུ་ཟ་བ་དང་ཉ་སྤུ་རྒྱལ་པ་དང་ཆུ་སྲིན་གྱིས་མཚན་པ་རླུང་གིས་བསྐྱོད་པས་སུམ་ཁུགས་སུ་འཁྱོག་ཅིང་འགྱིང་བའི་ཆ་བྱད་ཅན། དྲིལ་ཆུང་གི་སྒྲ་སྒྲོགས་པ་ལས་སིལ་སིལ་ཞེས་ཟེར་བ་རྔ་ཡབ་དང་བཅས་པའོ། །སྲོག་ཆགས་ཀྱི་མཚན་མ་བྱེད་པའི་རྩེ་མོ་ནི་དར་ལྕེའི་རྩེ་མོའོ། །བ་དན་ཡང་སྲོག་ཆགས་ཀྱི་མཚན་མ་མ་གཏོགས་པ་དེ་དང་འདྲའོ། །དེ་རྣམས་ཕྱོགས་རེ་རེར་བཞི་བཞིའོ། །གྲྭ་བཞིར་མདའ་ ཡབ་ཀྱི་སྟེང་དུ་གདུགས་བཞི་བྱ་སྟེ་ཚད་ནི་རྟ་བབས་ཀྱི་གདུགས་ལྟར་རོ། །གཉིས་པ་ནི། གཞལ་ཡས་ཁང་ཕྱི་མའི་དབུས་སུ་རེའུ་མིག་དགུ་པའི་རྡོར་ཕྲེང་གི་སྣམ་བུ་ནི། དཔལ་མཆོག་འགྲེལ་པ་ལས། སངས་རྒྱས་ཐམས་ཅད་བར་ཆད་མེད་པར་རྡོ་རྗེ་ཐེག་པའི་ཚུལ་ གྱིས་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བས་ཀ་བ་བརྒྱད་ཀྱི་སྟེང་དུ་རྡོ་རྗེ་ཕྲེང་བ་ཟླུམ་པོས་ཡོངས་སུ་བསྐོར་བའོ། །ཞེས་ཀ་བའི་སྟེང་དུ་རྡོ་རྗེའི་གདུང་ཟླུམ་ཡོད་པར་བཤད་པ་དེ་ཁོ་ན་ལ་བྱས་ནས་ས་ལ་མ་བྱས་ན་ནང་གི་དཀྱིལ་འཁོར་མཚམས་གང་ནས་ཡོད་པའི་ཁྱད་ 3-2-173a པར་ངོས་མི་ཟིན་པས་སྒོ་སྦྲག་མེད་པ་རྣམས་ལ་ས་ལ་ཡང་དེ་འདྲ་བའི་རྩིག་པ་ཡོད་དགོས་སོ། །ཟླུམ་པོའི་དབུས་སུ་གཙོ་བོའི་གནས་ཀྱི་ཕྱིའི་གྲུ་བཞི་པའི་སྣམ་བུ་ནི། གཙོ་བོའི་མཚན་མ་དང་གཙོ་བོའི་སྣམ་བུར་ཕྲེང་བར་གསུངས་ པས་ས་ལ་དེ་ལྟར་གནས་པའོ། །གཞན་ལྷ་གནས་ཀྱི་ཕྱི་ངོས་སུ་ཕྱོགས་ཕྱོགས་སུ་སོང་བའི་ཐིག་གཉིས་ཀྱི་བར་གྱི་ས་ནི། ཀ་བ་ཡིན་པས་གདུང་དུ་འདོད་པ་མི་རིགས་ཏེ། ཀླུའི་བློས། རྡོ་རྗེས་མཚན་ཞིང་ལེགས་མཛེས་པའི། །ཀ་བ་བརྒྱད་ནི་ནང་དུ་བྲི། །དེ་ཉིད་ དུ་ནི་རེའུ་མིག་དགུ། །རྡོ་རྗེ་ཀ་བའི་བར་བར་དུའོ། །ཞེས་གསུངས་ཏེ་དེ་ལྟར་བཤད་པ་མང་ངོ༌། །སྙེ་མ་བཅོ་བརྒྱད་པ་ལས། དེའི་སྟེང་དུ་སོ་སོར་ཡང་དག་པར་རིག་པ་བཞི་རྣམ་པར་དག་པས་གདུང་བཞི་སྟེ་གཞན་གྱི་དོན་གྱི་ཁུར་འཁུར་བར་ནུས་པའི་ཕྱིར་རོ། ། ཞེས་གསུངས་པས་ཀ་བའི་སྟེང་དུ་གདུང་བཞི་ཡོད་དོ། །རྩེ་མོ་ལས་གཅོ་བོའི་ཁྲི་ལ་དཔག་ཚད་བརྒྱད་ཁྲི་དང་དེ་བཞིན་གཤེགས་པ་བཞིའི་ཁྲི་ལ་དྲུག་ཁྲི་རེ་བཤད་པས། དབུས་ཀྱི་རེའུ་མིག་ནི་ཕྱོགས་བཞིའི་རེའུ་མིག་ལས་བཞི་ཆས་ཆེ་བ་བྱས་ན་བྲི་ བྱ་ལ་ཀ་ཐིག་གིས་བཅད་པས་ཤོང་ས་མེད་ཀྱང་གློས་སློང་བཞེངས་པ་ལ་དེ་མེད་པས་རུང་ངོ་ཞེས་བོད་ཀྱི་མཁས་པ་དག་གསུང་ངོ༌། །འདི་ལ་གཙོ་བོའི་གནས་ཀྱི་མཐའི་གྲུ་བཞི་པ་ནི་གདུང་བསྣོལ་མར་བཏང་བའི་རེའུ་མིག་དབུས་མ་མིན་ཏེ། བྲིས་པ་ ལ་གདུང་བཞི་མེད་པའི་ཕྱིར་རོ། །ཀ་བ་ཡང་མིན་ལ་གཙོ་བོའི་དབུས་ཀྱི་ས་གཅོད་བྱེད་ཡིན་པས་གློས་སློང་ལ་ཡང་དེ་ས་ལ་གནས་དགོས་པས་བྲི་བྱ་ལ་རྒྱ་ཆེ་ཆུང་མི་རུང་ན་གློས་སློང་ལ་ཡང་མི་རུང་ངོ༌། །དེས་ན་ཚུལ་དེ་ནི་དེ་བཞིན་གཤེགས་པ་ལྔའི་ 3-2-173b གནས་ལ་ཆེ་ཆུང་འདོད་པའི་ལུགས་ཡིན་པས་དེ་བྱེད་ན་ཆེ་ཆུང་མི་བྱེད་པའི་ཐིག་སོན་མི་འཇོག་དགོས་པས་བྲི་བྱ་ལ་ཡང་བཞི་ཆས་ཆེ་བ་བྱ་སྟེ། འདི་ཐིག་ཇི་ལྟ་བ་བཞིན་བཏབ་ནས་རས་བྲིས་བྱེད་པ་ལ་གྲྭའི་ས་རུ་ལྷ་ཡོད་ན་བྲི་ཅུང་ཟད་དཀའ་ཡང་གཙོ་བོའི་ས་ ལ་ཁྱད་ཆེ་བར་སྣང་ངོ༌། །འཕྲེང་བ་ལས་ཐིག་རྣམས་ཤིན་ཏུ་རྒྱས་པར་གསུངས་ཀྱང་ཐོག་འབུབས་ལུགས་མི་གསལ་ཞིང་རྒྱ་གཞུང་ཁུངས་ཐུབ་གཞན་ལས་ཀྱང་གསལ་བར་མ་བཤད་པས། ཐོག་སྤྱི་དང་ཁྱད་པར་དུ་གཞལ་ཡས་ཁང་སྦྲག་མའི་ཐོག་ བྱེད་ལུགས་ལ་ངེས་པ་ཐོབ་པར་དཀའོ། །བོད་ཀྱི་མཁས་པ་དག་ཀོ་ས་ལར་སྒོ་རེ་རེའི་ཐད་ཀར་ཀ་བ་གཉིས་གཉིས་ཏེ། མཐའ་གཅིག་ནི་རྡོ་རྗེའི་ཐིག་ལ་བརྟེན་ལ། མཐའ་གཅིག་ནི་དཀྱིལ་འཁོར་གྱི་ལྟེ་བ་ལ་བརྟེན་ནོ། །ཞེས་པས་རྩ་བ་རྩིག་པ་ནས་རྩེ་མོ་དཀྱིལ་ འཁོར་གྱི་དབུས་སུ་སླེབས་པར་བསྟན་པས་ཆ་ཆེན་བཞི་ཡིན་ལ། དེའི་རིགས་པས་དཀྱིལ་འཁོར་ཕྱི་མའི་ཐོག་དཔངས་ཀྱང་རྒྱའི་ཕྱེད་དུ་བྱས་པ་ཡིན་ནོ་ཞེས་གསུངས་ཤིང༌། རྩིག་པ་ལྔའི་དཔངས་ལ་ཆ་ཆེན་གསུམ་དང་ཆ་ཆུང་གཅིག ཕ་གུ་ལ་ཆ་ཆུང་གཅིག དྲ་བ་དྲ་ཕྱེད་ ཀྱི་ས་ལ་ཆ་ཕྲན་གཉིས་ཏེ་དེ་དང་ནང་གི་གདུང་གཉིས་དཔངས་མཉམ་པར་བྱ། སངས་རྒྱས་གསང་པས། ཕུགས་ན་ཀ་བ་བརྒྱད་པོ་ཡིས། །གདུང་ཆེན་བཞི་ཡི་རྩེ་ནས་བཏེག །གདུང་ཆེན་བཞི་ཡི་རེའུ་མིག་ཀྱང༌། །ཕྱམ་རྩ་ཉི་ཤུ་བརྒྱད་ཀྱིས་བཀབ། །དེ་བཞིན་དྲལ་ཐོག་ཅི་རིགས་པའོ། ། ཞེས་བཤད་པ་བཞིན་བྱ་སྟེ་ཡང་ཚངས་ཐིག་དང་རྩ་ཐིག་ཕྲད་མཚམས་ནས་ནང་དུ་ཆ་ཆེན་གཅིག་འོངས་པ་ནས་ངོས་སུ་ཆ་ཆུང་ལྔ་དོར་བའི་མཚམས་སུ་ཞེང་ཆ་ཆུང་གཅིག་པའི་ཀ་བ་བརྒྱད་བཙུགས་ནས་གདུང་འདེགས་པའི་ཐོག་བྱ་བར་བཞེད་དོ། །སངས་རྒྱས་གསང་པས་བྱས་ 3-2-174a ཟེར་བ་དེའི་ལུགས་ཀྱིས་ནང་ན་ཕོ་བྲང་ཟུར་པ་མི་སྣང་བས་དཀྱིལ་འཁོར་དངོས་གཞིའི་ཐོག་འབུབས་ལུགས་སུ་འདུག་ཀྱང་ཀ་བ་འདི་ནས་འཛུགས་དང་ཐོག་དཔངས་ལ་འདི་ཡོད་བཤད་པ་མི་སྣང་ངོ༌། །ཤཱཀྱ་བཤེས་གཉེན་གྱི་ལུང་དེས་ཀ་ བ་ལ་ཆ་ཆེན་བཞི་བསྟན་པར་མི་སྣང་ཡང་སྤྱིར་ནང་ན་ཕོ་བྲང་མེད་པ་དང་ཡོད་པ་གསང་འདུས་གཉིས་ལྟ་བུ་རྣམས་ལ་ཐོག་འབུབས་ལུགས་དེ་འདྲ་ཞིག་འཐད་དམ་བརྟགས་པར་བྱའོ། །སངས་རྒྱས་གསང་བས་མཛད་ཟེར་བ་དེ་ལས། ཕྱི་དབྱིབས་མཆོད་རྟེན་མཁར་ ཐབས་དང༌། །རྒྱལ་ཁབ་རི་བོའི་གུར་དུ་འདོད། །ཅེས་མཆོད་རྟེན་དང་རྫོང་དང་རྒྱལ་པོའི་ཁབ་དང་གུར་དང་འདྲ་བ་བཞི་གང་རུང་དུ་ཕྱིའི་དབྱིབས་བཤད་དོ། །པདྨ་འབྱུང་གནས་ཀྱིས་མཛད་ཟེར་བ་ཡང་སྣང་མོད་ཀྱང་ཡིད་བརྟན་མི་རུང་བར་སྣང་ངོ༌། །བོད་ཀྱི་བླ་མ་ དག་གཞལ་ཡས་ཁང་གི་ཏོག་གི་རྩེ་ནས་རྨང་ལ་ཐུག་པ་དང་ནང་གི་རྒྱ་གཉིས་ཚད་མཉམ་པར་འདོད་པ་ལ་ཡང་ཤེས་བྱེད་ཡང་དག་པ་མ་མཐོང་ངོ༌། །ནང་ཐིག་གཞན་རྣམས་ནི་གོ་སླ་ལ། བདེ་མཆོག་ལྟ་བུ་ལ་ནི་ཚིག་མང་པོ་དགོས་པར་སྣང་བས་མངས་ པས་འཇིགས་པས་མ་བྲིས་སོ། །སྔགས་ཀྱི་ལུགས་ཀྱིས་དང་པོར་སྣོད་རུང་དུ་བྱེད་པ་ལ་ཡང་དཀྱིལ་འཁོར་དུ་བཅུག་ནས་དབང་བསྐུར་བ་དགོས་ལ། བར་དུ་རིམ་པ་གཉིས་ཀྱི་རྣལ་འབྱོར་པས་ཀྱང་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་རྣལ་འབྱོར་གྱིས་ལམ་ བགྲོད་དགོས་ཤིང༌། མཐར་འབྲས་བུ་མངོན་དུ་གྱུར་པ་ནའང་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་ཚུལ་གྱིས་འཚང་རྒྱ་བས། དེ་ཐམས་ཅད་ལ་དཀྱིལ་འཁོར་གནད་ཆེ་ཞིང་དེའི་མཚན་ཉིད་ཐིག་གིས་གཏན་ལ་འབེབས་ལ། ཐིག་ཀྱང་རྡོ་རྗེ་ཕྲེང་བ་མཐའ་ 3-2-174b ཆོད་པར་སྣང་བས་དེའི་ལུགས་བཞིན་དུ་ལེགས་པར་བཤད་པ་ཡིན་ནོ། །ཐིག་གི་ཆོ་ག་རྣམས་རྒྱས་པར་བཤད་ཟིན་ཏོ། །གཉིས་པ་ནི། སྔར་མདོར་བསྟན་ཏུ་དཀྱིལ་འཁོར་གྱི་དབུས་དང་ནུབ་ཏུ་ཕྱོགས་པའི་ལུགས་གཉིས་བཤད་པ་ནི་རང་གི་མངོན་རྟོགས་སྒོམ་པའི་ སྡོད་ས་ཡིན་ལ། ལྷ་སྟ་གོན་བྱེད་པའི་ཚེ་ནི་སྐབས་འདིར་གསུངས་པ་ལྟར་ཤར་ནས་ནུབ་ཏུ་ཕྱོགས་པར་བྱའོ། །དཀྱིལ་འཁོར་གྱི་ས་གཞི་དྲི་བཟང་ལ་སོགས་པས་བྱུག་ཅིང་མེ་ཏོག་གཅལ་དུ་དགྲམ་སྟེ་བདུད་རྩི་ལྔ་དང་བཅས་པའི་དྲི་བཟང་པོས་ལྷ་གནས་གང་ དུ་ཇི་ལྟར་འབྱུང་བའི་གནས་དེར་མཎྜལ་རེ་བྱའོ། །དེ་ཡང་བདག་པོ་ལྔའི་ལེའུ་ཚེ་རྣམས་སུ་གྲུ་བཞི་དང་ལྷ་གཞན་རྣམས་ལ་ཟླུམ་པོ་བྱའོ། །འདི་ནི་རྡོ་རྗེ་མཁའ་འགྲོ་ལས། བདུད་རྩི་ལྔས་ནི་ཀུན་ཏུ་བྱུག །དེ་བཞིན་གཤེགས་པའི་གནས་རྣམས་སུ། ། ཙནྡན་སོགས་པས་གྲུ་བཞི་བྱ། །ཕལ་བ་ཡི་ནི་གནས་རྣམས་སུ། །སོ་སོར་ཟླུམ་པོར་བྱས་ནས་ནི། །ཞེས་གསུངས་པའི་དོན་ཏེ། པྲཛྙཱ་རཀྵི་ཏས་ཀྱང་བདེ་མཆོག་རེ་གཉིས་པ་ལ་དེ་ལྟར་བཤད་པས་མཁའ་འགྲོ་མ་ལ་སོགས་པ་བཞིའི་གནས་གྲུ་བཞིར་བྱ་སྟེ་ རིགས་པ་དེ་གཞན་ལ་ཡང་སྦྱར་རོ། །ཀླུ་བྱང་དང་མར་མེ་མཛད་བཟང་པོ་དང་ཕྲེང་བས་མེ་ཏོག་གཅལ་དུ་འགྲམས་པ་ལས་གཞན་པའི་མེ་ཏོག་མ་བཤད་ལ། ས་ར་ཧ་དང་དཱ་རི་ཀ་པ་དང་དོན་ཡོད་ཞབས་ཀྱིས་ལྷ་གནས་སུ་མེ་ཏོག་དགོད་པར་ཡང་བཤད་ ཅིང༌། ཕྱི་མས་དྲིའི་ཐིག་ལེའི་དབུས་སུ་མེ་ཏོག་བཀོད་པ་དེ་གདན་དུ་དབུལ་བར་བཤད་པས། མེ་ཏོག་ཚོམ་བུ་བྱེད་པ་ལྟར་ནའང་དེ་ཉིད་ལྷར་སྐྱེད་པ་མིན་ནོ། །མེ་ཏོག་ནི་རང་རང་གི་སྔགས་ཀྱིས་འགོད་པར་དཱ་རི་ཀ་པ་བཞེད་དོ། །དེ་ནས་སྔར་བཤད་པ་ 3-2-175a བཞིན་དུ་གནས་སོ་སོར་རང་གི་དམ་ཚིག་གི་འཁོར་ལོ་ཇི་ལྟ་བ་བཞིན་བསྒོམས་ནས་དེར་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ནམ་མཁའ་ལ་གནས་པའི་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ནས་བཅུག་སྟེ་ཞེས་གསུངས་པ་ནི་སྔར་ས་ཆོག་གི་ སྐབས་སུ་ནམ་མཁར་བཏེག་པ་དེའོ། །དེ་ལྟར་ཡེ་ཤེས་པ་བཅུག་ནས་པདྨ་ལ་གནས་པའི་ཟླ་བའམ་ཉི་མའི་གདན་ཇི་ལྟར་རིགས་པ་ལ་བཀོད་ལ་མཆོད་པ་དང་བསྟོད་པ་དང་བདུད་རྩི་མྱང་བ་བྱའོ། །འདི་དང་ཕྱེད་བཅས་བཞི་བརྒྱ་པར་གདན་བཤད་པས་དེ་གང་ལ་ གནས་པའི་གཞལ་ཡས་ཁང་ཡང་སྔོན་དུ་བསྒོམ་པར་བྱའོ། །བྷཱ་བ་བྷ་དྲས་ལྷའི་འཁོར་ལོ་སྐད་ཅིག་གིས་བསྐྱེད་ནས་ནམ་མཁར་གནས་པ་དང་གཅིག་ཏུ་སྲེ་བར་བཤད་ལ། ཀྱཻ་རྡོར་ལས་རིམ་གྱི་ཆོ་ག་སོགས་ལས་ལྷ་སོ་སོའི་ས་བོན་གྱིས་སྐྱེད་པ་ཡང་ བཤད་པས་དམིགས་པ་གསལ་ན་དཀྲོང་སྐྱེད་དང་མི་གསལ་ན་ས་བོན་སོགས་ལས་རིམ་ཅན་དུ་བསྐྱེད་ཅིང་དབང་བསྐུར་རྒྱས་གདབ་ཀྱང་བྱའོ། །མཆོད་པའི་གྲངས་ནི། དཱ་རི་ཀ་པས། མར་མེ་ལ་སོགས་མཆོད་པ་ཀུན། །ལྷ་ཡི་གྲངས་བཞིན་རྣམས་ བཀོད་དེ། །བཅུ་ལས་དམན་པ་ཉིད་མི་བྱ། །ཞེས་གསུངས་པ་ལྟར། ལྷ་གྲངས་དང་མཉམ་པའམ་མ་འབྱོར་ན་ཡང་བཅུ་ལས་ཉུང་བ་མི་བྱའོ། །མཆོད་པ་བཤམ་ཚུལ་ནི། བོད་ཀྱི་བླ་མ་དག་སྟ་གོན་གྱི་མཆོད་པ་གྲུ་བཞིར་བཤམ་པ་ཡིན་ཟེར་ནས་ཁ་ཅིག་རྩིག་པའི་སྟེང་ ནས་དང༌། གཞན་དག་ལྷ་རེ་རེའི་མདུན་དུ་གྲུ་བཞིར་བྱ་གསུང་མོད་ཀྱང་སྤྱི་ལྟར་བྱས་པས་ཆོག་གོ། འདིར་དམ་ཚིག་པ་སྐྱེད་པ་མ་བྱས་པར་ཡེ་ཤེས་པ་སྤྱན་དྲངས་ཏེ་མཆོད་བསྟོད་སོགས་བྱེད་པ་དཔལ་འཛིན་དང་ལྭ་བ་པ་སོགས་ཀྱིས་བཤད་ཀྱང༌། དེ་དག་གི་ 3-2-175b དགོངས་པ་ཡང་ས་ར་ཧ་དང་མི་ཐུབ་ཟླ་བ་དང་ནག་པོ་སྤྱོད་པ་དང་དཱ་རི་ཀ་པ་དང་ཕྲེང་བ་སོགས་ཀྱིས་བཤད་པ་ལྟར་དམ་ཚིག་པ་བསྐྱེད་པ་ལ་ཡེ་ཤེས་པ་གཞུག་པ་བྱས་ན་ལེགས་སོ། །གསུམ་པ་ལ་བཞི། བུམ་པའི་རྒྱུ་དང་ཚད་དང་གྲངས་བསྟན་པ། བུམ་རྫས་དང་ མཚན་མ་བྲི་ཚུལ། བུམ་པ་ཇི་ལྟར་བཤམ་པ། བུམ་པ་སྒྲུབ་ཚུལ་ཡན་ལག་དང་བཅས་པའོ། །དང་པོ་ནི། རྡོ་རྗེ་མཁའ་འགྲོ་ལས་གསེར་དངུལ་ཟངས་དང་འཇིམ་པ་གང་རུང་དང་ཇི་ལྟར་འབྱོར་བའི་བུམ་པ་བྱ་བར་གསུངས་པས། དེ་བཞི་ལས་གཞན་པའི་ར་གན་ལ་ སོགས་པ་ཡང་རུང་ངོ༌། །ཚད་ལ་དུས་འཁོར་ལས་ཞི་རྒྱས་ཀྱི་བུམ་པ་ལ་ལྟོ་བའི་ཟླུམས་སུ་སོར་བཅུ་དྲུག་དང་ལྟོ་བའི་འོག་ནས་ཁ་དང་མཆུའི་བར་གྱི་དཔངས་སུ་སོར་ཉི་ཤུ། ཁའི་མཚམས་ནས་འཕྱང་བའི་མཆུ་ལ་སོར་གཉིས་དང་མགྲིན་པའི་དཔངས་སུ་སོར་ དྲུག་མཆུའི་མཐའ་ནས་མཐའ་གཞན་གྱི་བར་ལ་སོར་བརྒྱད་ཡོད་པའི་ཆ་གཉིས་མགུལ་བའི་སྤུབས་དང་ཆ་གཅིག་མཆུ་གཉིས་ཀྱི་ཞེང་དུ་གསུངས་ཏེ་དབང་གི་བུམ་པ་ཡང་འདྲའོ། །རྒྱུད་གཞན་རྣམས་ལས་བུམ་པ་རྩ་བ་དང་ནག་ནོག་མེད་པ་མཆུ་འཕྱང་བ་མགྲིན་པ་ རིང་བ་གསུས་པ་ཆེ་བ་ཞེས་གསུངས་ཏེ། རྩ་བ་ནི་ཞབས་སྟེགས་སོ། །ནག་པོ་མེད་པ་ནི་རང་བཞིན་གྱིས་དཀར་ན་དེས་ཆོག་ལ་དེ་ལྟ་མིན་ན་འབྲས་བཏགས་པའམ་ཐོད་ལེ་ཀོར་རམ་ཙནྡན་གྱི་ལྡེ་གུས་དཀར་པོར་བྱ་སྟེ་རྡོ་རྒྱུས་དང་ས་དཀར་གྱིས་ཀྱང་བྱུག་པར་བཤད་ དོ། །མཆུ་ནི་གྲགས་པ་ལྟར་མིན་གྱི་ཁའི་འགྲམ་ནས་འཕྱང་བའོ། །ཟུང་འཇུག་གསལ་བ་ལས། བུམ་པ་དེ་དག་ནང་ནས་ནི། །རྣམ་རྒྱལ་མཚན་ཉིད་ལྡན་པར་བྱ། །སོར་མོ་བརྒྱད་ཀྱི་ཚད་ཀྱིས་ནི། །མགྲིན་པ་མཐོ་ཞིང་རྣམ་པར་མཛེས། །ལྟོ་བའི་རྒྱར་ནི་མཐོ་ལྔའོ། །གལ་ 3-2-176a ཏེ་དེ་ལས་ཚད་ཞན་ན། །ཡོན་བདག་དགེ་བར་འགྱུར་མ་ཡིན། །ནག་པོ་རྣམ་པར་སྤངས་པ་དང༌། །རྩ་བ་དོར་ཞིང་མ་འབྱར་བ། །བུ་ག་རྣམ་པར་སྤངས་པ་དང༌། །དེ་བཞིན་གས་པ་མེད་པ་གཟུང༌། །ཞེས་རྣམ་རྒྱལ་ལ་དེ་ལྟར་དགོས་པར་གསུངས་པས་ གཞན་མ་ངེས་པར་བཞེད་པའོ། །གྲངས་ལ་སློབ་དཔོན་འདིའི་བཞེད་པས་འཇམ་རྡོར་ལ་རྒྱས་པ་ལ་ལྷ་དུ་ཡོད་ཀྱི་བུམ་པའི་སྟེང་དུ་ལས་བུམ་བསྣན་པ་དང༌། བསྡུས་ན་རྣམ་རྒྱལ་དང་ལས་བུམ་གཉིས་སམ་རྣམ་རྒྱལ་གཅིག་པུ་བྱེད་པའང་བཤད་ལ། ཕོ་བྲང་དབུས་ མའི་ལྷ་གྲངས་སམ་དེའི་དེ་བཞིན་གཤེགས་པ་ལྔའི་གྲངས་སམ། མི་བསྐྱོད་རྡོ་རྗེ་ལྟ་བུ་ལ་གཤེགས་པ་དང་གཤེགས་མ་དང་སེམས་དཔའ་དང་སེམས་མ་དང་ཁྲོ་བོར་བསྡུས་ནས་ལྔར་བྱེད་པ་དང༌། བདེ་མཆོག་ལྟ་བུ་ལ་འཁོར་ལོ་ལྔའི་སྒོ་ནས་ལྔར་བྱེད་པ་ སོགས་སྡུད་ལུགས་མང་པོ་ཞིག་གསུངས་ནས་དེ་དག་ལ་དཔགས་ཏེ་གཞན་ལའང་ཤེས་པར་བྱ་བར་བཤད་དོ། །ཟུང་འཇུག་གསལ་བ་ལས་ཀྱང༌། རྡུལ་ཚོན་ལ་ནི་ལྷ་གྲངས་སམ། །ཡང་ན་བུམ་པ་ལྔ་བརྒྱད་དགུ། །ཞེས་རབ་གནས་ཀྱི་རྒྱུད་ཁུངས་སུ་བྱས་ནས་ གསུངས་པས་དེ་དག་ལ་དཔགས་ནས་ཇི་ལྟར་རིགས་པའི་གྲངས་བྱའོ། །གཉིས་པ་ནི། བུམ་པའི་ནང་རྫས་ཇི་ཙམ་གཞུག་པ་ལ་རྡོ་རྗེ་མཁའ་འགྲོའི་ཞེ་དྲུག་པ་ལས། སྨན་ལྔ་དང་རིན་པོ་ཆེ་ལྔ་དང་འབྲུ་ལྔ་དང༌། ག་བུར་ཙནྡན་དམར་པོ་སོགས། །སྨན་གྱི་ཆུ་ཡིས་ དགང་བར་བྱ། །ཞེས་དྲི་ལྔ་ཡང་གསུངས་སོ། །རིན་པོ་ཆེ་ལྔ་ནི། མུ་ཏིག་དང་གསེར་དང་པདྨ་རཱ་ག་དང་བྱི་རུ་དང་མུ་མེན་ནོ། །པདྨ་རཱ་ག་མེད་ན་དངུལ་དང་ཟངས་དང་དུང་གང་རུང་ངོ༌། །མུ་མེན་མེད་ན་ནོར་བུ་ཡང་རུང་ངོ༌། །སྨན་ལྔ་ནི། བྲྀ་ཧཱ་ཏཱི་དང་ཀཎྜ་ཀཱ་རི་དང་ཨ་པ་རཱ་ཛི་ཏ་ 3-2-176b དཀར་པོ་དང་དཎྜ་ཨུཏྤལ་དཀར་དམར་ཏེ་དབྱུག་པའི་ཨུཏྤལ་ལོ། །དང་པོ་ནི། སྟག་ཚེར་བ་ཡིན་ཟེར་རོ། །གསུམ་པ་ནི་གཞན་གྱིས་མི་ཐུབ་པ་དཀར་པོའོ། །དབང་གི་རབ་བྱེད་ལས་དབང་ལག་གཅིག་ལ་བགྲངས་སོ། །འབྲུ་ལྔ་ནི། ཏིལ་དང་ནས་དང་མོན་སྲན་དང་འབྲས་གསོ་བ་དང་ གྲོའོ། །གཞུང་ཁ་ཅིག་ཏུ་གྲོའི་དོད་ལ་མོན་སྲན་གྲེའུ་གསུངས་སོ། །ཞེས་ཆག་འགྱུར་ལས་འབྱུང་ལ། དཔལ་ལོའི་འགྱུར་དང་དབང་གི་རབ་བྱེད་ལས་འབྲས་སོ་བའི་དོད་དུ་གསུངས་སོ། །མོན་སྲན་གྲེའུ་དང་མོན་སྲན་རྡེའུ་ནི་སྲན་མ་ཆ་ཆུང་ཡིན་ཞེས་བླ་མ་དག་གསུང་ངོ༌། ། འབྲུ་ལྔ་དང་སྨན་ལྔ་ལ་རྡོ་རྗེ་མཁའ་འགྲོར་འདི་དང་ཅུང་མི་འདྲ་ཙམ་རེ་གསུངས་སོ། །གཞུང་འདིར་བདུད་རྩི་ལྔ་དང་བཅས་པའི་དྲིའི་ཆུ་དང་ཞེས་གསུངས་པས། དེའི་དྲི་ནི་དཱ་རི་ཀ་པས། ག་པུར་གུར་ཀུམ་ཙནྡན་དང༌། ཙནྡན་དམར་པོ་གླ་རྩི་རྣམས། །སྔགས་བཟླས་ནས་ ནི་བླུག་པར་བྱ། །ཞེས་གསུངས་པ་ལྟར། དྲི་ལྔ་སྟེ་ལྔ་ཚན་ལྔའོ། །པྲཛྙཱ་རཀྵི་ཏས་སྙིང་པོ་ལྔ་ཡང་བཤད་པས་ལྔ་ཕྲག་དྲུག་སྟེ་བུམ་རྫས་སུམ་ཅུའོ། །སྙིང་པོ་ལྔ་ནི། ཡེ་ཤེས་རྡོ་རྗེའི་རྣམ་འཇོམས་ཀྱི་འགྲེལ་པ་ལས། སའི་སྙིང་པོ་ཏིལ་དང་ཆུའི་སྙིང་པོ་ལན་ཚྭ་དང་རྩི་ཐོག་ གི་སྙིང་པོ་མར་དང་ཤིང་ཐོག་གི་སྙིང་པོ་བུ་རམ་དང་མེ་ཏོ་གི་སྙིང་པོ་སྦྲང་རྩིའོ་ཞེས་བཤད་དོ། །དེ་ནས་དཱ་རི་ཀ་པས། བསང་བདུག་བགེགས་བསྐྲད་སྔོན་འགྲོ་བས། །དྲི་ཞིམ་པ་ཡི་ཆུས་བཀང་སྟེ། །ཞེས་པ་དང༌། པྲཛྙཱ་རཀྵི་ཏས་བཤད་པ་ལྟར་བུམ་པ་རྣམས་ལེགས་ པར་བཀྲུ་ཞིང་གུ་གུལ་གྱིས་བདུག་ཡུངས་ཀར་གྱིས་བརྡེགས་ལ་བགེགས་བསྐྲད་བདུད་རྩི་འཁྱིལ་པ་སོགས་ལས་ཐམས་ཅད་པའི་སྔགས་ཀྱིས་བསྲུང་ངོ༌། །དགང་བའི་ཆུ་ལ་ཉིན་མོ་འབྱུང་གནས་ཀྱིས་རྟ་གླང་དང་བོང་བུ་སོགས་ཀྱིས་མ་བགྲོད་བའི་ཆུ་བླངས་ལ་སྣོད་ 3-2-177a གཞན་དང་མ་རེག་པར་བཤད་པ་ལྟར་གྱི་ཆུ་གཙང་མ་སྲོག་ཆགས་མེད་པ་དྲི་བཟང་དང་བསྲེས་པས་རན་པར་དགང་ངོ༌། །ཆུ་ལ་འོ་མ་དང་ཆང་བསྲེ་བར་ས་ར་ཧས་བཤད་དོ། །བུམ་པ་གང་ལ་བུམ་རྫས་ཇི་ལྟར་གཞུག་པ་ནི་གཞུང་ འདིར་འབྱོར་པ་ཆུང་ན་རྣམ་རྒྱལ་དང་ལས་བུམ་གཉིས་རིན་པོ་ཆེའི་སྙིང་པོ་ཅན་དུ་བྱ་ཡི་བུམ་པ་གཞན་ནི་མ་ཡིན་ནོ། །དེ་ཡང་རྣམ་རྒྱལ་ནི། ངེས་པར་རིན་པོ་ཆེའི་སྙིང་པོ་ཅན་དུ་བྱ་བར་གསུངས་པས་བུམ་རྫས་གཞན་རྣམས་བུམ་པ་རྣམས་ཀྱི་ནང་དུ་འཇུག་མི་ འཇུག་འདྲ་བར་བཞེད་དོ། །དོན་ཡོད་ཞབས་ཀྱིས་འབྲུ་སྨན་རིན་པོ་ཆེ་རྣམས་གཙོ་བོའི་བུམ་པ་ལ་འཇུག་ཅིང་བུམ་པ་གཞན་རྣམས་དྲིའི་ཆུས་དགང་བར་བཤད་དོ། །ཤཱནྟི་པ་དང་བྷཱ་བ་བྷ་དྲས་ཀྱང་འབྲུ་སྨན་ལ་སོགས་པའི་བུམ་རྫས་རྣམས་རྣམ་རྒྱལ་ལ་འཇུག་ པར་བཤད་ལ། ཤཱནྟི་པས་དེའི་རྒྱུ་མཚན་དུ་རྣམ་རྒྱལ་བུམ་པའི་གཙོ་བོ་ཡིན་པ་དང་བྱ་བ་མང་བ་བཀོད་ནས་བུམ་པ་གཞན་ལས་དེ་ཁྱད་པར་དུ་བསྟན་པའི་དོན་དུ་ཕྱེད་བཅས་བའི་བརྒྱ་པ་ལས་གསུངས་པར་བཞེད་དོ། །ནང་རྫས་རྣམས་གཞུག་ཚུལ་ལ་པྲཛྙཱ་ ཤྲཱིས་འབྲུ་སྨན་བདུད་རྩི་ལྔ་ལ་སོགས་པ་རྣམས་གཙོ་བོའི་སྔགས་ཀྱིས་བརྒྱ་རྩ་བརྒྱད་བཟླས་ལ་བྱིན་གྱིས་བརླབས་རས་ཀྱིས་གཏུམས་པ་ལ་རྒྱན་ལ་བཏགས་ནས་སྤོས་ཀྱིས་བདུགས་ལ་བུམ་ཆུའི་ནང་དུ་གཞུག་ཅེས་འཆད་ཀྱང༌། བྷཱ་བ་བྷ་དྲ་དང་བི་བྷཱུ་ཏཱིས་བུམ་ པའི་ནང་དུ་ལྡུགས་པར་གསུངས་པ་ལྟར་བྱའོ། །འཇིགས་བྱེད་ལྷས་བུམ་རྫས་ཀྱིས་བཀང་པའི་སྣོད་བུམ་པའི་སྟེང་དུ་འཇོག་པར་འདོད་པ་ནི་དོན་མིན་ནོ། །ནང་རྫས་དེ་དག་བྱིན་གྱིས་རློབ་པའི་སྔགས་ནི། ཨོཾ་པཉྩ་བྷཻ་ཥ་ཛྱེ་ཨཱཿཧཱུཾ། ཨོཾ་པཉྩ་རདྣ་ཨཱཿཧཱུཾ། 3-2-177b ཨོཾ་པཉྩ་བེ་ག་ཨཱཿཧཱུཾ། ཨོཾ་པཉྩ་གརྦྷེ་ཨཱཿཧཱུཾ། ཨོཾ་པཉྩ་ཨ་མྲྀ་ཏེ་ཨཱཿཧཱུཾ། ཞེས་པ་སྨན་དང་རིན་པོ་ཆེ་དང་འབྲུ་དང་སྙིང་པོ་དང་བདུད་རྩི་ལྔའི་སྔགས་སུ་པྲཛྙཱ་རཀྵི་ཏས་བཤད་པས། དྲི་ལྔ་ལ་ཡང༌། ཨོཾ་པཉྩ་གནྡྷེ་ཨཱཿཧཱུཾ། ཞེས་བྱའོ། །བུམ་པའི་མགུལ་ཆིངས་ལ་རས་ དཀར་སེར་དམར་གསུམ་མམ་གཞུང་ཁ་ཅིག་ཏུ་ལྗང་གུ་དང་སྔོན་པོ་ཡང་གསུངས་པས་དེ་དག་གང་རུང་སྟེ་རས་ཟུང་དང་མེ་ཏོག་གི་ཕྲེང་བ་འཆིང་བར་མང་པོས་བཤད་དོ། །རྡོ་རྗེ་མཁའ་འགྲོ་ལས་ཀྱང༌། མགྲིན་པར་རས་ཟུང་གསར་པས་དཀྲི་ཞེས་རས་གསར་ པ་ཉིས་རིམ་གྱིས་བྱ་བར་གསུངས་སོ། །འཇིགས་བྱེད་ལྷས་བུམ་པ་སོ་སོའི་ལྷའི་ཁ་དོག་དང་མཐུན་པའི་མགུལ་ཆིངས་འདོད་མོད་ཀྱང་ཤེས་བྱེད་མི་སྣང་ངོ༌། །ཀླུ་བྱང་གིས། གོས་ནི་དཀར་པོ་ཆེན་པོ་ཡིས། །བུམ་པའི་མགྲིན་པ་བཅིང་བར་བྱ། །གོས་ཀྱིས་སྟེང་དུ་སྲད་བུ་ དག །དཀར་པོ་ཆོ་ག་མཁས་པས་དགོད། །ཅེས་གསུངས་པའི་རྗེས་སུ་འབྲངས་ནས་ཧཱུཾ་ལན་བདུན་བཟླས་པའི་སྲད་བུ་དཀར་པོ་བདུན་གྱིས་དཀྲི་ཞིང༌། དཀྲི་བའི་སྔགས་ནི། ཨོཾ་བཛྲ་ཤེ་ཁ་ར་རུ་ཊ་མ་ཊ་དི་ཤཾ་བནྡྷ་ཧཱུཾ། ཞེས་པའོ། །སྲད་བུ་དེས་མགུལ་ཆིངས་འཆིང་བར་བི་བྷཱུ་ ཏཱིས་སོ། །རྒྱུད་གཞན་དུ་ཞི་སོགས་ཀྱི་ལས་དང་མཐུན་པའི་ཁ་དོག་ལྔས་དཀྲི་བར་བཤད་ཅེས་གསུངས་པ་ནི་སྐུད་པ་དཀར་པོ་ཁོ་ནར་མ་ངེས་པའི་ཁུངས་ཏེ། རྡོ་རྗེ་མཁའ་འགྲོ་ལས། ཁ་དོག་བཅོས་པའི་སྐུད་པས་བརྒྱན། །ཅེས་གསུངས་པས་སོ། །མགུལ་ཆིངས་ལ་ རས་ཞེས་ཕལ་ཆེ་བ་ལས་གསུངས་ལ་ཁ་ཅིག་ཏུ་གོས་ཞེས་སྤྱིར་སྨོས་ཤིང༌། དམ་ཚིག་རྡོ་རྗེས་སྣམ་བུ་ལ་ཡང་བཤད་པས་ལོངས་མ་སྤྱད་པའི་རས་གཙང་མ་རྙེད་ན་དེ་ལ་བྱ་ལ་མ་རྙེད་ན་དར་ལ་སོགས་པ་ཇི་ལྟར་རིགས་པ་ལས་བྱའོ། །རས་ལ་ཁ་ཚར་མ་ཉམས་ 3-2-178a པ་ཞེས་ཀྱང་དཀྱིལ་ཆོག་འགའ་ཞིག་ཏུ་འབྱུང་ངོ༌། །མགུལ་ཆིངས་ལ་བྲོག་འདི་བྱ་རྒྱ་གཞུང་གི་དཀྱིལ་ཆོག་རྣམས་ན་མི་གསལ་ལ་སངས་རྒྱས་གསང་བའི་རྣམ་འཇོམས་ཀྱི་འགྲེལ་པར་གཞན་དུ་ལོངས་མ་སྤྱད་པའི་རས་གཙང་མས་ཐོར་ ཅོག་གསུམ་གྱི་ཚུལ་དུ་དཀྲིའོ། །ཞེས་གསུངས་པས་དེ་བཞིན་དུ་བྱའོ། །ཁ་རྒྱན་ནི། རྡོ་རྗེ་མཁའ་འགྲོ་ལས། ཁ་ནི་ཤིང་ལ་གསར་བས་དགང༌། ཞེས་གསུངས་པ་ལྟར། དཀྱིལ་ཆོག་དུ་མ་ནས་ཀྱང་ཡལ་འདབ་དང་བཅས་པའི་ཤིང་གིས་ཁ་བརྒྱན་པར་བཤད་དོ། ། སྤྱི་རྒྱུད་ལས་ཀྱང་ལྡུམ་བུ་བཟང་པོ་དང་ཤིང་གི་ཡལ་འདབ་ཀྱིས་ཁ་བརྒྱན་པར་གསུངས་སོ། །ཤིང་ལ་ཨ་མྲ་ལ་སོགས་པའི་ཤིང་ལྔ་དཀྱིལ་ཆོག་མང་པོས་གསུངས་ལ་འདིར་ཡང་བཤད་ཀྱང༌། དེ་དག་བོད་ན་མི་རྙེད་པས་འབྲས་བུ་དང་ཡལ་འདབ་ལ་སོགས་པ་ དང་ལྡན་པའི་དྲི་ཞིམ་པོ་ལ་བྱའོ། །རྡོ་རྗེ་མཁའ་འགྲོ་ལས། ཀུ་ཤའི་ཆུན་པོ་འོག་ཏུ་གདིང༌། །ཞེས་ཀུ་ཤ་ནི་བུམ་པའི་གདན་དུ་བཤད་ཀྱི། ཁ་རྒྱན་དུ་མ་བཤད་ལ་དཀྱིལ་ཆོག་ཁུངས་ཐུབ་རྣམས་ནས་ཀྱང་ཀུ་ཤའི་ཁ་རྒྱན་མ་བཤད་པར་ཡལ་འདབ་ལ་སོགས་ པ་དང་བཅས་པའི་ཤིང་གིས་བྱ་བར་བཤད་དོ། །ནོར་བུ་ཡུངས་ཀར་དུར་བ་དང༌། །ཞེས་པའི་འགྲེལ་པར། དུར་བ་ནི་རམ་པ་སྟེ་བཀྲ་ཤིས་པས་ལོ་མ་དང་བཅས་པ་དང་ཀུ་ཤ་དང་རྨ་བྱའི་སྒྲོ་བདུན་བདུན་གཟུག ཅེས་སངས་རྒྱས་གསང་བས་བཤད་པ་ནི་ཁ་བརྒྱན་ སྟོན་པ་མིན་ཏེ། དེ་ཉིད་ལས། དེའི་ཁར་ནི། བཀྲ་ཤིས་པའི་ཤིང་མྱ་ངན་མེད་པ་ལ་སོགས་པ་འབྲས་བུ་ཅན་གྱིས་བརྒྱན་ལ་རྡོ་རྗེ་གཞག་སྟེ་བཀྲ་ཤིས་པའི་ཐག་པས་བཏགས་ཏེ། ཞེས་གསུངས་ཤིང༌། དེ་དག་གིས་ཁ་རྒྱན་བྱ་བར་བཤད་པའི་ཕྱིར་རོ། །དེས་ན་དུར་བ་སོགས་ 3-2-178b འཛུགས་པ་ནི། ཡེ་ཤེས་རྡོ་རྗེའི་འགྲེལ་པ་ལས་མགུལ་ཆིངས་ལ་ལྕི་བས་གླན་པའི་སྟེང་དུ་རྩ་དུར་བ་ཉག་མ་བདུན་བགེགས་ལ་སོགས་པ་མི་འཇུག་པའི་དོན་དུ་འཛུགས་པར་བཤད་པ་ལྟར་ཡིན་ནོ། །བི་མ་ལ་མི་ཏྲ་དང་བདེ་བའི་མྱུ་གུས་དུར་བ་ནི་ཁ་རྒྱན་གྱི་དོན་ ཏེ་ཞེས་བཤད་ཀྱང༌། གསང་བ་སྤྱི་རྒྱུད་དང་མི་མཐུན་པས་ཚད་མར་གཟུང་དུ་མི་རུང་ལ། དུར་བ་ཁ་རྒྱན་ཡིན་དུ་ཆུག་ཀྱང་ཀུ་ཤས་ཁ་རྒྱན་བྱེད་པའི་ཁུངས་མིན་ཞིང་བླ་མེད་ཀྱི་རང་གཞུང་ནས་བཤད་པའི་ཁ་རྒྱན་བཞག་ནས་བྱ་རྒྱུད་པའི་གཞུང་གིས་བསྒྲུབས་ཀྱང་ འགྲུབ་པར་མི་འགྱུར་རོ། །དེ་དག་གི་དག་པ་ལ་ཀྱཻ་རྡོར་ལས་རིམ་གྱི་ཆོ་ག་ལས། སྨན་དང་འབྲུ་དང་རིན་པོ་ཆེ་རྣམས་རིམ་པ་བཞིན་དུ་དཀྱིལ་འཁོར་གྱི་ལྷའི་བྱང་ཆུབ་ཀྱི་སེམས་དང་ཐུགས་དང་སྐུ་མདོག་གི་རྟགས་སུ་བཤད་ལ། མཉམ་སྦྱོར་གྱི་དཀྱིལ་ཆོག་ལས། བུམ་ པ་ལྷ་ཡི་གནས་ཡིན་ཏེ། །ཁ་རྒྱན་མགུལ་ཆིངས་རྟ་བབས་རྒྱན། །གཟུངས་ཐག་ཐུགས་རྗེ་ཆེན་པོའི་རྟགས། །སྨན་ལྔ་ཐུགས་རྗེ་བྱང་ཆུབ་སེམས། །འབྲུ་རྣམས་ལྷ་ཡི་རང་བཞིན་ཡིན། །རིན་ཆེན་རྣམ་ལྔ་སྐུ་ཡི་འོད། །སྙིང་པོ་ཡེ་ཤེས་ཐུགས་ཀྱི་དབྱིངས། །སྤོས་སོགས་ ཚུལ་ཁྲིམས་ཡོན་ཏན་རྒྱལ། །ཞེས་ཀུ་ཀུ་ར་ཛས་བཤད་དོ། །མཚན་མ་བྲི་ཚུལ་ནི། རྣམ་རྒྱལ་ལ་ཆོས་འབྱུང་གི་དབུས་སུ་པདྨར་ཟླ་བའམ་ཉི་མ་དང་བུམ་པ། གཞན་རྣམས་ལ་པདྨ་ལ་གནས་པའི་ཟླ་བའམ་ཉི་མའི་སྟེང་དུ་རང་རང་གི་ས་བོན་ནམ་ཕྱག་མཚན་བྲི་སྟེ། ཀླུའི་ བློས། དཀྱིལ་འཁོར་པ་ནི་ཐམས་ཅད་ཀྱི། །ས་བོན་ཡང་ན་མཚན་མའང་རུང༌། །གུར་ཀུམ་ལ་སོགས་མངོན་འདུས་བྱས། །མཁས་པས་བུམ་པའི་ལོགས་ལ་བྲི། །ཞེས་གསུངས་པས་སོ། །རྐང་པ་གསུམ་པས་ནི་སྣག་ཚ་དང༌། བཞི་པས་ནི་བྲི་ས་བསྟན་ཏེ་བུམ་པ་ཉིད་ 3-2-179a ལ་འབྲི་བར་བཤད་དོ། །ཆོས་འབྱུང་འབྲི་བ་ཤཱནྟི་པའི་ལུགས་སོ། །ཕྱག་མཚན་གྱི་མདོག་ནི། རྡོ་རྗེ་མཁའ་འགྲོ་ལས། མཚན་མ་རང་རང་མདོག་ཏུ་བྱ། །ཞེས་གསུངས་པ་ལྟར་ཏེ། ཡི་གེ་ལ་ཡང་དེ་ལྟར་དགོས་པར་མངོན་ནོ། །བུམ་པ་ གཅིག་ལས་མེད་ན་དེའི་གདོད་ལ་གཙོ་བོའི་མཚན་མ་དང་གཡོན་དུ་ལས་ཐམས་ཅད་པའི་མཚན་མ་བྲིའོ། །དེ་ལ་ཡང་ཕྱོགས་བཞིར་རྣམ་སྣང་ལ་སོགས་པའི་མཚན་མ་འབྲི་བར་འདོད་པའི་ལུགས་ལ་ནི། རྣམ་སྣང་གི་མཚན་མའི་སྟེང་དུ་གཙོ་བོའི་མཚན་མ་ བྱེད་དོ། །གཞུང་ཁ་ཅིག་ཏུ་བུམ་པའི་ཁའི་སྟེང་དུ་གཙོ་བོའི་མཚན་མ་བྱ་བར་བཤད་དོ། །སྤྱན་མ་སོགས་ཀྱི་མཚན་མ་ཡང་ཕྱོགས་བཞིར་བྲིའོ། །ཞེས་གཞན་དག་འདོད་པའི་ལུགས་རྣམས་ཕྲེང་བར་བཀོད་དོ། །གསུམ་པ་ནི། བསྒོམས་པའི་དཀྱིལ་ འཁོར་གྱི་ཕྱི་རོལ་དུ་ཤར་ལ་སོགས་པའི་ཕྱོགས་སུ་བཤམ་པ་དང༌། བྱང་དུ་ཕྱོགས་པས་དབང་ལྡན་གྱི་མཚམས་ན་གནས་པའི་བུམ་པ་ལྷག་གནས་བྱེད་པའི་ལུགས་གཉིས་བཤད་པའི་སྔ་མ་ནི། ལྷ་ལྟ་གོན་བྱས་པའི་དཀྱིལ་འཁོར་དེའི་ཕྱིའི་ཤར་ལ་སོགས་ པའི་ཕྱོགས་མཚམས་སུ་བུམ་པ་འགོད་པ་ཡིན་ཏེ། གཙོ་བོའི་བུམ་པ་ནི་དབུས་སུ་བྱའོ། །ཕྱི་མ་ནི། རྡུལ་ཚོན་གྱི་དཀྱིལ་འཁོར་དུ་མཚན་མ་དགོད་པའི་རིམ་པ་བཞིན་དུ་དྲིའི་མཎྜལ་རེ་རེའི་སྟེང་དུ་རང་དང་མཐུན་པའི་གདན་ཀུ་ཤ་སོགས་ལ་དཀྱིལ་ འཁོར་གྱི་རྣམ་པར་བཀོད་པའོ། །དཱ་རི་ཀ་པ་དང་པྲཛྙཱ་རཀྵི་ཏས་བུམ་པ་བརྒྱད་སྒོ་དང་མཚམས་དང་དགུ་པ་དབུས་སུ་དགོད་ཅིང་དཱ་རི་ཀ་པས་ཤར་སྒོའི་གཡོན་དུ་ལས་བུམ་འགོད་དེ་བུམ་པ་འགོད་པའི་སྐབས་གཉིས་ལས་འདི་ནི་ལྷག་གནས་བྱེད་པའི་ 3-2-179b དུས་སུ་ཇི་ལྟར་དགོད་པའོ། །བཞི་པ་ནི། བུམ་པའི་སྟེང་དུ་ཧཱུཾ་ཡིག་གིས་བསྔགས་པའི་དུང་ཆོས་སམ་ཐོད་པ་གཞག་གོ། དེ་དག་མ་རྙེད་ན་རྫ་སྣོད་ཀྱིས་ཀྱང་འགྲུབ་སྟེ། ཟུང་འཇུག་གསལ་བ་ལས། བུམ་པར་གནས་པའི་རྫ་ཕོར་གྱི། །སྟེང་དུ་རྡོ་རྗེ་གཞག་པར་བྱ། །ཞེས་སོ། །བཞི་ བརྒྱ་ལྔ་བཅུ་པ་རྩ་འགྲེལ་དང་ལྭ་བ་པས་ཀྱང་དྲི་བཟང་གི་ཆུ་དང་བཅས་པའི་སྣོད་ཀྱི་སྟེང་དུ་རྡོ་རྗེ་གཞག་པར་གསུངས་སོ། །དཔལ་འཛིན་སོགས་མང་པོས། དུང་ཆོས་སོགས་མ་བཞག་པར་མེ་ཏོག་གི་འཕྲེང་བ་དང་བཅས་པའི་རྡོ་རྗེ་ཉིད་བུམ་པའི་ཁར་འཇོག་པ་ཡང་བཤད་ དོ། །དུང་ལ་སོགས་པའི་ནང་དུ་ཇི་ལྟར་རྙེད་པའི་བདུད་རྩི་ལྔ་དང་དྲི་བཟང་གི་ཆུ་ལ། ཨོཾ་བཛྲ་ཨ་མྲྀ་ཏོ་ད་ཀ་ཋ་ཧཱུཾ་དང༌། ཡི་གེ་གསུམ་གྱིས་ལན་བདུན་བསྔག་གོ། ཕྲེང་བ་ལས་ལན་བདུན་བསྔགས་པས་ཡེ་ཤེས་ཀྱི་བདུད་རྩིར་བྱས་པའི་རྡོ་རྗེའི་རྡུལ་ཕྲ་རབ་ཀྱི་རང་བཞིན་ཞེས་ གསུངས་པ་ནི། སྔགས་དེ་དག་བརྗོད་པས་ཡེ་ཤེས་ཀྱི་བདུད་རྩི་དང་ཆུའི་རྡུལ་ཕྲ་རབ་རྣམས་རྡོ་རྗེའི་རང་བཞིན་དུ་གྱུར་པར་སེམས་པ་སྟེ་སྔགས་དོན་ཡད་དེ་བཞིན་ནོ། །དེས་ན་བུམ་པ་ཆུས་འགེངས་པའི་ཚེ་བུམ་པའི་ཁར་རྡོ་རྗེ་བཟུང་ནས་བཀང་པས་རྡོ་རྗེའི་ཆུར་བྱེད་པ་མིན་ནོ། །རྣམ་ རྒྱལ་བུམ་པའི་གཙོ་བོ་ཡིན་པ་དང་བྱ་བ་མང་བས་དེའི་ཁར་དུང་ཆོས་སོགས་གཞག་པར་འདིར་གསུངས་པས་བུམ་པ་གཞན་ལ་མི་དགོས་སོ། །དེའི་སྟེང་དུ་མེ་ཏོག་གི་ཕྲེང་བ་དབུས་སུ་བཅིངས་པའི་རྡོ་རྗེ་གཞག་གོ། ཨོཾ་ཏཔྟེ་ཏཔྟོ་མ་ཧཱ་པྟེཏེ་སྭཱ་ཧཱ། ཞེས་བརྗོད་ལ་ལྷའི་གངྒཱའི་ ཆུ་ཡིད་ཀྱིས་བཀུག་ལ་བུམ་པའི་ཆུ་དང་ངོ་བོ་གཅིག་ཏུ་བྱས་པའི་འོག་ཏུ་ལྷ་བསྐྱེད་དོ། །རཏྣ་རཀྵི་ཏ་དང་བི་བྷཱུ་ཏཱི་ལ་སོགས་པས་ཀྱང་དེ་བཞིན་དུ་བཤད་དོ། །དེ་ནས་བསང་སྦྱང་སྔོན་དུ་འགྲོ་བས་བཾ་ལས་རིན་པོ་ཆེའི་བུམ་པར་བསྒོམ་སྟེ་ཕྲེང་བའི་འགྱུར་གཉིས་ཀ་ལས་དེ་ལྟར་ 3-2-180a འབྱུང་བ་ལྟར་ཤཱནྟི་པ་དང་རྒྱལ་བ་བཟང་པོ་དང་རཏྣ་རཀྵི་ཏ་དང་བི་བྷཱུ་ཏཱིས་ཀྱང་ངོ༌། །བྷྲཱུཾ་ལས་གཞལ་ཡས་ཁང་དུ་སྐྱེད་པར་དཱ་རི་ཀ་པ་དང་པྲཛྙཱ་རཀྵི་ཏས་སོ། །དེ་ནས་བུམ་པའི་ནང་དུ་ལྷའི་འཁོར་ལོ་གདན་དང་བཅས་པ་སྐད་ཅིག་གིས་ བསམས་ལ་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་མདུན་དུ་སྤྱན་དྲངས་ཏེ་ཞབས་བསིལ་དང་ཞལ་བསིལ་དང་མཆོད་ཡོན་ཕུལ་ལ། དམ་ཚིག་པ་ལ་བཅུག་པས་ཆགས་པ་ཆེན་པོས་ཞུ་བར་གྱུར་ནས་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོར་སྔར་བླུགས་ པའི་ཆུ་དང་རོ་གཅིག་ཏུ་གྱུར་པར་བསམ་མོ། །མཚན་མ་ལ་དམ་ཚིག་པ་དང་ཡེ་ཤེས་པ་གཅིག་ཏུ་གྱུར་པར་བསམ་པར་གསུངས་པས་མཚན་མ་རྣམས་ཀྱང་རང་རང་གི་དམ་ཚིག་པར་བསྐྱེད་ནས་ཡེ་ཤེས་པ་དང་བསྲེའོ། །ལས་བུམ་ལ་ལས་ཐམས་ཅད་པ་བསྐྱེད་ དགོས་སོ། །རཏྣ་རཀྵི་ཏ་དང་བི་བྷཱུ་ཏཱིས་ཀྱང་འདི་ལྟར་དུ་བཤད་ནས་བུམ་པ་འདི་དང་འདིར་ལྷ་འདི་སྐྱེད་མི་གསལ་ལོ། །ཀླུ་བྱང་དང་བཞི་བརྒྱ་ལྔ་བཅུ་པ་རྩ་འགྲེལ་དང་ལྭ་བ་པ་དང་ནག་པོ་སྤྱོད་པ་དང་མི་ཐུབ་ཟླ་བ་སོགས་ཀྱིས་ཀྱང་གསལ་བར་མ་བཤད་དོ། །པྲཛྙཱ་རཀྵི་ཏས། རྣམ་པར་རྒྱལ་བའི་བུམ་པ་རུ། །ལྷ་ཡི་འཁོར་ལོ་རྫོགས་པར་ཡང༌། །སྐད་ཅིག་གིས་ནི་བསམ་པར་བྱ། །གཞན་དུ་འཁོར་ལོའི་རྗེས་འབྲང་བ། །རིགས་དང་བཅས་པ་བསམ་པར་བྱ། །ཞེས་བཤད་ལ་ཀྱཻ་རྡོར་ལས་རིམ་གྱི་ཆོ་ག་ལས་ཀྱང་གཙོ་བོའི་བུམ་པར་ལྷ་རྫོགས་ པར་སྐྱེད་དོ། །དོན་ཡོད་ཞབས་ཀྱིས་གཙོ་བོའི་བུམ་པར་གཙོ་རྐྱང་དང་བུམ་པ་གཞན་དུ་ལྷ་སོ་སོར་ཆོ་ག་གསུམ་གྱིས་སྐྱེད་པར་བཤད་པ་དང་སློབ་དཔོན་འདི་དགོངས་པ་མཐུན་ཏེ་སྔགས་བཟླ་བའི་སྐབས་སུ་གཙོ་བོའི་བུམ་པ་ལ་གཙོ་བོའི་སྔགས་དང་ཨུ་ད་ཀ་གང་རུང་ 3-2-180b བཟླ་བར་གསུངས་ཀྱི་སྔགས་གཞན་བཟླ་བར་མ་གསུངས་ཤིང༌། བུམ་པ་གཞན་ལྷ་གང་གི་ཡིན་པ་ལ་དེ་དང་དེའི་སྔགས་བཟླ་བར་གསུངས་པའི་ཕྱིར་རོ། །དེས་ན་བུམ་པ་གཉིས་སམ་གཅིག་ལས་མེད་ན་གཙོ་བོའི་བུམ་པར་ལྷ་ཐམས་ཅད་སྐྱེད་ལ་དེ་དག་ལས་མང་བར་ ཡོད་ན་ལྷའི་སྒོ་ནས་བུམ་པ་ཇི་ལྟར་བསྡུས་དཔྱད་ལ་བུམ་པ་གང་དུ་ལྷ་གང་སྐྱེད་ཤེས་པར་བྱའོ། །བུམ་པ་གཞལ་ཡས་ཁང་དུ་མི་སྐྱེད་པའི་ཕྱོགས་ལ་གཙོ་བོའི་བུམ་པར་ལྷ་ཚང་བ་མི་སྐྱེད་ན་གཞལ་ཡས་ཁང་མེད་ཀྱང་གདན་ཙམ་གྱིས་ཆོག་པར་མངོན་ལ་སྐྱེད་ ཚུལ་ནི། དོན་ཡོད་ཞབས་དང་ཛ་ཡ་སེ་ནས་ཆོ་ག་གསུམ་ལས་སྐྱེད་པའང་བཤད་པས་ལྷ་སྟ་གོན་ལ་བཤད་པ་ལྟར་བྱའོ། །བོད་ཀྱི་བླ་མ་ཁ་ཅིག་མཚོ་སྐྱེས་ཀྱི་བརྟག་གཉིས་ཀྱི་འགྲེལ་པ་ལས། རང་གི་ཉིད་ཡིད་དམ་ལྷ་སྦྱོར་བས། སྔར་གསུངས་པ་ཡི་བུམ་པ་ལས། ། ཐམས་ཅད་ཆུ་ལས་ཁམ་ཕོར་དུ། །ཉུང་ཟད་བླུགས་ཏེ་རྣམ་རྒྱལ་གྱི། །བུམ་པ་བཾ་ལས་བསྐྱེད་པ་ཡི། །རིན་ཆེན་བུམ་པའི་སྟེང་གཞག་བྱ། །དེར་ནི་དཀྱིལ་འཁོར་བསྐྱེད་བྱ་སྟེ། །དམ་ཚིག་བདག་ཉིད་རྫོགས་པ་དང༌། །ཡེ་ཤེས་དཀྱིལ་འཁོར་སྤྱན་དྲངས་ཏེ། ། ཞབས་བསིལ་ལ་སོགས་རིམ་པས་དབུལ། །དམ་ཚིག་ལྷན་ཅིག་གཅིག་བྱས་ཏེ། །མཆོད་པ་རྣམས་ཀྱིས་ཚིམ་པར་བྱ། །ཞེས་གསུངས་པས་དུང་ཆོས་སུ་ལྷ་རྫོགས་པར་སྐྱེད་པ་བསྟན་ཏོ། གསུངས་ཀྱང་། ལུང་དེས་དེ་བསྟན་པ་མ་ཡིན་ཏེ། འགྲེལ་པ་དེར་བརྟག་ པ་དང་པོར་བུམ་པའི་གྲངས་དང་བུམ་རྫས་སོགས་བསྟན་པའི་སྐབས་སུ་ཡང་ལྷའི་སྐྱེད་ཆོག་མ་བསྟན་པས་བརྟག་པ་ཕྱི། མའི་རབ་གནས་ཀྱི་སྐབས་སུ་བུམ་པར་ལྷ་སྐྱེད་པའི་ཆོ་ག་བསྟན་པ་ཡིན་པས། དེར་ནི་དཀྱིལ་འཁོར་བསྐྱེད་བྱ་སྟེ། ཞེས་པ་ནི་རྣམ་རྒྱལ་དུ་ 3-2-181a དཀྱིལ་འཁོར་སྐྱེད་པའི་ཁུངས་ཡིན་པའི་ཕྱིར་རོ། །གལ་ཏེ་དེས་རྣམ་རྒྱལ་གྱི་སྟེང་གི་ཁམ་ཕོར་དུ་ལྷ་སྐྱེད་པ་སྟོན་ན་རྣམ་རྒྱལ་བུམ་པར་ལྷ་སྐྱེད་པ་སྐབས་དེ་དང་སྔ་མ་གཉིས་ཀར་མ་བསྟན་པར་འདོད་དགོས་སོ། །གཞུང་ཚད་ལྡན་ གཞན་དུའང་དུང་ཆོས་སུ་ལྷ་སྐྱེད་པའི་བཤད་པ་མ་མཐོང་བས་དེར་ལྷ་སྐྱེད་མི་དགོས་པ་འདྲ་སྟེ་དཔྱད་པར་བྱའོ། །བུམ་པའི་སྟེང་དུ་དྲི་ཞིམ་པོའི་ཆུས་བཀང་བའི་དུང་ངམ་ཐོད་པའམ་ཁམ་ཕོར་འཇོག་པ་ནི་བུམ་པ་ལ་མཆོད་ཡོན་འབུལ་བའི་སྣོད་དུ་བཤད་ དེ། ལྭ་བ་པས། དེའི་སྟེང་དུ་མཆོད་ཡོན་གྱི་སྣོད་དྲི་ཞིམ་པོའི་ཆུ་མེ་ཏོག་དཀར་པོ་དང་བཅས་པ་གཞག་སྟེ། དེའི་སྟེང་དུ་མེ་ཏོག་གི་ཕྲེང་བ་བཅིངས་པའི་རྡོ་རྗེ་གཞག་ལ། ཞེས་དང་མེ་ཏོག་དཀར་པོ་དང་བཅས་པའི་མཆོད་ཡོན་བུམ་པར་ཕུལ་བས། ཞེས་ གསུངས་སོ། །དེའི་ཆུའི་སྐྱེད་ཆོག་ནི། ཨུ་ད་ཀ་དང་ཡི་གེ་གསུམ་ལན་བདུན་བཟླས་པས་ཡེ་ཤེས་ཀྱི་བདུད་རྩིར་བྱས་པའི་རྡོ་རྗེའི་རྡུལ་ཕྲ་རབ་ཀྱི་རང་བཞིན་དུ་སེམས་པར་ཕྲེང་བར་གསུངས་པའི་དོན་སྔར་བཤད་པ་དེ་ཡིན་ནོ། །འདིར་སྔོན་དུ་ལྷ་བཞུས་ ནས་དེའི་འོག་ཏུ་བཟླས་པ་བྱེད་པ་ཕྲེང་བ་རྗེས་འབྲང་དང་བཅས་པའི་ལུགས་ནི། ལམ་ཀ་རྒྱལ་བཟང་དང་མཐུན་ལ་ཛ་ཡ་སེ་ན་ཡང་དེའི་རྗེས་སུ་འབྲང་ངོ༌། །དོན་ཡོད་ཞབས་ཀྱིས་ལས་བུམ་གྱི་ལྷ་མི་བཞུ་བར་གསུངས་ལ་འདིར་དེའི་དམིགས་གསལ་མ་ བྱུང་ངོ༌། །ལྭ་བ་པ་ལ་སོགས་པས་བཟླས་པའི་མཐར་བཞུ་བ་ཡང་གསུངས་པས་གོ་རིམས་གང་བྱས་ཀྱང་རུང་ངོ༌། །ལྷ་ཞུ་ནས་ཆུར་གྱུར་པའི་སྐབས་སུ་སྔར་བུམ་པ་གཞལ་ཡས་ཁང་དུ་བསྐྱེད་ན་ཞུ་ནས་བུམ་པའི་རྣམ་པ་དང་མཚན་མ་ལྷར་བསྐྱེད་པ་ཡང་ 3-2-181b ཞུ་ནས་མཚན་མའི་རྣམ་པར་བྱའོ། །ལྷ་བཞུས་པ་དེ་ནས་ཧཱུཾ་བརྗོད་ལ་མེ་ཏོག་གི་ཕྲེང་བའི་སྣ་ནས་ལག་པ་གཡོན་པའི་ཁུ་ཚུར་གྱིས་བཟུངས་ཏེ་གཙོ་བོའི་སྙིང་པོའི་སྔགས་སམ་ཨུ་ད་ཀས་ཆུ་ལ་བརྒྱ་རྩ་བརྒྱད་བསྔགས་ནས་གཙོ་བོའི་བུམ་པར་འཁྱིལ་བ་བཟླས་པའི་མེ་ ཏོག་དཀར་པོ་གསུམ་གཞུག་གོ། བུམ་པ་གཞན་ལྷ་གང་དང་གང་གི་ཡིན་པ་དེ་ནི་དེའི་སྔགས་ཀྱིས་བརྒྱ་རྩ་བརྒྱད་དམ་ཉེར་གཅིག་གམ་བདུན་དུ་བཟླས་ཏེ། བུམ་པ་དེ་དག་གི་སྟེང་དུའང་རྡོ་རྗེའི་མེ་ཏོག་གི་ཕྲེང་བའི་སྣ་ནས་སྔར་བཞིན་བཟུངས་ལ་བྱ་ཞིང་མེ་ཏོག་ ཀྱང་སྔར་ལྟར་གཞུག་གོ། གཡོན་པས་མེ་ཏོག་གི་ཕྲེང་བ་བཟུང་བའི་ཚེ་གཡས་པས་ཕྲེང་བ་བཟུང་བར་ཉིན་མོ་འབྱུང་གནས་ཀྱིས་སོ། །བྷཱ་བ་བྷ་དྲས། མེ་ཏོག་གི་ཕྲེང་བས་བཅིངས་པའི་རྡོ་རྗེ་བུམ་པའི་སྟེང་དུ་སློབ་མས་བཟུངས་ནས་མེ་ཏོག་གི་ཕྲེང་བའི་ སྣ་གཅིག་སློབ་དཔོན་གྱིས་བཟུངས་ཏེ་ཧཱུཾ་ཞེས་བྱ་བའི་སྔགས་བརྒྱ་རྩ་བརྒྱད་དུ་བཟླས་ལ་ཞེས་ཀྱང་གསུངས་སོ། །རྒྱལ་བ་བཟང་པོས་གཙོ་བོ་ལ་བརྒྱད་ཀྱིས་ལྷག་པའི་སྟོང་ཕྲག་གཅིག་དང་ཨུ་ད་ཀ་བརྒྱ་རྩ་བརྒྱད་བཟླ་བར་བཤད་དོ། །ཕྱེད་བཅས་བཞི་བརྒྱ་པ་ལས་ ཀྱང༌། མཆོད་ཡོན་ཕུལ་ཏེ་ཡང་དག་མཆོད། །མེ་ཏོག་དཀར་པོ་གཞུག་པར་བྱའོ། །ཞེས་གསུངས་པས་དུང་ཆོས་སོགས་ཀྱིས་མཆོད་ཡོན་ཡང་དབུལ་ལོ། །བདག་པོའི་སྔགས་དང་ཧཱུཾ་ལན་བདུན་བཟླས་ནས་དབུལ་བར་དེའི་འགྲེལ་པར་བཤད་དོ། །སྤྱི་རྒྱུད་ལས། མེ་ཏོག་དག་ཀྱང་བླུགས་ནས་སུ། །བདུག་སྤོས་ཀྱིས་ནི་བདུག་པར་བྱ། །ཞེས་དབང་བསྐུར་བའི་བུམ་པ་ལ་དེ་ལྟར་བྱ་བར་གསུངས་པས་བདུག་སྤོས་ཀྱིས་ཀྱང་བདུག་གོ། བུམ་པའི་བཟླས་པ་བྱེད་པའི་ཚེ་དམིགས་པ་ཟུར་པ་མ་གསུངས་པས་མངོན་རྟོགས་ཀྱི་ 3-2-182a སྐབས་ཀྱི་བཟླས་པའི་དམིགས་པ་ལྟར་རང་རང་གི་ཐུགས་ཀར་སྔགས་ཕྲེང་བཀོད་ནས་འོད་ཟེར་སྤྲོ་བསྡུས་རྒྱལ་བ་སྲས་བཅས་ཀྱི་ཡེ་ཤེས་ཀྱི་བདུད་རྩི་བཀུག་ནས་ཐིམ་པར་བསམས་པས་ཆོག་པ་འདྲའོ། །བོད་ཀྱི་བླ་མ་དག་རང་ གི་ཁ་ནས་འོད་ཟེར་དམར་པོ་བྱུང་ནས་གཟུངས་ཐག་ལ་ཞོན་ཏེ་སོང་བས་བུམ་ནང་གི་ལྷ་རྣམས་ལ་འཕོག་པས་དམར་ལམ་ལམ་སོང་ཞིང་རང་གི་དབང་དུ་འདུ་བ་དང་དེ་དག་གི་བ་སྤུའི་བུ་ག་ནས་བདུད་རྩིའི་རྒྱུན་འཛག་པར་བསམ་ཞེས་ཟེར་རོ། །དེ་ནས་བུམ་པ་རྣམས་ ལ་མེ་ཏོག་ལ་སོགས་པས་མཆོད་ལ་ལས་བུམ་གྱི་ཆུ་དེའི་ཁ་རྒྱན་གྱི་ཡལ་འདབ་ཀྱིས་བླངས་ལ་བསང་སྟེ་བསྲུང་བའི་དོན་དུའོ། །འདིར་ཇི་སྲིད་དུ་དཀྱིལ་འཁོར་གྱི་བྱ་བ་མ་རྫོགས་པ་དེ་སྲིད་དུ་བགེགས་ཟློག་པར་མཛོད་ཅིག་ཅེས་བརྗོད་ཅིང་གཏོར་མ་བྱིན་ནས་ཉེ་ བར་རེག་སྟེ་མི་བསྐྱོད་རྡོ་རྗེ་ཞེས་པ་ལ་སོགས་པའི་བསྟོད་པ་སྔོན་དུ་འགྲོ་བས་དྲིལ་བུ་དཀྲོལ་བར་བྱའོ། །བགེགས་ཟློག་པའི་གསོལ་བ་གདབ་པའི་ཡུལ་ནི། ལས་ཐམས་ཅད་པའི་ལྷ་ལ་བྱེད་པར་རྒྱལ་བ་བཟང་པོས་བཤད་ལ་བཞུས་པའི་འོག་ཏུ་བསྟོད་པ་བྱེད་པར་ ལྭ་བ་པས་ཀྱང་བཤད་དེ་གཞན་རྣམས་ཀྱིས་མཆོད་བསྟོད་ཟིན་པའི་འོག་ཏུ་བཞུ་བར་གསུངས་སོ། །བུམ་པའི་ཆུ་ཉིད་ལྷའི་རང་བཞིན་དུ་མོས་པར་བྱས་ནས་གཏོར་མ་འབུལ་བ་དང་བསྟོད་པ་བྱེད་པ་སོགས་མི་བདེན་གཞན་རྣམས་ལྟར་བྱས་ཀྱང་ཆོག་གོ། ཐོད་པའི་ དཀྱིལ་ཆོག་ལས། ཐོད་པའི་མཆོད་ཡོན་སྔོན་འགྲོ་བས། །སྤོས་སོགས་ལྷ་བཤོས་དག་གི་བར། །བུམ་པའི་གྲངས་དང་མཉམ་པར་དབུལ། །ནང་དང་གསང་བར་བཅས་པས་ཀྱང༌། །བུམ་པའི་ལྷ་རྣམས་མཉེས་པར་བྱ། །ཞེས་གསུངས་པས་ལྷ་སྟ་གོན་ལ་ཕྱག་ 3-2-182b ལེན་འདུག་པ་ལྟར་བུམ་པ་ལ་ཡང་ལྷ་གྲངས་ཀྱི་མཆོད་པ་བྱེད་པའོ། །དེ་ནས་བུམ་པ་རྣམས་རང་གི་ཁང་པར་སྦ་བར་དོན་ཡོད་ཞབས་ཀྱིས་གསུངས་སོ། །རང་དང་སློབ་མ་རྣམས་ལ་བསང་གཏོར་བྱ་བའི་དོན་དུ་བུམ་པ་རྣམས་ལས་ཆུ་ཅུང་ཟད་བསྡུས་ལ་དཀྱིལ་འཁོར་ གྱི་ཁང་པའམ་དེ་མེད་ན་དཀྱིལ་འཁོར་གང་དུ་བྱ་བའི་གནས་ཁང་དེའི་ཤར་སྒོའི་བྱང་གི་ཆར་མཉྫི་ལ་གནས་པའི་དུང་ཆོས་ལ་སོགས་པར་བླུག་ལ་གཞག་གོ། གཞན་དུ་ནི་ལས་བུམ་ཉིད་ཀུ་ཤའི་ཆུན་པོ་དང་ལྡན་པ་དེའི་དོན་དུ་དེར་གཞག་པར་བྱའོ་ཞེས་སོ། །བུམ་ བཟླས་དང་མཆོད་པ་སོགས་ལ་ཉི་མ་རེ་རེར་ཐུན་གསུམ་མམ་ཐུན་གཅིག་ཏུ་བྱའོ། །སྤྱི་རྒྱུད་དང་བཞི་བརྒྱ་ལྔ་བཅུ་པ་རྩ་འགྲེལ་དང་རྒྱལ་བ་བཟང་པོ་སོགས་མང་པོས་ཉིན་རེ་ཞིང་ཐུན་གསུམ་དུ་བུམ་བཟླས་བྱ་བར་གསུངས་ལ་ཕྲེང་བར་ཐུན་གཅིག་ཏུའང་ བྱ་བར་གསུངས་པས་ཉི་མ་གཞན་ལ་སྔར་ལྟར་སྐྱེད་ཆོག་སོགས་ཚང་བ་གསུམ་གསུམ་མམ་དེ་མ་གྲུབ་ན་རེ་རེ་དབང་མ་བསྐུར་བར་དུ་བྱའོ། །བཞི་པ་ནི། མར་མེ་མཛད་བཟང་པོས། སླར་ཡང་འཁོར་ལོ་མཆོད་བྱས་ལ། ཞེས་སྔར་ལྟར་སྟ་གོན་གྱི་ལྷ་ལ་མཆོད་ པར་མ་ཟད་འདིར་ཡང་མཆོད་པ་བྱས་ནས་གསོལ་བ་གདབ་པར་གསུངས་པ་ལྟར་སྤྱི་རྒྱུད་དུ་ཡང་གསུངས་པས་མཆོད་ལ། པུས་མོ་གཡས་པ་ས་ལ་བཙུགས་ཤིང༌། ལྕེ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་ཧཱུཾ་གིས་མཚན་པར་བསྐྱེད་ལག་པ་གཡས་སྤོས་ཕོར་ཐོགས་ ཏེ་གཡོན་དྲིལ་བུ་དཀྲོལ་ཞིང༌། བཅོམ་ལྡན་ཆེ་གེ་རྡོ་རྗེ་མཆོག །རིག་པའི་རྒྱལ་པོ་ཁྱོད་ལ་འདུད། །སློབ་མ་རྣམས་ལ་བརྩེ་ཕྱིར་དང༌། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །མགོན་པོ་ཐུགས་རྗེའི་བདག་ཉིད་ཅན། །དཀྱིལ་འཁོར་འདྲི་བར་བདག་འཚལ་ལོ། །དེ་ཕྱིར་བཅོམ་ལྡན་ 3-2-183a བདག་གུས་ལ། །བཀའ་དྲིན་གནང་བར་མཛད་པར་རིགས། །སངས་རྒྱས་འགྲོ་འཁོར་བྱ་དོན་སྩོལ། །བྱང་ཆུབ་སེམས་དཔའ་འབྲས་གནས་དང༌། །གཞན་ཡང་གང་དག་གསང་སྔགས་ལྷ། །ལྷ་དང་འཇིག་རྟེན་སྐྱོང་བ་དང༌། །འབྱུང་པོ་བྱང་ཆུབ་ བསྟན་གནས་དང༌། །སེམས་ཅན་བསྟན་ལ་མངོན་དགའ་བ། །གང་སུ་རྡོ་རྗེའི་སྤྱན་མངའ་རྣམས། །བདག་ལ་ཡང་དག་དགོངས་སུ་གསོལ། །བདག་ནི་ཆེ་གེ་རྡོ་རྗེ་ཅན། །ཆེ་གེ་འབྱུང་བའི་དཀྱིལ་འཁོར་ནི། །ཇི་ལྟར་ནུས་པ་ཉེར་སྤྱོད་པས། །འགྲོ་བ་སྦྱང་ཕྱིར་བྲི་ བར་བྱ། །དེ་ཕྱིར་བདག་དང་སློབ་མ་ལ། །རྗེས་སུ་བརྩེ་བར་ཉེར་བཟུངས་ནས། དཀྱིལ་འཁོར་དང་བཅས་ཐམས་ཅད་ནི། །ཉེ་བར་བྱོན་པར་མཛད་པར་རིགས། །ཞེས་དོན་མངོན་དུ་བྱེད་ཅིང་ལན་གསུམ་བརྗོད་པས་གསོལ་བ་གདབ་པར་བྱའོ། །སྡོམ་འབྱུང་དང་རྡོ་ རྗེ་མཁའ་འགྲོ་ལས་ཀྱང་ཚིག་འདི་དག་ཅི་རིགས་པར་འབྱུང་ལ་ཡོངས་སུ་རྫོགས་པ་ནི་སྤྱི་རྒྱུད་ལས་འབྱུང་སྟེ་འགྱུར་གྱི་ཁྱད་པར་འགའ་རེ་ཡོད་དོ། །ལན་གསུམ་བྱ་བ་ནི། རྡོ་རྗེ་མཁའ་འགྲོ་དང་སྤྱི་རྒྱུད་གཉིས་ཀས་བཤད་དོ། །དེ་དག་གི་དོན་མངོན་དུ་བྱས་ ནས་གསོལ་བ་གདབ་དགོས་པར་གསུངས་པས། འགྲོ་འཁོར་བྱ་དོན་སྩོལ་ནི། འགྲོ་བ་ལ་དཀྱིལ་འཁོར་གྱི་བྱ་བས་དོན་སྩོལ་བའོ། །བྱང་སེམས་འབྲས་གནས་ནི་ས་ཐོབ་པའོ། །དེ་ལས་གཞན་པའི་གསང་སྔགས་ཀྱི་ལྷ་ནི་ས་མ་ཐོབ་པའོ། །དེའི་འོག་གི་རྐང་ པ་ལ་སྤྱི་རྒྱུད་ལས། འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང་ཞེས་སོ། །དེའི་འོག་གི་རྐང་པ་ལ་སྡོམ་འབྱུང་ལས། འབྱུང་པོ་རྫོགས་པའི་བྱང་ཆུབ་གནས། ཞེས་འབྱུང་ལ་དེའི་དོན་ཤཱནྟི་པས་བྱང་ཆུབ་ལ་བཀོད་པའི་མི་ལ་སོགས་པ་ལ་བཤད་དེ་རྫོགས་བྱང་དུ་ 3-2-183b ཞུགས་པའོ། །རྡོ་རྗེའི་སྤྱན་ནི་ལྷའི་མིག་གོ། ཕྲེང་བར་སེམས་ཅན་ནི། མི་ལ་སོགས་པའོ་ཞེས་པ་ལས་མི་གསལ་ཡང་རྡོ་རྗེའི་སྤྱན་མངའ་བ་དང་གཞི་མཐུན་དུ་སྡུད་པར་མངོན་ཏེ་སྤྱི་རྒྱུད་ལས། གང་སུ་ལྷ་ཡི་སྤྱན་མངའ་བའི། །སེམས་ཅན་བསྟན་ལ་དགའ་བ་ རྣམས། །ཞེས་གསུངས་པ་ལྟར་རོ། །གཞན་རྣམས་གོ་སླའོ། །འདི་བུམ་པ་སྟ་གོན་གྱི་རྗེས་སུ་རྡོ་རྗེ་མཁའ་འགྲོ་ལས་གསུངས་པ་བཞིན་དུ་མར་མེ་མཛད་བཟང་པོས་ཀྱང་མཛད་དེ་འདིར་ཡང་དེའི་རྗེས་སུ་འབྲངས་པའོ། །ལྔ་པ་ལ་བཞི། སྒོའི་སློབ་དཔོན་དང་ ལས་ཀྱི་རྡོ་རྗེ་ལྷག་གནས་བྱ་ཚུལ། སློབ་མ་ལྷག་གནས་ཀྱི་གྲངས་དང་གོ་རིམས། སློབ་མ་ལྷག་གནས་ཀྱི་ཆོ་ག་དངོས་དཀྱིལ་འཁོར་གདེག་ཅིང་རྨི་ལྟས་བཟང་ངན་ལ་ཇི་ལྟར་བྱ་བའོ། །དང་པོ་ནི། དེ་ནས་སྒོའི་སློབ་དཔོན་དུ་འོས་པ་རང་གིས་དབང་བསྐུར་བ་ཡིན་ན་ མི་དགོས་ལ་དེ་ལྟ་མིན་ན་དཀྱིལ་འཁོར་གྱི་ཁང་པའི་ཤར་སྒོར་འདུག་སྟེ་སྡོམ་པ་གཉིས་སམ་ཡང་ན་སློབ་དཔོན་གྱི་སྡོམ་པ་སྦྱིན་པ་སྔོན་དུ་འགྲོ་བའི་ལྷག་གནས་ཀྱི་ཆོ་གས་ལྷག་གནས་བྱའོ། །དེ་དག་ཀྱང་བཞི་དང་མེད་ན་གསུམ་མམ་གཉིས་སམ་ཐ་ན་ གཅིག་གིས་ཀྱང་བྱའོ། །དེ་དག་ལས་གཞན་དེ་ལྟར་བྱས་པའི་སློབ་མ་ལྔ་པ་ནི་ལས་ཀྱི་རྡོ་རྗེར་བྱའོ་ཞེས་རྒྱུད་གཞན་དུ་བརྗོད་དེ། ལས་ཀྱི་རྡོ་རྗེ་ཟུར་པ་མེད་ན་སྒོའི་སློབ་དཔོན་དེ་རྣམས་ཉིད་ལ་བྱ་བར་ཕྲེང་བར་གསུངས་པ་ནི་མི་ཐུབ་ཟླ་བས། དམ་ཚིག་ཉམས་པས་ འཇིགས་པའི་ཕྱིར། །སློབ་མ་མིན་པ་གཞུག་མི་བྱ། །མེད་ན་གཉིས་སམ་གསུམ་གཟུང་བྱ། །ཐ་མར་ཡང་ན་གཅིག་འདོད་བྱ། །ཞེས་གསུངས་པའི་རྗེས་སུ་འབྲངས་པའོ། །སློབ་མ་ནི་འདིར་རང་གིས་དབང་བསྐུར་བ་དང་ལྷག་གནས་བྱས་པ་གང་རུང་ངོ༌། ། 3-2-184a མདོར་ན་རང་གི་སྒྲུབ་གྲོགས་བྱེད་པའི་སྒོའི་སློབ་དཔོན་དང་ལས་ཀྱི་རྡོ་རྗེ་ནི། རང་གིས་དབང་བསྐུར་བ་སོགས་མིན་པ་བཅུག་ན་དམ་ཚིག་ཉམས་པར་གསུངས་པས་དེ་འདྲ་བའི་སློབ་མ་མིན་པའི་དབང་ལྟད་ལྟ་བ་ཡང་བཀག་པ་ཡིན་ནོ། ། གཉིས་པ་ནི། འོ་ན་དུས་གཅིག་ཏུ་སློབ་མ་གྲངས་ཇི་ཙམ་ཞིག་ལྷག་གནས་བྱ་བར་རུང་སྙམ་ན། ཀླུ་བྱང་དང་མར་མེ་མཛད་བཟང་པོ་དང་ལྭ་བ་པ་དང་མི་ཐུབ་ཟླ་བ་དང་ནག་པོ་སྤྱོད་པ་སོགས་ཀྱིས་གྲངས་ཇི་ཙམ་བྱ་བའི་གསལ་ཁ་མ་མཛད་ལ། དཱ་རི་ ཀ་པས་ཉེར་ལྔ་མན་ཆད་ཟུང་དུ་མ་གྱུར་པ་གཟུང་བར་གསུངས་པ་ནི། སྤྱི་རྒྱུད་ལས། མཁས་པས་སློབ་མ་གཅིག་གམ་གསུམ། །ལྔ་འམ་ཡང་ན་བདུན་དག་གམ། །ཉི་ཤུ་རྩ་ནི་ལྔ་ཡི་བར། །ཟུང་དུ་མ་གྱུར་ཡོངས་སུ་གཟུང༌། །དེ་ལས་ལྷག་པའི་སློབ་ མ་དག །ཡོངས་སུ་གཟུང་བ་མི་ཤིས་སོ། །ཞེས་གསུངས་པའི་དགོངས་པའོ། །རྣམ་སྣང་མངོན་བྱང་ལས། སློབ་མ་དད་ཅིང་རིགས་བཙུན་པ། །དེ་བཞིན་དཀོན་མཆོག་གསུམ་ལ་དད། །ཟབ་མོ་ཡི་ནི་བློ་དང་ལྡན། །སྤྲོ་བ་ཆེ་ཞིང་ཚུལ་ཁྲིམས་ལྡན། །བཟོད་ དང་ལྡན་ཞིང་སེར་སྣ་མེད། །དཔའ་ལ་ཡི་དམ་བརྟན་པ་ནི། །བཅུ་འམ་བརྒྱད་དམ་བདུན་ནམ་ལྔ། །གཅིག་གཉིས་བཞི་ལས་ལྷག་ཀྱང་རུང༌། །དཔྱད་མི་དགོས་པས་གཟུང་བར་བྱ། །ཞེས་མཚན་ཉིད་དེ་རྣམས་ཚང་བའི་སློབ་མ་ལ་ཟུང་དུ་གྱུར་པ་ཡང་ གསུངས་ལ་བཅུ་མན་ཆད་ཀྱི་གྲངས་ཀྱི་ཚད་མཛད་དེ། དེ་ཡང་མཚན་ཉིད་དེ་དག་ཚང་བ་ནི། རྡོ་རྗེ་སེམས་དཔའ་དང་འདྲ་བས་དཀོན་པའི་ཕྱིར་གྲངས་ཀྱི་ཚད་དེ་ལྟར་གསུངས་ཏེ་དབང་བསྐུར་བའི་དབང་དུ་མཛད་པའོ། །དཀྱིལ་འཁོར་དུ་གཞུག་པ་ཙམ་ལ་ 3-2-184b གྲངས་མ་ངེས་པར་ཡང་བཞེད་དེ། དེ་ཉིད་ལས། གསང་བ་པའི་བདག་པོ་གང་དག་གིས་སྔོན་ཐེག་པ་ཆེན་པོ་གསང་སྔགས་སྤྱད་པའི་ཚུལ་སྒོ་མཐའ་ཡས་པ་སྒྲུབ་པ་ལ་གོམས་པར་བྱས་པ་དེ་དག་ནི། རྡོ་རྗེ་སེམས་དཔའ་ཡིན་ཏེ་དེ་རྣམས་ཉིད་ཀྱི་དོན་གྱི་ཕྱིར་གྲངས་ཀྱི་ ཚད་འདི་བྱས་སོ། །འོན་ཀྱང་སློབ་དཔོན་སྙིང་རྗེ་ཆེན་པོ་དང་ལྡན་པས་སེམས་ཅན་གྱི་ཁམས་མ་ལུས་པ་བསྒྲལ་བར་ཡི་དམ་བཅའ་བ་ཁོ་ནར་བྱ་སྟེ། དེས་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུར་འགྱུར་བར་བྱ་བའི་ཕྱིར་སེམས་ཅན་ཚད་མེད་པ་རྣམས་ཡོངས་སུ་གཟུང་བར་བྱའོ། ། ཞེས་གསུངས་ཏེ། དེ་དག་གི་དོན་འགྲེལ་པས་སྔར་བཞིན་དུ་བཤད་པས་དབང་བསྐུར་བ་ལ་དུས་གཅིག་ཏུ་སློབ་མ་ཚད་མེད་གཟུང་བར་སྟོན་པ་མིན་ནོ། །ཁྱད་པར་འདི་དེ་ཉིད་བསྡུས་པ་དང་རྡོ་རྗེ་རྩེ་མོ་ལ་ཡང་ཤེས་དགོས་སོ། །དམ་ཚིག་གསུམ་བཀོད་ལས་ ཀྱང༌། མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ནས་གཅིག་གཉིས་གསུམ་བཞི་ལྔ་ཡང་གཞུག་པར་བྱ་ཞིང་ཞེས་གྲངས་ཁ་འཆམ་ཡང་གསུངས་ལ། ཕྲེང་བ་ལས་ཀྱང་སློབ་མ་གཅིག་གམ་གཉིས་སམ་མང་པོ་ཞེས་བཤད་དོ། །དེ་ལྟ་ནའང་བོད་ཀྱི་བླ་མ་ མཁས་པ་རྣམས་ཀྱི་ཕྱག་ལེན་ལ་སྤྱི་རྒྱུད་ལྟར་མཛད་པར་སྣང་བ་བཞིན་དུ་བྱ་ལ། སྤྱི་རྒྱུད་ལས། མདོར་ན་སློབ་མ་ཕན་ཚུན་དུ། །ནང་མི་གཤིན་པ་མི་གཟུང་ངོ༌། །གཅིག་ལ་གཅིག་ནི་སེམས་བཟང་ཞིང༌། །ཞི་དུལ་བླ་མ་ལ་ཕན་པ། །ཞེས་གསུངས་པ་ནི་ཤིན་ ཏུ་གལ་ཆེའོ། །སྔར་སློབ་མ་རྗེས་གཟུང་གི་ཆོ་ག་བྱས་པའི་སློབ་མ་རྣམས་སྟ་གོན་གྱི་ཚེ་མ་ཚང་བ་ལ་ཇི་ལྟར་བྱ་བ་ནི། སྤྱི་རྒྱུད་ལས་སློབ་མ་ཡོངས་སུ་བཟུངས་པ་གང༌། །སྟ་གོན་གནས་ཚེ་མེད་ན་ནི། །དེ་ཡི་གཟུགས་བརྙན་བྱས་ནས་སུ། །ཇི་སྐད་བཤད་པའི་ 3-2-185a ལས་རྣམས་བྱ། །སློབ་མ་ཡོངས་སུ་བཟུངས་པ་གང༌། །གལ་ཏེ་རྐྱེན་འགའ་ཞིག་གིས་ནི། །དེར་ནི་འོངས་པར་མ་གྱུར་ན། །གཞན་དག་དེ་ཡི་སྐྱིན་པར་གཞུག །ཅེས་གསུངས་སོ། །སྡོམ་འབྱུང་ལས་དཀྱིལ་འཁོར་བྲིས་ཟིན་པའི་ འོག་ཏུ་སློབ་མ་ལྷག་གནས་བྱེད་པ་གསུངས་ཤིང་དཔལ་འཛིན་དང་སློབ་དཔོན་འདིས་ཀྱང་དཀྱིལ་འཁོར་བསྒྲུབས་ཟིན་པའི་འོག་ཏུ་རབ་གནས་དང་སློབ་མ་ལྷག་གནས་བཤད་པ་ནི། ལྷག་གནས་གཞན་གསུམ་དང་དཀྱིལ་འཁོར་བྲི་བསྒྲུབ་ནི་ལྷ་དང་སློབ་ མ་དབང་བསྐུར་བ་གཉིས་ཀའི་ཐུན་མོང་བར་བསྟན་པའི་ཕྱིར་ཡིན་པས་བཤད་པའི་རིམ་པ་ཡིན་གྱི་ལག་ཏུ་བླང་བའི་རིམ་པ་མིན་ཏེ། ཕྲེང་བ་ལས། དེ་ལྟར་སློབ་མ་ལྷག་པར་གནས་པ་ཙམ་བྱས་ལ་ལྷག་པར་གནས་པའི་དོན་དུ་ལྷའི་དཀྱིལ་འཁོར་བཀོད་ པ་རྣམས་མཆོད་དེ་ཡེ་ཤེས་ཀྱི་ཐིག་ལ་སོགས་པའི་དོན་དུ་དཀྱིལ་འཁོར་གྱི་ས་གཞིའི་སྟེང་གི་ནམ་མཁའ་ལ་བློས་བཀོད་ནས། ཞེས་སྐབས་འདིར་སློབ་མ་ལྷག་གནས་བྱས་ཟིན་པའི་རྗེས་སུ་སྟ་གོན་གྱི་ལྷ་ནམ་མཁར་འདེགས་ཤིང་དེའི་འོག་ཏུ་ཡེ་ ཐིག་འདེབས་པར་བཤད་པ་བཞིན་ནོ། །གསུམ་པ་ལ་ལྔ། ཀུན་སློང་བཅོས་ཤིང་ནང་དབང་བསྐུར་བ་དང༌། གསོལ་བ་གདབ་ཅིང་འཛིན་དུ་གཞུག་པ་དང༌། སྡོམ་པ་གཟུང་ཞིང་བྱིན་གྱིས་བརླབ་པ་དང༌། སོ་ཤིང་དོར་ཞིང་ཁྱོར་ཆུ་སོགས་གསུམ་སྦྱིན་པ་ དང༌། སྤྲོ་བ་བསྐྱེད་ཅིང་བསྲུངས་ཏེ་རྨི་ལམ་བརྟག་པར་གདམས་པའོ། །དང་པོ་ནི། འདིར་དཀྱིལ་འཁོར་གང་དུ་བྱེད་པའི་ཁང་པ་དེར་ལྷག་གནས་བྱེད་ན་བྲིས་སྐུ་ལ་སོགས་པ་ཞལ་དགབ་ལྷ་སྟ་གོན་གྱི་མེ་ཏོག་ལ་སོགས་པ་དང་བུམ་པ་རྣམས་མི་མཐོང་ 3-2-185b བར་བྱ་ཞེས་བོད་ཀྱི་བླ་མ་སྔ་མ་དག་གསུང་ངོ་། །སློབ་མ་རྣམས་ཁྲུས་བྱས་ཤིང་གོས་གསར་པ་བགོ་བར་བཟང་པོ་ཡོངས་བཟུང་ལས་གསུངས་པ་ལྟར་བྱས་ཏེ་མཎྜལ་བྱས་ནས་པུས་མོ་བཙུགས་ཏེ། མེ་ཏོག་ཕྲེང་བ་སྙིམ་པས་འཛིན་པའི་ཐལ་མོ་སྦྱར་བ་རྣམས་ ལ་འཇིག་རྟེན་འདི་དང་ཕྱི་མའི་མངོན་པར་མཐོ་བ་ཙམ་དོན་དུ་གཉེར་བའི་ཆེད་དུ་མ་ཡིན་གྱི་འོན་ཀྱང་དེ་བཞིན་གཤེགས་པའི་སྐུ་གསུམ་གྱི་ཕུན་སུམ་ཚོགས་པ་ཐོབ་པར་བྱ་བའི་ཕྱིར་དཀྱིལ་འཁོར་དུ་འཇུག་པར་བྱའོ། །དེ་ལྟར་ན་ནི་མངོན་མཐོ་གཉིས་ ཀྱང་ཐོབ་པར་འགྱུར་རོ་ཞེས་བསྒྲག་གོ། དེ་ནི་སྤྱི་རྒྱུད་ནས་འབྱུང་བའི་དོན་བསྡུས་པ་ཡིན་ལ་སྤྱི་རྒྱུད་ཀྱི་གཞུང་ནི་ཕྱེད་བཅས་བཞི་བརྒྱ་པའི་འགྱུར་ལེགས་ཏེ། ལ་ལ་གསང་སྔགས་སྒྲུབ་དོན་གཉེར། །འདི་ན་དཀྱིལ་འཁོར་འཇུག་པར་བྱེད། །བསོད་ནམས་འདོད་ པས་དེ་ལས་གཞན། །གཞན་དག་འཇིག་རྟེན་གཞན་དོན་གཉེར། །འཇིག་རྟེན་ཕ་རོལ་དོན་གཉེར་བའི། །དད་པ་མང་དུ་བྱེད་པ་ཡིས། །བློ་ལྡན་དཀྱིལ་འཁོར་འཇུག་བྱ་ཡི། །ཚེ་འདིའི་འབྲས་བུ་འདོད་མི་བྱ། །ཚེ་འདི་འདོད་པར་གྱུར་པ་ལ། །འཇིག་རྟེན་ཕ་ རོལ་དོན་མི་འགྱུར། །འཇིག་རྟེན་ཕ་རོལ་དོན་གཉེར་སྐྱེས། །འཇིག་རྟེན་འདི་ཡི་འབྲས་བུ་རྒྱས། །ཞེས་སོ། །དཀྱིལ་འཁོར་དུ་འཇུག་པ་ལ་ཀུན་སློང་གསུམ་ལས་སྔགས་བསྒྲུབ་པའི་ཕྱིར་དུ་འཇུག་པ་ནི་ཚེ་འདིར་མངོན་མཐོ་འདོད་པའོ། །དེ་ལས་གཞན་ ལ་བསོད་ནམས་འདོད་པས་འཇུག་པ་ནི་ཚེ་ཕྱི་མར་མངོན་མཐོ་འདོད་པའོ། །འཇིག་རྟེན་གཞན་དོན་དུ་གཉེར་ནས་འཇུག་པ་ནི་སྐུ་གཉིས་ཀྱི་ཕུན་ཚོགས་དོན་དུ་གཉེར་བའོ། །དེ་ལྟར་གསུམ་ལས་གསུམ་པ་ལྟར་དུ་བྱས་ནས་དཀྱིལ་འཁོར་དུ་འཇུག་དགོས་ཀྱི་ 3-2-186a སྔ་མ་གཉིས་ལྟར་མི་བྱ་བ་ནི། ཚེ་འདིའི་འབྲས་བུ་འདོད་མི་བྱ། ཞེས་པས་བསྟན་ཏེ་འདི་ཉིད་དུ་དམན་པའི་འཇིག་རྟེན་དུ་གྱུར་པས་འདི་དང་ཕྱི་མ་གཉིས་ཀའི་མངོན་མཐོ་ལ་ཚེ་འདི་ཞེས་གསུངས་ཀྱི་སྐྱེ་བ་འདིའི་ཕུན་ཚོགས་ཁོ་ན་ལ་ མི་བྱའོ། །དེ་རིགས་པས་སྒྲུབ་པ་ནི། རྐང་པ་ཐ་མ་བཞིས་བསྟན་པར་ཤཱནྟི་པས་བཤད་པ་ལེགས་ཏེ་རྒྱུད་ལས་འཇུག་པའི་ཀུན་སློང་གསུམ་བཤད་པ་དང་ཤིན་ཏུ་མཐུན་ནོ། །དེས་ན་ཟུང་འཇུག་གསལ་བ་སོགས་ཀྱི་དཀྱིལ་ཆོག་འགའ་ཞིག་ལས། སྔགས་ཀྱི་ དངོས་གྲུབ་དོན་གཉེར་གང༌། །དཀྱིལ་འཁོར་འདིར་ནི་གཞུག་བྱ་སྟེ། །ཞེས་བསྒྱུར་བ་ནི། འགྱུར་གྱིས་མ་ཐོན་པའོ། །བླ་ན་མེད་པའི་སངས་རྒྱས་དོན་དུ་གཉེར་བས་ཞུགས་ན་མངོན་མཐོ་གཉིས་ཞར་ལ་འབྱུང་བས་སངས་རྒྱས་ཀྱི་དོན་དུ་དཀྱིལ་འཁོར་དུ་འཇུག་ པར་བྱའོ་སྙམ་པའི་བློ་སློབ་མ་ལ་སྐྱེད་པའི་ཚུལ་བླ་མས་དམིགས་ཕྱེད་པར་བརྡ་སྤྲད་དོ། །དེ་ནས་སློབ་མ་རྣམས་རང་གི་ཁ་ནས་ལུས་ལ་བཅུག་སྟེ་རྡོ་རྗེའི་ལམ་ནས་འཐོན་ནས་ཡུམ་གྱི་པདྨར་གནས་པ་ལ། སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་ རྒྱལ་བ་ཡུམ་དང་བཅས་པ་རང་གི་ཁ་ནས་ཞུགས་ཤིང་ཞུ་བར་གྱུར་པས་དབང་བསྐུར་བར་བསྒོམས་ནས་དཀྱིལ་འཁོར་གྱི་ཤར་སྒོར་གཞག་གོ། སྐབས་འདིར་རང་ཉིད་ལྷ་གང་གི་ང་རྒྱལ་བྱ་བ་དང་སློབ་མ་ཐབས་གང་གིས་རང་གི་ཁར་འགུགས་པ་ནི། ཟུང་འཇུག་གསལ་བ་ལས་རང་གཙོ་བོར་གསལ་བའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་འགུགས་པར་བཤད་པ་བཞིན་བྱའོ། །སློབ་མ་ལྷ་གང་དུ་སྐྱེད་འདིར་མི་གསལ་ཡང་ལྭ་བ་པས་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པར་སྒོམ་པར་གསུངས་པས། 3-2-186b སྐབས་གང་ཡིན་གྱི་གཙོ་བོ་ཞལ་གཅིག་ཕྱག་གཉིས་པར་བྱའོ། །དམིགས་པ་འདི་དག་སློབ་མ་ལ་སྤོད་སྒོམ་བྱ་བ་གསལ་བར་མ་གསུངས་པས་སློབ་དཔོན་རང་གིས་བྱས་པ་ཉིད་ཀྱིས་ཆོག་པ་འདྲ་སྟེ་སློབ་མ་རེ་རེ་ནས་དམིགས་པ་གསལ་བར་བྱའོ། །གཉིས་ པ་ནི། དེ་ནས་ཤར་སྒོ་ནས་འཇུག་པར་གསོལ་བ་འདེབས་སུ་གཞུག་པ་ནི། སྐྱེ་རྒ་འཆི་བ་ན་ཀྲ་ཡ། །ཆུ་སྲིན་ལ་སོགས་འཇིགས་རུང་བ། །སྲིད་པའི་མཚོ་ལས་བདག་སྒྲོལ་མཛོད། །དགའ་ཆེན་སྟོན་པ་ཁྱོད་གཅིག་པུ། །བྱང་ཆུབ་ཆེན་པོའི་ཚུལ་བརྟན་པ། །མགོན་ པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱི་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་གཞུག་ཏུ་ གསོལ། །ཞེས་བརྗོད་དུ་གཞུག་གོ། འདི་ལན་གསུམ་བྱ་བར་མར་མེ་མཛད་བཟང་པོས་གསུངས་པ་མཎྜལ་ཕུལ་ཏེ་བྱེད་པར་དཱ་རི་ཀ་པས་སོ། །བླ་མ་ལ་དགའ་བ་ཆེན་པོ་ཞེས་བོས་ནས་ཁྱོད་གཅིག་པུ་བདག་གི་སྟོན་པའོ་ཞེས་ཏེ། དགའ་ཆེན་ནི་རྡོ་རྗེ་ འཆང་གི་མཚན་ཡིན་པས་བླ་མ་ཡང་དེ་དང་འདྲ་བར་ལྟ་བའོ། །ཚུལ་ནི། དེའི་ལམ་སྟེ་བརྟན་པ་ནི། གཞན་གྱིས་མི་ཤིགས་པ་ལ་ཤཱནྟི་པས་བཤད་དོ། །རྩེ་མོ་ལས་ནི། བྱང་ཆུབ་སེམས་དཔའི་ཚུལ་བརྟན་པ། ཞེས་ཀྱང་འབྱུང་ངོ༌། །འཚལ་བ་ནི་དེ་འདོད་ པའོ། །དམ་ཚིག་ནི། སྔགས་དང་རྒྱུད་དང་ཕྱག་རྒྱ་ལ་སོགས་པའོ། །བྱང་ཆུབ་སེམས་ཀྱང་ཞེས་པ་ལ་རྡོར་ཕྲེང་དང་རྩེ་མོར། སྡོམ་པ་དག་ཀྱང་བདག་ལ་སྩོལ། ཞེས་འབྱུང་ངོ༌། །སྐྱབས་གསུམ་ནི། གསུམ་ལ་སྐྱབས་སུ་འགྲོ་བའོ། །རྐང་པ་འདི་ 3-2-187a གཉིས་རྒྱུད་རྡོར་ཕྲེང་དང་རྩེ་མོ་ན་མེད་ཀྱང་སྡོམ་འབྱུང་ལས་འབྱུང་ཞིང་དང་པོ་གསུམ་དང་འདྲ་བ་ཞིག་རྒྱུད་རྡོར་ཕྲེང་ལས་སོ། །གཞན་ནི་གོ་སླ་སྟེ་དོན་དེ་དག་གོ་བར་བྱ་ལ་འདུན་པ་དྲག་པོས་གསོལ་བ་འདེབས་སུ་གཞུག་གོ། དེ་ནས་ སློབ་མ་གཅིག་གཙོ་བོར་བྱས་ཏེ་དེའི་སྒོ་ནས་ཐམས་ཅད་ལ་འདི་སྐད་སྨྲ་བར་བྱའོ། །བུ་ཚུར་ཤོག་ཅིག་ཐེག་ཆེན་པོ། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་གྱིས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ ཅན། །དུས་གསུམ་འབྱུང་བའི་སངས་རྒྱས་རྣམས། །རྡོ་རྗེ་སྔགས་ཀྱི་མཐུ་ཡིས་ནི། །ཡེ་ཤེས་མཉམ་མེད་ཡང་དག་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་པ། །གང་གིས་ཤཱཀྱ་སེང་གེ་སོགས། །མཆོག་རྣམས་ཀྱིས་ནི་བདུད་ཀྱི་སྡེ། །མི་བཟད་ཆེན་པོ་སྟོབས་ ཆེན་བཅོམ། །འཇིག་རྟེན་རྗེས་འཇུག་རྟོགས་ནས་ནི། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །ཅེས་བྱ་བས་ཡང་དག་པར་འཛིན་དུ་གཞུག་གོ། ཐེག་པ་ཆེན་པོའི་གསང་སྔགས་ཞེས་དཀྱིལ་ ཆོག་མང་པོ་ལས་འབྱུང་བས་ཆོ་ག་ནི་ཐབས་སོ། །དེ་སྟོན་པའི་རྒྱུ་མཚན་ནི་ཁྱོད་སྣོད་ཡིན་པས་སོ། །དེ་ནས་རྐང་པ་བཞིའི་ཐ་མ་གཉིས་ནི། སྡོམ་འབྱུང་ལས་གསུངས་ལ་བཞི་ཁ་ལྭ་བ་པའི་དཀྱིལ་ཆོག་ལས་ཀྱང་འབྱུང་ངོ༌། །སངས་རྒྱས་རྣམས་ཀྱིས་ཡེ་ཤེས་ བརྙེས་པའི་རྡོ་རྗེ་སྔགས་ཀྱི་མཐུ་ནི་བཟླས་བསྒོམ་གྱི་མཐུ་ལ་ཤཱནྟི་པས་སོ། །སྟོན་པས་འཇིག་རྟེན་རང་གི་རྗེས་སུ་འཇུག་པར་མཁྱེན་པའམ་རྟོགས་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཞེས་པའི་དོན་ཡིན་པས་ལཱ་བ་པའི་དཀྱིལ་ཆོག་ལས་ཀྱང༌། འཇིག་རྟེན་རྗེས་འཇུག་ 3-2-187b མཁྱེན་ནས་ནི། ཞེས་བསྒྱུར་བ་བདེའོ། །འདི་ཞེས་པ་ནི་སྔགས་ཀྱི་ཚུལ་ལ་གཞོལ་བའོ། །འདི་རྣམས་རྣམ་སྣང་མངོན་བྱང་ནས་འབྱུང་བ་དཀྱིལ་ཆོག་རྣམས་སུ་བཀོད་པར་སྣང་ལ་ད་ལྟ་འགྱུར་བའི་རྣམ་སྣང་མངོན་བྱང་ལས་ཚིགས་བཅད་གཉིས་པ་ལ། རྫོགས་པའི་ སངས་རྒྱས་གང་འདས་དང༌། །དེ་བཞིན་གང་དག་མ་བྱོན་དང༌། །ད་ལྟར་བྱུང་བའི་མགོན་པོ་རྣམས། །འགྲོ་ལ་ཕན་ཕྱིར་བཞུགས་པ་དག །དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་མཆོག་བཟང་འདི་མཁྱེན་ནས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་ མཁྱེན་པ་མཚན་མེད་བརྙེས། །ཞེས་གསུངས་ལ་འཇིག་རྟེན་རྗེས་འཇུག་ཅེས་པའི་རྐང་པ་གཉིས་མི་སྣང་ངོ༌། །མདོར་ན་དུས་གསུམ་གྱི་སངས་རྒྱས་རྣམས་སྔགས་ཀྱི་ཆོ་ག་ལ་བརྟེན་ནས་སངས་རྒྱས་པ་ཡིན་པས་ཁྱོད་ཀྱང་སངས་རྒྱས་ཐོབ་པའི་ཕྱིར་དུ་སྔགས་ལ་ གཞོལ་བར་གྱིས་ཤིག་ཅེས་པའོ། །འོ་ན་སྔར་བདག་འཚལ་ཞེས་སྔགས་ཀྱི་ལམ་འདོད་ནས་གསོལ་བ་བཏབ་པ་མ་ཡིན་ནམ་འདིར་སྔགས་ལ་འདུན་པར་གྱིས་ཞེས་བརྗོད་ཅི་དགོས་སྙམ་ན། སྐྱོན་མེད་དེ་ཁྱེད་ཀྱིས་ཇི་ལྟར་གསོལ་བ་ལྟར་ངས་བྱ་ཡིས་ཁྱེད་རང་ལམ་ འདི་ལས་ཡིད་གཞན་དུ་མ་གཡེང་བར་འདི་ཉིད་ཟུངས་ཤིག་ཅེས་མོས་པ་བརྟན་དུ་འཇུག་པས་སོ། །དེས་ན་འདི་ལ་ཡང་དག་པར་འཛིན་དུ་གཞུག་པ་ཞེས་ཕྲེང་བར་གསུངས་སོ། །གསུམ་པ་ནི། འདིར་ལྭ་བ་པ་དང་ཤཱནྟི་པ་དང་ཨ་བྷྱ་དང་རཏྣ་རཀྵི་ཏ་དང་རྟག་པའི་རྡོ་རྗེ་ དང་བི་བྷཱུ་ཏཱིས་ཐུན་མོང་གི་སྡོམ་པ་དང་སློབ་དཔོན་གྱི་སྡོམ་པ་འཛིན་པ་གཉིས་མཛད་ལ་དེ་གཉིས་ཀྱི་ངོ་བོ་ནི། ཤཱནྟི་པས། དེ་ལ་སྡོམ་པ་གང་སློབ་དཔོན་དུ་མི་བྱེད་ཀྱང་སྦྱིན་པ་དེ་ནི་སྤྱིའི་ཡིན་ཏེ་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཙམ་གྱི་མཚན་ཉིད་དེ་སྔར་ 3-2-188a བཤད་པ་ཡིན་ནོ། །དེ་ལ་སློབ་དཔོན་དུ་བྱེད་པར་བྱིན་པ་གང་ཡིན་པ་དེ་ནི། སློབ་དཔོན་གྱི་སྡོམ་པ་སྟེ་རིགས་ལྔས་བསྡུས་པའོ། །ཞེས་སྐྱབས་འགྲོ་སྔོན་དུ་འགྲོ་བ་ཅན་གྱི་སེམས་བསྐྱེད་པ་ཐུན་མོང་གི་སྡོམ་པ་དང༌། རིགས་ལྔའི་དབང་དུ་ བྱས་པའི་སྡོམ་པ་སློབ་དཔོན་གྱི་སྡོམ་པའམ་ཐུན་མོང་མ་ཡིན་པའི་སྡོམ་པར་གསུངས་ཏེ་ཕྲེང་བ་དང་སྡོམ་འབྱུང་གི་འགྲེལ་པར་ཡང་དེ་བཞིན་དུ་གསུངས་སོ། །སེམས་བསྐྱེད་པ་ཙམ་གྱི་ཞེས་པའི་ཙམ་གྱི་སྒྲས་ནི་རིགས་ལྔས་བསྡུས་པའི་དམ་ཚིག་གཅོད་ ཀྱི་སྤྱོད་པ་བཅད་ནས་སེམས་བསྐྱེད་རྐྱང་པ་སྟོན་པ་མིན་ནོ། །ཐུན་མོང་དང་ཐུན་མོང་མ་ཡིན་པ་ནི་དོན་ཡོད་ཞབས་ཀྱིས་དེ་ནས་བྱ་བའི་རྒྱུད་ལ་སོགས་པ་དང་ཐུན་མོང་གི་སྡོམ་པ་དང་རྣལ་འབྱོར་གྱི་རྒྱུད་བླ་ན་མེད་པའི་ཕས་ཕམ་པ་བཅུ་བཞི་དང་སྦོམ་པོ་དྲུག་ལ་ སོགས་པ་དག་ཀྱང་དཔོག་པར་བྱའོ། །ཞེས་གསུངས་པ་ལྟར་རྒྱུད་སྡེ་བཞི་ཁ་ཐུན་མོང་པ་ཡིན་པས་ཐུན་མོང་བའི་སྡོམ་པའོ། །རྩ་ལྟུང་བཅུ་བཞི་སོགས་སྤང་པའི་དམ་ཚིག་འབོགས་པ་རྣལ་འབྱོར་བླ་མེད་ཀྱི་ཡིན་པར་གསུངས་པ་ནི་ད་ཁོ་ན་ལ་མི་བྱའི་རྣལ་ འབྱོར་རྒྱུད་དང་གཉིས་ཀ་ལ་བྱ་སྟེ། རིགས་ལྔའི་སྡོམ་གཟུང་གིས་སྡོམ་པ་འཛིན་པ་རྣལ་འབྱོར་རྒྱུད་ལས་ཀྱང་གསུངས་པའི་ཕྱིར་དང༌། རྣལ་འབྱོར་རྒྱུད་ལ་ཕས་ཕམ་བཅུ་བཞིའི་བཅས་པ་མི་བཞེད་ན། རྩེ་མོ་ལས། དེ་ལས་གཞན་པ་བཅུ་བཞི་ནི། །ཕས་ཕམ་ པར་ནི་རབ་ཏུ་བཤད། །ཅེས་གསུངས་པ་དང་འགལ་བའི་ཕྱིར་རོ། །དེས་ན་སློབ་དཔོན་གྱི་སྡོམ་པ་ནི། རྣལ་འབྱོར་དང་རྣལ་འབྱོར་བླ་མེད་གཉིས་ཀའི་ཡིན་ལ་བྱ་སྤྱོད་དང་ཐུན་མོང་མ་ཡིན་པའོ། །གཞན་ཡང་སློབ་མའི་དབང་ནི། རིགས་ལྔའི་སྡོམ་པ་བཟུང་མ་བཟུང་ 3-2-188b གཉིས་ཀ་ལ་སྐུར་བས་ཐུན་མོང་བའི་དབང་དང༌། སློབ་དཔོན་གྱི་དབང་ནི། རིགས་ལྔའི་སྡོམ་པ་བཟུངས་པ་ཁོ་ན་ལ་སྐུར་བས་ཐུན་མོང་མ་ཡིན་པའི་དབང་ཞེས་ཟེར་བ་བཞིན་དུ་སྡོམ་པ་དང་པོ་ནི་སློབ་དཔོན་དང་སློབ་མའི་དབང་གང་ཞུ་ཡང་འཛིན་དགོས་པས་ ཐུན་མོང་བ་དང༌། གཉིས་པ་ནི། སློབ་དཔོན་གྱི་དབང་ཞུ་བ་ཁོ་ན་ལ་སྟེར་བས་ཐུན་མོང་མ་ཡིན་པའོ། །ཡང་སྡོམ་པ་དང་པོ་ནི། བྱང་སེམས་ཀྱི་སྡོམ་པ་ཡིན་པས་སྔགས་དང་ཕར་ཕྱིན་གཉིས་ཀའི་ཐུན་མོང་བ་ཡིན་ལ་གཉིས་པ་ནི། རྡོ་རྗེ་ཐེག་པ་པ་ཁོ་ནའི་ཡིན་པས་ ཐུན་མོང་མ་ཡིན་པ་ཞེས་ཀྱང་བྱ་སྟེ་ཐུན་མོང་ཡིན་མིན་དུ་འཇོག་པའི་ཚུལ་གསུམ་ཡོད་དོ། །སྡོམ་པ་གཉིས་འབོགས་པའི་ཆོ་ག་ནི། སློབ་དཔོན་དྲུག་པོ་དེས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། ཞེས་སོགས་ཀྱི་རྐང་པ་བཞི་དང་རིགས་ལྔའི་སྡོམ་ གཟུང་གི་ཆོ་ག་ལ་བཞེད་དོ། །དེས་ན། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །ཞེས་པ་ལན་གསུམ་བརྗོད་དུ་གཞུག་ལ་སྡོམ་པ་ དཔོག་གོ། ཆོ་ག་འདི་སྒྱུ་དྲའི་གཉིས་པ་དང་གུར་གྱི་བཅུ་གཉིས་པ་ལས་གསུངས་སོ། །འོ་ན་རྐང་པ་དང་པོ་གསུམ་གྱི་དོན་ནི། སྐྱབས་འགྲོ་དང་སྡིག་བཤགས་དང་ཡི་རང་གསུམ་ཡིན་པས་སྡོམ་པའི་ཆོ་ག་མིན་ལ་བཞི་པ་ལ་སྡོམ་པ་འཛིན་པ་མི་གསལ་ ན་དེ་ཇི་ལྟར་སྡོམ་པའི་ཆོ་གར་རུང་སྙམ་ན། བདེན་ཏེ་རྐང་པ་བཞི་པ་ནི། སྒེག་རྡོར་དང་ཤཱནྟི་པའི་གཞུང་ལས། སངས་རྒྱས་བྱང་ཆུབ་ཏུ་སེམས་བསྐྱེད། ཅེས་འབྱུང་བ་ལྟར་སེམས་བསྐྱེད་པ་འཛིན་པ་ཡིན་ལ་སྨོན་སེམས་ཙམ་བཟུངས་པ་སྡོམ་པར་མི་རུང་བས་འཇུག་ 3-2-189a སེམས་བཟུངས་བའོ། །འདི་འདྲ་བའི་ཚིག་ཉུང་ངུས་སྡོམ་པ་འཛིན་པ་ནི། གང་ཟག་ཤིན་ཏུ་དབང་པོ་རྣོ་བའི་དབང་དུ་བྱས་པ་སྟེ། ཐུབ་པའི་དགོངས་རྒྱན་ལས། སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། ། ཞེས་པས་གཟུགས་ཀྱི་སྐུ་དང་ཆོས་ཀྱི་སྐུ་དང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་སྐྱབས་ལ་བརྟེན་ནས་བདག་ཉིད་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྱུར་ཏེ། འཇིག་རྟེན་འདི་ཐམས་ཅད་སྡུག་བསྔལ་ལས་བཏོན་ནས་ཡང་དག་པར་ རྫོགས་པའི་སངས་རྒྱས་ཉིད་ལ་སྦྱར་བར་བྱའོ། །ཞེས་དབང་པོ་རབ་ཀྱི་རབ་མདོར་བསྡུས་པས་བྱང་ཆུབ་ཀྱི་སེམས་སྡོམ་པའི་རང་བཞིན་སྐྱེད་པར་བྱེད་དོ། །ཞེས་གསུངས་པ་ལྟར་རོ། །དེས་ན་འདིའི་སྒོ་ནས་བྱང་སེམས་ཀྱི་སྡོམ་པ་འཛིན་པ་ནི་ཚིག་ཉུང་བས་བརྡ་ འཕྲོད་དཀའ་བའི་ཕྱིར་སློབ་དཔོན་གྱིས་རྐང་པ་དང་པོ་གསུམ་གྱིས་སྡོམ་པ་ལེན་པའི་སྔོན་འགྲོ་དང་བཞི་པས་བྱང་སེམས་ཀྱི་སྤྱོད་པ་དང་བཅས་པའི་སེམས་བསྐྱེད་འཛིན་པའི་ཁས་ལེན་བྱེད་ལུགས་གསལ་བར་བརྡ་སྤྲད་པར་བྱའོ། །རྐང་པ་དེ་བཞིའི་ལྷག་མ་ གུར་གྱི་བཅུ་གཉིས་པ་ལས། སངས་རྒྱས་ཆོས་དང་ཚོགས་མཆོག་ལ། བྱང་ཆུབ་བར་དུ་སྐྱབས་སུ་མཆི། །བྱང་ཆུབ་སེམས་སུ་འདི་བགྱི་སྟེ། །བདག་དང་གཞན་དོན་རབ་བསྒྲུབ་ཕྱིར། །བདག་གིས་བྱང་ཆུབ་མཆོག་སེམས་བསྐྱེད། །ཨེ་མའོ་སེམས་ཅན་ ཀུན་མགྲོན་གཉེར། །བྱང་ཆུབ་སྤྱོད་མཆོག་མཛད་བཞན་སྤྱད། །འགྲོ་ལ་ཕན་ཕྱིར་སངས་རྒྱས་ཤོག །ཅེས་འབྱུང་བ་དང་བཅས་པའི་ཆོ་གས་བཟུངས་ན་སྡོམ་པའི་ཆོ་ག་ཡིན་པ་བརྡའ་འཕྲོད་པར་སླ་སྟེ། བསླབ་བཏུས་ལས་སྤྱོད་པ་དང་ལྡན་པར་སེམས་བསྐྱེད་པ་ལ་ 3-2-189b སྡོམ་པ་གཟུང་བར་གསུངས་པས་སོ། །དེའི་ཕྱིར་སྤྱོད་པ་དང་བཅས་པ་ཆོ་གས་བཟུངས་ན་སྡོམ་པའི་ཆོ་ག་ཡིན་ལ་སེམས་བསྐྱེད་རྐྱང་པ་བཟུངས་ན་སེམས་བསྐྱེད་པ་ཙམ་གྱི་ཆོ་གའོ། །ཤཱནྟི་པས། ཡང་གང་ཞིག་ལ་རིག་པའི་དབང་བསྐུར་བ་འབའ་ཞིག་ཙམ་སྦྱིན་ ཞེ་ན། སློབ་དཔོན་དུ་དབང་བསྐུར་བ་དོན་དུ་མི་གཉེར་བའམ་དོན་དུ་གཉེར་བ་སྤྱིའི་སྡོམ་པ་ཉི་ཚེ་ཙམ་ལེན་པར་བྱེད་ཀྱི་སློབ་དཔོན་གྱི་སྡོམ་པ་ནི་མ་ཡིན་པ་དག་ལའོ། །ཞེས་སློབ་དཔོན་གྱི་དབང་ཞུ་བར་མི་འདོད་པ་དང་འདོད་ཀྱང་སྡོམ་པ་ཐུན་མོང་བ་ཙམ་སྲུང་ གི་ཐུན་མོང་མ་ཡིན་པའི་སྡོམ་པ་མི་སྲུང་བ་ལ་སློབ་མའི་དབང་ཙམ་ཞིག་སྐུར་བར་གསུངས་ཤིང་སྔར་གྱི་སློབ་དཔོན་གཞན་ལྔ་པོ་དེ་ཡང་དེ་ལྟར་བཞེད་པས། བྱང་ཆུབ་སེམས་དཔའི་སྡོམ་པ་སྲུང་གི་སྔགས་ཀྱི་སྡོམ་པ་མི་སྲུང་བ་ལ་སློབ་མའི་དབང་ལས་མ་ གཏོགས་པའི་སློབ་དཔོན་གྱི་དབང་ཡན་ཆད་སྐུར་དུ་མི་རུང་ཞིང་དབང་གོང་མ་སྐུར་ན་སྔགས་སྡོམ་ཡང་སྲུང་དགོས་པ་ཡིན་ནོ། །དེའི་ཕྱིར་བྱ་སྤྱོད་ལ་རིགས་ལྔའི་སྡོམ་གཟུང་པདྨ་ལྕགས་ཀྱུ་སོགས་ཁ་ཅིག་གིས་བྱས་པ་ནི་མི་རིགས་ཏེ། ཡེ་ཤེས་ ཐིག་ལེ་ལས་དེ་དག་ལ་ཆུ་ཅོད་པན་སོགས་ལས་གཞན་པའི་སློབ་དཔོན་གྱི་དབང་མེད་པར་བཤད་པའི་ཕྱིར་དང༌། བྱ་སྤྱོད་ཀྱི་རྒྱུད་དང་དགོངས་འགྲེལ་ཚད་ལྡན་རྣམས་ཀྱིས་རིགས་ལྔའི་སྡོམ་གཟུང་མ་བཤད་པའི་ཕྱིར་རོ། །སློབ་དཔོན་ཀུན་དགའ་སྙིང་ པོས་ཀྱང་རིགས་ལྔའི་སྡོམ་པ་མི་འཛིན་པ་ལ་སློབ་དཔོན་གྱི་དབང་མི་སྐུར་བར་གསལ་བར་གསུངས་ཏེ་རྒྱས་པར་རྩ་ལྟུང་གི་རྣམ་བཤད་དུ་བཤད་ཟིན་ཏོ། །མདོར་ན་ཐུན་མོང་གི་སྡོམ་པ་བཟུང་བ་བྱང་ཆུབ་སེམས་དཔའི་སྡོམ་པ་བཟུང་བ་ཡིན་ལ་དེ་ཡང་ 3-2-190a བྱང་སེམས་ཀྱི་སྤྱོད་པ་ཕྱིན་དྲུག་སོགས་ལ་སློབ་པར་ཁས་བླངས་པ་ཡིན་པས་བྱང་སེམས་ཀྱི་སྡོམ་པའི་འཇིག་རྒྱུ་རྩ་ལྟུང་རྣམས་ཀྱང་ཤེས་པར་བྱས་ནས་སྲུང་དགོས་པ་ཡིན་ནོ། །དེའི་ཕྱིར་ཕ་རོལ་དུ་ཕྱིན་པའི་སྤྱོད་པ་ལ་སློབ་པ་ དང་སྔགས་ཀྱི་ལམ་ལ་སློབ་པ་གཉིས་ཚ་གྲང་ལྟར་འགལ་བར་མ་འཛིན་ཅིག སྡོམ་པ་གང་ཡང་མི་སྲུང་བ་ལ་ནི། དཀྱིལ་འཁོར་དུ་གཞུག་པ་ཙམ་ཞིག་བྱེད་པར་དེ་ཉིད་བསྡུས་པ་དང་རྩེ་མོ་ནས་གསུངས་པའི་དོན་ཀུན་སྙིང་གིས་གསལ་བར་བཤད་ཅིང༌། སངས་རྒྱས་གསང་བས་དཀྱིལ་འཁོར་དུ་གཞུག་པ་ཙམ་ཞིག་བྱེད་པ་ནི། རྣམ་སྣང་མངོན་བྱང་གི་ཡང་དོན་དུ་བཀྲལ་ཏེ་རྒྱས་པར་གཞན་དུ་བཤད་ཟིན་ཏོ། །དེ་ལྟར་ཐུན་མོང་གི་སྡོམ་པ་དང་ལྡན་པས་སློབ་དཔོན་གྱི་སྡོམ་པ་གཟུང་བའི་ཕྱིར་དུ། འཁོར་ལོ་ཕྱིར་ མི་ལྡོག་པའི་དབང༌། །དམ་པ་བདག་ལ་སྩལ་ནས་ནི། །མགོན་པོ་འཁོར་ལོ་ལྷ་དག་གི། དེ་ཉིད་སློབ་དཔོན་འཕྲིན་ལས་དང༌། །སངས་རྒྱས་ཀུན་གྱི་དམ་ཚིག་དང༌། །སྡོམ་པ་གསང་མཆོག་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །རྟག་ཏུ་བདག་ནི་སློབ་ དཔོན་བགྱིད། །ཅེས་ཁྱད་པར་དུ་གསོལ་བ་འདེབས་སུ་བཅུག་ནས་བྱང་ཆུབ་ཏུ་སེམས་བསྐྱེད་དུ་གཞུག་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་ཆེ་གེ་མོ་ཞེས་བགྱི་བ་དུས་འདི་ནས་བཟུངས་ཏེ་ཇི་སྲིད་ བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཇི་ལྟར་དུས་གསུམ་མགོན་པོ་རྣམས། ཞེས་པ་ནས་སེམས་ཅན་མྱ་ངན་འདས་ལ་དགོད། ཅེས་པའི་བར་ལན་གསུམ་བརྗོད་དུ་གཞུག་སྟེ་ཚིག་དེ་དག་ནི་གྲགས་ཆེ་བས་མ་བྲིས་སོ། །འདིར་གསོལ་བ་འདེབས་པ་ 3-2-190b པོ་ནི། དགེ་བསྙེན་ལ་སོགས་པའི་སྡོམ་པ་བླངས་ཟིན་པ་ཞིག་གིས་བྱེད་པར་ཤཱནྟི་པས་གསུངས་ཏེ་ཨ་བྷྱ་དང་ཀུན་སྙིང་ལ་སོགས་པས་ཀྱང་དབང་བསྐུར་བའི་སློབ་མས་སོ་ཐར་གྱི་སྡོམ་པ་གཟུང་དགོས་པར་མང་དུ་གསུངས་པས། སོ་ཐར་གྱི་རྟེན་དུ་ རུང་ན་དགེ་བསྙེན་ཡན་ཆད་ཀྱི་སོ་ཐར་གྱི་སྡོམ་པ་སྔ་རོལ་དུ་སྟེར་ཞིང་བྱང་སེམས་ཀྱི་སྡོམ་པ་ཡང་བཟུངས་པ་ཞིག་གིས་བྱེད་དོ། །དེས་སྔོན་དུ་སློབ་དཔོན་གྱི་ཞབས་གཉིས་ལ་བཏུད་དེ་ལག་ཏུ་མེ་ཏོག་བཟུངས་ནས་ཕྱག་བྱས་ལ་མེ་ཏོག་གཏོར་ནས་ གསོལ་བ་གདབ་པར་ཤཱནྟི་པས་གསུངས་ལ། ལྭ་བ་པས་ཀྱང་སློབ་དཔོན་གྱི་ཞབས་གཉིས་ལ་ཕྱག་འཚལ་ནས་བྱ་བར་གསུངས་ཏེ་འདི་ནི་གཞན་རྣམས་ལའང་འདྲའོ། །གསོལ་གདབ་ཀྱི་དོན་ནི། སེམས་ཅན་གྱི་དོན་བྱེད་པའི་ཕྱིར་དུ་བདག་སློབ་དཔོན་ བགྱིད་པས་བཤད་དུ་གསོལ་ཞེས་སྦྱར་རོ། །དེ་ཡང་ཕྱིར་མི་ལྡོག་པའི་ས་བོན་ཁྱད་པར་བ་སྐྱེད་པའི་རྡོ་རྗེ་སློབ་དཔོན་གྱི་དབང་བདག་ལ་སྩོལ་ཅིག་དང་བསྩལ་ནས་སློབ་དཔོན་བགྱིད་དོ། །འཁོར་ལོ་ཞེས་འབྱུང་བ་ལྟར་ན་གང་དུ་དབང་བསྐུར་བའི་དཀྱིལ་འཁོར་ རོ། །གཞུང་ཁ་ཅིག་ལས་འཁོར་ལོའི་ཞེས་པ་ལྟར་ན་དཀྱིལ་འཁོར་གྱི་སློབ་དཔོན་བྱེད་པའི་དབང་ལ་བྱའོ། །འཁོར་ལོ་ལྷའི་ཞེས་པ་ནི། དཀྱིལ་འཁོར་དང་ལྷའི་དེ་ཁོ་ན་ཉིད་གཉིས་དང་སློབ་དཔོན་གྱི་ལས་ཀྱི་རིམ་པ་རྣམས་ཤོད་ཅིག་ཅེས་གསོལ་བའོ། ། སློབ་དཔོན་གྱི་དམ་ཚིག་དང་སྡོམ་པ་ཁྱད་པར་བ་ལ་གསོལ་བ་འདེབས་པ་ནི་སངས་རྒྱས་ཞེས་པའི་རྐང་པ་བཞིའོ། །གསོལ་གདབ་འདི་མ་བྱས་པ་དང་བྱས་པའི་དཀྱིལ་ཆོག་མང་པོ་སྣང་བས་འདིར་གསོལ་གདབ་འདི་མི་བྱེད་ན་སྔར་གྱི་གསོལ་གདབ་ཀྱི་སྐབས་སུ་ 3-2-191a འདི་དག་གི་དོན་བརྗོད་ལ་གསོལ་གདབ་ཕྱོགས་གཅིག་པ་བྱའོ། །སྡོམ་པ་གཟུང་བའི་སྔ་རོལ་དུ་སྡོམ་པ་བསྒྲག་པ་རྩེ་མོ་ལས་གསུངས་པ་བཞིན་དུ་བླ་མེད་ཀྱི་དཀྱིལ་ཆོག་ཀྱང་མང་པོ་ན་སྣང་ལ་སྡོམ་པ་སྒྲག་མེད་པ་ཡང་སྣང་ངོ༌། །དེ་ གཉིས་གང་ཡིན་ཡང་སྔོན་དུ་སློབ་དཔོན་གྱིས་རིགས་ལྔའི་དམ་ཚིག་རགས་རིམ་ཞིག་གོ་བར་བྱས་ལ་རིགས་ལྔ་སྤྱི་དང་བྱེ་བྲག་གི་དམ་ཚིག་རྣམས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་གཟུང་སྙམ་པའི་བློ་སློབ་མ་ལ་ལེགས་ པར་བསྐྱེད་ལ་དེ་ནས་སྡོམ་པ་གཟུང་དགོས་ཏེ། སྡོམ་པ་ལ་དམིགས་ཕུག་པའི་ལེན་འདོད་དང་དམ་ཚིག་རྣམས་ལ་རིས་གཅོད་མེད་པར་མཐའ་དག་གཟུང་འདོད་བསྐྱེད་པ་ནི་སྡོམ་པ་སྐྱེ་བ་ལ་མེད་ཁ་མེད་ཀྱི་ཡན་ལག་གོ། དེས་ན་རྩེ་མོ་ལས་སྔོན་དུ་ལེན་འདོད་ ཡོད་མེད་དྲི་བར་ཡང་གསུངས་ཏེ། དེ་བཞིན་དུ་བླ་མེད་ཀྱི་དཀྱིལ་ཆོག་ཚད་ལྡན་དག་ཏུ་ཡང་བཤད་དོ། །ཆོ་ག་འདི་ལན་གསུམ་བྱེད་པར་ཕྲེང་བ་ལས་གསུངས་པ་བཞིན་དུ། ཀླུ་བྱང་དང་མི་ཐུབ་ཟླ་བ་དང་ཟུང་འཇུག་གསལ་བ་དང་ཉིན་མོ་འབྱུང་གནས་དང་རཏྣ་ རཀྵི་ཏ་དང་བི་བྷཱུ་ཏཱི་ལ་སོགས་པ་མང་པོས་གསུངས་པས་ཤིན་ཏུ་གལ་ཆེ་སྟེ། སྡོམ་པ་གང་ལ་ཡང་དངོས་གཞིའི་ཆོ་ག་མ་ཆད་པ་སྡོམ་པ་སྐྱེ་བ་ལ་ངེས་པར་དགོས་པ་ནི་འདྲ་བ་ཡིན་ནོ། །དེས་ན་དང་པོ་ལེན་པ་དང་ཉམས་པ་སླར་སྐྱོར་བ་ལ་ལྷག་པར་ཡང་དངོས་གཞིའི་ཆོ་ ག་ཚང་བ་གསུམ་གསུམ་ངེས་པར་བྱའོ། །ཇི་ལྟར་དུས་གསུམ་ཞེས་པའི་རྐང་པ་དང་པོ་བཞིས་སེམས་བསྐྱེད་དང་དེ་ནས་བཞིས་བྱང་སེམས་ཀྱི་སྡོམ་པ་འཛིན་ཅིང་ལྷག་མས་སྔགས་སྡོམ་འཛིན་པར་འདོད་པ་ནི་མི་རིགས་ཏེ། སྔར་བཤད་པ་ལྟར་མཁས་པ་རྣམས་ཀྱིས་ 3-2-191b བྱང་སེམས་ཀྱི་སྡོམ་པ་འཛིན་པའི་ཆོ་ག་ནི། ཟུར་དུ་བཤད་ཅིང་ཇི་ལྟར་དུས་གསུམ་ནས་སེམས་ཅན་མྱ་ངན་འདས་ལ་འགོད། ཅེས་པའི་བར་ནི། རིགས་ལྔའི་སྡོམ་པ་གཟུང་བའི་ཆོ་གར་མང་དུ་བཤད་པའི་ཕྱིར་རོ། །དེས་ན་སེམས་བསྐྱེད་གཉིས་དང་ཚུལ་ཁྲིམས་ གསུམ་ལ་སློབ་པར་ཁས་ལེན་པ་དེར་བྱུང་བ་ནི། སྔགས་སྡོམ་འཛིན་པའི་ཡན་ལག་ཡིན་གྱི་ཐུན་མོང་གི་སྡོམ་པ་འཛིན་པ་མིན་ནོ། །བོད་ཀྱི་བླ་མ་ཁ་ཅིག་སྡོམ་པ་བསྒྲག་པ་རྒྱས་པར་བྱས་ན། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་ བདག་གིས་བགྱི། ཞེས་སྡོམ་པ་འཛིན་པ་བསྡུས་པ་དེ་ཙམ་གྱིས་ཀྱང་ཆོག་ལ་སྡོམ་བསྒྲག་བསྡུས་ན་གཟུང་བ་རྒྱས་པར་བྱ་ཞེས་གསུང་བ་ནི་ཤིན་ཏུ་མི་འཐད་དེ། རྩེ་མོར་སྡོམ་པ་བསྒྲག་པ་ཤིན་ཏུ་རྒྱས་ཀྱང་གཟུང་བའི་སྐབས་སུ་རིགས་ལྔའི་སྡོམ་ གཟུང་གི་ཆོ་གས་མཛད་པ་དང༌། ལྭ་བ་པ་དང་ཤཱནྟི་པ་དང་རྒྱལ་བ་བཟང་པོ་སོགས་ཀྱིས་ཀྱང་སྡོམ་པ་བསྒྲག་པ་རྒྱས་པར་མཛད་ཀྱང་ལེན་པའི་སྐབས་སུ་རིགས་ལྔའི་སྡོམ་གཟུང་གི་ཆོ་གས་མཛད་པའི་ཕྱིར་དང༌། སྔགས་སྡོམ་ལེན་པའི་ཆོ་ག་ནི་བླ་ མེད་ཀྱི་རྒྱུད་གཉིས་དང་རྩེ་མོ་གསུམ་གར་རིགས་ལྔའི་སྡོམ་གཟུང་ལ་གསུངས་པའི་ཕྱིར་རོ། །དེས་ན་དམ་ཚིག་རྣམས་ལ་ཁས་ལེན་བྱེད་པ་ཙམ་དང་སྔགས་སྡོམ་འཛིན་པའི་ཆོ་ག་གཉིས་ཁྱད་མེད་པ་མ་ཡིན་ནོ། །སྔགས་སྡོམ་ལེན་པའི་སྐབས་ལ་ ས་ར་ཧ་དང་ཀུན་སྙིང་ལ་སོགས་པས་དངོས་གཞིའི་སྐབས་སུ་མཛད་དེ་རྩེ་མོའི་དགོངས་པའོ། །ཀླུ་བྱང་དང་མི་ཐུབ་ཟླ་བ་དང་དཱ་རི་ཀ་པ་དང་ཕྲེང་བ་སོགས་ཀྱིས་སྐབས་འདིར་མཛད་ལ། མར་མེ་མཛད་བཟང་པོ་ལ་སོགས་པས་རྨི་ལམ་དྲིས་པའི་འོག་ 3-2-192a ཏུ་ཡང་མཛད་པས་དེ་དག་གང་དུ་བྱས་ཀྱང་སྐྱེ་བར་གསལ་ལོ། །དེ་ལ་དངོས་གཞིའི་དུས་སུ་ལེན་ན་ནི་སློབ་དཔོན་གྱིས་བདག་འཇུག་སྔོན་དུ་བྱེད་པའི་དུས་སུ་སྔར་བཤད་པ་བཞིན་དམིགས་ཕྱེད་པར་བྱས་ནས་བླངས་ན་སྔར་རྩ་ལྟུང་ བྱུང་ཡང་སྡོམ་པ་སྐྱེ་བས་སློབ་མ་ལ་འབོགས་པའི་དུས་སུ་རང་སྡོམ་ལྡན་དུ་ཡོད་དོ། །སྐབས་འདིར་བྱེད་ན་ནི། རྩ་ལྟུང་གྲངས་མང་ལ་འབྱུང་ཉེ་ཞིང་བསྲུང་སྡོམ་ལ་ཤིན་ཏུ་ལྷོད་པའི་དུས་སུ་སྣང་བས་རང་རྒྱུད་ལ་ཞིབ་ཏུ་བརྟགས་ལ་བྱ་སྟེ། ཕལ་ཆེར་ བདག་འཇུག་སྔོན་དུ་བཏང་ནས་དེ་ནས་སློབ་མ་ལ་སྡོམ་པ་ཕོག་ན་འཐད་པར་སེམས་སོ། །སྐྱེ་བའི་དུས་ནི། འབོགས་ཆོག་ལན་གསུམ་བྱས་པའི་མཐར་སྐྱེ་ཡི་ཆུ་དབང་ཕྱིན་ཅད་ཀྱི་དབང་བསྐུར་བ་འཐོབ་པ་ལ་མི་བལྟོས་ཏེ་རྩེ་མོ་ལས། སྡོམ་པ་གསུམ་ལ་ བཀོད་ནས་ནི། དེ་ནས་དཀྱིལ་འཁོར་བསྟན་པར་བྱ། །ཞེས་སྔགས་སྡོམ་ལ་བཀོད་པའི་འོག་ཏུ་ལྷ་ངོ་བསྟན་པར་གསུངས་པའི་ཕྱིར་རོ། །དེ་ནས་བདུད་རྩི་འཁྱིལ་བའི་སྔགས་ཀྱིས་བསྲུང་བར་འདིར་གསུངས་ཏེ། དེ་ཇི་ལྟར་བྱ་བ་ནི། མི་ཐུབ་ཟླ་བས་དྲིའི་ཆུས་ གཏོར་ནས་བྱ་བར་གསུངས་པ་ལྟར་རམ་དམ་ཚིག་རྡོ་རྗེས་སློབ་མའི་མགོར་ལག་པ་བཞག་སྟེ་འཁྱིལ་པའི་སྔགས་ལན་བདུན་བཟླ་བར་བཤད་པ་ལྟར་བྱའོ། །དེ་རྣམས་ཀྱི་སྙིང་ག་མགྲིན་པ་མགོ་བོ་རྣམས་སུ་རིམ་པ་བཞིན་དུ་རྡོ་རྗེ་དང་པདྨ་དང་འཁོར་ལོའི་ སྟེང་དུ་རིམ་པ་ལྟར་ཉི་མ་གཉིས་དང་ཟླ་བའམ་ཉི་མ་གཅིག་དང་ཟླ་བ་གཉིས་ལ་གནས་པའི་ཧཱུཾ་ནག་པོ་ཨཱཿདམར་པོ་ཨོཾ་དཀར་པོ་བསམ་མོ། །དེ་ནས་དེ་རྣམས་བརྗོད་ཅིང་སྙིང་ག་སོགས་གསུམ་ལ་དྲིའི་ཆུ་རྡོ་རྗེ་དང་བཅས་པའི་ཁུ་ཚུར་གཡས་པས་བྱུགས་ཏེ་མགོ་ 3-2-192b བོ་ལ་མེ་ཏོག་མདུན་དུ་བདུག་སྤོས་དང་མར་མེ་སྙིང་གར་སླར་ཡང་དྲི་སྦྱིན་པར་ཕྲེང་བ་རྗེས་འབྲང་དང་བཅས་པས་བཤད་དོ། །སྒོམ་པ་དང་རེག་པ་དང་བརྗོད་པ་རྣམས་མས་རིམ་ནས་བྱེད་ཅིང་འབྲུ་གསུམ་ལས། མཚན་མ་གསུམ་ཡི་གེ་གསུམ་གྱིས་མཚན་པར་མར་མེ་མཛད་བཟང་ པོ་བཞེད་ལ། སྒོམ་རེག་བརྗོད་པ་རྣམས་ཡས་རིམ་ནས་བྱེད་པ་ཡང་ཟུང་འཇུག་གསལ་བས་བཤད་དེ་གང་རུང་གཅིག་གིས་ཆོག་གོ། མཚན་མ་གསུམ་སྒོམ་པ་མང་ལ་སྐུ་གསུང་ཐུགས་ཀྱི་ལྷར་སྒོམ་པ་ཡང་པྲ་ཛྙཱ་རཀྵི་ཏས་བཤད་དོ། །མཆོད་པ་རྣམས་ལས་ཐམས་ཅད་པའི་ སྔགས་ཀྱིས་སྟེར་བར་མར་མེ་མཛད་བཟང་པོ་སོགས་ཀྱིས་བཤད་ལ་རང་རང་གི་སྔགས་ཀྱིས་སྟེར་བར་རཏྣ་རཀྵི་ཏས་བཤད་དོ། །ཞལ་ཟས་དང་སྒྲ་སྙན་འབུལ་བར་ཡང་འགའ་ཞིག་གིས་བཞེད་དོ། །མདོར་ན་སྔར་གཙོ་བོར་བསྐྱེད་པའི་སློབ་མའི་གནས་གསུམ་དུ་རྡོ་རྗེ་གསུམ་ གྱི་མཚན་མ་བསྒོམས་ནས་མཆོད་ཡུལ་དུ་བྱས་པ་ལ་མཆོད་དེ་དུས་འདི་ནས་བཟུངས་ནས་འཁོར་བའི་ཉེས་པས་མ་གོས་པར་མཆོད་པ་དང་ལྡན་པར་གྱིས་ཤིག་ཅེས་བརྗོད་པར་དཱ་རི་ཀ་པ་སོགས་ཀྱིས་གསུངས་པ་ལྟར་བྱའོ། །བཞི་པ་ནི། སོ་ཤིང་དོར་བའི་གནས་ནི། ཁྲུ་ བཞི་པ་གྲུ་བཞི་པའི་དཀྱིལ་འཁོར་བའི་ལྕི་བ་ལ་སོགས་པས་བྱུགས་པར་ཕྲེང་བ་ལས་གསུངས་ཤིང༌། བའི་ཀོ་བ་ཙམ་དུ་ཞེས་གསུངས་པ་ནི། སྲབ་འཐུག་གི་ཚད་དུ་བིདྱཱ་བཱ་ཏས་བཤད་དོ། །འཇིགས་བྱེད་ལྷས་ཁྱམས་གྲུ་བཞི་པའི་ནང་དུ་པདྨ་འདབ་བརྒྱད་བྲིས་ པ་ལ་མེ་ཏོག་གི་ཚོམ་བུ་དགོད་པར་བཤད་དེ་ཚད་ལྡན་གཞན་གྱིས་མ་བཤད་དོ། །སོ་ཤིང་ནི། ཨ་ཤྭད་ཐ་ལ་སོགས་པ་འདིར་མི་རྙེད་པས་ཀླུ་བྱང་གིས་གསུངས་པ་ལྟར་འོ་མ་ཅན་གྱི་ཤིང་ཧ་ཅང་སྦོམ་པ་དང་ཕྲ་བ་མིན་པ་དྲང་ཞིང་སྲོག་ཆགས་མེད་པ་མ་གས་པ་ 3-2-193a རྨ་མེད་པ་མགོ་མཇུག་མཉམ་པའི་དྲི་བཟང་གི་ཆུས་བཀྲུས་པ་བདུག་པས་བདུགས་པ་སོར་བཅུ་གཉིས་པ་རྩེ་མོར་མེ་ཏོག་བཅིངས་པ་བྱའོ། །དེ་ནས་སློབ་དཔོན་བྱང་དུ་ཕྱོགས་ཏེ་སློབ་མ་ལ་སྦྱིན་ལ་སློབ་མ་ཤར་རམ་བྱང་དུ་ཕྱོགས་པས་ཨོཾ་ བཛྲ་ཧཱ་ས་ཧཾ་ཞེས་བརྗོད་ནས་རྩེ་མོ་ནས་འཆོས་ཏེ་མིག་སྟེང་དུ་བལྟ་ཞིང་བལྟོས་པ་མེད་པར་མདུན་དུ་དོར་རོ། །སྤྱི་རྒྱུད་ལས་སློབ་མ་ཁ་བྱང་དུ་ཕྱོགས་པ་ལ་སྦྱིན་ཞིང་སློབ་མས་ཤར་དུ་བལྟས་ཏེ་འདོར་བར་བཤད་དོ། །སོ་ཤིང་ལ་སློབ་དཔོན་གྱིས་བཟླ་བའི་ སྔགས་ཕྲེང་བར་མ་བྱུང་ཡང་དོན་ཡོད་ཞབས་ཀྱིས་བགེགས་མཐར་བྱེད་ཀྱི་སྔགས་བཟླ་བར་གསུངས་པ་ལྟར་རམ་མི་ཐུབ་ཟླ་བས། ཨོཾ་ཨཱཿཛི་ཧ་སཾ་བརྟི་ནི་ཧཱུཾ་ཕཊ་ཅེས་ལན་བདུན་བཟླ་བར་བཤད་པ་ལྟར་བྱའོ། །པྲཛྙཱ་ཤྲཱིས་སོ་ཤིང་སྟོང་པར་བྱས་ནས་ཧཱུཾ་མཐིང་ ནག་འོད་འབར་བར་གྱུར་པ་ལས་སོ་ཤིང་འོད་ཅན་བྱུང་བར་བསམ་ཟེར་ཏེ་མཁས་པ་དག་གི་གཞུང་ལས་མ་བཤད་དོ། །དོར་བའི་ལྟས་ལ་ཤར་བྱང་ནུབ་ལྷོ་སྟེང་འོག་ཏུ་ཕྱོགས་པར་ལྟུང་ན་རིམ་པ་བཞིན་དུ་ཞི་རྒྱས་དབང་དྲག་རིག་འཛིན་ས་འོག་གི་དངོས་ གྲུབ་འགྲུབ་ཅིང་ཕྱི་རོལ་ཏུ་ལྷུང་ན་དངོས་གྲུབ་མེད་དོ། །ཕྱོགས་པ་ནི། རྩེ་མོ་གང་ལ་བསྟན་པ་སྟེ་རྩེ་མོར་མེ་ཏོག་འཆིང་བར་གསུངས་པས་དེ་ནི་མགོའོ། །དེ་ནས་བཾ་ལས་སྐྱེས་པའི་ཆུ་བཾ་བཟླས་པ་ཁ་བཤལ་བའི་ཕྱིར་བྱིན་ནས་འཁྱིལ་པ་ལན་བདུན་བཟླས་པའི་ དྲི་ཞིམ་པོའི་ཆུ་ཁྱོར་བ་གསུམ། ཨོཾ་ཧྲཱིཿབི་ཤུདྡྷ་དྷརྨཱཿསརྦ་པཱ་བཾ་ནི་ཙ་ཨ་སྱ་ཤོདྡྷ་སརྦ་བི་ཀལྤཱ་ན་ཨ་པ་ན་ཡ་ཧཱུཾ་ཞེས་བརྗོད་ཅིང་བླུད་དོ། །ཕྲེང་བར་ཁ་བཤལ་བ་དང་ཁྱོར་བ་གསུམ་གྱི་ཆུ་གཉིས་སོ་སོར་མཛད་དོ། །བོད་ཁ་ཅིག་གཡས་པའི་ཁྱོར་བར་འདོད་ལ་ 3-2-193b འཇིགས་བྱེད་ལྷས་གཡོན་པའི་ཁྱོད་པར་བཤད་དོ། །བོད་ཁ་ཅིག་རྨི་ལམ་གསལ་པོ་འོང་བའི་དོན་དུ་འདོད་མོད་ཀྱང་ཀླུ་བྱང་དང་དཱ་རི་ཀ་པས་དག་གི་ཉེས་པ་སྦྱང་བའི་དོན་དུ་གསུངས་སོ། །དེ་ནས་ཧཱུཾ་ལས་བྱུང་ཞིང་དེའམ་འཁྱིལ་པ་བཟླས་པའི་ཀུ་ཤ་མང་པོ་རྩེ་མོ་མ་ཉམས་ པ་སྟན་དུ་གདིང་བའི་དོན་དང༌། དེ་བཞིན་དུ་སྔས་ཀྱི་དོན་དུ་ཡི་གེ་དྷཱིཿལས་སྐྱེས་ཤིང་དེ་དང་འཁྱིལ་པ་བཟླས་པའི་ཀུ་ཤ་གཅིག ཨོཾ་བཛྲ་ཏཱིཀྵྞ་བཾ་ཞེས་པའི་སྔགས་ཀྱིས་སྦྱིན་ནོ། །སྡོམ་འབྱུང་ལས། དྷཱིཿཡིག་གི་ནི་སྔགས་བཟླས་པའི། །ཀུ་ཤ་དེ་ལ་རབ་སྦྱིན་བྱ། །ཞེས་ གསུངས་ལ་མི་ཐུབ་ཟླ་བས་ཀུ་ཤ་གཉིས་ཀ་དྷཱིཿལས་བྱུང་བར་བཞེད་དོ། །སྔ་མ་ལ་མང་པོ་ཞེས་གསུངས་པས་ཕྱི་མ་ཉུང་བར་བྱའོ། །བོད་རྣམས་ཆེ་བ་གཡས་དང་ཆུང་བ་གཡོན་ཏུ་སྟེང་ལ་དམ་ཚིག་རྡོ་རྗེས་ལག་པ་གཡོན་པར་སྟེར་བར་བཞེད་དོ། །འོན་ཀྱང་སྒྱུ་དྲ་ལས། ལག་ མཐིལ་སོ་ཤིང་ཀུ་ཤ་སྦྱིན། ཞེས་གསུངས་པས་དེ་གཉིས་ཀ་ཐལ་མོ་སྦྱར་བའི་དབུས་སུ་སྦྱིན་ནོ། །འདི་བཀྲ་ཤིས་པའི་རྨི་ལམ་མི་འཁྲུལ་བའི་ཕྱིར་ཡིན་པར་བི་དྱཱ་པཱ་ཏས་བཤད་དོ། །དེ་ནས་ཧཱུཾ་ལས་བྱུང་བའི་སྐུད་པ་དམར་པོ་སློབ་མའི་ལུས་ཚད་སུམ་ལྟབ་བྱས་ཏེ་འཁྱིལ་པ་ལན་ བདུན་བཟླས་ལ་མདུད་པ་གསུམ་མམ་དྲུག་བྱས་པ་དེ་རྣམས་ཀྱི་དཔུང་པ་གཡས་སམ་རྒྱུད་གཞན་དུ་གཡོན་པར་གསུངས་པས། ཨོཾ་བུདྡྷ་མཻ་ཏྲི་རཀྵ་རཀྵ་སརྦཱ་ན་སྭཱཧཱ་ཞེས་བརྗོད་ཅིང་རང་ཉིད་ཀྱིས་བཅིངས་ལ་ཡང་དག་པར་བསྲུང་ངོ༌། །ལུས་ཚད་ཀྱི་སྐུད་པ་སུམ་ལྟབ་བྱས་ པས་ལུས་ཀྱི་སུམ་ཆར་འགྱུར་ལ་དེ་ལ་མདུད་པ་དྲུག་དང་གསུམ་དང་དཔུང་པ་གཡས་གཡོན་གདམ་ང་ཅན་ནོ། །རྣམ་སྣང་མངོན་བྱང་ལས་གཡོན་པ་དང་སྒྱུ་དྲ་ལས་གཡས་སུ་འཆིང་བར་བཤད་ལ་ཀླུ་བྱང་དང་ལྭ་བ་པ་དང་མི་ཐུབ་ཟླ་བ་སོགས་མང་པོས་ 3-2-194a གཡས་ལ་འཆིང་ཞིང་མདུད་པ་གསུམ་བྱེད་ལ། རྒྱུད་རྡོར་ཕྲེང་ལས་ཁྲུ་གང་སོར་བཞི་པའི་སྐུད་པ་རྡོ་རྗེ་གསུམ་གྱི་མདུད་པ་ཅན་དཔུང་པ་གཡོན་པ་ལ་ལན་གསུམ་དཀྲི་བར་བཤད་དོ། །སྐྱེས་པ་དང་བུད་མེད་ཀྱི་སྒོ་ནས་གཡས་གཡོན་ཕྱེ་བ་དང་ མདུད་མཚམས་སུ་ཇི་ལྟར་བྱ་བ་སོགས་བོད་རྣམས་བྱེད་པ་ནི་དཀྱིལ་ཆོག་རྣམས་ན་མི་སྣང་ངོ༌། །སྐུད་པ་འཁེལ་བ་ནི་བུ་མོས་བྱ་བར་ཀླུ་བྱང་དང་ཟུང་འཇུག་གསལ་པས་བཤད་དོ། །ཚོན་སྣ་ལྔའི་སྐུད་པ་ཧཱུཾ་ལས་རྡོ་རྗེའི་སྐུད་པར་སྒོམ་པར་པྲཛྙཱ་ཤྲཱི་འདོད་དེ་ཚད་ལྡན་དག་གིས་ མ་བཤད་དོ། །ལྔ་པ་ནི། འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། །རེས་འགའ་འབྱུང་ངམ་མི་འབྱུང་སྲིད། །ཨུ་དུམྦ་རའི་མེ་ཏོག་བཞིན། །བརྒྱ་ལམ་ཡང་ནི་རེས་འགའ་ཞིག །གང་གིས་སེམས་ཅན་མཉམ་མེད་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །གསང་སྔགས་ སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་ཤིན་ཏུ་དཀོན། །བསྐལ་པ་བྱེ་བ་དུ་མ་རུ། །སྡིག་པ་གང་ཞིག་སྔོན་བྱས་པ། །དཀྱིལ་འཁོར་འདི་འདྲ་མཐོང་བ་ཡིས། །དེ་དག་ཐམས་ཅད་ཟད་འགྱུར་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་པ་སྨོས་ ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །སྤྱོད་མཆོག་འདི་ལ་གང་རྣམས་ཀྱི། །བློ་གྲོས་ཤིན་ཏུ་དྲི་མ་མེད། །དེ་རྣམས་ཀྱི་ནི་སྡུག་བསྔལ་ཀུན། །འབྱུང་བའི་ངན་འགྲོ་ཡང་དག་ཞི། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། ། དེ་རིང་རྙེད་པ་མཉམ་མེད་རྙེད། །གང་གིས་ཁྱེད་རྣམས་རྒྱལ་བ་ཀུན། །བདག་ཉིད་ཆེན་པོ་སྲས་བཅས་ཀྱིས། །བསྟན་འདི་ཀུན་ལ་ཡོངས་སུ་བཟུང༌། །གནས་པ་སྐྱེ་བར་འགྱུར་བ་ནི། །དེ་ཡིས་ཁྱེད་རྣམས་ཐེག་ཆེན་ལ། །ལེགས་པར་སྐྱེ་བ་ཉིད་དུ་འགྱུར། །ཐེག་པ་ 3-2-194b ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །གང་གིས་ཁྱེད་རྣམས་འགྲོ་འགྱུར་བས། །དེ་བཞིན་གཤེགས་པར་འགྱུར་བ་ཡིན། །ཞེས་པའི་དོན་བཤད་ལ་སྤྲོ་བ་བསྐྱེད་དོ། །གང་གིས་སེམས་ཅན་ཞེས་པའི་རྐང་པ་གཉིས་ད་ལྟའི་རྣམ་སྣང་མངོན་བྱང་ལ་ མི་སྣང་ཞིང་འགྲེལ་པས་མ་བཤད་ཀྱང་དཀྱིལ་ཆོག་དུ་མ་ལས་བྱུང་ངོ༌། །རྐང་པ་དང་པོ་ནས་ཤིན་ཏུ་དཀོན་ཞེས་པའི་བར་གྱིས་སྔགས་འབྱུང་བ་དཀོན་པ་དང་དེ་ནས་བཞིས་དཀྱིལ་འཁོར་མཐོང་བ་མཐུ་ཆེ་བ་དང༌། དེ་ནས་བཞིས་སྔགས་བཟླ་ཞིང་སྒོམ་པ་མཐུ་ཆེ་བ་དང༌། དེ་ནས་བཞིས་སྔགས་ལ་དད་པ་མཐུ་ཆེ་བར་བསྟན་པ་དང༌། དཀྱིལ་འཁོར་མཐོང་བ་ནི། མཐོང་བ་ཙམ་མིན་གྱི་ཆོས་གསུམ་དང་ལྡན་ན་འབྱང་སྟེ་སྦྱོར་བ་ནི་དཀྱིལ་འཁོར་དུ་འཇུག་པའི་ཕྱིར་དུ་སྡིག་པ་བཤགས་ཤིང་སྐྱབས་སུ་འགྲོ་བ་དང་སྡོམ་པ་འཛིན་པའོ། །རྩ་བ་ ནི། དཀྱིལ་འཁོར་དུ་འཇུག་པའི་ཚེ་སེམས་བསྐྱེད་པ་དང་སངས་རྒྱས་སྲས་བཅས་ཀྱི་སྐུ་དང་ཕྱག་རྒྱ་སོགས་མཐོང་ནས་དང་བ་སྐྱེས་པའོ། །གསུམ་པ་ནི། ཆོས་མི་སྤོང་བ་དང་སེམས་བསྐྱེད་མི་གཏོང་བ་སོགས་ཀྱི་དམ་ཚིག་བཟུང་བ་སྟེ་དེ་གསུམ་དང་ལྡན་པས་དཀྱིལ་ འཁོར་མཐོང་ན་བསྐལ་པ་དུ་མར་བསགས་པའི་སྡིག་པ་འདག་པ་དང༌། གྲགས་པ་མཐའ་ཡས་ནི། ཡོན་ཏན་མཐའ་ཡས་པར་གྲགས་པའི་སྔགས་ལ་རྣམ་སྣང་མངོན་བྱང་གི་འགྲེལ་པར་བཤད་དོ། །ཤཱནྟི་པས་སངས་རྒྱས་ལ་གྲགས་པ་མཐའ་ཡས་སུ་ བཤད་དོ། །བློ་གྲོས་དྲི་མེད་ལ་བློ་གྲོས་མི་གཡོ་བ་ཞེས་འབྱུང་སྟེ་སྔགས་ཀྱི་དོན་ལས་གཞན་དུ་ཡིད་མི་གཡོ་བ་དང༌། ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པ་ཞེས་འབྱུང་ལ་དེང་ནི་ཐེག་ཆེན་ལ་སྐྱེ་བཞིན་པ་ཡིན་ལ་སང་ནི་ཐེག་ཆེན་ལ་སྐྱེས་བར་གྱུར་པའོ། །ཞེས་ 3-2-195a འགྲེལ་པར་འཆད་དེ་ཕྲེང་བར་དཀྱིལ་འཁོར་དུ་ཞུགས་པ་ལ་སྐྱེས་པར་གྱུར་པར་བཤད་དོ། །སྔགས་སྤྱོད་པའི་ཐེག་ཆེན་ནི། བླ་མེད་བྱང་ཆུབ་འབྱུང་བའི་རྒྱུའི་གཙོ་བོ་ཡིན་པས་ཆེར་འབྱུང་བ་སྟེ་འབྱུང་བ་ཆེ་བ་ལ་འགྲེལ་པས་བཤད་པ་ནི། ཕྲེང་བ་ལས་ཐེག་པ་ཆེན་པོ་ཉིད་བརྒྱུད་ནས་མཆོག་ཏུ་ཆེར་འབྱུང་བ་མངའ་བ་གང་ཡིན་པའོ་ཞེས་གསུངས་པ་དང་མཐུན་ནོ། །དེ་ནས་དེ་རྣམས་ལ་འཁྱིལ་པའི་སྔགས་ཀྱིས་བསྲུངས་ནས་བཟླས་པའི་དོན་དུ་སྔགས་སྦྱིན་ལ་རྨི་ལམ་རྟོགས་ལ་ནང་པར་ ང་ལ་སྨྲོས་ཤིག་ཅེས་བརྗོད་ནས་དཀྱིལ་འཁོར་གྱི་ཁང་པའམ་གཞན་དུའང་རུང་སྟེ་སེང་གེའི་ཉལ་སྟབས་ཀྱིས་ཉལ་དུ་གཞུག་གོ། དེའི་ཚེ་སྤྱི་རྒྱུད་ལས། ཀུ་ཤ་བཏིང་བའི་ས་གཞི་ལ། ཤར་ཕྱོགས་སྔས་བལྟས་ཉལ་དུ་གཞུག །ཅེས་གསུངས་པ་ལྟར་བྱའོ། ། ས་ར་ཧས། ཀུ་ཤའི་སྟན་ལ་ཁྱོད་ཉོལ་ལ། ནང་པར་བཞིན་བཟང་རྣམས་ལོངས་ཤིག །སང་ནི་ནང་པར་ཁྱེད་རྣམས་ཀྱིས། །དཔལ་ལྡན་སངས་རྒྱས་ཐོད་པ་ཡི། །དཀྱིལ་འཁོར་ཆེན་པོ་མཐོང་ཞེས་བརྗོད། །ཅེས་གསུངས་པ་ལྟར་ཡང་བརྗོད་དེ་ཐོད་པ་ནི་མཚོན་ པ་ཙམ་མོ། །བཞི་པ་ནི། དེ་ནས་རང་ཉིད་དཀྱིལ་འཁོར་གྱི་ཁང་པར་ཞུགས་ནས་བསྲུང་བའི་དོན་དུ་འཁྱིལ་པའི་སྔགས་བཟླས་པར་བྱའོ། །ལྭ་བ་པས་འདི་དང་སྔ་མ་གཉིས་ཀ་ལ་གཙོ་བོའི་རྩ་སྔགས་བགྲང་བར་མཛད་དོ། །སྐབས་འདིར་སྟ་གོན་གྱི་ལྷ་ལ་ མཆོད་ནས་ནམ་མཁར་འདེགས་ཏེ་འཆད་པར་འགྱུར་བ་ལྟར་ཡེ་ཐིག་ལ་སོགས་པའི་དོན་དུའོ། །འདེགས་པའི་ཚུལ་ནི། སྔར་བཤད་པའི་སྔགས་རྒྱས་བྱའོ། །ལྭ་བ་པ་སོགས་ཀྱིས་གསོལ་གདབ་ཟིན་མ་ཐག་དང་དཱ་རི་ཀ་པ་སོགས་ཀྱིས་ཕྱིར་ནང་སྔ་མོ་དང་ 3-2-195b ཕྲེང་བས་སྐབས་འདིར་འདེགས་པར་བཤད་པ་གསུམ་དང༌། སྤྱི་རྒྱུད་ལས་གསུངས་པ་ལྟར་གཤེགས་སུ་གསོལ་བ་དང་ས་ར་ཧས་སྙིང་གར་སྡུད་པ་དང༌། གཞན་རྣམས་ལྟར་ནམ་མཁར་འདེགས་པ་སྟེ་ཚུལ་གསུམ་ཡོད་དོ། །དེ་ནས་ནང་པར་བླ་མས་གཏོང་མ་བཏང་ ནས་སློབ་མ་རྣམས་ལ་རྨི་ལམ་དྲི་ལ་དཀོན་མཆོག་གསུམ་དང་མཛའ་བཤེས་སོགས་མཐོང་བ་རྨིས་ན་དགའ་བ་བསྐྱེད་རི་ལས་ལྷུང་བ་སོགས་རྨིས་ན་བསྲུང་བར་བྱའོ། །རྨི་ལམ་ཡང་མཚན་ལ་ཆ་བཞིར་བྱས་པའི་དང་པོ་གསུམ་ལ་ངེས་པ་མེད་པས་ཆ་བཞི་པ་ལ་བྱ་ སྟེ་འཇམ་དཔལ་རྩ་རྒྱུད་ལས། དང་པོའི་ཐུན་གྱི་རྨི་ལམ་གང༌། །བད་ཀན་ལས་བྱུང་ཤེས་པར་བྱ། །གཉིས་པར་གང་བྱུང་མཁྲིས་པ་སྟེ། །འཇིག་རྟེན་ལ་ཡོད་སྨད་པ་ཡིན། །གསུམ་པ་རླུང་བྱུང་ཤེས་པར་བྱ། །བཞི་པ་བདེན་པར་འབྱུང་བ་ཡིན། །ཞེས་སོ། །ངན་པའི་ ཟློག་ཐབས་ལ་ཕྲེང་བར་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་སྲུང་བར་བཤད་ཅིང་མར་མེ་མཛད་བཟང་པོས་ཀྱང་བགེགས་མཐར་བྱེད་ཀྱིས་གཞོམ་པར་བཤད་དོ། །ཀླུ་བྱང་གིས་བདག་མེད་པའི་དོན་བསམས་ནས་སྦྱང་བར་བཤད་དེ་ཟློག་ཐབས་གཉིས་སོ། །སྤྱི་ རྒྱུད་ལས་ཞི་བའི་སྦྱིན་སྲེག་བྱ་བར་གསུངས་ཏེ་དེ་ཉིད་བསྔགས་སོ། །དཱ་རི་ཀ་པས་སློབ་མ་ལ་རྨི་ལྟས་ངན་པ་བྱུང་ན་ལས་ཐམས་ཅད་པས་གཞོམ་ལ། སློབ་དཔོན་ལ་བྱུང་ན་ཟློག་ཐབས་ཀྱི་སྒོ་མང་དུ་གསུངས་ཏེ། རྨི་ལམ་དགེ་བའམ་མི་དགེ་བ། །ནང་པར་ང་ལ་ རབ་ཏུ་ཟློས། །སྡིག་པ་ལས་ཀུན་བྱེད་པས་གཞོམ། །སློབ་དཔོན་ལ་ནི་མི་དགེ་བའི། །ལྟས་དག་མཐོང་ན་སྤངས་ནས་ནི། །ཞིང་སྐྱོང་མཁའ་འགྲོ་ཐམས་ཅད་ལ། །གཏོང་མ་ཆོ་ག་བཞིན་དུ་སྦྱིན། །ཡི་གེ་བརྒྱ་པས་བརྟན་བྱས་ཤིང༌། །བསྲུང་བའི་འཁོར་ལོ་ཀུན་ཏུ་སྤྱད། ། 3-2-196a དཔའ་བོའི་ཞལ་གྱི་སྔགས་ལ་སོགས། །ཐམས་ཅད་ཀྱང་ནི་བཟླས་བྱ་སྟེ། །གོ་ཆས་བདག་ཉིད་བསྲུང་བ་དང༌། །དཔའ་བོ་རྣལ་འབྱོར་མ་རྣམས་ལ། །གསོལ་གདབ་རྒྱན་སོགས་ང་རྒྱལ་བླང༌། །མེ་ཡི་ལས་ལ་ཀུན་བརྩོན་པས། །བགེགས་རྣམས་ཐམས་ ཅད་ཞི་བར་བྱ། །ཞེས་གཏོར་མ་དང་བསྲུང་འཁོར་དང་བཟླས་པ་དང་གོ་ཆའི་ལྷ་དགོད་པ་དང་གསོལ་བ་གདབ་པ་དང་རྒྱན་དྲུག་བགོས་ནས་ལྷའི་ང་རྒྱལ་བྱ་བ་དང་སྦྱིན་སྲེག་སྟེ་ཟློག་ཐབས་བདུན་བདེ་མཆོག་གི་དབང་དུ་བྱས་ནས་གསུངས་ཀྱང་གཞན་ལའང་འདྲའོ། །འདི་ རྨི་ལྟས་ངན་པའི་སྐབས་གཞན་དུ་ཡང་བྱས་ན་ཤིན་ཏུ་ལེགས་ལ་ཟློག་ཐབས་ཀྱང་རྒྱས་པར་སྣང་ངོ༌། །གསུམ་པ་ནི། རས་རིས་ལ་བརྟེན་ནས་དབང་བསྐུར་བ་སྔར་བཤད་པའི་སློབ་དཔོན་གསུམ་ལས་ངག་དབང་གྲགས་པས་སྟ་གོན་གང་ཡང་མ་བཤད་པར་དངོས་ གཞི་ནས་བྱེད་པར་གསུངས་ཀྱང་སློབ་དཔོན་གཞན་གཉིས་ཀྱིས་བུམ་པ་དང་སློབ་མ་སྟ་གོན་བཤད་པས་དེ་གཉིས་ངེས་པར་བྱ་དགོས་སོ། །བསམ་གཏན་གྱི་དཀྱིལ་འཁོར་ལ་ནི། སྔར་ཕྲེང་བའི་ལུང་དྲངས་ཟིན་པ་བཞིན་ཡིན་ལ་ལུས་དཀྱིལ་ལ་རྒྱ་གཞུང་ནས་སྟ་ གོན་དགོས་མི་དགོས་གསལ་བར་མ་བྱུང་ཞིང་བོད་ཀྱི་བླ་མ་རྣམས་མི་དགོས་པར་བཞེད་པ་ལྟར་རིམ་བསམ་གཏན་གྱི་དཀྱིལ་འཁོར་ལ་དགོས་པའི་རིགས་པ་སྦྱར་ཡང་རུང་བར་མངོན་ནོ། །འདིར་སྨྲས་པ། ཟབ་མོའི་ལམ་གྱི་སྣོད་དུ་སྒྲུབ་བྱེད་པའི། །དབང་གི་ཉེར་ བསྡོགས་དམ་ཙམ་པ་སྟ་གོན་ཡིན། །དེ་ཕྱིར་སྟ་གོན་ཆོ་ག་དག་པ་ནི། །ཤིན་ཏུ་ཁྱད་པར་ཆེ་བར་མཐོང་གྱུར་ནས། །ཆོ་གའི་ཡན་ལག་ཕྲ་མོ་རྣམས་ཀྱང་ནི། །མཁས་པའི་གཞུང་ལས་ཡང་དག་ལེགས་བཏུས་ནས། །སྲས་བཅས་རྒྱལ་བའི་བཞེད་དང་མི་འགལ་བར། །ཤིན་ 3-2-196b ཏུ་གསལ་བའི་ངག་གིས་ལེགས་པར་བཤད། །རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་གསང་བ་ཀུན་གྱི་གནད་རྣམ་པར་ཕྱེ་བ་ལས། སྟ་གོན་གྱི་ཆོ་གའི་རིམ་པ་བསྟན་པ་སྟེ་ལེའུ་དྲུག་པའོ།། ༈ །།དངོས་གཞིའི་ཆོ་ག་ལ་གསུམ། ཡེ་ཐིག་གདབ་ ཅིང་ཚོན་དགྱེ་བ་དང༌། བུམ་པ་དགོད་ཅིང་དཀྱིལ་འཁོར་བརྒྱབ་པ་དང༌། བསྒྲུབས་ཤིང་མཆོད་ནས་དབང་བསྐུར་བའོ། །དང་པོ་ལ་གསུམ། ཡེ་ཐིག་གདབ་པ་དང༌། ཚོན་དགྱེ་བའི་ཆོ་ག་དང༌། དཀྱིལ་འཁོར་བྲི་བ་ལ་བགེགས་ཟློག་ཐབས་སོ། །དང་པོ་ལ་གཉིས། ཡེ་ཐིག་ འདུ་བྱ་བ་དང༌། འདེབས་པའི་རིམ་པ་གཤེགས་གསོལ་དང་བཅས་པའོ། །དང་པོ་ནི། ཤར་དུ་ཕྱོགས་ཏེ་རྡོ་རྗེ་འཆང་ངམ་གཙོ་བོའི་རྣལ་འབྱོར་དང་ལྡན་ཞིང་མཚན་མ་ཐོབ་པས་འཁེལ་མཁན་དང་རྒྱུ་ནི། སྔར་བཤད་པ་ལྟར་གྱི་སྐུད་པ་ལྔ་ཚན་ལྔ་སྣོད་ལྔར་གཞག་ལ་ ཡུངས་ཀར་གྱི་ཕྱེ་མ་དང་བདུད་རྩི་ལྔ་བསྲེས་པའི་དྲི་ཞིམ་པོའི་ཚོན་ཁ་དོག་སྣ་ལྔས་སྐུད་པ་རྣམས་སོ་སོར་ཁ་བསྒྱུར་རོ། །རྡོ་རྗེ་མཁའ་འགྲོ་དང་སྡོམ་འབྱུང་ལས་ཡེ་ཤེས་ལྔ་ལྡན་གྱི་སྲད་བུ་ཉེར་ལྔར་གསུངས་ཏེ། སྲད་བུ་ཚན་པ་ལྔ་ཡེ་ཤེས་ལྔའི་རང་བཞིན་ཡིན་ལ་ ཡེ་ཤེས་རེ་རེ་ལ་ཡེ་ཤེས་བཞི་བཞི་རྗེས་སུ་འགྲོ་བའི་ཕྱིར་དང་ས་བོན་རེ་རེ་ལ་དེ་བཞིན་གཤེགས་པ་ལྔ་སྤྲོ་ཞིང་སྡུད་པའི་ཕྱིར་ཉེར་ལྔར་ཕྱེ་བ་ཡིན་པར་ཕྲེང་བར་རོ། །དེས་ན་སྐུད་པའི་གྲངས་ཀྱང་ཉེར་ལྔ་དགོས་ལ་ཁ་སྒྱུར་ལུགས་ཀྱང་སྔར་བཤད་པ་ལས་གཞན་ གྱིས་མི་ཆོག་གོ། དེ་ནས་རང་དང་སློབ་མ་སྔར་ལྟར་བསྐྱེད་པའི་གཡོན་པའི་ལག་མཐིལ་དུ་མཐེའུ་ཆུང་གི་རྩ་བ་ནས་བརྩམས་ཏེ་མཐེ་བོང་གི་རྩ་བའི་བར་དུ་སྐུད་པ་རྣམས་བཀོད་ལ་དཀར་པོ་རྣམ་སྣང་སེར་པོ་རིམ་འབྱུང་དམར་པོ་འོད་དཔག་མེད་ལྗང་ཁུ་དོན་གྲུབ་སྔོན་པོ་ 3-2-197a མི་བསྐྱོད་པའི་ངོ་བོར་རང་རང་གི་ས་བོན་ལས་བསྐྱེད་དོ། །ས་བོན་ནི། བྲུཾ་ཨཱཾ་ཧྲཱིཿཁཾ་ཧཱུཾ་ངམ། བྲུཾ་ཨཱཾ་ཛྲཾ་ཁཾ་ཧཱུཾ་ངམ། ཨོཾ་སྭ་ཨཿཧ་ཧཱུཾ་སྟེ་རྒྱུད་སོ་སོ་ནས་རིགས་ལྔའི་ས་བོན་བཤད་པ་རྣམས་སོ། །དམ་ཚིག་པ་ལ་ཡེ་ཤེས་པ་གཞུག་པ་ནི་སྔར་ ནམ་མཁར་བཏེག་པའི་རང་རང་གི་ཕྱོགས་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་བསྡུས་པར་གྱུར་པ་ལྔའི་ཐུགས་ཀར་བྲུཾ་ལ་སོགས་པའི་ས་བོན་ལས་ཡེ་ཤེས་ཀྱི་སྐུད་པ་འོད་ཟེར་གྱི་རང་བཞིན་བལྟས་ལ། ཨོཾ་ཨཱཿཤཱ་ཤྭ་ཏ་བཛྲ་སཱུ་ཏྲ་མེ་པྲ་ཡཙྪ་མ་ཧཱ་ མཎྜལ་སཱུ་ཏྲ་ཎཱ་ཡ་ཧཱུཾ། ཞེས་རྣམ་སྣང་ལ་གསོལ་བ་གདབ་ཅིང་ཤཱ་ཤྭ་ཏའི་གནས་སུ་རིགས་གཞན་བཞིའི་མཚན་བཅུག་ནས་ཀྱང་དེ་དག་ལ་གསོལ་བ་གདབ་བོ། །སྔགས་དོན་ནི། དཀྱིལ་འཁོར་ཆེན་པོའི་ཐིག་གདབ་པར་བྱ་བའི་ཕྱིར་རྡོ་རྗེའི་ཐིག་བདག་ལ་སྩོལ་ ཅིག་ཅེས་པ་ཡིན་ལ་ཤཱ་ཤྭ་ཏ་ནི་རྟག་པ་སྟེ་རྣམ་སྣང་ལ་བསྐུལ་བའོ། །མིག་གཡས་གཡོན་དུ་ཛ་སེར་པོ་བཀོད་ལ་རིམ་པ་བཞིན་ཉི་མ་དང་ཟླ་བ་སེར་པོའི་རང་བཞིན་དུ་བྱས་ཏེ། ཨོཾ་དཱིཔྟ་དྲཥྚི་ཨཾ་ཀུ་ཤི་ཛ་ཞེས་བརྗོད་ནས་མིག་ཤིན་ཏུ་མྱུར་དུ་བསྒྲིལ་ནས་ མིག་གི་རྫི་མ་འདེགས་ཤིང་རྡེབས་བ་འབར་བའི་ལྟ་སྟངས་ལྕགས་ཀྱུ་ལྟ་བུས་རྣམ་སྣང་ལ་སོགས་པས་བསྐུལ་བའམ་བཏང་བའི་ཐིག་སྐུད་རྣམས་བཀུག་ལ་རང་རང་གི་ཁ་དོག་ཅན་གྱི་སྐུད་པ་ལག་ན་གནས་པ་རྣམས་ལ་བསྟིམ་མོ། །ས་ར་ཧ་དང་ནག་པོ་སྤྱོད་ པས་ལྷ་སྤྱན་དྲངས་ནས་འཇུག་ལ། ལྭ་བ་པ་དང་མར་མེ་མཛད་བཟང་པོ་སོགས་མང་པོས་ཐིག་སྐུད་སྤྱན་དྲངས་ནས་བསྟིམ་མོ། །དེ་ནས་སློབ་མ་དང་ལྷན་ཅིག་ཏུ། ཨོཾ་ཨཱཿཨ་ནྱོ་ནྱ་ཨ་ནུ་ག་ཏཱ་སརྦ་དྷརྨཱཿསྥ་ར་སྥ་ར་ཨ་ནུ་པྲ་བིཥྚཱཿསརྦ་དྷརྨཱཿཨ་ཏྱན་ཨ་ནུ་པྲ་བིཥྚཱཿ 3-2-197b སརྦ་དྷརྨཱཿཨོཾ་ཨཱཿཧཱུཾ་ཞེས་བརྗོད་ཅིང་དང་པོར་སྐུད་པ་ལྔས་སྐུད་པ་རེ་རེར་བྱ་ལ་དེ་ནས་ལྔ་པོ་གཅིག་ཏུ་བསྒྲིལ་བའི་ཐིག་སྐུད་བྱའོ། །སྔགས་དང་པོའི་དོན་ནི། ཆོས་ཐམས་ཅད་ཕན་ཚུན་རྗེས་སུ་སོན་པ་ཞེས་པ་སྟེ་གཅིག་ལ་གཅིག་གནས་པའོ། །གཉིས་པའི་དོན་ནི། ཆོས་ཐམས་ཅད་ ཕན་ཚུན་རྗེས་སུ་ཞུགས་པ་སྟེ་གཅིག་ལ་གཅིག་འདྲེས་པའོ། །གསུམ་པའི་དོན་ནི། ཆོས་ཐམས་ཅད་ཤིན་ཏུ་རྗེས་སུ་ཞུགས་པ་སྟེ་གཅིག་ལ་གཅིག་དབྱེར་མེད་དུ་འདྲེས་པའོ། །སྡོམ་འབྱུང་ལས་ཆོས་ཀུན་ངོ་བོ་ཉིད་ཀྱིས་ནི། སྲད་བུ་ཕན་ཚུན་བསྒྲིལ་བར་བྱ། །ཞེས་ སོ། །ཐིག་སྐུད་ཀྱི་སྲིད་ཀྱི་ཚད་ནི། བླ་མ་དང་སློབ་མས་གཡོན་པའི་མཛུབ་མོ་ནས་སོར་མོ་བཞིའི་དབུས་སུ་བཅུག་ཅིང་དྲངས་ནས་རྡོ་རྗེ་ཁུ་ཚུར་དུ་བྱས་པས་མཛུབ་མོའི་རྒྱབ་ས་ལ་སྦྱར་བ་མ་གཏོགས་པ་དཀྱིལ་འཁོར་གྱི་ཉིས་འགྱུར་དང་སྦོམས་སུ་སྒོའི་ཉི་ཤུ་ཆའོ། ། བསྒྲིལ་ཟིན་པ་དང་སྔར་གྱི་ས་གཞིར་དྲིས་བྱུགས་པའི་གསེར་ལ་སོགས་པའི་སྣོད་གཙང་མར་དྲིའི་ཆུ་དང་བདུད་རྩི་ལྔ་དང་བའི་རྣམ་ལྔས་སྤངས་ཤིང་ཡི་གེ་གསུམ་ནང་དུ་ཚུད་པ་གཞག་ལ་དྲི་དང་མེ་ཏོག་དང་སྤོས་ཀྱིས་མཆོད་དེ་ལག་པས་རེག་ཅིང་འཁྱིལ་པ་ བཟླས་ལ་བསྲུང་ངོ༌། །བཞི་བརྒྱ་ལྔ་བཅུ་པ་ལས། ཡིག་གསུམ་ཆུད་པར་རྣལ་འབྱོར་པས། །ཞེས་གསུངས་པའི་འགྲེལ་པ་ལས། ཡི་གེ་གསུམ་གྱི་ནང་དུ་ཆུད་པར་བྱས་པས་ཞེས་གསུངས་པས་ཡི་གེ་གསུམ་ཐིག་སྐུད་ཀྱི་ནང་དུ་བསྟིམ་པ་མིན་གྱི་ཡི་གེ་གསུམ་གྱི་ ནང་དུ་ཐིག་སྐུད་ཚུད་པར་བྱེད་པའོ། །དེའི་ཚུལ་ནི། ཀྱཻ་རྡོར་ལས་རིམ་གྱི་ཆོ་ག་ལས། ཨོཾ་ཨཱཿཧཱུཾ་གསུམ་མཐའ་གཉིས་དང་དབུས་སུ་བཀོད་ལ་ཞེས་འབྱུང་བ་ལྟར་རོ། །དེ་ནས་གཡས་གཡོན་གྱི་མིག་ལ་མ་དང་ཊ་ལས་ཉི་ཟླ་བསྐྱེད་ལ་བཛྲ་དྲི་ཥྚི་མ་ཊ། ཞེས་པས་བརྟན་ 3-2-198a པར་བྱས་ལ་ལས་ཐམས་ཅད་པ་བཟླས་པའི་བདུད་རྩིའི་ཆུ་དང་ཡུངས་ཀར་དང་དྲིའི་ཆུས་གཏོར་ཏེ་རྡོ་རྗེ་དང་བཅས་པའི་ལག་པ་གཡས་པས་རེག་ལ། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མ་ཏི་ཀྲ་མ་ཧཱུཾ། ཞེས་པས་བཟླས་ནས་འབྲུ་གསུམ་གྱིས་བརྒྱ་རྩ་ བརྒྱད་དུ་བཟླས་ཏེ་ལྷག་གནས་བྱའོ། །གཉིས་པ་ནི། དེ་ནས་བུམ་པ་ཐམས་ཅད་ཀྱི་ཆུས་དཀྱིལ་འཁོར་གྱི་ས་ལ་བསང་གཏོར་བྱ་ཞིང༌། ཨོཾ་སརྦ་སཾ་ཤོ་དྷ་ནི་ཧཱུཾ་ཕཊ། ཅེས་བརྗོད་པས་གཙང་མར་བྱས་པའི་ས་ལ་དྲིས་བྱུགས་ནས་ཕྱི་རོལ་ཏུ་མེ་ཏོག་གཅལ་དུ་བཀྲམ་ལ། ནམ་མཁའ་ལ་བྲི་བྱའི་དཀྱིལ་འཁོར་བཞུགས་པར་དམིགས་ཏེ་མཆོད་ཡོན་དབུལ་བ་སྔོན་དུ་འགྲོ་བས་མཆོད་ཅིང་བསྟོད་ནས་རང་དང་སྒྲུབ་གྲོགས་ཀྱི་གཡོན་པ་དང་གཡས་པའི་མིག་དག་ལ་ཛ་ཡིག་ལས་ཉི་མ་དང་ཟླ་བ་འོད་ཟེར་སེར་པོ་ཅན་སྒོམ་མོ། །སྡོམ་འབྱུང་ འགྲེལ་པ་ལས་ཟླ་བ་དང་ཉི་མ་ཞེས་འབྱུང་བའི་རིམ་པ་བཞིན་དུ་བྱའོ། །དེ་ནས་རང་གི་རྡོ་རྗེ་ཁུ་ཚུར་གཡོན་པས་ཐིག་སྐུད་ལྟེ་བར་བཟུང་ཞིང་གྲོགས་ལ་ཛྫཿཛྫཿཛྫཿཞེས་པའི་ཡི་གེ་གསུམ་དང་ཛ་གསུམ་གྱིས་གཏད་ལ་དེས་ཀྱང་དེ་དག་བརྗོད་ནས་དྲངས་ཏེ་གཡོན་ པའི་རྡོ་རྗེ་ཁུ་ཚུར་གྱིས་ལྟེ་བར་བཟུངས་ལ། ཕྱོགས་ཐམས་ཅད་མཉམ་པ་ཉིད་དུ་མོས་ཤིང་སློབ་དཔོན་ལ་རྒྱབ་མི་བསྟན་པར་འགྲོ་བའི་སློབ་མ་དང་ལྷན་ཅིག་ཏུ་རྡོ་རྗེ་དང་བཅས་པའི་ལག་པ་གཡས་པའི་མཐེ་བོང་དང་མཛུབ་མོས་ཐིག་སྐུད་བཟུངས་བས་འདེབས་ཤིང་སེ་ གོལ་གྱི་སྒྲ་བྱའོ། །ཐིག་གདབ་པ་ཐམས་ཅད་དུ་ཡང་ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ། ཞེས་པའི་སྔགས་དང་ཧཱུཾ་ཨོཾ་སྭཱ་ཨཱཿཧཱ། ཞེས་བརྗོད་དོ། །སློབ་དཔོན་ལ་སློབ་མས་རྒྱབ་མི་བསྟན་པར་འགྲོ་བ་ནི། ལས་ཐིག་ལ་ཡང་དགོས་སོ། །ཐིག་གི་སྒྲ་དེས་ཀྱང་ནམ་མཁའ་ཁྱབ་པའི་སངས་རྒྱས་ 3-2-198b རྣམས་བསྐུལ་བར་བྱའོ། །དེ་རྣམས་ཀྱང་བྱོན་ནས་ཐིག་སྐུད་རྣམས་ལ་ཐིམ་པར་སྒོམ་མོ། །སྒྲ་དེའི་དོན་ནི། སེམས་ཅན་དོན་དུ་ཁྱེད་རྣམས་ཀྱི། །དུས་ཡིན་དེ་ཕྱིར་འདིར་སྦྱིན་ཅིག །ཅེས་བྱ་བའི་བརྡའོ་ཞེས་ཕྲེང་བར་གསུངས་པ་བཞིན་དུ་མར་མེ་མཛད་བཟང་པོ་དང་ལྭ་བ་པ་དང་ནག་པོ་སྤྱོད་པ་དང་ ས་ར་ཧ་ལ་སོགས་པ་མང་པོས་ཀྱང་བཤད་པས། ཐིག་སྐུད་ཀྱི་སྒྲས་སེམས་ཅན་དོན་དུ་ཞེས་སོགས་བརྗོད་པར་བསམ་གྱི་རང་གི་ཚིག་དེ་བརྗོད་མི་དགོས་སོ། །ཐིག་སྐུད་ལ་དེ་ལྟར་བསྟིམ་པ་ནི། དེས་ལས་ཐིག་བྱིན་གྱིས་བརླབ་པའི་ཆེད་དོ། །འདིར་སྔར་བཤད་པ་ལྟར་ ཐིག་འདེབས་པའི་སྔ་རོལ་ཏུ་ནམ་མཁའ་ལ་བྲི་བྱའི་དཀྱིལ་འཁོར་གསལ་བཏབ་ནས་མཆོད་པ་སོགས་བྱེད་པར་བཤད་ཀྱང་ཐིག་བཏབ་པ་ན་བྲི་བྱའི་དཀྱིལ་འཁོར་བྱུང་བར་སེམས་པ་མིན་གྱི་སངས་རྒྱས་རྣམས་བསྐུལ་ནས་བསྟིམ་པ་ཡིན་ནོ། །དེས་ན་རྣམ་སྣང་ མངོན་བྱང་གི་འགྲེལ་པར་ནམ་མཁའ་ལ་བཏབ་པའི་ཐིག་སྐུད་དཀྱིལ་འཁོར་གཞན་དུ་ལོངས་སྤྱད་པས་གསར་པ་མིན་པའི་ཕྱིར་དེས་ས་ལ་མི་འདེབས་པར་ཚོན་སྣ་ལྔ་པ་གཞན་ཅིག་གིས་འདེབས་པར་བཤད་པ་དང༌། འདི་རྣམས་རྣམ་གཞག་མི་གཅིག་ པས་དེའི་རྣམ་གཞག་འདིར་ཁས་མི་བླང་སྟེ་སྔར་བཤད་ཟིན་ཏོ། །དེའི་ཕྱིར་པྲཛྙཱ་ཤྲཱིས་རྣམ་གཞག་དེ་ཀྱཻ་རྡོར་ལ་བྱས་པ་ནི། སྐབས་སུ་མ་བབ་སྟེ་ནམ་མཁའ་ལ་གང་གིས་བཏབ་པའི་ཐིག་སྐུད་དེ་ཉིད་ཀྱིས་ལས་ཐིག་བྱིན་གྱིས་བརླབ་དགོས་པའི་ཕྱིར་ས་ལ་ཡང་དེ་ ཉིད་ཀྱིས་གདབ་བོ། །ནམ་མཁར་བཏབ་པའི་དེ་མ་ཐག་ས་ལ་འདེབས་པ་ན་དཔོན་སློབ་གཉིས་གའི་ལག་པ་མཉམ་པོར་སྨད་ནས་གདབ་པར་ཕྲེང་བ་ས་སོགས་ནས་གསུངས་སོ། །ནམ་མཁའ་དང་སའི་ཐིག་གཉིས་འདེབས་པ་ནི། ཆེན་པོ་རྣམས་ཀྱི་དཀྱིལ་ཆོག་ལས་ཚངས་ 3-2-199a ཐིག་གཉིས་མིན་པ་ལ་མ་བཤད་པས་ཡེ་ཐིག་གཞན་ལ་ནམ་མཁའི་ཐིག་མི་དགོས་སོ། །དཔའ་བོ་རྡོ་རྗེས་བྱས་ཟེར་བའི་དཀྱིལ་ཆོག་ལས། སྟེང་དུ་བལྟས་ལ་བཅུ་དྲུག་གདབ་པ་ཡེ་ཐིག་དང་ཐུར་དུ་བལྟས་པ་བཅུ་དྲུག་གནམ་ཐིག་གདབ་ཅེས་ འཆད་ཀྱང་ཡིད་བརྟན་མེད་དོ། །འོ་ན་ཡེ་ཐིག་ས་ལ་འདེབས་པ་ན་ལས་ཐིག་བྱིན་གྱིས་རློབ་པའི་དམིགས་པ་ཡོད་དམ་འདེབས་པ་ཙམ་ཡིན་སྙམ་ན། ཡེ་ཐིག་བཏབ་པ་ན་ཡེ་ཤེས་ལྔའི་ངོ་བོ་རྣམ་པ་སྲད་བུ་ཁ་དོག་ལྔར་སྣང་བའི་ཡེ་ཤེས་ཀྱི་ཐིག་སྐུད་རེ་ཆད་ ནས་ལས་ཐིག་ལ་ཐིམ་པར་བསམ་དགོས་ཏེ་སྔར་རིན་ཆེན་རྡོ་རྗེའི་ལུང་དྲངས་པ་ལས་ཀྱང་ཡེ་ཐིག་བསྟིམ་པར་གསུངས་ཤིང༌། ཛ་ཡ་སེ་ནས་ཀྱང༌། ཚོན་རྩི་འགྱེད་པའི་དུས་སུ་ནི། །ཡེ་ཤེས་ཐིག་ནི་ནམ་མཁའ་ལ། །རྩ་བའི་སྔགས་བརྗོད་ནས་བཏེག་སྟེ། །བྲི་བ་ ཟིན་ནས་ཕབ་ལ་བསྟིམ། ཞེས་ཚོན་འགྱེད་པའི་ཚེ་ན་ཡེ་ཐིག་ལ་འགོམས་པའི་ཉེས་པ་སྤང་བའི་ཕྱིར་དུ་ཡེ་ཐིག་ནམ་མཁར་འདེབས་པར་བཤད་པས་ཡེ་ཐིག་འདེབས་པ་ན་སྔར་བཤད་པ་ལྟར་བསྟིམས་པར་གསལ་ཏེ། དེ་ལྟ་མ་ཡིན་ན་ཡེ་ཐིག་འདེགས་རྒྱུ་མེད་ པའི་ཕྱིར་རོ། །ལྭ་བ་པ་དང་ཕྲེང་བས་ཀྱང་འདེགས་པར་བཤད་དེ་འཆད་པར་འགྱུར་རོ། །གཞན་ཡང་ཕྲེང་བ་དང་སྡོམ་འབྱུང་འགྲེལ་པ་ལས་ཡེ་ཐིག་ས་ལ་འདེབས་པ་ན་ནམ་མཁའ་ལ་འདེབས་པའི་མོས་པས་གདབ་པར་གསུངས་པས་ཐིག་གི་སྒྲས་བསྐུལ་ནས་ བྱོན་པའི་དེ་བཞིན་གཤེགས་པ་རྣམས་ཐིག་ལ་ཐིམ་པར་བསམ་དགོས་ཏེ། འདི་དང་དམིགས་པ་སྔ་མ་ཡེ་ཐིག་བཏབ་པའི་དགོས་པ་དངོས་གཞི་ཡིན་པས་མ་ཆད་པ་དགོས་སོ། །ཡེ་ཐིག་གདབ་པའི་ཚད་ལ་ཚངས་ཐིག་གཉིས་འོང་ཕྲེང་ནས་འོད་ཕྲེང་གི་བར་ 3-2-199b དུ་གདབ་པར་ཕྲེང་བ་ལས་གསུངས་པ་ནི། ཐིག་སྐུད་རིང་བ་ལ་དགོངས་ལ་ཐིག་སྐུད་ཐུང་བ་འདེབས་ན་རྭ་རྩེ་ནས་རྭ་རྩེའི་བར་རོ། །ཟུར་ཐིག་གཉིས་ནི། མདའ་ཡབ་ཀྱི་རྩེ་ནས་རྩེའི་བར་དང་རྩ་ཐིག་རྣམས་འཁོར་ལོའི་ཚད་དུ་གདབ་པར་གསུངས་ཤིང་ཐིག་ གཞན་རྣམས་ལ་ཡང་ལས་ཐིག་ཇི་ལྟར་ཡོད་པ་བཞིན་དུ་ཐིག་སྐུད་བརྐྱངས་ནས་གདབ་པར་སྔར་མང་དུ་དྲངས་ཟིན་ཏོ། །ཡེ་ཐིག་ཐེབས་པའི་མོད་ལ་གཤེགས་གསོལ་བྱེད་ལ་རྡོ་རྗེ་མཁའ་འགྲོ་དང་དཀྱིལ་ཆོག་དུ་མ་ལས་ཚོན་སྣ་ལྔའི་སྐུད་པས་ཐིག་ ཐམས་ཅད་གདབ་པར་བཤད་པའི་རྗེས་སུ་གཤེགས་གསོལ་བྱ་བར་གསུངས་པའི་ཕྱིར་དང༌། ཡེ་ཐིག་གིས་ལས་ཐིག་བྱིན་གྱིས་རློབ་པ་ལ་རྣལ་དབྱེ་མེད་པའི་ཕྱིར་དང་ཡེ་ཐིག་བཏབ་ནས་ཐིག་གང་ལ་འགོད་ཀྱང་རྡོ་རྗེ་ཤུགས་ཀྱི་འཇུག་པ་བྱ་དགོས་ པའི་ཕྱིར་ལས་ཐིག་ཐམས་ཅད་ལ་ཡེ་ཐིག་གདབ་པར་བྱའོ། །ཡེ་ཐིག་འདེབས་པའི་ཚེ་བླ་མས་རྡོར་དྲིལ་འཛིན་པར་ལྭ་བ་པས་བཤད་པས་དེ་བཞིན་དུ་བྱ་ལ་རྡོ་རྗེ་ཁུ་ཚུར་གྱིས་ཐིག་སྐུད་འཛིན་པ་དང་པོར་བྱས་ན་དེའི་འོག་ཏུ་འཛིན་ལུགས་གང་བདེས་ ཆོག་སྟེ། རྡོ་རྗེ་མཁའ་འགྲོ་ལས། གཡོན་པའི་རྡོ་རྗེ་ཁུ་ཚུར་ནི། ལྟེ་བར་གཞག་སྟེ་གཟུང་བར་བྱ། །དེ་ཡི་འོག་ཏུ་ཅི་བདེར་བྱ། །ཞེས་སོ། །ཕྱོགས་ཐམས་ཅད་མཉམ་པ་ཉིད་དུ་སྒོམ་པ་དང་སྐོར་ཕྱོགས་དང་སྡོད་ས་དང་ཁ་ལྟ་ཕྱོགས་དང་ཐིག་འདེབས་པའི་གོ་རིམས་ རྣམས་སྔར་རྒྱས་པར་བཤད་ཟིན་པ་ལྟར་བྱའོ། །འདིར་ཕྲེང་བ་ལས་བར་སྣང་ལ་ཐིག་སྐུད་འཛིན་པའི་དུས་སུ་རྡོ་རྗེའི་རྐང་པས་ཞེས་པ་དང་ས་ལ་ཚངས་ཐིག་གཉིས་འདེབས་པའི་དུས་སུ་རྐང་པ་གཡོན་པ་སྐྱིལ་ཀྲུང་ཕྱེད་པ་དང་གཡས་པ་ས་ལ་འཛུགས་ 3-2-200a ཤིང་སློབ་མས་དེ་ལས་བཟློག་པར་བྱ་བར་གསུངས་པ་བཞིན་དུ་རྗེས་འབྲང་གཉིས་ཀྱིས་ཀྱང་བཤད་ལ། སྔ་མ་ལ་བི་བྷཱུ་ཏཱིས། རྡོ་རྗེའི་འགྲོས་ཀྱིས་ཞེས་བཤད་པ་ལྟར་ཀླུ་བྱང་གིས་ཀྱང་གསུངས་པས་འགྲོ་བའི་ཚེ་སྔར་བཤད་པ་ལྟར་རྐང་པ་ བྱིན་གྱིས་བརླབས་ནས་འགྲོ་ལ་ས་ལ་འདེབས་པ་ན་བསྡད་ལ་བཤད་པ་ལྟར་གྱི་རྐང་སྟབས་བྱ་བ་ནི། ཐིག་གཞན་ལ་ཡང་འདྲ་སྟེ་ལས་ཐིག་ལ་ཡང་དེ་ལྟར་བྱའོ། །འོ་ན་ཡེ་ཤེས་ཀྱི་ཐིག་སྐུད་དང་ལས་ཀྱི་ཐིག་སྐུད་ཅེས་པའི་མིང་གི་དོན་གང་ཡིན་སྙམ་ན། ངོ་བོ་རིགས་ ལྔ་དང་ཡེ་ཤེས་ལྔའི་རང་བཞིན་ལ་རྣམ་པ་སྲད་བུ་ཁ་དོག་ལྔར་སྣང་བས་ཡེ་ཤེས་ཀྱི་ཐིག་སྐུད་ཅེས་བྱ་ལ་ལས་ཐམས་ཅད་པའི་ལྷའི་ངོ་བོར་བསྐྱེད་པའི་ཐིག་སྐུད་ཡིན་པས་ལས་ཐིག་ཅེས་བྱ་སྟེ་ལས་བུམ་བཞིན་ནོ། །དེ་ལྟར་ཐིག་ཐམས་ཅད་ཐེབས་པའི་མཐར་མཆོད་ གཏོར་ཕུལ་བའི་འོག་ཏུ། ཨོཾ་ཨཱཿཧཱུཾ་བཛྲ་མུཿཞེས་པས་ཡེ་ཤེས་ཀྱི་ཐིག་སྐུད་སྔར་སྤྱན་དྲངས་པའི་སྟ་གོན་གྱི་ལྷའི་ཐུགས་ཀར་གཤེགས་སུ་གསོལ་ནས་ཚོན་སྣ་ལྔའི་ཐིག་སྐུད་རང་གི་གནས་ཇི་ལྟ་བར་གཞག་གོ། གཉིས་པ་ལ་བཞི། ཚོན་རྩི་འདུ་བྱ་ཞིང་ཕུར་བུ་དབྱུང་ བ་དང་། སློབ་དཔོན་དང་སློབ་མས་ཇི་ལྟར་དགྱེ་བ་དང༌། དཀྱིལ་འཁོར་གྱི་ཚོན་ས་བསྟན་པ་དང༌། དཀྱིལ་འཁོར་ལ་མཚན་མ་བཀོད་ནས་ཡེ་ཤེས་ཀྱི་ཚོན་གཤེགས་སུ་གསོལ་བའོ། །དང་པོ་ནི། སྐབས་འདིར་གཏོར་མ་སྦྱིན་པར་ཕྲེང་བ་རྗེས་འབྲང་དང་བཅས་པས་ གསུངས་པ་ལ་འདིའི་ཕྱིར་སྦྱིན་པ་མི་གསལ་ཡང་མི་ཐུབ་ཟླ་བས་ཚོན་འགྱེད་པའི་སྔོན་ཙམ་དུ་གོས་དམར་པོ་གྱོན་ནས་གཏོར་མ་གཏོང་བར་བཤད་པ་དང་དོན་གཅིག་སྟེ་ཚོན་འགྱེད་པའི་སྔོན་འགྲོར་བྱེད་པའོ། །སྣོད་གསར་པར་བཞག་པའི་ཚོན་རྩི་དཀར་སེར་དམར་ལྗང་ 3-2-200b ནག་པོ་རྣམས་རིམ་པ་བཞིན་དུ། བྃ་ལྃ་རྃ་ཧྃ་ཨྃ་རྣམས་ལས་བྱུང་བར་བསམ་སྟེ། ཕྲེང་བ་རྗེས་འབྲང་དང་བཅས་པས་བཤད་དོ། །དཀར་པོ་ལ་སོགས་པའི་ཚོན་རྩིའི་རྒྱུ་ནི། རིམ་པ་བཞིན་དུ་ཟླ་ཤེལ་དང་སྤུག་དང་པདྨ་རཱ་ག་དང་མར་ག་ཏ་དང་ཨིནྡྲ་ནཱི་ལ་ལས་བྱས་པའམ། ཡང་ན་མུ་ ཏིག་དང་གསེར་དང་བྱི་རུ་དང་མུ་མེན་རྣམས་སམ་ཡང་ན་དེ་བཞི་བསྲེས་པ་ལ་བྱ་བར་གསུངས་ཏེ་འབྱོར་པ་ཆེ་བའི་དབང་དུ་བྱས་པའོ། །ཡང་ན་ཁམ་པ་ལས་བྱས་པའམ་འབྲས་ལས་བྱས་པའམ་མེ་ཏོག་ལས་བྱས་པ་ཇི་ལྟར་རིགས་པར་སོ་ཕག་གི་ཕྱེ་མའམ་སོལ་བ་ དང་རུས་པའི་ཕྱེ་མ་ལ་སོགས་པས་ཀྱང་རུང་སྟེ། ལེགས་པར་འདུ་བྱས་པ་བཟང་པོ་རྣམས་ཞེས་གསུངས་པ་ནི། འབྱོར་པ་ཆུང་བའི་དབང་དུ་བྱས་པའོ། །འདི་རྣམས་སྡོམ་འབྱུང་དང་སྤྱི་རྒྱུད་དུ་བཤད་པའི་དགོངས་པའོ། །དེ་ནས། བྲུཾ་ཨཱཾ་ཧྲཱིཿཁཾ་ཧཱུཾ་ལས་རྣམ་སྣང་ལ་སོགས་པར་སྐྱེད་ པ་ཙམ་ལས་ཕྲེང་བར་མ་གསུངས་ཀྱང་དབུས་དང་ཕྱོགས་བཞིར་ཚོན་རྣམས་སྐབས་སུ་གང་བབ་པའི་ལྷའི་རིམ་པ་བཞིན་གཞག །ཡི་གེ་ལྔ་པོ་རྣམས་སོ་སོར་བྲིས་ལ་བསང་སྦྱང་སྔོན་དུ་འགྲོ་བས་ས་བོན་ཙམ་མམ་ཆོ་ག་གསུམ་སྐྱེད་ཀྱིས་རིགས་ལྔར་བསྐྱེད་དོ། །ནམ་ མཁར་བཀོད་པའི་དེ་བཞིན་གཤེགས་པ་ལྔའི་ཐུགས་ཀར་བྲུཾ་ལ་སོགས་པ་ལས་གྲུབ་པའི་ཡེ་ཤེས་ཀྱི་ཚོན་རྣམས་ཐིག་སྐུད་ཀྱི་སྐབས་སུ་བཤད་པའི་འབར་བའི་ལྟ་སྟངས་ཀྱིས་བཀུག་སྟེ་བཅུག་པས་ཡེ་ཤེས་ཀྱི་རྡུལ་ཚོན་དང་རོ་གཅིག་ཏུ་གྱུར་པར་བསམས་ལ། བུམ་ལ་ སོགས་པས་བསྔགས་ནས། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ་ཞེས་པས་བརྒྱ་རྩ་བརྒྱད་དུ་བསྔག་གོ། ཡེ་ཤེས་ཀྱི་ཚོན་ཉིད་བཀུག་ནས་བསྟིམ་པ་ནི། ལྭ་བ་པས་ཀྱང་བཤད་དོ། །དེ་ནས་འབར་བའི་ལྟ་བས་གཟི་བརྗིད་བསྐྱེད་ཅིང་ཧཱིཿཡིག་བཀོད་ནས་བདེན་པ་གང་གིས་སེམས་ཅན་ 3-2-201a རྣམས་རྡུལ་ཚོན་མང་ཞིང་སངས་རྒྱས་རྣམས་ནི་སེམས་ཅན་རྣམས་ལ་ཆགས་པས་རྗེས་སུ་ཆགས་པར་འགྱུར་བའི་བདེན་པ་དེས་རྡུལ་ཚོན་རྣམས་འབར་བར་གྱུར་ཅིག་ཅེས་བདེན་པའི་བྱིན་གྱིས་བརླབས་ཀྱིས་སྦར་བར་བྱའོ། །ལྷ་སྒོམ་པ་ཕུལ་ དུ་བྱུང་བ་ལས་ནི། འབར་རོ་ཞེས་གསུངས་ཏེ་འབར་བའི་ལྟ་བས་བལྟས་པས་ཚོན་མང་པོར་འཕེལ་བར་བསམ་ཞིང་བདེན་སྟོབས་བརྗོད་དོ། །སེམས་ཅན་རྣམས་རྡུལ་ཚོན་མང་ཞིང་ཞེས་པ་ལ་བི་བྷཱུ་ཏཱིས་རྡུལ་མང་ཞིང་ཞེས་གསུངས་སོ། །ལྷའི་རྣལ་འབྱོར་སྟོབས་ ཆེ་ན་རྡུལ་ཚོན་མང་པོར་སྤེལ་ནུས་སོ། །དེ་ནས་དྲི་དང་མེ་ཏོག་ལ་སོགས་པས་མཆོད་དོ། །ཚོན་སྐྱེད་པ་སོགས་དེ་དག་ནི། འདུས་པའི་དཀྱིལ་ཆོག་གཉིས་ཀྱི་རྗེས་སུ་འབྲངས་པ་སྟེ་དེ་གཉིས་སུ་སྦར་བ་ལ་འདི་བཞིན་དུ་མི་གསལ་ལོ། །དེ་ནས་དཀྱིལ་འཁོར་གྱི་ལྟེ་བར་ སྔར་ཟླུམ་ཐིག་བྱེད་པའི་ཚེ་བཏབ་པའི་ཕུར་བུ་འཆད་པར་འགྱུར་བའི་ཧཱུཾ་བཞི་པའི་སྔགས་ཀྱིས་བཏོན་ནས་ཡིད་ཀྱིས་རང་གི་ལག་གི་རྡོ་རྗེ་ལ་བསྟིམས་ཏེ་ཕུར་ཁུང་ཚོན་སྣ་ལྔས་བཀང་ལ་མཉམ་པོར་བྱའོ། །ཕུར་བུ་དངོས་སུ་བཏབ་ན་དེ་ལྟར་བྱ་ལ་མ་བཏབ་ན་མི་ དགོས་ཤིང་ཚོན་གྱིས་འགེངས་པ་ལ་རིམ་པ་ངེས་པ་མེད་དོ། །གཉིས་པ་ནི། འདིར་ཕྲེང་བར་དྲིལ་བུའི་སྒྲ་དང་རྡོ་རྗེའི་གླུས་མཚན་མ་ངན་པ་བསལ་བར་བྱའོ། །ཆོས་དབྱིངས་འདི་ནི་དག་པ་སྟེ། སེམས་ཅན་ཁམས་ནི་རབ་གྲོལ་བར། །རྒྱལ་ཆེན་དགྱེས་པ་རྡོ་རྗེ་ ཡི། །དཀྱིལ་འཁོར་རབ་ཏུ་བྲི་བར་བྱའོ། །ཞེས་གསུངས་སོ། །འདི་ལ་བོད་ཀྱི་བླ་མ་རྣམས་དཱ་རཱི་ཀ་པ་དང་པྲ་ཛྙཱ་རཀྵི་ཏས། འདི་ནི་མེ་ལོང་དག་པ་སྟེ། །ཞེས་སོགས་ཡེ་ཤེས་ལྔ་དང་སྦྱར་བ་ལན་ལྔར་བརྗོད་པར་གསུངས་པའི་དོན་དུ་བསམས་ནས་དྲིལ་བུ་གསིལ་ཞིང་ 3-2-201b ཚར་རེ་སོང་བ་ན་ཕུར་ཁུང་དུ་ཚོན་རེ་ལྡུགས་པར་བྱེད་དོ། །དེ་ནི་མ་ཡིན་ཏེ། འདི་ནི་ཚོན་ལ་བརྟེན་པའི་མཚན་མ་ངན་པ་སེལ་བའི་ཕྱིར་དུ་རྡོ་རྗེ་གསོར་ཞིང་དྲིལ་བུ་གསིལ་ནས་ཚིག་དེ་དག་ངག་ཏུ་འདོན་ཡིད་ཀྱིས་དེ་ཁོ་ན་ཉིད་ཀྱི་དོན་དྲན་པར་བྱེད་པའི་ཕྱིར་རོ། །གུར་གྱི་ བརྒྱད་པ་ལས་ཀྱང༌། དེ་ལ་འདི་ནི། རྡུལ་ཚོན་གདབ་པའི་དམ་ཚིག་གོ། ཆོས་དབྱིངས་འདི་ནི་དག་པ་སྟེ། །སེམས་ཅན་ཁམས་ནི་རབ་གྲོལ་བར། །རྒྱལ་ཆེན་དགྱེས་པ་རྡོ་རྗེ་ཡི། །དཀྱིལ་འཁོར་རབ་ཏུ་བྲི་བར་བྱ། །ཞེས་གཞལ་ཡས་ཁང་གི་ཚོན་འགྱེད་པ་ལ་གསལ་ བར་གསུངས་སོ། །དཱ་རི་ཀ་པས་ཀྱང༌། ཤར་དུ་ཁ་བལྟས་གཡོན་པ་ཡི། །ཁུ་ཚུར་གྱིས་ནི་བཟུངས་ནས་སུ། །བདེན་པ་བརྗོད་ཅིང་བྲི་བར་བྱ། །འདི་ནི་མེ་ལོང་དག་པ་སྟེ། །སེམས་ཅན་ཁམས་ནི་སྒྲོལ་བྱེད་པ། །དཔལ་ལྡན་བདེ་ཆེན་རྒྱལ་པོ་སྟེ། །དེ་བཞིན་གཤེགས་པ་ཀུན་ གྱི་གནས། །ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ། ལན་ལྔ་རུ་ནི་བརྗོད་པར་བྱ། །སོར་ནི་བཅུ་གཉིས་ཚད་ལྡན་པར། །དྲང་ཞིང་མཐོ་ལ་སྙོམས་པ་དང༌། །ནས་གང་གིས་ནི་མ་འདྲེས་པས། །རི་མོ་ཀུན་ཏུ་བྲི་བར་བྱ། །ཞེས་གསུངས་ཏེ་བདེན་པ་བརྗོད་པ་ནི། འདི་ནི་ཞེས་སོགས་བརྗོད་ པ་ཡིན་ལ་དེ་བཏོན་ནས་བྲི་བར་གསུངས་པ་ནི། སོར་ནི་བཅུ་གཉིས་ཞེས་པ་ནས། རི་མོ་ཀུན་ཏུ་བྲི་བར་བྱ། ཞེས་པ་དེ་ཡིན་པས་ན་ཕུར་ཁུང་འགེངས་པ་ལ་ཇི་ལྟར་འགྲིག །དེར་རྩིག་པ་ཕྱི་མ་དཀར་པོར་ཡོད་པས་དེ་བྲི་བའི་དབང་དུ་བྱས་ནས་མེ་ལོང་དག་པ་ཞེས་ གསུངས་ཏེ་ཡེ་ཤེས་རེ་རེའི་མིང་སྦྱར་བའི་ཚར་རེ་དང་རྩིག་པ་རེ་འདྲི་བ་གཉིས་མཉམ་པོར་བྱེད་པའོ། །འོག་ནས་ཚོན་གྱི་ལྟས་ངན་པ་འབྱུང་བ་ནི། དེ་ཁོ་ན་ཉིད་ཀྱི་བསམ་སྦྱོར་མེད་པ་ལ་ཡིན་གྱི་ཡོད་པ་ལ་མ་ཡིན་པར་གསུངས་པས་ཚོན་གྱི་ལྟས་སམ་མཚན་མ་ 3-2-202a ངན་པ་ཟློག་པའི་ཐབས་ཡིན་ནོ། །འདིར་སློབ་དཔོན་གྱིས་རྩིག་པ་ལྔ་ཅི་ཙམ་ཞིག་ཏུ་བྲི་བ་ནི། སོར་བཅུ་གཉིས་ཀྱི་ཚད་དུ་གསུངས་ལ་ཀྱཻ་རྡོར་ལས་རིམ་གྱི་དཀྱིལ་ཆོག་ལས་ཀྱང་མཐོ་གང་དུ་བྲི་བར་བཤད་དོ། །ལག་པ་གཡོན་པའི་རྡོ་རྗེ་ཁུ་ ཚུར་གྱིས་འབྲི་བར་བླ་མེད་ཀྱི་དཀྱིལ་ཆོག་དུ་མ་ལས་གསུངས་པ་ནི། རྡོ་རྗེ་མཁའ་འགྲོ་ལས་ཐིག་སྐུད་གཟུང་བ་ལ་དང་པོ་རྡོ་རྗེ་ཁུ་ཚུར་གྱིས་བཟུངས་ནས་ཕྱིས་ཅི་བདེར་བྱས་པས་ཆོག་པར་གསུངས་པ་ལྟར་འདི་ལ་ཡང་བྱ་དགོས་པ་འདྲ་སྟེ་རྡོ་རྗེ་ཁུ་ཚུར་གྱིས་རེ་ཁ་ཤིན་ ཏུ་འདྲོངས་པ་བྲི་མི་ནུས་པའི་ཕྱིར་རོ། །སྤྱི་རྒྱུད་ལས་ནི། རྡོ་རྗེ་ཁུ་ཚུར་སྦྱོར་བའམ། །ཡང་ན་ལྕགས་ཀྱུའི་ཕྱག་རྒྱ་འམ། །ལྷུང་བཟེད་ཕྱག་རྒྱའི་སྦྱོར་བའམ། །ཡང་ན་རིག་བྱེད་ལག་པས་བྲི། །ཞེས་གསུངས་ཤིང་བླ་མེད་དུ་ནི་སྔ་མ་ཁོ་ན་འབྱུང་ངོ༌། །གཡོན་པས་ རྡོ་རྗེ་བཟུངས་ནས་འབྲི་བ་རྡོ་རྗེ་ཁུ་ཚུར་གྱི་དོན་དུ་འདོད་པ་ནི། ལག་པ་གཡས་པ་རྡོ་རྗེས་མཚན་ཞིང་ཞེས་པས་བཀག་གོ། ཚོན་འགྱེད་པའི་རིམ་པ་ནི། ཕྱི་ནས་རིམ་པ་བཞིན་དུ་འགྱེད་པར་གསུངས་ཏེ་རྡོ་རྗེ་མཁའ་འགྲོ་ལས། དཀར་དང་སེར་དང་དམར་དང་ལྗང༌། ། ཀུན་གྱི་ནང་རོལ་ནག་པོ་རུ། །ཚོན་གྱི་ཆ་ནི་རིམ་བཞིན་དགྱེ། ཞེས་གསུངས་སོ། །ཕྱི་ནས་རིམ་པ་བཞིན་དུ་རྩིག་པ་ལྔའི་ཚོན་འགྱེད་པར་ངེས་ཀྱང་དཀར་པོ་སོགས་ཀྱི་རིམ་པ་ནི་མ་ངེས་པས་སྐབས་དང་སྦྱར་རོ། །རྣམ་སྣང་མངོན་བྱང་ལས། ཚོན་ནི་ནང་ནས་ དགྱེ་བར་བྱ། །ཕྱི་རོལ་ནས་ནི་ཚོན་མི་དགྱེ། །ཞེས་གསུངས་པ་ནི། འགྱེད་པ་པོ་གང་དུ་གནས་ནས་བྱ་བ་ལ་དགོངས་པར་བླ་མ་དག་བཞེད་པ་ལེགས་ཏེ་ཚིག་འགྲེལ་ལས་ཀྱང་དེ་ལྟར་བཤད་དོ། །འགྱེད་པའི་ཚུལ་ནི། ཤིན་ཏུ་དྲང་ཞིང་སྦོམ་ཕྲ་ལ་སོགས་པའི་སྐྱོན་ 3-2-202b དང་བྲལ་བར་དགྱེ་སྟེ་རྡོ་རྗེ་མཁའ་འགྲོ་ལས། ཚོན་རྩི་རེ་རེའི་ཞེང་དུ་ནི། །སྒོ་ཡི་ཉི་ཤུ་ཆ་ཡི་ཚད། །གལ་ཏེ་ཚོན་རྩི་མི་མཉམ་ཞིང༌། །ཡོ་དང་དམའ་བར་གྱུར་ན་ནི། །རི་མོ་དམའ་བས་དངོས་མི་འགྲུབ། །ཡོན་པོས་གདུང་བ་སྐྱེད་བྱེད་པས། །དཔངས་ནི་མཐེའུ་ཆུང་ཚད་ཙམ་ དུ། །མཐོ་ཞིང་དྲང་བར་བྲི་བར་བྱ། །དེ་ལས་སྦོམ་ན་ནད་འབྱུང་སྟེ། །དམའ་ན་ནོར་ནི་ཟད་པར་འགྱུར། །ཡོན་པོས་ཕན་ཚུན་སྡང་འགྱུར་ཏེ། །གཉིས་ཀ་འཆི་བར་ཤེས་པར་བྱ། །གཡས་སྐོར་མ་ཡིན་བྲིས་ན་ནི། །རྡུལ་ཚོན་ཕུར་བུས་བཏབ་པར་འགྱུར། ། ཞེས་གསུངས་ཏེ་ཕུར་བུས་བཏབ་པ་ནི། དངོས་གྲུབ་ཀྱི་རྒྱུ་མ་ཡིན་པ་དང་རྡུལ་ཚོན་ཕན་ཚུན་འདྲེས་པས་རིགས་འཆད་པར་ཕྲེང་བ་ལས་བཤད་དོ། །བོད་ཀྱི་སྔགས་པ་དག་སློབ་དཔོན་གྱིས་ཇི་སྐད་བཤད་པ་བཞིན་དུ་བཀྱེ་བ་ལ་ཡང་ཐོད་ཕོར་དང་རིན་པོ་ཆེའི་སྣོད་བཀབ་ ནས་བཞག་སྟེ་ཕྱོགས་གཞན་ནས་བྲིས་པའི་རྩིག་པ་དེ་ལ་སྦྲེལ་རན་པ་དང་ཕྱེ་ནས་བལྟས་པས་སྦོམ་པའམ་ཆད་པ་སོགས་བྱུང་ན་ཟློག་ཐབས་བྱ་བཟང་ན་བཀྲ་ཤིས་བརྗོད་པ་སོགས་བྱ་ཟེར་བ་ནི་གཞུང་གི་འབྲུ་མ་ནོན་པའི་གཏམ་དུ་སྣང་སྟེ། བཞི་བརྒྱ་ལྔ་ བཅུ་པ་ལས། སྦོམ་པོར་བཀྱེ་བས་ནད་ཀྱིས་འདེབས། ཞེས་དང་ཕྲེང་བར་དྲངས་པར་ཡང༌། སྦོམ་པོར་བཀྱེ་ན་ནད་འབྱུང་ངོ༌། །ཞེས་དང་དཔལ་འཛིན་གྱིས་ཀྱང༌། ཀུན་ཀྱང་སྦོམ་པོ་ལ་སོགས་པའི་སྐྱོན་དང་བྲལ་བར་བྲི་བར་བྱའོ། །དེ་ལ་སྦོམ་པོ་བྲིས་ན་ནད་འབྱུང་ ངོ༌། །ཞེས་གསུངས་པས་སྦོམ་པོ་དང་ཕྲ་བ་དང་ཡོ་བར་བྲིས་པའི་སྐྱོན་ཡིན་གྱི་དང་པོ་སྐྱོན་མེད་བྲིས་པ་ལ་ཕྱིས་སྦོམ་པོ་སོགས་སུ་སོང་བའི་སྐྱོན་དུ་ཚད་ལྡན་སུས་ཀྱང་མ་གསུངས་པའི་ཕྱིར་ཏེ་དཔེར་ན་གཡས་སྐོར་མིན་པར་བཀྱེ་ན་ནི། ཞེས་གསུངས་པ་ཚོན་ 3-2-203a འགྱེད་ལུགས་ཀྱི་སྐྱོན་ཡིན་པ་དང་འདྲའོ། །འབྲི་བའི་སྐྱོན་ཡིན་པས་སྐྱོན་དེ་དག་ཡོད་པ་རྒྱུ་མཚན་དུ་མཛད་དེ་འབད་ནས་ཚོན་དགྱེ་བར་བྱའོ་ཞེས་གསུངས་ཏེ་བྲི་བའི་ཚེ་ལེགས་པར་བྲིས་ཀྱང་ད་གཟོད་བལྟས་པའི་ཚེ་སྐྱོན་དེ་རྣམས་ འོང་ན་དེ་ལྟར་གསུངས་པ་ཡང་རིགས་པར་ག་ལ་འགྱུར། སྤྱི་རྒྱུད་ལས། བྱང་ཤར་མཚམས་ནས་བརྩམས་ནས་ནི། །ཕྱེ་མ་དག་ནི་དགྱེ་བར་བྱ། །གཡས་སུ་བསྐོར་ཞིང་རྒྱུན་མི་འཆད། །ཐམས་ཅད་མཉམ་ཞིང་བར་ཆད་མེད། །ངན་པ་དང་ནི་ཉམས་པ་དང༌། ། མ་སྙོམས་པ་དང་བར་ཆད་ན། །གནོད་པ་མང་པོ་འབྱུང་བར་འགྱུར། །དེ་བས་ནན་ཏན་ཆེར་བྱས་ཏེ། །མཁས་པས་ཕྱེ་མ་དགྱེ་བར་བྱ། ཞེས་དང་དཱ་རི་ཀ་པ་དང་ནག་པོ་སྤྱོད་པ་དང་ས་ར་ཧས་ཀྱང་སྦོམ་པ་སོགས་སུ་བྲིས་པ་ལ་སྐྱོན་སྐྱེད་པ་རྒྱུ་མཚན་དུ་ བྱས་ནས་འབད་ནས་བྲི་བ་དང་མཚན་ཉིད་དང་ལྡན་པར་བྲི་བར་གསུངས་སོ། །དེས་ན་ཐིག་སྐུད་ཆད་པ་སོགས་ཀྱི་ལྟས་ནི། ཐིག་འདེབས་པའི་ཚེ་ཡིན་གྱི་དེ་ལ་ཐིག་པྲ་བརྟག་མི་དགོས་པ་བཞིན་དུ་ཚོན་ལ་ཡང་ཇི་ལྟ་བ་བཞིན་འདྲའོ། །བྷཱུ་བ་བློ་ལྡན་དང་ བི་བྷཱུ་ཏཱིས་བདེ་མཆོག་ལ་གཡོན་སྐོར་མིན་པར་བཀྱེ་ན་སྔར་བཤད་པ་ལྟར་གྱི་རྡུལ་ཚོན་ཕུར་བུས་འདེབས་པའི་སྐྱོན་སྐྱེད་པར་བཤད་དོ། །སྐྱོན་དེ་དག་ཀྱང་རྩིག་པ་ལྔ་པོ་འབྲི་བ་ལ་གསུངས་ཀྱི་རྡུལ་ཚོན་གཞན་ལ་རྡོ་རྗེ་མཁའ་འགྲོ་དང་དཀྱིལ་ ཆོག་རྣམས་ལས་མ་བཤད་དོ། །པྲཛྙཱ་ཤྲཱིས་མཐོ་གང་ཙམ་དུ་བྲིས་པའི་ཚེ་གསེར་གཞོང་སོགས་བཀབ་ནས་མེ་ཏོག་གིས་མཐའ་སྐོར་ལ་གཞག །དེ་ནས་པྲ་བཟང་ན་ཨེ་མའོ་ཞེས་བརྗོད་ངན་ན་རྡུལ་ཚོན་ལ་བགེགས་བསྟིམས་ལ་ཕུར་བུས་ 3-2-203b གདབ་ཅེས་འཆད་པ་ནི། ཚད་ལྡན་དག་གི་གཞུང་ལས་དེ་ལྟར་བཤད་པ་མེད་པས་ཡིད་བརྟན་དུ་མི་རུང་སྟེ་དེའི་དཀྱིལ་ཆོག་ན་ཡིད་བརྟན་མི་རུང་བ་མང་དུ་སྣང་ངོ༌། །དམ་ཚིག་རྡོ་རྗེས་རི་མོ་ལྔ་ཅུང་ཟད་ཅིག་བྲིས་ནས་ཁམ་ཕོར་ལ་སོགས་པས་བཀབ་སྟེ་ཕྱི་ནས་སློབ་ མ་རྣམས་ཀྱིས་ཅི་བདེར་དགྱེ་ཞེས་པ་དང༌། བིདྱཱ་པཱ་ཏས་མེ་ཏོག་དང་ལྡན་པའི་སྣོད་ཀྱིས་བཀབ་ནས་དེ་ནས་ཅི་བདེར་བྲིའོ་ཞེས་བཤད་ཀྱང་ཚོན་པྲ་བཟང་ངན་རྟོག་པ་མ་བཤད་ལ་འོན་ཀྱང་དེ་ལྟར་བྱེད་པ་ནི། ཀྱཻ་རྡོར་ལས་རིམ་གྱི་ཆོ་ག་ལས་རེ་ཁ་ལ་མེ་ཏོག་སིལ་མ་ གཏོར་ཞིང་མཆོད་པ་དབུལ་བར་བཤད་པ་ལྟར་རྩིག་པ་ལ་མཆོད་ཅིང་མེ་ཏོག་འཐོར་བ་བྱེད་པས་དེས་རྡུལ་ཚོན་ལ་གནོད་པ་སྤང་བའི་ཕྱིར་བཀབ་པ་ཡིན་ཏེ། དེ་ཡང་ཆེན་པོ་རྣམས་ཀྱིས་མ་བཤད་པས་བྱ་དགོས་མི་དགོས་དཔྱད་པར་བྱའོ། །ཚོན་ལྟས་ངན་པ་བྱུང་ན་ཞི་ བའི་ཐབས་ནི། རྒྱལ་བས་ཉེས་པ་ཞི་བའི་ཕྱིར་དུ། ཚོན་བཀྱེ་བ་ལ་ཉེས་པ་གང༌། །དེ་ཉིད་བསམ་སྦྱོར་མེད་རྣམས་ལའོ། །དེ་ཉིད་བསམ་སྦྱོར་བཟང་རྣམས་ལ། །སུས་ཀྱང་ངར་ཆད་བྱ་མི་ནུས། །ཞེས་གསུངས་པར་ཕྲེང་བ་ལས་བཤད་དེ། དེ་དག་ནི་ཀླུ་བྱང་གི་དཀྱིལ་ ཆོག་ལས་ཀྱང་འབྱུང་ངོ༌། །རྩིག་པ་སྒོའི་ཉི་ཤུ་ཆ་དང་བར་ནས་ཙམ་པར་བྱས་པ་ནི། མར་མེ་མཛད་བཟང་པོ་དང་དཔལ་འཛིན་དང་པྲཛྙཱ་རཀྵི་ཏ་དང་བྷཱུ་བ་བློ་ལྡན་རྣམས་ཀྱིས་བཤད་པས་རགས་པ་འདི་འདྲ་ལ་མཁས་གྲུབ་དེ་རྣམས་འཁྲུལ་བ་མི་སྲིད་པས་ནང་ འགལ་ཡིན་པར་སྨྲ་བ་ནི། གཏན་མི་རིགས་ཏེ་དགོངས་པ་བཙལ་དགོས་སོ། །དགོངས་པ་ཡང་ཕྲེང་བ་ལས། བསྒོམ་བྱའི་དཀྱིལ་འཁོར་ལ་རྩིག་པ་ལྔ་པོ་འདི་དག་རིན་པོ་ཆེ་ཁ་དོག་ལྔ་ལས་གྲུབ་ཅིང་བར་ནས་ཙམ་པའོ་ཞེས་པ་ནི། ཁ་ཅིག་གིའོ་ཞེས་འགའ་ཞིག་གི་ 3-2-204a འདོད་པ་བཀོད་པ་ལྟར་བསྒོམ་བྱ་ལ་བར་ནས་ཙམ་དུ་འདོད་པ་ཡང་སྣང་མོད་ཀྱང་དཀྱིལ་ཆོག་རྣམས་ནས་བྲི་བྱ་ཉིད་ལ་དེ་ལྟར་གསུངས་སྣང་བས་བྲི་བྱ་ལ་མི་འགལ་བར་བཤད་དགོས་སོ། །ཕྲེང་བ་ལས་ཐིག་སྐུད་ཀྱི་སྦོམས་སུ་ནས་ ཉི་ཤུ་ཆས་ལྷག་པའི་ནས་ཀྱི་ཚད་དུ་བྱས་ནས་སྒོའི་ཉི་ཤུ་ཆར་གསུངས་པ་ནི་རྩ་ཐིག་ཁྲུ་གང་བའི་དཀྱིལ་འཁོར་ཁོ་ནའི་དབང་དུ་བྱས་པར་གསུངས་པ་བཞིན་དུ་རྩིག་པ་རེ་རེའི་མཐའ་ནས་མཐའི་ཞེང་ལ་བར་ནས་ཙམ་དུ་གསུངས་པ་ནི། རྩ་ཐིག་ཁྲུ་གང་ པ་ཁོ་ནའི་རྩིག་ཞེང་ཡིན་ལ་སྒོའི་ཉི་ཤུ་ཆར་བཤད་པ་དཀྱིལ་འཁོར་ཆེ་ཆུང་ཐམས་ཅད་ཀྱི་རྩིག་ཞེང་གི་ཚད་དུ་བྱས་ནས་གཉིས་ཀས་ཀྱང་ཞེང་ཚད་བསྟན་པར་བྱས་ན་མི་འགལ་བར་གོའོ། །ཚོན་གྱི་རེ་ཁ་རྣམས་ལ་ཡང་རིན་པོ་ཆེ་དཀར་པོ་སོགས་ལས་བྱས་པའི་ ཐུར་མ་ལ་སོགས་པའི་ངོ་བོར་མོས་པ་བྱའོ། །དེ་ལྟར་སྔར་བཤད་པའི་ཚད་ཙམ་བྲིས་ཟིན་པ་དང་སློབ་མའམ་རི་མོ་མཁན་ལ་སོགས་པས་ཅི་བདེར་དགྱེ་སྟེ། རྡོ་རྗེ་མཁའ་འགྲོ་ལས། དེ་ནས་སློབ་མས་ཅི་དགར་དགྱེ། ཞེས་སོ། །དཀྱིལ་འཁོར་གྱི་ནང་དུ་འཇུག་ པ་དང་ཕྱིར་འབྱུང་བའི་དུས་སུ་ཐིག་དང་ཚོན་ལ་འགོམ་པའི་ཉེས་པས་འཇིགས་པས་རྡོ་རྗེ་ཤུགས་ཀྱི་འཇུག་པས་ཡེ་ཤེས་ཀྱི་ཚོན་གྱི་རེ་ཁ་ཡིད་ཀྱིས་ནམ་མཁའ་ལ་བཏེག་ལ། ཨོཾ་བཛྲ་བེ་གཱ་ཀྲ་མ་ཧཱུཾ་ཞེས་བརྗོད་པར་ཕྲེང་བར་བཤད་དོ། །དཀྱིལ་འཁོར་གྱི་ཡེ་ ཤེས་ཀྱི་ཐིག་འདེབས་པར་ལྭ་བ་པས་ཀྱང་གསུངས་ཏེ། དེ་དག་གི་དོན་ནི་སྔར་བཤད་པ་ལྟར་རོ། །ཕྱིས་ནི་བཏེག་པ་སླར་བསྟིམ་པར་ཛ་ཡ་སེ་ནས་བཤད་པ་ལྟར་བྱའོ། །གསུམ་པ་ལ་གཉིས། དཀྱིལ་འཁོར་གྱི་ཕྱིའི་ཚོན་ས་དང༌། ནང་གི་ཚོན་ས་བསྟན་པའོ། ། 3-2-204b དང་པོ་ནི། ཚོན་གྱིས་དཀྱིལ་འཁོར་འཁོར་བཅས་ཀྱི་ཁ་དོག་ངེས་པར་བྱེད་པས་དེ་ལ་རྩིག་པ་ལྔ་ནི། ཕྱི་ནས་ནང་གི་བར་དུ་རིམ་པ་བཞིན་དུ་ཁ་དོག་གང་འོང་བ་ཤེས་པར་བྱེད་ཚུལ་ལ་གཉིས་ལས། དབུས་དང་ཕྱོགས་བཞིར་རིགས་ལྔ་སྐུ་མདོག་སྤྱི་འགྲོ་ལྟར་ཡོད་ པ་གསང་འདུས་མི་བསྐྱོད་པ་དང་རྡོར་དབྱིངས་ཀྱི་དཀྱིལ་འཁོར་ལྟ་བུ་ཡིན་ན་ཤར་ནས་དབུས་བར་དུ་གཡས་སྐོར་གྱིས་དེ་བཞིན་གཤེགས་པ་ལྔའི་ཁ་དོག་གི་རིམ་པ་བཞིན་བྱ་ལ། ཕྱོགས་དང་དབུས་སུ་ལྷ་གཞན་བཀོད་པ་ཡིན་ན་ནི། རྒྱས་འདེབས་ཀྱི་དེ་བཞིན་ གཤེགས་པའི་ཁ་དོག་གི་རིམ་པ་ལྟར་བྱའོ། །རྩིག་པ་ལྔ་རེ་རེའི་ཁ་དོག་ཀྱང་ཕྱོགས་བཞི་ཁར་འགྲོ་དགོས་པས་ཤར་དཀར་ལྷོ་སེར་ལ་སོགས་པ་ཚོན་ས་གཞན་རྣམས་དང་མི་འདྲའོ། །བསྒོམ་བྱ་ལ་རྩིག་པ་ལྔ་ཇི་ལྟར་ཡོད་པ་ལ་ནི། སློབ་དཔོན་ཁ་ཅིག་ཕྱི་ནང་དུ་ ལྔ་སྦྲག་འདོད་པ་དང་གཞན་དག་རྩིག་པ་གཅིག་ཉིད་རིམ་གྱིས་སྟེང་ནས་སྟེང་དུ་ཁ་དོག་སྣ་ལྔར་བརྩེགས་པར་འདོད་པའི་ལུགས་གཉིས་བཀོད་ནས་རང་ལུགས་གསལ་བར་མ་མཛད་ཀྱང་སྔ་མ་བཞེད་པར་གསལ་ཏེ། སྒོ་ལོགས་ཀྱི་ཐིག་ཕྱི་མ་ནས་ཕྱི་མའི་བར་ལ་ ཆ་ཆུང་བཅུ་ཡོད་པར་ཐིག་གི་སྐབས་སུ་བཤད་པའི་ཕྱིར་དང་རྩིག་པ་ལ་ཆ་ཆུང་གཅིག་བཤད་པ་རྩིག་ཞེང་ལ་བཞེད་པའི་ཕྱིར་རོ། །ཕྱི་མ་ལྟར་ན་རྩིག་ཞེང་ལ་ཆ་ཕྲན་གཅིག་གི་ལྔ་ཆ་འདོད་དགོས་པས་རྩིག་པ་ཧ་ཅང་ཕྲད་པའི་སྐྱོན་ཡོད་དོ། །ཕ་གུ་འམ་ རིན་ཆེན་སྣམ་བུའི་ས་ནི། དམར་པོ་དང་དྲ་བ་དྲ་ཕྱེད་ཀྱི་ས་ནག་པོའོ། །རྩིག་པ་རྩེག་མར་འདོད་པའི་ལུགས་ལ་དེ་གཉིས་ལ་གཞན་དུ་བཤད་པ་རྣམས་འདིར་མི་དགོས་སོ། །སྟེགས་བུའམ་འདོད་ཡོན་གྱི་སྣམ་བུ་ནི། ཤེལ་ལམ་གསེར་རམ་པདྨ་རཱ་གའམ་རིན་ 3-2-205a པོ་ཆེ་གཞན་ཡང་རུང་སྟེ་ཅི་མཛེས་སུ་བྱ་བར་བཤད་ཀྱང་བླ་མ་རྣམས་པདྨ་རཱ་གའི་མདོག་ཏུ་མཛད་དོ། །ཤར་བུ་དང་མདའ་ཡབ་རྣམས་ནི་དཀར་པོ་ཡིན་ལ། དེ་དག་གི་ས་ནི་སྔོན་པོར་བྱ་སྟེ་ནམ་མཁའི་ངོ་བོ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་བར་གྱི་སྣམ་ བུ་ལ་མུན་པའི་སྣམ་བུ་ཞེས་བརྗོད་དེ་བར་སྟོང་གི་ངོ་བོ་ཡིན་པའི་ཕྱིར་རོ། །སྒོ་ལོགས་ཀྱི་ཐད་ཀའི་གདུང་ནི། རིན་པོ་ཆེ་ལས་ཇི་ལྟར་མཛེས་པར་བྱས་པ་སྟེ་རིན་པོ་ཆེ་སྣ་ཚོགས་པའི་པ་ཏྲ་འཕྲོ་བ་ལ་སོགས་པས་བརྒྱན་པའོ། །བྲི་བྱ་ལ་སྒོའི་ཐད་ཀར་རྩིག་པ་ཡོད་པའི་སར་ནི་གདུང་བྲི་མི་དགོས་སོ། ། རྟ་བབས་ཀྱི་ཀ་བ་དང་ཀྱོག་པོའི་ནང་གི་བླ་བྲེ་བྲེས་པའི་འོག་གི་ས་ནི། རང་ཕྱོགས་ཀྱི་དེ་བཞིན་གཤེགས་པའི་ཁ་དོག་ཡིན་ལ་ཕྱི་མ་ནི་ཕྱོགས་མདོག་གིས་སྤྲས་པའི་ནམ་མཁའི་རང་བཞིན་ནོ། །རྟ་རྨིག་དང་བབ་རན་དང་ཆུ་སྲིན་གྱི་སྣམ་བུའི་ཁ་དོག་ནི་གང་མཛེས་སུ་བྱ་བར་གསུངས་ནས་ སྣམ་བུ་གཞན་ལ་བཤད་པ་མི་གསལ་བ་ནི་གོ་སླ་བར་དགོངས་པའོ། །གོ་སླ་ཚུལ་ནི། ཤར་བུ་དང་མདའ་ཡབ་དཀར་པོ་ལ་དེ་དག་གི་ས་སྔོན་པོ་དང་རིན་པོ་ཆེའི་སྣམ་བུ་དང་མུན་སྣམ་རྣམས་ཀྱང་སྔར་བཤད་ཟིན་པས་དེ་དག་དང་འདྲ་ལ་གསེར་སྣམ་ནི། རང་མིང་གིས་སེར་པོར་གོ་ནུས་ པའི་ཕྱིར་རོ། །འཁོར་ལོ་བཞི་ནི། གསེར་གྱི་ཁ་དོག་ཏུ་བྱ་བའི་རང་ལུགས་དང༌། རིན་པོ་ཆེ་གཞན་ལས་ཀྱང་བྱས་པའི་ལུགས་གཉིས་གསུངས་སོ། །རི་དྭགས་ཕོ་མོ་བརྒྱད་ནི། གསེར་གྱི་རང་བཞིན་ལ་རིན་པོ་ཆེ་གཞན་གྱིས་སྤྲས་པའོ། །གཞལ་ཡས་ཁང་གི་འོག་གི་སྣ་ཚོགས་ རྡོ་རྗེའི་ལྟེ་བ་ནི་ནག་པོའོ། །གཞུང་ཁ་ཅིག་ཏུ་ནི་གཙོ་བོའི་སྐུ་མདོག་ཏུ་གསུངས་སོ། །ཕྱོགས་ཀྱི་རྭ་དབུས་མ་རྣམས་ནི། རང་རང་གི་ཕྱོགས་ཀྱི་དེ་བཞིན་གཤེགས་པའི་མདོག་གོ། རྭ་རྩེ་གསུམ་པ་ཡིན་ན་ནི། རྭ་གཞན་གཉིས་ནི། དེའི་གློ་དག་གི་དེ་བཞིན་གཤེགས་པའི་མདོག་སྟེ་ཇི་ལྟར་རིགས་པར་རོ། །ཞེས་ 3-2-205b གསུངས་པའི་དོན་ནི། གསང་འདུས་མི་བསྐྱོད་པ་ལ་མཚོན་ན་ཤར་གྱི་རྭ་གཡས་དོན་གྲུབ་ཀྱི་མདོག་དང་གཡོན་རིན་འབྱུང་གི་མདོག་ཏུ་བྱ་བ་ལྟ་བུའོ། །རྭ་ལྔ་པ་ལ་ནི། དེ་ལས་གཞན་པའི་ཕྱོགས་དང་དབུས་ཀྱི་རྒྱལ་བའི་མདོག་སྟེ་ཇི་ལྟར་རིགས་པར་རོ། །ཞེས་གསུངས་པའི་ དོན་ནི། སྔ་མ་ལ་མཚོན་ན་བྲི་བྱ་ལ་ཅུང་ཟད་ཕག་ཏུ་སོང་བའི་གཡས་ནི། འོད་དཔག་མེད་ཀྱི་མདོག་དང་གཡོན་ནི། དབུས་ཀྱི་རྒྱལ་བའི་མདོག་ཏུ་བྱ་སྟེ་གསལ་བར་མཐོང་བ་གཉིས་ནི། གཡས་གཡོན་གྱི་རྭ་ཡིན་པས་གཡས་གཡོན་གྱི་རྒྱལ་བའི་ཁ་དོག་ཏུ་བྱ་དགོས་པས་ སོ། །གཞུང་ཁ་ཅིག་ཏུ་ཕྱོགས་གཅིག་གི་རྭ་ཐམས་ཅད་ཀྱང་ཕྱོགས་ཀྱི་རྒྱལ་བའི་མདོག་ཏུ་བྱ་བར་ཡང་གསུངས་པས་སྔ་མ་དང་འདི་གཉིས་གང་རུང་བྱས་པས་ཆོག་གོ། གཙོ་བོ་ཞལ་བཞི་པ་ལ་རང་རང་གི་ཕྱོགས་ཀྱི་ཞལ་གྱི་མདོག་གོ་ཞེས་པ་ནི་ཕྱོགས་གཞན་ ནོ་ཞེས་གསུངས་པ་ནི། བདེ་མཆོག་ལྟ་བུ་ལ་ཤར་གྱི་རྭ་སྔོན་པོར་བྱེད་པ་སོགས་ཀྱི་ལུགས་ཏེ་འདི་ལུགས་གཞན་ནོ། །རྟ་བབས་ཀྱི་གཡས་གཡོན་གྱི་བུམ་པ་བཟང་པོ་རྣམས་ནི། གསེར་ལས་བྱས་པ་དང་དཔག་བསམ་གྱི་ཤིང་རྣམས་ནི། དེ་ལས་གཞན་པའི་ཤིང་བཟང་ པོ་ལྟ་བུའོ། །སྣ་ཚོགས་རྡོ་རྗེའི་འོག་གི་པདྨའི་ལྟེ་བ་ནི་ལྗང་གུ་གེ་སར་ནི་སེར་པོ་འདབ་མ་རྣམས་ནི་ཁ་དོག་སྣ་ཚོགས་པའོ། །འདབ་མའི་གཞི་ནི། ཆོས་འབྱུང་གི་ནང་ཡིན་པས་དམར་པོ་ཤས་ཆེ་བའི་དཀར་པོའོ། །ཆོས་འབྱུང་གི་ཆ་སྟེ་དེ་མཚོན་བྱེད་ཀྱི་རེ་ཁ་པད་རྭ་དང་། རྡོར་རྭ་ གཉིས་ཀྱི་བར་ན་ཡོད་པ་ནི་དཀར་པོའོ། །རེ་ཁ་དེ་སྔར་ཐིག་གི་སྐབས་སུ་བཤད་པ་ལྟར་ལུགས་གསུམ་ལས་ཁོར་ཡུག་ཏུ་འདོད་པའི་ཕྱོགས་ལ་ཡང་ཤེལ་ཡིན་ན་དཀར་པོ་དང་གསེར་ཡིན་ན་སེར་པོ་བྱ་བ་ནི། རྡོ་རྗེའི་ཁ་དོག་གི་དབང་གིས་སོ། །རྡོ་རྗེའི་ངོ་བོ་དང་དེའི་ 3-2-206a རེ་ཁའི་གཅོད་མཚམས་རྣམས་ནག་པོར་རོ། །གཞུང་གཞན་དག་ཏུ་དེ་གཉིས་དཀར་པོ་དང་སེར་པོར་ཡང་གསུངས་པས་དེ་ཡང་གང་རུང་གིས་ཆོག་གོ། རྡོ་རྗེའི་ས་གཞི་སྟེ་དེའི་སྣམ་བུ་ནི་མདོག་སྣ་ཚོགས་པ་སྟེ། བསྒོམ་བྱ་ལ་འོག་ཏུ་ རླུང་གི་དཀྱིལ་འཁོར་གྱི་མཐའ་ནས་སྟེང་དུ་འོག་མིན་གྱི་བར་དུ་རྡོ་རྗེའི་རྭ་བ་གནས་པའི་ཕྱིར་དང་རླུང་ལ་སོགས་པ་ནི་ཁ་དོག་སྣ་ཚོགས་པའི་ཕྱིར་རོ། །འོད་ཕྲེང་གི་ཁ་དོག་ནི་དེ་བཞིན་གཤེགས་པ་ལྔའི་མདོག་སྟེ་ཕྱིར་ལ་འཕྲོ་བའི་ཚུལ་ལོ། །གཉིས་པ་ནི། རྩ་ཐིག་ གི་ནང་གི་དཀྱིལ་འཁོར་དུ་ཟུར་ཐིག་གཉིས་ཀྱིས་བཅད་པའི་ཕྱོགས་བཞིའི་ས་གཞི་རྣམས་རང་ཕྱོགས་ཀྱི་དེ་བཞིན་གཤེགས་པའི་མདོག་གོ། བསྒོམ་བྱའི་དཀྱིལ་འཁོར་གྱི་ཕྱོགས་བཞིའི་ཐོག་རྣམས་ཀྱང་དེ་བཞིན་ནོ་ཞེས་ཐོག་གི་ནང་དང་ཕྱི་གཉིས་སོ་སོར་ མ་ཕྱེ་བར་སྤྱིའི་ཁ་དོག་ཏུ་གསུངས་སོ། །ནང་གི་ཀ་བ་རྣམས་ཀྱང་རང་ཕྱོགས་ཀྱི་དེ་བཞིན་གཤེགས་པའི་མདོག་སྟེ་ཕྱོགས་སོ་སོའི་དེ་བཞིན་གཤེགས་པའི་མཚན་མ་འཁོར་ལོ་སོགས་ཀྱི་ཕྲེང་བས་མཚན་པའོ། །རྡོར་ཕྲེང་གི་ཟླུམ་པོ་དང་རྡོ་རྗེ་རྣམས་ལ་ཁ་དོག་ གསལ་བར་མ་བཤད་དོ། །ཟླུམ་པོ་སྒོམ་དོན་ལ་གཉིས་ཡོད་ཀྱང་བྲི་བྱའི་ཟླུམ་པོ་གདུང་ཟླུམ་དུ་བྱ་དགོས་ལ་དེའི་ཁ་དོག་ནི། བླ་མ་རྣམས་ནག་པོའམ་སྔོན་པོར་བྱེད་པ་ལྟར་བྱ་ལ་རྡོ་རྗེ་ནི་ཕྱིའི་རྡོ་རྗེ་ལ་ཁ་དོག་ལུགས་གསུམ་བཤད་པ་གང་རུང་གིས་ཆོག་གོ། ནང་ གི་འོད་ཕྲེང་ལ་ཡང་མཁས་པ་རྣམས་ཀྱིས་ཚོན་གྱི་རེ་ཁ་མི་བྱ་བར་གསུངས་སོ་ཞེས་ཕྲེང་བར་བཤད་པས་མེ་རིའི་རྩེ་མོར་ཚོན་གྱི་རེ་ཁ་མི་བྱ་ལ་ཁ་དོག་ནི་ཕྱིའི་འོད་ཕྲེང་དང་འདྲའོ། །གཙོ་བོའི་ས་ནི་གཙོ་བོའི་མདོག་གོ་ཞེས་གསུངས་པ་ནི། གཙོ་བོ་རིགས་ལྔ་སྤྱི་ 3-2-206b འགྲོ་ལྟར་ཡིན་ན་དེའི་མདོག་དང་དེ་ལྟ་མིན་ན་རིགས་བདག་གང་ཡིན་གྱིས་བྱ་དགོས་ཏེ། འཇམ་རྡོར་གྱི་གཙོ་བོ་གུར་གུམ་མདོག་ཡིན་ཡང་བཞི་བརྒྱ་ལྔ་བཅུ་པ་ལས། དབུས་ཀྱི་ས་གཞིའི་ཆ་དག་ནི། །ཨིནྡྲ་ནཱི་ལའི་འོད་གསལ་བར། ཞེས་གསུངས་ཤིང་གཤེད་དམར་ བཅུ་གསུམ་མ་ལ་ཡང་དབུས་ཀྱི་ས་གཞིའི་མདོག་སྔོན་པོར་དཔལ་འཛིན་གྱིས་གསུངས་པའི་ཕྱིར་རོ། །སྣ་ཚོགས་པདྨའི་ལྟེ་བའི་མདོག་ནི་ལྗང་གུ་ཡིན་ལ་འདབ་མའི་མདོག་ནི། བདེན་བྲལ་ལྗང་དང་དབང་ལྡན་ནག །མེ་དང་རླུང་གི་མཚམས་ནི་སེར། །ཕྱོགས་ རྣམས་ཀྱི་ནི་དམར་པོའོ། །ཞེས་གསུངས་པ་ལྟར་རོ། །གཙོ་བོའི་སྣམ་བུ་ལ་ནི། གཙོ་བོའི་མཚན་མའི་ཕྲེང་བའོ་ཞེས་གསུངས་པའི་སྣམ་བུ་ནི་རེའུ་མིག་དགུ་པའི་ཕོ་བྲང་ལ་གཙོ་བོའི་སའི་ཕྱོགས་ཀུན་ཏུ་བསྐོར་བའི་གྲུ་བཞི་པའོ། །འདི་ས་ལ་བྲིས་པ་ལྟར་ བསྐོར་ནས་ཡོད་དེ་ཁ་དོག་གསལ་བར་མ་བཤད་ཀྱང་དབུས་ཀྱི་སའི་མདོག་གོ། ཟླུམ་པོའི་ཐིག་གི་ཕྱི་ངོས་སུ་ཚངས་ཐིག་གི་གློ་སོ་སོར་ཆ་ཆུང་བཞི་དོར་ནས་བུམ་པ་ཆ་ཆུང་བཞི་པ་སྟེ་བདུད་རྩིས་བཀང་བའི་བུམ་པ་བརྒྱད་ནི། གསེར་དུ་འདོད་པ་དང་རིན་པོ་ཆེའི་རང་བཞིན་ རང་ཕྱོགས་ཀྱི་དེ་བཞིན་གཤེགས་པའི་མདོག་ཏུ་འདོད་པའི་ལུགས་གཉིས་སོ། །རེ་ཁ་གཞན་ནི་མདོག་དང་སྦོམ་ཕྲ་ཇི་ལྟར་མཛེས་པར་བྱའོ། །བཞི་པ་ནི། དེ་ལྟར་ལྷའི་གདན་གྱི་བར་རྣམས་རྫོགས་པ་དང་བརྟེན་པའི་དཀྱིལ་འཁོར་ཇི་ལྟར་དགོད་པ་ལ་ཚུལ་གསུམ་སྟེ། རང་ རང་གི་ས་བོན་གྱི་ཡི་གེ་དང་ཕྱག་མཚན་དང་ལུགས་མ་དང་འབུར་དུ་བཏོད་པའི་ལྷའི་སྐུ་དགོད་པ་ཇི་ལྟར་ནུས་པ་དང་མཐུན་པར་བྱ་སྟེ་ཀླུའི་བློས། ཇི་ལྟར་ནུས་པས་དཀྱིལ་འཁོར་དུ། །ས་བོན་དགོད་བྱ་ཡང་ན་ནི། །མཚན་མའམ་ལྷ་ཡི་གཟུགས་ཉིད་དེ། །ལུགས་མའམ་ 3-2-207a འདུ་བྱས་དགོད་པར་བྱ། །ཞེས་སོ། །དཀྱིལ་ཆོག་གི་འགྱུར་ལ་ནི། འབུར་དུ་བཏོད་དང་ལུགས་མ་ནི། ཞེས་འབྱུང་ངོ༌། །དེ་ལ་སྐལ་མི་ལྡན་ཡོད་ན་མཚན་མ་དང་ཕྱག་རྒྱ་བྲི་ལ། དེ་མེད་ན་ལྷའི་སྐུ་བྲི་བར་བྱ་ཞིང་བྲིས་སྐུའམ་ལུགས་སྐུའམ་བཟོ་བྱས་པའམ་ འབུར་དུ་དོད་པའམ་ལེགས་པར་འདུ་བྱས་པ་བཞག་པར་བྱའོ། །ཕྱག་རྒྱ་བྲི་བ་ནི། མངོན་བརྗོད་བླ་མ་ལས་གསུངས་ཏེ། མི་ནུས་ན་ནི་བྲིས་པ་ཡི། །ཕྱག་རྒྱའམ་མཚན་མ་དགོད་པར་བྱ། །གང་ཡང་གསུངས་པ། ཚོན་ནམ་ཡང་ན་པིར་རྣམས་ཀྱིས། །བྲིས་པ་རྣམས་ཀྱིས་རྣམ་པར་སྤྲས། ། ཞེས་སོ། །ཕྱག་རྒྱ་ནི་ལག་པའི་ཕྱག་རྒྱ་ཡིན་ལ་མཚན་མ་ནི་ཕྱག་མཚན་ནོ། །མངོན་བརྗོད་ཀྱི་གསུམ་པ་ལས། ཡི་གེའི་དཀྱིལ་འཁོར་དང་པོ་སྟེ། །གཉིས་པ་མཚན་མའི་དཀྱིལ་འཁོར་ཡིན། །ལག་པའི་ཕྱག་རྒྱ་གསུམ་པ་སྟེ། །གཟུགས་བརྙན་དགོད་པ་བཞི་པའོ། །མེ་ཏོག་ དགྲམ་པ་ལྔ་པ་སྟེ། །དྲུག་པ་ཚོགས་ཀྱི་དཀྱིལ་འཁོར་རོ། །ཞེས་གསུངས་སོ། །སྙེ་མ་བཅུ་གཉིས་པ་ལས། གཟུགས་ནི། ཐད་ཀར་བྲིས་པ་དང་བརྐོས་པ་དང་ལུགས་མ་དང་གསར་མའི་ལས་ཀྱིས་འདུ་བྱས་པའོ། །ཞེས་གསུངས་པས་བཞི་པས་ནི། རྡུལ་ཚོན་ལ་དགོད་པའི་ལུགས་མ་ སོགས་དང་རས་བྲིས་ཀྱི་དཀྱིལ་འཁོར་གཉིས་ཀ་བསྟན་པར་གཟུང་ངོ༌། །ལྷག་མ་གཉིས་ལ་བཤད་པ་མ་བྱུང་ཡང་ལྔ་པ་ནི་གོ་སླ་ལ་དྲུག་པ་ནི་རྣལ་འབྱོར་པ་ཕོ་མོ་ལྷའི་འདྲ་འབག་ཏུ་ཞུགས་ཏེ་དཀྱིལ་འཁོར་གྱི་གནས་ཇི་བཞིན་དུ་འཁོད་པའི་ཚུལ་སྤྱོད་བསྡུས་སོགས་སུ་ བཤད་པ་དེ་རྣམས་སུ་མངོན་ནོ། །དཔའ་བོ་རྡོ་རྗེས་བྱས་ཟེར་བར་དྲིའི་ཐིག་ལེ་དགོད་པར་འདོད་དོ། །སྤྱི་རྒྱུད་ལས་ལྷ་སྐུ་དང་ཕྱག་མཚན་དང་སྟན་དང་གནས་འགོད་པའི་ཚུལ་གསུམ་གསུངས་ཤིང་ལྷའི་ཡན་ལག་རྫོགས་རྫོགས་སུ་བྲིས་ན་རིང་དུ་འགོར་ལ་ཡན་ལག་ 3-2-207b ཉམས་ན་བྱིན་གྱིས་མི་རློབ་པས་ཕྱག་མཚན་བྲི་བ་ལ་བསྔགས་ཏེ་དཀྱིལ་ཆོག་རྣམས་ལས་ཀྱང་དེ་བཀོད་པ་མང་པར་སྣང་ངོ༌། །དེ་ལྟར་བྲིས་ནས་བྱུང་མ་བྱུང་ལེགས་པར་བརྟགས་ལ་མ་བྱུང་བ་རྣམས་བཅོས་པར་བྱ་སྟེ། སྤྱི་རྒྱུད་ལས། དཀྱིལ་འཁོར་རྫོགས་པར་བྲིས་ནས་ནི། །ཡིད་ཀྱིས་ ལེགས་པར་མཉམ་གཞག་ནས། །དེ་ཡི་འོག་ཏུ་མང་བརྟགས་ཏེ། །བརྒྱ་ལ་འགའ་ཞིག་མ་ལེགས་ན། །དེ་ནི་ཕྱིར་ཡང་བཅོས་པར་བྱ། །ཞེས་སོ། །དཀྱིལ་འཁོར་བྲི་བ་ནས་བརྩམས་ཏེ་དབང་ཐོབ་པ་ཞིག་མེད་པར་སྟོང་པར་བཞག་ཏུ་མི་རུང་སྟེ་སྤྱི་རྒྱུད་ལས། ཁྲུས་ལ་སོགས་ པ་བྱེད་པའི་ཚེ། །དཀྱིལ་འཁོར་མཐོང་བ་གཞན་བཞག་སྟེ། །དཀྱིལ་འཁོར་བྲི་བའི་ཚེ་ན་ནི། །ནམ་ཡང་སྟོང་པར་མི་གཞག་གོ། ཞེས་གསུངས་སོ། །དེ་ནས་དཀྱིལ་འཁོར་བྲིས་པ་རྣམ་པ་ཐམས་ཅད་དུ་གསལ་བར་གྱུར་པར་ཤེས་ནས། ཧཱུཾ་དང་འཁྱིལ་པ་བཟླས་པའི་བདུད་རྩི་ལྔ་ དང་བཅས་པའི་དྲིའི་ཆུས་དཀྱིལ་འཁོར་གྱི་ཕྱི་ངོས་སུ་བྱུགས་ལ་དེ་བཟླས་པའི་ཆུས་འཁོར་ལོ་བསངས་ལ། ཨོཾ་ཨཱཿཧཱུཾ་བཛྲ་མུཿཞེས་པས་ཡེ་ཤེས་ཀྱི་ཚོན་གཤེགས་སུ་གསོལ་ཏེ་སྣོད་ན་གནས་པའི་ས་ཚོན་རྣམས་དབེན་པར་གཞག་པར་བྱའོ། །འདིར་ཚོན་ལ་མཆོད་པ་མ་ བཤད་ཀྱང་ཡེ་ཐིག་ལ་བཤད་པ་ལྟར་བྱའོ། །ཚོན་འཐོར་བ་རྣམས་རས་ལ་སོགས་པས་ཕྱི་བར་རྒྱལ་བ་བཟང་པོས་བཤད་པ་བཞིན་བྱ་བ་ནི་དཀྱིལ་འཁོར་ལ་དྲིའི་ཆུས་བྱུག་པའི་གོང་དུ་བྱའོ། །གསུམ་པ་ནི། དཀྱིལ་འཁོར་བྲི་བ་སོགས་ཆུ་རྡོལ་དང་རླུང་དང་སྤྲིན་ལ་སོགས་ པའི་བགེགས་ཀྱི་འཚེ་བ་ལྷས་བྱས་པ་དང་མིས་བྱས་པ་འབྱུང་བ་སྲིད་དེ། དེའི་ཚེ་འཚེ་བ་སོ་སོའི་བསལ་ཐབས་གྲུབ་ན་དེ་བཞིན་དུ་བྱ་ལ་མ་གྲུབ་ན་རྡོ་རྗེའི་རྭ་གུར་དང་མདའི་དྲ་བ་དང་བླ་རེའི་ནང་གི་ཁོང་སེང་ལ་གནས་པའི་རྩིབས་ཀྱི་རྩེ་མོ་ལ་བརྟན་པར་གནས་པའི་ཁྲོ་བོ་ 3-2-208a བཅུ་ཤིན་ཏུ་འཇིགས་པས་བྱིན་གྱིས་བརླབས་པའི་རྩིབས་བཅུ་པའི་འཁོར་ལོ་སེར་པོ་གཡས་སྐོར་དུ་འཁོར་བའི་ལྟེ་བའི་དབུས་སུ་གནས་པའི་གཞལ་ཡས་ཁང་གི་རྣམ་པར་དཀྱིལ་འཁོར་གྱི་ཁང་པ་སྐད་ཅིག་གིས་རབ་ཏུ་བརྟན་པར་མོས་པ་བྱའོ། ། རྡོ་རྗེའི་རང་བཞིན་གྱིས་གཞི་ལ་སོགས་པས་བགེགས་ཐམས་ཅད་བཟློག་པར་ཡང་བསྒོམ་མོ། །འདི་ནི་བསྲུང་བྱ་གཞན་ལ་ཡང་འདོན་པ་སྤོས་པས་ཆོག་གོ། གཉིས་པ་ལ་གཉིས། བུམ་པ་དགོད་པ་དང༌། དཀྱིལ་འཁོར་བརྒྱན་པའོ། །དང་པོ་ནི། དེ་ནས་སྔར་ལྷག་གནས་བྱས་པའི་ བུམ་པ་རྣམས་དཀྱིལ་འཁོར་ལ་གཡས་སྐོར་དུ་དགོད་པར་བྱའོ། །འདིའི་དུས་སུ་སྤོས་ཀྱིས་སྣ་དྲངས་ནས་རོལ་མོའི་ཆ་བྱད་སྣ་ཚོགས་པས་དཀྱིལ་འཁོར་ལན་གསུམ་བསྐོར་ནས་འགོད་པར་ཀྱཻ་རྡོར་ལས་རིམ་གྱི་ཆོ་ག་ལས་བཤད་པ་ནི་པྲཛྙཱ་རཀྵི་ཏས། བུམ་པ་མཆོད་རྫས་ལ་སོགས་ པ། །གདུགས་དང་རྒྱལ་མཚན་རོལ་མོ་དང༌། །སིལ་སྙན་གླུ་ཡིས་སྤྱན་དྲངས་ལ། །དཀྱིལ་འཁོར་གནས་སུ་དགོད་པར་བྱ། །ཞེས་གསུངས་པ་དང་མཐུན་ནོ། །དགོད་པའི་གནས་ནི། མེ་རིའི་ཕྱི་ངོས་སུ་འགོད་པར་ཕྲེང་བ་དང་བི་བྷཱུ་ཏཱིས་བཤད་ལ་རཏྣ་རཀྵི་ཏས་དུར་ཁྲོད་ཡོད་ན་དེའི་ ཡང་ཕྱི་རོལ་ཏུ་དགོད་པར་བཤད་དོ། །དཱ་རི་ཀ་པས། རྡོ་རྗེ་རྭ་བའི་ཕྱི་རོལ་ཏུ། །བགེགས་སྐྱེར་འགྱུར་བས་མི་དགོད་དོ། །ཞེས་སྔ་མ་དང་མི་མཐུན་པར་གསུངས་སོ། །འགོད་ལུགས་ལ་ཕྲེང་བར་འཇམ་རྡོར་དང་མི་བསྐྱོད་རྡོ་རྗེའི་བུམ་པ་འགོད་ལུགས་བཤད་ནས་དེས་གཞན་གྱི་བུམ་ པ་འགོད་ལུགས་རྟོགས་སླ་བར་བཞེད་པས། དེའི་ལུགས་ནི། འཇམ་རྡོར་ལ་ཤར་སྒོའི་ཐད་ཀའི་གནས་ལས་ཅུང་ཟད་ཀྱི་གཡས་སུ་ནི་གཙོ་བོའི་བུམ་པ་གཞག་གོ། སྒོའི་གཡོན་ལོགས་སུ་ནི། །གཡས་སྐོར་དུ་རིམ་པ་བཞིན་དུ་རྣམ་སྣང་དང་སྤྱན་མ་དང་ལས་བུམ་མོ། །འདིར་ 3-2-208b གཡས་གཡོན་ནི་ཁ་ནང་ལྟའི་དབང་དུ་བྱས་པའོ། །གཙོ་པོའི་བུམ་པའི་གཡས་སུ་གཟུགས་རྡོ་རྗེ་མ་དང་ཆོས་དབྱིངས་རྡོ་རྗེ་མ་དང་གཤིན་རྗེའི་གཤེད་ཀྱི་བུམ་པའོ། །ལྷོ་སྒོའི་གཡོན་དུ་རིན་འབྱུང་དང་མཱ་མ་ཀཱི་དང་གཡས་སུ་སྒྲ་རྡོ་རྗེ་མ་དང་ཤེས་རབ་མཐར་བྱེད་ཀྱིའོ། །ནུབ་ སྒོའི་གཡོན་དུ་སྣང་བ་མཐའ་ཡས་དང་གོས་དཀར་མོ་དང་གཡས་སུ་དྲི་རྡོ་རྗེ་མ་དང་པདྨ་མཐར་བྱེད་ཀྱིའོ། །བྱང་སྒོའི་གཡོན་དུ་དོན་གྲུབ་དང་སྒྲོལ་མ་དང་གཡས་སུ་རོ་རྡོ་རྗེ་མ་དང་རེག་རྡོ་རྗེ་མ་དང་བགེགས་མཐར་བྱེད་ཀྱིའོ། །མི་བསྐྱོད་རྡོ་རྗེ་ལ་ནི། ཕྱོགས་སོ་སོའི་རིགས་ཀྱི་ཡུམ་བཞི་པོའི་དེ་མ་ ཐག་དང་གཡས་སུ་ཡང་གཙོ་བོ་མ་གཏོགས་པའི་དང་པོར་ཕྱོགས་ཀྱི་སེམས་དཔའ་གཉིས་གཉིས་ཀྱི་བུམ་པ་དགོད་ལ། མཚམས་ཀྱི་ཁྲོ་བོ་བཞིའི་བུམ་པ་ཟུར་བཞིར་དགོད་ཅིང་ཤར་ནུབ་ཀྱི་ཁྲོ་བོའི་བུམ་པའི་དེ་མ་ཐག་ཏུ་སྟེང་འོག་གི་བུམ་པ་དགོད་དོ། །འདི་བུམ་པ་གཞན་དགོད་པ་ ལ་སྦྱོར་ཚུལ་ནི། རཏྣ་རཀྵི་ཏས་བདེ་མཆོག་བཅུ་གསུམ་མ་ལ་བཤད་པ་ལྟར་ཡིན་ཏེ་ཤར་སྒོའི་གཡས་སུ་དང་པོར་གཅོ་བོའི་བུམ་པ་དགོད། དེ་ནས་ཁྭ་གདོང་མའི་བུམ་པ་དང་གཡོན་དུ་མཁའ་འགྲོ་མ་དང་ལས་ཐམས་ཅད་པའི་བུམ་པ་གཉིས་སོ། །བྱང་དང་ནུབ་དང་ལྷོའི་གཡོན་ དུ་ལཱ་མ་ལ་སོགས་པ་གསུམ་དང་གཡས་སུ་འུག་གདོང་མ་ལ་སོགས་པ་གསུམ་དང་ཤར་ལྷོ་ལ་སོགས་པའི་མཚམས་བཞིར་གཤིན་རྗེ་བརྟན་མ་ལ་སོགས་པའི་བུམ་པ་འཇོག་གོ། གྲྭ་བཞིའི་བུམ་པ་རྣམས་ལ་བྱ་རྒོད་ཀྱི་སྒྲོ་དང་བཅས་པའི་མདའ་བཞི་སྟེ། ཨོཾ་བཛྲ་ཡཀྵ་ཧཱུཾ་ ཞེས་པའི་སྔགས་ཀྱིས་དགོད་པར་ཕྲེང་བ་དང་སྡོམ་འབྱུང་འགྲེལ་པ་ལས་སོ། །དཱ་རི་ཀ་པས་བུམ་པ་བཅུར་བྱས་ནས་གཙོ་བའི་བུམ་པ་དང་ལས་བུམ་གཉིས་ཤར་སྒོའི་གཡས་གཡོན་དུ་འགོད་ཅིང་བུམ་པ་གཞན་བརྒྱད་པོ་རྣམས་སྒོ་དང་མཚམས་སུ་འགོད་དེ་འདིའི་རིགས་པ་ 3-2-209a མང་པོ་ལ་སྦྱར་སླའོ། །གཉིས་པ་ནི། དེ་ནས་དཀྱིལ་འཁོར་གྱི་ཕྱི་ངོས་སུ་ཕྱོགས་བཞིར་ཤེར་ཕྱིན་ལ་སོགས་པའི་དམ་པའི་ཆོས་ཀློག་ཏུ་གཞུག་གོ་ཞེས་གསུངས་ཏེ་ཤར་དུ་ཤེར་ཕྱིན་ཀློག་ལ་ལྷོ་ནས་བྱང་གི་བར་གཞན་གསུམ་དུ་ནི་བི་བྷཱུ་ཏཱིས་ ལང་གཤེགས་དང་ཏིང་འཛིན་རྒྱལ་པོ་དང་སྡོང་པོ་བཀོད་པ་འདོན་པར་བཤད་ལ་རྡོ་རྗེ་འབྱུང་བ་ལས་སྡོང་པོ་བཀོད་པ་དང་གསང་བ་བསམ་གྱིས་མི་ཁྱབ་པ་དང་གསེར་འོད་དམ་པ་གདོན་པར་བཤད་དོ། །ག་བུར་དང་ཨ་ཀ་རུ་དང་དུ་རུ་ཀ་ལ་སོགས་པའི་སྤོས་ཕོར་བརྒྱད་ བཞག་པར་བྱའོ། །སྤྱི་རྒྱུད་ལས། བོག་ཕོར་ཁམ་པ་ལ་སོགས་པའི། །སོ་མ་བཏང་བ་ཁམ་ཕོར་བཅུ། །བྱས་ནས་ཕྱོགས་དང་ཕྱོགས་མཚམས་ནི། །རྒྱབ་དང་དེ་བཞིན་མདུན་དུའོ། །སྤོས་ཕོར་དག་ཏུ་མ་འབྱོར་ན། །ཁམ་པའི་ཕོར་པུའི་ནང་ནས་དབུལ། །དེ་དག་ཀྱང་ནི་མ་ འབྱོར་ན། །གཅིག་གཅིག་སྒོར་ནི་བཞག་ནས་དབུལ། །ཞེས་གསུངས་སོ། །ན་བཟའ་སྣ་ཚོགས་པ་སྟོང་ལ་སོགས་པའམ་ལྷ་སོ་སོ་ལ་རེ་རེའམ་ཇི་ལྟར་ནུས་པ་ཡང་རུང་སྟེ་སློང་མ་ལ་སོགས་པར་གཞག་གོ། སྤྱི་རྒྱུད་ལས། འབྱོར་ན་ལྷ་ནི་ཐམས་ཅད་ལ། །རས་ནི་ཟུང་རེ་དབུལ་ བར་བྱ། །མ་འབྱོར་ན་ཡང་རིགས་གསུམ་གྱི། །བདག་པོ་རྣམས་ལ་ཟུང་རེ་དབུལ། །ཡང་ན་ཆོ་ག་ཤེས་པ་ཡིས། །དཀྱིལ་འཁོར་དབུས་སུ་རས་ཕྲན་ནི། །ཟུང་གཅིག་སློབ་མའི་སྟེང་བཞག་སྟེ། །ཕུལ་ནས་ཀུན་ལ་བསྔོ་བར་བྱ། །ཞེས་གསུངས་སོ། །གདུགས་དང་རྒྱལ་མཚན་དང་བ་ དན་རྣམས་དང་རྟ་བབས་དང་རས་བཟང་པོ་དང་དྲིལ་བུ་དང་བཅས་པའི་རྔ་ཡབ་དང་བུམ་པ་གང་བ་དང་ལོ་མ་དང་བཅས་པའི་ཆུ་ཤིང་གི་སྡོང་པོ་རྣམས་ཕུལ་ཏེ་གནས་ཇི་ལྟ་བར་བཞག་གོ། དེ་རྣམས་ལ་ཧཱུཾ་དང་གཙོ་བོའི་སྔགས་བཟླས་ལ། ཨོཾ་བཛྲ་སྥ་ར་ན་ཁཾ་ཞེས་པས་དབུལ་ 3-2-209b ལོ། །དཀྱིལ་འཁོར་གྱི་ཁང་པ་ལས་ཕྱི་རོལ་ཏུ་ཤར་ལ་སོགས་པར་རིམ་པ་བཞིན་དུ་དཀར་པོ་དང་སེར་སྐྱ་དང་ནག་པོ་དང་དུད་ཁ་དང་དམར་པོ་དང་ཁྲ་བོ་དང་སེར་པོ་དང་ལྗང་ཁུའི་བ་དན་བརྒྱད་ལྷ་རྣམས་ལ་ཕུལ་ཏེ་གཟུག་ཅེས་ཤེས་རབ་བསྐྱངས་བཞེད་ལ། ཁ་ཅིག་ནི་རྣམ་སྣང་དང་ རིན་འབྱུང་དང་འོད་དཔག་མེད་དང་དོན་གྲུབ་དང་དེ་བཞིའི་རིགས་ཅན་རྣམས་ཀྱི་བ་དན་ནི། རིམ་པ་བཞིན་མེ་ནས་དབང་ལྡན་གྱི་བར་གྱི་མཚམས་བཞི་དང་གཙོ་བོའི་བ་དན་ནི། ཤར་དང་དེའི་རིགས་ཀྱི་བ་དན་ནི་རང་རང་གི་ཕྱོགས་སུ་གཟུགས་ཞེས་འདོད་དོ། །དེ་ལ་སྔ་མ་ནི། སྤྱི་རྒྱུད་དང་ཤར་ ལྷོར་ལེབ་རྒན་གཟུགས་པར་བཤད་པ་མ་གཏོགས་པ་མཐུན་ཏེ་དེར་རྒྱལ་མཚན་བརྒྱད་དུ་བཤད་པས་རྒྱལ་མཚན་དང་བ་དན་གང་རུང་གིས་ཆོག་པར་མངོན་ནོ། །ཕྱོགས་སྐྱོང་རྣམས་མཉེས་པར་བྱ་བའི་ཕྱིར་དུ་བ་དན་བཅོ་ལྔ་གཟུགས་ཏེ། དབང་པོའི་སེར་པོ་དང་ཁྱབ་འཇུག་གི་ནག་པོ་ དང་ཟླ་བའི་དཀར་པོ་དང་ཉི་མའི་དམར་པོ་དང་མེས་པོའི་སེར་པོ་སྟེ་ཤར་དུའོ། །མེ་ལྷའི་དམར་པོ་དང་གཤིན་རྗེའི་ནག་པོ་དང་བདེན་བྲལ་གྱི་དུད་ཁ་རྣམས་ནི་རང་རང་གི་ཕྱོགས་སུའོ། །ནུབ་ཏུ་ཆུ་ལྷའི་དཀར་པོ་དང་སའི་ལྷ་མོའི་སེར་པོ་དང་ཐག་བཟང་རིས་ཀྱི་ནག་པོའོ། །རླུང་དུ་ རླུང་ལྷའི་ལྗང་གུའོ། །བྱང་དུ་ལུས་ངན་པོའི་སེར་པོ་དང་ཚོགས་བདག་གི་དཀར་པོའོ། །དབང་ལྡན་དུ་དབང་ལྡན་གྱི་དཀར་པོའོ། །མ་འབྱོར་ན་ནུས་པ་ཇི་ལྟ་བར་བ་དན་རྣམས་དབུལ་ལོ། །རྒྱལ་མཚན་རྣམས་ཚང་བ་མ་རྙེད་ན་རྒྱལ་མཚན་ཐལ་ཀར་གཅིག་པུ་དབུལ་བ་ དང་རྒྱལ་མཚན་གྱི་རྩེ་མོ་ལ་ཏོག་ནི་རྨ་བྱའི་མདོངས་ཀྱིས་བརྒྱན་པ་བྱ་བ་དང༌། མང་པོ་ཡོད་ན་ཤར་ཕྱོགས་སུ་གཟུགས་པར་སྤྱི་རྒྱུད་ལས་བཤད་དོ། །ས་ར་ཧས། དེ་ནས་མེ་ཏོག་སྤོས་ལ་སོགས། །ལྷ་ཡི་གྲངས་དང་མཉམ་པར་དབུལ། །ཞེས་གསུངས་པས་ལྷ་རེ་རེ་ 3-2-210a ལ་མཆོད་པ་རྫོགས་པ་རེ་རེ་བཤམ་པར་བྱའོ། །གསུམ་པ་ལ་གཉིས། དཀྱིལ་འཁོར་བསྒྲུབ་ཅིང་མཆོད་པ་དང༌། དབང་བསྐུར་བའི་ཆོ་གའོ། །དང་པོ་ལ་གཉིས། དཀྱིལ་འཁོར་བསྒྲུབ་པ་དང༌། དཀྱིལ་འཁོར་མཆོད་པའོ། །དང་པོ་ལ་གཉིས། རྡུལ་ཚོན་གྱི་དཀྱིལ་འཁོར་སྒྲུབ་པའི་ཚུལ་དང༌། དཀྱིལ་འཁོར་གཞན་གྱི་སྒྲུབ་ཚུལ་ལོ། །དང་པོ་ནི། དེ་ནས་ཁྲུས་བྱས་ཤིང་དྲི་ཞིམ་པོས་ལུས་ལ་བསྒོས་ལ་སྟོད་གཡོགས་དང་གཙུག་ཏོར་དང་རྒྱན་དང་བཅས་པས་འཁྱིལ་པ་བཟླས་པའི་ཆུས་དཀྱིལ་འཁོར་ བསངས་ཏེ་ཡི་གེ་གསུམ་དང་འཁྱིལ་པའི་སྔགས་ཀྱིས་དཀྱིལ་འཁོར་བསྲུངས་ནས་རྡོ་རྗེ་དང་དྲིལ་བུ་བཟུངས་ཏེ་ཤར་སྒོ་དང་ཉེ་བར་ནུབ་ཏུ་ཁ་བལྟས་ཏེ་འདུག་ལ་གཙོ་བོའི་རྣལ་འབྱོར་དང་ལྡན་པས་དཀྱིལ་འཁོར་བསྒྲུབ་པར་སློབ་དཔོན་འདི་བཞེད་པ་བཞིན་དུ་རཏྣ་རཀྵི་ ཏ་དང་བི་བྷཱུ་ཏཱིས་ཀྱང་དེ་བཞིན་དུ་བྱེད་དོ། །ས་ར་ཧ་དང་དཱ་རི་ཀ་པས་སྒྲུབ་ཐབས་ཡོངས་སུ་རྫོགས་པར་བསྒོམས་པའི་འོག་ཏུ་དཀྱིལ་འཁོར་སྒྲུབ་བོ། །དཀྱིལ་འཁོར་སྒྲུབ་པ་ལ་དམ་ཚིག་གི་འཁོར་ལོ་སྐྱེད་ཚུལ་དང་དེ་ལ་ཡེ་ཤེས་པ་འཇུག་ལུགས་ནི། ཕྲེང་བ་ ལས། བྲིས་པའི་དཀྱིལ་འཁོར་སྐད་ཅིག་གིས་སྟོང་པ་ཉིད་ཀྱི་རྗེས་ལ་བསྲུང་བའི་འཁོར་ལོ་དང་བགེགས་ལ་ཕུར་བུས་གདབ་པ་ལ་སོགས་པའི་ཆོ་ག་འཁོར་དང་བཅས་པས་བསྒོམ་པར་བྱ་བའི་དཀྱིལ་འཁོར་གྱི་རང་བཞིན་དུ་ངེས་པར་བརྟགས་ནས། བཙུན་མོ་ མཛེས་ཤིང་མདངས་བཟང་བ། །ལོ་གྲངས་བཅུ་དྲུག་ལོན་རྙེད་ནས། །དྲི་དང་མེ་ཏོག་བརྒྱན་བྱས་ཏེ། །དེ་ཡི་དབུས་སུ་འདོད་པ་བྱ། །ཡོན་ཏན་སྐ་རགས་མཱ་མ་ཀཱིར། །ཤེས་རབ་ཅན་གྱིས་དེ་བྱིན་བརླབ། །ཞི་བ་སྤྲོ་བྱ་སངས་རྒྱས་གནས། །མཁའ་ཡི་དབྱིངས་ནི་རབ་ 3-2-210b ཏུ་བརྒྱན། ཅེས་གསུངས་པས་བསྒྲུབས་པའི་ཕྱི་རོལ་གྱི་ཕྱག་རྒྱ་དང་སྙོམས་པར་འཇུག་པས་སམ། དེ་མེད་ན་ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་འཇུག་པས་ཡང་དག་པར་བསྐྱོད་པའི་དགའ་བའི་སྒྲས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ལ། ཞབས་བསིལ་དང་མཆོད་ཡོན་ འབུལ་བ་སྔོན་དུ་འགྲོ་བས་རང་གི་ནང་དུ་བཅུག་ནས་འདོད་ཆགས་ཆེན་པོས་ཞུ་བར་གྱུར་ཏེ་རྡོ་རྗེའི་ལམ་ནས་པདྨར་ཕྱུང་བའི་ཡེ་ཤེས་ཀྱི་ལྷའི་འཁོར་ལོའི་བདག་ཉིད་སྤྲོས་ཏེ་དམ་ཚིག་གི་འཁོར་ལོ་ལ་གནས་ཇི་ལྟ་བར་ཞུགས་པར་བསམས་ནས། ཞེས་གསུངས་ཏེ་འདིའི་རྗེས་ འབྲང་གཉིས་ཀྱིས་ཀྱང་ལུང་དེ་མ་དྲངས་པ་མ་གཏོགས་པ་དེ་བཞིན་དུ་བཤད་དོ། །དཀྱིལ་འཁོར་བསང་བ་སྔར་སོང་ཟིན་ལ་སྐད་ཅིག་གིས་སྟོང་པ་ཉིད་དུ་བསམ་པའི་སྦྱང་བ་བྱས་པའི་རྗེས་ལ་བསྒོམས་པའི་དཀྱིལ་འཁོར་གྱི་རང་བཞིན་དུ་བརྟག་པར་བྱ་སྟེ། དེ་ཡང་རྟེན་དང་བརྟེན་པ་ཡེ་ ཤེས་ཀྱི་སྣང་བ་ལས་གྲུབ་པའི་དཀྱིལ་འཁོར་གྱི་རང་བཞིན་དུ་སྒོམ་པའོ། །འོ་ན་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ་སྒོམ་པ་ཙམ་ནས་བསྐྱེད་པས་ཆོག་གམ་སྙམ་ན། སྔོན་དུ་བསྲུང་འཁོར་དང་ཕུར་གདབ་བྱ་བ་ལ་སོགས་པའི་ཆོ་གའི་འཁོར་རྣམས་བྱ་ཞིང་འབྱུང་བ་རིམ་ རྩེགས་སོགས་ནས་གདན་གྱི་བར་གྱི་སྐྱེད་ཆོག་དང་ལྷའི་སྐྱེད་ཆོག་རྣམས་ཀྱང་རང་རང་གི་སྒྲུབ་ཐབས་ལྟར་བྱ་དགོས་སོ། །དེ་ནས་ཡེ་ཤེས་པ་འཇུག་པ་ནི། གསང་འདུས་ལེའུ་བཞི་པའི་ལུང་དྲངས་ནས་བྱེད་དེ་དངོས་སམ་བསྒོམས་པའི་རིག་མ་གང་རུང་དང་སྙོམས་ འཇུག་བྱས་པའི་སྒྲས་ཡེ་ཤེས་པ་སྤྱན་དྲངས་ཏེ། རང་གི་ཁ་ནས་ལུས་ཀྱི་ནང་དུ་བཅུག་པ་ཞུ་ནས་པདྨར་ཕྱུང་བ་ན་ལྷའི་འཁོར་ལོར་གྱུར་པ་རྣམས་དེ་ནས་སྤྲོས་ཏེ་དམ་ཚིག་གི་འཁོར་ལོ་ལ་འཇུག་གོ། དེ་ལྟར་ན་ཞི་ན་ནི། སངས་རྒྱས་རྣམས་དང་སངས་རྒྱས་གནས་ཀྱི་ནམ་ 3-2-211a མཁའི་དབྱིངས་ནི། གཞལ་ཡས་ཁང་གི་ནང་དང་དེར་སྤྲོས་པ་ནི། བརྒྱན་པའི་དོན་དུ་བཞེད་པས། རིག་མ་དང་སྙོམས་འཇུག་བྱས་པའི་སྦྱོར་མཚམས་ནས་ལྷ་གཞལ་ཡས་ཁང་དུ་སྤྲོ་བ་དགོས་པའི་ཤེས་བྱེད་དུ་ལུང་དེ་དྲངས་པ་ཡིན་ལ་དེ་ཡང་དམ་ ཚིག་པ་མིན་གྱི་ཡེ་ཤེས་པའི་ཁུངས་སུ་བཞེད་དོ། །ལུང་དེ་འདུས་པའི་རྒྱུད་དུ་དཀྱིལ་འཁོར་ཚོན་གྱིས་བྲིས་ཟིན་པའི་འོག་ཏུ་དཀྱིལ་འཁོར་ལ་མཆོད་པ་བྱེད་པའི་སྐབས་སུ་གསུངས་ལ་དེའི་དོན་ནི། རང་རིགས་ཀྱི་བུ་མོ་མཱ་མ་ཀཱི་དང་འདྲ་བར་བསྐྱེད་དེ་དཀྱིལ་འཁོར་གྱི་ དབུས་སུ་དེ་ལ་རོལ་ནས་ནང་གི་མཆོད་པ་བྱ་བར་སྒྲོན་གསལ་ལས་གསུངས་སོ། །བྲིས་པའི་དཀྱིལ་འཁོར་གྱི་དབུས་སུ་དེ་ལྟར་བྱ་བ་དངོས་སུ་མི་རུང་བས་སྒོམ་དོན་ལ་བྱ་དགོས་པར་གསལ་ལ་དེ་ལྟ་ན་རང་དང་རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་གཙོ་བོ་གཉིས་ཐ་མི་ དད་དུ་བྱས་ནས་མཆོད་དགོས་སོ། །ཀླུ་བྱང་གིས་ལུང་དེ་དཀྱིལ་འཁོར་སྒྲུབ་པའི་སྐབས་སུ་དྲངས་ནས་རིག་མ་དང་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ལས་བསྐྱེད་པའི་ལྷ་སོ་གཉིས་སྤྲོས་ཏེ། མཛད་པ་རྣམས་མཛད་ནས་རང་རང་གི་ཞིང་དུ་གཤེགས་ ཏེ་སླར་དཀྱིལ་འཁོར་དུ་འབྱོན་པར་བཞེད་ནས་བཞུགས་པ་རྣམས་སྤྱན་དྲངས་ནས་རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་ལྷ་ལ་འཇུག་པར་མཛད་དོ། །འདིས་ཀྱང་དེའི་དབུས་སུ་འདོད་པ་བྱ་བར་གསུངས་པའི་དོན་ནི་སྔར་ལྟར་བྱ་དགོས་པས་རིག་མ་དང་སྙོམས་འཇུག་ བྱས་ནས་ལྷ་སྤྲོས་པའི་དུས་སུ་ནི། རང་དང་རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་དུ་བྱ་དགོས་ལ་སྤྲོས་པའི་ལྷ་ནི་ཡེ་ཤེས་པར་བཞེད་ཀྱི་དམ་ཚིག་པ་མིན་ནོ། །དེས་ན་འདུས་པའི་ལུང་དེ་དྲངས་ནས་དམ་ཚིག་པ་ལ་ཡེ་ཤེས་པ་འཇུག་པར་བྱེད་པའི་ལུགས་ 3-2-211b ལ་རིག་མ་དང་སྙོམས་པར་ཞུགས་པའི་དུས་སུ་བདག་མདུན་ཐ་མི་དད་དུ་བྱ་དགོས་པ་བཞིན་དུ་དམ་ཚིག་པ་སྐྱེད་པའི་དུས་སུ་ཡང་བདག་དང་མདུན་གྱི་གཙོ་བོ་ཐ་མི་དད་དུ་སྒྲུབ་པ་བྱས་ན་འཐད་པར་སེམས་སོ། །སངས་རྒྱས་ཞི་བའི་གནས་སྤྲོས་པས། །ནམ་མཁའི་དབྱིངས་ནི་ཀུན་ ཏུ་བརྒྱན། །ཅེས་པའི་དོན་ཀླུ་བྱང་གི་བཞེད་པ་ནི་སྔར་ལྟར་རོ། །དཔལ་འཛིན་གྱིས་ཀྱང་དགྲ་ནག་གི་དཀྱིལ་ཆོག་ཏུ་བདག་མདུན་ཐ་མི་དད་དུ་བསྒྲུབས་ཏེ་དཀྱིལ་འཁོར་གྱི་དབུས་སུ་གནས་ནས་རང་དང་འདྲ་བའི་རིག་མ་དང་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ལས་སྤྲུལ་བའི་ལྷ་ རྣམས་ནམ་མཁའ་ཁྱབ་པར་སྤྲོས་ནས་རང་རང་གི་གནས་སུ་བཀོད་པ་ལ་ཡེ་ཤེས་པ་སྤྱན་དྲངས་ནས་འཇུག་པས་སྔ་མ་དམ་ཚིག་པར་བཞེད་པར་སྣང་ངོ༌། །ལྭ་བའི་ན་བཟའ་ཅན་གྱི་དགོངས་པ་ཡང་བདག་མདུན་ཐ་མི་དད་དུ་སྒྲུབ་པ་ཡིན་ཏེ་ལུང་རྣམས་ཚིག་མངས་སུ་དོགས་ནས་མ་བྲིས་སོ། ། དཱ་རི་ཀ་པ་དང་ས་ར་ཧས་ནི་བདག་མདུན་ཐ་དད་དུ་བྱས་ནས་དཀྱིལ་འཁོར་སྒྲུབ་པས་གཅིག་ཁོ་ན་ངེས་གཟུང་དུ་མི་དགོས་སོ། །ཕྱོགས་དེ་གཉིས་ཀས་ཀྱང་དམ་ཚིག་པ་བསྐྱེད་ནས་ཡེ་ཤེས་པ་འཇུག་པར་བཞེད་ལ་དཀྱིལ་འཁོར་བྲིས་ཟིན་པ་དང་དམ་ཚིག་པ་གསར་དུ་མི་སྐྱེད་པར་ སྟ་གོན་གྱི་ལྷ་ཕབ་ནས་གནས་རྣམས་སུ་འགོད། དེ་ལ་མངལ་ནས་སྤྲོས་པའི་ལྷ་རྣམས་འཇུག །དེ་ནས་ཡེ་ཤེས་པ་སྤྱན་དྲངས་ནས་བསྟིམ་པ་ཡང་ལི་ལ་བཛྲས་བཤད་དོ། །ཉིན་མོ་འབྱུང་གནས་ཀྱིས། ཏིང་ངེ་འཛིན་གསུམ་དང་ལྡན་པའི་རྣལ་འབྱོར་པས་ཡུམ་དང་སྙོམས་འཇུག་ བྱས་པའི་སྒྲས་སྤྱན་དྲངས་པའི་སངས་རྒྱས་རྣམས་སྙིང་ག་ནས་ཞུགས་པ་པདྨ་ནས་སྤྲོས་འགྲོ་བའི་དོན་བྱས་ནས་ཚུར་བྱོན་ཏེ་དཀྱིལ་འཁོར་གྱི་ཟུར་གྱི་ནམ་མཁའ་ལ་བཀོད་པ་མཚན་མ་རྣམས་ལ་དགུག་གཞུག་བཅིང་དབང་དུ་བྱས་ཏེ་སྐྱེད་པ་མིན་པ་ཡེ་ཤེས་པ་འཇུག་པ་མ་བཤད་པ་ 3-2-212a ཡང་ཡོད་དེ་དེ་གཉིས་ཀ་བདག་མདུན་ཐ་དད་ཀྱི་ཕྱོགས་སོ། །བདག་མདུན་ཐ་དད་དུ་བྱེད་ན་དཀྱིལ་འཁོར་སྒྲུབ་པའི་སྔོན་དུ་སྒྲུབ་ཐབས་བཞིན་དུ་ལྷའི་རྣལ་འབྱོར་བྱ་དགོས་ལ་ཐ་མི་དད་དུ་བྱེད་ན་ལྷའི་རྣལ་འབྱོར་སོ་སོ་བ་མི་དགོས་སོ། །དཀྱིལ་འཁོར་ལ་ བཀོད་པའི་མཚན་མ་ལྷར་སྐྱེད་མི་སྐྱེད་དཀྱིལ་ཆོག་རྣམས་ལས་ཅི་རིགས་སུ་འབྱུང་ཡང་ཕྱག་མཚན་ལྟ་བུ་ལྷ་མཚན་བཀོད་པ་རྣམས་སྟོང་པར་མ་སྦྱངས་པར་ནི། སྐྱེད་པར་ནི་འཐད་ལ་སྦྱངས་ནས་ལྷར་བསྐྱེད་པ་ལ་མཚན་མ་ལྷར་བསྐྱེད་པ་ཞེས་པའི་ཐ་སྙད་བཏགས་ཏེ་དེ་ནི། བྲིས་པའི་རྟེན་གྱི་དཀྱིལ་འཁོར་ལ་ཡང་འདྲའོ། །ཡེ་ཤེས་པ་འཇུག་པ་ལ་དཱ་རི་ཀ་པས། བསངས་ཏེ་ལྷ་ཉིད་རྣམ་པར་བསམ། །ནམ་མཁའི་ལྷ་རྣམས་ཕབ་ནས་ཀྱང༌། །ཡེ་ཤེས་དཀྱིལ་འཁོར་སྤྱན་དྲངས་ཏེ། དྲུག་པོ་རོ་གཅིག་གྱུར་པར་བྱ། ཞེས་གསུངས་ཏེ་ནམ་མཁར་ བཏེག་པའི་ལྷ་དང་ཡེ་ཤེས་པ་གཞན་ཞིག་སྤྱན་དྲངས་ནས་འཇུག་པ་གཉིས་མཛད་དོ། །དྲུག་པ་ནི། སྟ་གོན་གྱི་ལྷ་ལ་དམ་ཚིག་པ་དང་ཡེ་ཤེས་པ་གཉིས་ཡོད་ལ་ས་ཆོག་གི་སྐབས་ཀྱི་དཀྱིལ་འཁོར་ནམ་མཁར་བཏེག་པ་ལ་གཉིས་ཡོད་པས་བཞི་དང་ཡེ་ཤེས་པ་སྤྱན་ དྲངས་པ་དང་རྡུལ་ཚོན་གྱི་དམ་ཚིག་པའོ། །ས་ར་ཧས། སྔར་གསུངས་སྟ་གོན་ལྷ་རྣམས་ནི། །སྙིང་ག་ཉིད་ནས་རབ་སྤྲུལ་ནས། །དཀྱིལ་འཁོར་ལ་ནི་བྱིན་གྱིས་བརླབ། །ཡང་ན་སྙིང་གའི་ས་བོན་གྱིས། །ཡེ་ཤེས་ལྷ་རྣམས་བཀུག་བྱས་ཏེ། །དཀྱིལ་འཁོར་ལྷ་རྣམས་བྱིན་ གྱིས་བརླབ། །ཅེས་གསུངས་པས་སྟ་གོན་གྱི་ལྷ་ལ་གཉིས་ཡོད་པས་བཞི་བསྲེས་སོ། །ཕྲེང་བར་སྐབས་འདིར་སྟ་གོན་གྱི་ལྷ་འཇུག་པ་མ་བཤད་ཀྱང་སྔར་ནམ་མཁར་བཏེག་པ་གཤེགས་གསོལ་མ་བྱས་པར་ཡོད་པས་དེ་ཡང་བསྟིམ་དགོས་ལ་སྟ་གོན་གྱི་ལྷ་ལ་ས་ 3-2-212b ཆོག་གི་དུས་སུ་ནམ་མཁར་བཏེག་པ་ཡང་བསྟིམས་ཤིང་ཡེ་ཤེས་པ་གཞན་བཅུག་པ་མེད་པས་ལྔ་བསྲེས་སོ། ལྭ་བ་པ་དང་དཔལ་འཛིན་ལྟར་ན་གཉིས་བསྲེས་དང་ཉིན་མོ་འབྱུང་གནས་ལྟར་ན་གང་དང་ཡང་མ་བསྲེས་ལ། ལི་ལ་བཛྲ་ལྟར་ན་སུམ་བསྲེས་ཏེ་གཅིག་ནས་ དྲུག་གི་བར་སྣང་ངོ༌། །དེ་ནས་མིག་ལ་སོགས་པ་བྱིན་གྱིས་བརླབས་ནས་དེ་མ་ཐག་ཏུ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་དེ་བཞིན་གཤེགས་པ་དང་ལྷ་མོ་རྣམས་ཀྱིས་དབང་བསྐུར་ནས་ཇི་ལྟར་རིགས་པར་རྒྱས་གདབ་བོ། །རིགས་ངོ་མི་ཤེས་པ་རྣམས་ ལ་ནི། རྡོ་རྗེ་སེམས་དཔའ་འམ་མི་བསྐྱོད་པས་རྒྱས་གདབ་བོ། །གཉིས་པ་ནི། རས་བྲིས་ཀྱི་དཀྱིལ་འཁོར་སྒྲུབ་ནའང་བསང་སྦྱང་སྔོན་དུ་བཏང་ནས་སོ་སོའི་མངོན་རྟོགས་བཞིན་བྱ་སྟེ་རྡུལ་ཚོན་དང་འདྲའོ། །དེ་ལྟར་ཡང་ཕྲེང་བ་ལས། དེ་ནས་རྡུལ་ཚོན་གྱི་དཀྱིལ་འཁོར་རམ་ རས་བྲིས་ལ་སོགས་པའི་དཀྱིལ་འཁོར་རམ་ཡིད་ཀྱི་དཀྱིལ་འཁོར་མངོན་སུམ་དུ་བྱས་པ་དེར་ཇི་ལྟར་བརྗོད་པའི་མཆོད་པ་ལ་སོགས་པ་སྔོན་དུ་འགྲོ་བའི་སྐུ་གཟུགས་ལ་སོགས་པའི་རབ་གནས་ཀྱང་སློབ་མ་རབ་ཏུ་གནས་པ་བཞིན་བྱའོ། །ཞེས་དཀྱིལ་འཁོར་ བསྒྲུབས་པའི་འོག་ཏུ་བཤད་དེ་དཀྱིལ་འཁོར་སྒྲུབ་ལུགས་ཐུན་མོང་བ་ལ་དགོངས་ནས་དེ་ལྟར་གསུངས་སོ། །སྔར་བཤད་པའི་བྲིས་སྐུ་ལ་བརྟེན་པའི་དཀྱིལ་ཆོག་གསུམ་དུ་དཀྱིལ་འཁོར་སྒྲུབ་པ་མ་བཤད་པར་མཆོད་པ་སོགས་བྱས་ནས་དབང་བསྐུར་བ་ གསུངས་པ་ནི་གོ་སླ་བ་ལ་དགོངས་པས་སྒྲུབ་ལུགས་འདྲ་བར་བྱའོ། །མངོན་བརྗོད་ཀྱི་དཀྱིལ་འཁོར་བཞི་པས་ཀྱང་རས་བྲིས་ཀྱི་དཀྱིལ་འཁོར་བསྟན་པས་རས་བྲིས་ལ་བརྟེན་པའི་ཁུངས་ནི་མང་པོ་ཡོད་དོ། །འདིར་བྲིས་སྐུའི་ལྷ་ཕྱུང་ནས་སྐྱེད་པའི་འོག་ཏུ་སླར་ 3-2-213a བསྟིམ་པ་ཁ་ཅིག་བྱེད་པ་ནི། ཤིན་ཏུ་མི་འཐད་དེ་རབ་གནས་ཀྱི་བརྟན་བཞུགས་བྱས་པ་དང་འགལ་བའི་ཕྱིར་དང་ལྷ་མ་ཕྱུང་བར་སྐྱེད་པ་ལ་སྐྱོན་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་རྡུལ་ཚོན་ལྷར་བསྐྱེད་ནས་བྲིས་པའི་ གཞལ་ཡས་ཁང་དང་ལྷ་སྐྱེད་པ་ལ་ཡང་ཚོན་རྩི་བྱིན་རླབས་ཀྱི་ལྷ་ཕྱུང་ནས་སྐྱེད་དགོས་པ་དང༌། རབ་གནས་ཀྱི་ལྷའི་སྐུ་གཟུགས་དང་སློབ་མ་མི་བསྐྱོད་པར་བསྐྱེད་ནས་ཆུ་དབང་བསྐུར་བའི་འོག་ཏུ་ཅོད་པན་གྱི་དབང་སྐུར་བ་ནའང་མི་བསྐྱོད་པ་ཕྱུང་ནས་རིན་འབྱུང་ དུ་སྐྱེད་དགོས་པར་འགྱུར་བ་སོགས་ཀྱི་གནོད་པ་དུ་མ་ཞིག་ཡོད་དོ། །ཚུལ་འདི་གཞན་ལའང་རིག་པར་བྱའོ། །བསམ་གཏན་གྱི་དཀྱིལ་འཁོར་སྒྲུབ་པ་ནི། མངོན་རྟོགས་སྒོམ་པའི་སྐབས་བཞིན་དུ་བྱས་པས་ཆོག་གོ། ལུས་ཀྱི་དཀྱིལ་འཁོར་སྒྲུབ་ལུགས་ནི་ཅུང་ཟད་ དཀའ་བས་དེའི་ཚུལ་ནི་འདི་སྙམ་དུ་གང་ཞིག་བསྒྲུབ་པར་བྱ་བའི་སྒྲུབ་གཞིའི་ལུས་ནི་ཇི་ལྟ་བུ་ཞིག་ཡིན་གང་དུ་བསྒྲུབ་པར་བྱ་བའི་དཀྱིལ་འཁོར་ཡང་ཇི་འདྲ་ཞིག་ཡིན། གཞི་དེ་དཀྱིལ་འཁོར་དེར་སྒྲུབ་པའི་ཚུལ་ཡང་ཅི་འདྲ་བ་ཞིག་སྙམ་ན། འདི་ལ་བཤད་པར་བྱ་ སྟེ་དབང་གི་སྔོན་དུ་འགྲོ་བའི་དཀྱིལ་འཁོར་གསུམ་ལས་ལུས་ཀྱི་དཀྱིལ་འཁོར་ནི། དྲིལ་བུ་པས། འགྲོ་བ་འདི་དག་རང་བཞིན་གྱིས། །གྲུབ་པའི་དཀྱིལ་འཁོར་གཉིས་མེད་པའོ། །ཞེས་གསུངས་པ་འདི་ཉིད་གང་ཞིག་བསྒྲུབ་པར་བྱ་བའི་སྒྲུབ་གཞིའི་ལུས་ཀྱི་དཀྱིལ་ འཁོར་ཡིན་ཏེ་དཔེར་ན་རྡུལ་ཚོན་དང་རས་བྲིས་ཀྱི་དཀྱིལ་འཁོར་ནི་སྐབས་དེའི་དཀྱིལ་འཁོར་སྒྲུབ་པའི་སྒྲུབ་གཞི་ཡིན་པ་བཞིན་ནོ། །དེ་གསུམ་གའང་དཀྱིལ་འཁོར་དུ་མ་བསྒྲུབས་ཀྱང་དཀྱིལ་འཁོར་ཞེས་པའི་ཐ་སྙད་མཛད་དོ། །ལུས་དཀྱིལ་ལ་རང་བཞིན་གྱིས་གྲུབ་པ་ 3-2-213b དང་གཞན་གཉིས་ལ་བཅོས་མའི་དཀྱིལ་འཁོར་ཞེས་པའི་དོན་ནི། ཆོ་གས་བསྒྲུབས་པའི་དཀྱིལ་འཁོར་གྱི་དབང་དུ་བྱས་པ་མིན་ཏེ། དེའི་དབང་དུ་བྱས་ན་གསུམ་ག་ཡང་ཡིད་ཀྱིས་བཅོས་པའི་དཀྱིལ་འཁོར་ཡིན་པའི་ཕྱིར་རོ། །ཡེ་ཤེས་ཀྱི་སྣང་བ་ལས་གྲུབ་པའི་རྟེན་དང་བརྟེན་ པའི་དཀྱིལ་འཁོར་ངོ་བོ་ཉིད་ཀྱིས་ཡོད་མེད་ལ་ཡང་མི་བྱ་སྟེ་དེ་ནི་གསུམ་ག་ལ་ཡོད་མེད་མཚུངས་པའི་ཕྱིར་དང་འགྲོ་བ་རྣམས་བདེ་མཆོག་གི་ལྷར་གདོད་མ་ནས་ཡོད་ན། དེ་ཡི་རང་བཞིན་མི་ཤེས་རྣམས། །སྣོད་དུ་བྱ་བར་བཞེད་པ་སྟེ། །ཞེས་གསུང་པ་མི་རིགས་ཏེ་བདེ་མཆོག་ གིས་ལུས་དཀྱིལ་མི་ཤེས་པ་འགལ་བའི་ཕྱིར་རོ། །སེམས་ཅན་གྱི་ལུས་ཀྱི་དེ་ཁོ་ན་ཉིད་དང་དཀྱིལ་འཁོར་གྱི་ལྷའི་དེ་ཁོ་ན་ཉིད་དབྱེར་མེད་པ་ལ་བསམས་ནས་རང་བཞིན་གྱིས་གྲུབ་པར་སྨྲ་ན་རྡུལ་ཚོན་དང་བྲིས་སྐུའི་དེ་ཁོ་ན་ཉིད་དང་ལྷ་རྣམས་ཀྱི་དེ་ཉིད་ལ་ཡང་མཚུངས་པས་དེ་ གཉིས་བཅོས་མར་འཇོག་པ་མི་རིགས་སོ། །དེས་ན་དྲིལ་བུ་ཞབས་ཀྱི་བཞེད་པ་ནི། ཡེ་ཤེས་ཀྱི་སྣང་བ་ལས་གྲུབ་པའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ་སྐྱེད་རྒྱུའི་གཞི་རྣམས་གསར་དུ་འབད་པས་བསྒྲུབས་མ་བསྒྲུབས་ལ་མཛད་པ་ཡིན་ཏེ། གཞན་གཉིས་ལ་སྐྱེད་གཞི་རྣམས་ ཐིག་ཚོན་ལ་སོགས་པས་གསར་དུ་བསྒྲུབ་དགོས་ལ་ལུས་དཀྱིལ་ལ་ལྷར་སྐྱེད་རྒྱུའི་རྩ་དང་ཁམས་ལ་སོགས་པ་གསར་དུ་བསྒྲུབ་མི་དགོས་པར་ཡོད་པའི་ཕྱིར་རོ། །གཉིས་སུ་མེད་པའི་དོན་ནི། དེ་དག་ཉིད་ལྷར་སྐྱེད་པའི་དབང་དུ་མཛད་པའོ། །དེས་ན་བསྒོམས་པའི་དཀྱིལ་ འཁོར་དུ་སྒྲུབ་རྒྱུ་ལ་རང་བཞིན་གྱིས་གྲུབ་པའི་ལུས་ཤིག་ངེས་པར་དགོས་སོ། །འོ་ན་འགྲོ་བ་འདི་དག་ཅེས་སྤྱིར་གསུངས་ན་སློབ་མ་ལ་དབང་བསྐུར་བའི་ལུས་དཀྱིལ་དེ་སློབ་དཔོན་གྱི་ལུས་སམ་སློབ་མའི་ལུས་སམ་དེ་ལས་གཞན་པའི་ལུས་སམ་དེ་དག་སོ་སོར་ 3-2-214a མི་འབྱེད་པར་སྤྱིར་ལུས་ཙམ་ཞིག་དཀྱིལ་འཁོར་དུ་སྒྲུབ་པ་གང་ཡིན་སྙམ་ན། འདིར་ལུས་ཀྱི་དཀྱིལ་འཁོར་སྒྲུབ་པ་ནི། ལུས་དཀྱིལ་གྱི་མངོན་རྟོགས་སྒོམ་པ་ཉིད་ཡིན་གྱི་གཞན་མེད་དོ། །དེས་ན་ལུས་དཀྱིལ་གྱི་མངོན་རྟོགས་སྒོམ་པ་པོ་དེས་ རང་གི་ལུས་ཉིད་ལྷར་སྒོམ་པ་དང་འདྲ་བར་འདིར་ཡང་དཀྱིལ་འཁོར་སྒྲུབ་མཁན་གྱི་སློབ་དཔོན་དེ་ཉིད་ཀྱི་ལུས་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ་བསྒྲུབས་ནས་དབང་བསྐུར་བ་ཡིན་གྱི་ལུས་གཞན་དེར་དོན་མེད་དོ། །དེ་ལྟར་ཡང་དྲིལ་བུ་པས། དང་པོར་རེ་ཤིག་ འཁོར་ལོ་གསུམ། །བདག་ཉིད་རྡོ་རྗེ་སློབ་དཔོན་དང༌། །དེ་ནས་སློབ་མ་བདག་འདྲར་བསམ། །དེ་ནས་ཐམས་ཅད་བསྒྲུབ་པར་བྱ། །ཞེས་དབང་བསྐུར་བའི་དང་པོར་སློབ་དཔོན་རང་ཉིད་འཁོར་ལོ་གསུམ་གྱི་དཀྱིལ་འཁོར་དུ་བསྒོམས་ནས་དེ་ནས་དབང་བསྐུར་བར་གསུངས་ ཏེ། འདི་ནི་མངོན་རྟོགས་སྒོམ་པ་དང་ལུས་ཀྱི་དཀྱིལ་འཁོར་སྒྲུབ་པ་གཉིས་གཞི་མཐུན་པའི་རྣལ་འབྱོར་རོ། །དེས་ན་བོད་ཀྱི་བླ་མ་ཁ་ཅིག་ཕྱི་དཀྱིལ་སྒོམ་པའི་མངོན་རྟོགས་བཞིན་དུ་གཞལ་ཡས་ཁང་རྟེན་བཅས་མདུན་དུ་བསྐྱེད་པའི་གཙོ་བོ་དང་བླ་མ་ཐ་མི་དད་ཀྱི་ ལུས་ལ་ལུས་དཀྱིལ་ཚང་བར་བསྒོམས་ནས་བྱེད་པ་དང༌། གཞན་དག་བདག་བསྐྱེད་ལུས་དཀྱིལ་ལྟར་བསྒོམས་པ་ལས་ཧེ་རུ་ཀ་ཆ་གཉིས་པར་བྱེ་ནས་རང་གི་ལུས་དཀྱིལ་དུ་འཇུག་པར་འདོད་པ་གཉིས་སྣང་བ་ནི། ཕྱི་མ་ལེགས་ཏེ་སྔ་མ་ལྟར་ན་རང་བཞིན་གྱིས་ གྲུབ་པའི་གཞི་དུས་ཀྱི་ལུས་དཀྱིལ་འཁོད་དུ་བསྐྱེད་པ་མེད་པས། དེར་ཞུགས་ནས་དབང་བླངས་པ་རྣམས་ལུས་དཀྱིལ་གྱི་དབང་དུ་མི་འགྱུར་བའི་ཕྱིར་དང་རང་ཉིད་གང་དུ་ཞུགས་ནས་དབང་བླངས་པའི་དཀྱིལ་འཁོར་དེར་སློབ་མ་ཡང་བཅུག་ནས་དབང་བསྐུར་བ་ནི། 3-2-214b དབང་སྤྱིའི་རྣམ་གཞག་ཡིན་པས་སློབ་མས་སློབ་དཔོན་གྱི་ལུས་དཀྱིལ་དུ་དབང་མ་བླངས་པར་འགྱུར་བའི་ཕྱིར་རོ། །རང་གཙོ་བོ་ལས་ཕྱེ་ནས་བདག་ཉིད་འཇུག་པ་ནི། བདག་མདུན་ཐ་མི་དད་དུ་སྒྲུབ་པའི་ཕྱི་དཀྱིལ་གཉིས་ལ་ཡང་ཡོད་ལ་དབང་བླང་བའི་ཡུལ་ནི་གཙོ་བོ་དང་ བླ་མ་གཉིས་ཐ་མི་དད་ལ་བྱའོ། །མདོར་ན་དཀྱིལ་འཁོར་སྒྲུབ་པ་ནི། ལུས་དཀྱིལ་གྱི་མངོན་རྟོགས་སྒོམ་པ་ཉིད་ཡིན་པས་དཀྱིལ་འཁོར་གཞན་ཞིག་བསྒྲུབས་ནས་དབང་དང་བདག་འཇུག་དཀྱིལ་འཁོར་གཞན་ཞིག་ཏུ་བྱེད་པ་ག་ལ་ཡིན། གང་དུ་བསྒྲུབ་པའི་དཀྱིལ་འཁོར་ ཡང་བཤད་པར་བྱ་སྟེ་རྟེན་གྱི་དཀྱིལ་འཁོར་ཇི་ལྟར་སྒྲུབ་པ་ནི། ལུས་འདོམ་གང་གྲུ་བཞི་གཞལ་ཡས་ཁང་གྲུ་བཞི་ཞེས་པ་ལ་མཚོན་ན་ཁ་ཅིག་དེ་གཞལ་ཡས་ཁང་དུ་གནས་པ་གསལ་འདེབས་ཟེར་ལ་ཁ་ཅིག་དེ་ནི་གཞལ་ཡས་ཁང་གྲུ་བཞིའི་དོད་ཡིན་པར་ མོས་པ་ཙམ་བྱེད་ཟེར་བ་སོགས་མང་དུ་སྣང་ནའང་འཐད་པར་མ་མཐོང་སྟེ། ལུས་གཞལ་ཡས་ཁང་གྲུ་བཞི་སོགས་ཀྱི་རང་བཞིན་དུ་གདོད་མ་ནས་ཡོད་པ་ལ་དེར་ངོ་མ་ཤེས་པ་ཤེས་པར་བྱེད་པ་སོགས་སུ་འདོད་ན་ནི་སྔར་བཀག་ཟིན་ལ། དོད་དུ་མོས་པ་ཙམ་ལ་བྱེད་ ན་རྩ་དང་ཁམས་རྣམས་ཀྱང་ལྷར་མི་སྒོམ་པར་ལྷ་རྣམས་ཀྱི་དོད་དུ་མོས་པ་ཙམ་བྱ་བར་རིགས་སོ། །དེས་ན་དཀྱིལ་འཁོར་གསུམ་པ་ནི། རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ་སྐྱེད་པའི་གཞི་མི་འདྲ་བ་ཡིན་གྱི་གང་དུ་བསྐྱེད་པར་བྱ་བའི་དཀྱིལ་འཁོར་ལ་ནི་རྣམ་པ་མི་འདྲ་ བ་མེད་དེ་བརྟེན་པའི་དཀྱིལ་འཁོར་སྒྲུབ་པ་ན་ལྷ་རེ་གཉིས་ཀྱི་སྐུ་མདོག་ཞལ་ཕྱག་ལ་སོགས་པའི་རྣམ་པ་ཅན་དུ་སྒོམ་དགོས་པ་བཞིན་དུ་རྟེན་གྱི་དཀྱིལ་འཁོར་སྒྲུབ་པ་ནའང་གྲུ་བཞི་སྒོ་བཞི་ལ་སོགས་པའི་རྣམ་པ་ཅན་དུ་སྒྲུབ་པ་གཉིས་རྒྱུ་མཚན་ཀུན་ནས་མཚུངས་ 3-2-215a པའི་ཕྱིར་རོ། །རྒྱུད་རྡོར་ཕྲེང་ལས་ཀྱང༌། ལུས་ནི་གཞལ་ཡས་ཁང་དུ་གྱུར། །སངས་རྒྱས་ཀུན་གྱི་ཡང་དག་རྟེན། །ཞེས་མདོར་བསྟན་ཅིང་ལུས་ཀྱི་ཆ་གང་གཞལ་ཡས་ཁང་གི་ཆ་གང་དུ་སྒོམ་པ་རྒྱས་པར་བཤད་པའི་དོན་བསྡུས་པ་ ན། དེ་དག་གཞལ་ཡས་ཁང་དུ་སྒོམ། །ཞེས་ལུས་ཡོངས་སུ་གྱུར་པ་ལས་གཞལ་ཡས་ཁང་དུ་སྒོམ་པར་བཤད་དོ། །ཀླུ་བྱང་གིས་ཀྱང༌། ཚངས་པའི་ཐིག་ནས་ཡང་དག་བརྩམ། །གྲུ་བཞི་པ་རུ་རྣམ་པར་དབྱེ། །གཞལ་ཡས་ཁང་ལྟར་སྣང་བ་ཡི། །རྣལ་ འབྱོར་པ་ཡི་སྐུ་དཀྱིལ་འཁོར། །ཞེས་ལུས་དཀྱིལ་གྱི་རྟེན་གྱི་དཀྱིལ་འཁོར་སྒོམ་པའི་སྐབས་སུ་ལུས་གྲུ་བཞི་པ་ལ་སོགས་པའི་གཞལ་ཡས་ཁང་དུ་སྣང་བར་སྒོམ་པར་གསུངས་པའི་ཕྱིར་རོ། །གལ་ཏེ་ལུས་རྟེན་གྱི་དཀྱིལ་འཁོར་དུ་སྒོམ་པ་ན་གཞལ་ཡས་ཁང་སྒོམ་ན་གཞལ་ ཡས་ཁང་གི་ཕྱོགས་མཚམས་སུ་ལྷ་མི་འགོད་པར་རང་གི་ལུས་ལ་འགོད་པ་མི་རིགས་སོ་སྙམ་ན། སྐྱོན་མེད་དེ་དཔེར་ན་གསང་འདུས་མི་བསྐྱེད་རྡོ་རྗེའི་སྒྲུབ་ཐབས་སུ་གཞལ་ཡས་ཁང་གི་དབུས་སུ་རྡོ་རྗེ་འཆང་བསྐྱེད་ནས་དེས་ལུས་ལ་ལྷ་སོ་གཉིས་ འགོད་པའི་ལུས་དཀྱིལ་གསུངས་པའི་སྐབས་སུ་གཞལ་ཡས་ཁང་གི་ཕྱོགས་མཚམས་སུ་མ་བཀོད་པ་བཞིན་ཏེ། གཞལ་ཡས་ཁང་སྒོམ་པ་དང་ལྷ་ལུས་ལ་འགོད་པ་གཉིས་མི་འགལ་བའི་ཕྱིར་རོ། །བརྟེན་པའི་དཀྱིལ་འཁོར་སྒྲུབ་ཚུལ་ནི་རྩ་དང་ཁམས་ རྣམས་དཔའ་བོ་དང་དཔའ་མོའི་རྣམ་པ་ཅན་དུ་སྒོམ་པ་ཡིན་ཏེ་མི་མཐུན་པ་མི་སྣང་ངོ༌། །གཞི་དེ་དག་དཀྱིལ་འཁོར་དུ་སྒྲུབ་པའི་ཚུལ་ནི། དཔེར་ན་ཕྱི་དཀྱིལ་ལ་ཡྃ་རྃ་སོགས་ཀྱི་ཡི་གེ་ལས་འབྱུང་བ་དང་རི་རབ་སྐྱེད་པ་བཞིན་དུ་འདིར་ནི་རྐང་པ་གཉིས་བགྲད་ 3-2-215b པའི་གཞུའི་དབྱིབས་ཅན་དང་སུམ་མདོ་གྲུ་གསུམ་སོགས་ལས་ས་ལ་སོགས་པ་སྐྱེད་ལ། ཕྱི་དཀྱིལ་ལ་བྲིས་པའི་རྩིག་པ་ལ་སོགས་པ་གཞལ་ཡས་ཁང་དུ་སྐྱེད་པ་བཞིན་དུ། འདིར་ནི་ལུས་ཀྱི་རླུང་ཁ་དོག་ལྔ་ལ་སོགས་པ་ལུས་ཀྱི་ཆ་རྣམས་གཞལ་ཡས་ཁང་དུ་སྐྱེད་ དེ། དེ་ཡང་ལུས་ནི་གཞལ་ཡས་ཁང་དུ་གྱུར། ཅེས་གསུངས་པ་བཞིན་དུ་ལུས་ཀྱི་ཆ་དེ་དང་དེ་དག་ཡོངས་སུ་གྱུར་པ་ལས་དཀྱིལ་འཁོར་གྱི་ཆ་དེ་དང་དེ་དག་ཏུ་སྐྱེད་པ་ཡིན་ནོ། །དེ་བཞིན་དུ་རྩ་རྣམས་དང་རྩ་ནང་གི་ཁམས་རྣམས་ཀྱང་ཡོངས་སུ་གྱུར་པ་ལས་ལྷར་སྐྱེད་ དེ་དཀྱིལ་འཁོར་གཞན་གཉིས་བཞིན་དུ་སྟོང་པར་སྦྱངས་ནས་སྐྱེད་མི་དགོས་ཀྱི་དེ་དག་ཡོངས་སུ་གྱུར་པ་ལས་དཀྱིལ་འཁོར་གཉིས་སུ་བྱེད་པའོ་རྩ་དང་ཁམས་རྣམས་ནི། ཕྱི་དཀྱིལ་ལྟར་ན་ལྷ་མཚན་བཀོད་པའི་དོད་དོ། །འོ་ན་དྲིལ་བུ་པས། བཅོས་མ་གཉིས་ཀྱི་ངོ་བོ་ གང༌། །དེ་ནི་གདུལ་བྱའི་དབང་ལས་འདོད། །མཁས་པའི་བསྒྲུབ་བྱ་དེ་མིན་ཏེ། །ཡང་དག་དོན་མཐོང་གྲོལ་ཕྱིར་རོ། །ཞེས་ལུས་དཀྱིལ་གཞན་གཉིས་ལས་མཆོག་ཏུ་གསུངས་པ་མི་རིགས་ཏེ་བསྒོམ་བྱའི་དཀྱིལ་འཁོར་གྱི་ངོ་བོར་བཅོས་མ་བཅོས་མཚུངས་པའི་ཕྱིར་རོ་སྙམ་ ན། སྐྱོན་མེད་དེ་འདིར་གང་དུ་བསྒོམ་པར་བྱ་བའི་དཀྱིལ་འཁོར་ནི། རྒྱལ་བའི་སྐུའི་བཀོད་པ་ཉིད་རྟེན་དང་བརྟེན་པར་ཤར་བ་རྣལ་འབྱོར་པས་ཐོབ་པར་བྱ་བའི་འབྲས་བུའོ། །དེ་གང་ལ་སྒྲུབ་པའི་གཞི་ནི། འབྲས་བུ་གང་ལ་བརྟེན་ནས་ཐོབ་པའི་ཐབས་ཤིག་ལ་བྱ་དགོས་སོ། ། དེ་ལྟ་ན་གང་ལ་བརྟེན་ནས་འབྲས་བུ་མངོན་དུ་བྱེད་པའི་ལམ་གྱི་རྟོགས་པ་ནི། རང་གི་ལུས་ཀྱི་རྩ་དང་དེའི་ནང་གི་ཁམས་དང་རླུང་རྣམས་དཔའ་བོ་དཔའ་མོར་བྱིན་གྱིས་བརླབས་ཏེ་ལས་རུང་དུ་གྱུར་པ་ལས་སྐྱེ་བས་སྐྱེད་པའི་ཐབས་ཀྱི་གཙོ་བོ་ནི་དེ་དག་ཡིན་ལ། 3-2-216a ཕྱི་དཀྱིལ་གྱི་བྷྲཱུཾ་དང་དབྱངས་གསལ་གྱི་ཡི་གེ་ལ་སོགས་པ་རྣམས་བྱིན་གྱིས་བརླབས་ཀྱང་ནང་གི་བཞིན་དུ་ལམ་སྐྱེད་པར་མི་ནུས་པས་དེ་གཉིས་ལས་བསྒྲུབས་པའི་དཀྱིལ་འཁོར་གྱི་མཆོག་དམན་ཀྱང་འཐད་དོ། །དེས་ན་བཅོས་མ་གཉིས་ གདུལ་བྱའི་དབང་ལས་འདོད། ཅེས་གསུངས་པ་ནི། ཐབས་བཅོས་མ་དེ་གཉིས་ལ་བརྟེན་ནས་དཀྱིལ་འཁོར་བསྒྲུབས་ཏེ་དེར་བཅུག་ནས་དབང་བསྐུར་བ་ནི། གདུལ་བྱ་མ་བཅོས་པའི་དཀྱིལ་འཁོར་དུ་བཀྲི་བའི་ཐབས་སུ་འདོད་ཀྱི་མ་བཅོས་པའི་དཀྱིལ་འཁོར་གྱི་ཐབས་གཙོ་ བོ་མིན་ནོ་ཞེས་པའི་དོན་ནོ། །དེའི་ཕྱིར་གདུལ་བྱ་དབང་པོ་རབ་ལ་བཅོས་མ་གཉིས་ཀྱི་དབང་མི་དགོས་སོ་ཞེས་པ་ནི། གཏན་མིན་ཏེ། སྔགས་ཀྱི་གདུལ་བྱ་དབང་པོ་རབ་འབྲིང་ཐ་མ་གང་ཡིན་ཡང་དང་པོར་རྒྱུད་སྣོད་རུང་དུ་སྒྲུབ་པ་ལ་བཅོས་མའི་དཀྱིལ་འཁོར་དུ་བཅུག་ནས་ དབང་བསྐུར་དགོས་པར་གཞུང་དུ་མ་ལས་གསུངས་པའི་ཕྱིར་རོ། །མཁས་པའི་བསྒྲུབ་བྱ་དེ་མིན་ཏེ། ཞེས་པ་ཡང་མཁས་པས་ཐབས་སྔ་མ་གཉིས་དཀྱིལ་འཁོར་སྒྲུབ་པའི་ཐབས་ཀྱི་གཙོ་བོར་མི་གཟུང་ཞེས་པའོ། །དེའི་རྒྱུ་མཚན་ནི། ཡང་དག་པའི་དོན་ལུས་ཀྱི་དཀྱིལ་ འཁོར་གྱི་རྩ་དང་ཁམས་ཀྱི་གནད་རྣམས་ཇི་བཞིན་དུ་མཐོང་བ་སྟེ་ཤེས་ནས་དེ་དག་ཏུ་གནད་དུ་བསྣུན་པས་གྲོལ་བར་འགྱུར་བའི་ཕྱིར་དང༌། ཕྱིའི་སྒྲུབ་བྱེད་ཟླ་ཉི་དང་ཕྱག་མཚན་སོགས་ལ་གནད་དུ་བསྣུན་པས་གྲོལ་བར་མི་ནུས་པའི་ཕྱིར་རོ། །རྡོ་རྗེ་མཁའ་འགྲོ་ལས། རྣལ་མའི་སྦྱོར་བ་རྟོགས་བྱའི་ཕྱིར། །བཅོས་མ་ཡི་ནི་བསྒོམ་པ་དང༌། །བཅོས་མ་ཡི་ནི་བཟླས་པ་བྱ། །ཞེས་གསུངས་པ་བཞིན་དུ་འདིར་ཡང་མ་བཅོས་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ་སྔོན་དུ་བཅོས་མའི་དཀྱིལ་འཁོར་དུ་དབང་བསྐུར་དགོས་པས་དེ་དག་རྒྱུ་འབྲས་ 3-2-216b སུ་ཤེས་པར་གྱིས་ཤིག །འདི་ལ་བརྗོད་པར་བྱ་བ་མང་དུ་ཡོད་ཀྱང་མངས་པས་འཇིགས་ནས་མ་བྲིས་སོ། །གཉིས་པ་ལ་གཉིས། མཆོད་པ་དངོས་དང༌། ཆད་ལྷག་ཞི་བར་བྱ་ཞིང་བསྐོར་ནས་སྒོ་དབྱེ་བའོ། །དང་པོ་ལ་གཉིས། ནང་དུ་དཀྱིལ་འཁོར་གྱི་ལྷ་མཆོད་པ་དང༌། ཕྱི་རོལ་ ཏུ་གཏོར་མའི་མཆོད་པའོ། །དང་པོ་ལ་གཉིས། མཆོད་པ་བྱ་བའི་རིམ་པ་སྤྱིར་བཤད་པ་དང༌། མཆོད་ཡོན་གྱི་ཆོ་ག་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། འདིར་མ་བཤད་ཀྱང་མཆོད་རྫས་རྣམས་བསངས་སྦྱངས་ལ་རང་རང་གི་སྐྱེད་ཆོག་བཞིན་དུ་བསྐྱེད་ནས་དབུལ་དགོས་ སོ། །དེ་ནས་ལྷ་མོ་སྤྲོས་པ་རྣམས་ཀྱིས་ཡིད་ཀྱི་རང་བཞིན་གྱི་མཆོད་པས་མཆོད་དེ་བསིལ་བའི་གོས་ཟུང་དང་བླ་བྲེ་ལ་གོས་དཔྱངས་པ་དང་ཡི་གེ་གསུམ་གྱིས་བསྔགས་པའི་བཟའ་བ་དང་བཅའ་བ་དང་བལྡག་པ་དང་གཞིབ་པ་དང་བཏུང་བའི་ཉེར་སྤྱོད་ལ་ སོགས་པ་དང༌། གསེར་དང་བུ་མོ་དང་གླང་པོ་དང་རྟ་དང་བ་གླང་ལ་སོགས་པ་ཕུལ་ལ་ཕྱི་རོལ་གྱི་རྣལ་འབྱོར་མ་བཅུ་དྲུག་གམ་བརྒྱད་དམ་བཞི་གཟུགས་རྡོ་རྗེ་མ་ལ་སོགས་པའི་ངོ་བོ་རྣམས་ཀྱིས་རང་རང་གི་མཆོད་པས་མཆོད་ནས་དྲིལ་བུ་དཀྲོལ་ཞིང་མི་བསྐྱོད་ རྡོ་རྗེ་ཞེས་པ་ལ་སོགས་པས་བསྟོད་དོ། །རང་དང་རིག་མ་གཉིས་ཀྱི་ཁམས་དཀར་དམར་ཐོད་པའི་སྣོད་དུ་བཅུག་ནས་བདུད་རྩིར་བྱས་པ་ཕུལ་ཏེ་དེ་རྣམས་བདུད་རྩི་མྱངས་པས་ཚིམ་པར་བྱས་ནས་བདེ་བ་ཆེན་པོའི་རང་བཞིན་དུ་མོས་པར་བྱའོ། །འདི་ནི་རིག་མ་ དངོས་ཀྱི་དབང་དུ་བྱས་ལ་ཡི་རྒྱ་ཡིན་ན་དེ་ལྟར་མོས་ནས་འབུལ་དགོས་པར་མངོན་ནོ། །ཆང་གི་མཆོད་པ་ཡང་བྱ་སྟེ་སྐྱེད་ཆོག་སྔོན་དུ་སོང་ནས་སོ། །དེ་ནས་འཁོར་ལོའི་གཙོ་བོའི་སྔགས་བརྒྱ་རྩ་བརྒྱད་དང་འཁོར་རྣམས་ཀྱི་ཉེར་གཅིག་དང་ཡིག་བརྒྱ་བཟླ་སྟེ་ 3-2-217a མངོན་བརྗོད་ཀྱི་གསུམ་པ་ལས། ཡི་གེ་བརྒྱ་པས་ཐམས་ཅད་དུ། །གསང་སྔགས་བརྟན་པར་བསྒོམས་ནས་སུ། །རང་གི་མིང་བཞིན་ལྡན་པར་ནི། །གཅིག་ཏུ་སྤེལ་ནས་བཟླས་པར་བྱ། །ཞེས་སོ། །ལྭ་བ་པས་ལྷ་ཐམས་ཅད་ལ་བརྒྱ་རྩ་བརྒྱད་ རེའི་བཟླས་པ་དང་བཟླས་པའི་མཐར་ཡང་མཆོད་བསྟོད་བྱ་བར་གསུངས་སོ། །སྐབས་འདིར་ཚོགས་ཀྱི་མཆོད་པ་བྱ་བར་ས་ར་ཧ་དང་པྲཛྙཱ་རཀྵི་ཏ་ལ་སོགས་པ་མང་པོས་བཤད་ལ་ནག་པོ་སྤྱོད་པ་སོགས་མང་པོས་ནང་གི་སྦྱིན་སྲེག་བྱ་བར་གསུངས་ཏེ་དོན་གཅིག་གོ ། གཉིས་པ་ནི། མཆོད་ཡོན་ལ་སོགས་པའི་སྣོད་ནི། གསེར་དངུལ་རྡོ་དང་ཟངས་དང་ཤིང༌། །ས་བྱས་ཉ་ཕྱིས་དུང་དང་ནི། །འདབ་མའི་སྐྱོང་བུ་ཞབས་བསིལ་དང༌། །བསང་གཏོར་ཞལ་བསིལ་མཆོད་ཡོན་སྣོད། །དེ་དང་སྣོད་གཞན་གང་རུང་དུ། །ཞེས་དངོས་སུ་སྨོས་པ་ དགུ་དང་གཞན་ཡང་རུང་ངོ༌། །འདི་རྣམས་སྤྱི་རྒྱུད་ལས་མཆོད་ཡོན་གྱི་སྣོད་དུ་བཤད་ཀྱང་ཆུ་གཞན་རྣམས་ཀྱིའང་སྣོད་ཡིན་ཏེ། མི་ཐུབ་ཟླ་བས། འདི་ཀུན་མཆོད་ཡོན་ཡན་ལག་ཕྱིར། །མཆོད་ཡོན་སྒྲ་རུ་བཤད་པ་ཡིན། །ཞེས་གསུངས་པ་ལྟར་རོ། །ནང་རྫས་དང་ སྔགས་ནི། ནས་དང་འོ་མ་དང་མེ་ཏོག་དཀར་པོ་དང་ཀུ་ཤ་དང་ཏིལ་དང་འབྲས་ཡོས་དང་བདུད་རྩི་དང་བཅས་པའི་དྲི་དཀར་པོའི་ཆུ་རྣམས་བླུགས་ལ། ཨོཾ་ཨཱཿཧཱུཾ་ཞེས་པ་དང་རང་གི་བདག་པོའི་སྔགས་དང་འཁྱིལ་བའི་སྔགས་ཀྱིས་ལན་བདུན་ནམ་བརྒྱ་རྩ་བརྒྱད་ དུ་བསྔགས་པར་བྱ་སྟེ་ཞི་བའི་དོན་དུའོ། །དེ་དག་ནི། མཆོད་ཡོན་གྱི་རྫས་བདུན་དུ་གྲགས་པའོ། །རྒྱས་པའི་དོན་དུ་ཏིལ་དང་ཞོ་དང་མེ་ཏོག་སེར་པོ་དང་ཀུ་ཤ་དང་དྲི་སེར་པོའི་ཆུ་བདུད་རྩི་དང་བཅས་པ་བླུགས་ལ་དེ་ལྟར་བཟླས་པ་བྱའོ། །སྤྱི་རྒྱུད་ལས། དེ་ནས་དྲི་ཞིམ་ཆུ་ 3-2-217b བླུགས་ནས། །བློ་ལྡན་ལག་གིས་བྲན་བྱ་ཞིང༌། །བདུག་སྤོས་ཀྱིས་ནི་བདུག་བཞིན་དུ། །ཡིད་ཀྱིས་རབ་ཏུ་བཟླས་བརྗོད་བྱ། །ཞེས་སོ། །གང་དུ་འགོད་པའི་ཚུལ་ནི། དེ་ནས་རང་གི་གཡོན་དུ་མཆོད་ཡོན་དང་ཞབས་བསིལ་དང་བསང་གཏོར་དང་ཞལ་བསིལ་གྱི་སྣོད་བཞག་ ཅིང་དེ་དག་གི་མདུན་དུའང་བཟེད་ཞལ་གྱི་སྣོད་སྟོང་པ་གསུམ་གཞག་གོ། མི་ཐུབ་ཟླ་བས། མེ་ཏོག་སྤོས་དང་མར་མེ་དང༌། །དྲི་ཡི་དུང་སོགས་གཡས་སུ་བཞག །གཡོན་དུ་སྔགས་ཀྱི་མཆོད་ཡོན་སྣོད། །མདུན་དུ་ཡང་ནི་སྣོད་གཞག་བྱ། །ཞེས་གསུངས་ཏེ་བཟེད་ཞལ་རྣམས་ མཉྫིའི་ཁར་གཞག་པར་བཤད་དོ། །འབུལ་བའི་ཕྱག་རྒྱ་དང་སྔགས་ནི། ཁུ་ཚུར་གཡས་པའི་མཐེ་བོང་དང་མཛུབ་མོའི་སྐམ་པས་ཞབས་བསིལ་གྱི་སྣོད་ཀྱི་ཆུ་དང་མེ་ཏོག་འགྱིང་བའི་ཚུལ་གྱིས་སོར་མོ་རྣམས་བསྐོར་ཅིང་བླངས་ལ། མཛུབ་མོ་ནས་རིམ་པ་བཞིན་དུ་ཕྱེ་ སྟེ། ཨོཾ་ཨཱཿཧྲཱིཿཔྲ་ཝ་ར་སད་ཀཱ་རཾ་པཱ་ཏྱཾ་བ་ཏཱི་ཙྪ་ཧཱུཾ་སྭཱ་ཧཱ། ཞེས་བརྗོད་ཅིང་བཟེད་ཞལ་དུ་དབུལ་ལོ། །སྣོད་གཉིས་པའི་ཆུ་ལག་པ་གཡས་པས་བཟུངས་བའི་ཀུ་ཤའི་རྩེ་མོས་བླངས་ཏེ་པཱ་ཏྱཾ་གྱི་གནས་སུ། པྲོཀྵ་ཎཾ་བཅུག་ནས་བཟེད་ཞལ་གཉིས་པར་བསང་གཏོར་ལན་ གསུམ་བྱ་སྟེ་ལས་བུམ་གྱི་ཆུས་བསང་བ་ལ་ཡང་དེ་བཞིན་ནོ། །སྣོད་གཉིས་པའི་ཆུ་མེ་ཏོག་དང་བཅས་པ་གཡས་པའི་མཐེབ་མཛུབ་ཀྱིས་བཟུངས་ལ་ཁ་འོག་ཏུ་ཕྱོགས་པའི་མཐེའུ་ཆུང་ནས་རིམ་གྱིས་དགྲོལ་ཞིང༌། ཨཱཉྩ་མ་ཎཾ་བཅུག་པའི་སྔགས་བརྗོད་ནས་བཟེད་ ཞལ་གཉིས་པ་ཉིད་དུ་དབུལ་ལོ། །གསུམ་པ་མཆོད་ཡོན་གྱི་སྣོད་ཆུ་ལ་སོགས་པ་དང་བཅས་པ་སྙིམ་པས་བཟུངས་ལ། ཨརྒྷཾ་བཅུག་པའི་སྔགས་བརྗོད་ཅིང་རྡོ་རྗེ་ཐལ་མོ་ཕྱེ་བས་བཟེད་ཞལ་གྱི་སྣོད་གསུམ་པར་དབུལ་ཏེ་ཐམས་ཅད་ལ་ལན་གསུམ་གསུམ་མོ། །དེ་ 3-2-218a ལྟར་ན་ཆུ་བཞི་ལ་ནི། སྣོད་གསུམ་སྟེ་བསང་གཏོར་དང་ཞལ་བསིལ་གྱི་སྣོད་གཅིག་པའི་ཕྱིར་རོ། །འབུལ་བའི་གོ་རིམས་ནི། སྔར་བཤད་པ་ལྟར་ཆུ་བཞི་འབུལ་བའི་རིམ་པ་འདི་ནི་ཕལ་ཆེར་ལས་མཐོང་ངོ༌། །གཞུང་ཁ་ཅིག་ཏུ་ནི་སྔར་ བཤད་པ་ལས་གཞན་དུ་འབྱུང་ལ་བསང་གཏོར་ནི། ཇི་ལྟར་རིགས་པར་བྱའོ། །གཞུང་ཁ་ཅིག་ཏུ་ནི། དང་པོར་མཆོད་ཡོན་འབུལ་བ་ཡོད་ལ་ཁ་ཅིག་ཏུ་ཆུ་གཞན་གསུམ་མེད་པར་མཆོད་ཡོན་འབུལ་བ་ཁོ་ན་བཤད་དེ་སྐབས་ཇི་ལྟར་རིགས་པར་བྱའོ། ། གནས་གང་དུ་འབུལ་བ་ནི། ཞབས་བསིལ་ནི། ཞབས་བཀྲུ་བས་ཞབས་ལ་འབུལ་བར་བསམ་མོ། །དེ་བཞིན་དུ་བསང་གཏོར་ནི། སྐུ་ཐམས་ཅད་ལ་དང་ཞལ་བསིལ་ནི་ཕྱག་གམ་ཞལ་དུ་དང་མཆོད་ཡོན་ནི། མདུན་ནམ་དབུ་ལ་དང༌། མེ་ཏོག་ནི། དབུ་དང་སྤོས་དང་ མར་མེ་ནི། མདུན་དང་ལྷ་བཤོས་ནི། མདུན་ནམ་ཕྱག་གམ་ཞལ་དུ་དང༌། དྲི་ནི། ཐུགས་ཀར་དབུལ་བར་བསམ་ཏེ་དེ་ལྟ་བུ་ནི་ཆོ་ག་ཐམས་ཅད་དུ་ཤེས་པར་བྱའོ། །གཉིས་པ་ནི། དེ་ནས་སྒྲུབ་གྲོགས་དཀྱིལ་འཁོར་དུ་བཞག་ལ་རང་ཕྱིར་བྱུང་ནས་ཤར་ལ་སོགས་ པའི་ཕྱོགས་སུ་གཏོར་མའི་ཆོ་གས་རང་གི་འདོད་པའི་ལྷ་དང་དབང་པོ་ལ་སོགས་པ་ལ་གཏོར་མ་དབུལ་བར་ཕྲེང་བར་གསུངས་པས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་གཉིས་ཀ་ལ་ཕྱི་རོལ་ཏུ་གཏོར་མ་བྱེད་དེ་རྡུལ་ཚོན་གྱི་དཀྱིལ་འཁོར་དང་འདས་ གཏོར་འབུལ་བའི་དཀྱིལ་འཁོར་བའི་ལྷ་སོ་སོར་བྱེད་པའི་ལུགས་ཡིན་ལ་དེ་ཡང་ལྷའི་དཀྱིལ་འཁོར་གྱི་ཕྱི་རོལ་གྱི་ཕྱོགས་མཚམས་རྣམས་སུ་དབང་པོ་ལ་སོགས་པ་དམིགས་ནས་གཏོར་མ་འབུལ་བར་སློབ་དཔོན་འདི་བཞེད་དོ། །ས་ར་ཧ་དང་མར་མེ་མཛད་ 3-2-218b བཟང་པོ་ལ་སོགས་པས་ཞིང་སྐྱོང་དང་ཕྱོགས་སྐྱོང་ལ་ཕྱི་རོལ་ཏུ་འབུལ་བ་མ་གཏོགས་འདས་གཏོར་ཕྱི་རོལ་ཏུ་འབུལ་བ་མ་བཤད་ལ། བི་བྷཱུ་ཏཱིས་རང་གིས་གཏོར་མ་ཕུལ་ནས་ཕྱི་རོལ་ཏུ་ཕྱོགས་ཀྱི་གཏོར་མ་གཞན་ལ་ཡང་འབུལ་དུ་འཇུག་སྟེ། ཞེས་གསུངས་སོ། །བོད་ཀྱི་བླ་ མ་རྣམས་ནི། ནང་དུ་དཀྱིལ་འཁོར་པའི་ལྷ་དང་རང་གི་ཆོས་སྐྱོང་སོགས་ཀྱི་གཏོར་མའི་རིམ་པ་ཀུན་བྱས་ནས་ཕྱི་རོལ་ཏུ་འཇིག་རྟེན་པའི་གཏོར་མ་བྱེད་དོ། །འཇིག་རྟེན་པའི་གཏོར་མ་འབུལ་བའི་ཡུལ་ནི། རྒྱལ་བ་བཟང་པོས། དེ་ནས་ཤར་སྒོ་ལས་བྱུང་ནས། །དབང་པོ་ལ་སོགས་ ཕྱོགས་བདག་ཀུན། །ཚིག་གིས་ཉེ་བར་སྤྱན་དྲངས་བྱ། །དེ་ལ་ཚིག་ནི་འདི་ཡིན་ཏེ། །ཁ་ཅིག་བཅོམ་ལྡན་ལྷན་ཅིག་འོངས། །གང་འདིར་གནས་པ་དེ་དག་ཀུན། །དེ་རྣམས་བདག་ལ་རྗེས་དགོངས་ཕྱིར། །ཇི་ལྟར་ཡོད་པའི་དྲི་དང་ནི། །མེ་ཏོག་སོགས་ཀྱི་གཏོར་བཞེས་ལ། །སེམས་ ཅན་རྣམས་ལ་བྱམས་སེམས་དང༌། །སློབ་མ་ཡང་དག་བགེགས་མེད་མཛོད། །ཅེས་ཡེ་ཤེས་པ་སྤྱན་དྲངས་པ་དང་ལྷན་ཅིག་འོངས་པའི་ཕྱོགས་སྐྱོང་རྣམས་ལ་འབུལ་བར་བཞེད་ལ་སློབ་དཔོན་འདིས་ནི། དཀྱིལ་འཁོར་པའི་ལྷ་གཏོར་མགྲོན་དུ་སྤྱན་དྲངས་པ་དང་ལྷན་ཅིག་ཏུ་ དབང་པོ་སོགས་སྤྱན་དྲངས་ནས་འདས་པའི་ལྷར་བསྒྱུར་བ་ལ་འབུལ་ཞིང་གཏོར་མ་ཕུལ་བའི་མཐར་དཀྱིལ་འཁོར་པའི་ལྷ་རང་ལ་སྡུད། ཁྲོ་བོ་བཅུ་དང་ཕྱོགས་སྐྱོང་རྣམས་དཀྱིལ་འཁོར་གྱི་ཁང་པའི་ཕྱི་རོལ་ཏུ་ཕྱོགས་བཅུར་བཀོད་དེ་དཀྱིལ་འཁོར་གྱི་ལས་མ་ཟིན་གྱི་བར་དུ་ འཇོག་གོ། དེ་ཡང་དཀྱིལ་འཁོར་གྱི་ཁང་པ་ལ་སོགས་པའི་ཕྱོགས་སུ་ཁྲོ་བོ་བཅུའི་སའི་གོང་བུ་དང་ཉེ་བའི་མདུན་དུ་གཏོར་མ་དབུལ་བར་བྱའོ། །དེའི་ཕྱི་ངོས་སུ་སའི་གོང་བུ་བཅོ་ལྔའམ་དེ་མེད་ན་མཎྜལ་རྣམས་ཀྱི་སྟེང་དུ་ཕྱོགས་སྐྱོང་བཅོ་ལྔ་ལ་ཕྱོགས་བརྒྱད་དུ་སྦྱིན་ནོ། ། 3-2-219a དེ་དག་གི་ཕྱི་རོལ་ཏུ་སའི་གོང་བུ་བརྒྱད་དམ་བ་ལྕིས་མཎྜལ་བྱས་པ་རྣམས་སུ་ཀླུ་རྣམས་ལ་ཁམ་ཕོར་དུ་འོ་མ་ལ་སོགས་པ་སྦྱིན་ནོ། །ཕྱི་རོལ་ཏུ་ཡང་གཏོར་མ་ཟན་ལ་སོགས་པ་དང་མར་དང་སྦྲང་རྩི་དང་ཆུ་དང་འོ་མ་དང་ཆང་གི་རྒྱུན་རྣམ་པ་ལྔ་གཡས་ སྐོར་དུ་གཏོར་བར་བྱའོ། །རྡུལ་ཚོན་གྱི་དཀྱིལ་འཁོར་གཤེགས་སུ་གསོལ་བའི་རྗེས་ལ་གཏོར་མ་ལ་སོགས་པ་ཕུལ་ནས་ཁྲོ་བོ་བཅུ་རང་ལ་གཞུག་ཕྱོགས་སྐྱོང་རྣམས་གཤེགས་སུ་གསོལ་བར་བཤད་དེ་དེ་དག་ལ་ཉི་མ་རེ་རེ་ཞིང་མཆོད་པ་ལ་སོགས་པ་བྱ་བ་ནི་ཕུར་བུ་དང་ འདྲ་བར་མངོན་ནོ། །འདི་ནི་འདི་འདྲ་བ་གཞན་ལ་ཡང་བྱས་ན་བར་ཆད་ཟློག་པ་ལ་ཁྱད་ཤིན་ཏུ་ཆེ་བར་གསལ་ལོ། །གཏོར་མའི་སྐྱེད་ཆོག་ལ་སོགས་པ་ནི། འོག་ཏུ་བཤད་པར་བྱའོ། །བོད་ཀྱི་བླ་མ་དག་གཏོར་མ་བཏང་ཟིན་པ་དང་རོལ་མོ་དང་བཅས་པས་སྣ་དྲངས་ཏེ་གཏོར་མ་སྐྱེལ། བགེགས་བསྐྲད་དེ་གཏོར་སྐྱེལ་ལ་སོགས་པའི་གནས་གསུམ་སྲུང༌། སློབ་དཔོན་གྱིས་རྟིང་མནན་ནས་ནང་དུ་འོང་ཞིང་རྩ་སྔགས་སོགས་འདོན་པར་བཞེད་དོ། །དེ་ཟིན་པ་དང་ཉེ་རེག་བྱ་སྟེ་དེའི་ཆོ་ག་ནི། ཙོག་ཙོག་པོར་འདུག་ཅིང་ངག་བཅད་ལག་པ་གཉིས་པུས་མོའི་ནང་དུ་ འོང་བར་བྱ་གཡས་པ་གན་རྐྱལ་དུ་གནས་པའི་གུང་མོ་དང་སྲིན་ལག་ཅུང་ཟད་བཀུག་ལ་ཁ་ལ་ཕྱོགས་པར་གཟུང་ངོ༌། །ཟེ་འབྲུའི་ཆས་ཁ་ལ་ལན་མང་དུ་བྱབ་ཅིང་ལན་གཉིས་གསུམ་དུ་རྣ་བུག་གཉིས་དང་མིག་དག་དང་སྣ་དང་ཁ་དང་ལག་པ་དག་དང་ལྟེ་བ་དང་མགོ་ ལ་རེག་པར་བྱའོ། །འདི་འཇམ་དཔལ་རྩ་རྒྱུད་ནས་བཤད་ལ་དེར་ཆུ་གཙང་མ་ལག་ཏུ་བླངས་ནས་བྱ་བར་བཤད་ཅིང་དཔུང་བཟང་གི་བཅུ་པ་ལས་ཀྱང་ཆུ་ཡིས་ལག་པ་རྐང་པ་བཀྲུས་ནས་སུ། པུས་མོ་ཕྱི་རོལ་ཏུ་ནི་བསྟན་བྱས་ཏེ། །བར་དུ་ལག་བཞག་ཙོག་ཙོག་ 3-2-219b པོར་འདུག་ནས། །སྒྲ་མེད་དབུ་བ་མེད་པའི་ཉེ་རེག་བྱ། །ལན་གསུམ་བར་དུ་ཆུ་ནི་འཐུངས་ནས་ཀྱང༌། །མཆུ་ལ་ལན་གཉིས་ཡོངས་སུ་ཕྱི་བར་བྱ། །ཞེས་གསུངས་པས་དང་པོར་ལག་པ་གཉིས་བཀྲུ་སྟེ་དེ་ནས་ལག་པ་གཡོན་པའི་མཐིལ་དུ་ཆུ་གཙང་བླུག་ལ་གཡས་ པའི་སོར་མོས་ཆུ་བླངས་ནས་སྔར་ལྟར་ཉེ་རེག་བྱས་པའི་རྗེས་སུ་ཧུབ་གསུམ་འཐུངས་ནས་མཆུ་ལ་ལན་གཉིས་ཕྱི་བར་བྱའོ། །འདི་འབྱུང་པོ་དང་ཁ་ལབ་བྱས་པའི་མ་དག་པ་བསལ་བའི་ཕྱིར་ཡིན་ཞེས་ཟེར་མོད་ཀྱང་ཕྲེང་བར་བཤད་ནི། དེ་མ་ཡིན་ཏེ་ཕྱོགས་སྐྱོང་འཇིག་ རྟེན་ལས་འདས་པའི་ལྷར་བསྐྱེད་ནས་གཏོར་མ་འབུལ་བའི་ཕྱིར་དང་གཏོར་ཆོག་བཤད་པ་བཞི་ཁ་ལ་ཕྱོགས་སྐྱོང་དང་དཀྱིལ་འཁོར་བའི་ལྷ་གཉིས་སྦྲགས་ནས་འབུལ་བར་གསུངས་པ་ལ་སྐབས་གཞན་དུ་ཉེ་རེག་མི་བྱེད་པའི་ཕྱིར་རོ། །དེས་ན་ཉེ་རེག་ནི། སྤྱིར་མ་དག་ པ་སེལ་བྱེད་དུ་མངོན་ནོ། །གཉིས་པ་ནི། དེ་ནས་གྲུབ་ན་ཆད་ལྷག་གི་ཉེས་པ་ཞི་བའི་ཕྱིར་དུ་ཞི་བའི་སྦྱིན་སྲེག་བྱ་དཀྱིལ་འཁོར་ཚིམ་པར་བྱ་བའི་ཕྱིར་རྒྱས་པའི་སྦྱིན་སྲེག་བྱ། དེ་ནས་སྔར་བཤད་པའི་ཧཱུཾ་མཛད་ཀྱི་རྣལ་འབྱོར་དང་ལྡན་པར་བྱས་པ་ཧཱུཾ་བཞི་པའི་སྔགས་ ཟློས་ཤིང་མེ་ཏོག་གི་ཕྲེང་བ་བླངས་ཏེ་དཀྱིལ་འཁོར་སྟེང་དུ་བཏེག་པའི་འོག་ནས་འཛུལ་བའི་དམིགས་པ་དང་སྔགས་སྔར་བཤད་པ་ལྟར་གྱི་རྡོ་རྗེ་ཤུགས་ཀྱི་འཇུག་པས་དཀྱིལ་འཁོར་དུ་ཞུགས་ནས་རྡོ་རྗེ་གསོར་ཞིང་དྲིལ་བུ་གསིལ་ཏེ་སྔར་བཤད་པའི་རྡོ་རྗེའི་རྐང་ པས་སྒོའི་སློབ་དཔོན་བཞི་དང་ལྷན་ཅིག་བསྐོར་བ་གསུམ་བྱས་ནས་འཁོར་ལོ་ལ་བལྟས་ཏེ་ཕྲེང་བ་གཙོ་བོ་ལ་དབུལ་ལོ། །ཤར་སྒོ་ལ་སོགས་པའི་སློབ་དཔོན་རྣམས་ཀྱིས་རིམ་པ་བཞིན་དུ། ཨོཾ་ཧཱུཾ་ཕཊ་དང་། ཨོཾ་ཧཱུཾ་ཨཱཿཕཊ་དང་། ཨོཾ་ཧཱུཾ་ཨཱཿཨཱཿཨཱཿཕཊ་དང་། ཨོཾ་ཧཱུཾ་ 3-2-220a ཧ་ན་མཱ་ར་ཡ་དུཥྚན་གྷཱ་ཏ་ཡ་གྷཱ་ཏ་ཡ་ཨཿཨཿཧཱུཾ་ཧྲཱིཿཕཊ། ཅེས་བཟླས་ཤིང་དཀྱིལ་འཁོར་དུ་འཇུག་པ་དང་རྡོ་རྗེའི་རྐང་པས་འགྲོ་བ་སྔ་མ་བཞིན་བྱའོ། །དཔལ་མཆོག་ལས་ལན་གསུམ་བསྐོར་ཏེ་རྡོ་རྗེ་དྲིལ་བུ་དཀྲོལ་པས་ལྷག་ཆད་ཀྱི་ མ་ཚང་བ་ཁ་སྐོང་བར་གསུངས་སོ། །དེ་ནས་སྐོར་བ་རེ་རེ་བྱས་ནས་སྒོ་རེ་རེ་དབྱེ་བར་བྱ་སྟེ་ཐོག་མར་ནུབ་ཏུ་སོང་ནས། ཨོཾ་བཛྲོད་གྷཱ་ཊ་ས་མ་ཡ་པྲ་པེ་ཤཱ་ཡ་ཧཱུཾ། ཞེས་བརྗོད་ལ་ཤར་སྒོ་དབྱེ་དེ་བཞིན་དུ་བྱང་ནས་ལྷོ་སྒོ་དང་ཤར་ནས་ནུབ་སྒོ་དང་ལྷོ་ནས་བྱང་སྒོ་དབྱེའོ། ། དེའི་ཚེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་འཆིང་ཞིང་གཡོན་བརྐྱངས་སུ་གནས་ཏེ་ཕྱག་རྒྱ་དེ་བཀྲོལ་ནས་དབྱེ་བར་ཀླུ་བྱང་གིས་བཤད་དོ། །ཁ་ཅིག་དེ་ཕ་རྒྱུད་ཀྱི་སྐབས་ཡིན་པས་མ་རྒྱུད་ལ་གཡས་བརྐྱངས་ཀྱིས་དབྱེ་ཞེས་ཟེར་མོད་ཀྱང་ཕྲེང་བར་སྔར་ས་ཆོག་གི་སྐབས་སུ་བཤད་ པའི་ཧཱུཾ་མཛད་ཀྱི་རྣལ་འབྱོར་བྱ་བར་གསུངས་ཤིང༌། དེར་གཡས་བརྐྱངས་སུ་བཤད་པ་རྒྱུད་གཉིས་ཀའི་ཐུན་མོང་དུ་བཞེད་པས་དབྱེ་བ་དེ་མི་དགོས་སོ། །ཤར་སྒོ་འབྱེད་པ་ནུབ་ནས་བྱེད་པ་ནི། སྒོ་ནང་ནས་དབྱེ་བའི་དབང་དུ་བྱས་པ་སྟེ་གཞན་ལ་ཡང་དེས་ཤེས་པར་བྱའོ། ། དེ་ནས། ཨོཾ་ས་མ་ཡ་པྲ་པེ་ཤཱ་ཡ་མི། བརྗོད་ནས་མེ་ཏོག་གི་ཕྲེང་བ་ཕུལ་བ་སླར་གར་བྱེད་ཅིང་བླངས་ལ་རང་གི་མགོ་བོ་ལ་བཅིངས་ཏེ་དཀྱིལ་འཁོར་ལ་ཕྱག་བྱས་ནས་སེམས་ཅན་ཐམས་ཅད་ལ་དངོས་གྲུབ་ཐམས་ཅད་ཀྱི་བཀའ་དྲིན་སྩོལ་ཅིག་ཅེས་གསོལ་བ་བཏབ་ ནས་བསྒོམ་བཟླས་བྱའོ། །སྐལ་ལྡན་གང་དུ་བཅུག་ནས་དབང་བསྐུར་བའི། །དཀྱིལ་འཁོར་རྒྱལ་བ་རྣམས་ཀྱི་ཞིང་དང་སྐུར། །ཚུལ་བཞིན་བསྒྲུབས་ནས་མཉེས་པར་བྱེད་པ་ཡི། །ཆོ་གའི་རིམ་པ་མཁས་པའི་གཞུང་བཞིན་བཤད། །རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་ 3-2-220b པ་གསང་བ་ཀུན་གྱི་གནད་རྣམ་པར་ཕྱེ་བ་ལས། དཀྱིལ་འཁོར་བྲིས་ཤིང་བསྒྲུབས་ནས་མཆོད་པའི་ཆོ་གའི་རིམ་པ་སྟེ་ལེའུ་བདུན་པའོ།། ༈ །།གཉིས་པ་དབང་བསྐུར་བའི་ཆོ་ག་ལ་གཉིས། རང་ཉིད་ཞུགས་ནས་དངོས་གྲུབ་ཞུ་ཞིང་བདེན་པའི་བྱིན་བརླབ་ བྱ་བ་དང༌། གཞན་ལ་དབང་བསྐུར་བའི་ཆོ་གའོ། །དང་པོ་ལ་གཉིས། ཞུགས་ཤིང་དབང་བླངས་ནས་གནང་བ་ནོད་པ་དང༌། དངོས་གྲུབ་ཞུ་ཞིང་བདེན་པའི་བྱིན་བརླབ་བྱ་བའོ། །དང་པོ་ནི། འདིར་ཕྲེང་བ་ལས། དཀྱིལ་འཁོར་གྱི་ཁང་པར་འཇུག་པའི་ཚེ་སློབ་མ་རྣམས་ཀྱིས། ཨོཾ་ པྲ་པི་ཤ་བྷ་ག་ཝཱན་མ་ཧཱ་སུ་ཁ་མོཀྵ་སུ་རཾ་སརྦ་སིདྡྷི་སུ་ཁ་པྲ་དི་པ་རཾ་མ་སུ་ཁ་ཨུད་ཏ་མ་སིདྡྷྱ་ཛཿཧཱུཾ་བཾ་ཧོཿཔྲ་སིདྡྷྱ་སྭ། ཞེས་སྤྲོ་བ་བསྐྱེད་པས་ཞུགས་ནས་གཡས་སྐོར་དུ་འཁོར་ལོའི་དབང་ཕྱུག་གི་གཟུགས་ཀྱིས་ནུབ་ལ་སོགས་པའི་སྒོར་གནས་ཏེ་དཀྱིལ་འཁོར་གྱི་ཤར་ སྒོ་ལ་སོགས་པ། ཨོཾ་བཛྲོད་གྷཱ་ཊ་ཡ་ས་མ་ཡ་པྲ་བེ་ཤཱ་ཡ་ཧཱུཾ། ཞེས་འདོན་ཞིང་ཕྱེ་ནས། ཞེས་སློབ་མས་སྔགས་སྔ་མས་སྤྲོ་བ་བསྐྱེད་དེ་ཞུགས་ནས་གཡས་སྐོར་དུ་ཞུགས་ཏེ་གཙོ་བོའི་ང་རྒྱལ་གྱིས་སླར་ཡང་སྒོ་འབྱེད་པ་ཞིག་གསུངས་པ་བཞིན་དུ་སྡོམ་འབྱུང་འགྲེལ་པར་ ཡང་འབྱུང་ངོ༌། །སྐབས་འདིར་སློབ་མ་དཀྱིལ་འཁོར་གྱི་ཁང་པར་ཞུགས་ནས་གཡས་སྐོར་གྱིས་སྒོ་འབྱེད་པར་བྱེད་པ་ཤིན་ཏུ་མ་འབྲེལ་བ་ཞིག་སྣང་བ་ལ་བདེ་མཆོག་གི་དབང་གི་རབ་བྱེད་ཨ་བྷྱས་མཛད་ཟེར་བ་ལས་དཀྱིལ་འཁོར་ཀྱི་ཁང་པར་འཇུག་པའི་ཚེ་སློབ་མ་རྣམས་ཀྱི་ སྔོན་དུ་སློབ་དཔོན་འཇུག་པར་བྱ་སྟེ་ཞེས་འཆད་དོ། །འོན་ཀྱང་རྒྱལ་བ་བཟང་པོས། གཙོ་བོ་སློབ་དཔོན་དག་གི་ནི། །དཔའ་བོ་དབང་ཕྱུག་གཟུགས་བཟུངས་ནས། །དེ་ནས་འཇུག་པའི་དུས་སུ་ནི། །སློབ་མས་འདི་བཞིན་དུ་བརྗོད་དེ། །ཞེས་པྲ་པི་ཤའི་སྔགས་བརྗོད་ནས་ཞུགས་ཏེ་སྐོར་བ་གསུམ་བྱས་པའི་འོག་ 3-2-221a ཏུ་ཡེ་ཤེས་འབེབས་ལ་དེའི་འོག་ཏུ་པ་ར་མ་སུ་ཁའི་སྔགས་ཀྱིས་མེ་ཏོག་དོར་ནས་རང་གི་མགོ་ལ་འཆིང་བ་སོགས་བྱེད་པ་ཞིག་སློབ་དཔོན་གྱི་བདག་འཇུག་གི་སྐབས་སུ་གསུངས་པས་ཕྲེང་བའི་དེ་ཡང་དེ་དང་བསྟུན་པར་སྣང་ངོ༌། །དེ་ནི་རང་གི་བླ་མ་ དེ་གཅི་བོའི་གཟུགས་སུ་གནས་པར་བསམས་ནས་བདག་འཇུག་བྱེད་པའི་དོན་ཡིན་པས་འདིར་སློབ་དཔོན་ཞེས་པ་ནི། ཆོ་ག་བྱེད་མཁན་གྱི་བླ་མ་ཡིན་ལ། དེས་ན་སློབ་མས་འདི་བཞིན་བརྗོད་ཅེས་པའི་སློབ་མ་ནི། ཆོ་ག་བྱེད་མཁན་རང་ཡིན་གྱི་རང་གི་སློབ་མ་ལ་བྱེད་པ་མིན་པས་ཕྲེང་བའི་ འགྱུར་རྣམས་ཀྱིས་ཅུང་མ་ཐོན་པར་གསལ་ལོ། །དབང་གི་རབ་བྱེད་འདི་ཕྲེང་བ་ལ་འདྲིས་པའི་རྒྱ་གར་བ་ཞིག་གིས་བྱས་ཀྱི་ཨ་བྷྱས་བྱས་པ་མིན་པར་སྣང་སྟེ་རྒྱུ་མཚན་འོག་ཏུ་སྟོན་ནོ། །དེ་རྩོམ་པ་པོས་ཀྱང་དཔྱོད་པ་ཞུགས་ནས་སྔར་ལྟར་མཛད་ཀྱང་ཕྲེང་བ་ན་རྒྱལ་བ་བཟང་པོའི་རྗེས་སུ་ འབྲངས་པ་མང་པོ་སྣང་བས་འདི་ཡང་དེ་དང་བསྟུན་པའོ། །དེས་ན་སློབ་དཔོན་རང་ཉིད་དཀྱིལ་འཁོར་དུ་འཇུག་པའི་ཚེ་པྲ་བི་ཤ་སོགས་ཀྱི་སྔགས་བརྗོད་དེ་སྤྲོ་བ་བསྐྱེད་ནས་འཇུག་ལ་དེ་ཡང་སྔོན་དུ་སྒོ་ཕྱེ་ནས་སྒོ་ནས་འཇུག་པས་འདིར་སྒོ་དབྱེ་བ་གསུངས་ཏེ་གཙོ་བོའི་ང་རྒྱལ་གྱིས་ འབྱེད་པས་སྔར་ཧཱུཾ་མཛད་ཀྱི་ང་རྒྱལ་གྱིས་དབྱེ་བར་གསུངས་པ་དང་མི་འདྲའོ། །སྔར་རྡོ་རྗེ་ཤུགས་ཀྱི་འཇུག་པས་དཀྱིལ་འཁོར་གྱི་ནང་དུ་ཞུགས་ནས་མེ་ཏོག་ཕྲེང་བ་རང་གི་མགོ་ལ་འཆིང་བའི་བར་བྱས་ནས་དེའི་འོག་ཏུ་སྒོ་བཅད་པར་གསལ་ཏེ་དེར་མ་བཅད་ན་སླར་ཡང་ དབྱེ་མི་དགོས་པའི་ཕྱིར་དང་སློབ་མ་འཇུག་པ་སྒོ་ནས་འཇུག་པའི་ཕྱིར་རོ། །སྤྲོ་བ་སྐྱེད་པའི་སྔགས་དེ་ནི། དངོས་གྲུབ་ཀུན་གྱི་བདེ་བ་ཉམས་དགའ་བའི། །ཐར་པའི་གྲོང་དུ་བཅོམ་ལྡན་བདེ་ཆེན་འཇུག །མཆོག་ཏུ་བདེ་བ་དམ་པའི་དངོས་གྲུབ་ཀྱིས། །ཛཿཧཱུཾ་བཾ་ཧོཿརབ་ཏུ་ 3-2-221b གྲུབ་པར་མཛོད། ཅེས་དཔལ་མཆོག་ན་བོད་སྐད་དུ་ཡོད་པ་དེ་ཡིན་ཏེ་ཕོ་བྲང་དུ་ཞུགས་པའི་ཕན་ཡོན་མཐོང་ནས་འཇུག་པར་སྤྲོ་བའོ། །སྔགས་འདི་ཀླུ་བྱང་གིས་མིག་དར་འཆིང་བའི་སྐབས་སུ་གསུངས་སོ། །དེ་ནས་ཕྲེང་བ་ལས། མེ་ཏོག་གི་ཕྲེང་བ། ཨོཾ་པ་ར་མ་སུ་ཁཱ་ཤ་ཡ་སུ་ ལ་ལི་ཏ་བི་ལཱས་ན་མི་ཏ་ན་མི་ཏཻརྣ་མཱ་མི་བྷ་ག་ཝཱནྟཾ་ཛཿཧཱུཾ་བཾ་ཧོཿཧི་ཧི་ཧི་ཧཱི་ཧཱིཿ པྲ་ཏཱི་ཙྪ་ཀུ་སུ་མཱནྫ་ལི་ནཱ་ཐ་ཧོཿ ཞེས་བྱ་བའི་སྔགས་ཀྱིས་དཀྱིལ་འཁོར་དུ་དོར་ནས་སླར་བཟུངས་སྟེ་ཕྲེང་བའི་དབང་གི་བསམ་པས་རང་གི་མགོ་བོར་བཅིང་ལ་འཁོར་ལོའི་དབང་ཕྱུག་བླ་མ་ མངོན་སུམ་དུ་གྱུར་པར་མོས་པ་བྱས་ཏེ། དེས་སྟེར་བཞིན་པའི་ཕྲེང་བའི་དབང་བཟུང་བ་ལ་སོགས་པ་འཆད་པར་འགྱུར་བའི་དབང་མ་ལུས་པ་དང་ཆོ་ག་བཞིན་དུ་སློབ་དཔོན་གྱིས་རྗེས་སུ་གནང་བ་ཐོབ་པར་བྱས་ལ། ཞེས་གསུངས་པ་བཞིན་དུ་སྡོམ་འབྱུང་ འགྲེལ་པར་ཡང་འབྱུང་ངོ༌། །མེ་ཏོག་དོར་བའི་སྔགས་དེ་ནི་དཔལ་མཆོག་ལས། མཆོག་གི་བདེ་བའི་སེམས་ནི་རོལ་པར་ལྡན། །སྒེག་པའི་ཕྱག་གིས་བཅོམ་ལྡན་འདས་ལ་འདུད། །ཛཿཧཱུཾ་བཾ་ཧོཿཧི་ཧི་ཧི་ཧཱི་ཧཱིཿ མགོན་པོ་སྙིམ་པའི་མེ་ཏོག་བཞེས་སུ་གསོལ། ཞེས་བོད་སྐད་ དུ་ཡོད་པ་དེ་ཡིན་ནོ། །དེ་དག་གི་ཚིག་ཟིན་ལྟར་ན་མེ་ཏོག་དོར་བའི་གོང་གི་དཀྱིལ་འཁོར་དུ་འཇུག་པའི་སྐོར་རྣམས་སློབ་དཔོན་གྱིས་བདག་འཇུག་བྱེད་པ་ལ་མི་དགོས་པ་འདྲ་བ་ཞིག་སྣང་མོད་ཀྱང་རྒྱལ་བ་བཟང་པོས་ཀྱང་དཀྱིལ་འཁོར་དུ་འཇུག་པའི་སྐོར་གཞན་རྣམས་ཅི་རིགས་ པར་མཛད་ནས་མཁས་པའི་ཆོ་ག་མདོར་བསྡུས་པ་ཡིན་པར་གསུངས་པས་འདིར་ཡང་འཇུག་པའི་སྐོར་རྣམས་སློབ་མ་འཇུག་པ་དང་ཁྱད་མེད་པར་བྱ་སྟེ། མར་མེ་མཛད་བཟང་པོ་དང་ལྭ་བ་པ་དང་ས་ར་ཧ་ལ་སོགས་པ་དུ་མས་ཀྱང་སློབ་མ་འཇུག་པ་བཞིན་དུ་སློབ་དཔོན་འཇུག་ 3-2-222a པར་གསུངས་ཤིང་ཕྲེང་བ་ལས་ཀྱང༌། འདི་ནི་སློབ་དཔོན་འཇུག་པའི་ཆོ་གའོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ན་བདག་མདུན་ཐ་དད་དུ་བསྒྲུབས་ན་མི་དགོས་ལ་ཐ་མི་དད་དུ་བསྒྲུབས་ན་རང་གཙོ་བོ་ལས་ཕྱེ་ནས་གཙོ་བོ་དང་བླ་མ་ཐ་མི་ དད་དུ་བསྒོམས་པས་བླ་མའི་བྱ་བ་ཐམས་ཅད་མཛད་པར་བསམས་ལ་དངོས་སུ་བྱ་དགོས་པ་རྣམས་རང་གིས་བྱས་ཏེ་འཇུག་པ་དང་དབང་ལེན་པ་རྣམས་རྫོགས་པར་བྱས་པའི་མཐར། སློབ་དཔོན་གྱི་ལས་རྣམས་ལ་རྗེས་སུ་གནང་བ་ནོད་པ་ཡང་མར་མེ་མཛད་ བཟང་པོ་དང་ལྭ་བ་པ་ལ་སོགས་པས་གསུངས་པས་བྱ་དགོས་ལ། དེའི་བྱེད་ཚུལ་ནི། ཛ་ཡ་སེ་ནས། དེ་ནས་སློབ་མ་འཇུག་དོན་དུ། མཁས་པས་འདི་ལྟར་མཁྱེན་པར་གསོལ། །བདག་མིང་ཆེ་གེ་ཞེས་བྱ་ཡི། །ཧེ་རུ་ཀ་དཔལ་སློབ་དཔོན་ཆེ། །སངས་རྒྱས་བྱང་ཆུབ་ སེམས་ཀུན་གྱི། །གསུངས་པའི་ཆོ་ག་དག་གིས་ནི། །ཕུན་སུམ་ཚོགས་པའི་ཆོ་ག་ཡིས། །སེམས་ཅན་དོན་ནི་བདག་གིས་བགྱི། །དེ་ལ་རྗེས་གནང་སྩོལ་མཛོད་ལ། །སངས་རྒྱས་བྱང་ཆུབ་སེམས་རྣམས་ཀྱིས། །བདག་ལ་ཉེ་བར་མཛད་དུ་གསོལ། །དེ་ནས་དེ་རྣམས་ ཀྱིས་རྗེས་གནང༌། །བདག་གིས་རྗེས་སུ་བསམ་པར་བྱ། །ཞེས་བཤད་པ་བཞིན་དུ་གནང་བ་ཞུས་པས་དེ་ལྟར་གྱིས་ཤིག་ཅེས་གནང་བ་བསྩལ་བར་བསམ་པའོ། །གཉིས་པ་ནི། དེ་ནས་སློབ་མ་གཞུག་པའི་ཆེད་དུ་བདེ་བ་ཆེན་པོའི་བདག་ཉིད་ཐབས་ཤེས་ཀྱི་ རང་བཞིན་དེ་ཁོ་ན་ཉིད་ཀྱི་བསྟོད་པ་སྔོན་དུ་འགྲོ་བས་དཀྱིལ་འཁོར་གྱི་དངོས་གྲུབ་ཞུ་ཞིང་བདེན་པའི་བྱིན་བརླབ་བྱ་བ་ནི། ནམ་མཁའ་སྐྱེ་བ་སོགས་ཚིགས་བཅད་དགུའོ། །དེ་ལ་ཚིགས་བཅད་དང་པོ་ལྔ་ནི། དམ་ཚིག་གསུམ་གྱི་གླུའི་མཆོད་པ་དང་དེ་ནས་གཅིག་ 3-2-222b གིས་ནི། དེ་ཁོ་ན་ཉིད་བསྒྲག་པ་དང་དེ་ནས་གསུམ་གྱིས་ནི་བདེན་པ་བསྒྲག་པའོ། །གླུ་གསུམ་ནི། དེ་ཁོ་ན་ཉིད་ཀྱི་གླུ་དང་ཆོས་ཉིད་ཀྱི་གླུ་དང་ཕྱག་རྒྱའི་གླུའོ། །དང་པོ་ལ་གསུམ་ལས་རང་བཞིན་གྱི་དེ་ཁོ་ན་ཉིད་ནི། ནམ་མཁའ་སྐྱེ་བ་མཚན་མའི་ཕྱིར། །ཐོག་མ་ཐ་མ་མེད་པའི་ མཆོག །སེམས་དཔའ་རྡོ་རྗེ་ཆེ་རང་བཞིན། །མི་བསྐྱོད་རྡོ་རྗེ་དེང་བདག་སྒྲུབས། །ཞེས་པའོ། །དེ་ལ་སེམས་དཔའ་ནི། དེ་བཞིན་ཉིད་དང་རོ་གཅིག་པའི་སྤྲོས་པ་མེད་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་བྱང་ཆུབ་ཀྱི་སེམས་ཏེ་དེ་ནི་རྡོ་རྗེ་སེམས་དཔའི་རང་བཞིན་ནོ། །དེ་ཉིད་ནི་རྣམ་ པར་རྟོག་པས་མི་ཕྱེད་པས་ན་རྡོ་རྗེ་ཆེན་པོའོ། །བྱང་ཆུབ་ཀྱི་སེམས་དེ་ཡང་གང་ཞེ་ན། བྱང་སེམས་རྣམས་ཀྱི་ཐོག་མ་དང་ཐ་མ་མེད་པའི་སེམས་ཀྱི་རྒྱུན་རང་བཞིན་གྱིས་དག་པ་ས་རྣམས་ལ་གློ་བུར་གྱི་དྲི་མ་རིམ་གྱིས་བསལ་ནས་རྣམ་པར་དག་པ་མཐར་ཐུག་པའི་ཆོས་ཀྱི་སྐུ་ དེ་ནི། དོན་དམ་པ་བྱང་ཆུབ་ཀྱི་སེམས་ཡིན་ལ་དེས་ན་ཐོག་མ་དང་ཐ་མ་མེད་པའི་མཆོག་གོ། རྩིག་པ་ལ་སོགས་པའི་སྒྲིབ་གཡོགས་བསལ་བ་ན་ནམ་མཁའ་སྐྱེ་བའམ་འབྱུང་བར་ཐ་སྙད་འདོགས་སོ། །ནམ་མཁའ་དེའི་མཚན་མ་སྟེ་མཚོན་བྱེད་ཀྱི་དཔེ་འདི་ལ་ཡོད་པས་ན་མཚན་ ལྡན་དེ་བཞིན་ཉིད་ཀྱང་སྒྲིབ་པ་དང་བྲལ་བ་ན་གསལ་བར་གྱུར་པས་སྐྱེ་བའི་ཐ་སྙད་བཏགས་པ་ཙམ་མོ། །དེའི་ཕྱིར་ཐོག་མཐའ་སྐྱེ་འཇིག་མེད་དོ། །དཔལ་མཆོག་ལས་རྡོ་རྗེ་སེམས་དཔའ་ཞེས་འབྱུང་བ་ལ་དཀྱིལ་ཆོག་རྣམས་སུ་མི་བསྐྱོད་པ་དང་འཇམ་རྡོར་དང་བདེ་མཆོག་ སོགས་ཀྱི་འདོན་པ་སྤོས་ནས་བཤད་དོ། །འདི་རྣམས་དཀྱིལ་འཁོར་པའི་ལྷ་ལ་བསྟོད་པ་དང་གླུས་མཆོད་པར་བཤད་པས་མི་བསྐྱོད་རྡོ་རྗེ་ཞེས་སོགས་ནི། བསྟོད་ཡུལ་ལ་བོད་པ་དང་དེའི་གོ་འཕང་བདག་ལ་སྩོལ་ཅིག་ཅེས་པ་གཉིས་ཀར་གོ་བར་བྱ་སྟེ་འོག་མ་རྣམས་སུ་ཡང་ངོ༌། ། 3-2-223a འབྱོར་པའི་དེ་ཁོ་ན་ཉིད་ནི། དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་ཏུ་བདག་གྲུབ་མཛོད། །ཅེས་པའོ། །དངོས་གྲུབ་ཀུན་གྱི་མཆོག་ཏུ་གྱུར་པའི་དངོས་གྲུབ་ཆེན་པོ་ ནི་རྫོགས་པའི་བྱང་ཆུབ་བོ། །དེས་ན་སྟོབས་སོགས་ཀྱི་ཆོས་ལ་དབང་སྒྱུར་བའི་དབང་ཕྱུག་གོ། དེའི་ཕྱིར་འཇིག་རྟེན་པ་ཐམས་ཅད་ལས་ལྷག་པའི་ལྷའོ། །སྐུ་གསུང་ཐུགས་རྡོ་རྗེ་ཐམས་ཅད་བརྙེས་པས་ན་རྡོ་རྗེ་འཛིན་པ་ཀུན་ཀྱང་ཡིན་ལ་སངས་རྒྱས་བྱང་སེམས་ ཀྱི་ཕུན་ཚོགས་ཐམས་ཅད་འདི་ལ་རག་ལས་པས་རྒྱལ་པོའང་ཡིན་ནོ། །དེའི་འབྱོར་པ་དེ་ཡང་རྟག་ཏུ་མི་འགྱུར་བའི་མཆོག་གོ། རྣམ་པར་དག་པའི་དེ་ཁོ་ན་ཉིད་ནི། །ཉེས་པ་མེད་པ་རྟག་པ་ཁྱོད། །འདོད་ཆགས་ཀུན་གྱི་རྗེས་ཆགས་པ། །བཅོམ་ལྡན་ཆགས་ཆེན་ དགའ་བ་ཆེ། །དེ་ཁོ་ན་ཉིད་བདག་གྲུབ་མཛོད། །ཅེས་པའོ། །ཉེས་པ་མེད་པ་ནི། བག་ཆགས་དང་བཅས་པའི་སྒྲིབ་པ་ཐམས་ཅད་སྤངས་པའོ། །རྟག་པའི་དོན་ནི། སྐུ་གསུམ་གྱིས་ནམ་མཁའ་ཇི་སྲིད་པ་དེ་སྲིད་དུ་བཞུགས་པའོ། །དངོས་གྲུབ་བརྙེས་པའི་འདོད་ཆགས་ཀུན་ ཏེ་འདོད་པ་ཐམས་ཅད་ཀྱིས་སེམས་ཅན་ཀུན་ལ་རྗེས་སུ་ཆགས་པའི་ཕྲིན་ལས་མཛད་ལ་དེའི་ཕྱིར་དམིགས་མེད་ཀྱི་ཐུགས་རྗེའི་འདོད་ཆགས་ཆེན་པོ་ཅན་ནོ། །མཚན་མེད་ཀྱི་ཆོས་ཀྱི་དགའ་བས་དགྱེས་པས་ན་དགའ་བ་ཆེའོ། །དེ་ཉིད་ཀྱིས་ཞེས་བཏོན་ནས་དེའི་ དོན་སྔར་བཤད་པའི་ཚིགས་བཅད་གསུམ་གྱིས་བཤད་པ་ལ་ཤཱནྟི་པས་བཀྲལ་བས་བྱེད་ཚིག་ཡོད་ན་དག་གོ། ཆོས་ཉིད་ཀྱི་གླུ་ནི། ཤིན་ཏུ་རྣམ་དག་ཆོས་ཀྱི་མཆོག །གདོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་ 3-2-223b སེམས་དཔའ་བདག་གྲུབ་མཛོད། །ཅེས་པའོ། །སླར་མི་ལྡོག་པའི་དག་པ་མངའ་པས་ན་ཤིན་ཏུ་དག་པའོ། །ཆོས་ཐམས་ཅད་ཀྱི་མཆོག་ནི། མྱ་ངན་ལས་འདས་པ་ཡིན་ལ་དེའི་མཆོག་ནི་སངས་རྒྱས་ཀྱི་མྱང་འདས་ཏེ་དེའི་རང་བཞིན་ཡིན་པས་ཆོས་ཀྱི་མཆོག་གོ། རང་བཞིན་གྱིས་དག་ པས་གདོད་ནས་གྲོལ་བའོ། །ཆོས་རྣམས་ཀྱི་ཆོས་ཉིད་ཇི་ལྟར་གནས་པ་དེ་ལྟར་ཐུགས་སུ་ཆུད་པས་ན་དེ་བཞིན་གཤེགས་པའོ། །བཟང་པོ་ནི། དགེ་བ་ཡིན་ལ་ཀུན་ནི། མ་ལུས་པ་སྟེ་འདི་ལས་དེ་རྣམས་འབྱུང་བའོ། །ཆོས་ཀྱི་དབྱིངས་ནི། ཆོས་ཐམས་ཅད་ཀྱི་མཚན་ཉིད་དམ་ རང་བཞིན་ཡིན་པས་ན་ཀུན་གྱི་བདག་ཉིད་དོ། །བྱང་ཆུབ་ཀྱི་བདག་ཉིད་ཅན་གྱི་སེམས་ནི་བྱང་ཆུབ་སེམས་དཔའོ། །ཕྱག་རྒྱའི་གླུ་ནི། དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཆེན་མཆོག་གི་ཕྱག་རྒྱ་ཡིས། །རྡོ་རྗེ་ཆེན་པོ་གསོར་བ་ལས། རྡོ་རྗེ་སྙེམས་བདག་བདག་གྲུབ་ མཛོད། ཅེས་པའོ། །རྐང་པ་དང་པོ་དང་དབང་ཆེན་ནི། སྔར་བཤད་པ་ལྟར་རོ། །དེའི་ཕྱག་རྒྱ་ནི། རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་ངོ་བོའི་སྐུའོ། །ཕྱག་རྒྱ་དེས་ཡུམ་རྡོ་རྗེ་སྙེམས་མའི་ཕྱག་རྒྱའི་བདག་པོ་སྟེ་གཙོ་བོར་གྱུར་པ་བདག་ལ་གྲུབ་པར་མཛོད་ཅིག་པའོ། །དེ་ཡང་ དང་པོའི་རྡོ་རྗེ་ཕྱག་གཡས་པས་གསོར་བའམ་སྟོད་པ་སྟེ་འདི་ནི་མཚོན་པ་ཙམ་མོ། །དམ་ཚིག་འདི་རྣམས་ཀྱིས་རྡོ་རྗེ་འཆང་གི་དེ་ཉིད་བརྗོད་ལ་དཀྱིལ་འཁོར་གྱི་བདག་པོ་རྣམས་ཀྱང་རྡོ་རྗེ་འཆང་གི་རང་བཞིན་ཅན་ཡིན་པས་དེ་རྣམས་ཀྱིའང་དེ་ཁོ་ན་ཉིད་དུ་འགྱུར་རོ། །དེ་ཁོ་ ན་ཉིད་བསྒྲག་པ་ནི། སེམས་ཅན་ཀུན་གྱི་ཡིད་ཁྱབ་པ། །སེམས་ཅན་ཀུན་གྱི་སྙིང་ལ་གནས། །སེམས་ཅན་ཀུན་གྱི་ཡབ་ཀྱང་ཡིན། །དམ་ཚིག་མཆོག་གི་འདོད་པ་མཆོག །ཅེས་པའོ། །སྒྲིབ་པ་རྣམ་པར་དག་པའི་དེ་བཞིན་ཉིད་གཙོ་བོར་གྱུར་པའི་ཡེ་ཤེས་ནི་འདོད་པར་ 3-2-224a བྱ་བས་འདོད་པ་སྟེ་ཡང་དག་པའི་ཡེ་ཤེས་ཀྱི་དམ་ཚིག་མཆོག་དང་ལྡན་པ་རྣམས་ཀྱི་མཆོག་གོ། འདོད་པར་བྱ་བའི་དེ་བཞིན་ཉིད་དེ་ཡང་སངས་རྒྱས་ནས་སོ་སྐྱེའི་བར་གྱི་ཡིད་ལ་ཁྱབ་པའོ། །དེ་ཡང་སངས་རྒྱས་ཀྱི་ས་ལ་ནི། རྣམ་པར་དག་པའི་ ཚུལ་གྱིས་ཐུགས་ལ་ཁྱབ་ལ་བྱང་ཆུབ་སེམས་དཔའ་རྣམས་ལ་ནི་རང་གི་སའི་སྒྲིབ་པ་རྣམ་པར་དག་པའི་ཚུལ་གྱིས་སོ། །དེ་བཞིན་ཉིད་ལ་དམིགས་ནས་རྣམ་པར་མི་རྟོག་པ་བསྒོམས་པས་བདེ་བ་སྟེར་བས་ན་ཕ་དང་འདྲ་ལ་གཞུང་ཁ་ཅིག་ལས་སྙིང་ལ་གནས་ཞེས་ པ་ལྟར་ན་བདེ་བ་སྩོལ་པས་སྙིང་དུ་སྡུག་པས་ན་སྙིང་ལ་གནས་པའོ། །འདོད་པར་བྱ་བ་དེ་ནི། སེམས་ཅན་རྣམས་ཀྱི་ཡབ་ཏུ་གྱུར་པ་སྟེ་སངས་རྒྱས་བྱང་སེམས་རྣམས་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྐུ་དེ་ལས་འཁྲུངས་པའོ། །དེ་གཉིས་ཇི་ལྟ་བ་དེ་བཞིན་དུ་སོ་སོ་སྐྱེ་ བོ་རྣམས་ཀྱིའང་ཡབ་ཡིན་ཏེ་དེ་དག་གི་ལུས་སེམས་ཀྱི་བདེ་བ་ནི། དེ་ཉིད་ཀྱི་རང་བཞིན་རྣམ་དག་གི་དབང་དུ་བྱས་པའི་ཕྱིར་རོ། །འདིས་སོ་སོ་སྐྱེ་བོ་ལ་ཁྱབ་ཚུལ་སྔར་མ་བཤད་པ་ཡང་ཤེས་པར་བྱའོ། །བདེན་པ་བསྒྲག་པ་ནི། བདེན་པ་གང་གི་ཡེ་ཤེས་མཆོག ། ཤེས་རབ་ཐབས་བདག་དཀྱིལ་འཁོར་གྱི། །བདེན་པ་དེ་ཡིས་མགོན་པོ་ཁྱོད། །འདོད་པ་བདག་ལ་ཡོངས་རྫོགས་མཛོད། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཡང་དག་བྱུང༌། ། དེ་ཉིད་དེ་བཞིན་ཉིད་ངེས་འབྱུང༌། །བདེན་པ་དེ་ཡིས་དཀྱིལ་འཁོར་ནི། །གཟུགས་བརྙན་གསལ་བ་སློབ་མ་རྣམས། །ཀུན་གྱིས་སྒྲིབ་མེད་མཐོང་བར་ཤོག །ཅེས་པའོ། །ཡེ་ཤེས་མཆོག་ནི། གཉིས་སུ་མེད་པའི་ཡེ་ཤེས་ཏེ་གཉིས་དང་གཉིས་མེད་པའི་རྣམ་པ་ཅན་གྱི་ 3-2-224b ཐབས་ཤེས་ཀྱི་བདག་ཉིད་ཀྱི་དཀྱིལ་འཁོར་རོ། །ཤེས་རབ་ཐབས་བདག་དཀྱིལ་འཁོར་ཡིན། །ཞེས་དཀྱིལ་ཆོག་མང་པོ་ལས་འབྱུང་ངོ༌། །བདེན་པ་སྟེ་ཕྱིན་ཅི་མ་ལོག་པ་དེས་ཡིད་ལ་མངོན་པར་བསམས་པའི་འདོད་པ་རྫོགས་པར་མཛོད་ཅེས་པའོ། །ཆོས་རྣམས་ནི་དཀྱིལ་འཁོར་པའི་ ལྷ་རྣམས་སོ། །གཟུགས་བརྙན་ལྟ་བུ་ནི། སེམས་ཙམ་གྱི་སྣང་བའོ། །ཉོན་མོངས་དང་ཤེས་སྒྲིབ་དང་སྙོམས་འཇུག་གི་སྒྲིབ་པ་གསུམ་དང་བྲལ་བས་དག་པ་དང་གསལ་བ་དང་རྙོག་པ་མེད་པའོ། །རང་བཞིན་མེད་ཅིང་སོ་སོ་རང་གིས་རིག་པས་ཤེས་པ་བཞན་གྱིས་གཟུང་དུ་མེད་པ་ དང་སྒྲ་རྟོག་གི་ཡུལ་མིན་པས་བརྗོད་དུ་མེད་པའོ། །འདི་རྣམས་ཀྱི་རྒྱུ་ནི་ཆོས་ཀྱི་དབྱིངས་སོ། །ལས་ནི་ཐོས་བསམ་སྒོམ་གསུམ་ལ་སོགས་པའོ། །དེ་བཞིན་ཉིད་དང་དེ་ཁོ་ན་ཉིད་ནི། ཡང་དག་པའི་ཡེ་ཤེས་རྡོ་རྗེ་འཆང་སྟེ་དཀྱིལ་འཁོར་པ་ཐམས་ཅད་ནི་དེ་ལས་བྱུང་བའོ། །གཟུགས་ བརྙན་ནི་དཀྱིལ་འཁོར་དུ་བྲིས་པའོ། །གསལ་བར་ནི་གང་གི་གཟུགས་སུ་བྲིས་པ་དེའི་སྐུར་ལྟ་བའོ། །སྒྲིབ་མེད་དམ་དྲི་མེད་ནི། བདེན་པ་དང་བཅོམ་ལྡན་འདས་ཀྱི་བྱིན་གྱིས་བརླབས་ཀྱིས་སྡིག་པ་བསལ་བ་ལ་བརྟན་ནས་དཀྱིལ་འཁོར་མཐོང་བར་ཤོག་ཅིག་པའོ། །སློབ་མ་ནི་ཀུན་གྱིས་ ཞེས་མང་པོ་ལས་འབྱུང་ངོ༌། །འདི་དག་ནི། དཀྱིལ་ཆོག་དུ་མ་ཞིག་ནས་འབྱུང་ཞིང་དོན་ལེགས་པར་གོ་བ་གལ་ཆེ་བར་སྣང་བས་ཤཱནྟི་པ་དང་ཨ་བྷྱས་བཤད་པ་བཞིན་བཀོད་པའོ། །དཔལ་མཆོག་ལས་ཚིགས་བཅད་ལྷག་མ་ལྔ་མི་འབྱུང་ཞིང་དང་པོ་ལ། ཨོཾ་ནམ་མཁའ་ཞེས་ གསུངས་ལ། དེའི་འགྲེལ་ཆེན་གྱི་བཤད་པ་ཡང་ཕལ་ཆེར་སྔ་མ་དང་འདྲའོ། །ཕྱི་མ་བཞི་ནི། བཞི་བརྒྱ་ལྔ་བཅུ་པ་དང་ལྭ་བ་པ་ལ་སོགས་པའི་དཀྱིལ་ཆོག་མང་པོ་ལས་གསུངས་སོ། །འདི་ལན་གསུམ་བྱ་བར་དཱ་རི་ཀ་པས་བཤད་དོ། །གཉིས་པ་ལ་གཉིས། སློབ་མ་ལ་དབང་བསྐུར་ 3-2-225a བ་སྣོད་རུང་གི་ཆོ་ག་དང༌། ལྷ་ལ་དབང་བསྐུར་བ་རང་གནས་ཀྱི་ཆོ་གའོ། །དང་པོ་ལ་གསུམ། ཐོག་མར་དབང་བསྐུར་བའི་ཆོ་ག་དང༌། དམ་ཚིག་ཉམས་ན་གསོ་བའི་ཚུལ་དང༌། དཀྱིལ་འཁོར་གྱི་མཇུག་གི་ཆོ་གའོ། །དང་པོ་ལ་གཉིས། རྡུལ་ཚོན་ལ་བརྟེན་ ནས་དབང་བསྐུར་བའི་ཆོ་ག་དང༌། དཀྱིལ་འཁོར་གཞན་ལ་བརྟེན་ནས་དབང་བསྐུར་བ་ལ་དོགས་པ་གཅོད་པའོ། །དང་པོ་ལ་ལྔ། དཀྱིལ་འཁོར་དུ་གཞུག་པ་དང༌། ཞུགས་པ་ལ་དབང་བསྐུར་བའི་ཚུལ་དང༌། དབང་གི་མཐའ་རྟེན་གྱི་ཆོ་ག་དང༌། དབང་རྣམས་ཀྱི་དོན་བཤད་ པ་དང༌། མཐའ་རྟེན་བྱེད་ཚུལ་དབང་གི་དབྱེ་བསྡུ་དང་བཅས་པའོ། །དང་པོ་ལ་གཉིས། གདོང་གཡོགས་དང་བཅས་པར་གཞུག་པ་དང༌། དཀྱིལ་འཁོར་མཐོང་བའི་བདག་ཉིད་ཅན་དུ་གཞུག་པའོ། །དང་པོ་ལ་གཉིས། ཡོལ་བའི་ཕྱི་རོལ་ཏུ་གཞུག་པ་དང༌། ནང་དུ་གཞུག་ པའོ། །དང་པོ་ནི། སྔོན་དུ་ཆས་སུ་གཞུག་པ་ནི། དེ་ནས་སྒོའི་སློབ་དཔོན་རྣམས་མི་འདོད་ན་གཞན་རྣམས་དང་འདོད་ན་ནི། དེ་རྣམས་དང་སློབ་མ་གཞན་ལྷག་གནས་བྱས་པ་སྡོམ་པ་གཉིས་དང་ལྡན་པ་རྣམས་ཁྲུས་བྱེད་དུ་བཅུག་སྟེ་དྲི་ཞིམ་པོ་ལ་སོགས་པས་དག་པར་བྱས་ ལ་ཡོལ་བའི་ཕྱི་རོལ་ཏུ་བཞག་པ་རྣམས་རྣམ་སྣང་ངམ་གཙོ་བོར་དམིགས་ལ། འཁྱིལ་པ་བཟླས་པའི་གོས་དམར་པོའམ་གཞན་གང་ཡང་རུང་བ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་ཏྟ་ར་བོ་དྷི་ཨ་ལཾ་ཀཱ་ར་ཝསྟྲ་པཱུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ་ཞེས་པས་སྨད་གཡོགས་ དང༌། ཨོཾ་བཛྲ་རཀྵ་ཧཾ་ཞེས་པས་སྟོད་གཡོགས་དང༌། ཨོཾ་བཛྲ་ཨུཥྞཱི་ཥ་ཧཱུཾ་ཕཊ། ཅེས་པས་གཙུག་ཏོར་བྱ་བར་གསུངས་པས་དེ་དག་ལ་བཟླས་པ་དང་བསྐོན་པའི་སྔགས་ཐུན་མོང་བའོ། །དེ་ནས་མིག་བཅིང་བའི་གོས་ནི། དམར་པོ་འམ་སེར་པོར་གསུངས་པ་ལྟར་ལྭ་བ་པས་ 3-2-225b ཀྱང་བཤད་ལ་དེ་ཉིད་བསྡུས་པ་ལས་དུམ་བུ་སོ་སོ་ལ་ཁ་དོག་སོ་སོ་བ་གསུངས་པས་དམར་པོ་ཁོ་ན་མི་དགོས་སོ། །དེ་ལ་བཟླ་བའི་སྔགས་ནི། འཁྱིལ་པའི་སྔགས་སོ། །བཅིང་བའི་སྔགས་ནི། ཨོཾ་ཙཀྵུ་བན་དྷཾ་བ་ར་མ་ན་ཡ་ཧཱུཾ། ཞེས་གསུངས་ཏེ་སྔགས་འདི་ཁོ་ནར་མ་ངེས་སོ། །འཆིང་ ཚུལ་ལ་ལྭ་བ་པས་སློབ་མ་ཐ་མ་དང་འབྲིང་ལ་ཡེ་མི་མཐོང་བ་དང་རབ་ལ་ཅུང་ཟད་མཐོང་བར་བཅིང་བར་གསུངས་པས་མེ་ཏོག་དོར་ནས་སློབ་དཔོན་གྱིས་མིག་རས་མ་བསལ་བར་དུ་དཀྱིལ་འཁོར་རྫོགས་པར་མཐོང་དུ་མི་རུང་བས་མིག་རས་འཆིང་བ་ཡིན་ཏེ། ཕྱི་བའི་འོག་ཏུ་ ཀྱཻ་རྡོ་རྗེ་ལྟོས་ཤིག་ཅེས་དེ་ནས་ལྟ་བ་ལ་སྐུལ་བའི་ཕྱིར་རོ། །ཨཱཿཁཾ་བཱི་ར་ཧཱུཾ། ཞེས་བརྗོད་ནས་མེ་ཏོག་གི་ཕྲེང་བ་བཟུངས་ཤིང་ཡོན་ཕུལ་ལ་ཞེས་པ་མ་གཏོགས་པ་གསོལ་བ་གདབ་པ་མ་བཤད་དེ་སྔར་གྱི་གསོལ་གདབ་འཇུག་པའི་གསོལ་གདབ་ཡིན་པ་ལ་དགོངས་སོ། །ཤཱནྟི་པ་དང་བྷཱ་བ་བྷ་དྲས་སྨད་གཡོགས་མ་གཏོགས་པའི་ཆས་འཇུག་མཛད་ལ་གཞན་མང་པོས་མེ་ཏོག་ཕྲེང་བ་དང་མིག་རས་འཛིན་པ་ཙམ་བཤད་དོ། །དེ་ནས་བྱིན་གྱིས་བརླབ་པ་ནི། ལས་ཐམས་ཅད་པའི་ཆུས་བསངས་ཏེ་སྙིང་མགྲིན་སྤྱི་བོར་གནས་པའི་རྡོ་རྗེ་པདྨ་འཁོར་ལོ་ལ་ བཀོད་པའི་ཉི་མ་དང་ཟླ་བའི་སྟེང་དུ། ཧཱུཾ་ནག་པོ་དང་ཨཱཿདམར་པོ་དང་ཨོཾ་དཀར་པོའི་འོད་ཟེར་གྱིས་ལུས་འོད་གསལ་བར་བྱས་ཤིང༌། ཧཱུཾ་ཞེས་བརྗོད་ནས་དཀྱིལ་འཁོར་གྱི་ཤར་སྒོར་བཞག་གོ། ཤཱནྟི་པ་དང་ཉིན་མོ་འབྱུང་གནས་ཀྱིས་མིག་ལ་སོགས་པ་བྱིན་གྱིས་ རློབ་པ་ཡང་བཤད་དེ་རྒྱས་བསྡུས་སོ། །རིགས་དང་མོས་པ་འདྲི་བ་ནི། སློབ་མ་ལས་ཀྱི་རྡོ་རྗེ་ཅན་གྱིས་བཟུང་བ་ལ་དཀྱིལ་འཁོར་དུ་གཞུག་པའི་ཕྱིར་སློབ་དཔོན་གྱིས་ཀྱཻ་དགའ་བ་ལ་དགའ་ཁྱེད་སུ་ཡིན་ཞེས་དྲི་བར་བྱའོ། །དེས་བདེ་ཆེན་བདག་ནི། སྐལ་བ་བཟང་ཞེས་བརྗོད་ 3-2-226a པར་བྱའོ། །དྲིས་ལན་འདི་ནི། དཱ་རི་ཀ་པའི་དཀྱིལ་ཆོག་གི་འགྱུར་ལྟར་བདེ་སྟེ། བུ་ཁྱོད་སུ་ཡིན་ཅི་ལ་དགའ། །སྐལ་བཟང་བདེ་ཆེན་གནས་ལ་ཞེས། དྲིས་ལན་ཡོངས་སུ་སྤྱད་པར་བྱ། ཞེས་གསུངས་པ་ལྟར་རིགས་དང་མོས་པ་འདྲི་བ་ཡིན་ནོ། །སྐལ་ བཟང་ནི། ས་ར་ཧས་རྒྱལ་བའི་སྲས་ཞེས་འབྱུང་བ་བཞིན་ཡིན་ལ་བདེ་བ་ཆེན་པོ་ལ་མོས་པར་བསྟན་པས་དཀྱིལ་འཁོར་དུ་གཞུག་ཏུ་རུང་བར་ཤེས་པའོ། །མཉམ་སྦྱོར་དུ་ཅི་ལ་དགའ་བ་དྲིས་པའི་ལན་དུ་སྐལ་བ་བཟང་པོ་ལ་དགའ་ཞེས་གསུངས་པའི་དོན་ནི། སྔར་བཤད་པ་ བཞིན་དུ་གཟུང་སྟེ། སྡོམ་འབྱུང་ལས། ཀྱཻ་ཁྱོད་སུ་ཞེས་དྲི་བྱ་སྟེ། །བདག་སྐལ་བཟང་ཞེས་བརྗོད་དང་ལྡན། །ཞེས་གསུངས་པ་བཞིན་དུ་ཚད་ལྡན་གཞན་ཡང་མང་པོས་བཤད་པས་སྐལ་བཟང་ནི། དགའ་བ་པོ་ཡིན་གྱི་དགའ་བའི་ཡུལ་མིན་ནོ། །ལྭ་བ་པས་སྔར་ལྟར་ དྲིས་ལན་བྱས་པའི་འོག་ཏུ་ཡང་བུ་ཅི་བྱ། དེས་ཀྱང་སངས་རྒྱས་མཆོག་གི་དམ་ཚིག་བགྱི་འཚལ་ཞེས་སོ། །ཞེས་དྲིས་ལན་གཞན་ཅིག་གསུངས་ཏེ་ཁྱེད་སྐལ་བ་བཟང་ཞིང་བདེ་ཆེན་ལ་མོས་ན་དེས་ཅི་ཞིག་བྱེད་ཅེ་ན་སངས་རྒྱས་ཀྱི་དམ་ཚིག་མཆོག་བསྒྲུབ་པའི་ཕྱིར་ ཡིན་ནོ་ཞེས་པའི་དོན་ཏོ། །དྲིས་ལན་འདི་མཉམ་སྦྱོར་གྱི་དཀྱིལ་ཆོག་གཉིས་སུ་ཡང་འབྱུང་ངོ༌། །དེ་ནས་རྣལ་འབྱོར་ཐམས་ཅད་ཀྱི་སེམས་བསྐྱེད་པ་ནི། ཨོཾ་སརྦ་ཡོ་ག་ཙིཏྟཾ་ཨུད་པཱ་ཏ་ཡཱ་མི། ཞེས་འདོན་དུ་གཞུག་ཅིང་བྱང་ཆུབ་ཀྱི་སེམས་བསྐྱེད་ལ། ཞེས་སྔགས་འདི་ སློབ་མ་རྣམས་འདོན་དུ་བཅུག་ནས་སེམས་བསྐྱེད་པར་ཕྲེང་བ་རྗེས་འབྲང་དང་བཅས་པས་བཤད་པ་ལེགས་ཏེ་དཔལ་མཆོག་ལས། དེ་ལ་དང་པོ་ཁོ་ནར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བ་དམ་པའི་སྔགས་ལན་ཅིག་བརྗོད་པས་སྐྱེད་དུ་བཅུག་སྟེ། 3-2-226b ཞེས་སྔགས་འདིའི་སྔོན་ཉིད་དུ་གསུངས་པའི་ཕྱིར་དང་ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་པར་བགྱིའོ་ཞེས་པའི་སྔགས་དོན་དང་ཤིན་ཏུ་མཐུན་པའི་ཕྱིར་རོ། །སྔགས་འདིས་སེམས་བསྐྱེད་པ་ནི། མར་མེ་མཛད་བཟང་པོ་དང་ལྭ་བ་པ་དང་ས་ར་ཧ་དང་དཱ་རི་ཀ་ལ་སོགས་ཀྱིས་ བཤད་ལ། ཀླུ་བྱང་དང་བྷཱ་བ་བྷ་དྲ་དང་ནག་པོ་སྤྱོད་པ་སོགས་མ་བཤད་པ་ཡང་མང་པོ་སྣང་ངོ༌། །སེམས་སྐྱེད་ཚུལ་ལ་དཔལ་མཆོག་ཏུ་སྨོན་སེམས་བསྐྱེད་པའི་རྗེས་ཐོགས་སུ་སངས་རྒྱས་ཀྱི་རང་བཞིན་རྟོགས་པའི་བྱང་ཆུབ་ཀྱི་རང་བཞིན་གྱི་སེམས་བསྐྱེད་པ་ལ་གསུངས་ ཀྱི་སྙིང་ཁར་ཟླ་བའི་སྟེང་དུ་རྡོ་རྗེ་བསྒོམས་ནས་སྐྱེད་པ་རྒྱུད་འགྲེལ་གཉིས་ཀ་ན་མི་སྣང་ལ་ཀུན་སྙིང་གི་དཀྱིལ་ཆོག་གཞན་རྣམས་དང་བླ་མེད་ཀྱི་དཀྱིལ་ཆོག་ཕལ་མོ་ཆེར་ཡང་མ་བྱུང་ངོ༌། །བོད་ཀྱི་བླ་མ་ཁ་ཅིག་སྙིང་གར་རྡོ་རྗེ་དཀར་པོ་རྩེ་ལྔ་པ་གཅིག་པུ་བསྒོམས་ནས་མཛད་ ལ་ཁ་ཅིག་ཟླ་བ་དང་རྡོ་རྗེ་གཉིས་ཆར་སྒོམ་པར་མཛད་དོ། །ཡང་དཔལ་མཆོག་ལས། གང་ཞིག་བསྐྱེད་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་དུ་དོགས་མེད་པའི། །བྱང་ཆུབ་སེམས་ནི་གཏང་མི་བྱ། །ཕྱག་རྒྱ་རྡོ་རྗེ་གང་ཡིན་པའོ། །ཞེས་པའི་དོན་འགྲེལ་ཆེན་ལས། སྟོང་ཉིད་ཀྱི་ རྡོ་རྗེ་ཞེས་བྱ་བ་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱས་ཟླ་བའི་སྟེང་དུ་ཏིཥྛ་ཞེས་པས་བསྐྱེད་པ་ཙམ་གྱིས་ཕྱིར་མི་ལྡོག་པའི་བག་ཆགས་སྐྱེད་པས། དེ་བཞིན་གཤེགས་པ་ཐམས་ཅད་དང་མཉམ་པས་ད་ལྟར་བྱུང་བའི་སངས་རྒྱས་སུ་རྟོགས་པར་བྱའོ། །ཞེས་བཀྲལ་བ་དེར་ཏིཥྛ་ཞེས་པའི་སྔགས་ ཀྱིས་སྐྱེད་པར་བཤད་ལ་འདིར་སྔགས་དེ་མ་བྱུང་བས། སློབ་དཔོན་དེའི་དགོངས་པ་ནི། ཕྱག་བཞིའི་དང་པོའི་སྐབས་སུ་རྡོར་སེམས་ཞུགས་ནས་སྙིང་གར་ཟླ་བའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པའི་གཟུགས་ཀྱིས་བཞུགས་པ་ལ་ལྟ་བའི་ཡིད་ནི། ཐབས་དང་ཤེས་རབ་ཀྱི་སེམས་བསྐྱེད་ 3-2-227a པར་སྟོད་འགྲེལ་ལས་གསུངས་པ་དེར་སྣང་ངོ༌། །བཞི་བརྒྱ་ལྔ་བཅུ་པ་དང་དེའི་འགྲེལ་པ་ཤཱནྟི་པས་མཛད་པ་ལས་ཕྱག་བཞི་མ་བཤད་ཀྱང༌། གང་ཞིག་བསྐྱེད་པ་ཙམ་གྱིས་ནི། ཞེས་སོགས་དམ་ཚིག་བསྟན་པའི་སྐགས་སུ་འབྱུང་བའི་འགྲེལ་པ་ ལས། བསྐྱེད་པ་ཙམ་ནི། བྱང་ཆུབ་ཏུ་སྨོན་པ་ལས་སམ་འཇུག་པ་ལས་ཏེ་སྙིང་གའི་ཟླ་བར་རྡོ་རྗེའི་རྣམ་པར་རོ། །ཞེས་གསུངས་ལ་འདི་ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་པ་ལ་མ་བྱས་ན་གཞན་དུ་བཤད་ས་ཡང་མེད་པས་འདིའི་ཤེས་བྱེད་དུ་བྱ་སྟེ་བཞི་བརྒྱ་ལྔ་བཅུ་པ་ ལས་ཀྱང༌། རྣལ་འབྱོར་སེམས་ནི་ཡང་དག་བསྐྱེད། །སྙིང་གར་རྡོ་རྗེ་སྙིང་པོ་བསམ། །ཞེས་གསུངས་པ་ལ་ཡང་ཟུར་ཙམ་ཞིག་སྣང་ངོ༌། །གཞན་ཡང་དཔལ་མཆོག་ལས། འདི་བརྗོད་པ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་དང་མི་འབྲེལ་ཞིང་ཕྱིར་མི་ལྡོག་པ་དང་ བདུད་ཐམས་ཅད་ཟིལ་གྱིས་གནོན་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ་ཉིད་དུ་ཡང་རྟོགས་པར་བྱའོ། །ཞེས་སེམས་དེ་བསྐྱེད་པའི་ཕན་ཡོན་དུ་གསུངས་ཤིང་དེའི་འགྲེལ་པ་ལས་ཀྱང༌། སེམས་དེ་བསྐྱེད་པ་ཙམ་གྱི་མཐུས་ཕྱིར་མི་ལྡོག་པར་འགྱུར་ བའི་ཕྱིར་རོ། །བླ་ན་མེད་པའི་བྱང་ཆུབ་ཏུ་ངེས་པ་ཉིད་ཀྱིས་དེ་བཞིན་གཤེགས་པ་རྣམས་དང་མཉམ་པ་ཉིད་ཀྱིས་དེ་བཞིན་གཤེགས་པ་ཉིད་དུ་རྟོགས་པར་བྱ་བ་ཡིན་ནོ། །ཞེས་གསུངས་པའི་དོན་དང༌། གང་ཞིག་བསྐྱེད་པ་ཙམ་གྱིས་ནི། ཞེས་སོགས་དོན་གཅིག་ཏུ་སྣང་ བས་སེམས་དེ་སྐྱེད་པ་ལ་ཡང་སྦྱར་རུང་བ་ཡིན་ནོ། །སེམས་སྐྱེད་པ་འདི་ལ་ཀུན་སྙིང་དང་ཤཱནྟི་པ་གཉིས་ཀས་སྨོན་སེམས་དང་བྱང་ཆུབ་ཀྱི་རང་བཞིན་རྟོགས་པའི་འཇུག་སེམས་སྐྱེད་པར་གསུངས་པས། བླ་མ་སྔ་མ་རྣམས་ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་ 3-2-227b སེམས་གཉིས་སྐྱེད་པར་མཛད་པ་དང་ཟླ་བའི་སྟེང་གི་རྡོ་རྗེ་སྟོང་ཉིད་ཀྱི་ངོ་བོར་ཀུན་སྙིང་གིས་གསུངས་པས་རྡོ་རྗེ་དོན་དམ་སེམས་བསྐྱེད་དང་ཟླ་བ་ཀུན་རྫོབ་སེམས་བསྐྱེད་ལ་སྦྱོར་བ་ཡང་ལེགས་སོ། །འདི་ལེགས་པར་བརྡ་འཕྲོད་ན་སྔགས་ཀྱི་ཐབས་མཁས་ཀྱིས་ཐེག་པ་ཆེན་པོར་ རིགས་ངེས་པར་བྱེད་པ་ཁྱད་པར་ཅན་ཞིག་སྣང་བས་ལྟ་བའི་སྟེང་ནས་དོན་དམ་པའི་སེམས་བསྐྱེད་དང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་འདོད་ཀྱི་སྨོན་པ་གཉིས་དམིགས་བྱེད་བར་བྱས་ནས་ཟླ་བ་རྡོ་རྗེའི་རྣམ་པར་བསྐྱེད་པར་བྱ་སྟེ། འདི་དང་འདི་འདྲ་བ་གཞན་རྣམས་ ཀྱང་ཚིག་སྤྱི་ལ་མ་ལུས་པར་བརྡ་འཕྲོད་པར་བྱས་ན་རྟེན་འབྲེལ་ཁྱད་པར་ཅན་དུ་མ་ཞིག་འགྲིག་པས་དབང་བསྐུར་བ་ལ་བསྔགས་པ་ཤིན་ཏུ་ཆེ་བ་ཡིན་ནོ། །དེ་ནས་སྙིང་གར་རྡོ་རྗེ་མེ་ཏོག་དང་བཅས་པ། ཨོཾ་སུ་ར་ཏེ་ས་མ་ཡ་སྟྭཾ་ཧོཿསིདྷྱ་བཛྲ་ཡ་ཐཱ་སུ་ཁཾ། ཞེས་བརྗོད་ཅིང་བཟུང་སྟེ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པར་འགྱུར་གྱིས་ཁྱོད་ཀྱིས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་དཀྱིལ་འཁོར་འདི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་བར་མི་བྱ་ཞིང་མ་དད་པར་ཡང་མི་བྱའོ་ཞེས་བརྗོད་དོ། ། ཧོཿཞེས་པ་ཡན་ཆད་དཔལ་མཆོག་ན་ཡོད་ལ་ཕྱི་མའི་སྔགས་ནི། མར་མེ་མཛད་བཟང་པོ་ལ་སོགས་པ་མང་པོས་བཤད་དོ། །རྡོ་རྗེ་སྙིང་གར་འཛིན་པ་མཚམས་འདི་ནས་འབྱུང་བ་བཞིན་དུ་དཔལ་མཆོག་ལས་ཀྱང་འབྱུང་ལ་སེམས་བསྐྱེད་པའི་སྔོན་ནས་བྱེད་པ་ཡང་དཱ་རི་ཀ་པ་ སོགས་མང་པོས་གསུངས་སོ། །དེང་ཁྱོད་ཅེས་སོགས་འདི་མར་མེ་མཛད་བཟང་པོ་དང་ལྭ་བ་པ་ལ་སོགས་པས་མཛད་ལ་གཞན་མང་པོས་མ་བཤད་དོ། །མ་དད་པ་རྣམས་ལའང་མ་ཡིན་ནོ་ཞེས་འབྱུང་བའི་འགྱུར་ལེགས་ཏེ་དཀྱིལ་འཁོར་དུ་ཞུགས་སུ་ཟིན་ཀྱང་སྔགས་ 3-2-228a ལ་མི་དད་ན་དེ་ལ་ཡང་མི་བསྟན་པའི་དོན་ཡིན་པས་དམ་གཞག་དང་པོ་ལ་མེད་པའི་ཁྱད་པར་རོ། །གཉིས་པ་ལ་གསུམ། ནང་དུ་གཞུག་ཅིང་བསྐོར་ནས་ཕྱག་བྱ་བ་དང༌། དམ་ལ་གཞག་པ་དང༌། ཡེ་ཤེས་ཕབ་ནས་བདེན་པ་བརྗོད་པའོ། །དང་པོ་ ནི། དེ་ནས་ཨོཾ་ཡ་མཱནྟ་ཀྲྀཏ་ཧཱུཾ། ཞེས་བརྗོད་ཅིང་ཁྲིད་ལ། ཨཱཿཁཾ་བཱི་ར་ཧཱུཾ། ཞེས་པ་འདིས་ཡོལ་བའི་ནང་དུ་བཅུག་སྟེ། མ་ཧཱ་ར་ཏ་སུ་དྲི་ཌྷ་སུ་ཏོ་ཥོ་སུ་སུ་ཁོ་བཛྲ་ས་ཏྭ་ཨཱཿདྱ་སིདྡྷྱ་མཱཾ། ཞེས་པ་གདོན་ལ་བསྐོར་བ་བྱའོ། །སྔགས་གཉིས་སློབ་དཔོན་གྱིས་བརྗོད་དགོས་སོ། ། སྔགས་སྔ་མས་སློབ་མ་འགུགས་པར་ཤཱནྟི་པས་བཤད་དེ་ལྭ་བ་པས་ཀྱང་ཤར་ཕྱོགས་ཀྱི་སྒོ་སྐྱོང་བའི་སྔགས་ཀྱིས་སློབ་མ་བཅུག་སྟེ། ཞེས་གསུངས་པས་སྔགས་དེས་དཀྱིལ་འཁོར་གྱི་ཤར་སྒོར་དགུག་པའི་དམིགས་པ་བྱའོ། །དེ་ནས་ཡི་གེ་ལྔས་ཡོལ་བའི་ནང་དུ་ གཞུག་པར་ལྭ་བ་པ་ཀྱང་གསུངས་པ་ནི། འདུས་པའི་བཅུ་དྲུག་པ་ལས། དེ་ལ་འདི་ནི་དཀྱིལ་འཁོར་ཆེན་པོར་འཇུག་པའི་རྡོ་རྗེའི་དམ་ཚིག་གོ། ཨཱཿཁཾ་བཱི་ར་ཧཱུཾ། ཞེས་སྔགས་འདིས་དཀྱིལ་འཁོར་དུ་འཇུག་པར་གསུངས་པས་དངོས་སུ་ཡོལ་བའི་ནང་དུ་འཇུག་པ་ ཡིན་ཡང་སྒོམ་དོན་ལ་དཀྱིལ་འཁོར་གྱི་ནང་དུ་ཚུད་པ་དགོས་སོ། །དབང་སྐུར་བ་ལ་སྔོན་དུ་དཀྱིལ་འཁོར་གྱི་ནང་དུ་གཞུག་དགོས་པར་གསུངས་པ་ནི། ལྷ་དེ་དག་གི་གསང་བའི་གཏམ་ཁྱད་པར་ཅན་བཤད་པའི་སྣོད་དུ་རུང་བ་ལ་དེ་དག་གི་ནང་དུ་ཚུད་པ་ཅིག་ དགོས་པའི་དོན་ཡིན་ལ། དཀྱིལ་འཁོར་གྱི་ནང་དུ་འཇུག་པའི་ཐོག་མ་ཡང་འདི་ནས་ཡིན་པས་བརྡ་འབྱོར་དགོས་སོ། །བི་བྷཱུ་ཏཱིའི་དཀྱིལ་ཆོག་ལས་ཀྱང༌། བདེ་བ་མཆོག་གི་ཕོ་བྲང་དུ། །བུ་ཁྱོད་བདག་གིས་དྲངས་པའོ། །ཞེས་དང༌། ནག་པོ་སྤྱོད་པ་དང་ས་ར་ཧས་ 3-2-228b ཀྱང༌། དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཧེ་རུ་ཀ་དཔལ་གྲོང་ཁྱེར་མཆོག །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གིས་སློབ་མ་གཞུག་པར་བགྱི། །ཞེས་གསུངས་པས་སློབ་དཔོན་གྱིས་བཀྲི་ཞིང་སློབ་མ་ལ་ཡང་དམིགས་པ་རྣམས་བསྟན་པར་བྱའོ། ། བྷཱ་བ་བྷ་དྲས། ཨཱཿཁཾ་བཱི་ར་ཧཱུཾ། ཞེས་བྱ་བ་འདི་བརྗོད་ལ་ཡིད་ཀྱིས་དཀྱིལ་འཁོར་གྱི་ལྷ་དང་གཉིས་སུ་མེད་པར་བསྒོམས་ཏེ་དཀྱིལ་འཁོར་གྱི་ཉེ་འཁོར་དུ་གཞུག་པར་བྱའོ། །ཞེས་གསུངས་ཤིང་དཱ་རི་ཀ་པས་ཀྱང་ལྷ་དང་ཐ་དད་མེད་པར་བྱ་བར་གསུངས་པའི་དོན་ནི། དཀྱིལ་འཁོར་གྱི་ནང་དུ་བཅུག་པས་ལྷ་རྣམས་དང་ཕྱི་ནང་གི་ཁྱད་པར་མེད་པར་དེ་དག་དང་སྐལ་བ་མཉམ་པར་སོང་བར་ཡིད་ཀྱིས་སྒོམ་པའི་དོན་ཏེ་ནང་དུ་བཅུག་པའི་དོན་འདི་གསལ་ལོ། །སྐོར་བའི་སྔགས་ནི། དཔལ་མཆོག་ལས་གསུངས་ལ་དེའི་འགྲེལ་ཆེན་ ལས་ཤར་ལ་སོགས་པའི་སྒོ་ནས་སྒོ་མ་རེ་རེའི་སྙིང་པོ་བརྗོད་ནས་སྒོ་དེ་དང་དེར་རང་ཉིད་སྒོ་མ་རྣམས་ཀྱིས་བཀུག་པར་བསམས་ཏེ་མཐར་ཤར་སྒོར་ཞུགས་ནས་སྔགས་འདི་བརྗོད་པར་གསུངས་པས་དང་པོ་ཤར་སྒོ་ནས་ཞུགས་པ་ཕྱིར་འཐོན་ནས་སྐོར་བ་ བྱེད་པ་ཡིན་ལ་སྒོ་གཞན་ལ་ཡང་དེའི་རིགས་པ་སྦྱར་བས་ཆོག་པ་འདྲའོ། །དེ་ནས་ཐལ་མོ་སྦྱར་བས་དཀྱིལ་འཁོར་གྱི་ཤར་སྒོར། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛོ་པསྠ་ན་ནཱ་ཡ། ཨཱ་ཏྨ་ནཾ་ནི་རྱཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་ས་ཏྭ་ཨ་དྷི་ཏིཥྛ་མཱཾ། ཨོཾ་སརྦ་བུདྡྷ་པཱུ་ཛོ་པསྠཱ་ནཱ་ ཡ། ཨཱ་ཏྨ་ནཾ་ནི་རྱཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་བཻ་རོ་ཙ་ན་ཨ་དྷི་ཏིཥྛ་མཱཾ། ཞེས་པ་དང་ལྷོར། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨ་བྷི་ཥེ་ཀཱ་ཡཱ་ཨཱ་ཏྨ་ནཾ་ནི་རྱཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་རཏྣ་ཨ་བྷི་ཥི་ཉྩ་མཱཾ། ནུབ་ཏུ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་པྲ་བརྟ་ནཱ་ཡ་ཨཱ་ཏྨ་ནཾ་ནི་རྱཱ་ཏ་ཡཱ་མི། 3-2-229a སརྦ་ཏ་ཐཱ་ག་ཏ་བཛྲ་དྷརྨ་པྲ་བརྟ་ཡ་མཱཾ། བྱང་དུ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཀརྨཱ་ཎེ་ཨཱ་ཏྨ་ནཾ་ནི་རྱཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་ཀརྨཱ་ཀུ་རུ་མཱཾ། ཞེས་བྱ་བའི་སྔགས་ལྔས་རིམ་པ་བཞིན་དུ་དཀྱིལ་འཁོར་ན་བཞུགས་པའི་མི་བསྐྱོད་པ་ལ་སོགས་ པའི་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་བྱེད་དུ་བཅུག་ལ་ཡང་ཤར་སྒོར། ཨོཾ་གུ་རུ་ཙ་ར་ཎོ་པསྠཱ་ནཱ་ཡ་ཨཱཏྨ་ནཾ་ནི་རྱཱ་ཏ་ཡཱ་མི། ཨོཾ་སརྦ་ས་ཏྭ་པ་རི་དྲ་ཎཱ་རྠཾ་ཨཱཏྨ་ནཾ་ནི་རྱཱ་ཏ་ཡཱ་མི། ཞེས་བྱ་བ་དོན་གོ་བ་སྔོན་དུ་འགྲོ་བས་འདོན་དུ་གཞུག་གོ། སྔགས་གཉིས་པ་དང་ལྔ་པ་ མ་གཏོགས་པ་རྣམས་དེ་ཉིད་བསྡུས་པའི་དུམ་བུ་དང་པོ་ལས་གསུངས་ལ་སློབ་དཔོན་འདིས་དང་པོ་གཙོ་བོ་དང་གཉིས་པ་རྣམ་སྣང་ལ་བྱེད་པས་དབུས་སུ་མི་བསྐྱོད་པའི་རིགས་བཞུགས་པའི་དབང་དུ་མཛད་དོ། །ཀླུ་བྱང་གིས་མི་བསྐྱོད་པར་བསམས་ནས་ཕྱག་དང་ པོ་གཉིས་ལ་སོགས་པའི་ཕྱག་བཞི་ལས་མ་གསུངས་ལ་དབུས་ན་མི་བསྐྱོད་པ་བཞུགས་པས་དེའི་ལུགས་ལ་ཕྱོགས་ཀྱི་ཕྱག་ཕྲེང་བ་བཞིན་དུ་བྱ་དགོས་པར་མངོན་ནོ། །ལྭ་བ་པ་དང་ནག་པོ་སྤྱོད་པ་དང་ས་ར་ཧས་དང་པོར་ན་མ་ཏེ་ལ་སོགས་པ་ལུས་ངག་ཡིད་གསུམ་ གྱི་ཕྱག་བྱས་ནས་དེ་ནས་ཕྱོགས་བཞིའི་ཕྱག་བྱེད་དེ་སྔ་མས་གཙོ་བོ་ལ་ཕྱག་བྱེད་པར་མངོན་ནོ། །དེ་དག་གིས་མཁའ་འགྲོ་མ་ལ་སོགས་པ་ཕྱོགས་སོ་སོའི་ལྷའི་མཚན་འདོན་པ་སྤོས་ནས་མཛད་ལ། རྒྱལ་བ་བཟང་པོས་ཀྱང་རྡོ་རྗེ་སེམས་དཔའ་ལ་སོགས་པ་བཞི་མི་བསྐྱོད་ པ་ལ་སོགས་པ་བཞིས་འདོན་པ་སྤོས་ནས་ཕྱག་བཞི་བྱེད་ཅིང་གཙོ་བོ་དེ་བཞི་ཁའི་རང་བཞིན་དུ་བྱས་ནས་མཁའ་འགྲོ་མ་ལ་སོགས་པ་བཞིས་བྱིན་གྱིས་བརླབ་པར་བཤད་དོ། །སྔགས་དེ་དག་གི་དོན་གོ་བ་སྔོན་དུ་བཏང་ནས་ཕྱག་བྱ་བར་གསུངས་པས་སྔགས་དོན་ནི། 3-2-229b ཨཱཏྨ་ནཾ་ནི་རྱཱ་ཏ་ཡཱ་མི་ཞེས་པ་བཞིས་ནི་བདག་ཉིད་དབུལ་བར་བགྱིའོ། །ཞེས་སྟོན་ལ་གང་གི་ཕྱིར་འབུལ་བ་ནི། སྔགས་དེའི་གོང་མ་བཞིས་སྟོན་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་ཅིང་བསྙེན་བཀུར་བ་དང་མཆོད་ཅིང་དབང་བསྐུར་བ་དང་མཆོད་ཅིང་རབ་ཏུ་བསྐོར་བ་དང་མཆོད་པའི་ལས་ཏེ་དེ་དག་ གི་ཕྱིར་དུའོ། །སརྦ་ཏ་ཐཱ་ག་ཏ་བཛྲ་་ས་ཏྭ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་རྡོ་རྗེ་སེམས་དཔའ་ཡང་ཡིན་པས་གཞི་མཐུན་ཏེ་གཞན་རྣམས་ལ་ཡང་དེ་ལྟར་རོ། །སྔགས་ཚན་ཐ་མ་བཞི་ནི། དེ་དག་ལ་བོས་ནས་བདག་ལ་བྱིན་གྱིས་རློབ་པ་དང་བདག་ལ་དབང་བསྐུར་ བ་དང་བདག་ལ་རབ་ཏུ་བསྐོར་བ་དང་བདག་ལ་མཆོད་པའི་ལས་མཛོད་ཅིག་ཅེས་པའི་དོན་ཏེ་སྔགས་གཉིས་པའི་དོན་ཡང་དེས་ཤེས་པར་བྱའོ། །དེ་ལྟར་ན་དཀྱིལ་འཁོར་གྱི་དབུས་དང་ཕྱོགས་བཞི་ན་རིགས་ལྔའམ་དེ་དག་གི་རིགས་ཅན་གྱི་ལྷ་གང་བཞུགས་སྐབས་དང་སྦྱར་ ནས་བརྡ་སྤྲད་དོ། །དེའི་ཚེ་མི་བསྐྱོད་པ་ལ་སོགས་པ་བཞིར་སྒོམ་པར་ཀླུ་བྱང་དང་ཟུང་འཇུག་གསལ་བས་བཤད་དོ། །ཕྱག་འཚལ་ཚུལ་ནི། དེ་ཉིད་བསྡུས་པ་ལས། དང་པོ་ལ་རྡོ་རྗེ་ཐལ་མོ་བརྐྱངས་ཏེ་ལུས་ཐམས་ཅད་ཀྱིས་དང་གཉིས་པ་ལ་རྡོ་རྗེ་ཐལ་མོ་སྙིང་གར་སྦྱར་ཏེ་དཔྲལ་བས་ དང་གསུམ་པ་ལ་རྡོ་རྗེ་ཐལ་མོ་སྤྱི་བོར་སྦྱར་ཏེ་ཁས་དང་བཞི་པ་ལ་རྡོ་རྗེ་ཐལ་མོ་སྤྱི་བོ་ནས་ཕབ་སྟེ་སྙིང་གར་བཞག་ནས་སྤྱི་བོས་ས་ལ་རེག་པའི་ཕྱག་བྱ་བར་བཤད་དོ། །ཕྱག་བཞིའི་སྐབས་སུ་རྡོར་སེམས་ནས་རྡོ་རྗེ་ལས་ཀྱི་བར་བཞི་སྙིང་ག་ལ་སོགས་པའི་གནས་བཞིར་ཞུགས་ ནས་རྡོ་རྗེ་ལ་སོགས་པའི་མཚན་མ་བཞིའི་ཚུལ་གྱིས་གནས་པ་དང་དེ་རྣམས་ལ་ལྟ་བ་ཉིད་མཆོད་ཅིང་བསྙེན་བཀུར་བ་སོགས་བཞི་ཡིན་པར་ཀུན་སྙིང་གིས་བཤད་ལ། ཕྲེང་བ་ལས། ཁ་ཅིག་གིས་འདིའི་སྙིང་གར་སྙོམས་འཇུག་གི་བདེ་བ་ཆེན་པོ་དང༌། སྙིང་ག་ལ་སོགས་པར་ 3-2-230a དགོད་པ་གཞན་ཡང་བཤད་པ་ནི་སྐབས་འདིར་བསྒོམ་པར་མི་བྱ་སྟེ་དེ་ནི་ཆོ་ག་གཞན་ཡིན་ནོ། །ཞེས་སྙིང་གར་ལྷ་ཡབ་ཡུམ་སྙོམས་པར་ཞུགས་པ་སྒོམ་པ་དང་སྙིང་ག་ལ་སོགས་པའི་གནས་བཞིར་མཚན་མ་འགོད་པ་ལ་དགག་པ་ མཛད་དོ། །སློབ་དཔོན་འདིའི་ལུགས་ཀྱིས་རིགས་སོ་སོ་ལ་གསོལ་བ་བཏབ་པ་ན་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་ཅིང་བསྙེན་བཀུར་བ་དང་མཆོད་ཅིང་དབང་བསྐུར་བ་དང་མཆོད་ཅིང་ཆོས་འཁོར་བསྐོར་བ་དང་འཕྲིན་ལས་ཕུན་ཚོགས་ཀྱི་ནུས་པ་ཅན་དུ་དེ་དག་གིས་ བྱིན་གྱིས་བརླབས་པའི་མོས་པ་བྱེད་པ་མིན་པ་ལྷ་བསྟིམ་པ་སོགས་མ་བཤད་ལ། རྒྱལ་བ་བཟང་པོས། སྙིང་གར་བཅོམ་ལྡན་ཞུགས་པ་རུ། །ཡིད་ཀྱིས་ཡོངས་སུ་བརྟག་པར་བྱ། །ཞེས་དང༌། རིན་ཆེན་འབྱུང་ལྡན་རྡོ་རྗེ་ཡིས། །དབང་བསྐུར་བར་ནི་རྣམ་བརྟག་བྱ། །ཞེས་དང༌། འོད་དཔག་ མེད་པའི་རང་བཞིན་གྱིས། །དེ་ནི་ནུས་པ་ལྷག་པར་བརྟག །ཅེས་དང༌། གསང་བའི་མཆོད་པ་ནུས་པ་རུ། །དོན་ཡོད་གྲུབ་པ་བསམ་པར་བྱ། །ཞེས་ཀྱང་གསུངས་པས་རིགས་སོ་སོའི་ལྷ་རེ་ཆད་ནས་ཐིམ་པ་བྱས་ཀྱང་མི་འགལ་ལོ། །བླ་མ་ལ་ཕྱག་བྱེད་པའི་སྔགས་དོན་ནི། བླ་མ་ལ་ བསྙེན་བཀུར་བའི་ཕྱིར་དང་སེམས་ཅན་ཐམས་ཅད་ཡོངས་སུ་བསྒྲལ་ཞིང་སྦྱང་བའི་ཕྱིར་དུ་བདག་ཉིད་འབུལ་བ་གཉིས་ཏེ་ཅུང་ཟད་མི་འདྲ་བ་མ་གཏོགས་པ་རྡོ་རྗེ་མཁའ་འགྲོའི་སོ་གཉིས་པ་ལས་གསུངས་སོ། །ཕྱག་བཞིའི་འོག་ཏུ་སྔགས་སྡོམ་འཛིན་པ་ས་ར་ཧ་ དང་ནག་པོ་སྤྱོད་པ་དང་རྒྱལ་བ་བཟང་པོས་བཤད་ཅིང་སྔ་མ་གཉིས་ཀྱིས་སྡོམ་པ་སྟེར་བའི་ཚེ་སློབ་མའི་ལག་པ་ནས་བཟུངས་ཏེ་སྦྱིན་པར་བཤད་དོ། །ས་ར་ཧ་ས་སྡོམ་པ་བསྒྲག་པ་ཙམ་མིན་པ་གཟུང་བའི་ཆོ་ག་མ་བཤད་པ་ནི་བསྒྲག་པའི་ཚིག་དེ་ཉིད་གཟུང་བའི་ཆོ་གར་ 3-2-230b བསྒྱུར་བས་ཆོག་པས་གོ་སླ་བ་ལ་དགོངས་སོ། །དཱ་རི་ཀ་པས་སློབ་མ་ལས་བུམ་གྱི་ཆུས་བཀྲུས་ནས་མིག་དར་བཅིངས་ཤིང་མེ་ཏོག་གི་ཕྲེང་བ་བཟུང་བའི་འོག་ཏུ་སྡོམ་པ་བླངས་ནས་གསོལ་བ་གདབ་པར་བཤད་དེ། སྟ་གོན་དང་དངོས་གཞིའི་སྐབས་གཉིས་ཀར་འཛིན་ པའི་ལུགས་ཡིན་པས་དེ་ལྟར་བྱས་ན་དགོས་པ་ཆེའོ། །གཉིས་པ་ནི། དམ་ལ་འཇོག་པ་ནི། སློབ་མས་ཁས་ལེན་བྱེད་པ་མིན་ཡང་སློབ་དཔོན་གྱིས་འདི་ལྟར་བྱ་དགོས་སོ། །ཞེས་པ་ཡིན་ལ་དེ་ཡང་རང་གི་ཁས་བླངས་དང་འདྲ་བར་སྲུང་དགོས་པའི་ཕྱིར། དཀྱིལ་འཁོར་དུ་འཇུག་ པ་ཙམ་ཞིག་བྱེད་པའི་བསྲུང་སྡོམ་མི་ནུས་པ་ལ་འདི་མི་བྱེད་པར་གསུངས་སོ། །དམ་གཞག་བྱེད་པའི་གནས་ནི། དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་བྱེད་པར་ལྭ་བ་པ་ལ་སོགས་པས་བཤད་དོ། །དང་པོ་ཕན་ཡོན་བརྗོད་པའི་སྒོ་ནས་དམ་ལ་གཞག་པ་ནི། དེང་ཁྱོད་དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས་དེས་ན་ངས་ཁྱོད་ལ་རྡོ་རྗེ་ཡེ་ཤེས་བསྐྱེད་པར་བྱ་སྟེ་ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་རྣམས་ཀྱང་ཐོབ་པར་འགྱུར་ན་དངོས་གྲུབ་གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས། ཁྱོད་ཀྱིས་ཀྱང་འདི་དཀྱིལ་ འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ་ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ། ཞེས་བརྗོད་དོ། །འདིའི་དུས་སུ་ལག་པ་ནས་བཟུངས་ནས་བྱ་བར་ལྭ་བ་པ་དང་མི་ཐུབ་ཟླ་བས་བཤད་ལ་བོད་ཀྱི་བླ་མ་དག་མགོ་བོར་རྡོ་རྗེ་བཞག་ནས་བྱེད་དོ། །དཀྱིལ་འཁོར་དུ་ཞུགས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ས་བོན་དུ་གྱུར་པས་ན་དེ་དག་གི་རིགས་སུ་ཞུགས་པའོ། །རྡོ་རྗེ་ཡེ་ཤེས་ནི། དུས་གསུམ་ཤེས་པའི་ལྷའི་ཡེ་ཤེས་འཆད་པར་འགྱུར་བ་ལྟར་ཕབ་པས་སྐྱེ་བ་སྟེ་དེ་བསྐྱེད་པར་བྱས་ཞེས་པའམ་བྱ་ཡིས་ཞེས་པའོ། །ཡེ་ཤེས་དེ་བསྐྱེད་པའི་ 3-2-231a ཕན་ཡོན་ནི། ཡེ་ཤེས་གང་གིས་ཞེས་སོགས་ཀྱིས་སྟོན་ཏེ་མཆོག་དང་ཐུན་མོང་འགྲུབ་པའོ། །དཀྱིལ་འཁོར་མཐོང་བ་ནི། ཆོ་ག་ཇི་ལྟ་བ་བཞིན་དུ་བཅུག་ནས་ལྷ་ངོ་བསྟན་པ་ཡིན་པས་དེ་མིན་པ་ནི་དཀྱིལ་འཁོར་མ་མཐོང་བའོ། །མནའ་ཆུ་བླུད་པ་ལ་ སོགས་པས་དམ་ཚིག་ཅན་དུ་བྱས་ཤིང་མནའི་སྙིང་པོ་བྱིན་པ་ལས་འདས་ན་དམ་ཚིག་ཉམས་པ་སྟེ་འདིར་ནད་ལ་སོགས་པ་དང་ཕྱི་མར་ངན་འགྲོར་འགྲོ་བའི་སྡུག་བསྔལ་འཐོབ་པ་ལ། ཤཱཀྱ་བཤེས་གཉེན་གྱི་བཤད་དོ། །ཀུན་སྙིང་གིས་དེ་བཞིན་གཤེགས་ པ་ཐམས་ཅད་ནི། རིགས་ལྔ་དང་དེའི་རིགས་ནི་དེ་དག་སྐྱེད་པའི་ཡུམ་རྣམས་དང་རིགས་དེར་ཞུགས་པ་ལ་གཉིས་ལས་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་འཇུག་པ་ནི། ཕྱི་འཇུག་དང་དེའི་དུས་སུ་ས་མ་ཡ་ཧཱུཾ་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་ཡེ་ཤེས་ཕབ་པ་ནི་གསང་བའི་འཇུག་པར་བཤད་དེ། ཡེ་ཤེས་ཕབ་པ་འདི་ནི། སྔགས་དེས་དཀྱིལ་འཁོར་གྱི་སྒོ་རྣམས་ནས་བཅུག་པའི་ཚེ་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་གྱིས་བརླབས་པ་ལ་བྱེད་ཀྱི་འོག་གི་ཡེ་ཤེས་ཕབ་པ་དང་མི་གཅིག་ གོ། རྡོ་རྗེ་ཡེ་ཤེས་ནི། ས་དང་པོ་ལ་སོགས་པའི་རང་བཞིན་ཅན་གྱི་ཡེ་ཤེས་ཡིན་ལ་དེ་བསྐྱེད་པ་སྟེ་མངོན་སུམ་དུ་བྱ་ཡིས་ཞེས་ཏེ་དེའི་ཁྱད་པར་ནི་ཡེ་ཤེས་གང་གིས་སོགས་སོ། །སྟོད་འགྲེལ་ལས། རྡོ་རྗེ་ཡེ་ཤེས་བསྐྱེད་པར་བྱས་ཞེས་བྱ་བ་ནི། འདས་མ་ཐག་ཏུ་ ཞུགས་པ་གང་ཡིན་པ་དེ་ཞེས་བཤད་པས་ས་མ་ཡ་ཧཱུཾ་གིས་བཅུག་པའི་དུས་སུ་དེ་བཞིན་གཤེགས་པ་དེ་དག་གིས་བྱིན་གྱིས་བརླབས་པ་ལ་ནང་ཞུགས་ཀྱི་ཡེ་ཤེས་བབས་པར་ཀུན་སྙིང་བཞེད་དོ། །སྨྲ་བ་ནི། རྡོར་དབྱིངས་ཀྱི་དཀྱིལ་འཁོར་འདི་འདྲའོ་ཞེས་སྨྲ་ 3-2-231b བ་ལ་བཤད་པ་ནི་མཚོན་པ་ཙམ་སྟེ་སྔགས་ཀྱི་གསང་བ་ཐམས་ཅད་དོ། །དམ་ཚིག་ཉམས་པར་གྱུར་ཏ་རེ་ཞེས་པ་ནི། དམ་ཚིག་ལས་འདའ་བར་མ་བྱེད་ཅིག་ཅེས་བསྒོ་བ་ལ་བཤད་དོ། །དེ་ལྟར་བརྗོད་དེ་མགོ་བོར་རྡོ་རྗེ་བཟུངས་ནས་དྲིལ་བུ་དཀྲོལ་ཞིང༌། ཁྱོད་ཀྱི་དམ་ཚིག་རྡོ་རྗེ་འདི། ། གལ་ཏེ་ཁྱོད་ཀྱིས་འགའ་ཞིག་ལ། །འདི་སྨྲས་ན་ནི་མགོ་བོ་འགེམས། །ཞེས་བསྒྲག་གོ། འདི་ཡང་དེ་ཉིད་བསྡུས་པ་ལས། འདི་ནི་ཁྱོད་ཀྱི་རྡོ་རྗེའི་དམ་ཚིག་ཡིན་གྱིས་གལ་ཏེ་འགའ་ཞིག་ལ་སྨྲས་ན་ཀླད་པ་འགས་པར་འགྱུར་རོ། །ཞེས་གསུངས་པའི་རྗེས་སུ་འབྲངས་པའོ། །འདི་ ལ་ཀུན་སྙིང་དང་ཤཱཀྱ་བཤེས་གཉེན་གཉིས་ཀྱིས་བཤད་པ་མི་སྣང་ཡང་གསང་བ་མི་བསྒྲག་པ་འདི་ནི། ཁྱོད་ཀྱིས་འདར་མི་རུང་བའི་དམ་ཚིག་ཡིན་གྱིས་ཞེས་པ་སྟེ་དེ་ཡང་མི་ཕྱེད་པས་ན་རྡོ་རྗེ་ཞེས་བྱའི་མགོ་བོར་བཞག་པའི་རྡོ་རྗེ་ལ་མི་བྱའོ། །གང་ལ་སྨྲས་པ་དང་ཅི་ཞིག་སྨྲས་པ་ ནི་སྔར་ལྟར་རོ། །མགོ་བོའམ་ཀླད་པ་འགས་པ་ནི་ལུས་ལ་འབྱུང་བའི་ཉེས་དམིགས་སོ། །དེ་ནས་སྙིང་གར་རྡོ་རྗེ་བཟུངས་ཏེ། ཨོཾ་དེ་རིང་རྡོ་རྗེ་སེམས་དཔའ་རང༌། །ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཞེས་བཀའ་བསྒོའོ། ། ཚུལ་འདི་ཞེས་པ་དང་གང་ལ་སྨྲས་པ་དེ་ཉིད་བསྡུས་པའི་འགྲེལ་པ་གཉིས་སུ་གསལ་བར་མ་བཤད་ཀྱང་དམ་གཞག་དང་པོ་ལ་བཤད་པས་གོ་ནུས་པ་ལ་དགོངས་སོ། །སྐབས་འདིར་རྡོ་རྗེ་སེམས་དཔའ་སྙིང་ལ་ཞུགས་པར་གྱུར་ཅེས་བརྗོད་པའི་ཚིག་འདིས་སློབ་མ་ལ་ སྔར་ཞུགས་ཟིན་པ་ཞིག་བསྟན་པས་དེ་སྐབས་གང་དུ་ཡིན་སྙམ་ན། ཀུན་སྙིང་གིས་བཤད་པ་ནི་ཡོ་ག་བའི་སྒོས་ཀྱི་ཞུགས་ཚུལ་དུ་སྣང་བས་འདིར་དེས་མི་ཕན་ལ། ཤཱཀྱ་བཤེས་གཉེན་གྱིས་ནི། སྔར་གནང་བ་ནོད་པའི་ཚེ་སློབ་དཔོན་དང་ཕྱག་བཞིའི་ཚེ་སློབ་མས་ 3-2-232a གསོལ་བ་བཏབ་པ་དང་བཅོམ་ལྡན་འདས་ཀྱི་བཀས་ཀྱང་དེའི་ཚེ་སློབ་མ་ལ་རྡོ་རྗེ་སེམས་དཔའ་སྙིང་ལ་གནས་པར་བཤད་པ་དེ་ལ་འཆད་པས་འདིར་ཡང་སྦྱར་རོ། །ཨོཾ་ཞེས་པ་མ་གཏོགས་པའི་ཚིགས་བཅད་དེ། དེ་ཉིད་བསྡུས་པ་ནས་བཤད་ལ་ལྭ་ བ་པ་ལ་སོགས་པས། ཧེ་རུ་ཀ་དཔལ་དེར་ཁྱོད་ཀྱི། ཞེས་འཆད་པས་རྡོར་སེམས་ནི། སྐབས་དང་སྦྱར་ན་རྣམ་པ་གསལ་ལོ། །འདི་ནི། ལྷ་ཡེ་ཤེས་པ་ལུས་ལ་བཞུགས་པ་མི་བཞུགས་པར་འབྱོན་པའི་ཉེས་དམིགས་ཆེན་པོ་སྟེ་དེ་ཡང་དཀྱིལ་འཁོར་དུ་ཞུགས་ཤིང་ལྷ་ངོ་ བསྟན་པ་ལ་སོགས་པའི་སྒོ་ནས་དཀྱིལ་འཁོར་མཐོང་བ་མ་ཡིན་པ་ལ་གསང་བ་བསྟན་པའི་ཉེས་དམིགས་སུ་དཀྱིལ་ཆོག་ཐམས་ཅད་ཀྱིས་བཤད་པས་ན། དཀྱིལ་འཁོར་དུ་གཞུག་པའི་སྐོར་དང་སློབ་མའི་དབང་མ་བྱས་པ་ལ་བྱིན་རླབས་ཀྱི་ཆོ་ག་ཕྲ་མོ་རེ་ དང་དབང་གཞན་རྣམས་བསྐུར་ནས་གསང་བ་སྟོན་པ་ནི་མ་དག་པ་ཆེན་པོའོ། །ཕན་ཡོན་དང་ཉེས་དམིགས་གཉིས་ཀའི་སྒོ་ནས་དམ་ལ་གཞག་པ་ནི། དེ་ནས་རྣམ་རྒྱལ་གྱི་བུམ་པའི་སྟེང་ན་གནས་པའི་ཆུ་མིང་མེད་དང་མཐེ་བོང་གིས་བཟུངས་བའི་སྣོད་ཀྱི་ཁས་སློབ་མའི་ ཁར་བླུགས་ཤིང༌། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་ཉམས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་སྟེ། །རྡོ་རྗེ་བདུད་རྩིའི་ཆུ་འཐུངས་ཤིག །ཨོཾ་པཉྩ་ཨ་མྲྀ་ཏ་ཨུ་ད་ཀ་ཋཿ ཞེས་བརྗོད་ཅིང་མནའི་ཆུ་འཐུང་དུ་གཞུག་སྟེ་དེ་གཉིས་ཀ་རྒྱུད་རྡོར་ ཕྲེང་ནས་ཅུང་མི་འདྲ་ཙམ་ཞིག་འབྱུང་ངོ༌། །དོན་ཡོད་ཞབས་ཀྱིས་ལག་ཏུ་ཆུ་ལྡུགས་པར་བཤད་ལ། ཋཿགསུམ་དང་གཅིག་བྱས་པ་ཅི་རིགས་སུ་ཡོད་དོ། །ཚར་གཅོད་པས་ན་རྡོ་རྗེ་དང་ཕན་འདོགས་པས་བདུད་རྩིའི་ཆུའོ། །འདི་དེ་ཉིད་བསྡུས་པ་དང་རྩེ་མོ་དང་ཀླུ་བྱང་ 3-2-232b ལ་སོགས་པས་མནའ་ཆུར་བཤད་པས་མནའ་བསྒགས་ནས་སྔགས་ཀྱི་དམ་ཚིག་རྣམས་སྲུང་དུ་འཇུག་པ་སྟེ་རྩེ་མོ་ལས། རྡོ་རྗེ་སེམས་དཔའི་མནའ་ཡི་ནི། །སྙིང་པོ་འདི་ཡིས་མནའ་བསྒག་གོ། ཞེས་གསུངས་པའི་ཕྱིར་རོ། །དེས་ན་སྔགས་པས་འདི་ལྟར་བྱས་པ་ དྲན་པར་བྱས་ནས་དམ་ཚིག་དང་སྡོམ་པ་བསྲུང་བ་ལ་འབད་པ་ཆེར་བྱོས་ཤིག །དེ་ནས་བླ་མའི་བཀའ་ཉན་པའི་སྒོ་ནས་དམ་ལ་གཞག་པ་ནི། དེང་ནས་བརྩམས་ཏེ་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱིས་ངས་འདི་གྱིས་ཤིག་ཅེས་གང་བསྒོ་བ་དེ་ཁྱོད་ཀྱིས་བྱ་དགོས་སོ། ། ཁྱོད་ཀྱིས་ང་ལ་བརྙས་པར་ཡང་མི་བྱ་སྟེ་ཁྱོད་ཡ་ང་བ་མ་སྤངས་པར་ཤི་བའི་དུས་ནས་དམྱལ་བར་ལྟུང་བར་གྱུར་ཏ་རེ། ཞེས་བརྗོད་དེ། དེ་ཉིད་བསྡུས་པ་ལས་གསུངས་སོ། །འདི་བརྗོད་པའི་ཚེ་ལག་པ་ནས་བཟུངས་ཏེ་བྱ་བར་ཀླུ་བྱང་གིས་བཤད་དོ། །དེ་ཉིད་བསྡུས་ པར་མི་བདེ་བ་མ་སྤངས་པར་རེག་འབྱུང་ལ་དེའི་སྐབས་གཞན་དུ་དེ་ཉིད་སྣང་བ་ལས་གནོད་པའམ་མི་བདེ་བ་ནི། རྒྱལ་བའི་བཀའ་ལས་འདས་པ་ལ་བཤད་ཀྱང་སྐབས་འདིར་བླ་མ་ལ་བརྙས་པར་མ་བྱེད་ཅིག་ཅེས་བསྒོས་པ་ལས་འདས་པའོ། །དེ་མ་སྤངས་པས་ལོ་བརྒྱ་ ཐུབ་པ་ཡང་ཚེ་མ་རྫོགས་པར་དུས་དེ་ཉིད་དམ་གཞན་དུ་མྱུར་བར་དུས་བྱས་ནས་དམྱལ་བར་ལྟུང་ངོ་ཞེས་བཤད་པ་ལྟར་རོ། །དེས་ན་ཡ་ང་བ་མ་སྤངས་པས་ཞེས་འབྱུང་བ་དག་པ་ཡིན་ནོ། །འདི་མར་མེ་མཛད་ཀྱིས་དམ་བཅའ་བརྟན་པར་བྱ་བ་ལ་བཤད་ལ་དེའི་ དོན་མི་ཐུབ་ཟླ་བས། དད་པ་ཉེ་བར་གནས་པ་ལ། །ཅི་སྟེ་འདི་ནི་མི་བརྟན་པར། །དོགས་ཕྱིར་བླ་མས་བརྟག་པར་བྱ། །ཞེས་གསུངས་པས་དམ་གཞག་སྔ་མ་རྣམས་ཀྱིས་དམ་ལ་བཞག་པ་དེ་མ་བརྟན་གྱིས་དོགས་ནས་བཀའ་ཉན་པའི་གཞག་འདི་མཛད་དོ། །དེ་ལྟར་ 3-2-233a ན་མནའ་ཆུ་བླུད་པའི་དམ་གཞག་ནི། རྩ་བ་དང་ཡན་ལག་གི་དམ་ཚིག་སྤྱིའི་དམ་གཞག་ཡིན་ལ་ལྷག་མ་ནི་ཁྱད་པར་བའི་དམ་གཞག་གོ། དེ་ཡང་སྣོད་མིན་ལ་གསང་བ་སྒྲོག་པ་དང་བླ་མ་ལ་བརྙས་ཤིང་བཀའ་ལས་འདས་པ་དངོས་གྲུབ་ འཕྲོག་པའི་ཉེས་དམིགས་ཆེ་བར་དགོངས་ནས་རྩ་ལྟུང་དང་པོ་དང་བདུན་པ་སྲུང་བ་ལ་ཁྱད་པར་བའི་དམ་གཞག་ནན་ཆེར་མཛད་དོ། །གསུམ་པ་ནི། ཕྲེང་བར་སྐབས་གཞན་དང་འདིར་ཡེ་ཤེས་འབེབས་པའི་ཆོ་ག་གཉིས་ཐུན་མོང་དུ་བཤད་དེ་ཕབ་པའི་དགོས་ པ་ནི། དངོས་གྲུབ་སྒྲུབ་པའི་དུས་ལས་སྔོན་དུ་སྒྲུབ་པ་བྱས་པས་དངོས་གྲུབ་གང་འགྲུབ་ལ་སོགས་པ་ཤེས་པའི་དོན་དུའོ། །འབེབས་པའི་ཡུལ་ནི། སློབ་མ་དང་སྣོད་ལ་དབབ་པར་གསུངས་པའི་སྣོད་ནི། ཁྱེའུ་དང་བུ་མོ་ལོ་བཅུ་གཉིས་པ་ཡན་ལག་དང་ཉིང་ལག་རྣམས་ ཚང་བ་གྲོང་པའི་ཆོས་ཀྱིས་མ་གོས་པ་ལ་དབབ་པར་རྒྱུད་ཁ་ཅིག་ལས་གསུངས་ཀྱང༌། བླ་མ་དུས་རྒྱུན་དུ་རྡོ་རྗེ་འཆང་གི་སྐུ་མངོན་དུ་བྱེད་ཅིང་བསོད་ནམས་བསགས་པ་སྐད་ཅིག་གིས་བརྟན་པར་སྒོམ་ནུས་པས་ཡན་ལག་མ་ཚང་བ་དང་རྒན་པ་དང་གྲོང་པའི་ ཆོས་ཀྱིས་གོས་པ་ལ་ཡང་དབབ་པར་རྒྱུད་གཞན་རྣམས་སུ་མང་དུ་གསུངས་སོ། །དབབ་པའི་ཡུལ་ལ་ལྷག་གནས་བྱས་པ་དགོས་པར་གསུངས་པ་ནི་གཉིས་ཀ་ལ་འདྲའོ། །འབེབས་པ་པོ་ནི། དང་པོར་རི་ལ་སོགས་པ་ཡིད་དང་རྗེས་སུ་མཐུན་པའི་གནས་སུ་ སྔོན་དུ་བསྙེན་པ་བྱས་ཤིང་སེམས་བརྟན་པ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་ཤིན་ཏུ་བརྟན་པར་དམིགས་ནས་དབབ་པའི་ནུས་པ་ཐོབ་པས་བྱ་བར་གསུངས་ཤིང་མི་ནུས་པས་ནི། འབེབས་པའི་ཆོ་ག་མ་བྱས་པར་དམ་ཚིག་གི་ཆུ་བྱིན་པའི་མཇུག་ཏུ་སྣང་བ་ 3-2-233b སོགས་ཐམས་ཅད་བྱའོ་ཞེས་ཁ་ཅིག་འདོད་པའི་ལུགས་ཀྱང་བཀོད་དོ། །ཟུང་འཇུག་གསལ་བ་ལས་ཀྱང་གལ་ཏེ་སློབ་དཔོན་གྱིས་འབེབས་པའི་ཆོ་གའི་ནུས་པ་ཐོབ་ན་ཀླུ་བྱང་གི་ཆོ་གས་དབབ་སྟེ་དེས་ན་འདིར་མ་སྨྲས་སོ། །ཞེས་རང་གི་དཀྱིལ་ཆོག་ཏུ་ཡེ་ཤེས་འབེབས་ པ་མ་བཤད་དེ་བི་བྷཱུ་ཏཱིས་ཀྱང་མ་བཤད་དོ། །དབབ་པའི་ཆོ་ག་ལ་གཉིས་ལས་གསང་བ་འདུས་པའི་རྗེས་སུ་འབྲངས་ནས་དབབ་པ་ནི། སློབ་མ་མདུན་དུ་བྱས་ལ་སྐད་ཅིག་གིས་སྟོང་བ་ཉིད་དུ་བསམས་པའི་རྗེས་སུ་ཨཱཿ ལས་སྣང་བ་མཐའ་ཡས་ཀྱི་གཟུགས་སུ་བསྐྱེད་ ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ་རྡོ་རྗེ་སེམས་དཔའ་བདག་ལ་འབབ་པར་གྱུར་ཅིག་ཅེས་དེ་ཉིད་བསྡུས་པ་ལས་གསུངས་པ་འདིས་གསོལ་བ་འདེབས་སུ་གཞུག་གོ། དེའི་སྙིང་གར་ལཾ་ལས་སྐྱེས་པའི་ས་དཀྱིལ་སེར་པོ་གྲུ་བཞི་ པ་རྡོ་རྗེས་མཚན་པར་ཉི་མ་ལ་ཧཱུཾ་སྔོན་པོ་བསྒོམ་མོ། །ལྭ་བ་པས་གྲྭ་རྣམས་སུ་རྡོ་རྗེ་རྩེ་གསུམ་པས་མཚན་པར་མཛད་དོ། །མགོ་བོར་བཾ་ལས་བྱུང་བའི་ཆུ་དཀྱིལ་དཀར་ཞིང་ཟླུམ་པོ་བུམ་པས་མཚན་པར་ཟླ་བ་ལ་ཧཿ དཀར་པོ་དང༌། མགྲིན་པར་ཡཾ་ལས་རླུང་དཀྱིལ་སྔོན་པོ་གཞུ་ ལྟ་བུ་བ་དན་གཡོ་བ་གཉིས་ཀྱིས་མཚན་པར་ཟླ་བ་ལ་ཨཱཿ དམར་པོ་བསྒོམ་མོ། །དེ་ནས་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཐུགས་སྐུ་གསུང་གི་རྡོ་རྗེ་རྣམས་སྤྱན་དྲངས་པ་ཡི་གེ་གསུམ་ལ་རིམ་པ་བཞིན་དུ་བསྟིམ་ལ། རྐང་པའི་འོག་ནས་རླུང་དཀྱིལ་གྱིས་སྦར་ བའི་རཾ་ལས་མེ་དཀྱིལ་དམར་པོ་གྲུ་གསུམ་པ་རས་མཚན་པའི་འོད་ཟེར་འཕྲོ་བ་ལ་གནས་པའི་ཛྷཻཿདམར་པོས་སློབ་མ་འདེགས་ཤིང་ཛྷཻཿའི་འོད་ཀྱི་ཚོགས་རྐང་པའི་བུ་ག་ནས་ཞུགས་པར་ཧཱུཾ་ལ་སོགས་པའི་འོད་ཀྱིས་ལུས་མཐའ་དག་ཀུན་ནས་བཀང་བར་བསྒོམ་པར་ 3-2-234a བཤད་པས། རྐང་འོག་ཏུ་རླུང་སྔ་མ་ལྟ་བུ་དང་དེའི་སྟེང་དུ་མེ་དང་དེའི་སྟེང་དུ་རྐང་མཐིལ་གཉིས་སུ་ཛྷཻཿབསྒོམ་པར་བྱའོ། །དེ་ནས་སྤོས་ཕོར་འདེགས་པ་སྔོན་དུ་འགྲོ་བས་དྲིལ་བུ་དཀྲོལ་ཞིང་ཨཱ་བེ་ཤ་ཡ་སྟཾ་བྷ་ཡ་ར་ར་ར་ར་ཙཱ་ལ་ཡ་ཙཱ་ལ་ཡ་ཧཱུཾ་ཧཿ ཨཱཿ ཛྷཻཿ ཞེས་པའི་སྔགས་རྣམ་པ་བརྒྱར་གདོན་ཞིང་བསམ་གཏན་ལ་གཞོལ་བས་དབབ་པར་བྱའོ། །བཞི་བརྒྱ་ལྔ་བཅུ་པའི་འགྲེལ་པར་སྙིང་གར་ས་མགྲིན་པར་ཆུ་སྤྱི་བོར་རླུང་དང་རྐང་འོག་ཏུ་སྔར་ལྟར་སྒོམ་པར་བཤད་ལ། ལྭ་བ་པས་ལྟེ་བར་མེ་སྙིང་གར་ས་སྤྱི་བོར་ཆུ་དང་ རྐང་འོག་ཏུ་རླུང་དང་ཛྷཻཿ དྲག་པོ་མེ་འབར་བ་སྒོམ་ཞིང་ཛྷཻཿའི་མེ་རླུང་གིས་ལྟེ་བའི་བར་དུ་བུས་པས་དེ་དང་ཕྲད་ནས་འབར་བས་ས་བསྲེགས་ཤིང་ཆུ་བསྐོལ་བས་བདུད་རྩི་འཛགས་པས་ཚིམ་ཞིང་རླུང་གིས་བཏེག་པར་བསམས་ནས་དབབ་པར་བཤད་དོ། །ཡང་ན་འབུམ་ པ་མངོན་པར་བརྗོད་པའི་རྒྱུད་དུ་གསུངས་པའི་ཆོ་གས་དབབ་སྟེ། བླ་མ་བདེ་མཆོག་གི་གཟུགས་ཅན་གཡས་བརྐྱངས་སུ་གནས་པས་སློབ་མ་ཡང་དེ་ལྟར་གནས་ཤིང་སྙིང་གར་ཐལ་མོ་སྦྱར་བ་ལ་ལག་པ་གཡོན་གྱིས་དྲིལ་བུ་དཀྲོལ་གཡས་པས་བདུག་པས་བདུགས་ལ་ སྔགས་བརྗིད་བག་དང་བཅས་པར་བརྗོད་དེ་དབབ་བོ། །སྔགས་ནི། ཏིཥྛ་མ་ཧཱ་ཀྲོ་དྷ་ཨཱ་བེ་ཤ་ཡ་ཧཱུཾ་ཤྲཱི་ཧེ་རུ་ཀཱ་ཡ་བིད་མ་ཧེ་བིདྱཱ་རཱ་ཛ་ཡ་དྷི་མ་ཧཱེ་སྭཱ་ཧཱ་ཞེས་པ་སྟེ་འདིས་དཔའ་བོ་བསྐུལ་བར་བྱའོ། །བདུག་པའི་རྫས་ནི། བུད་མེད་ཀྱི་འདོམས་དཀྲིས་ཟླ་མཚན་གྱིས་གོས་པ་ གཏུབས་པ་ལ་ཤ་ལྔ་དང་བདུད་རྩི་ལྔ་དང་བྱི་ལའི་བྲུན་གྱིས་བྱུག་ཅིང་གུ་གུལ་དང་བསྲེས་པ་སྟེ། ཐོད་ཕོར་དུ་བཞག་པའི་རོ་སོལ་གྱི་མེ་ལ་བསྲེགས་ནས་བདུག་པར་དྲིལ་བུ་པས་གསུངས་སོ། །འདི་རྫས་ལ་བརྟེན་ནས་དབབ་པའི་ཐབས་སོ། །ས་ར་ཧས་མ་ཕེབས་ 3-2-234b པའི་སྤོགས་ཆོག་ལ་སྙིང་ཀར་སངས་རྒྱས་ཐོད་པ་ཡབ་ཡུམ་ཡུངས་ཀར་ཙམ་ཞིག་བསྒོམས་ལ་དེའི་མཁའ་གསང་བསྐྱོད་པས་འོད་ཟེར་དམར་པོས་ལུས་ཀུན་གང་བར་བསམས་ལ་སྔགས་བཏོན་ནས་དབབ་པར་བཤད་དེ་ཐོད་པ་ཡབ་ཡུམ་ནི་མཚོན་པ་ཙམ་མོ། །གལ་ཏེ་ཕེབས་ པ་རིང་དུ་འཕར་ན་དེའི་ཚེ་དེའི་སྟེང་དུ་རི་རབ་རྡོ་རྗེའི་རང་བཞིན་དེའི་སྟེང་དུ་དབང་ཆེན་ཀྱི་དཀྱིལ་འཁོར་དེའི་སྟེང་དུ་རྡོ་རྗེ་སེར་པོ་རྩེ་ལྔ་པ་དེའི་སྟེང་དུ་ཡི་གེ་ཨཱཿདེའི་སྟེང་དུ་རྣམ་སྣང་བསྒོམས་ལ་ཞི་བར་བྱའོ། །དེ་ལྟར་ཕེབས་པ་ན་སློབ་མའི་ཧཱུཾ་གི་འོད་ཀྱིས་ཨཱཿ བསྐུལ་ ཞིང་ལྕེའམ་ཟླ་བ་ལ་གནས་པའི་ཨཱཿ དམར་པོའི་འོད་ཟེར་གྱི་ཕྲེང་བ་འཁྲིགས་པ་བསྒོམས་ནས་རྡོ་རྗེ་སྨྲོས་ཤིག་ཅེས་བརྗོད་པས་རང་ངམ་གཞན་ལ་དགེ་མི་དགེ་གང་ཡིན་བདེན་པར་སྨྲའོ། །བྲུ་ཧི་བཛྲི་ཞེས་པ་དང་དོན་གཅིག་གོ། དེ་ནས་སློབ་མ་ལ་ཞུགས་པའི་ ལྷ་རང་གི་སྙིང་གའི་ས་བོན་གྱི་འོད་ཀྱིས་བཀུག་ནས་རང་གི་སྙིང་གའི་ས་བོན་ལ་བསྟིམ་ཞིང༌། སློབ་མའི་མགོ་བོར་རྡོ་རྗེ་བཟུངས་ལ། ཨོཾ་ཁྱེད་ཀྱིས་ཞེས་སོགས་སྔོན་དུ་འགྲོ་བའི་ཧཱུཾ་ཧཿ ཨཱཿ ཛྷཻཿམུཿཞེས་པས་གཤེགས་སུ་གསོལ་ལོ། །ཞེས་སྐབས་འདིར་གསུངས་ པ་རང་ལུགས་ཡིན་ལ་མེ་ཏོག་དོར་བའི་འོག་ཏུ་ཕེབས་པར་གྱུར་ན་དགེ་བ་ལ་སོགས་པ་སྨྲས་པའི་རྗེས་ལ། ཏིཥྛ་བཛྲ་ཞེས་པས་བརྟན་པར་བྱས་ནས་མིག་གི་སྣང་བ་དྲི་བ་ནས་བརྩམས་ཏེ་མགོར་བཅིང་བའི་བར་བྱས་ནས་དབབ་པའི་ལྷ་གཤེགས་སུ་གསོལ་བར་བྱའོ་ ཞེས་གསུངས་པ་ནི་གཞན་གྱི་བཞེད་པ་བཀོད་པའོ། །འདི་དང་རཏྣ་རཀྵི་ཏས་གཤེགས་གསོལ་བྱེད་ལ་དཀྱིལ་ཆོག་གཞན་རྣམས་ནས་བརྟན་བཞུགས་ཁོ་ན་མཛད་ཅིང་ཕེབས་པ་ལ་འདྲི་བ་ན་འོད་དཔག་མེད་དམ་དེའི་རིགས་ཀྱི་ལྷར་བྱས་ནས་འདྲི་བར་བཤད་དོ། །དེ་ 3-2-235a ནས་སློབ་མ་དཀྱིལ་འཁོར་ལ་མངོན་དུ་ཕྱོགས་པ་ལ་ཁྱོད་ཀྱི་མིག་ལ་ཇི་ལྟར་སྣང་ཞེས་དྲིས་ལ་དཀར་པོ་སོགས་སུ་སྣང་ཟེར་ན་ཞི་སོགས་ཀྱི་དངོས་གྲུབ་ལ་སྐལ་བ་དང་ལྡན་པར་གོ་བར་བྱའོ། །དེ་ནས་སློབ་མའི་མཐེ་བོང་གཉིས་རྡོ་རྗེ་དང་ བཅས་པའི་ལག་པ་གཡས་ཀྱིས་བཟུངས་ཏེ་རྡོ་རྗེའི་རྐང་སྟབས་ཀྱིས་གར་གྱི་ཚུལ་གྱིས་འཁྱིལ་པ་བརྗོད་ཅིང་བསྐོར་བ་གསུམ་བྱེད་དུ་བཅུག་ལ་བདེན་པའི་བྱིན་བརླབ་འདི་བྱའོ། །ཡང་དག་པ་ཡི་དཀྱིལ་འཁོར་འདིར། །བདག་གི་སློབ་མ་བཅུག་པ་འདིའི། །ལྷ་རྣམས་ རིགས་ཀྱི་རིམ་པ་ནི། །བསོད་ནམས་ཇི་ལྟ་དེ་ལྟར་ཤོག །འདི་ཡི་དངོས་གྲུབ་ཇི་འདྲར་འགྱུར། །རིགས་ནི་གང་གི་སྣོད་དུ་འགྱུར། །བསོད་ནམས་མཐུ་ཡང་ཇི་འདྲ་བ། །དེ་འདྲ་དཀྱིལ་འཁོར་དུ་གྱུར་ཅིག ཅེས་པ་སྟེ་སྤྱི་རྒྱུད་ནས་བཏུས་པའོ། །དེ་དག་གི་དོན་ནི་བདག་ གིས་སློབ་མ་འདི་རྣམས་ལྷ་ལ་མེ་ཏོག་དོར་བའི་ཕྱིར་དུ་དཀྱིལ་འཁོར་དུ་འཇུག་ལགས་ན་ལྷ་རྣམས་གང་གི་རིགས་ཡིན་པའི་རིམ་པ་དེ་ནི། འདི་དག་གི་བསོད་ནམས་ཀྱི་མཐུ་ཅི་ཡོད་པ་དེ་ལས་དཀྱིལ་འཁོར་དུ་འབབ་པར་གྱུར་ཅིག་ཅེས་སྤྱིར་བདེན་རྗོད་བྱེད་པའོ། ། དེ་ནས་ཁྱད་པར་དུ་བདེན་རྗོད་བྱེད་པ་ནི། འདིའི་དངོས་གྲུབ་ཅེས་སོགས་སོ། །སྤྱི་རྒྱུད་ལས། འདིས་ནི་དངོས་གྲུབ་གང་འགྲུབ་དང༌། ཞེས་འབྱུང་བ་བདེ་བས་དངོས་གྲུབ་རབ་འབྲིང་ཐ་གསུམ་གང་འགྲུབ་པ་དེ་དཀྱིལ་འཁོར་འདིར་དེ་འདྲར་གྱུར་ཅིག་ཅེས་པའོ། ། རིགས་ནི་ཞེས་པས་ནི། ལྷ་རྣམས་ཀྱི་ཞེས་པ་གསལ་དུ་བཏང་བའོ། །བསོད་ནམས་མཐུ་ཡང་ཇི་འདྲ་བ། ཞེས་པ་ནི། དངོས་གྲུབ་དེ་འགྲུབ་པའི་ཡུན་རིང་ཐུང་དང་སྐལ་བ་ཡོད་མེད་རྣམས་མེ་ཏོག་དོར་བ་ལས་སྟོན་ཅིག་ཅེས་པའོ། །གཉིས་པ་ནི། དེ་ནས་སྔར་བཟུང་ 3-2-235b བའི་མེ་ཏོག་གི་ཕྲེང་བ་ཏྲཱཾ་གྱིས་བསྔགས་པ་ལས་ཡང་ཞིང་མ་རྙིངས་པའི་མེ་ཏོག་གཅིག་བཏོན་ལ་སློབ་མ་དེའི་ཐལ་མོ་སྦྱར་བའི་བར་དུ་སྦྱིན་ཏེ་མེ་ཏོག་ཕྲེང་བ་ཧྲིལ་པོ་མི་འདོར་གྱི་དེའི་གསེབ་ཀྱི་གཅིག་འདོར་བའོ། །དེས་དེའི་ཚེ་མེ་ཏོག་དེ་ཕྲེང་བར་མོས་ཏེ་ཞེས་པ་ནི་མེ་ཏོག་ གི་ཕྲེང་བ་འབུལ་བ་ནི་ལྷའི་དབུ་ལ་འཆིང་བར་བསམས་ནས་འབུལ་ལ་འདིར་ཡང་ལྷའི་དབུ་ལ་འབུལ་བའི་དབང་དུ་བྱས་པའོ། །རང་ཡང་འབྲུ་གསུམ་གྱི་འོད་ཀྱིས་གསལ་བར་བྱས་ཤིང་སྡིག་པ་བཀྲུས་པར་མོས་ནས་བླ་མས་དེ་ལྟར་བྱིན་གྱིས་བརླབས་པ་གུས་པ་སྔོན་དུ་འགྲོ་ བས་འཁོར་དང་བཅས་པའི་དཀྱིལ་འཁོར་དབང་ཕྱུག་གི་མདུན་ན་གནས་པ་བཞིན་དུ་དམིགས་ལ། དཀྱིལ་འཁོར་དེར་ཡིད་ཀྱིས་ཞུགས་ཏེ་དེའི་དབུ་ལ་ཨོཾ་ཏིཥྛ་བཛྲ་དྲི་བྷོ་མེ་བྷ་བ་ཤཱ་ཤྭ་ཏོ་མེ་བྷ་བ་ཧྲྀ་ད་ཡཾ་མེ་ཨ་དྷི་ཏིཥྛ་སརྦ་སིདྡྷི་མེ་པྲ་ཡཙྪ་ཧཱུཾ། ཨཱཿཁཾ་བཱི་ར་ཧཱུཾ་པྲ་ཏཱིཙྪ་ཀུ་སུ་ མ་ཨཉྩ་ལི་ནཱ་ཐ་ཧོཿཞེས་བརྗོད་ཅིང་མེ་ཏོག་དོར་བར་བྱའོ། །ཧཱུཾ་ཞེས་པ་ཡན་ཆད་ཀྱི་སྔགས་ནི། དེ་ཉིད་བསྡུས་པ་ནས་གསུངས་ལ་དེར་མེ་ཏོག་དོར་བའི་སྔགས་ལ་པྲ་ཏཱིཙྪ་བཛྲ་ཧོཿ ཞེས་གསུངས་སོ། །འོན་ཀྱང་སྔ་མས་འདོར་བ་ནི། ཀླུ་བྱང་གི་ལུགས་ཏེ་དེས་ཧ་བཞི་དང་ཧོ་དང་ ཨོཾ་ཡང་གསུངས་སོ། །ཏྲཱཾ་གྱིས་བསྔག་པར་ལྭ་བ་པ་དང་ཉིན་མོ་འབྱུང་གནས་ཀྱིས་ཀྱང་བཤད་དོ། །དོན་ཡོད་ཞབས་ནི། ལན་གསུམ་འདོར་བར་བཞེད་དོ། །རྣམ་སྣང་མངོན་བྱང་གི་འགྲེལ་པ་ལས་སྔར་དབང་བསྐུར་བ་ཐོབ་པས་ནི། རང་གི་ལྷ་གང་ཡིན་པ་ལ་མེ་ཏོག་འཇོག་ པར་བཤད་དོ། །རེ་ཁ་ལྔའི་ནང་དུ་མེ་ཏོག་ལྷུང་བ་དང་བསྟུན་ནས་འདི་ལ་རིགས་བརྟག་པར་བྱའོ། །ལྷ་དེའི་རྣལ་འབྱོར་ཡང་སྦྱིན་ལ་དངོས་གྲུབ་ཀྱང་མཚོན་པར་བྱའོ། །དཀྱིལ་འཁོར་ན་ལྷའི་སྐུ་ཡོད་ན་ལྷའི་མཛོད་སྤུ་འམ་དབུ་འམ་གཙུག་ཏོར་ལ་ལྷུང་ན་ཕྱག་ཆེན་དང་ 3-2-236a སྤྱན་ནམ་ཞལ་ལ་ནི། སྔགས་ཀྱི་དངོས་གྲུབ་འགྲུབ་བོ། །ལུས་ཀྱི་སྟོད་དང་བར་དང་སྨད་ལ་དངོས་གྲུབ་མཆོག་འབྲིང་དམན་པའོ། །ལྭ་བ་པས་བྱང་ཆུབ་དང་དབང་ཕྱུག་དང་ནོར་ལ་བཤད་དོ། །སྐུ་ལས་ཧ་ཅང་རིང་ན་ཡུན་རིང་པོས་འགྲུབ་ལ་ཉེ་ན་ དངོས་གྲུབ་མྱུར་རོ། །ལྷའི་གནས་ནི། རང་གི་རེའུ་མིག་ལ་སོགས་པས་བར་བཅད་པ་ལས་ཤེས་པར་བྱའོ། །ལྷ་གཉིས་ཀྱི་བར་དུ་ལྷུང་ན་གང་ལ་ཉེ་བ་དེའི་རིགས་ཏེ་སྤྱི་རྒྱུད་ཀྱི་དགོངས་པའོ། །མཉམ་ན་གཉིས་ཀའི་དངོས་གྲུབ་འགྲུབ་ལ་གང་ལ་དད་པ་དེའི་རིགས་སོ། ། རྩིག་པའི་ཕྱི་ངོས་སུ་ལྷུང་ན་ལན་གསུམ་དུ་དོར་བར་བྱའོ། །དེ་ལ་ཡང་ཕྱི་རོལ་ཏུ་ལྷུང་ན་དངོས་གྲུབ་ཕྲ་མོའོ། །འདི་ལྭ་བ་པས་མི་གཟུང་བར་བཤད་དོ། །ཕྱི་རོལ་གྱི་རེ་ཁ་ཟླུམ་པོ་རྣམས་དང་ཕྱིའི་རྡོ་རྗེ་རྭ་བའི་ཕྱི་རོལ་ཏུ་ལྷུང་ན་ནི་དངོས་གྲུབ་མེད་དོ། །དཀྱིལ་འཁོར་ཡང་ མི་བསྟན་ཏོ། །སྔགས་བཟླས་པ་ལ་སོགས་པས་སྐལ་བ་དང་ལྡན་པ་ཉིད་དུ་བསྒྲུབས་ནས་སྐབས་གཞན་དུ་གཞུག་གོ། སྤྱི་རྒྱུད་ནས་ཞི་བའི་སྦྱིན་སྲེག་བྱས་ནས་དེ་ནས་གཞུག་པར་བཤད་ལ་རྩིག་པ་ལ་མེ་ཏོག་ལྷུང་བ་ལ་ཡང་དེ་ལྟར་བཤད་ཅིང་གཙོ་བོ་ལ་ཕོག་ན་ མྱུར་དུ་འགྲུབ་པར་གསུངས་སོ། །ཕྱིའི་རྡོ་རྗེ་ཕྲེང་བའི་ནང་དུ་ལྷུང་ན་ཚེགས་ཆེན་པོས་ས། །དེ་ནས་མེ་ཏོག་དེ་བཟུངས་ནས་ཕྲེང་བ་ལ་བཅིངས་ཏེ། ཨོཾ་པྲ་ཏི་གྲྀཧྞ་སྟཱཾ་ཨི་མཾ་ས་ཏྭ་མ་ཧཱ་བཱ་ལཱ། ཞེས་བརྗོད་ཅིང་སློབ་མའི་མགོར་བཅིང་ངོ༌། །མགོ་ལ་འཆིང་བར་རྒྱུད་དང་དཀྱིལ་ཆོག་དུ་ མ་ཞིག་གིས་བཤད་པས་ཕྲེང་བ་དེ་སློབ་མའི་མགོར་བཞག་པ་ཙམ་གྱིས་མི་ཆོག་གོ། སྔགས་ཀྱི་དོན་ནི། སེམས་དཔའ་སྟོབས་པོ་ཆེ་འདི་ཟུངས་ཤིག་ཅེས་པའི་དོན་ཡིན་ཏེ་སྡོམ་འབྱུང་གི་འགྲེལ་པ་ལས། སེམས་དཔའ་སྟོབས་ཆེན་ཁྱོད་ཀྱིས་ནི། །འདི་ནི་རབ་ཏུ་གཟུང་བར་ 3-2-236b མཛོད། །ཅེས་མགོ་ལ་ཕྲེང་བ་བཅིངས་ནས་འདི་བརྗོད་པར་བཤད་པ་ལྟར་རོ། །དེས་ན་སེམས་དཔའ་སྟོབས་པོ་ཆེ་ཞེས་པ་ནི། མེ་ཏོག་གང་ལ་ཕོག་པའི་ལྷ་ལ་བོས་ནས་སློབ་མ་འདི་ཟུངས་ཤིག་ཅེས་པའི་དོན་ཡིན་ཏེ་དེ་ཉིད་བསྡུས་པ་ལས། དེ་བཅིངས་པས་སེམས་དཔའ་ཆེན་པོ་ དེས་བདག་གིར་བྱས་པར་འགྱུར་བས་འདི་མྱུར་དུ་འགྲུབ་པར་འགྱུར་རོ། །ཞེས་གསུངས་ཤིང་ཀོ་ས་ལའི་རྒྱན་ལས་ཀྱང༌། མ་ཧཱ་བཱ་ལཱ་ཞེས་བྱ་བ་ནི། ལྷ་ལ་རྗེ་སར་བོད་པའོ། །འདི་ནི་ཕྲེང་བའི་དབང་བསྐུར་བ་སྟེ་དང་པོའོ། །སེམས་དཔའ་ཆེན་པོ་དེས་བདག་གིར་བྱས་པར་གྱུར་པ་ ནི། བྱང་ཆུབ་ཀྱི་སྙིང་པོ་ལ་གནས་ཀྱི་བར་དུ་ཡོངས་སུ་གཟུང་བར་འགྱུར་རོ། །ཞེས་དང༌། སྟོད་འགྲེལ་ལས་ཀྱང༌། དེ་ནས་མེ་ཏོག་གི་ཕྲེང་བ་དེ་དོར་ཞིང་ཞེས་བྱ་བ་ནི། ཕྲེང་བ་ཕུལ་བས་ལྷ་རྣམས་ཀྱིས་ཡོངས་སུ་གཟུང་བར་གྱུར་ན་འདིའི་དངོས་གྲུབ་རབ་འབྲིང་ཐ་མ་ཡོངས་སུ་རྫོགས་ པར་འགྱུར་བའི་ཕྱིར་ཏེ་ཡོངས་སུ་གཟུང་བ་དེ་ཉིད་གསུངས་པ་ནི། ཨོཾ་པྲ་ཏི་གྲྀཧྞ་སྭ་མི་མཾ་སཏྭ་མ་ཧཱ་བཱ་ལཱ་ཞེས་བྱ་བ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །འདི་སློབ་དཔོན་གྱིས་བདེན་སྟོབས་བརྗོད་དམོད་པ་དོར་ཞིང་སློབ་མས་ཀྱང་སྔར་བཤད་པ་ལྟར་གྱི་དམིགས་པ་དང་སྔགས་ བརྗོད་ནས་རང་དང་འབྲེལ་གང་ལ་ཡོད་པའི་ལྷ་ལ་འབབ་པར་ཤོག་ཅིག་སྙམ་ནས་བསམ་པ་ཐག་པ་ནས་དད་པས་མེ་ཏོག་དོར་བ་ཡིན་ལ་དེ་ནས་མེ་ཏོག་དེ་སློབ་དཔོན་གྱིས་སློབ་མའི་མགོར་བཅིངས་ནས་ཁྱེད་རང་གི་རིགས་ཅན་གྱི་སློབ་མ་འདི་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རྗེས་སུ་ཟུངས་ཤིག་ཅེས་རང་ གི་ལྷག་པའི་ལྷ་ལ་སློབ་མ་གཏོད་པ་ཡིན་ཞིང་དེ་ཉིད་ལ་མེ་ཏོག་ཕྲེང་བའི་དབང་བསྐུར་བ་ཟེར་བ་ཡིན་པས་བརྡ་དོན་འབྱོར་པོ་དགོས་སོ། །དེ་ལྟར་བྱས་པའི་དགོས་པ་ནི། དེ་ལ་བརྟེན་ནས་བསྒྲུབས་ན་དངོས་གྲུབ་མྱུར་བ་དང་སྐྱེ་བ་ཐམས་ཅད་དུ་ཡི་དམ་དེས་རྗེས་སུ་འཛིན་པས་གནད་ 3-2-237a ཆེའོ། །དེས་ན་དཔལ་འཛིན་གྱི་དཀྱིལ་ཆོག་ཏུ་སེམས་ཅན་སྟོབས་པོ་ཆེ་འདི་ལོངས་ཤིག་ཅེས་བསྒྱུར་བ་ནི་འགྱུར་གྱིས་ལེགས་པར་མ་ཐོན་པའོ། །འདིར་དྲི་མེད་འོད་ལས་རྡུལ་ཚོན་ལ་མེ་ཏོག་དོར་ན་ཚོན་རྩི་ཉམས་པའི་སྡིག་ཏུ་འགྱུར་བས་ལམ་རྣི་རྒྱལ་ གྱི་བུམ་པ་ལ་གནས་པའི་མཚན་མ་ལ་མེ་ཏོག་དོར་བར་བྱའོ། །ཞེས་གསུངས་པ་ནི། སེམས་དགེ་བ་ལ་ཉེས་པ་མེད། ཅེས་གསུངས་པས་དེ་ལྟར་མི་ཤེས་པའི་དབང་དུ་བྱས་པར་ཕྲེང་བ་ལས་གསུངས་སོ། །དེའི་རྗེས་སུ་སློབ་མའི་སྙིང་གར་ཟླ་བ་ལ་བདག་པོ་དང་དཔྲལ་བར་རཾ་ དང་མིག་གཉིས་ལ་འབར་བ་དང་བཅས་པའི་ཨོཾ་གཉིས་བསྒོམས་ནས། ཨོཾ་དེ་རིང་རྡོ་རྗེ་སེམས་དཔའ་རང༌། །ཁྱོད་ཀྱི་མིག་ནི་འབྱེད་པར་བརྩོན། །རྡོ་རྗེའི་མིག་ནི་བླ་ན་མེད། །ཐམས་ཅད་མིག་ནི་འབྱེད་པར་མཛད། །ཨོཾ་ཛྙཱ་ན་ཙཀྵུཿཧཱུཾ་ཨཱཿསྭཱ་ཧཱ་ཞེས་བརྗོད་ཅིང་གདོང་གཡོགས་ བསལ་བར་བྱའོ། །ཚིགས་བཅད་དེ་དེ་ཉིད་བསྡུས་པ་ལས་རྒྱ་སྐད་དུ་འབྱུང་ཞིང་དེར་ཧེ་བཛྲ་པཱ་ཤྱ་ཞེས་གསུངས་སོ། །རྡོ་རྗེའི་མིག་ནི། གཟུགས་ཅན་ཐམས་ཅད་ལ་ཐོགས་པ་མེད་པའི་མིག་གོ། བླ་ན་མེད་པ་ནི། སངས་རྒྱས་ཀྱི་སྤྱན་དང་འདྲ་བའོ། །ཐམས་ཅད་མིག་ནི་ཐམས་ ཅད་མཐོང་བའི་མིག་གོ། འབྱེད་པར་འཛད་པ་ནི། སྒྲིབ་པ་རྣམས་བསལ་བས་སོ་ཞེས་ཤཱནྟི་པས་བཤད་དེ། ཕྲེང་བའི་དགོངས་པ་ཡང་དེ་དང་འདྲའོ། །དོན་བསྡུ་ན་ཁྱོད་ཀྱི་མིག་རྡོ་རྗེ་སེམས་དཔའ་འམ་དཔལ་ཧེ་རུ་ཀས་འབྱེད་པར་མཛད་ཀྱི་ཕྱེ་བས་ནི། ཐམས་ཅད་མཐོང་ བའི་རྡོ་རྗེའི་མིག་བླ་ན་མེད་པར་འགྱུར་རོ་ཞེས་པའི་དོན་ཏེ་སློབ་མས་ཀྱང་དེ་ལྟར་བསམ་མོ། །སྐབས་འདིར་ཛ་ཡ་སེ་ནས། དེ་ནས་མིག་གཉིས་ཟླ་བ་ལ། །ཨོཾ་མོ་སྙིང་གར་ཟླ་བ་ལ། །བདག་པོ་ཡང་དག་དམིགས་བྱས་ནས། །དེ་ཡིས་མིག་བལྟས་འོད་རྣམས་ཀྱིས། ། 3-2-237b དཀྱིལ་འཁོར་གྱི་ནི་ལྷ་རྣམས་ཀྱི། །སྤྱན་དང་དབྱེར་མེད་རང་བཞིན་དུ། །ཡང་དག་དམིགས་ནས་དེ་ནས་སྦྱིན། །མིག་གཉིས་ལ་ནི་ལེགས་བསྡུས་ཏེ། །ཞེས་མིག་གཉིས་ལས་འོད་ཟེར་འཕྲོས་པས་རང་གི་མིག་དང་ལྷའི་སྤྱན་གཉིས་དབྱེར་མེད་དུ་བྱས་ཏེ་དེ་ནས་སླར་བསྡུ་བར་ བཤད་པ་ནི། རྒྱལ་བ་བཟང་པོའི་ལུགས་ཏེ་ཕྲེང་བ་ལ་ཡང་དེ་ལྟར་བྱས་ན་དགོངས་པ་མཐུན་པའི་ཕྱོགས་སོ། །བདག་པོ་དམིགས་པ་ནི། སྒྲོན་གསལ་ལྟར་ན་གཙོ་བོ་ཉིད་བསྒོམས་པས་ཆོག་མོད་ཀྱང་དེ་དང་འདི་མི་འདྲ་བས་གཙོ་བོའི་ས་བོན་ཧཱུཾ་ལ་སོགས་པ་ལ་བྱའོ། །ཛྙཱ་ན་ཙཀྵུཿ སོགས་ཀྱིས་འབྱེད་པ་ནི་འཕགས་པ་ལྷ་དང་ལྭ་བ་པ་ལ་སོགས་པས་ཀྱང་བཤད་ལ་ནག་པོ་སྤྱོད་པ་དང་དཱ་རི་ཀ་པ་སོགས་མང་པོས་མིག་ཐུར་གྱིས་མིག་འབྱེད་པའི་སྔགས་ཀྱིས་འབྱེད་པས་མཛད་དོ། །ཧེ་བཛྲ་པཱ་ཤྱེ། ཞེས་པས་ནི། དཀྱིལ་འཁོར་ལ་ལྟ་བར་བསྐུལ་བ་ཡིན་གྱི་མིག་ འབྱེད་པའི་སྔགས་མིན་ནོ། །དེ་ནས་ཀྱཻ་རྡོ་རྗེ་ལྟོས་ཤིག་ཅེས་སྨྲས་ནས་ལྷ་རྣམས་ཀྱང་མིང་བརྗོད་པ་སྔོན་དུ་འགྲོ་བས་གཙོ་བོ་ནས་བརྩམས་ཏེ་བྱང་གི་སྒོ་སྲུངས་སམ་ཇི་ལྟར་ཡོད་པ་འོག་གི་གནོད་མཛེས་ཀྱི་བར་དུ་བསྟན་ཏེ་འདུས་པའི་དཀྱིལ་ཆོག་གཉིས་ཀྱི་ལུགས་སོ། །ལྭ་བ་ པས་ཤར་སྒོའི་ལྷ་ནས་བརྩམས་ཏེ་གཙོ་བོའི་བར་དུ་དང་དཔལ་འཛིན་སོགས་ཀྱིས་ཀྱང་བྱང་སྒོ་ནས་བརྩམས་ཏེ་མས་རིམ་ནས་སྟོན་ཏེ་གང་བྱས་ཀྱང་འདྲ་བར་མངོན་ནོ། །དེ་ནས། ད་ནི་དད་པའི་ཤུགས་ཀྱིས་སུ། །དཀྱིལ་འཁོར་འདི་དེ་ཉིད་ལ་ལྟོས། །ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས། ། ཕྱག་རྒྱ་སྔགས་ཀྱིས་བྱིན་གྱིས་བརླབས། །དངོས་གྲུབ་ཀུན་ནི་ཕུན་སུམ་ཚོགས། །དམ་ཚིག་མཆོག་ཏུ་ཁྱོད་འགྱུར་གྱིས། །རྡོ་རྗེ་པདྨ་རྩེ་རོལ་པ། །གསང་སྔགས་རྣམས་ལ་སྒྲུབ་པ་གྱིས། །ཞེས་བརྗོད་དོ། །འདི་རྣམས་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ཀྱི་གསུམ་པ་ལས་འབྱུང་སྟེ་དེར། 3-2-238a དམ་ཚིག་མཆོག་ཏུ་འགྲུབ་པར་བྱེད། །རྡོ་རྗེ་པདྨོ་རོལ་པའི་མཆོག །སྔགས་ཀྱི་བདག་ཉིད་ཤེས་པར་བྱ། །ཞེས་སོ། །རྐང་པ་བདུན་པ་མ་གཏོགས་པ་རྣམས་སྤྱི་རྒྱུད་ལས་ཀྱང་འབྱུང་ལ་དེར། དངོས་གྲུབ་ཕྱིར་ནི་དམ་ཚིག་སྐྱོངས། །གསང་ སྔགས་ལ་ཡང་བརྩོན་པར་གྱིས། །ཞེས་གསུངས་ཏེ་གོ་སླའོ། །དེ་ནས་སློབ་མས། རྡོ་རྗེའི་དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོར་བདག་ཞུགས་སོ། །རྣལ་འབྱོར་དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོ་བདག་གིས་མཐོང༌། །གསང་བའི་དཀྱིལ་འཁོར་དཀྱིལ་འཁོར་ ཆེན་པོར་བདག་དབང་བསྐུར། །ཞེས་བརྗོད་དུ་གཞུག་ལ་དམ་ཚིག་བརྗོད་དུ་གཞུག་གོ། ཧོཿཧོཿཧོཿཞེས་བྱའོ། །བཟང་པོ་ཡོངས་བཟུང་ལས་རྡོ་རྗེ་ཞེས་སོགས་གསུམ་གྱི་མགོར། ཨོཾ་རེ་རེ་དང་ས་མ་ཡ་ཧོཿ ཞེས་སོགས་འབྱུང་བའི་ཕྱི་མ་ནི་འདིར་ཡང་ཡོད་ན་ ལེགས་ཏེ་དམ་ཚིག་བརྗོད་དུ་གཞུག་པར་གསུངས་པའི་ཕྱིར་རོ། །རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ཀྱི་བཞི་པ་ན་དབང་གོང་མ་བསྐུར་ནས་ཡོན་ཕུལ་བའི་རྗེས་སུ་ཡོད་ཀྱང་འཕགས་པ་ལྷ་དང་མི་ཐུབ་ཟླ་བས་ཀྱང་སྐབས་འདིར་མཛད་པས་རྒྱུད་དང་མི་འགལ་ལོ། །དེ་ལ་ དཀྱིལ་འཁོར་དུ་ཞུགས་པ་ནི། སྔར་ཡོལ་བའི་ནང་དུ་འཇུག་དུས་དང་མེ་ཏོག་འདོར་བའི་ཚེ་དཀྱིལ་འཁོར་གྱི་ནང་དུ་ཞུགས་ནས་འདོར་བས་དེར་ཞུགས་པའོ། །དཀྱིལ་འཁོར་མཐོང་བ་ནི། གདོང་གཡོགས་བསལ་ནས་བསྟན་པའི་དུས་སུའོ། །དཀྱིལ་འཁོར་དུ་དབང་ བསྐུར་བ་ནི་འདི་ཡན་ཆད་གཞུག་པའི་སྐོར་ཡིན་ཀྱང་དང་པོ་མེ་ཏོག་ཕྲེང་བའི་དབང་ཐོབ་པ་ལ་བྱའོ། །སྐབས་འདིར་ཀླུ་བྱང་གིས་རྟེན་དང་བརྟན་པའི་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་སྟོན་པར་གསུངས་པ་ལྟར་དུ་རྒྱལ་བ་བཟང་པོ་དང་ཛ་ཡ་སེ་ནས་ཀྱང་བཤད་ལ་འཕགས་ 3-2-238b པ་ལྷས་ཀྱང༌། དེ་མིག་ཕྱེ་ནས་ཕྱག་བྱས་ཏེ། །ལྷ་ཡིད་དེ་ཉིད་བསྟན་པར་བྱ། །ཞེས་ཚད་ལྡན་མང་པོས་བཤད་པས་སློབ་དཔོན་གྱི་དབང་གི་རྗེས་ཁོ་ནར་བྱ་བར་མ་ངེས་སོ། །ཡེ་ཤེས་ཕབ་ཅིང་དབང་དང་པོ་ཕྲེང་བའི་དབང་ཐོབ་པས་དབང་བསྐུར་ནས་དེ་ཉིད་བཤད་ཀྱི་གཞན་ དུ་ན་དངོས་གྲུབ་རིང་ཞེས་པ་དང་ཡང་འགལ་བ་མེད་དོ་ཞེས་བོད་ཀྱི་བླ་མ་ཁ་ཅིག་འཆད་དོ། །ལྷ་ངོ་སྟོན་པའི་སྔར་ཕྱག་བྱ་བར་བཤད་པ་འདི་གཞན་དུ་ཡང་བྱུང་པས་ཕྱག་བྱའོ། །དཀྱིལ་འཁོར་དུ་གཞུག་པའི་སྐོར་གྱི་ཆོ་གའི་གོ་རིམས་ལ་ཆེན་པོ་དག་གི་གཞུང་ལས་ ཀྱང་སྣ་ཚོགས་སུ་བཤད་པས་མཐའ་གཅིག་ཏུ་གོ་རིམས་ངེས་པ་མེད་དོ། །སྐབས་དེ་དག་ཏུ་ཡེ་ཤེས་འབེབས་པའི་སྐབས་ལྟ་བུ་དམིགས་བསལ་ཅན་མ་གཏོགས་པ་རྣམས་ལ་སློབ་མ་རྣམ་སྣང་ངམ་གཙོ་བོར་སྒོམ་པ་གདམ་ང་ཅན་དུ་གསུངས་པ་ལྟར་ ཡིན་ལ་སློབ་དཔོན་ནི། གཙོ་བོའི་རྣལ་འབྱོར་ལ་གནས་ནས་བྱས་པས་ཆོག་གོ། སློབ་དཔོན་འདིས་རྒྱུད་དང་ཆེན་པོ་དག་གི་དཀྱིལ་ཆོག་མང་པོའི་དོན་བསྡུས་ནས་གོ་རིམས་བསྒྲིགས་པ་འདིའི་དོན་ཅུང་ཟད་བཤད་ན་དཀྱིལ་འཁོར་དུ་གཞུག་པ་ནི། སྐབས་འདིའི་ དངོས་གཞི་ཡིན་པས་ཆས་འཇུག་ནས་གསང་བར་གདམས་པའི་བར་ནི་གཞུག་པའི་སྔོན་འགྲོའོ། །དཀྱིལ་འཁོར་དུ་ཞུགས་པ་ནི། ལྷ་དང་སྐལ་བ་མཉམ་པར་བྱས་པ་ཡིན་ལ་དེ་ལ་གཉིས་ལས་དཀྱིལ་འཁོར་གྱི་ནང་དུ་ཕྱིན་པས་དེ་དག་དང་སྐལ་བ་མཉམ་པར་ སོང་བ་ནི། སྔགས་གཉིས་ཀྱིས་བཀུག་ནས་བཅུག་པའི་སྐབས་སོ། །ནང་དུ་ཞུགས་པ་ན་ལྷ་རྣམས་ལ་མོས་པ་སྐྱེས་ཏེ་ཕྱག་དང་བསྐོར་བ་བྱས་ནས་གསོལ་བ་འདེབས་སོ། །དེ་ནས་བླ་མས་དངོས་གྲུབ་འགྲུབ་པ་ལ་དམ་ཚིག་རྩ་བ་ཡིན་པས་དམ་ཚིག་སྲུང་བའི་ 3-2-239a ཕྱིར་དུ་དམ་ལ་འཇོག་གོ། ཡེ་ཤེས་ཕབ་པས་ཀྱང་ལྷ་རྣམས་དང་སྐལ་བ་མཉམ་པར་བྱེད་དེ་འདི་ནི། ནང་གི་སྐལ་མཉམ་ཡིན་ལ་སྔ་མ་ནི་ཕྱིའི་སྐལ་བ་མཉམ་མོ། །དེ་ལྟར་ལྷ་རྣམས་དང་སྐལ་བ་མཉམ་པར་བྱས་ཀྱང་ད་དུང་དབང་བསྐུར་ ཏུ་རུང་མི་རུང་བརྟག་དགོས་པས་སྣང་བ་དྲིས་ནས་མེ་ཏོག་འདོར་བའི་སྐོར་རྣམས་བྱེད་དེ་འདིས་ནི། དབང་བསྐུར་ཏུ་རུང་མི་རུང་དང་རུང་བ་ལ་ཡང་ལྷ་གང་གི་རིགས་ཡིན་པ་དང༌། དེའི་རིགས་ཀྱིའང་དངོས་གྲུབ་གསུམ་གང་འགྲུབ་དང་དེ་ཡང་ཡུན་རིང་ཐུང་ཇི་ཙམ་ གྱིས་འགྲུབ་པ་ཤེས་པར་བྱེད་དོ། །དེ་ལ་མེ་ཏོག་དོར་བ་ལས་དབང་བྱར་རུང་མི་རུང་ཤེས་པ་ནི། སྐབས་འདིའི་དགོས་པ་ཡིན་ལ་དངོས་གྲུབ་ཇི་ལྟ་བུ་དང་ཇི་ལྟར་འགྲུབ་པ་ནི་དབང་བསྐུར་ཟིན་ནས་ཀྱི་དགོས་པའོ། །དེ་ལྟར་ན་རྣལ་འབྱོར་གྱི་སེམས་བསྐྱེད་པ་དང་ ནང་དུ་གཞུག་པ་གཉིས་དང་དམ་ལ་གཞག་པ་དང་ཕྲེང་བའི་དབང་ཐོབ་པ་ནི་གཞུག་པའི་སྐབས་ཀྱི་གཙོ་བོ་ཡིན་ལ་གཞན་རྣམས་ནི་ཡན་ལག་གོ། འོ་ན་སྔར་རྨི་ལྟས་བརྟགས་པས་གནང་བ་ཐོབ་པའམ་མ་བཀག་པ་བྱུང་ནས་དབང་གི་ཆོ་ག་བརྩམས་པ་དང་ སློབ་མ་སྟ་གོན་བྱེད་པའི་སྔོན་དུ་ཡང་དངོས་སུ་ལེགས་པར་བརྟགས་པ་མ་ཡིན་ནམ་འདིར་མེ་ཏོག་དོར་བའི་ལྟས་ཀྱིས་དབང་བསྐུར་ཏུ་རུང་མི་རུང་བརྟག་ཅི་དགོས། དེ་བཞིན་དུ་སོ་ཤིང་དོར་ནས་ཀྱང་དངོས་གྲུབ་གང་འགྲུབ་བརྟགས་ཟིན་བཞིན་དུ་འདིར་ཡང་བར་ སྣང་གི་ཁ་དོག་གི་སྒོ་ནས་བརྟག་ཅི་དགོས་སྙམ་ན། སྤྱིར་དབང་བསྐུར་བ་པོ་དང་ཞུ་བ་པོར་རུང་མི་རུང་རྟོག་པའི་གཙོ་བོ་ནི། སློབ་དཔོན་དང་སློབ་མའི་མཚན་ཉིད་གསུངས་པ་རྣམས་ཡིན་ལ་དེ་ལྟ་ནའང་རྨི་ལམ་རྟོག་པ་ནི་བར་ཆད་འབྱུང་མི་འབྱུང་རྟོག་པ་ 3-2-239b ཡིན་ཏེ། དབང་བསྐུར་བའི་དཔོན་སློབ་ཀྱི་མཚན་ཉིད་ཚང་བ་དང་དེ་ལ་བར་ཆད་འབྱུང་བ་གཉིས་མི་འགལ་བས་དེ་བརྟག་དགོས་སོ། །དབང་བསྐུར་བ་ལ་བར་ཆད་མེད་ཅིང་སྤྱིར་མཚན་ཉིད་ཚང་ཡང་ད་ལྟ་དབང་བསྐུར་རན་པའི་ངེས་པ་མེད་པས་མེ་ཏོག་དོར་བས་ནི་ད་ལྟ་དབང་ བསྐུར་ཏུ་རུང་མི་རུང་རྟོག་པ་ཡིན་གྱི་སྤྱིར་ནི་མ་ཡིན་ཏེ་མེ་ཏོག་དོར་བ་ན་མི་རུང་བ་དེ་ཡང་སྡིག་པ་སྦྱངས་ནས་སྐབས་གཞན་དུ་གཞུག་པར་གསུངས་པའི་ཕྱིར་རོ། །སོ་ཤིང་གི་ལྟས་ཀྱིས་དངོས་གྲུབ་གང་འགྲུབ་བརྟགས་ཟིན་ཀྱང་ཁ་དོག་གིས་ལྟས་ཀྱིས་རྟོག་པ་མི་ འགལ་ཏེ་རེ་རེས་ཆོག་པར་མི་འདོད་པས་གཉིས་ཀས་ངེས་པར་བྱེད་པ་མི་འགལ་བའི་ཕྱིར་རོ། །ཆོ་ག་དེ་རྣམས་ཀྱི་སྡོམ་ནི། ཆས་སུ་གཞུག་ཅིང་བྱིན་གྱིས་བརླབ། །དྲིས་ལན་བྱ་ཞིང་བྱང་སེམས་བསྐྱེད། །གསང་བར་གདམས་ཤིང་ནང་དུ་གཞུག །བསྐོར་བ་བྱ་ཞིང་ གུས་ཕྱག་འཚལ། །དམ་ལ་བཞག་ནས་ཡེ་ཤེས་དབབ། །སྣང་བ་དྲི་ཞིང་བསྐོར་བ་བྱ། །བདེན་པ་བརྗོད་ཅིང་མེ་ཏོག་དོར། །ཕྲེང་དབང་བླང་ཞིང་མིག་གཉིས་དབྱེ། །ལྷ་ངོ་བསྟན་ཅིང་སྤྲོ་བ་བསྐྱེད། །ཞུགས་ཤིང་མཐོང་བའི་དམ་ཚིག་བརྗོད། །ཅེས་པའོ། །བདེ་ཆེན་ཐར་ པའི་གྲོང་ཁྱེར་མཆོག་ཉིད་དུ། །རང་ཉིད་ཚུལ་བཞིན་ཞུགས་ནས་དབང་མནོས་ཏེ། །འཁོར་ལོའི་མགོན་ཉིད་བླ་མར་གྱུར་པ་ལ། །གནང་བ་རྙེད་ནས་གླུ་ཡིས་མཆོད་པའི་མཐར། །སྐལ་བཟང་སློབ་མ་ཉིད་བཞིན་གཞུག་པ་ཡི། །ཆོ་གའི་གཙོ་བོ་དེ་ཡི་ཡན་ལག་རྣམས། ། ལེགས་པར་དམིགས་ཕྱེ་སོ་སོར་བརྡ་འཕྲོད་པའི། །ཐབས་ཚུལ་མན་ངག་ཤིན་ཏུ་གསལ་བར་བྱས། །རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་གསང་བ་ཀུན་གྱི་གནད་རྣམ་པར་ཕྱེ་བ་ལས། རང་ཉིད་འཇུག་ཅིང་དབང་བླངས་ནས་སློབ་མ་དཀྱིལ་འཁོར་དུ་གཞུག་པའི་རིམ་ 3-2-240a པ་བསྟན་པ་སྟེ། ལེའུ་བརྒྱད་པའོ།། ༈ །།གཉིས་པ་ཞུགས་པ་ལ་དབང་བསྐུར་བའི་ཚུལ་ལ་བཞི། བུམ་པའི་དབང་དང༌། གསང་བའི་དབང་དང༌། ཤེས་རབ་ཡེ་ཤེས་ཀྱི་དབང་དང༌། དབང་བཞི་པ་བསྐུར་བའོ། །དང་པོ་ལ་ གཉིས། ཐུན་མོང་བ་རྡོ་རྗེ་སློབ་མའི་དབང་དང༌། ཐུན་མོང་མ་ཡིན་པ་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་བའོ། །དང་པོ་ལ་གཉིས། དབང་ལྔའི་ཐུན་མོང་གི་རྣམ་གཞག་དང༌། སོ་སོའི་རྣམ་གཞག་གོ། །དང་པོ་ནི། གང་གིས་དབང་བསྐུར་བའི་བྱེད་པ་པོ་དང་གང་ལ་དབང་ བསྐུར་བའི་ལས་སུ་བྱ་བ་དང་ཐབས་ཅི་ཞིག་གིས་དབང་བསྐུར་བའི་བྱེད་པ་གསུམ་གྱི་དམིགས་པ་ལ་ལྷའི་རྣལ་འབྱོར་གང་བྱེད་པ་ཡིན་སྙམ་ན། དཱ་རི་ཀ་པས། མི་བསྐྱོད་བསམ་གཏན་གསུམ་རྫོགས་པས། །ཞེས་གསུངས་པས་སློབ་དཔོན་དང་སློབ་མ་དང་དབང་རྫས་ གསུམ་མི་བསྐྱོད་པར་བསྐྱེད་ནས་ཆུ་དབང་བྱེད་པས་མིང་དབང་མ་གཏོགས་པ་གསུམ་ཡང་རིན་འབྱུང་སོགས་ཀྱི་དམིགས་པ་གསུམ་གསུམ་དང་མིང་དབང་ལ་རྣམ་སྣང་དུ་སྐྱེད་པའི་དམིགས་པ་གཉིས་མཛད་དོ། །སློབ་དཔོན་འདི་ལ་སོགས་པ་རྣམས་སློབ་མ་དང་ དབང་རྫས་ཀྱི་དམིགས་པ་འཕོ་བ་མ་གཏོགས་པ་སློབ་དཔོན་ལ་གསལ་ཁ་མེད་པས་གཙོ་བོའི་རྣལ་འབྱོར་ལ་གནས་པས་ཆོག་པར་བཞེད་དོ། །དེ་ལ་སློབ་མས་ནི། སློབ་དཔོན་ལ་དབང་གི་དོན་དུ་གསོལ་བ་འདེབས་དགོས་ལ་སློབ་དཔོན་གྱིས་དབང་གི་ལྷ་ལ་གསོལ་ བ་བཏབ་ནས་དབང་བསྐུར་དགོས་པས་དབང་བསྐུར་བའི་བྱེད་པ་པོ་ནི་གཉིས་ཡོད་དོ། །དབང་གི་ལྷ་ལ་ཡང་རྡུལ་ཚོན་གྱི་དཀྱིལ་འཁོར་ན་བཞུགས་པའི་ལྷ་དང་གྲུབ་ཆེན་རྣམས་ཀྱི་ཆོ་ག་ལས་སློབ་དཔོན་གྱིས་ཟུར་ནས་སྤྱན་དྲངས་ཏེ་ནམ་མཁའ་ལ་བཀོད་ནས། དེ་དག་གིས་ 3-2-240b དབང་བསྐུར་བར་བཤད་པ་ལྟར་གསར་དུ་སྤྱན་དྲང་དགོས་པ་གཉིས་ཡོད་ལ། སྔ་མ་ནི། སློབ་དཔོན་གྱིས་བསྒྲུབས་པའི་དཀྱིལ་འཁོར་དུ་ཞུགས་ཤིང་དེའི་གཙོ་བོ་ལ་དབང་རྫོགས་པར་བླངས་ནས་གནང་བ་ནོད་པ་དང་དམ་ཚིག་གསུམ་གྱི་གླུ་ལ་སོགས་པའི་བསྟོད་པ་སྔོན་ དུ་བཏང་ནས་སློབ་མ་གཞུག་པའི་དོན་དུ་དངོས་གྲུབ་ཞུས་ཡོད་པས་རང་གིས་སློབ་མ་ལ་དབང་བསྐུར་བའི་དཔང་པོ་མཛད་ནས་རྒྱུད་བྱིན་གྱིས་རློབ་པའི་དོན་དུ་སྔ་ནས་བཞུགས་ཟིན་ཏོ། །དཀྱིལ་འཁོར་དེ་ཡང་སློབ་མ་ལ་དབང་བསྐུར་བའི་བྱ་བ་མ་རྫོགས་ཀྱི་བར་དུ་འཇོག་པས་ དབང་གི་དུས་སུ་སློབ་མ་ལ་བསྟིམ་པ་མིན་ལ་གསར་དུ་སྤྱན་དྲངས་པའི་དབང་གི་ལྷ་རྣམས་ནི་དབང་རེ་རེའི་མཐར་སློབ་མ་ལ་འཇུག་པར་གྲུབ་ཆེན་ལྭ་བ་པ་ལ་སོགས་པས་གསུངས་པས་གཞུག་དགོས་སོ། །བུམ་དབང་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ཐོབ་པར་གསུངས་པའི་ དོན་དཀྱིལ་འཁོར་དེར་འཇུག་པ་སྔོན་དུ་འགྲོ་བ་ལ་བྱེད་ན་དབང་གོང་མ་གསུམ་ལ་ཡང་མཚུངས་ཤིང་དཀྱིལ་འཁོར་དེའི་ནང་དུ་བཞག་ནས་བུམ་དབང་བསྐུར་བ་ཡང་མིན་ལ་དཀྱིལ་འཁོར་དེའི་ལྷ་རྣམས་ཀྱིས་དབང་ཡང་མི་སྐུར་ན་ཤིན་ཏུ་གཞག་དཀའོ། །བླ་མ་དང་ རྡུལ་ཚོན་གྱི་གཙོ་བོ་གཉིས་ཐ་མི་དད་དུ་བྱས་ནས་བུམ་དབང་བསྐུར་བས་དཀྱིལ་འཁོར་དེར་བུམ་དབང་ཐོབ་པར་འཇོག་ན་ནི། དབང་གི་དུས་སུ་བླ་མ་དང་གཙོ་བོ་གཉིས་ཐ་མི་དད་དུ་བྱེད་པ་ཕལ་མོ་ཆེས་བཤད་མོད་ཀྱང་བླ་མ་དང་རྡུལ་ཚོན་གྱི་གཙོ་བོ་གཉིས་ཐ་དད་པའི་ཕྱོགས་ སུ་བྱས་ནས་དབང་བསྐུར་བ་ཁུངས་ཐུབ་ཀྱི་གཞུང་རྣམས་ལས་མང་དུ་བཤད་སྣང་ལ། དེ་གཉིས་ཐ་མི་དད་བྱེད་ནའང་དེ་ཙམ་གྱིས་བུམ་དབང་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ཐོབ་པར་འཇོག་མི་ནུས་ཏེ། གཞན་དུ་ན་དབང་ལྷག་མ་གསུམ་དེ་ཉིད་ཀྱི་རྒྱུན་ལ་བསྐུར་བ་རྣམས་ 3-2-241a ལ་ཡང་རྒྱུ་མཚན་དེ་འདོད་དགོས་པས་དེ་དག་ཀྱང་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ཐོབ་པར་འགྱུར་རོ། །དེས་ན་བསྒྲུབས་པའི་དཀྱིལ་འཁོར་པའི་ལྷ་རྣམས་ཀྱིས་སྤྱན་དྲངས་པའི་དབང་ལྷ་ལྟར་བུམ་པ་བཟུངས་ནས་དབང་བསྐུར་བ་དང་ཤིས་པ་བརྗོད་པ་ སོགས་མི་བྱེད་ཀྱང་སློབ་དཔོན་གྱིས་བུམ་དབང་བསྐུར་བ་ལ་དགོངས་པ་གཏད་ནས་དབང་གི་བྱ་བ་མཛད་པར་མོས་པ་ཞིག་ངེས་པར་དགོས་ཏེ། ཀླུ་བྱང་གིས། དེ་ནས་རང་བཞིན་ཤེས་རྣལ་འབྱོར། །པ་ཡིས་སློབ་མ་དབང་བསྐུར་ཕྱིར། །གུས་པས་རྒྱལ་བ་དེ་དག་ཀུན། །སླར་ བྱོན་ཆེད་དུ་བསྐུལ་བར་བྱ། །ཞེས་དཀྱིལ་འཁོར་སྒྲུབ་པའི་དུས་སུ་ཡེ་ཤེས་པ་སྤྱན་འདྲེན་པ་སློབ་མ་དབང་བསྐུར་བའི་ཆེད་དུ་ཡིན་པར་གསུངས་པའི་ཕྱིར་རོ། །སྔགས་ཀྱི་རྗེས་གནང་བྱེད་པ་ནའང་དཀྱིལ་འཁོར་དེའི་གཙོ་བོ་ལ་ཞུས་ནས་བྱེད་པ་དང་མཐར་སློབ་མ་བླ་ མས་དཀྱིལ་འཁོར་དེའི་གཙོ་བོ་ལ་འབུལ་བ་སོགས་གསུངས་པས་བུམ་དབང་བསྐུར་བ་རྣམས་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་པའི་ལྷས་དགོངས་པ་གཏད་ནས་དབང་གི་བྱ་བ་མཛད་པ་ཡོད་ལ་དེའི་ཕྱིར་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་བུམ་དབང་ཐོབ་པ་ཡང་མི་འགལ་ ལོ། །བསྒྲུབས་པའི་དཀྱིལ་འཁོར་དུ་སློབ་མ་འཇུག་པ་དང་སློབ་དཔོན་ཡང་ཞུགས་ནས་དབང་བླང་དགོས་པས་སློབ་མ་ལ་དབང་བསྐུར་བ་ཙམ་ཞིག་དེའི་དགོས་པར་མི་གཟུང་ངོ༌། །དབང་གི་ལྷ་སྤྱན་འདྲེན་པ་ལ་ཡང་ལྭ་བ་པས་བདེ་མཆོག་ཉིད་ལ་རིགས་ལྔར་ཕྱེ་བས་ གཙོ་བོ་བྱས་པའི་དཀྱིལ་འཁོར་སྤྱན་འདྲེན་པར་མཛད་པ་ལྟར་ན་གཞན་ལ་ཡང་དེའི་རིགས་པ་བསྒྲེ་བའམ་ཡང་ན་ཕྲེང་བར་གསུངས་པ་ལྟར་གཤེགས་པ་གཤེགས་མ་དང་སེམས་དཔའ་སེམས་མ་སྤྱི་འགྲོ་ལྟར་སྤྱན་དྲང་ངོ༌། །ཀླུ་བྱང་གི་དགོངས་པ་ལ་ཟུང་འཇུག་གསལ་ 3-2-241b བར་ཆུའི་དུས་སུ་སློབ་མ་རྣམ་སྣང་དང་མིང་གི་དུས་སུ་སློབ་མ་མི་བསྐྱོད་པར་སྐྱེད་པ་བྱས་པ་ཙམ་མ་གཏོགས་པ་དཀྱིལ་ཆོག་གཞན་རྣམས་འདྲའོ། །དུས་འཁོར་ལས་ནི། རྒྱུད་གཞན་དང་དེའི་དཀྱིལ་ཆོག་རྣམས་ལས་མི་འདྲ་བ་ཆེན་པོ་བཤད་དེ་རྒྱུད་ཐ་དད་ཀྱི་དགོངས་པ་ ཡིན་པས་འདིར་གཞན་རྣམས་ཀྱི་ལུགས་བཤད་པའི་སྐབས་སོ། །སློབ་མ་དང་དབང་རྫས་ལྷར་སྐྱེད་པ་ལ་ཡང་ལྭ་བ་པས་བདེ་མཆོག་རིགས་ལྔར་ཆོ་ག་གསུམ་གྱིས་སྐྱེད་པར་གསུངས་པའི་རིགས་པ་སྐབས་སོ་སོ་ལ་སྦྱར་བའམ། ཡང་ན་རང་གི་གཞུང་ནས་རིགས་ལྔ་ བཤད་པ་ཡོད་ན་དེ་བཞིན་དུ་བྱ་ལ་མེད་ན་གཙོ་བོ་ཉིད་ལ་རིགས་ལྔར་དབྱེའོ། །དམ་ཚིག་པ་བསྐྱེད་པ་ལ་ཡེ་ཤེས་པ་གཞུག་པ་ལས་གཞན་འདིར་མ་བཤད་ཀྱང༌། བླ་མ་རྣམས་དབང་བསྐུར་བ་དང་རིགས་བདག་གིས་རྒྱས་འདེབས་པའང་མཛད་དོ། །གུར་གྱི་བཞི་པ་ལས། ལྷ་མོ་སྒྲོལ་མས་འཁྱུད་ལྡན་པའི། །སློབ་མ་རྟ་མཆོག་ཏུ་བསམས་ཏེ། །ལག་པས་རྡོ་རྗེ་དྲིལ་འཁྲོལ་གཞུག །རྡོ་རྗེ་བདག་པོས་དབང་བསྐུར་བྱ། །ཞེས་དྲིལ་བུའི་དབང་ལ་སློབ་མ་དོན་གྲུབ་ཡབ་ཡུམ་དུ་སྒོམ་པར་གསུངས་པ་ནི། མཚོན་པ་ཙམ་ཡིན་པས་གཞན་ རྣམས་ཀྱི་སློབ་མ་དང་དབང་རྫས་ཀྱི་སྐྱེད་ཆོག་ལ་ཡང་སྦྱར་རོ། །རིག་པའི་དབང་ལྔ་ལ་སློབ་མས་སློབ་དཔོན་ལ་གསོལ་བ་གདབ་པ་དང་དབང་བསྐུར་བའི་ཚེ་དབང་བསྐུར་རྡོ་རྗེ་ཞེས་སོགས་བརྗོད་ནས་དབང་སྐུར་བ་ནི་འདྲ་བ་དང་ནང་དབང་སྐུར་བར་སློབ་དཔོན་ འདིས་མཛད་དེ་རཏྣ་རཀྵི་ཏ་དང་བི་བྷཱུ་ཏཱི་ཡང་འདིའི་རྗེས་འབྲང་ངོ༌། །ནང་དབང་ནི། དབང་དང་པོ་མིན་པ་ལ་ཕྲེང་བར་མི་གསལ་ཡང་བི་བྷཱུ་ཏཱིས་སྔ་མ་དང་འདྲ་བར་བཤད་པ་ཕྲེང་བའི་དགོངས་པ་ཡིན་པས་ལྷག་མ་རྣམས་ལ་ཡང་སྦྱར་རོ། །ཕྲེང་བར་དབང་ལྷ་བསྟིམ་པ་དང་ 3-2-242a སློབ་མ་ལ་ཆུ་དབང་བསྐུར་བའི་རྗེས་སུ་རིགས་བདག་གིས་རྒྱས་འདེབས་པ་དང་དེ་ལ་མཆོད་པ་བྱེད་པ་སློབ་དཔོན་གྱི་དབང་གི་སྐབས་མིན་པར་མ་གསུངས་ཀྱང་ལྭ་བ་པ་དང་བྷཱ་བ་བྷ་དྲ་དང་དཱ་རི་ཀ་པས་དབང་གི་ལྷ་བསྟིམ་པར་བཤད་ལ་སྟིམ་ ཚུལ་ནི་དང་པོ་གཉིས་ཀྱིས་བ་སྤུའི་བུ་ག་ནས་གཞུག་པར་བཤད་པར་ལྟར་རོ། །ཐབས་གང་གིས་གཞུག་པ་ནི། ལྭ་བ་པས་སློབ་དཔོན་གྱི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་བཀུག་ནས་མཛད་པ་ལྟར་རོ། །དབུ་བརྒྱན་པ་ལ་ལྭ་བ་པས་དང་པོ་ལ་སྤྱི་གཙུག་ཏུ་ མི་བསྐྱོད་པ་གཉིས་པ་ལ་རྣ་ལྟག་གཡས་སུ་རིན་འབྱུང་གསུམ་པ་ལ་ལྟོག་པར་འོད་དཔག་མེད་བཞི་པ་ལ་རྣ་ལྟག་གཡོན་དུ་དོན་གྲུབ་ལྔ་པ་ལ་འཚོགས་མར་རྣམ་སྣང་རྣམས་ཆུ་ལས་གྲུབ་པར་བསམ་པར་བཤད་དེ། འདིའི་ལྟར་ན་དབང་ལྔ་ག་ལོག་ པས་རིགས་ལྔའི་དབུ་རྒྱན་བྱེད་ཀྱི་ཅོད་པན་གྱི་དབང་གི་སྐབས་སུ་རིགས་ལྔས་དབུ་བརྒྱན་པ་མ་བྱུང་ངོ༌། །དེ་ལ་མཆོད་པར་ལྭ་བ་པ་དང་དཱ་རི་ཀ་པས་བཤད་པ་ལྟར་མེ་ཏོག་ལ་སོགས་པས་མཆོད་པར་ཡང་བྱའོ། །དཱ་རི་ཀ་པས། མཆོད་དེ་དག་པ་སྦྱིན་ པར་བྱ། ཞེས་དག་པ་སྦྱིན་པར་གསུངས་པ་ནི། ལྭ་བ་པས་དབང་ལྔ་པོ་དེ་རང་བཞིན་རྣམ་དག་གི་ཆོས་ཉིད་དང་ཉོན་ཡིད་དང་ཡིད་ཤེས་དང་སྒོ་ལྔའི་རྣམ་ཤེས་དང་ཀུན་གཞི་གནས་གྱུར་པའི་ཆོས་དབྱིངས་ཡེ་ཤེས་དང་མཉམ་ཉིད་དང་སོར་རྟོག་དང་བྱ་བ་ ནན་ཏན་དང་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་དུ་བཤད་ལ། ཕྲེང་བ་ལས་ཀྱང༌། དབང་ལྔས་ཡེ་ཤེས་དེ་དག་གི་ས་བོན་རྒྱས་པར་བྱེད་པའི་ཕྱིར་དེ་དག་གི་བདག་ཉིད་དུ་མོས་པར་བྱའོ་ཞེས་བཤད་ལ། སྡོམ་འབྱུང་ལས། དབང་ལྔ་དེ་བཞིན་གཤེགས་ 3-2-242b བདག་ཉིད། ཅེས་དང་པྲཛྙཱ་རཀྵི་ཏས་ཕུང་པོ་ལྔ་དང་ཉོན་མོངས་ལྔ་དག་པ་ཡང༌དབང་ལྔར་བཤད་པ་དང༌། རྒྱལ་བ་བཟང་པོས། གང་ཞིག་དེ་ལྟར་དབང་བསྐུར་བས། །དངོས་གྲུབ་ཏུ་འགྱུར་ཐེ་ཚོམ་མེད། །ལྷ་གང་མངོན་དུ་བྱས་པ་ཡི། །དེ་ཡི་ལས་གང་སྒྲུབ་པར་ནུས། ། ཞེས་རིག་པའི་དབང་ལྔའི་རྗེས་སུ་གསུངས་པའི་དོན་རྣམས་སློབ་མ་ལ་གོ་བར་བྱེད་པའོ། །གུར་གྱི་བཞི་པ་ལས་ཀྱང༌། གང་གང་སྣང་བ་དེ་ཀུན་དང༌། །དེ་རང་གཙོ་བོ་ཧེ་རུ་ཀ །ཆོས་རྣམས་རང་བཞིན་གྱིས་དག་པས། །སངས་རྒྱས་ཡེ་ཤེས་སུ་གང་བལྟའོ། །ཞེས་ དབང་ལྔའི་རྗེས་སུ་གསུངས་པ་འདི་དཀྱིལ་ཆོག་གཞན་མང་པོ་ལས་ཀྱང་བཤད་ལ་དེའི་དོན་ནི། ལྷའི་རིགས་ཀྱི་བློ་གྲོས་ཀྱིས་ཕྲེང་བ་ནས་མིང་དབང་གི་བར་གང་གང་སྣང་བ་དེ་དང་དེ་སངས་རྒྱས་ཀྱི་ཡེ་ཤེས་ལྔ་དང་ཆོས་ཉིད་རྣམ་པར་དག་པའི་དབྱིངས་དང་དྲུག་ཏུ་ བལྟ་སྟེ་ཕྲེང་བའི་དབང་ནི་དྲུག་པར་བལྟའོ། །རྐང་པ་ཐ་མའི་གང་ཞེས་པ་གང་གི་ཕྱིར་གྱི་དོན་ཡིན་པས་དེའི་རྒྱུ་མཚན་ནི། ཆོས་རྣམས་རང་བཞིན་དག་དྲི་མེད། ཅེས་བཏོན་ནས་རང་བཞིན་གྱིས་དག་པའི་སངས་རྒྱས་ཀྱི་ཆོས་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་ དྲུག་གི་གེགས་ཀྱི་དྲི་མ། དབང་དེ་དག་གིས་འཁྲུད་ཅིང་དེ་དག་དང་རང་བཞིན་དབྱེར་མེད་པའི་ཕྱིར་དེ་དག་ཏུ་མོས་པ་བྱའོ། །དཀྱིལ་འཁོར་གྱི་གཙོ་བོ་ནི། དེ་དག་ཀུན་གྱི་རང་བཞིན་ཡིན་ལ་ཧེ་རུ་ཀ་ནི་མཚོན་པ་ཙམ་མོ་ཞེས་འཆད་དེ་དབང་ལྔ་ལ་ཡེ་ཤེས་ལྔར་ལྟ་བའི་དོན་ དུ་འཆད་དོ། །དེ་ལ་ཆུས་གཏོར་བ་སོགས་དང་དབུ་རྒྱན་མགོ་ལ་བསྐོན་པ་དང་རྡོར་དྲིལ་ལག་ཏུ་གཏད་པ་དང་མིང་བཏགས་པ་རྣམས་ནི། དབང་ལྔ་པོ་དེའི་རྒྱུ་ཡིན་གྱི་ངོ་བོ་མ་ཡིན་པས་ངོ་བོ་ནི་ཆུ་དབང་ལ་མཚོན་ན་དབང་བསྐུར་ས་མི་བསྐྱོད་པར་བསྐྱེད་ཅིང་དབང་རྫས་མི་བསྐྱོད་ 3-2-243a པ་ཞུ་བའི་ཆུས་སྐུར་ཚུལ་སྤྱི་བོར་གཏོར་བ་སོགས་ཀྱི་བྱེད་པ་དང༌། བསྒྲུབས་པའི་དཀྱིལ་འཁོར་བའི་ལྷ་ཆུ་དབང་སྐུར་བ་ལ་དགོངས་པ་གཏད་པ་རྣམས་དང་གསར་དུ་སྤྱན་དྲངས་པའི་དབང་ལྷ་མི་བསྐྱོད་པས་གཙོ་མཛད་པ་རྣམས་ལ་གསོལ་བ་ བཏབ་ནས་དངོས་སུ་བླ་མས་བསྐུར་བའི་མཛད་པ་ལ་བརྟེན་ནས་སློབ་མ་དེའི་རྒྱུད་ལ་རྣམ་ཤེས་ཀྱི་ཕུང་པོ་དང་ཞེ་སྡང་སྦྱོང་བ་དང་ཆོས་དབྱིངས་ཡེ་ཤེས་མངོན་དུ་བྱེད་པ་དང་མི་བསྐྱོད་པའི་སྒོ་ནས་ཀྱི་བསྒོམ་བཟླས་དང་དངོས་གྲུབ་སྒྲུབ་པ་ལ་དབང་བའི་ནུས་པ་ཁྱད་པར་བ་ ཞིག་བསྒོས་པ་ལ་ཆུ་དབང་དུ་བྱ་སྟེ་གཞན་བཞི་དང་མེ་ཏོག་ཕྲེང་བའི་དབང་ལ་ཡང་དེའི་རིགས་པ་སྦྱར་རོ། །དེས་ན་དབང་ལྔའི་དང་པོའི་ཆུ་དབང་དང་དབང་གཞན་ལ་མཐའ་རྟེན་ཆུ་དབང་བསྐུར་བ་གཉིས་ཀྱང་མི་གཅིག་གོ། དེ་དག་ལ་རིག་པའི་དབང་ཞེས་གསུངས་ པའི་སྒྲ་དོན་ནི། ཕྲེང་བ་ལས། ཕྲེང་བ་དང་ཆུ་ལ་སོགས་པ་དབང་དྲུག་པོ་འདི་རྣམས་མ་རིག་པའི་གཉེན་པོ་ནུས་པ་ཉིད་དུ་སྒྲུབ་པར་བྱེད་པས་རིག་པའི་དབང་ཞེས་བརྗོད་དེ་ཞེས་དང༌། ལྭ་བ་པས། མ་རིག་པ་ལྔ་ཡོངས་སུ་གྱུར་པའི་ངོ་བོ་རིག་པ་ཡེ་ཤེས་ལྔ་པོ་རྣམས་སྒྲུབ་ པར་བྱེད་པའི་ཕྱིར་དང་ཐམས་ཅད་དུ་སངས་རྒྱས་སྤྱན་ལ་སོགས་པ་རིག་པའི་ལྷ་མོས་དབང་སྐུར་བར་བྱེད་པའི་ཕྱིར་རོ། །ཞེས་སྒྲའི་དོན་གཉིས་གསུངས་པའི་སྔ་མ་ནི། རིག་པ་སྒྲུབ་པའི་དབང་དང་ཕྱི་མ་ནི་རིག་པས་བསྐུར་བའི་དབང་ཡིན་པས་དབང་ཉིད་རིག་པར་ འདོད་པ་མིན་ནོ། །ལྭ་བ་པས་ལྔ་པོ་འདི་ཐོབ་པས་སྔགས་དང་རྒྱུད་ཉན་བཤད་དང་སྒྲུབ་པ་ལ་དབང་ཞེས་སྤྱིར་གསུངས་ལ་ཕྲེང་བ་ལས་བྱ་སྤྱོད་ཀྱི་རྒྱུད་ཉན་བཤད་དང་སྔགས་སྒྲུབ་པ་ལ་དབང་གི་རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་ཉན་བཤད་དང་སྔགས་སྒྲུབ་པ་ལ་མི་དབང་ 3-2-243b ཞེས་བཀག་པ་ནི། སྔར་དྲངས་པ་ལྟར་རྫོགས་རིམ་ཉན་ཅིང་སྒོམ་པ་དང་རྒྱུད་དེ་གཉིས་འཆད་པ་པོར་མི་རུང་བ་ལ་དགོངས་པས། དེ་དག་བསྐྱེད་རིམ་ཉན་པ་དང་སྒོམ་པ་ལ་དབང་བ་འགོག་པ་མིན་ནོ། །དེ་ལྟར་ན་བྱ་སྤྱོད་ལ་ཆོས་སྟོན་པའི་རྗེས་གནང་སྟེར་བར་མ་གཏོགས་ པ་སློབ་དཔོན་གྱི་དབང་ལོགས་པ་སྐུར་མི་དགོས་སོ། །གཉིས་པ་ལ་གཉིས། ཆུ་དབང་གི་ཆོ་ག་དང༌། དབང་ལྷག་མའི་ཆོ་གའོ། །དང་པོ་ལ་གཉིས། གསོལ་བ་གདབ་ཅིང་སྦྱང་བ་བྱ་བ་དང༌། དེ་ལ་ཆུ་དབང་སྐུར་བའི་རིམ་པའོ། །དང་པོ་ནི། དཀྱིལ་འཁོར་བསྟན་པའི་ རྗེས་སུ་ཆུ་དབང་གི་དོན་དུ་བླ་མ་ལ་ཇི་ལྟར་འབྱོར་བའི་ཡོན་ཕུལ་ནས་པུས་མོ་ས་ལ་བཙུགས་ཏེ་ཐལ་མོ་སྦྱར་ནས། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་བསྩལ་བ་ལྟར། །བདག་ཀྱང་རབ་ཏུ་བསྒྲལ་བའི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། ། ཞེས་གསོལ་བ་གདབ་བོ། །བྱང་ཆུབ་རྡོ་རྗེ་ནི་རྡོ་རྗེ་འཆང་ངོ༌། །དེས་སངས་རྒྱས་མི་བསྐྱོད་པ་ལ་སོགས་པ་ལ་མཆོད་པ་སྟེ་དབང་བསྐུར་བ་ཆེན་པོ་རྣམ་པ་གང་གིས་ཇི་ལྟར་བསྩལ་པ་དེ་ལྟར་དུ་བདག་ཀྱང་འཁོར་བའི་རྒྱ་མཚོ་ལས་བསྒྲལ་བའི་ཕྱིར་ནམ་མཁའི་རྡོ་རྗེ་སྟེ་ རྡོ་རྗེ་འཆང་དང་འདྲ་བ་ཁྱོད་ལ། བདག་དེང་སྟེ་ད་ལྟར་སྐྱབས་སུ་མཆིས་པ་ལ་དབང་བསྐུར་བ་སྩོལ་ཅིག་ཅེས་ལེའུ་བཅུ་དྲུག་པའི་སྒྲོན་གསལ་ལས་གསུངས་སོ། །དེའི་དུས་སུ་ཕྱག་བྱ་བར་ལྭ་བ་པ་ལ་སོགས་པ་མང་པོས་བཤད་དོ། །དེ་ནས་བླ་མས་རྩ་བའི་དཀྱིལ་ འཁོར་གྱི་ཕྱི་རོལ་ཁྲུས་ཀྱི་ཆུས་རྩ་དཀྱིལ་ལ་མི་རེག་པའི་ཤར་ཕྱོགས་སུ་འཇུག་སྒོ་ལ་ཕྱོགས་པར་སྒོ་ནུབ་ཏུ་བསྟན་པའི་རེ་ཁ་གྲུ་བཞི་པ་གཅིག་གིས་བསྐོར་བའི་སྣ་ཚོགས་པདྨ་རྡུལ་ཚོན་ནམ་འབྲས་བཏགས་པའི་ཁུ་བ་ལ་སོགས་པས་བྲིའོ། །ཡང་ན་རྟ་བབས་ 3-2-244a མེད་པའི་སྒོ་ནུབ་ཏུ་བསྟན་པའི་གྲུ་བཞི་པའི་དབུས་སུ་ཆུད་པའམ་ཡང་ན་ནང་གི་དཀྱིལ་འཁོར་གྱི་ཕྱེད་ཀྱི་གྲུ་བཞི་པ་སྒོ་བཞི་པ་རིམ་པ་གཉིས་པ་རྟ་བབས་མེད་པ་སྟེ། ཤར་ལ་སོགས་པའི་སྣམ་བུ་ལ་འཁོར་ལོ་དང་རིན་པོ་ཆེ་དང་ པདྨ་དང་རལ་གྲི་རྣམས་དང་མཚམས་རྣམས་སུ་ཡུམ་བཞིའི་མཚན་མ་དང་དབུས་སུ་སྣ་ཚོགས་པདྨ་འདབ་བརྒྱད་བྲི་བར་བྱའོ། །དང་པོ་གཉིས་ནི། སྒོ་གཅིག་པ་ལ་སྔ་མ་ལ་རྟ་བབས་ཡོད་ཅིང་ཕྱི་མ་ལ་མེད་པ་ཡིན་ལ་རིམ་པ་གཉིས་པ་ནི། ལྷ་སྣམ་དང་པདྨ་གཉིས་ཀྱི་ རིམ་པའོ། །དེའི་སྟེང་དུ་པདྨ་འདབ་བརྒྱད་བྲིས་པའི་ཤིང་སྟན་ནམ་ཡང་ན་ཟླ་བའི་དཀྱིལ་འཁོར་བྲིས་པའི་རལ་ལ་སོགས་པའི་སེང་གེའི་གདན་དཀྱིལ་འཁོར་དེའི་པདྨའི་སྟེང་དུ་བཞག་པར་མས་ནས་པདྨ་ལ་རེག་པ་མེད་པར་དེའི་སྟེང་དུ་བཞག་གོ། ཡང་ན་ཁྲུས་ཀྱི་ དཀྱིལ་འཁོར་མེད་པར་ཡང་དེ་བསྒོམས་ནས་ཤིང་སྟན་ལ་སོགས་པ་ལ་སློབ་མ་རྡོ་རྗེ་འཆང་དུ་བསྐྱེད་ལ་དཀྱིལ་འཁོར་ལ་མངོན་དུ་ཕྱོགས་པར་བཞག་གོ། ནག་པོ་སྤྱོད་པ་དང་ས་ར་ཧས་གཙོ་བོར་སྐྱེད་པར་བཤད་དོ། །འདིར་ཕྲེང་བ་ལས་དབང་སྟེགས་ཀྱིས་ དཀྱིལ་འཁོར་སྔར་རབ་གནས་ཀྱི་སྐབས་སུ་བཤད་པ་ལ་ཁ་འཕངས་མཛད་པ་བཞིན་དུ་བདེ་མཆོག་གི་དབང་གི་རབ་བྱེད་ལས་ཀྱང་སྔར་བསྟན་པ་ལ་ཁ་འཕངས་པ་ནི་མི་འཐད་དེ་གཞུང་དེར་སྔར་ཁྲུས་སྟེགས་བཤད་པ་མེད་པའི་ཕྱིར་རོ། །དེས་ན་དེ་མ་ངེས་ པར་ཕྲེང་བ་བཞིན་དུ་བྲིས་འདུག་པས་ཨ་བྷྱཱ་ཀ་རས་མཛད་པ་མིན་ལ་འོན་ཀྱང་ཕྲེང་བ་ལ་རེ་མཁས་གཅིག་གིས་བྱས་འདུག་གོ། དེ་ནས། ཨོཾ་ཨཱཿབིགྷྣཱན་ཏ་ཀྲྀཏ་ཧཱུཾ་ཞེས་པ་འཁྱིལ་པའི་སྔགས་དང་ཧཱུཾ་ཡིག་ཡུངས་ཀར་ལ་ལན་བདུན་བཟླས་པ་ལག་པ་གཉིས་ 3-2-244b ཀྱི་ཁུ་ཚུར་གྱིས་བཟུངས་ནས་རེ་རེ་ནས་གཡོན་སྐོར་དུ་ལན་གཉིས་སུ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་བཛྲ་ས་ཏྭ་སྱ་སརྦ་པཱ་པཾ་ད་ཧ་སྭཱ་ཧཱ། ཞེས་བརྗོད་ཅིང་བྱབས་ལ་ཡུངས་ཀར་མེར་དོར་རོ། །དེ་བཞིན་དུ་གཡས་སུ་བསྐོར་བ་གཉིས་ཀྱང་བྱའོ། །ཁུ་ཚུར་གྱིས་ཆུ་བཟུང་ ནས་ཀྱང་དེ་བཞིན་དུའོ། །དེ་ནས་ཁམ་ཕོར་དཀར་པོ་བཞི་དང་རྩྭ་དུར་བའི་མྱུ་གུ་དང་བཅས་པའི་བ་ལྕིའི་ཆངས་བུ་བཞི་དང་ཟན་ཆངས་བཞི་དང་སེང་རས་ཀྱི་ཚལ་པ་བཞིས་ཀྱང་གཡོན་དང་གཡས་སུ་སྐོར་བ་སྔར་བཞིན་བྱ་སྟེ་འོན་ཀྱང་ཁམ་ཕོར་མན་ཆད་ རྣམས་མེར་མི་འདོར་རོ། །དེ་ནས་ཉེ་རེག་བྱ་ལ་གཙོ་བོའི་སྔགས་བརྗོད་ཅིང་ཐུགས་ཀར་དྲི་དང་དབུ་ལ་མེ་ཏོག་གི་ཕྲེང་བ་བཅིངས་པ་དང་མདུན་དུ་མཆོད་ཡོན་འབུལ་བ་བྱས་ནས་མར་མེས་ཡོངས་སུ་བསྐོར་ཏེ་འཁྱིལ་པ་དང་ཧཱུཾ་ལན་བདུན་བཟླས་པའི་མར་ དང་བཅས་པའི་སྤོས་དཀར་གྱི་བདུག་པར་བྱའོ། །གུར་གྱི་བརྒྱད་པ་ལས་གསུངས་པའི་བྱབ་པའི་སྔགས་དེའི་སྔགས་དོན་དང་བསྟུན་ན་སྡིག་པ་སྦྱོང་བར་སྣང་ལ། ལྭ་བ་པས་མི་གཙང་བ་བསལ་བ་དང་བི་བྷཱུ་ཏཱིས་བྱུར་བསལ་བར་བཤད་དོ། །གཉིས་ པ་ནི། དེ་ནས་བླ་མས་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཕྱོགས་མཐའ་ཡས་པ་ན་བཞུགས་པའི་དེ་བཞིན་གཤེགས་པ་དང་རིག་པའི་ལྷ་མོ་རྣམས་མདུན་གྱི་ནམ་མཁར་སྤྱན་དྲངས་ལ་མཆོད་དེ་སློབ་མ་དབང་བསྐུར་བའི་དོན་དུ། རྡོ་རྗེ་ཅན་ གྱིས་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང༌། །ཡོན་ཏན་འབྱུང་གནས་ཇི་ལྟར་བསྩལ། །དེ་ལྟར་འདི་ལ་སྩལ་དུ་གསོལ། །ཞེས་པས་གསོལ་བ་གདབ་བོ། །འདིའི་དོན་ནི། སྔར་གྱི་གསོལ་གདབ་ཀྱི་བཤད་པས་ཤེས་སོ། །ཕྲེང་བ་ལས་མི་ 3-2-245a བསྐྱོད་པའི་བདག་ཉིད་ཅན་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩིའི་ངོ་བོ་ཞེས་པ་ཙམ་མ་གཏོགས་པ་དབང་རྫས་ཀྱི་སྐྱེད་ཆོག་མི་གསལ་ཡང་འདིའི་རྗེས་འབྲང་གཉིས་ཀྱིས་ཆུ་མི་བསྐྱོད་པར་བསྐྱེད་པ་ལ་ཡེ་ཤེས་པ་བཅུག་ཅིང་ ཁྱད་པར་དུ་རཏྣ་རཀྵི་ཏས་དེ་ཞུ་བའི་ཆུར་བཤད་པས། བུམ་ཆུ་རྣམས་བསངས་སྦྱངས་ལ་ཧཱུཾ་དུ་གྱུར། དེ་ལས་ཧཱུཾ་གིས་མཚན་པའི་རྡོ་རྗེར་གྱུར། དེ་ལས་མི་བསྐྱོད་པར་བསྐྱེད་པ་ལ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་པའི་ཡེ་ཤེས་ སེམས་དཔའ་བསྟིམས་ལ་མཆོད་ནས་དེ་ཡོངས་སུ་གྱུར་པའི་ཆུར་བལྟའོ། །དེ་ནས་ཕྲེང་བ་ལས། དེ་བཞིན་གཤེགས་པ་ཞུ་བ་སྔོན་ལ་བྱས་ནས་དེ་ནས་སློབ་མ་ཞལ་དུ་བཅུག་པ་ལ་དབང་བསྐུར་བར་བཤད་ཀྱང་རཏྣ་རཀྵི་ཏས་དེའི་གོ་རིམས་བཟློག་ པ་བདེ་བས་དེ་བཞིན་དུ་བྱ་སྟེ། སློབ་མ་རང་གི་ཁ་ནས་བཅུག་སྟེ་རྡོ་རྗེའི་ལམ་ནས་བཏོན་ནས་རིག་མའི་པདྨར་གཞག་ལ། དེ་ནས་སློབ་མ་སྐད་ཅིག་གིས་སྟོང་པ་ཉིད་དུ་བསམས་པའི་རྗེས་ལ་དང་པོར་ཧཱུཾ་དང་དེ་ནས་རྡོ་རྗེ་དེ་ནས་རྡོ་རྗེ་དེས་མཚན་པ་ ལས་སྐྱེས་པའི་མི་བསྐྱོད་པའི་སྐུ་རིག་མ་དང་བཅས་པར་བསྐྱེད། ཡེ་ཤེས་སེམས་དཔའ་དང་དབྱེར་མེད་པ་ཞེས་གསུངས་པས་ཡེ་ཤེས་པ་གཞུག་གོ། དེ་ནས་དེ་བཞིན་གཤེགས་པ་ཤེས་རབ་མ་དང་སྙོམས་པར་འཇུག་པ་རྣམས་འདོད་ ཆགས་ཆེན་པོས་ཞུ་བར་གྱུར་ནས་རྣམ་སྣང་གི་སྒོ་སྤྱི་བོ་ནས་ཞུགས་ཏེ། རྡོ་རྗེའི་ལམ་ནས་བྱུང་བའི་ཁུ་བས་པདྨར་གནས་པའི་སློབ་མ་ལྷར་བསྐྱེད་པ་ལ་དབང་བསྐུར་ནས་སླར་ཡང་ཞལ་ཕྱག་ལ་སོགས་པའི་སྐུ་རྣམས་ཀྱིས་པདྨ་ནས་བྱུང་ 3-2-245b སྟེ་གཞག་གོ། སྐབས་འདིར་གུར་ལས་གསུངས་པའི་དོན་མི་ཐུབ་ཟླ་བས། བུམ་པ་བརྒྱད་པོ་ཐམས་ཅད་ཀྱི། །རང་གི་རིག་མ་སྐྱེས་བུའི་ཆུས། །ཐུགས་རྡོ་རྗེ་རུ་རབ་བསྒོམས་པས། །རྡོ་རྗེ་འཆང་བསམས་དབང་བསྐུར་བྱ། །ཞེས་གསུངས་པས་ཆུ་དབང་ དང་ནང་དབང་གཉིས་ཀ་བསྟན་པར་མངོན་ནོ། །ལྷའི་རིགས་ཀྱི་བློ་གྲོས་ཀྱིས་ནང་དབང་ལ་མ་སྦྱར་རོ། །ཆུ་དབང་སྐུར་བའི་སྔོན་དུ་དམིགས་པའི་རིམ་པ་ནི། ནམ་མཁའ་གང་བར་གནས་པའི་སྤྱན་མ་ལ་སོགས་པའི་རིག་མ་དང་བཅས་པའི་དེ་བཞིན་ གཤེགས་པ་རྣམས་དམིགས་ལ་དེ་རྣམས་ཀྱིས་གདུགས་དང་རྒྱལ་མཚན་དང་བ་དན་དང་ན་བཟའ་རྣམས་སློབ་མའི་སྟེང་ཕྱོགས་སུ་འཛིན། གླུ་གར་མཛད་ཅིང་རོལ་མོ་རྡུང་མེ་ཏོག་དང་གུར་ཀུམ་ལ་སོགས་པའི་ཆར་འབེབས་ཕྱག་གིས་ཅུང་ཟད་ ཡོ་བར་བཟུངས་པའི་བུམ་པ་དཀར་པོ་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩིས་བཀང་བ་རྣམས་ཀྱིས་ཡུམ་གྱི་པདྨ་ནས་ཕྱུང་བའི་སློབ་མ་དེ་ལ་དབང་བསྐུར་བཞིན་པ་དང༌། གཟུགས་རྡོ་རྗེ་ལ་སོགས་པའི་ལྷ་མོ་རྣམས་ཀྱིས། བཀྲ་ཤིས་གང་ཞིག་སེམས་ཅན་ ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག །སེམས་ཅན་མ་ལུས་སྐྱེད་བྱེད་བདེ་བ་ཆེན་པོ་སྟེ། །དེ་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་ གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྣམ་རྒྱལ་འདབ་འདྲའི་སྤྱན་མངའ་བ། །དེ་ན་དེ་རིང་ཁྱོད་ལ་ཞི་བྱེད་བཀྲ་ཤིས་ཤོག །དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མི་ཡིས་མཆོད། །ཆོས་མཆོག་སྐྱེ་དགུ་རྣམས་ 3-2-246a ལ་རྟག་ཏུ་ཞི་བྱེད་པ། །དེ་ནི་དེ་རིང་ཁྱོད་ལ་ཞི་བྱེད་བཀྲ་ཤིས་ཤོག །དམ་ཆོས་ལྡན་པ་ཐོས་དང་བཀྲ་ཤིས་ཀྱིས་ཕྱུག་ཅིང༌། །དགེ་འདུན་མི་དང་ལྷ་དང་ལྷ་མིན་ཡོན་གྱི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་ གྱི་གཞི། །དེ་ནི་དེ་རིང་ཁྱོད་ལ་ཞི་བྱེད་བཀྲ་ཤིས་ཤོག །ཅེས་བཀྲ་ཤིས་བརྗོད་པར་བསམ་མོ། །རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ཀྱི་བཞི་པ་ལས། ཏིལ་གྱི་གང་བུ་བཞིན་གང་བའི། །རྒྱལ་བས་བུམ་པ་བཟུངས་ནས་ནི། །ཞེས་གསུངས་པས་བུམ་པ་འཛིན་མཁན་ སྤྱན་མ་ལ་སོགས་པའི་རིག་མས་བྱ་དགོས་པའི་ངེས་པ་མེད་དོ། །དེ་ལྟར་མོས་ནས་རང་གིས་ཀྱང་ཤིས་པའི་སྒྲ་གླུར་བླང་བ་སྔོན་དུ་བཏང་ནས་བྱ་སྟེ། འདིའི་དུས་སུ་དཔོན་སློབ་རྣམས་ཀྱིས་བུམ་པ་བཏེག་ནས་སློབ་མ་ལ་ཤིས་པ་བྱེད་དེ་ཟུང་འཇུག་གསལ་ བ་ལས་མ་པ་བཟུང་སྟེ་བཀྲ་ཤིས་པའི། །ཚིགས་སུ་བཅད་པ་ཐོག་མར་བཀླག །ཅེས་གསུངས་སོ། །དེ་ནས་ཆུ་དབང་སྐུར་ལུགས་གསུམ་ལས་རྣམ་པར་རྒྱལ་བ་ལ་སོགས་པའི་བུམ་པ་རྣམས་ལས་ཆུ་ཅུང་ཟད་རེ་བཅུས་ཏེ་ཐོད་ཕོར་རམ་དུང་ཆོས་སུ་བླུགས་ པས་ཆུ་དབང་སྐུར་བའམ་ཡང་ན་དང་པོར་རྣམ་རྒྱལ་གྱི་བུམ་པ་དང་དེ་ནས་དེ་བཞིན་གཤེགས་པ་བཞིའི་བུམ་པ་དང་དེ་ནས་ལྷ་མོ་བཞིའི་བུམ་པ་དང་དེ་ནས་ཇི་ལྟར་རིགས་པར་དཀྱིལ་འཁོར་པའི་བུམ་པ་གཞན་རྣམས་ཀྱིས་དབང་བསྐུར་རོ། །དབང་ བུམ་གཅིག་ལས་མེད་ན་རྣམ་རྒྱལ་བུམ་པའི་མི་བསྐྱོད་པའི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩིའི་ངོ་བོ་ཡལ་འདབ་དང་བཅས་པའི་རྡོ་རྗེ་ལག་པ་གཡས་པས་བཟུང་ལ་དེས་ཆུ་བླངས་ཏེ་རྡོ་རྗེའི་རྩེ་མོས་བླུགས་པས། དབང་བསྐུར་རྡོ་རྗེ་ 3-2-246b ཆེན་པོ་ནི། ཁམས་གསུམ་པ་ཡིས་ཕྱག་བྱས་པ། །རྡོ་རྗེ་གསང་བ་གསུམ་འབྱུང་བ། །སངས་རྒྱས་ཀུན་གྱི་སྦྱིན་པར་བྱ། །ཨོཾ་ཨཱཿབཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུཾ་སུ་ར་ཏ་སྟྭཾ་ཨ་ཧཾ། ཞེས་བརྗོད་ཅིང་དབང་བསྐུར་བར་བྱའོ། །བསྡུས་པ་ལ་དགའ་ན་དེ་ ལྟར་བྱ་ལ་དེ་ལྟ་མ་ཡིན་ན། ཨོཾ་མ་ཧཱ་སུ་ཁ་བཛྲ་ས་ཏྭ་ཨ་བྷི་ཥེ་ཀེ་ཎ་ཏྭཾ་ཨ་བྷི་ཥི་ཉྩ་མི་སརྦ་ཏ་ཐཱ་ག་ཏ་ཨ་དྷི་པ་ཏི་ཏྭེ་ན་དྲི་ཌྷོ་བྷ་བ། ཞེས་ཀྱང་བརྗོད་དེ་སྔགས་གཉིས་ནི་ཀླུ་བྱང་དང་ཟུང་འཇུག་གསལ་བས་ཀྱང་བཤད་དོ། །སྦྱིན་པར་བྱའོ་ཞེས་དྲང་ ངོ༌། །གང་གི་མདུན་དུ་ན་སངས་རྒྱས་ཀུན་གྱི་སྤྱན་སྔར་རོ། །གང་ན་དབང་བསྐུར་བའོ། །དེའི་ཁྱད་པར་ལ་ཆེན་པོ་ནི། ཁམས་གསུམ་གྱི་རྒྱལ་པོར་རབ་ཏུ་བཞུགས་པ་སྟེ། དེའི་ཕྱིར་ཁམས་གསུམ་པ་ཡིས་ཕྱག་བྱས་པའོ། །དེ་ངས་ཁྱོད་ལ་སྦྱིན་ གྱིས་ཁྱོད་ཀྱིས་ཀྱང་འདི་ལ་ནན་ཏན་དུ་བྱའོ་ཞེས་སློབ་མ་དབུགས་འབྱིན་པའོ། །རྡོ་རྗེ་ནི། དོར་དུ་མི་རུང་བའོ། །རྡོ་རྗེ་གསང་བ་གསུམ་དབྱེར་མེད་མི་ཕྱེད་པ་ནི། རྡོ་རྗེ་འཆང་ཡིན་ལ་དེ་ལས་བྱུང་བ་ནི་དེའི་རིགས་ལས་སྐྱེས་པ་ལ་ལེའུ་བཅུ་དྲུག་པའི་ སྒྲོན་གསལ་ལས་བཤད་དོ། །དེ་ལྟར་དབང་བསྐུར་བའི་དུས་སུ་བདེ་བ་ཕུན་སུམ་ཚོགས་པ་བྱུང་བར་བསམ་མོ། །དཀྱིལ་ཆོག་འདི་ལ་སོགས་པར་བུམ་པ་མགོར་འཇོག་པ་མི་གསལ་ཡང་བླ་མ་རྣམས་ཀྱིས་མཛད་པ་ལྟར་ཀྱཻ་རྡོར་ལས་རིམ་ གྱི་ཆོ་ག་ལས་འབྱུང་ངོ༌། །ཡོ་གནས་འཐུང་དུ་འཇུག་པ་ཡང་བཤད་དོ། །སྙེ་མ་བཅུ་གཉིས་པ་ལས་དབང་བསྐུར་བ་ནི། ཡེ་ཤེས་ཀྱི་ཆུ་རྣམས་ཀྱིས་བག་ཆགས་དང་བཅས་པའི་སྒྲིབ་པ་ཐམས་ཅད་ཀྱི་དྲི་མ་འཁྲུད་པའོ། །དེའི་ཕྱིར་དབང་བསྐུར་ 3-2-247a བའི་ཁུ་བས་སྤྱི་བོར་གནས་པས་རྒྱས་གདབ་པར་རིགས་ཀྱི་དབྱེ་བས་འགྱུར་རོ། །ཞེས་མངོན་རྟོགས་ཀྱི་ཆུ་དབང་གི་སྐབས་སུ་གསུངས་ཏེ་འདིར་ཡང་འདྲའོ། །གཉིས་པ་ནི། དེ་ནས་དབང་ལྷག་མ་བཞི་ལ་སློབ་དཔོན་ལ་ གསོལ་བ་བཏབ་པའི་རྗེས་སུ་སློབ་མ་ཨཾ་དང་རིན་པོ་ཆེ་དང་ཧྲཱིཿདང་པདྨ་དང་ཁཾ་དང་རལ་གྲི་དང་ཨོཾ་དང་འཁོར་ལོ་ལས་ཆོ་ག་གསུམ་གྱིས་རིན་འབྱུང་ནས་རྣམ་སྣང་གི་བར་དུ་སྐྱེད་པ་སོགས་སྔར་བཞིན་དུ་བྱ་སྟེ་དབང་རྫས་ལ་ཡང་འདྲའོ། །ཅོད་པན་གྱི་དབང་ རྫས་ནི། གསེར་དང་རས་ལ་སོགས་པ་ལས་བྱས་པའི་རིགས་ལྔའི་ཅོད་པན་སློབ་མའི་རིགས་བདག་དབུས་ན་གནས་པའོ། །དེ་མགོའི་དབུས་དང་ལོགས་གཉིས་དང་སྤྱི་བོ་དང་རྒྱབ་རྣམས་སུ་རིམ་པ་བཞིན་ཨོཾ་བཛྲ་དྷཱ་ཏཱི་ཤྭ་རི་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ ཏ་ས་ཏྭ་བཛྲ་ཨ་བྷི་ཥིཉྩ་བྲུཾ། ཨོཾ་རཏྣ་བཛྲི་ཨ་བྷི་ཥིཉྩ་ཨཱཿཨོཾ་དྷརྨཱ་བཛྲི་ཨ་བྷི་ཥིཉྩ་ཧྲཱིཿ ཨོཾ་ཀརྨཱ་བཛྲི་ཨ་བྷི་ཥིཉྩ་ཏྲཾ། ཞེས་པའི་སྔགས་ལྔས་མགོ་བོ་ལ་བསྐོན་ནོ། །ཀླུ་བྱང་གིས་ཕྲེང་བ་བཞིན་དུ་བཤད་ཅིང་ཕྱག་རྒྱ་བཅིངས་ཏེ་གནས་དེ་དག་ཏུ་བཞག་ནས་སྔགས་ དེ་རྣམས་བརྗོད་པར་མཛད་དོ། །དེ་ནས་དབང་བསྐུར་རྡོ་རྗེ་ཆེན་པོ་ནི། ཞེས་སོགས་དང༌། ཨོཾ་ཨཱཿབཛྲ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུཾ་སུ་ར་ཏ་སྟཱཾ་ཨ་ཧཾ། ཞེས་བརྗོད་ལ་བཛྲ་ཏུ་ཥྱ་ཧོཿ ཞེས་བརྗོད་པས་དགྱེས་པར་བྱའོ། །སྐབས་འདིར་རིགས་ལྔ་ཁས་དབུ་བརྒྱན་པར་སྒོམ་པར་ ཀླུ་བྱང་གིས་ཀྱང་གསུངས་སོ། །དེ་ནས། ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨཿཞེས་པའི་སྔགས་ཀྱིས་དཔྲལ་བར་དར་དཔྱངས་བཅིང་བར་བྱའོ། །ཟུང་འཇུག་གསལ་བས་དབུ་རྒྱན་ལ་དར་དཔྱངས་དཔྱངས་ནས་བཛྲ་ཏུ་ཥྱ་ཧོཿ ཞེས་བརྗོད་དེ་མཉམ་པའི་ཐལ་མོས་མཉེས་པར་བཤད་དེ་ཀླུ་ 3-2-247b བྱང་གི་དགོངས་པའོ། །རྡོ་རྗེའི་དབང་ལ་ཡང་དབང་བསྐུར་རྡོ་རྗེ་ཞེས་པའི་ཚིགས་བཅད་དང༌། སངས་རྒྱས་རྣམས་ཀྱིས་རྡོ་རྗེ་ཡི། །དབང་གིས་དེ་རིང་ཁྱོད་དབང་བསྐུར། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་རབ་ཏུ་གྲུབ་ཕྱིར་ཟུངས། །ཞེས་བརྗོད་ཅིང་སློབ་མའི་སྙིང་ མགྲིན་མགོ་བོ་རྣམས་ལ་རྡོ་རྗེས་རེག་ནས་ལག་པ་གཡས་སུ་སྦྱིན་ནོ། །འདིར་གུར་ལས། སློབ་མ་འཇིག་རྟེན་དབང་བསམས་ལ། ཞེས་གསུངས་པའི་དོན་འགྲེལ་བས་པདྨ་གར་གྱི་དབང་ཕྱུག་ཏུ་སྒོམ་པ་ལ་བཤད་ཅིང༌། རྡོ་རྗེ་ཆེན་པོ་རྩེ་དགུ་པ། ཞེས་གསུངས་ པའི་དོན་ནི། རྩེ་ལྔ་པ་ཡིན་ཡང་སྟེང་འོག་གི་རྩེ་བརྒྱད་དང་དབུས་མ་དང་བཅས་པས་རྩེ་དགུ་པའོ་ཞེས་བཤད་དོ། །རྐང་པ་ཐ་མ་གཉིས་ལ་གུར་ལས། འདི་དེ་སངས་རྒྱས་ཀུན་ཉིད་དུ། །རབ་སྒྲུབ་ཕྱིར་ན་རྡོ་རྗེ་ཟུངས། །ཞེས་འབྱུང་ངོ༌། །དེ་ཉིད་སྣང་བ་ལས་ནི། ཚིགས་ བཅད་དེའི་དོན་འདི་ལྟར་བཤད་དེ་སངས་རྒྱས་རྣམས་ཀྱིས་དེ་རིང་ཁྱོད་ལ་རྡོ་རྗེའི་དབང་བསྐུར་བས་རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོངས་ཤིག་པ་སྟེ་ཟུངས་ཤིག །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བཤད་དོ། །ཞེས་གསུངས་པས་རྡོ་རྗེའི་དབང་བསྐུར་བས་ནི་རྡོ་རྗེ་ ཡེ་ཤེས་ཀྱི་དབང་བསྐུར་བ་གསུངས་པ་ཡིན་ནོ། །རྡོ་རྗེའི་དབང་བསྐུར་བ་འདི་ནི། སྟོང་པ་ཉིད་དང་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཡིན་པས་སངས་རྒྱས་ཐམས་ཅད་ཀྱི་ཡིན་ནོ། །དེ་བླང་བར་བྱ་བའི་རྒྱུ་མཚན་ནི། གང་གི་ཕྱིར་རྡོ་རྗེ་འདི་ནི་སངས་རྒྱས་ ཐམས་ཅད་ཀྱི་ངོ་བོ་ཉིད་ཡིན་པས་དེ་རབ་ཏུ་གྲུབ་པ་སྟེ་ཐོབ་པར་བྱ་བའི་ཕྱིར་ཁྱོད་ཀྱིས་ལོངས་ཞེས་པའོ། །དྲིལ་བུའི་དབང་ནི། དྲིལ་བུ་སློབ་མའི་ལག་པ་གཡོན་དུ་སྦྱིན་ལ་རྡོར་དྲིལ་དང་ལྡན་པའི་ལག་པས་ཕྱག་རྒྱ་ལ་འཁྱུད་པའི་ཚུལ་བྱེད་དུ་བཅུག་སྟེ་དབང་བསྐུར་ 3-2-248a ཞེས་སོགས་བརྗོད་པ་སྔོན་དུ་འགྲོ་བས། ཨོཾ་བཛྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་མི་ཏིཥྛ་བཛྲ་ས་མ་ཡ་སྟྭཾ། ཞེས་གུར་གྱི་བཞི་པ་ལས་འབྱུང་བ་བརྗོད་ལ་ཨོཾ་བཛྲ་གྷཎྜེ་ཨཿཨཿབཅོམ་ལྡན་གཟུང་ངོ་བདག་ལ་ནི། །ཡང་དག་ཉེ་བར་གྱུར་ པར་མཛོད། ཅེས་འདོན་དུ་གཞུག་སྟེ་སྔགས་དེ་ནི་གུར་གྱི་བཅུ་བཞི་པ་ལས་སོ། །སྔགས་ཕྱི་མ་དང་རྐང་པ་གཉིས་བརྗོད་པ་ནི་ཀླུ་བྱང་གི་དགོངས་པའོ། །དེ་ཉིད་བསྡུས་པ་དང་དཔལ་མཆོག་གི་བཞེད་པས་སངས་རྒྱས་ཀུན་གྱི་ཞེས་པའི་ཚིགས་བཅད་ཀྱིས་ རྡོ་རྗེའི་དབང་དང༌། བཛྲ་ཨ་དྷི་བ་ཏི་ཞེས་སོགས་ཀྱི་སྔགས་ཀྱིས་བདག་པོའི་དབང་སྐུར་བར་བཞེད་པ་བཞིན་དུ་མར་མེ་མཛད་བཟང་པོ་དང་མི་ཐུབ་ཟླ་བ་སོགས་ཀྱིས་ཀྱང་དེ་བཞིན་དུ་བཤད་ལ། དཱ་རི་ཀ་པས་རྡོ་རྗེའི་ཚིགས་བཅད་དེ་དྲིལ་བུ་ལ་འདོན་པ་བསྒྱུར་ཏེ་ དེས་དྲིལ་བུ་བྱིན་ནས་སྔགས་ནི་བདག་པོའི་དབང་གི་བརྟན་བྱེད་དུ་བཤད་དོ། །ནག་པོ་སྤྱོད་པ་སོགས་ཀྱིས་ཚིག་ཅུང་ཟད་མི་འདྲ་བར་བྱས་ནས་སྔགས་དང་ཚིགས་བཅད་གཉིས་ཀས་རྡོ་རྗེའི་དབང་བསྐུར་བའི་འོག་ཏུ་ཚིགས་བཅད་གཞན་གྱིས་དྲིལ་བུའི་དབང་ སྟེར་བར་བཤད་དོ། །སྔགས་དེའི་དོན་རྡོ་རྗེའི་དབང་དང་དྲིལ་བུའི་དབང་གཉིས་ཀ་ལ་བཤད་དུ་རུང་བ་ཅིག་ཡོད་པས་ཚད་ལྡན་ལ་ལས་རྡོ་རྗེའི་དབང་ལ་སྦྱར་ཞིང་ལ་ལས་དྲིལ་བུའི་དབང་ལ་སྦྱར་བར་གསལ་ལོ། །ལྭ་བ་པས། ཨོཾ་དྲིལ་བུ་རྡོ་རྗེ་རབ་ལྡན་པས། ། ཤིན་ཏུ་དཔའ་བོ་ཉིད་དབང་བསྐུར། །རྡོ་རྗེ་དམ་ཚིག་གནས་པ་ཁྱོད། །བདག་པོའི་དབང་བསྐུར་རྒྱལ་མནོས་ཤིག །ཅེས་པ་འདིས་དྲིལ་བུའི་དབང་སྦྱིན་པར་བཞེད་དེ་རྐང་པ་གསུམ་པ་ནི། ཏིཥྛ་བཛྲ་ས་མ་ཡ་སྟྭཾ་ཞེས་པའི་དོན་ཡིན་ལ་བདག་པོའི་དབང་བསྐུར་ 3-2-248b བ་ནི། ཨ་དྷི་བ་ཏི་ཨ་བི་ཥིཉྩ་ཞེས་པའི་དོན་ཡིན་པས་དོན་བསྡུ་ན་རྡོ་རྗེའི་དམ་ཚིག་ལ་གནས་པ་ཁྱོད་ལ་རྡོ་རྗེའི་བདག་པོའི་དབང་བགྱིའོ་ཁྱོད་ཀྱིས་མནོས་ཤིག་ཅེས་པའི་དོན་ཏེ། ལྭ་བ་པའི་དགོངས་པའོ། །ཀུན་སྙིང་གིས་སྔགས་དེའི་དོན་དེ་དང་མི་འདྲ་བར་བཤད་ དོ། །རྡོ་རྗེ་དང་དྲིལ་བུའི་སྐབས་འདིར་རྡོ་རྗེའི་དམ་ཚིག་དང་རྡོ་རྗེའི་བརྟུལ་ཞུགས་དང་དྲིལ་བུའི་དམ་ཚིག་སྦྱིན་པའི་ཚིག་རྣམས་ཀྱང་བརྗོད་ནས་ཕྱོགས་གཅིག་ཏུ་སྐུར་བ་ཆེན་པོ་མང་པོས་མཛད་ལ། བྷཱ་བ་བྷ་དྲས་དྲིལ་བུའི་དབང་གི་རྒྱུན་ཉིད་ལ་མོང་དབང་གི་སྔོན་ དུ་ཕྱག་རྒྱའི་དམ་ཚིག་ཀྱང་བྱིན་ནས་དེ་དག་གིས་སློབ་དཔོན་གྱི་དབང་བསྐུར་བར་ཡང་མཛད་དོ། །འོན་ཀྱང་ལྭ་བ་པ་དང་དཱ་རི་ཀ་པ་དང་སློབ་དཔོན་འདིས་མཛད་པ་ལྟར་རྡོར་དྲིལ་གྱི་དམ་ཚིག་དང་ཕྱག་རྒྱའི་དམ་ཚིག་རྣམས་སློབ་མའི་དབང་བསྐུར་བའི་འོག་ཏུ་རྡོ་ རྗེ་སློབ་དཔོན་གྱི་དབང་བསྐུར་བའི་སྐབས་སུ་མཛད་པ་ལྟར་གཞན་རྣམས་ཀྱི་དགོངས་པ་ཡང་དེ་ལྟར་བླངས་ན་ལེགས་སོ། །དྲིལ་བུའི་དབང་འདི་ལ་མིང་གཉིས་པ་བདག་པོའི་དབང་ཞེས་ཀྱང་གསུངས་ལ་བདག་པོའི་དབང་ཞེས་ཟེར་བའི་སྒྲ་དོན་ནི་འཆད་པར་འགྱུར་ རོ། །མིང་དབང་ནི། མགོར་རྡོ་རྗེ་དང་དྲིལ་བུ་མཉམ་པོར་བཟུངས་ཤིང་དབང་བསྐུར་ཞེས་སོགས་དང༌ཨོཾ་བཛྲ་ས་ཏྭ་སྟྭཾ་ཨ་བྷི་ཥིཉྩ་མི་བཛྲ་ནཱ་མ་ཨ་བྷི་ཥི་ཀ་ཏ། ཞེས་གུར་གྱི་བཞི་པ་ནས་འབྱུང་བ་བརྗོད་ལ། ཞེ་སྡང་རྡོ་རྗེ་ཁྱོད་དམ་གཏི་མུག་རྡོ་རྗེ་ཁྱོད་ཅེས་པ་སོགས་ཀྱིས་ མེ་ཏོག་གང་ལ་འཕོག་པའི་རྗེས་སུ་འབྲངས་ནས་རང་གི་རིགས་ཀྱི་མིང་རྣམ་སྣང་གི་བདག་ཉིད་ཀྱིས་དབང་བསྐུར་བར་བྱའོ། །རིགས་དྲུག་གི་དབང་དུ་བྱས་པའི་ཕོ་མོའི་མིང་འདོགས་ལུགས་རྒྱས་པ་ནི་ཕྲེང་བ་ལས་ཤེས་པར་བྱའོ། །དེ་ཉིད་བསྡུས་པ་ལས་ཀྱཻ་རྡོ་རྗེ་ 3-2-249a ཞེས་གང་གི་མིང་གང་དུ་བརྗོད་པ་དེར་ཀྱཻ་ཞེས་བརྗོད་པར་བྱའོ་ཞེས་གསུངས་ཏེ་ཀྱཻ་ཞེས་པ་ནི་བོད་པའོ། །དེ་ལ་དཔལ་གྱི་སྒྲ་ཡང་དགོས་པར་མར་མེ་མཛད་བཟང་པོ་ལ་སོགས་པས་གསུངས་པས་དཔལ་མི་བསྐྱོད་རྡོ་རྗེ་ཞེས་པ་ལྟ་བུའི་ཡོན་ཏན་ བརྗོད་ནས་མིང་འདོགས་པ་ཡིན་པས་མིང་དབང་བསྐུར་བའི་ཚེ་དབང་སྔར་ཐོབ་པ་ལ་གསང་མཚན་འདྲི་བ་ན་ཀྱཻ་དཔལ་ཞེས་འདྲི་བ་མིན་ནོ། །དཱ་རི་ཀ་པས། དཔལ་དང་རྡོ་རྗེའི་སྒྲ་ལྡན་པར། །སློབ་དཔོན་གྱིས་ནི་ལན་གསུམ་བོད། །ཅེས་བཏགས་པའི་མིང་དེས་ལན་གསུམ་ འབོད་པར་ཡང་གསུངས་སོ། །སློབ་དཔོན་འདིས་དབང་ལྷག་མ་བཞི་ལ་ཆུ་དབང་སྐུར་བ་གསལ་བ་མ་བཤད་པ་བཞིན་དུ་དཀྱིལ་ཆོག་ཁུངས་ཐུབ་མང་པོར་ཡང་མ་བཤད་མོད་ཀྱང་ལྭ་བ་པས་དབང་བཞི་རེ་རེའི་མཐར་ཆུ་དབང་སྐུར་བ་མཛད་པ་བཞིན་དུ་བྱ་དགོས་ ཏེ་འདི་དག་ལ་བུམ་པའི་བྱ་བ་རྗེས་སུ་འགྲོ་བས་བུམ་དབང་དུ་གསུངས་པའི་ཕྱིར་རོ། །ཕྲེང་བ་ལས་ཀྱང་ཐམས་ཅད་དུ་དེ་བཞིན་གཤེགས་པ་དང་སྤྱན་མ་ལ་སོགས་པའི་རིག་མ་རྣམས་ཀྱིས་བུམ་པས་དབང་བསྐུར་བའི་ཕྱིར་ཆུ་ནས་སློབ་དཔོན་གྱི་བར་དྲུག་བུམ་ དབང་དུ་བཤད་པའི་ཕྱིར་དང་དེ་བཞིན་གཤེགས་པ་ཡབ་ཡུམ་གྱིས་བུམ་པ་བཟུངས་ནས་དབང་བསྐུར་བ་དང་གཟུགས་རྡོ་རྗེ་མ་ལ་སོགས་པས་ཤིས་པ་བརྗོད་པའི་དམིགས་པ་རྣམས་དབང་ལྷག་མ་བཞི་ལ་ཡང་བྱ་བར་གསུངས་པའི་ཕྱིར་རོ། །དེས་ན་དེ་དག་ གི་སྐབས་སུ་ཡང་དབང་གི་ལྷ་སྤྱན་དྲངས་པ་རྣམས་ཀྱིས་ཇི་ལྟར་མཛད་པའི་དམིགས་པ་ནི། ཆུ་དབང་གི་སྐབས་བཞིན་དུ་གཟུང་ལ་ལྷག་མ་བཞི་ལ་ཡུམ་དང་བཅས་པར་སྐྱེད་པ་མ་བྱུང་ཡང་སྔ་མའི་འགྲོས་ཀྱིས་འཐོབ་བོ། །དབང་བསྐུར་རྡོ་རྗེ་ཞེས་པའི་ཚིགས་ 3-2-249b བཅད་དབང་ལྔ་ཁ་ལ་བརྗོད་ནས་སྐུར་བ་ནི། ལྭ་བ་པས་ཀྱང་མཛད་དོ། །ཕྱི་མ་རྣམས་ལ་ཆུ་དབང་སྐུར་བའི་ཚེ་ནི། སློབ་དཔོན་གྱི་དབང་གི་སྐབས་སུ་བཤད་པའི་སྔགས་བརྗོད་ནས་བྱའོ། །དེ་ལྟར་ན་དབང་ལྔ་པོ་དེ་དག་སྐུར་བའི་ཚེ་སྔར་བཤད་པ་ལྟར་རང་རང་གི་སྐབས་ ཀྱི་དབང་གང་ཡིན་ངོས་ཟིན་པར་བྱས་ལ་བརྡ་དོན་གསལ་པོར་འཕྲོད་ངེས་སུ་བྱས་ཏེ་བསྐུར་བར་བྱའོ། །ཆུ་དབང་གི་སྡོམ་ནི། ཡོན་དབུལ་གུས་པས་གསོལ་བ་གདབ། །དབང་སྟེགས་ལ་བཞག་སྦྱང་བ་བྱ། །དབང་ལྷ་སྤྱན་དྲང་ལྷ་རུ་བསྐྱེད། །ལྷ་ལ་གསོལ་གདབ་ ནང་དབང་བྱ། །ཤིས་པ་བརྗོད་དེ་ཆུ་དབང་བསྐུར། །བསྟིམ་ཞིང་མཆོད་ནས་དབང་དོན་བཤད། །ཅེས་པའོ། །དབང་ལྷག་མའི་སྡོམ་ནི། གསོལ་གདབ་དབང་ལྷ་སྤྱན་དྲང་ཞིང༌། །གཉིས་ཀ་ལྷར་བསྐྱེད་ལྷ་ལ་གསོལ། །ནང་དང་ཕྱི་ཡི་དབང་གཉིས་བསྐུར། ། ཆུ་དབང་བྱ་ལ་ལྷ་རྣམས་བསྟིམ། །མཆོད་ནས་དབང་དོན་བཤད་པར་བྱ། །ཞེས་པའོ། །གཉིས་པ་ལ་གཉིས། སློབ་དཔོན་གྱི་དབང་གི་རྣམ་གཞག་དང༌། སློབ་དཔོན་གྱི་དབང་གི་ཆོ་གའོ། །དང་པོ་ནི། རྡོ་རྗེ་སློབ་དཔོན་གྱི་དབང་དང་ཕྱིར་མི་ལྡོག་པའི་དབང་གཞིས་ ཀྱི་སྒྲ་འཇུག་པའི་ཡུལ་དངོས་ནི། དབང་དྲུག་པ་ཉིད་ཡིན་ལ་ཉེ་བར་བཏགས་པའི་སྒྲ་ནི་ཆུ་ལ་སོགས་པའི་དབང་ལ་ཡང་འཇུག་གོ། བུམ་པའི་དབང་གི་སྒྲ་ནི། དབང་དྲུག་ཀ་ལ་ཡང་དངོས་སུ་འཇུག་པས་སྔ་མ་གཉིས་དང་ཁྱབ་ཆེ་ཆུང་ཡོད་དོ། །འདིར་རྡོ་རྗེ་སློབ་ དཔོན་གྱི་དབང་གི་དངོས་གཞི་གང་ཞིག་ལ་བྱ་སྙམ་ན། དཔལ་འཛིན་གྱིས། ཕྱིར་མི་ལྡོག་པའི་དབང་བསྐུར་ཡང་བསྟན་པ་ཉིད་དེ་རྡོ་རྗེ་དང་དྲིལ་བུའི་དམ་ཚིག་ལ་ལུས་བྱིན་གྱིས་བརླབ་པ་བཅུག་ནས་སོ། །ཞེས་དང༌། འདི་ཡིས་རང་གི་འདོད་པའི་ལྷའི་བདག་ 3-2-250a ཉིད་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབ་བོ་ཞེས་བྱ་བ་ཕྱག་རྒྱའི་དམ་ཚིག་གོ། ཞེས་གསུངས་པས་ཕྱག་རྒྱའི་དམ་ཚིག་སྦྱིན་པའི་སྐབས་སུ་སློབ་དཔོན་གྱི་དབང་དངོས་གཞི་སྦྱིན་པར་བཞེད་དོ། །སྒྲ་གཅན་འཛིན་དཔལ་བཤེས་གཉེན་དང་ རྟག་པའི་རྡོ་རྗེས་ཀྱང་ཕྱག་རྒྱའི་དམ་ཚིག་འདོད་ལྷ་ཡབ་ཡུམ་འཁྱུད་པའི་རྣམ་པ་ཅན་དུ་བྱས་པའི་སྐབས་སུ་སློབ་དཔོན་གྱི་དབང་བསྐུར་བར་བཞེད་དེ། དེ་ལྟར་བྱས་པའི་ཕྱག་རྒྱའི་དམ་ཚིག་གི་ཤེས་བྱེད་དུ། ཤེས་རབ་བཅུ་དྲུག་ལོན་པ་ལ། ཞེས་སོགས་དྲངས་ ནས་བསྒྲུབས་པའི་ཕྱིར་རོ། །ལྭ་བ་པས་ཀྱང༌། འདིས་རང་གི་འདོད་པའི་ལྷའི་ལུས་རྡོ་རྗེ་འཆང་གི་ངོ་བོ་ཅན་ཁ་སྦྱོར་གྱི་རིམ་པས་བྱིན་གྱིས་བརླབས་ནས་འཁྱུད་པའི་ཚུལ་བྱེད་དུ་གཞུག་གོ། དེ་དག་ནི། ཕྱག་རྒྱ་ཆེན་པོའི་དམ་ཚིག་གོ། ཞེས་ཕྱག་རྒྱའི་དམ་ཚིག་གི་ ཚིགས་བཅད་ཀྱིས་དེ་ལྟར་བྱ་བར་གསུངས་ཤིང་སོ་སོར་ཕྱེ་ནས་སློབ་དཔོན་གྱི་དབང་འདི་ཡིན་ཞེས་གསལ་བར་མ་མཛད་ཀྱང་སྔ་མ་རྣམས་དང་དགོངས་པ་གཅིག་གོ། ཕྲེང་བའི་དགོངས་པ་ཡང་ཟུང་འཇུག་གསལ་བ་དང་རྟག་པའི་རྡོ་རྗེ་དང་འདྲའོ། །འོ་ན་ཕྲེང་ བ་ལས། རྒྱུད་གཞན་དུ་དམ་ཚིག་གསུམ་སློབ་དཔོན་གྱི་དབང་གི་འཁོར་དུ་གསུངས་པའི་ཤེས་བྱེད་དུ། ཤེས་རབ་བཅུ་དྲུག་ལོན་པ་ལ། ཞེས་སོགས་དྲངས་པ་ཇི་ལྟར་ཡིན་སྙམ་ན། ཕྱག་རྒྱའི་དམ་ཚིག་གཟུང་བའི་སྐབས་སུ་སློབ་དཔོན་གྱི་དབང་ཐོབ་པ་ཡིན་ ཡང་དམ་ཚིག་དེ་ཉིད་དབང་དེའི་ཡན་ལག་ཏུ་མི་འགལ་ཏེ་ལུས་འདོད་ལྷ་ཡབ་ཡུམ་དུ་སྒོམ་པ་ནི། སློབ་དཔོན་གྱི་དབང་གི་རྒྱུ་ཡིན་པའི་ཕྱིར་རོ། །ལྷ་ཡབ་ཡུམ་སྒོམ་པ་ཕྱག་རྒྱའི་དམ་ཚིག་གི་སྐབས་སུ་བྱེད་པའི་ཤེས་བྱེད་དུ་དྲངས་པས་ན། ཤེས་རབ་བཅུ་ 3-2-250b དྲུག་ལོན་པ་ནི་དེ་འདྲ་བའི་ལང་ཚོ་ཅན་དུ་ཡེ་ཤེས་ཀྱི་ཕྱག་རྒྱ་བསྒོམ་པའོ། །རྡོ་རྗེ་དྲིལ་བུ་མཉམ་པར་སྦྱོར་བ་ནི། རྡོར་དྲིལ་བཟུངས་པའི་ལག་པས་འཁྱུད་པའི་ཚུལ་བྱེད་པར་བསྒོམ་པ་སྟེ་ཤཱནྟི་པས་ཀྱང༌། རྡོ་རྗེ་དྲིལ་བུ་སྦྱོར་བ་ཡིས། ཞེས་བྱ་བ་ནི། ལག་པ་གཉིས་ཀྱིས་སོ། ། ཞེས་གསུངས་སོ། །སློབ་དཔོན་གྱི་ནི་དབང་དུ་འདོད། ཅེས་པ་ནི། འཁྱུད་པ་ལས་བྱུང་བའི་བདེ་བ་དང་བཅས་པའི་ཏིང་ངེ་འཛིན་ནོ། །འདིར་ཡབ་ཡུམ་སྙོམས་པར་ཞུགས་པ་ལས་བྱུང་བའི་བདེ་བ་ལ་བྱེད་ན་ནི། དབང་གསུམ་པ་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་བསྐུར་ བ་དང་ཁྱད་པར་མེད་པར་འགྱུར་ལ། ཡུམ་ལ་འཁྱུད་པར་བསྒོམས་པ་ཙམ་ལས་བྱུང་བའི་བདེ་བ་ལ་བྱེད་ན་ནི། རིག་པའི་དབང་ལྔ་ལ་ཡབ་ཡུམ་འཁྱུད་པའི་རྣམ་པ་ཅན་དུ་སྒོམ་པའི་བདེ་བ་དང་ཁྱད་པར་ཅི་ཡོད་སྙམ་ན། ཕྱོགས་དང་པོ་ནི། མི་འདོད་པས་ཕྱོགས་ གཉིས་པ་ཡིན་ཡང་ཁྱད་པར་ཡོད་དེ་སྔར་ནི་རིགས་ལྔ་ཡབ་ཡུམ་ཡིན་པས་རིགས་ཉི་ཚེ་བ་ཡིན་ལ་འདིར་ནི། རིགས་ལྔ་ཁའི་ཁྱབ་བདག་དྲུག་པ་རྡོ་རྗེ་འཆང་དང་རྡོ་རྗེ་སྙེམས་མ་ཡབ་ཡུམ་ཡིན་པས་འཁྱུད་པའི་ཡུལ་རྟེན་གྱི་ཁྱད་དང༌། སྔར་ནི་ཡབ་ཡུམ་ཕན་ ཚུན་འཁྱུད་པའི་རྣམ་པ་ཅན་དུ་སྒོམ་ཡང་འཁྱུད་པ་ལ་ཆེད་དུ་གཏད་ནས་སེམས་བཟུང་སྟེ། དེ་ལས་བྱུང་བའི་བདེ་བ་དང་བཅས་པའི་ཏིང་ངེ་འཛིན་མི་སྐྱེད་ལ་འདིར་ནི་དེ་སྐྱེད་པའི་ཕྱིར་དང༌། སྐྱེད་ཚུལ་ཡང་རྡོ་རྗེ་ཐུགས་ཀྱི་དམ་ཚིག་དང་དྲིལ་བུ་གསུང་གི་དམ་ཚིག་ དང་ལུས་འདོད་ལྷ་ཡབ་ཡུམ་གྱི་སྐུར་གསལ་བ་ཕྱག་རྒྱའི་དམ་ཚིག་སྟེ། དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་མཚོན་པའི་དམ་ཚིག་ཁྱད་པར་ཅན་གསུམ་ལ་བརྟེན་ནས་སྐྱེད་པའི་བདེ་བ་དང་བཅས་པའི་ཏིང་ངེ་འཛིན་ལ་སློབ་དཔོན་གྱི་དབང་དུ་ངོ་སྤྲོད་པ་ཡིན་ 3-2-251a པའི་ཕྱིར་རོ། །ཉིན་མོ་འབྱུང་གནས་ཀྱིས་དམ་ཚིག་གསུམ་སྦྱིན་པ་དང་དཀྱིལ་འཁོར་དང་ལྷའི་དེ་ཉིད་དང་སློབ་དཔོན་གྱི་ལས་རིམ་སྟོན་པ་སོགས་ཀྱིས་དབང་བསྐུར་བ་ལ་སྤྱིའི་སློབ་དཔོན་གྱི་དབང་དང༌། ཤེས་རབ་བཅུ་དྲུག་ ཅེས་སོགས་ཀྱི་དོན་ལ་ཁྱད་པར་གྱི་སློབ་དཔོན་གྱི་དབང་ཞེས་འཆད་པ་ནི། དམ་ཚིག་གསུམ་ཙམ་ཞིག་སྦྱིན་པ་ནི་རྣལ་འབྱོར་རྒྱུད་ལ་ཡང་ཡོད་པས་སྔ་མ་ཐུན་མོང་བར་བཞག་ལ་དབང་ཕྱི་མ་དེ་དག་ལ་མེད་པས་ཐུན་མོང་མ་ཡིན་པར་བཞག་པའོ། ། འོན་ཀྱང༌། བླ་མེད་ཀྱི་སྐབས་སུ་ཕྱག་རྒྱའི་དམ་ཚིག་སྦྱིན་པ་ཉིད་ལ་ཤེས་རབ་བཅུ་དྲུག་ཅེས་སོགས་ཀྱི་དོན་ཚང་བར་བྱར་ཡོད་པས་སྔ་མ་རྣམས་ཀྱིས་དེ་ལ་དགོངས་སོ། །དུས་འཁོར་རྩ་འགྲེལ་གྱི་བཞེད་པས་ནི། ཆུ་དབང་ལ་སོགས་པ་བདུན་ལ་བུམ་ དབང་གི་ཐ་སྙད་མི་མཛད་ཅིང་དེ་བདུན་ཁ་ལ་ཆུ་རྗེས་སུ་འགྲོ་བས་ཆུ་དབང་ཞེས་ཀྱང་གསུངས་སོ། །རྗེས་གནང་གི་དབང་གི་མཇུག་ཐོགས་སུ་འགྲེལ་ཆེན་ལས། དེ་ནས་སློབ་མ་ལ་ལག་པར་རྡོ་རྗེ་དང་དྲིལ་བུ་བྱིན་ནས་ཆེ་གེ་མོ་རྡོ་རྗེ་དེ་དག་གི་སློབ་དཔོན་ཏེ། ཞེས་གསུངས་ པས་བུམ་དབང་གི་སྔོན་དུ་སློབ་དཔོན་གྱི་དབང་ཞིག་སྐུར་བར་བཞེད་ལ་དེ་ཡང་དམ་ཚིག་གསུམ་སྦྱིན་པའི་སྒོ་ནས་ཡིན་ནོ། །འདི་ཡང་བསྡུས་རྒྱུད་ལས། རྗེས་གནང་འདོགས་བཅས་རབ་ཏུ་སྦྱིན། ཞེས་གསུངས་པའི་འདོགས་སུ་བྱ་དགོས་ལ་དེ་ཡང་ རྗེས་གནང་གི་ཁོངས་སུ་འདུ་བས་དབང་བདུན་གྱི་ཁོངས་སུ་མི་འདུ་བའི་སློབ་དཔོན་གྱི་དབང་མིན་ནོ། །སློབ་དཔོན་གྱི་དབང་དེ་ཡང་རྣལ་འབྱོར་རྒྱུད་མན་ཆད་ཀྱི་ཡིན་གྱི་བླ་མེད་ཀྱི་རྒྱུད་སྟོན་པའི་སློབ་དཔོན་མིན་ནོ། །དེས་ན་བུམ་དབང་སོགས་དབང་གོང་མ་བཞི་ལ་བླ་ 3-2-251b མེད་ཀྱི་རྒྱུད་ཉན་པ་དང་ལམ་ཤེས་པའི་དོན་དུ་སྐུར་བའི་དབང་གོང་མ་བཞི་དང༌། བླ་མེད་ཀྱི་རྒྱུད་སྟོན་པ་པོ་ལ་སོགས་པར་སྒྲུབ་པའི་དོན་དུ་སྐུར་བའི་དབང་གོང་མའི་ཡང་གོང་མ་བཞི་སྟེ་སྐུར་ཚུལ་གཉིས་མཛད་དེ་འགྲེལ་ཆེན་ལས། འདིར་དབང་གོང་མ་ནི། རྣམ་ པ་གཉིས་ཏེ་གཅིག་ནི་སེམས་ཅན་གཞུག་པའི་དོན་དང་ལམ་ཡོངས་སུ་ཤེས་པའི་དོན་དང་རྒྱུད་ཉན་པ་ལ་དབང་བའི་དོན་དུའོ། །གཞན་ནི། སློབ་དཔོན་ཆེན་པོའི་གནས་སྦྱིན་པ་དང་སྟོན་པ་པོ་བྱེད་པའི་སླད་དུའོ། །ཞེས་གསུངས་སོ། །དེ་ལྟ་བུའི་བུམ་དབང་དང་ པོ་ནི། བསྡུས་རྒྱུད་ལས། དཔལ་ལྡན་ཤེས་རབ་ནུ་མ་ལ་ཡང་དང་པོར་རེག་པ་གང་ཡིན་བུམ་པའི་དབང་ནི་དེ་ཉིད་དོ། །ཞེས་གསུངས་པ་དང་ཀྱཻ་རྡོར་ལས། ཤེས་རབ་བཅུ་དྲུག་ལོན་པ་ལ། ཞེས་སོགས་གསུངས་པའི་དོན་ལ་བུམ་དབང་དང་སློབ་དཔོན་གྱི་ དབང་དུ་བཤད་པ་སྟེ་དངོས་ཀྱི་རིག་མའི་དབང་དུ་བྱས་པའོ། །བུམ་དབང་ཕྱི་མ་ནི། རིག་མ་དགུ་ལ་འཁྱུད་པ་དང་རེག་པ་ལས་བྱུང་བའི་བདེ་བ་ལ་མཛད་དེ་མང་ཉུང་མིན་པ་སྔ་མ་དང་རིགས་གཅིག་གོ། རྒྱུད་གཞན་གྱི་རྗེས་སུ་འབྲང་བའི་མཁས་གྲུབ་རྣམས་ ཀྱིས་བུམ་དབང་རྫོགས་པར་བསྐུར་བ་ན་བླ་མེད་ཀྱི་རྒྱུད་བཤད་པའི་སློབ་དཔོན་དུ་རུང་བར་གསུངས་པ་ནི། རྒྱུད་ཀྱི་ཕྱོགས་རེ་ལ་དགོངས་པ་སྟེ་དབང་གོང་མ་གསུམ་མ་ཐོབ་ན་རྒྱུད་ཀྱི་རྫོགས་རིམ་རྣམས་ཉན་པ་དང་བཤད་པ་ལ་མི་དབང་བ་དེ་དག་གིས་ཀྱང་ བཞེད་པའི་ཕྱིར་ན་བླ་མེད་ཀྱི་རྒྱུད་རྫོགས་པར་ཉན་པ་དང་རྫོགས་པར་བཤད་པའི་སློབ་དཔོན་ལ་ནི་དབང་བཞི་ཁ་ཐོབ་དགོས་སོ། །འོན་ཀྱང་དབང་བཞི་པ་ཐོབ་ན་རྒྱུད་རྫོགས་པར་ཉན་དུ་རུང་བའི་དབང་བཞི་པ་ལ་གཞན་རྣམས་དང་དུས་འཁོར་བ་ལ་མི་འདྲ་བའི་ཁྱད་པར་ཡོད་ལ་ 3-2-252a འཆད་པ་པོར་རུང་བ་ལ་སླར་ཡང་དབང་བཞི་སྐུར་དགོས་མི་དགོས་ཀྱང་མི་འདྲ་སྟེ་འཆད་པར་འགྱུར་རོ། །ཆུ་ནས་རྗེས་གནང་གི་བར་གྱི་དབང་བདུན་སྐུར་ལུགས་གཞན་རྣམས་དང་མི་འདྲ་བ་ནི། དབང་བདུན་པོ་འདིས་བསྐྱེད་རིམ་ སྒོམ་པའི་སྣོད་རུང་དུ་སྒྲུབ་ལ། དེ་ཡང་བསྐྱེད་རིམ་གྱི་ལྷ་སོ་སོས་སྦྱང་གཞི་སོ་སོར་སྦྱོང་བ་དེ་དང་མཐུན་པར་དབང་གི་སྐབས་སུ་ཡང་མཛད་པ་ཡིན་ཏེ་ཁམས་ལྔ་གཤེགས་མས་སྦྱོང་བས་བུམ་ཆུ་དང་སློབ་མའི་ཁམས་ལྔ་ཡུམ་ལྔར་བསྐྱེད་ནས་ཆུ་ དབང་བསྐུར་བས་ཁམས་རྣམས་ཀྱི་དྲི་མ་འཁྲུད་ཅིང་ཡུམ་ལྔའི་དངོས་གྲུབ་འགྲུབ་པའི་སྐལ་བ་ཅན་དུ་བྱེད་དོ། །ཕུང་པོ་ལྔ་གཤེགས་པས་སྦྱོང་བས་ཅོད་པན་དང་སློབ་མའི་ཕུང་པོ་ལྔ་རིགས་ལྔར་བསྐྱེད་ནས་ཅོད་པན་གྱི་དབང་བསྐུར་བས་ཕུང་པོ་ལྔའི་ དྲི་མ་འཁྲུད་ཅིང་གཤེགས་པ་ལྔའི་དངོས་གྲུབ་འགྲུབ་པའི་སྐལ་བ་ཅན་དུ་བྱེད་དོ། །དག་བྱ་དེ་གཉིས་ཀྱང་ལུས་ཀྱི་ཆོས་ཡིན་པས་དེ་དག་བྱེད་གཙོ་བོའི་སྐུའི་ཞལ་གང་དུ་ཕྱོགས་པ་བྱང་དུ་སློབ་མ་བཞག་ནས་སྐུ་རྡོ་རྗེར་བསྐྱེད་པ་ལ་དབང་སྐུར་བ་ ཡིན་ནོ། །དེ་བཞིན་དུ་ནུས་མ་བཅུ་དང་གཙོ་བོ་ཡབ་ཡུམ་གྱིས་རླུང་བཅུ་དང་རོ་རྐྱང་གི་རྩ་སྦྱོང་བས་དེ་གཉིས་ཀྱི་སྒོ་ནས་དར་དཔྱངས་དང་རྡོར་དྲིལ་གྱི་དབང་སྐུར་ལ་དེ་གཉིས་ངག་གི་ཆོས་ཡིན་པས་དེ་དག་བྱེད་གསུང་གི་ཞལ་གང་དུ་ཕྱོགས་པ་ལྷོར་ སློབ་མ་བཞག་ནས་གསུང་རྡོ་རྗེར་བསྐྱེད་པ་དང༌། དབང་པོ་དྲུག་དང་ཡུལ་དྲུག་སེམས་དཔའ་དང་སེམས་མས་སྦྱོང་ཞིང་ལས་དབང་ལྔ་བྱ་བ་དང་བཅས་པ་ཁྲོ་བོ་ཁྲོ་མོས་སྦྱོང་བས་དེ་གཉིས་ཀྱི་སྒོ་ནས་བརྟུལ་ཞུགས་དང་མིང་དབང་གཉིས་ 3-2-252b སྐུར་ལ། དབང་པོ་གཉིས་ཡུལ་གཉིས་ལ་འཇུག་པར་བྱེད་པའི་དྲི་མ་སེམས་ཀྱི་ཆོས་ཡིན་པས་དེ་དག་བྱེད་ཐུགས་ཀྱི་ཞལ་གང་དུ་ཕྱོགས་པ་ཤར་དུ་སློབ་མ་བཞག་ནས་ཐུགས་རྡོ་རྗེར་བསྐྱེད་པ་དང༌། ཡེ་ཤེས་ཀྱི་ཕུང་པོ་དང་རྣམ་ཤེས་ཀྱི་ཁམས་གཉིས་རྡོར་སེམས་ ཡབ་ཡུམ་གྱིས་སྦྱོང་བས་དེའི་སྒོ་ནས་ཆོས་འཁོར་སྐོར་བའི་རྗེས་གནང་གི་དབང་སྐུར་ལ་དག་བྱ་གཉིས་ཡེ་ཤེས་ཀྱི་དྲི་མ་ཡིན་པས་དེ་དག་བྱེད་ཡེ་ཤེས་ཀྱི་ཞལ་གང་དུ་ཕྱོགས་པ་ནུབ་ཏུ་སློབ་མ་བཞག་ནས་ཡེ་ཤེས་རྡོ་རྗེར་བསྐྱེད་པ་ལ་དབང་སྐུར་བ་ཡིན་ལ་སྐུར་ བའི་དཀྱིལ་འཁོར་གྱི་ལྷ་ཡང་བསྒྲུབས་པའི་དཀྱིལ་འཁོར་ན་སོ་སོར་བཞུགས་པས་སྦྱང་གཞི་སྦྱོང་བྱེད་སོ་སོར་ཞིབ་ཏུ་ཕྱེ་ནས་སྐུར་བའི་ལུགས་སོ། །རྒྱུད་གཞན་རྣམས་ཀྱི་རྗེས་སུ་འབྲང་བས་ནི། སྦྱང་གཞི་ཕུང་པོ་ལྔ་རེ་རེ་བ་དང་ཚོགས་པའམ་ཕུང་པོ་ལྔ་དང་ དེ་བཞིན་ཉིད་དང་དྲུག་ཏུ་བསྡུས་ཤིང་དེ་དག་རིགས་དྲུག་གིས་སྦྱོང་བས་དེ་དག་གི་སྒོ་ནས་དབང་བསྐུར་བས་རིགས་དྲུག་དང་འབྲེལ་བའི་བསྐྱེད་རིམ་ཐམས་ཅད་སྒོམ་པ་ལ་དབང་བར་འགྱུར་བ་ལ་དགོངས་ནས་ཆུ་ལ་སོགས་པའི་དབང་རྣམས་ལ་མི་བསྐྱོད་པ་ལ་ སོགས་པའི་ཐ་སྙད་མཛད་ལ། དར་དཔྱངས་ཅོད་པན་གྱི་དབང་གི་འཁོར་དང་རྗེས་གནང་དབང་གཞན་གྱི་མཐའ་རྟེན་དུ་མཛད་དོ། །སྦྱང་གཞི་དང་སྦྱོང་བྱེད་ཀྱི་དབང་རྒྱས་བསྡུས་ཙམ་མ་གཏོགས་པ་བསྐྱེད་རིམ་ཐམས་ཅད་སྒོམ་པའི་སྣོད་རུང་དུ་སྒྲུབ་པའི་གེགས་ ཀྱི་དྲི་མ་འཁྲུད་པ་ལ་ནི་དོན་འདྲ་བར་སྣང་ངོ༌། །གཉིས་པ་ལ་གཉིས། སློབ་དཔོན་གྱི་དབང་བསྐུར་བའི་ཆོ་ག་དང༌། དེའི་མཐའ་རྟེན་གྱི་ཆོ་གའོ། །དང་པོ་ལ་གཉིས། དམ་ཚིག་གསུམ་སྦྱིན་པ་དང༌། དམ་ཚིག་གསུམ་གཟུང་ཞིང་དེ་ཉིད་བསྟན་པའོ། །དང་པོ་ནི། དེ་ནས་ 3-2-253a སློབ་མས་ཡོན་ཕུལ་ཞི་ཐལ་མོ་སྦྱར་ཏེ། གང་གིས་བདག་ནི་ཁྱེད་དྲིན་ལས། །རང་དང་གཞན་དོན་ནུས་འགྱུར་བ། །རྡོ་རྗེ་སློབ་དཔོན་གྱི་ནི་དབང༌། །ཐུགས་རྗེའི་གཏེར་ཀྱཻ་བདག་ལ་སྩོལ། །ཞེས་བླ་མ་ལ་གསོལ་བ་གདབ་བོ། །ཀྱཻ་ ཐུགས་རྗེའི་གཏེར་ཞེས་བོས་ནས་དབང་གང་གིས་ཁྱོད་ཀྱི་དྲིན་ལས་བདག་ནི། རང་གཞན་གྱི་དོན་ནུས་པར་འགྱུར་བ་སློབ་དཔོན་གྱི་དབང་བདག་ལ་སྩོལ་ཅིག་ཅེས་ཞུ་བ་སྟེ་ལན་གསུམ་བྱ་བར་དཱ་རི་ཀ་པས་གསུངས་སོ། །འདིར་ལྭ་བ་པས་སློབ་དཔོན་གྱི་དབང་ བསྐུར་བ་འདོད་ན་ལྷག་གནས་ཀྱི་སྐབས་སུ་སློབ་དཔོན་གྱི་སྡོམ་པ་ནོད་པ་དང་སྐབས་འདིར་རིགས་ལྔའི་སྡོམ་པ་ནོད་པ་གང་རུང་བྱ་བར་གསུངས་ཏེ་རིག་པའི་དབང་ལྔ་སྐུར་བ་ལ་སྔོན་དུ་སློབ་དཔོན་གྱི་སྡོམ་ལྡན་དུ་བྱ་མི་དགོས་པ་ལ་དགོངས་སོ། །རིག་པའི་ དབང་ལྔ་ཙམ་ཞིག་འདོད་ན་ནི། སློབ་དཔོན་གྱི་སྡོམ་པ་མི་གཟུང་བར་དབང་ལྔའི་མཇུག་ཏུ་རྗེས་གནང་དང་བརྟུལ་ཞུགས་དང་ལུང་བསྟན་དང་དབུགས་དབྱུང་བཞི་བྱ་བར་གསུངས་པས་དེ་འདྲ་དེས་སློབ་དཔོན་གྱི་དབང་སྐུར་བ་ཞུ་ན་ནི། སྐབས་འདི་ཁོ་ནར་སྡོམ་པ་ བཟུངས་ནས་གསོལ་བ་གདབ་དགོས་སོ། །དེ་ཡང་དཱ་རི་ཀ་པས། དེ་ལྟར་སློབ་མའི་དབང་ཐོབ་ནས། རྒྱུད་རྣམས་ཐོས་ཤིང་མན་ངག་ཐོབ། །ལམ་རྣམས་ཤེས་ཏེ་སྟོན་ནུས་ན། །རྡོ་རྗེ་སློབ་དཔོན་ཉིད་བྱའི་ཕྱིར། །ཚིག་འདིས་གསོལ་བ་གདབ་པར་བྱ། །ཞེས་ སློབ་མའི་དབང་ཐོབ་པ་གཞན་གྱི་རྡོ་རྗེ་སློབ་དཔོན་བྱེད་པར་ནུས་པ་ཞིག་གིས་གསོལ་བ་འདེབས་པར་བཤད་དེ་སློབ་མའི་དབང་དང་སློབ་དཔོན་གྱི་དབང་གཉིས་རྒྱུན་གཅིག་ལ་མི་སྐུར་བའི་ལུགས་སོ། །དེ་ནས་སློབ་མ་ཧཱུཾ་དང་རྡོ་རྗེ་ལས་རིགས་དྲུག་པ་རྡོ་ 3-2-253b རྗེ་སེམས་དཔར་ཆོ་ག་གསུམ་ལས་བསྐྱེད། རྡོ་རྗེ་ཧཱུཾ་ལས་བྱུང་བའི་རྡོ་རྗེར་བསམས་ལ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག །བཅོམ་ལྡན་འདས་མཆོག་ གི་དང་པོའི་སྐྱེས་བུའོ། །ཞེས་བརྗོད་ཅིང་དེ་ཁོ་ན་ཉིད་ཀྱིས་རྡོ་རྗེ་འཛིན་དུ་གཞུག་པ་ནི། རྡོ་རྗེའི་དམ་ཚིག་སྦྱིན་པའོ། །རྡོ་རྗེའི་སྐྱེད་ཆོག་ཕྲེང་བར་མ་བྱུང་ཡང་དྲིལ་བུའི་སྐྱེད་ཆོག་བཤད་པས་བྱ་དགོས་ལ་ལྭ་བ་པ་དང་དཱ་རི་ཀ་པ་སོགས་ཀྱིས་ཀྱང་ཧཱུཾ་ལས་རྡོ་རྗེར་སྐྱེད་ལ། ཨོཾ་མཧཱ་བཛྲ་ཧཱུཾ་ཞེས་པ་ཡང་བརྗོད་ནས་འཛིན་དུ་འཇུག་གོ། དེ་ཁོ་ན་ཉིད་ཀྱིས་འཛིན་པ་ཞེས་མང་པོས་གསུངས་པ་ནི། སྟོང་པ་ཉིད་དང་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་དེ་བཞིན་གཤེགས་པའི་ཐུགས་ཀྱི་ངོ་བོ་ནི། གསང་བའི་རྡོ་རྗེ་ཡིན་ལ་རྡོ་རྗེ་འཛིན་པའི་ཚེ་ དེའི་མཚོན་བྱེད་དུ་འཛིན་པ་ལ་དཔལ་མཆོག་འགྲེལ་ཆེན་ལས་བཤད་དོ། །བདག་པོ་ནི། འགྲོ་བ་ཐམས་ཅད་ཀྱི་བདག་པོའོ། །ལྷག་མ་ཐོག་མཐའ་མེད་པ་སོགས་ནི། སྔར་ལྷ་ལ་གསོལ་བ་གདབ་པའི་སྐབས་སུ་བཤད་ཟིན་ཏོ། །གང་ལ་དམིགས་ནས་ལྷའི་ སྐུ་ཕྱག་རྒྱ་ཆེན་པོ་སྐྱེ་བའི་རྒྱུ་ཆོས་ཀྱི་དབྱིངས་ལ་བཅོམ་ལྡན་འདས་མཆོག་གི་དང་པོའི་སྐྱེས་བུ་ཞེས་འབྲས་བུ་རྡོ་རྗེ་འཆང་གི་མིང་གིས་བཏགས་ནས་བསྟན་པར་ཀུན་སྙིང་གིས་བཤད་དོ། །དེ་ནས་དྲིལ་བུ་ཨཿ ཡིག་ལས་སྐྱེས་པར་བསྒོམས་ནས། འདི་དེ་ སངས་རྒྱས་ཐམས་ཅད་ཀྱི། །དྲིལ་བུ་དབྱངས་ཀྱི་རྗེས་འགྲོར་བཤད། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུངས། །ཞེས་བརྗོད་ཅིང་དེ་ཁོ་ན་ཉིད་ཀྱིས་འཛིན་དུ་གཞུག་གོ། དེ་ཁོ་ན་ཉིད་ཀྱིས་འཛིན་པ་ནི། དྲིལ་བུ་དཀྲོལ་བ་ན། ཐམས་ཅད་ནམ་ 3-2-254a མཁའི་མཚན་ཉིད་དེ། ཞེས་སོགས་ཆོས་ཐམས་ཅད་རང་བཞིན་མེད་པའི་སྒྲ་དྲིལ་བུས་སྒྲོག་པར་བསམས་ནས་དཀྲོལ་བ་ལ་དཔལ་མཆོག་འགྲེལ་ཆེན་པས་གསུངས་སོ། །ཚིགས་བཅད་སྔ་མ་གུར་དང་དཔལ་མཆོག་གཉིས་ཀ་ན་ བཞུགས་ལ་ཕྱི་མ་འདི་གུར་གྱི་ལེའུ་བཞི་པ་ན་ཡོད་དོ། །ཇི་ལྟར་སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་ཆེན་པོའི་ངོ་བོ་ཉིད་ཀྱི་ཤེས་རབ་ནི། སྟོང་པ་ཉིད་ལ་དམིགས་པ་ཡིན་ལ་དེ་ནི་རང་གི་ངང་གིས་ལྷུན་གྱིས་གྲུབ་པར་དབྱངས་ཀྱི་སྒྲ་སྣ་ཚོགས་ཀྱིས་གཞན་ ལ་ཆོས་སྟོན་པར་བྱེད་དེ་དྲིལ་བུ་འདི་ཡང་དེ་དང་འདྲ་སྟེ་དབྱངས་ཀྱི་རྗེས་སུ་འགྲོ་བའི་ཤེས་རབ་ཉིད་སྟོན་པས་སོ། །ཤེས་རབ་དབྱངས་ཀྱི་རྗེས་འགྲོ་ཞེས་འབྱུང་བའི་འགྱུར་བདེའོ། །དེ་བས་ན་རྒྱལ་བ་རྣམས་ཀྱིས་དེ་ཉིད་བྱང་ཆུབ་མཆོག་ཏུ་ཡང་བཞེད་དོ། ། ཁྱོད་ཀྱིས་ཀྱང་རྟག་ཏུ་ཟུངས་ཤིག་ཅེས་པ་སྟེ་ཤཱནྟི་པ་ལ་སོགས་པའི་བཤད་པའོ། །སློབ་མས་ཀྱང༌། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་འགལ་བྱས། །རང་བཞིན་དག་མཆོག་སེམས་དཔའ་ཡིས། །དམ་པའི་སྲིད་པ་བྱེད་པར་འགྱུར། །ཞེས་ དཔལ་མཆོག་ལས་འབྱུང་བ་བརྗོད་ཅིང་དཀྲོལ་བར་བྱའོ། །ཨོཾ་བཛྲ་གྷཎྜ་ཨཿ ཞེས་པའི་སྔགས་ཀྱང་སློབ་མས་བརྗོད་པར་ལྭ་བ་པ་དང་དཱ་རི་ཀ་པ་སོགས་ཀྱིས་བཤད་དེ་ཚིགས་བཅད་སྔ་མས་སྟེར་བ་དང་ཕྱི་མ་བརྗོད་ནས་དཀྲོལ་བར་མང་པོས་གསུངས་ སོ། །སྲིད་པ་ནི། འཁོར་བར་སྐྱེ་བའི་རྒྱུན་ནོ། །དེ་ནི་ངོ་བོ་ཉིད་ཀྱིས་དག་སྟེ་རང་བཞིན་གྱིས་ཡོངས་སུ་དག་པའོ། །འོན་ཀྱང་བདག་ཏུ་སྒྲོ་བཏགས་པའི་ངོ་བོ་ཉིད་ཀྱིས་འགལ་པའི་སྲིད་པར་བྱས་པ་སྟེ་གནོད་པ་མེད་པ་ལས་གནོད་པ་ཅན་དུ་བྱས་པའོ། །ཤཱནྟི་པ་ 3-2-254b དང་ཨ་བྷྱ་གཉིས་ཀས་འགལ་བའི་སྲིད་པར་བྱས་པའི་འབྲུ་སྣོན་མཛད་ལ་དཔལ་མཆོག་འགྲེལ་པར་སྲིད་བྲལ་བྱས་ཞེས་པ་ལ་འབྲུ་མ་ནན་ནོ། །སེམས་དཔའ་མཆོག་ནི། བྱང་ཆུབ་སེམས་དཔའ་སྟེ་དེ་རྣམས་ཀྱིས་སྲིད་པའི་མཆོག་གམ་དམ་པའི་སྲིད་ པ་མཛད་པར་འགྱུར་ཞེས་སྦྱར་རོ། །ཇི་ལྟ་བུས་མཛད་ན་རང་བཞིན་དག་པས་ཞེས་ཏེ་དེ་ལ་མི་བདེན་པའི་ཞེན་པ་ཟད་པར་མཛད་ནས་མི་གནས་པའི་མྱང་འདས་ཀྱི་རང་བཞིན་དུ་རྟོགས་པར་མཛད་པའོ་ཞེས་ཀུན་སྙིང་དང་ཤཱནྟི་པས་བཤད་དོ། །འདི་ནི་ དྲིལ་བུའི་དམ་ཚིག་སྦྱིན་པའོ། །དེ་ནས་དེ་ལ། ཡིད་ཀྱི་ལུས་ནི་བརྟན་པ་ཉིད། །ཕྱག་རྒྱའི་དམ་ཚིག་རབ་ཏུ་བརྗོད། །གང་གིས་ལུས་ནི་ཐམས་ཅད་བརྟན། །དེས་ན་ཕྱག་རྒྱར་རབ་ཏུ་བསྒྲགས་ཞེས་བྱ་བས། ཡེ་ཤེས་ཕྱག་རྒྱ་བྱིན་བརླབས་ནས། །འདོད་ པ་ཐམས་ཅད་ལོངས་སྤྱོད་པས། །དངོས་གྲུབ་ཐམས་ཅད་བསྒྲུབ་པར་བྱ། །ཞེས་པ་གོ་བར་བྱས་ལ་རྡོ་རྗེ་སེམས་དཔའི་སྐུ་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ཁ་སྦྱོར་གྱི་རིམ་པས་བྱིན་གྱིས་རློབ་ཏུ་བཅུག་ནས་འཁྱུད་པའི་ཚུལ་བྱེད་དུ་གཞུག་གོ། རྡོ་རྗེ་སེམས་ དཔའ་དང་དེའི་ཡུམ་གྱི་སྐུ་མདོག་དང་ཞལ་ཕྱག་འདིར་གསལ་བར་མ་བཤད་ཅིང་གཞན་རྣམས་ཀྱི་དཀྱིལ་ཆོག་ཏུ་ཡང་ལྷའི་སྐུ་མདོག་ཞལ་ཕྱག་གསལ་བ་མི་སྣང་ནའང༌། རང་རང་གི་གཞུང་ནས་རྡོར་སེམས་སམ་རྡོ་རྗེ་འཆང་ཡབ་ཡུམ་གསལ་ བར་བཤད་པ་ཡོད་ན་དེ་བཞིན་དུ་བྱ་ལ་མེད་ན་སྔོན་པོའམ་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་བསྣམས་པ་དང་ཡུམ་ཡང་རང་དང་འདྲ་བར་བྱའོ། །ཡུམ་ནི། ཟུང་འཇུག་གསལ་བ་ལས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མར་མཛད་ལ། རྡོ་རྗེ་སྙེམས་ 3-2-255a མའི་བདག་པོའི་བདག །ཅེས་ཀྱང་གསུངས་སོ། །གཉིས་པ་ནི། དེ་ནས་གྲུབ་ན་སྔར་བཤད་པ་བཞིན་དུ་ཁྲུས་ཀྱི་དཀྱིལ་འཁོར་བྱ་མ་གྲུབ་ན་དེ་འདྲ་བ་ཞིག་བསྒོམས་པར་སློབ་མ་གཞག་ལ་རྡོ་རྗེ་སེམས་དཔའི་གཟུགས་སུ་བསྒོམ་ པར་བྱའོ། །ཕྲེང་བ་ལས་སྐབས་འདིར་དམ་ཚིག་གསུམ་གཟུང་བ་དང་དེའི་གོང་མ་རྣམས་དམ་ཚིག་གསུམ་སྦྱིན་པར་གསུངས་ཏེ། དམ་ཚིག་གསུམ་སྦྱིན་པ་དང་གཟུང་བའི་སྐབས་གཉིས་སོ་སོར་མཛད་པས་སྔར་ནི། དམ་ཚིག་གསུམ་འཛིན་ལུགས་ བསྟན་ནས་སློབ་མ་ལ་ངེས་པར་བྱེད་པ་ཡིན་ལ། སྐབས་འདིར་ནི། ལྷ་ཡབ་ཡུམ་དུ་གསལ་བཏབ་རྡོར་དྲིལ་དེ་ཁོ་ན་ཉིད་ཀྱིས་བཟུངས་པའི་ལག་པས་འཁྱུད་པའི་ཚུལ་བྱེད་ཅིང་དེ་ལྟར་བསྒོམས་པ་ལས་བྱུང་བའི་ཏིང་ངེ་འཛིན་ལ་བུམ་དབང་དུ་ངོ་སྤྲོད་པ་ བྱ་དགོས་པས་དམ་ཚིག་གསུམ་གཟུང་བའི་སྐབས་སུ་སློབ་དཔོན་གྱི་དབང་ཐོབ་པར་བཞེད་པའོ། །དེ་ནས་ཆུ་དབང་གི་ཆོ་གའི་སྐབས་སུ་བཤད་པའི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་དབང་གི་ལྷ་སྤྱན་དྲངས་པ་ནས་བརྩམས་ཏེ་རྡོ་རྗེའི་རྩེ་མོས་བླུགས་ པའི་བར་གྱིས། དབང་བསྐུར་ཞེས་སོགས་དང༌། ཨོཾ་ཨཱཿསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲཱི་ཡ་ཧཱུཾ་སྭཱ་ཧཱ། ཞེས་བརྗོད་ཅིང་དབང་བསྐུར་བར་གསུངས་ལ། སྐབས་དེར་ནང་དབང་དང་ཆུ་དབང་གཉིས་ཀ་སྐུར་བར་གསུངས་པས་སྐབས་འདིར་ཡང་ནང་ དབང་སྐུར་བ་སློབ་དཔོན་འདིའི་བཞེད་པའོ། །ཆུ་དབང་སྐུར་བའི་སྐབས་སུ་ཡལ་འདབ་དང་བཅས་པའི་རྡོ་རྗེའི་རྩེ་མོས་ཆུ་ལྡུགས་པར་གསུངས་པའི་དོན་ནི། ལག་པ་གཡས་པས་བུམ་པའི་ཁ་རྒྱན་རྡོ་རྗེ་དང་བཅས་པ་བཟུང་བ་དང་ལོ་མའི་རྩེ་མོས་སྤྱི་བོར་ 3-2-255b གཏོར་བ་སོགས་བྱས་ནས་ཆུ་དབང་སྐུར་བའོ། །དེ་ནས་ཆུ་ལས་སྤྱི་གཙུག་ཏུ་མི་བསྐྱོད་པས་རྒྱས་གདབ་ལ་ཅོད་པན་དུ་བྱ་ཞིང་དབང་ལྷ་རྣམས་ཡེ་ཤེས་པའི་ངོ་བོར་སློབ་མ་ལ་གཞུག་ལ། ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། ཞེས་པས་བྱིན་གྱིས་བརླབས་ཏེ་མེ་ཏོག་ལ་ སོགས་པས་མཆོད་པར་བྱའོ། །དེ་ལྟར་ཡང༌། ཤེས་རབ་བཅུ་དྲུག་ལོན་པ་ལ། །ལག་པ་དག་གིས་ཡང་དག་འཁྱུད། །རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བས། །སློབ་དཔོན་གྱི་ནི་དབང་དུ་འདོད། །ཅེས་གསུངས་སོ་ཞེས་བརྟག་གཉིས་ཀྱི་ལུང་ཤེས་བྱེད་དུ་ཕྲེང་བར་དྲངས་ པ་ནི། ཕྱག་རྒྱའི་དམ་ཚིག་ལྷ་ཡབ་ཡུམ་གྱི་རྣམ་པ་ཅན་དུ་བྱས་པའི་སྐབས་སུ་རྡོ་རྗེ་སློབ་དཔོན་གྱི་དབང་ཐོབ་པའི་ཤེས་བྱེད་དོ། །ལུང་འདི་ཤེས་བྱེད་དུ་མཛད་ནས་ཕྱག་རྒྱའི་དམ་ཚིག་གི་སྐབས་སུ་སློབ་དཔོན་གྱི་དབང་འཐོབ་པ་སྔར་བཤད་པ་ལྟར་མ་ཤེས་ན་སློབ་ དཔོན་གྱི་དབང་གི་དངོས་གཞི་ལེགས་པར་མི་ཤེས་ཏེ། ཆོས་བཤད་པའི་རྗེས་གནང་ནི། སློབ་མའི་དབང་ཙམ་ལས་མི་སྐུར་བ་ལ་ཡང་མཐའ་རྟེན་དུ་བྱ་བར་གསུངས་པའི་ཕྱིར་དང་དེ་ཉིད་གཉིས་སྟོན་པ་ལྷ་ངོ་བསྟན་པའི་འོག་ཏུ་ཡང་བྱེད་པར་གསུངས་པའི་ཕྱིར་ རོ། །དེ་ནས་མདོར་ན་གཞལ་ཡས་ཁང་འདི་ནི། རྣམ་སྣང་གི་རང་བཞིན་ནོ་ཞེས་སོགས་ཀྱིས་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་རྣམ་པར་དག་པ་དང༌། ཕུང་པོ་ལྔ་ནི་མདོར་བསྡུ་ན། །སངས་རྒྱས་ལྔར་ནི་རབ་ཏུ་བསྒྲགས། །ཞེས་སོགས་ཀྱིས་ལྷའི་དེ་ཁོ་ན་ཉིད་རྣམ་ པར་དག་པ་བརྗོད་ཅིང་སློབ་དཔོན་གྱི་ལས་ཀྱི་རིམ་པ་ཡང་བསྟན་ཏེ། འཁོར་དང་བཅས་པའི་དཀྱིལ་འཁོར་བྲི་བ་དང་བསྒྲུབ་པ་དང་མཆོད་པ་དང་འཇུག་ཅིང་དབང་བླང་བ་ལ་སོགས་པ་ནི། སློབ་དཔོན་གྱི་ལས་ཀྱི་རིམ་པའོ། །དེ་ལྟར་དཀྱིལ་འཁོར་གྱི་དེ་ཉིད་ལ་སོགས་ 3-2-256a པ་ཤེས་པ་དང་དམ་ཚིག་དང་སྡོམ་པ་དེ་ཁོ་ན་བཞིན་དུ་བསྒྲུབ་པར་བྱ་བ་ལ་སྐལ་བ་སྟེ་ནུས་པ་དང་ལྡན་པ་ཉིད་དུ་གྱུར་པ་བརྗོད་པར་བྱའོ། །དེ་ལ་འདའ་བར་བྱ་བ་མ་ཡིན་པའི་ངོ་བོ་ནི་དམ་ཚིག་ཡིན་ལ། བྱ་རྒྱུ་མི་བྱེད་པ་དང་ མི་བྱ་རྒྱུ་བྱེད་པ་འགོག་པས་ན་སྡོམ་པའོ། །རྟེན་དང་བརྟེན་པའི་རྣམ་དག་ལ་ཡོ་ག་ནས་དད་པ་ལ་སོགས་པའི་ཡོན་ཏན་གྱི་ཆོས་སུ་དག་ཚུལ་ཉིད་བཤད་ལ་བླ་མེད་ནས་ལམ་གྱི་དག་པ་དང་ཕུང་སོགས་ཀྱི་དག་པ་གཉིས་ཀ་གསུངས་སོ། །རྟེན་དང་ བརྟེན་པ་གཉིས་མ་དག་པའི་སྣོད་བཅུད་ལྟར་དོན་གཞན་པ་ཉིད་དུ་འཛིན་པ་བཟློག་པའི་ཕྱིར་གཞལ་ཡས་ཁང་གི་རྣམ་དག་བཤད་ལ་ལྷ་རྣམས་ཀྱང་རྒྱུད་ཐ་དད་པར་འཛིན་པ་བཟློག་པའི་ཕྱིར་དུ་ལྷའི་རྣམ་དག་བསྟན་པའོ། །དེ་ལྟར་ན་གཙོ་བོ་ གཅིག་གི་ཡེ་ཤེས་ཀྱི་གཟུང་ཆ་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་རྣམ་པ་སྣ་ཚོགས་པར་སྣང་བ་ཡིན་གྱི་དེ་ལས་གུད་ན་མེད་པས་ཐམས་ཅད་ཀྱང་ཡེ་ཤེས་ཀྱི་བདག་ཉིད་དོ། །རྣམ་དག་རྒྱས་པ་ནི། སྙེ་མ་བཅོ་བརྒྱད་པ་ལས་ཤེས་པར་བྱའོ། །འདི་ནི་ཕྱིར་མི་ ལྡོག་པའི་དབང་སྟེ་མིང་གཞན་སློབ་དཔོན་གྱི་དབང་གི་ཆོ་གའོ། །གཉིས་པ་ནི། སྔགས་གཏད་པའི་ཆོ་ག་ནི། དེ་ནས་རང་གི་སྙིང་པོ་ལ་སོགས་པའི་སྔགས་བརྒྱ་རྩ་བརྒྱད་དམ་ལན་གསུམ་དུ་བཟླས་ལ། བཅོམ་ལྡན་བདག་གིས་སྦྱིན་ལགས་ཀྱིས། འདི་ལ་ ཉེ་བར་མཛད་དུ་གསོལ། །ཞེས་བརྗོད་ཅིང་སྦྱིན་ནོ། །སློབ་མས་ཀྱང༌། བཅོམ་ལྡན་བདག་གིས་གཟུང་ལགས་ཀྱིས། །བདག་ལ་ཉེ་བར་མཛད་དུ་གསོལ། །ཞེས་པ་འདིས་བཟུངས་ནས་ལན་གསུམ་དུ་བཟླས་སོ། །སྔགས་ནི་གཙོ་བོའི་ཡིན་ལ་འདིའི་སྐབས་འདིར་ 3-2-256b དམིགས་པ་ནི། འདིར་མི་གསལ་ཡང་བི་བྷཱུ་ཏཱིས་རང་གི་སྙིང་ག་ནས་ཁའི་སྒོ་ནས་བྱུང་སྟེ་སློབ་མའི་རྣ་བ་གཡས་པ་ནས་སྙིང་གར་ཞུགས་པར་བསམས་ནས་སྦྱིན་པར་གསུངས་པ་ལྟར་བྱའོ། །འདི་ཉིད་སངས་རྒྱས་ཐོད་པ་ལ་སོགས་པའི་རྒྱུད་གཞན་དང་དྲིལ་བུ་ཞབས་ཀྱིས་ སྔགས་ཀྱི་དབང་དུ་གསུངས་ལ། དྲིལ་བུ་པས་རིག་པའི་དབང་ལྔའི་རྗེས་སུ་སྟེར་བར་བཤད་དོ། །རྒྱུད་རྡོར་ཕྲེང་ལས་ཀྱང༌། སློབ་མ་འདོད་ཕྱིར་སྔགས་དབང་སྦྱིན། །སྔགས་ཀྱི་དབང་བསྐུར་ཡེ་ཤེས་མཆོག །ཅེས་དབང་དུ་གསུངས་སོ། །རྐང་པ་བཞི་པ་དེ་ལེགས་གྲུབ་ཀྱི་རྒྱུད་ལས་ འབྱུང་ངོ༌། །མིག་སྨན་གྱི་ཆོ་ག་ནི། དེ་ནས་གསེར་རམ་དངུལ་གྱི་སྣོད་དུ་བཞག་པའི་མར་དང་སྦྲང་རྩིའི་མིག་སྨན་གསེར་ལས་བྱས་པའི་ཐུར་མས་སློབ་མའི་མིག་ལ་ཡི་གེ་པྲཾ་བསམས་པ་ལ། ཨོཾ་བཛྲ་ནཻ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲཱིཿ ཞེས་འདོན་ཞིང་བསྐུས་ཏེ། ཐུར་ ལྡན་སྨན་པའི་རྒྱལ་པོ་ཡིས། །ཇི་ལྟར་འཇིག་རྟེན་རབ་རིབ་བཞིན། །རྒྱལ་བ་རྣམས་ཀྱིས་བུ་ཁྱོད་ཀྱི། །མི་ཤེས་པ་ཡི་རབ་རིབ་བསལ། །ཞེས་རྣམ་སྣང་མངོན་བྱང་ལས་འབྱུང་བ་བརྗོད་དོ། །བསལ་བ་ནི། བསལ་ནུས་པ་ཉིད་དུ་བསྒྲུབས་པའོ། །ཐུར་མ་པྲཾ་ལས་བསྐྱེད་ ཅིང་ཤེར་ཕྱིན་གྱི་རང་བཞིན་དུ་བྱིན་གྱིས་བརླབ་པ་དང་མིག་གི་པྲཾ་ལ་མི་ཤེས་པའི་རབ་རིབ་ཐམས་ཅད་འདུས་པར་བསམས་ལ་ཐུར་མས་བསལ་བའམ་མིག་སྨན་བྱུགས་པས་ཞི་བར་བསམ་ཞེས་གཞན་དག་འཆད་དོ། །སྔགས་བཏོན་ནས་མིག་སྨན་བསྐུ་བའི་ཚེ་ རྡོ་རྗེའི་མིག་གི་སྒྲིབ་གཡོགས་སོལ་ཅིག་ཅེས་པའི་སྔགས་དོན་དྲན་པར་བྱ་སྟེ་ཧྲཱིཿནི་ཤེར་ཕྱིན་པདྨའི་རིགས་ཀྱི་ས་བོན་ནོ། །མེ་ལོང་གི་དབང་གི་ཆོ་ག་ནི། དེ་ནས་མེ་ལོང་བླངས་ལ་ཡི་གེ་ཨས་བསྔགས་ཏེ་སློབ་མ་ལ་བསྟན་ཅིང༌། ཆོས་རྣམས་གཟུགས་བརྙན་ལྟ་བུ་ 3-2-257a སྟེ། །གསལ་ཞི་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཡང་དག་འབྱུང༌། །རྡོ་རྗེ་སེམས་དཔའ་མེ་ལོང་བཞིན། །དེར་ནི་གསལ་དག་རྙོག་པ་མེད། །སངས་རྒྱས་ཀུན་བདག་རང་ཉིད་ནི། །བུ་ཁྱོད་ཀྱི་ནི་སྙིང་ལ་ཞུགས། ། རང་བཞིན་མེད་ཅིང་གནས་མེད་པར། །ཆོས་རྣམས་དེ་ལྟར་ཤེས་ནས་ཁྱོད། །སེམས་ཅན་དོན་ནི་མཉམ་མེད་བྱོས། །སྐྱོབ་པ་རྣམས་ཀྱི་སྲས་སུ་སྐྱེ། །ཞེས་བརྗོད་དོ། །ཚིགས་བཅད་གཉིས་པ་མ་གཏོགས་པ་རྣམ་སྣང་མངོན་བྱང་ལས་གསུངས་སོ། །ཚིགས་བཅད་དང་ པོས་རང་བཞིན་རྣམ་དག་དང་གཉིས་པས་གློ་བུར་རྣམ་དག་བསྟན་ཏོ། །དེར་ནི་སྟེ། ཆོས་རྣམས་སུའོ། །གསལ་བ་ནི། ཉོན་མོངས་མེད་པ་དང་། དག་པ་ནི། ཤེས་སྒྲིབ་དང་བྲལ་བ་དང་རྙོག་མེད་ནི། དེ་གཉིས་ཀྱི་བག་ཆགས་དང་བྲལ་བའོ། །ཞུགས་པ་ནི། བྱིན་གྱིས་རློབ་པ་དང་ ཐོབ་བྱ་ཉིད་དུ་དམིགས་པ་དང་དེའི་ནུས་པ་ཉིད་ཀྱིས་སོ། །མིག་ཐུར་གྱིས་མ་རིག་པའི་རབ་རིབ་བསལ་བ་ན་ཤེས་རབ་ཀྱི་མིག་གིས་ཆོས་རྣམས་གཟུགས་བརྙན་ལྟ་བུར་མཐོང་བས་དེའི་རྗེས་སུ་མེ་ལོང་གི་དབང་གསུངས་སོ། །མེ་ལོང་སྟོན་པའི་ཆོ་ག་ལན་གཉིས་ སུ་སྨྲས་པ་ནི། ཀླུ་བྱང་གི་དཀྱིལ་ཆོག་མ་མཐོང་བ་ཉིད་དེ་ཁ་ཅིག་གིས་དབང་བསྐུར་བ་ཉིད་དུ་རྣམ་པར་བཤད་པར་འདོད་པ་ལ་ནི། ལན་གཉིས་སྟོན་པའི་ཆོ་ག་གསུངས་སོ་ཞེས་ཕྲེང་བ་ལས་གསུངས་པ་འདིས་ཀུན་དགའ་སྙིང་པོས་མེ་ལོང་ལན་གཉིས་སྟོན་པ་བཀག་ པ་ཡིན་ཞེས་བོད་དག་སྨྲ་མོད་ཀྱང་ཚིག་ཕྱི་མས་ལན་གཉིས་སྟོན་པའི་ཆོ་ག་གསུངས་པ་ཡང་བཞེད་པས་དེ་ནི་མ་ཡིན་ནོ། །དེས་ན་མེ་ལོང་བསྟན་ནས་ཆོས་ཀྱི་མཚན་ཉིད་གཟུགས་བརྙན་ལྟར་ཤེས་པར་བྱེད་པ་ཙམ་ལ་ལན་གཉིས་སྟོན་པ་བཀག་པ་ཡིན་ཏེ་དེ་ལ་ 3-2-257b ནི་ལན་ཅིག་ལས་མ་མཛད་པ་ཀླུ་བྱང་གིས་གསུངས་པ་བཞིན་ནོ། །འོན་ཀྱང་ཀླུ་བྱང་གི་དཀྱིལ་ཆོག་ན་ཚིགས་བཅད་གཉིས་པ་མེད་ལ་ལན་གཉིས་སྟོན་པར་བཞེད་པ་ཀུན་སྙིང་དང་དཱ་རི་ཀ་པ་དང་ཤཱནྟི་པ་རྣམས་ཀྱིས་མེ་ལོང་སྔ་མའི་རྗེས་སུ་དྲིལ་བུ་དང་མདའ་གཞུའི་ཆོ་ག་ བྱས་ནས་དེ་ནས་ཚིགས་བཅད་གཉིས་པ་བཏོན་ཏེ་མེ་ལོང་གཉིས་པ་སྟོན་པས་ཚིགས་བཅད་ཀྱང་མི་གཅིག་ལ་གོ་བར་བྱེད་རྒྱུའི་དོན་ཡང་མི་གཅིག་སྟེ་སྔ་མས་ནི་ཆོས་རྣམས་གཟུགས་བརྙན་ལྟ་བུར་ཤེས་པར་བྱ་བ་ཙམ་ཡིན་ལ་ཕྱི་མས་ནི། རང་གི་སྙིང་ལ་ཞུགས་པའི་རྡོར་ སེམས་གྱི་ངང་ཚུལ་ཤེས་པར་བྱེད་པའི་ཕྱིར་ཏེ་དཱ་རི་ཀ་པས། རྡོ་རྗེ་སེམས་དཔའ་རང་ཉིད་གཙོ། །ཚིག་དེས་རང་བདག་ཤེས་པར་བྱ། །ཞེས་གསུངས་སོ། །ཚུལ་དེས་ལན་གཉིས་སྟོན་ན་མི་འགོག་པས་དབང་སྐུར་བ་ཉིད་དུ་བཤད་པར་འདོད་པ་ལ་ནི་ལན་གཉིས་སྟོན་པ་གསུངས་ སོ། །ཞེས་བཤད་དོ། སློབ་དཔོན་འདིའི་བཞེད་པ་ནི། ཚིགས་བཅད་དེ་གོང་མའི་གསེབ་ཏུ་དྲངས་ནས་གཉིས་ཀ་ཕྱོགས་གཅིག་ཏུ་སྟོན་པར་བཞེད་མོད་ཀྱང་དེ་ངེས་གཟུང་དུ་དགོས་པར་མི་བཞེད་དོ། །མདའ་འཕང་བའི་ཆོ་ག་ནི། དེ་ནས་ཡི་གེ་ཧོཿལས་བྱུང་བའི་གཞུ་ཧོཿཞེས་བརྗོད་ ཅིང་བྱིན་ནས་སརྦ་ཏ་ཐཱ་ག་ཏཱན་ཨ་ནུ་རཱ་ག་ཡཱ་སྭའམ། དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་གྱིས་ཤིག་ཅེས་བརྗོད་ཅིང་བྱིན་ཏེ་སློབ་མས་མདའ་འཕང་བའི་ཚེ་ན་ཡང་སློབ་དཔོན་གྱིས་དེ་ལྟར་བརྗོད་དོ། །འདིར་མདའ་ཧོཿ ལས་སྐྱེད་པ་མི་གསལ་ཡང་དཱ་རི་ཀ་པས། ཧོཿ ཡིས་སྦྱངས་པའི་མདའ་གཞུ་དག །སློབ་མའི་ལག་ཏུ་བྱིན་ནས་ནི། །ཞེས་གསུངས་པས་གཉིས་ཀ་ཧོཿ་ལས་བསྐྱེད་དོ། །སློབ་མས་ཀྱང་སརྦ་ཏ་ཐཱ་ག་ཏཱན་ཨ་ནུ་རཱ་ག་ཡཱ་མི་ཞེས་བརྗོད་ཅིང་བགེགས་ལ་འབིགས་པའི་བསམ་པས་ཕྱོགས་བཞིར་མདའ་བཞི་དང་སྟེང་འོག་ཏུ་རེ་ 3-2-258a རེ་སྟེ་དྲུག་འཕེན་པའི་སྟངས་བྱའོ། །དེ་ལྟར་བུམ་པའི་དབང་ནི། དཀྱིལ་འཁོར་གང་དུ་ཐོབ་ན། རི་མོ་དང་ལུས་ཀྱི་དཀྱིལ་འཁོར་གཉིས་སུ་ཐོབ་སྟེ་སྦྱོར་བ་བདུན་པ་ལས། རི་མོ་དང་ནི་ལུས་ཀྱི་ལས། །དཀྱིལ་འཁོར་དུ་ནི་དེ་ཉིད་ཐོབ། །ཅེས་སོ། །གང་ ལ་དབང་ན་དང་པོ་སྦྱོར་བ་སོགས་ཏིང་ངེ་འཛིན་གསུམ་སྦྱིན་སྲེག་ལ་སོགས་པའི་ཡན་ལག་དང་བཅས་པ་བྱེད་པ་ལ་དབང་སྟེ་དེ་ཉིད་ལས། སྦྱོར་གསུམ་ཡན་ལག་བཅས་པ་རུ། །དེ་ལ་ཡང་དག་བསྟན་པར་བྱ། །གཟུགས་ལ་སོགས་པའི་ཡུལ་རྣམས་ཀྱི། །སྣང་ སྲིད་དབེན་པས་རྟོགས་པའོ། །ཞེས་གསུངས་སོ། །དག་བྱ་གང་སྦྱོང་ནི། ལུས་ཀྱི་དྲི་མ་སྔར་བསགས་འདག་ཅིང་ཕྱི་མ་ལས་ལྡོག་སྟེ། དེ་ཉིད་ལས། སྲོག་གཅོད་ལ་སོགས་སྔ་ཕྱི་ཡི། །དག་དང་ཉེས་པར་མི་འགྱུར་རོ། །ཞེས་བཤད་ཅིང་ཟུང་འཇུག་གསལ་བ་ལས་སྐུ་ རྡོ་རྗེ་སྦྱོང་བར་བཤད་ལ་སྦྱོར་བ་བདུན་པ་ལས། དེ་ཡི་རང་གི་ངོ་བོ་ནི། །སྐུ་ཡི་རྡོ་རྗེའི་རང་བཞིན་ནོ། །ཞེས་གསུངས་པ་ལྟར་ཉིན་མོ་འབྱུང་གནས་ཀྱིས་ཀྱང་བཤད་དོ། །ཉིན་མོ་འབྱུང་གནས་ཀྱིས་བུམ་དབང་སྤྲུལ་སྐུའི་ངོ་བོར་བཤད་དེ་སྤྲུལ་སྐུའི་ས་བོན་ཁྱད་པར་ཅན་ དགོད་པས་དེའི་ནུས་པ་འཇོག་པའི་ཕྱིར་སྤྲུལ་སྐུར་མོས་པར་བྱའོ། །བུམ་དབང་གི་དམ་ཚིག་ནི་རྩ་ལྟུང་བཅུ་བཞི་དང་སྦོམ་པོ་བརྒྱད་སྲུང་བའོ་ཞེས་བོད་ཀྱི་མཁས་པ་དག་བཞེད་དོ། །སྒྲ་བཤད་པ་ནི་སྦྱོར་བ་བདུན་པ་ལས། སྣོད་དུ་རུང་ཕྱིར་བུམ་དབང་སྟེ། །བླུགས་ གཏོར་དག་པར་བྱེད་པས་དབང༌། །འདི་ནི་ཡང་དག་རྒྱུད་རིམ་པའི། །ལུང་གིས་ངེས་པར་བཤད་པའོ། །ཞེས་གསུངས་ཏེ་སྣོད་དུ་རུང་བ་དང་ལུགས་སུ་བླུགས་པའི་རྣམ་པ་ལྟར་བྱེད་པ་དང་གཏོར་བ་དང་དག་པར་བྱེད་པས་དབང་དུ་འཇོག་པ་ནི། ཨ་བྷི་ཥི་ཀའི་སྒྲ་ 3-2-258b ལ་ངེས་ཚིག་གིས་བཤད་པ་བྱས་པའི་ལུགས་སོ། །སློབ་དཔོན་གྱི་དབང་མཐའ་རྟེན་དང་བཅས་པའི་སྡོམ་ནི། གསོ་གདབ་ལྷར་བསྐྱེད་དམ་ཚིག་སྦྱིན། །ཁྲུས་སྟེགས་གཞག་ལ་དམ་ཚིག་གཟུང༌། །ཆུ་དབང་བསྐུར་ལ་དབང་ལྷ་བསྟིམ། །མཆོད་ཅིང་དེ་ཉིད་ལས་རིམ་བཤད། ། སྔགས་དང་མིག་སྨན་མེ་ལོང་མདའ། །བུམ་དབང་སྤྱི་ཡི་དག་པ་བཤད། །ཅེས་པའོ། །བདེར་གཤེགས་དྲུག་གི་རང་བཞིན་དབང་དྲུག་གིས། །སློབ་མའི་ཤེས་རྒྱུད་ལེགས་པར་སྦྱངས་པ་ཡིས། །རྒྱལ་བ་དྲུག་དང་འབྲེལ་བའི་བསྐྱེད་རིམ་གྱིས། །སྤྲུལ་པའི་སྐུ་མཆོག་འགྲུབ་ པའི་གཞིར་བྱེད་པ། །དྲི་མེད་བུམ་པའི་དབང་གི་ངོ་བོ་དང༌། །དེ་ཡི་ཡན་ལག་ཆོ་ག་ཕྲ་མོ་རྣམས། །སྔགས་རིག་རྣམས་ཀྱི་བཞེད་པ་ཇི་བཞིན་དུ། །གོ་སླའི་དབྱངས་ཀྱིས་མ་འདྲེས་གསལ་བར་བྱས། །རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་གསང་བ་ཀུན་གྱི་གནད་རྣམ་པར་ ཕྱེ་བ་ལས། བུམ་པའི་དབང་བསྐུར་བའི་ཆོ་གའི་རིམ་པ་བསྟན་པ་སྟེ་ལེའུ་དགུ་པའོ།། ༈ །།གཉིས་པ་གསང་བའི་དབང་ནི། དང་པོར་ཡོན་དབུལ་ཞིང་གསོལ་བ་གདབ་པ་ནི། དེ་ནས་ཡོལ་བ་ལ་སོགས་པས་དབེན་པར་བྱས་པར་སློབ་མས་བླ་མ་ལ་རྡོ་རྗེ་སེམས་ དཔར་མོས་ཏེ་སྐྱེ་གནས་མ་ཉམས་པའི་གཞོན་ནུ་མ་བཅུ་གཉིས་ལ་སོགས་པའི་ལང་ཚོ་ལ་སོགས་པ་དང་ལྡན་པའི་ཤེས་རབ་མ་དམ་ཚིག་དང་ལྡན་པ་བླ་མ་ལ་དབུལ་ཏེ། ཕྱག་ཆེན་ཐིག་ལེའི་གཉིས་པ་ལས། བཞིན་བཟང་མིག་ནི་དཀྱུས་རིང་བ། །གཟུངས་བཟང་ ལང་ཚོས་བརྒྱན་པ་ནི། །བཅུ་གཉིས་ཡང་ན་བཅུ་དྲུག་གམ། །མ་རྙེད་ཉི་ཤུ་ལོན་པའང་རུང༌། །ཉི་ཤུ་ཡན་ཚད་ཕྱག་རྒྱ་གཞན། །དེས་ནི་དངོས་གྲུབ་ཐག་རིང་བྱེད། །སྲིང་མོ་ཡང་ནི་བུ་མོའམ། །ཆུང་མ་བླ་མ་ལ་དབུལ་བྱ། །ཞེས་གསུངས་སོ། །དེ་མེད་ན་གཞན་ཡང་ཆུ་སྟེ་ 3-2-259a ཞེས་གསུངས་པ་ནི། ལང་ཚོ་དང་གཟུགས་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ལ་དམིགས་བསལ་ཡིན་གྱི་དམ་ཚིག་དང་ལྡན་པ་ལ་མ་ཡིན་ཏེ། དམ་ཚིག་དག་དང་མི་ལྡན་པའི། །རིག་མ་སྟེན་པར་དགའ་བ་དང༌། །ཞེས་སྦོམ་ པོའི་ལྟུང་བར་གསུངས་པའི་ཕྱིར་རོ། །དེ་ནས་ཐལ་མོ་སྦྱར་ཏེ། ཁྱོད་ཀྱི་ཞབས་ཀྱི་བཀའ་དྲིན་གྱིས། །བདག་གིས་བླ་མེད་བྱ་བ་ཐོབ། །དེ་ཕྱིར་གསང་བའི་དབང་གིས་ནི། །མགོན་པོ་རྗེས་སུ་གཟུང་བར་མཛོད། །ཅེས་གསོལ་བ་གདབ་བོ། །གསང་དབང་གི་ རྫས་སྒྲུབ་པ་ནི། དེ་ནས་བླ་མ་གཙོ་བོའི་ང་རྒྱལ་དང་ལྡན་པས་ཐ་མལ་གྱི་བུད་མེད་ཀྱི་གཟུགས་སྟོང་ཉིད་དུ་བསམས་པའི་རྗེས་ལ་ལྷ་མོའི་གཟུགས་སུ་བསྐྱེད་པ་དང་རྡོ་རྗེ་དང་པདྨ་འདུ་བྱ་བ་སྔོན་དུ་འགྲོ་བས་སྙོམས་པར་འཇུག་པར་བྱ་ཞིང༌། ཨོཾ་སརྦ་ཏ་ཐཱ་ཏ་ག་ ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་གུར་དང་འདུས་པ་ནས་འབྱུང་བ་བརྗོད་ཅིང་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་རྣམ་སྣང་ལ་སོགས་པ་སྤྱན་མ་སོགས་དང་སྙོམས་པར་འཇུག་པ་བཀུག་ལ། རྣམ་སྣང་གི་སྒོ་ནས་བདག་ཉིད་ལ་བཅུག་ནས་ ཆགས་པ་ཆེན་པོས་ཞུ་བར་གྱུར་ཏེ་རྩ་ཨ་ཝ་དྷཱུ་ཏཱི་ནས་འགྲོ་བར་བསམས་ནས་རྡོ་རྗེ་ནོར་བུར་ལྷན་ཅིག་སྐྱེས་པ་བརྟན་པར་བྱའོ། །འདུས་པ་ཕྱི་མ་ལས། རྡོ་རྗེ་པདྨའི་སྦྱོར་བ་ཡིས། །རྡོ་རྗེ་ཅན་ཀུན་ཡང་དག་བསྡུ། །སྐུ་གསུང་ཐུགས་ཀྱི་སྦྱོར་བ་ཡིས། །དེ་དག་ ཐམས་ཅད་སྙིང་གར་བསྡུས། །རྡོ་རྗེའི་ལམ་ནས་ཕྱུང་ནས་ནི། །སློབ་མའི་ཁར་ནི་དབབ་པར་བྱ། །ཞེས་ཀྱང་གསུངས་སོ། །གསང་དབང་སྐུར་བའི་ཚུལ་ནི། དེ་ནས་རྡོ་རྗེ་པདྨ་ལས་ཕྱུང་ནས་མཐེ་བོང་དང་མིང་མེད་ཀྱིས་རྡོ་རྗེ་ནོར་བུ་བཙིར་ནས་དེ་བཞིན་གཤེགས་ 3-2-259b པ་ཞུ་བའི་ཁ་བ་དེ་རང་གི་བྱང་ཆུབ་ཀྱི་སེམས་དང་གཉིས་སུ་མེད་པར་མོས་པ་བྱས་ཏེ་གསུང་རྡོ་རྗེ་འོད་དཔག་མེད་ཀྱི་ང་རྒྱལ་འཛིན་པའི་སློབ་མའི་ཁར་མཐོང་ན་མ་དད་ཀྱིས་དོགས་པས་གདོང་གཡོགས་བཅིངས་ཏེ་དེའི་མིག་དང་ལག་པའི་ཡུལ་མིན་པར། འདས་པའི་རྡོ་རྗེ་ འཆང་སོགས་ཀྱིས། །ཇི་ལྟར་སངས་རྒྱས་སྲས་དབང་བསྐུར། །བྱང་ཆུབ་སེམས་ནི་བཟང་པོ་ཡིས། །དེ་ལྟར་བུ་ཁྱོད་དབང་བསྐུར་བགྱི། །ཞེས་རྒྱུད་རྡོར་ཕྲེང་ལས་གསུངས་པ་དང༌། ཨོཾ་ཨཱཿ བཛྲ་དྷྲིཀ་ཧཱུཾ་ལ་སོགས་པ་གཙོ་བོ་གང་ཡིན་གྱི་སྔགས་བརྗོད་ཅིང་དབབ་པར་བྱའོ། ། སློབ་མས་ཀྱང་རྣམ་སྣང་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་འདུས་པའི་ངོ་བོ་ཡིན་ནོ་སྙམ་དུ་བསམས་ལ། ཨ་ཧོ་མ་ཧཱ་སུ་ཁཾ་ཞེས་བརྗོད་ཅིང་བཏུང་བར་བྱ་སྟེ་ཀྱེ་མ་བདེ་བ་ཆེན་པོ་ཞེས་པའི་དོན་ནོ། །དེ་ནས་རིག་པ་ཡང་ལངས་ལ་གོས་མེད་པ་ཉིད་དུ་བྱས་ ནས་རང་གི་ཆུ་སྐྱེས་ན་གནས་པའི་བདུད་རྩིའི་ཐིག་ལེ་རྣམས་དེ་ལྟར་དེའི་ཁར་གཞུག་པར་བྱའོ། །དེས་ཀྱང་དེ་བཞིན་དུ་བཏུང་ངོ༌། །དེ་ལྟར་ཞེས་པ་ནི། མིག་དང་ལག་པའི་ཡུལ་མིན་པ་དང་མཐེབ་སྲིན་གྱིས་སྟེར་བ་དང་སྔགས་དང་ཚིགས་བཅད་སྔར་ལྟར་གདོན་པའོ། །དེ་བཞིན་ དུ་ཞེས་པ་ནི། སངས་རྒྱས་ཀུན་འདུས་པའི་བློས་བཏུང་བ་དང༌། ཨ་ཧོ་སུ་ཁ་སྔར་བཞིན་བརྗོད་པའོ། །སློབ་མ་གཅིག་ལའང་ཡབ་ཡུམ་གཉིས་ཀས་གསང་དབང་སྐུར་བར་ཟླ་གྲགས་དང་དཱ་རི་ཀ་པ་དང་དཔལ་འཛིན་སོགས་ཀྱིས་བཤད་པས་གང་རུང་གཅིག་གིས་མི་ཆོག་གོ ། ཡབ་ལུས་ཐོབ་པའི་གསང་དབང་སྐུར་ལུགས་ནི། ལེའུ་བརྒྱད་པའི་སྒྲོན་གསལ་ལས། བླ་མས་ཀྱང་བྱང་ཆུབ་ཀྱི་སེམས་དུང་ཕོར་ལ་སོགས་པར་བཞག་ལ་དྲིའི་ཆུ་དང་བསྲེས་ལ་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ལ་སོགས་པ་སྔོན་དུ་འགྲོ་བས་སློབ་མ་དབང་བསྐུར་བར་ 3-2-260a བྱ་སྟེ་བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་ཟླ་གསང་ཐིག་ལེ་ལས། བྱང་ཆུབ་སེམས་ནི་རིན་ཆེན་འབར་ཕྱུང་བས། །མ་ལུས་རྒྱལ་བ་རྣམས་ནི་ལུས་བསྐམས་ལ། །རྣམ་དག་རྡོ་རྗེ་ལས་བྱུང་ཡེ་ཤེས་ཆུ། །དྲི་མེད་རིན་ཆེན་སྤྱི་ནས་དབང་བསྐུར་རོ། ། ཞེས་གསུངས་ལ་དེ་བཞིན་དུ་རིམ་ལྔ་དང་སྤྱོད་བསྡུས་སུ་ཡང་བྱང་ཆུབ་ཀྱི་སེམས་བུམ་པའམ་དུང་ཆོས་སུ་བཞག་ནས་དབང་བསྐུར་བར་གསུངས་སོ། །ཟུང་འཇུག་གསལ་བ་ལས་བླ་མས་མཐེབ་སྲིན་གྱིས་སློབ་མས་ཁར་བྱིན་པའི་འོག་ཏུ་སླར་ཡང་བྱང་ཆུབ་ཀྱི་ སེམས་དུང་ཆོས་ལ་སོགས་པར་བཞག་ནས་དྲིའི་ཆུས་སྦགས་ཏེ་བཀྲ་ཤིས་བརྗོད་པ་སྔོན་དུ་འགྲོ་བས་དབང་སྐུར་བའི་ཤེས་བྱེད་དུ་ཟླ་གསང་ཐིག་ལེ་དྲངས་སོ། །སྔ་མ་ལ་མཆོག་ཏུ་གསང་བའི་དབང་དང་ཕྱི་མ་ལ་གསང་དབང་ཙམ་དུ་ནཱ་རོ་པས་འདུས་པའི་རྒྱུད་ ཕྱི་མའི་འགྲེལ་པར་བཤད་ལ། །མི་ཐུབ་ཟླ་བ་དང་ཟུང་འཇུག་གསལ་བས་སློབ་མ་རྣམ་སྣང་དུ་བསྒོམས་པ་ལ་གསང་དབང་བསྐུར་བར་བཤད་དོ། །གསང་དབང་གི་ངོ་བོ་ནི། ཕྱག་ཆེན་ཐིག་ལེའི་གཉིས་པ་ལས། སྦོམ་པོ་ཐ་ལྟག་སྦྱོར་བ་ཡིས། །ལོངས་སྤྱོད་ནང་དུ་གཞུག་ པར་བྱ། །དེ་ཚེ་ཡང་དག་ཡེ་ཤེས་སྐྱེ། །བུ་མོའི་བདེ་བ་ཇི་ལྟ་བུ། །ཞེས་གསུངས་པས་བླ་མ་ཡབ་ཡུམ་གྱི་ཐིག་ལེ་ལྕེ་ལ་བཞག་པ་མྱངས་པ་ལ་བརྟེན་ནས་སྐྱེས་པའི་བདེ་བ་དང་བཅས་པའི་ཏིང་ངེ་འཛིན་ལ་བྱའོ། །དཱ་རི་ཀ་པས། ཡང་ན་ཚིག་གི་ལས་ཀྱིས་ནི། །གྲེལ་ བའི་བདག་ཉིད་སྦྱིན་པར་བྱ། །ཨ་ཧོ་སུ་ཁ་ཞེས་བརྗོད་ནས། །ལུས་ཀུན་བདེ་བས་གང་བར་བྱ། །ཞེས་ཚིག་ཙམ་གྱིས་ཀྱང་བསྐུར་བར་གསུངས་པས་དམིགས་པ་གསལ་བར་བྱས་ནས་བསྒོམས་པ་ལས་བྱུང་བའི་ཏིང་ངེ་འཛིན་ལ་གསང་དབང་གི་ངོ་སྤྲད་དོ། །དབང་འདི་ཀུན་ 3-2-260b རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཐོབ་ཅིང་གསུང་རྡོ་རྗེའི་རང་བཞིན་ཡིན་ལ་རྡོ་རྗེ་བཟླས་པ་ལ་སོགས་པའི་རླུང་གི་རྣལ་འབྱོར་སྒོམ་པ་ལ་དབང་སྟེ་སྦྱོར་བ་བདུན་པ་ལས་ལྷག་པ་བྱང་སེམས་ཞེས་བྱ་བའི། །དཀྱིལ་འཁོར་དུ་ནི་དེ་ཉིད་ཐོབ། ཅེས་དང༌། དེ་ཡི་རང་གི་ངོ་ བོ་ནི། །གསུང་གི་རྡོ་རྗེའི་རང་བཞིན་ནོ། །རྫུན་ལ་སོགས་པ་སྔ་ཕྱི་ཡི། །དག་དང་ཉེས་པར་མི་འགྱུར་རོ། །ཞེས་དང༌། རྡོ་རྗེ་བཟླས་པའི་ངོ་བོ་ཡིས། །སྒྱུ་དྲའི་ཏིང་འཛིན་བསྟན་པར་བྱ། །མིག་སོགས་ནང་གི་ཆོས་རྣམས་ཀྱི། །སྣང་སྲིད་དབེན་པར་རྟོགས་པའོ། །ཞེས་སོ། ། ནཱ་རོ་པས་ཀྱང་རྒྱུད་ཕྱི་མའི་འགྲེལ་པར་གསང་དབང་ཐོབ་ནས་སྒྱུ་ལུས་ཀྱི་མན་ངག་སྟོན་པར་བཤད་དོ། །ཟུང་འཇུག་གསལ་བ་ལས། རང་བྱིན་གྱིས་བརླབ་པ་མཚོན་པའི་ཕྱིར་ཤེས་རབ་མཚོན་པ་ནི། ཤེས་རབ་ཡེ་ཤེས་ཀྱི་དབང་སྟེ་གསུམ་པའོ། །ཞེས་འཆད་ཀྱང་རིམ་ ལྔ་ལས་གསང་དབང་བསྐུར་བའི་འོག་ཏུ་སྒྱུ་ལུས་ཀྱི་གདམས་ངག་གི་དོན་དུ་བསྟོད་པ་བྱས་ནས་སྒྱུ་ལུས་བསྟན་པ་དང༌། ཞལ་ལུང་ལས་ཀྱང༌། དེ་ཡིས་ཞིང་ནི་དག་བྱས་ཏེ། །ཆོས་ཀུན་སྒྱུ་མ་ལ་སོགས་པའི། །བཅུ་གཉིས་དོན་དུ་རྟོགས་པར་འགྱུར། །ཞེས་གསུངས་ པས་གསང་དབང་ཐོབ་པས་སྒྱུ་ལུས་ཀྱི་སྣོད་དུ་རུང་ངོ༌། །དབང་འདིས་ངག་ཡིད་གཉིས་ཀ་སྦྱོང་བར་སྒྲ་གཅན་འཛིན་དཔལ་བཤེས་གཉེན་འདོད་དོ། །ཉིན་མོ་འབྱུང་གནས་ཀྱིས་ལོངས་སྐུའི་རང་བཞིན་དུ་ཡང་བཤད་པའི་དོན་ནི་སྔར་ལྟར་རོ། །འདིའི་དམ་ཚིག་ཏུ་བདུད་རྩི་ ལྔ་བསྟེན་པ་དང་སྲོག་ཆགས་མི་གསད་པ་དང་བུད་མེད་རིན་ཆེན་མི་སྤང་བ་དང་བླ་མ་ལ་མི་སྨོད་པ་སྡོམ་པ་ཡིན་པར་ཁ་སྦྱོར་ལས་གསུངས་སོ། །སྒྲ་དོན་ནི། ཡབ་ཡུམ་གྱི་བྱང་ཆུབ་ཀྱི་སེམས་གསང་བའི་རྫས་ཀྱིས་བསྐུར་བའི་དབང་ཡིན་པས་ན་གསང་དབང་ངོ༌། ། 3-2-261a གསང་དབང་གི་སྡོམ་ནི། རིག་མ་དབུལ་ཞིང་གསོལ་བ་གདབ། །འོད་དཔག་མེད་བསྐྱེད་སློབ་མ་ལ། །བླ་མ་ཡུམ་དང་བཅས་པ་ཡིས། །གསང་རྫས་གཉིས་ཀྱིས་དབང་བསྐུར་ཏེ། །དབང་གི་དག་པ་སྦྱིན་པར་བྱ། །ཞེས་པའོ། །གསུམ་པ་ ལ་གཉིས། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་དང༌། དབང་གསུམ་པའི་ཡེ་ཤེས་ངོས་གཟུང་བའོ། །དང་པོ་ནི། གསང་དབང་གི་རྗེས་དེ་ནས་སློབ་མས་བྱང་ཆུབ་རྡོ་རྗེས་ཞེས་པ་ལ་སོགས་པས་བླ་མ་ལ་གསོལ་བ་གདབ་བོ། །དེ་ནས་བླ་མས་སློབ་མ་ ལ་སྔར་གྱི་རིག་མ་དེའམ་ཤེས་རབ་མ་གཞན་ཡང་རུང་སྟེ་དམ་ཚིག་དང་སྡོམ་པ་ལ་གནས་པའམ་གཞན་ཡང་རུང་སྟེ་གཟུགས་དང་ལང་ཚོ་དང་ལྡན་པ། གཟུངས་མ་ཡིད་འོང་འདི་ཁྱོད་ཀྱིས། །བསྟེན་བྱར་སངས་རྒྱས་རྣམས་ཀྱིས་བརྟགས། །འཁོར་ ལོ་རིམ་པའི་སྦྱོར་བ་ཡིས། །བདེ་བ་དམ་པ་མྱང་བར་གྱིས། །རྡོ་རྗེ་སྐྱིལ་ཀྲུང་གིས་སེམས་ནི། །ནོར་བུའི་ནང་དུ་ཆུད་པ་བལྟ། །ཞེས་གོ་བར་བྱས་ནས་གཏད་པར་བྱའོ། །སྔར་ཕུལ་བ་དེ་བླ་མའི་རིག་མ་ཡིན་ཡང་སྦྱིན་དུ་རུང་བ་ནི། འདུས་པ་ཕྱི་མ་ལས། མཆོག་ ཏུ་དད་ཅིང་ཤེས་རབ་ཆེ། །གཟུགས་བཟང་སྒྲུབ་ལ་རྟག་ཏུ་དགའ། །སྦྱོར་བ་གཅིག་གིས་བྱ་བ་གོམས། །དམ་ཚིག་ཅན་གྱི་དམ་ཚིག་དག །བླ་མ་ལ་ནི་སློབ་མ་ཡིས། །ཡོན་རྣམས་རབ་ཏུ་ཕུལ་ནས་ནི། །བླ་མས་དེ་ནི་བྱིན་བརླབས་ཏེ། །སྒྲུབ་པ་པོ་ལ་སྦྱིན་པར་ བྱ། །ཞེས་གསུངས་སོ། །ལྭ་བ་པ་དང་དཔལ་འཛིན་དང་ཉོན་མོ་འབྱུང་གནས་ལ་སོགས་པས་དམ་ཚིག་དང་སྡོམ་པ་ལ་གནས་པ་རྣལ་འབྱོར་བཞི་དང་ཏིང་ངེ་འཛིན་གསུམ་ལ་མཁས་པའི་རིག་མ་དགོས་པར་གསུངས་པས་སྡོམ་པ་དང་མི་ལྡན་པ་རིགས་ 3-2-261b མར་མི་རུང་ངོ༌། །འཁོར་ལོ་ནི། རྣམ་སྣང་ལ་སོགས་པ་རིག་མ་དང་བཅས་པའི་འཁོར་ལོའོ། །དེའི་རིམ་པས་སྦྱོར་བ་ནི། དགུག་པ་དང་གཞུག་པ་དང་རྡོ་རྗེའི་ལམ་ནས་དབྱུང་བའོ། །རྐང་པ་དྲུག་པོ་དེའི་དོན་ནི། ཞལ་ལུང་ན་ཡོད་དོ། །བདེ་བ་སྦྱངས་པའི་སྒོ་ནས་དབང་ གསུམ་པ་ངོས་གཟུང་བ་ནི། རྡོ་རྗེ་ཞེས་པའི་རྐང་པ་གཉིས་ཀྱིས་བསྟན་ཏོ། །རིག་མ་དེས་ཀྱང་གུར་ཀུམ་ལ་སོགས་པས་དྲི་ཞིམ་པོར་བྱས་ཤིང་གོས་མེད་པའི་ཆུ་སྐྱེས་སློབ་མ་ལ་སྟོན་ཅིང༌། ཨེ་མ་བདག་གི་པདྨ་འདི། །བདེ་བ་ཐམས་ཅད་ཡང་དག་ལྡན། །གང་ ཞིག་ཆོ་གས་སྟེན་བྱེད་པ། །དེ་ཡི་མདུན་ན་བདག་གནས་སོ། །སངས་རྒྱས་བསྟེན་པ་ལ་སོགས་པ། །པདྨར་བྱ་བ་ཇི་བཞིན་གྱིས། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད་དུ་ནི་རྟག་ཏུ་བཞུགས། །བྷ་ཛ་མོཀྵ་ཧོཿ ཞེས་བརྗོད་དོ། །འདི་སྔགས་དང་བཅས་པ་ ཞལ་ལུང་ན་བཞུགས་ལ་དེར་དྲིས་ལན་མཛད་པ་རྣམས་འདིར་མ་བཀོད་པར་སྣང་ངོ༌། །ཆོ་ག་ནི། རང་དང་རིག་མ་ལྷར་སྐྱེད་པ་དང་རྡོ་རྗེ་དང་པདྨ་འདུ་བྱ་བ་སོགས་སོ། །ལྭ་བ་པས། རྫོགས་སངས་མཉེས་པར་བྱ་ལ་སོགས། །བྱ་བ་ཅི་ཡིན་པདྨར་གྱིས། །ཞེས་ གསུངས་པ་ཉིད་གོ་བདེའོ། །མོཀྵ་ནི་ཐར་པ་སྟེ་སྤྲོས་པ་ཐམས་ཅད་དང་བྲལ་བའི་ལྷག་པའི་ལྷའི་གཟུགས་བླ་མས་བརྗོད་པར་བྱའོ་ཞེས་ཕྲེང་བ་ལས་གསུངས་ཏེ། རིག་མས་བརྗོད་པ་འདི་རྣམས་ཀྱི་དོན་བླ་མས་བཤད་པའམ་སྔགས་འདི་བླ་མས་བརྗོད་ཅེས་ པའི་དོན་ཏོ། །བྷ་ཛ་ནི་སྟེན་ཅིག་པ་སྟེ་ཐར་པ་སྟེན་ཅིག་ཅེས་པའོ། །དེ་ནས་སློབ་མས་རང་ཉིད་ལྷའི་གཟུགས་དང་ཤེས་རབ་མ་ལྷ་མོའི་གཟུགས་སུ་བསྐྱེད་ཅེས་པ་ལས་ལྷ་ཡབ་ཡུམ་གང་དུ་སྐྱེད་ཕྲེང་བར་མི་གསལ་ལ་མི་ཐུབ་ཟླ་བས་འོད་དཔག་མེད་དུ་སྐྱེད་པར་ 3-2-262a བཤད་དེ་འདོད་ཆགས་རྡོ་རྗེ་ཡིན་པ་ལ་དགོངས་སོ། །ཟུང་འཇུག་གསལ་བ་ལས། རིན་འབྱུང་དུ་སྐྱེད་པར་གསུངས་ཏེ་འདུས་པ་རྗེས་ཆགས་ཀྱི་ང་རྒྱལ་རིན་འབྱུང་གི་སྒོ་ནས་འཛིན་པར་གསུངས་པ་ལ་དགོངས་སོ། །རཏྣ་རཀྵི་ཏས་ བདེ་མཆོག་ཡབ་ཡུམ་དུ་སྐྱེད་པར་བཤད་དེ། དེའི་ལྟར་ན་སྐབས་སུ་གང་བབ་པའི་གཙོ་བོ་ཡབ་ཡུམ་དུ་བསྐྱེད་པས་ཆོག་གོ། གསང་དབང་མ་གཏོགས་པ་འདི་དང་འོག་མ་ལ་གདོང་གཡོགས་འཆིང་བ་ཕྲེང་བ་རྗེས་འབྲང་དང་བཅས་པས་མ་བཤད་དོ། ། དེ་ནས། ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་ནོར་བུ་ཨོཾ་ལས་སྐྱེས་པ་དང༌། རྡོ་རྗེའི་ཁར་ཕཊ་སེར་པོ་དང་ཨཱཿལས་སྐྱེས་པའི་པདྨའི་ཟེའུ་འབྲུ་ལ། ཨཱཿས་མཚན་པ་བསྒོམས་ནས་ཡང་དག་པར་བསྐུལ་ཞེས་སྦྱར་རོ། །གང་ན་གཡོན་པའི་གཡོན་གྱི་ཆར་སོན་པའི་རྩའོ། ། གཡོན་པ་ནི། འདིར་རིག་མའོ། །དེའི་ལུས་ཀྱི་གཡོན་གྱི་ཆར་སོན་པའི་རྩ་ནི། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ཞེས་པའི་རྩ་སྟེ་ཕྱག་ཆེན་ཐིག་ལེའི་གཉིས་པ་ལས་པདྨའི་སྙིང་པོའི་དབུས་ན་ནི། རྡོར་དབྱིངས་དབང་ཕྱུག་མ་ནི་བཞུགས། །དེ་མ་རྙེད་པའི་ བར་དུ་ནི། །ཐབས་གཞན་ལ་ནི་བྱང་ཆུབ་མེད། །དེ་ནི་རང་བཞིན་དགའ་བའི་གཟུགས། །ཕྲ་མོའི་ཕྲ་མོ་ཡང་དག་མཆོག །ཅེས་དང༌། ཞལ་ལུང་ལས། ན་ལི་གསུམ་པོ་བཙལ་བར་བྱ། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་རྩ། །གཟུང་འཛིན་བྲལ་བ་བྷ་གའི་ དབུས། །བླ་མའི་མན་ངག་སྟོབས་ཀྱིས་ནི། །སོར་མོས་གོ་བར་བྱ་དགོས་སོ། །ཞེས་སོ། །ཚོལ་བའི་ཚུལ་ནི་མཛུབ་མོའི་རྩེ་དང་ལྕེ་རྩེ་ལ་ཡི་གེ་ཧྲཱིཿདམར་པོ་གནས་པར་བསམས་ལ་ཤཱི་ཏཱ་བརྗོད་པ་སྔོན་དུ་འགྲོ་བས་ཡང་དག་པར་བསྐུལ་ནས་ 3-2-262b བཤད་པའི་རྟགས་བྱུང་བ་དང༌། ཨོཾ་ཤཱི་ཤྲཱི་ཤྲཱི་ཧ་ཧ་ཧ་སྭཱཧཱ། ཞེས་པ་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་པས་སྔགས་ཟློས་ཤིང་བླ་མའི་མན་ངག་ལས་དགའ་བཞིའི་དབྱེ་བ་ཤེས་པས་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་ གྱིས་སྤྱན་དྲངས་པའི་དེ་བཞིན་གཤེགས་པ་ལ་སོགས་པས་ལུས་བྱིན་གྱིས་བརླབ་པ་སྟེ་ལུས་ལ་གཞུག་ཅིང༌། བླ་མས་ཀྱང་རྣམ་སྣང་དང་སྤྱན་མ་ལ་སོགས་དཔག་མེད་བཅུག་པ་དང་རོ་གཅིག་ཏུ་གྱུར་པས་དགའ་བ་བརྩམ་པར་བྱའོ། །གཉིས་པ་ལ་གཉིས། དངོས་ཀྱི་དོན་དང༌། དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི། སྐབས་འདིར་བླ་མའི་མན་ངག་གིས་དགའ་བཞིའི་དབྱེ་བ་ཤེས་དགོས་ན། དེ་ཇི་ལྟར་ཡིན་སྙམ་ན། སྙེ་མ་ལྔ་པ་ལས། དེ་ལ་བོ་ལའི་རྩ་བ་ནས་ཏེ་གསང་བའི་པདྨ་ལས་རྡོ་རྗེ་ནོར་བུ་ལས་སྔར་དགའ་བ་ ལ་སོགས་པ་གསུམ་དང་ནོང་བུའི་དབུས་སུ་ལྷན་ཅིག་སྐྱེས་པའི་ཞེས་པ་རྣམ་པར་བཞག་པ་གཅིག་གོ་ཞེས་དང༌། གཙུག་ཏོར་ནས་ནི་མཛོད་སྤུ་ཡི། །པདྨར་ཁུ་བ་འོངས་དགའ་བ། །མགྲིན་པ་སྙིང་གར་མཆོག་དགའ་བ། །ཁྱད་པར་དགའ་བར་དེ་ནས་འགྱུར། ། སྣ་ཚོགས་དགའ་བྱེད་ལྟེ་བར་ཏེ། །གསང་བའི་པདྨར་གང་འོངས་པའོ། །གསང་གནས་རྡོ་རྗེ་ནོར་བུའི་བར། །ལྷན་སྐྱེས་དགའ་བ་མི་འཕོ་བའོ། །ཞེས་དྲངས་པ་དུས་འཁོར་གྱི་ལུགས་སུ་གསུངས་སོ། །སྔ་མ་ནི། རྡོ་རྗེའི་རྩ་བ་ནས་བརྩམས་ཏེ་ནོར་བུའི་དབུས་ སུ་མ་སླེབས་པའི་བར་རྣམས་སུ་དགའ་བ་གསུམ་སྐྱེ་བའི་ལུགས་ཏེ་གནས་ཀྱིས་ཕྱེ་བའོ། །རྣམ་རྟོག་ཆེན་པོའི་ཆེན་པོ་དང་ཆེན་པོ་དང་འབྲིང་གསུམ་གྱི་རགས་པ་ཆོད་པ་ལས་དགའ་བ་དང་མཆོག་དགའ་དང་ཁྱད་པར་གྱི་དགའ་བར་བཞག་ལ། ཆུང་དུ་ཕྲ་མོ་ 3-2-263a ཡོད་ཀྱང་རགས་པ་མེད་པ་ལས་ལྷན་སྐྱེས་ཀྱི་དགའ་བར་འཇོག་པར་མན་ངག་རིག་པ་རྣམས་འདོམས་སོ་ཞེས་དེ་ཉིད་ལས་གསུངས་སོ། །དགའ་བ་བཞི་ལས་གང་ཞིག་དབང་གསུམ་པར་འཇོག་སྙམ་ན། ཕྲེང་བ་ལས། ཤེས་རབ་སྦྱོར་བས་ དཔལ་ལྡན་ནི། །དེ་ཉིད་ཡང་དག་མཚོན་པར་བྱ། །རྡོ་རྗེ་སྐྱིལ་ཀྲུང་ལས་སེམས་ནི། ནོར་བུའི་ནང་དུ་ཆུད་པ་བལྟ། །ཞེས་དང༌། དེ་ཉིད་ནི་ཆོས་ཐམས་ཅད་བསམ་དུ་མེད་པ་ཉིད་དོ། །དེའི་གཟུགས་བརྙན་དུ་རྗེས་སུ་མཐུན་པས་ལྷན་ཅིག་སྐྱེས་པའི་དགའ་བའི་ངོ་ བོ་ཤེས་རབ་ཡེ་ཤེས་ལ་དེ་ཉིད་དུ་བརྗོད་དོ། །ཞེས་གསུངས་པས་དགའ་བ་བཞིའི་ནང་ནས་ལྷན་སྐྱེས་ཀྱི་ཡེ་ཤེས་ལ་ཤེས་རབ་ཡེ་ཤེས་སུ་འཇོག་ལ་སྐྱེ་བའི་དུས་ཀྱང་བྱང་སེམས་རྡོ་རྗེ་ནོར་བུའི་ནང་དུ་སླེབས་ནས་ཕྱིར་མ་འཕོས་པའི་དུས་ལ་བཞེད་ཅིང་ ལྷན་ཅིག་སྐྱེས་དགའ་གསུམ་པ་དང་ཁྱད་པར་གྱི་དགའ་བ་བཞི་པར་འདོད་པ་མན་ངག་སྙེ་མར་བཀག་གོ། བཀག་པ་དེ་ནི། སློབ་དཔོན་ཤཱནྟི་པ་བཞེད་ལ་བི་བྷཱུ་ཏཱིས་ཀྱང་རྡོ་རྗེའི་རྩ་བར་བྱང་སེམས་འོངས་པ་ན་དགའ་བ་དང་དེའི་དཀྱིལ་དུ་མཆོག་དགའ་དང་ ནོར་བུར་ཆུད་པ་ན་ལྷན་སྐྱེས་འབྱུང་སྟེ་དགའ་བྲལ་གྱི་དང་པོ་མཆོག་དགའི་ཐ་མ་དེ་གཉིས་ཀྱི་བར་དུ་སྐྱེ་བར་བཤད་ལ་རྡོ་རྗེ་སྐྱིལ་ཀྲུང་ནི། ནོར་བུའི་ནང་ན་གནས་པའི་དུས་སུ་སྣ་བུག་གཉིས་ཀྱི་རླུང་རྒྱུ་བ་བཀག་ནས་གནས་པ་ལ་བཤད་དོ། །ལྭ་བ་པ་ ཡང་སྐྱེ་བའི་དུས་དང་ངོ་བོ་རྣམས་སྔ་མ་དང་འདྲ་ཞིང་དགའ་བའི་གྲངས་ནི། ཚིག་གིས་ཟིན་ཚོད་ལ་མཆོག་དགའ་དང་དགའ་བྲལ་གྱི་དབུས་སུ་སྐྱེ་བར་བཤད་དོ། །དབང་གསུམ་པ་ལྷན་སྐྱེས་ཀྱི་ཡེ་ཤེས་ལ་ས་ར་ཧས་ཀྱང་བཤད་དོ། །བུད་མེད་ལ་དབང་ 3-2-263b སྐུར་ན་རྡོ་རྗེའི་གནས་སུ་པདྨ་རིག་པར་བྱའོ། །དེ་དག་ཀྱང་འཇམ་དཔལ་ཞལ་ལུང་གི་དབང་གསུམ་པའི་སྐབས་སུ་གསུངས་ཏེ། ཇི་སྐད་དུ། ནམ་མཁའི་ཁམས་དང་རྡོ་རྗེ་སྦྱོར་བ་ལས་ནི་ཡང་དག་སྤྱན་ཅན་བདེ་ཆེན་འབྱུང་བར་འགྱུར། །གང་གང་ཡང་དག་ དགའ་བྱེད་ཆགས་བྲལ་དགའ་གཉིས་བར་དུ་དབེན་ཉིད་མཐོང་བྱས་བརྟན་པར་གྱིས། །པདྨའི་མཁའ་ལ་རྡོ་རྗེ་ནོར་བུ་པད་སྙིང་གཉིས་ལ་སྦྱོར་གང་རྡོ་རྗེ་སྐྱིལ་ཀྲུང་སེམས། །ནོར་བུ་བར་དུ་མཐོང་བྱས་གང་ཚེ་བདེ་བ་འབྱུང་བར་ངེས་པ་དེ་ཉིད་ཡེ་ཤེས་ཏེ། ། འདི་ཉིད་རྫོགས་པའི་རིམ་པ་ཡིན་པར་བླ་མ་མཆོག་རྣམས་ཀུན་གྱིས་བཤད། །འདོད་ཆགས་ཆགས་བྲལ་བར་མ་མི་དམིགས་ཡེ་ཤེས་སྐད་ཅིག་དེ་རུ་གསལ། །ཆུ་ཚོད་བརྒྱད་དམ་ཉིན་གཅིག་ཟླ་བ་གཅིག་ཏུ་འམ། །ལོ་གཅིག་བསྐལ་པའམ་བསྐལ་ པ་སྟོང་དུ་ཡེ་ཤེས་དེ་མྱོང་བྱ། །ཞེས་གསུངས་ཏེ་དབང་གི་དུས་སུ་ནི། ཡུད་ཙམ་ཞིག་མྱོང་བ་ཡིན་ལ། ཕྱིས་གོམས་པའི་དབང་གིས་ནི། ཆུ་ཚོད་བརྒྱད་ལ་སོགས་པར་རིང་དུ་ཉམས་སུ་མྱོང་བའོ། །གལ་ཏེ་དབང་གསུམ་པར་གཞག་པའི་ལྷན་སྐྱེས་ཀྱི་ ཡེ་ཤེས་འདིས་དེ་ཁོ་ན་ཉིད་ཀྱི་དོན་རྟོགས་ན་ནི། དེ་ཉིད་བདེ་བ་དང་སྟོང་པ་དབྱེར་མེད་པའི་ལྷན་སྐྱེས་ཀྱི་ཡེ་ཤེས་ཡིན་པས་དབང་བཞི་པ་དང་ཁྱད་མེད་པར་འགྱུར་ལ། མ་རྟོགས་ན་ནི། དེ་ཁོ་ན་ཉིད་ཀྱི་དོན་སློབ་མ་ལ་ཐབས་ཁྱད་པར་ཅན་གྱིས་མཚོན་པར་ འདོད་ནས་དབང་འདི་བསྐུར་བར་གཞུང་དུ་མ་ལས་འབྱུང་བ་དང༌། དབང་གསུམ་པས་མཚོན་པའི་དོན་འདི་ཉིད་ཉམས་སུ་བླངས་པས་དེ་ཁོ་ན་ཉིན་ཀྱི་དོན་མངོན་དུ་འགྱུར་བར་གསུངས་པ་རྣམས་དང་འགལ་ལོ་ཞེ་ན། འདི་ལ་བཤད་པར་བྱ་སྟེ་ 3-2-264a སྤྱིར་རིམ་པ་གཉིས་ཀྱི་ལམ་ལ་གང་ཟག་གི་དབང་པོའི་རིམ་པ་དང་བསྟུན་ནས་མཆོག་དམན་སྣ་ཚོགས་ཤིག་གསུངས་པ་ལྟར་དབང་ལ་ཡང་ཁྱད་པར་ཞིབ་ཏུ་ཕྱེ་ན་དབང་པོའི་སྒོ་ནས་ཐོབ་ལུགས་མང་དུ་འོང་བར་སྣང་ངོ༌། །འོན་ཀྱང་རྒྱུད་ དང་དགོངས་འགྲེལ་གྱི་གཞུང་དག་ལས་གཙོ་བོར་འབྱུང་བ་ནི། དབང་གསུམ་པའི་ལྷན་སྐྱེས་ཀྱི་ཡེ་ཤེས་ཀྱིས་ནི་དེ་ཁོ་ན་ཉིད་རྟོགས་དགོས་པ་ཡིན་ཏེ། ཞལ་ལུང་ལས་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཀྱི་རང་བཞིན་གྱི་དེ་ཁོ་ན་ཉིད་བསྟན་ནས་དེ་ལྟར་གནས་ ཀྱང་སེམས་ཅན་རྣམས་ལ་སྒྲིབ་བྱེད་ཀྱི་སྐྱོན་གྱིས་བསྒྲིབས་པས་དེ་ལ་རྨོངས་ནས་འཁོར་བར་འཁྱམས་པས་ན་དེ་རྟོགས་དགོས་པ་དང༌། དེ་རྟོགས་པའི་ཐབས་རིག་མ་ཡིན་པའི་ཚུལ་མང་དུ་གསུངས་པའི་མཐར་གསང་དབང་བསྐུར་བའི་འོག་ཏུ། དེ་ནས་དེ་ལ་རང་ བྱུང་གི། ཆོས་སྐུ་རབ་དགའ་མཁའ་མཉམ་པ། །ལྷག་པའི་ལྷ་ཞེས་བྱ་བ་ནི། །རྟགས་བྱའི་ཆེད་དུ་བུ་མོ་སྦྱིན། །ཞེས་སོགས་ཀྱིས་དབང་གསུམ་པ་བསྐུར་ནས་སྔར་དྲངས་པ་ལྟར་ལྷན་སྐྱེས་ཀྱི་ཡེ་ཤེས་སྐྱེད་པར་གསུངས་པས། དེ་ཁོ་ན་ཉིད་ཀྱི་དོན་མཚོན་པར་བྱེད་པ་ ལ་དབང་གསུམ་པ་སྐུར་བར་ཆེས་གསལ་བར་གསུངས་སོ། །དེ་ཡང་བྱང་ཆུབ་ཀྱི་སེམས་ནོར་བུར་ཕྱིན་པ་ཕཊ་ལ་སོགས་པའི་ཡི་གེས་བཀག་པ་ཕྱིར་མ་འཕོས་བར་ཡུད་ཙམ་གནས་པའི་ཚེ་རྣམ་རྟོག་རགས་པ་མང་པོ་ཞིག་ལོག་པའི་བདེ་བ་དང་བཅས་པའི་མི་ རྟོག་པ་སྐྱེས་བ་ཙམ་མ་ཡིན་ཏེ། དེ་ཙམ་ནི་ཡིན་ལུགས་རྟོགས་པའི་ལྟ་བ་མེད་པ་རྣམས་ལའང་སྐྱེ་བས་དེས་དེ་ཁོ་ན་ཉིད་རྟོགས་པ་མ་ཡིན་པའི་ཕྱིར་རོ། །དེ་ནི་ཞལ་ལུང་ལས། ཆོས་སྐུ་རབ་དགའ་མཁའ་མཉམ་པ། །ཤི་དང་བརྒྱལ་དང་གཉིད་ལོག་དང༌། །གླལ་དང་འཁྲིག་ 3-2-264b དུས་སྐད་ཅིག་ཙམ། །མྱོང་བར་འགྱུར་བས། ཞེས་ཤི་བ་ལ་སོགས་པ་གནས་སྐབས་ལྔར་ཆོས་སྐུ་མྱོང་བར་གསུངས་པ་དེ་ཡིན་ཏེ། རྟོག་པ་རགས་པ་ཞི་བ་ལ་དེ་ཉིད་རྟོགས་ཞེས་བཏགས་པ་ཙམ་ཡིན་གྱི་དེ་ཁོ་ན་ཉིད་རྟོགས་པ་མིན་ཏེ་དེ་ལྟ་མ་ཡིན་ན་སེམས་ཅན་ཐམས་ཅད་འབད་ མེད་དུ་གྲོལ་བར་འགྱུར་བའི་ཕྱིར་རོ། །དེས་ན་སློབ་མ་དེ་ཁོ་ན་ཉིད་རྟོགས་པའི་ལྟ་བ་དང་ལྡན་པ་ལ་བླ་མས་དབང་གསུམ་པའི་ཡེ་ཤེས་སྐབས་གང་དུ་སྐྱེ་བ་བརྡ་སྤྲད་ནས་དབང་བསྐུར་བའི་ཚེ་རིག་མ་ལ་བརྟེན་ནས་བྱང་ཆུབ་ཀྱི་སེམས་ནོར་བུར་བཟུངས་པའི་གཉིས་སྣང་གི་རྟོག་པ་ རགས་པ་རྣམས་ལོག་པ་ན་ལྟ་བ་དྲན་པར་བྱས་ནས་ལྟ་ཐོག་ཏུ་བཞག་པའི་ཡེ་ཤེས་དེ་ལ་ལྷན་ཅིག་སྐྱེས་པ་ཞེས་བྱ་ཡི། ལུས་དང་སེམས་ཀྱི་ཚོར་བ་བདེ་བ་ཙམ་བྱུང་བ་དང༌། དེའི་མཐུས་སེམས་མི་རྟོག་པར་གནས་པ་ཙམ་མིན་ནོ། །འོན་ཀྱང་ཡིན་ལུགས་ཀྱིས་ལྟ་བ་ ལེགས་པར་མ་གོ་བ་རྣམས་ལ་བདེ་བ་དང་བཅས་པའི་མི་རྟོག་པ་སྐྱེས་པ་ཡང་དབང་གསུམ་པར་ངོ་སྤྲད་དགོས་སོ། །དེས་ན་ལྟ་ཐོག་ཏུ་བཞག་པའི་དབང་གསུམ་པའི་ལྷན་སྐྱེས་ཀྱིས་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་སམ་སྙམ་པའི་ལོག་རྟོག་སྐྱེ་སའང་ཆེ་བ་ཡིན་ཏེ་དེའི་ ཚེ་དེ་ཁོ་ན་ཉིད་རྟོགས་པ་རྟོག་བྲལ་དུ་འདོད་དགོས་སྙམ་ནས་རྟོག་པ་དང་བྲལ་བའི་ཤེས་པ་ས་རང་གི་ཡུལ་མངོན་སུམ་དུ་ཅིའི་ཕྱིར་མི་མཐོང་སྙམ་པ་སྐྱེ་བ་ཡིན་ལ། ལྟ་བ་མ་གོ་ན་བདག་མེད་ཀྱི་དོན་ལ་བློ་ཁ་མ་ཕྱོགས་པས་ཡེ་ཤེས་དེ་བདག་མེད་མངོན་སུམ་དུ་མཐོང་ བའི་དོན་གྱི་ཡེ་ཤེས་སུ་འདོད་པའི་ལོག་རྟོག་སྐྱེ་བའི་གཞི་ཆུང་བ་ཡིན་ནོ། །སྙེ་མ་ལྔ་པ་ལས་ཀྱང༌། དེ་ཅི་འདི་མཐོང་བའི་ལམ་ཡིན་ནམ་ཞེ་ན། དེ་ལྟ་མ་ཡིན་ཏེ། ཞེས་རྒྱ་གར་བའི་རྟོགས་ལྡན་སྔགས་ལ་འདྲེས་པ་འགའ་ཞིག་གིས་དབང་གསུམ་པའི་ལྷན་སྐྱེས་མཐོང་ལམ་ 3-2-265a དུ་འདོད་པ་བཀག་པ་ཡིན་ནོ། །དེས་ན་དཔེ་དོན་གྱི་ཡེ་ཤེས་ནི། སྐབས་འདིར་བདག་མེད་མངོན་སུམ་སུ་རྟོགས་པ་དང་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་ཁྱད་དོ། །དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པའི་སྐབས་སུ་བཅོས་མིན་གྱི་ལྷན་སྐྱེས་དང་ མངོན་སུམ་དུ་མ་རྟོགས་པའི་སྐབས་སུ་དེ་ཁོ་ན་ཉིད་ལ་མོས་པ་ཡིད་བྱེད་ཀྱིས་འཇུག་པས་བཅོས་མའི་ལྷན་སྐྱེས་དབང་གསུམ་པའི་སྐབས་ཉིད་དུ་གསུངས་ཏེ། སྙེ་མ་ལྔ་པ་ལས། བདེ་བ་རེས་འགའ་ཉམས་སུ་མྱོང་བའི་གནས་སྐབས་སུ་དེ་ཁོ་ན་ཉིད་མ་མཐོང་ བས་ལྷག་པར་མོས་པས་སྙིང་རྗེ་ཆེན་པོ་དང་དབྱེར་མེད་པའི་རང་བཞིན་སྟོང་པ་ཉིད་ཀྱི་བདག་ཉིད་རྣམ་པ་ཐམས་ཅད་མཆོག་དང་ལྡན་པར་སྒོམ་བཞིན་པ་ནི། དེ་ཁོ་ན་ཉིད་རྟོགས་པའི་གནས་སྐབས་ན་འཇིག་རྟེན་ལས་འདས་པ་ནི་རྩོལ་བ་མེད་པ་ཉིད་ཀྱིས་མ་ བཅོས་པ་ཉིད་ཀྱིས་ན་ལྷན་ཅིག་སྐྱེས་པར་བརྗོད་དོ། །དེ་ཁོ་ན་ཉིད་མ་རྟོགས་པའི་གནས་སྐབས་སུ་ཉམས་སུ་མྱོང་བ་ཟག་པ་དང་བཅས་པ་མི་བརྟན་པ་མ་རྒྱས་པ་ཡན་ལག་མཐའ་དག་མ་ཡིན་པ་གློག་འགྱུ་བ་བཞིན་དུ་སྐད་ཅིག་ཙམ་པ་འཇིག་ རྟེན་པ་ཀུན་རྫོབ་པ་སྟེ་རྩོལ་བ་དང་བཅས་པ་ཉིད་ཀྱིས་ན་བཅོས་མ་ཉིད་ནའང་ལྷན་ཅིག་སྐྱེས་པར་བརྗོད་དོ། །ཞེས་སོ། །དབང་གསུམ་པའི་ཡེ་ཤེས་འདི་ལ་སྟོང་ཉིད་རྟོགས་པའི་ཆ་གཅིག་དང་བདེ་བའི་ཆ་གཅིག་སྟེ་གཉིས་ཡོང་པས་སྔ་མ་ལ་ རྡོ་རྗེ་འཆང་གི་དབུགས་དབྱུང་བ་དང་ཕྱི་མ་ལ་མི་བསྐྱོད་པའི་དབུགས་དབྱུང་བ་ཞེས་ཀྱང་གསུངས་ཏེ་དེ་ཉིད་ལས། དེ་ཁོ་ན་དབུགས་དབྱུང་བ་རྣམ་པ་གཉིས་སུ་སྨྲས་པ་སྟེ། བདེ་བ་ཆེན་པོའི་ཡེ་ཤེས་དང་སྟོང་པ་ཉིད་དག་དེའི་བདག་ཉིད་ཀྱི་ཕྱིར་ཕན་ 3-2-265b ཚུན་རྒྱས་བཏབ་པ་དག་མི་བསྐྱོད་པ་དང་རྡོ་རྗེ་འཛིན་པའི་ངོ་བོ་ཉིད་ཀྱི་ཕྱིར་དེ་བཞིན་གཤེགས་པ་དང༌། རྡོ་རྗེ་འཛིན་པར་གདོན་མི་ཟ་བར་འབྱུང་བར་འགྱུར་རོ་ཞེས་པ་དེའི་ལམ་ཐོབ་པའི་ཕྱིར་ཞེས་དེ་བཞིན་གཤེགས་པའི་དབུགས་དབྱུང་བ་དང་རྡོ་རྗེ་འཛིན་ པའི་དབུགས་དབྱུང་བ་སྐྱེད་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །ཇི་སྐད་དུ་གསུངས་པ། ཐབས་དང་ཐབས་བྱུང་དབྱེ་བ་ཡིས། །བཞི་པའི་དོན་ནི་རྣམ་གཉིས་འདོད། །གཅིག་ནི་དེ་བཞིན་གཤེགས་དངོས་གྲུབ། །གཞན་ནི་རྡོ་རྗེ་འཛིན་པར་འདོད། །ཅེས་གསུངས་ཏེ། བཞི་པ་ནི་དགའ་བ་བཞི་པ་ལྷན་སྐྱེས་སོ། །མདོར་ན་བླ་མས་གཏད་པའི་རིག་མ་མཚན་ཉིད་དང་ལྡན་པ་དང་རང་ཉིད་ལྷ་ཡབ་ཡུམ་དུ་བསྐྱེད་དེ་རྡོ་རྗེ་དང་པདྨ་འདུ་བྱ་བ་སྔོན་དུ་འགྲོ་བས་ཤེས་རབ་ཡེ་ཤེས་སྐྱེ་བའི་མཚམས་རིག་ནས་སྐབས་དེར་ལྟ་བའི་སྟེང་ དུ་བཞག་པའི་བདེ་བ་དང་བཅས་པའི་ཡེ་ཤེས་ལ་དབང་གསུམ་པར་ངོ་སྤྲོད་དགོས་པས། ཡེ་ཤེས་ཀྱི་ཕྱག་རྒྱ་ཙམ་ལ་བརྟེན་ནས་དབང་བསྐུར་བ་ལ་ཡང༌། རང་དང་རིག་མ་འདོད་ལྷ་ཡབ་ཡུམ་དུ་གསལ་གདབ་ལ་ང་རྒྱལ་བརྟན་པོར་གཟུང་བ་སོགས་བྱས་ཏེ་ ཡབ་ཡུམ་སྙོམས་པར་ཞུགས་པ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ནོར་བུའི་ནང་དུ་ཕྱིན་པར་མོས་ནས་དེ་ལས་བདེ་བ་བསྐྱེད། དེ་ནས་ལྟ་བའི་དོན་དྲན་པར་བྱས་ལ་དེའི་སྟེང་དུ་འཇོག་ཏུ་བཅུག་ནས་ངོ་འཕྲོད་ངེས་སུ་བྱས་ལ་དབང་བསྐུར་རོ། །དེ་ལྟར་དབང་གི་ དུས་སུ་ངོ་སྤྲད་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ཉིད་གོམས་པས་འབྲས་བུའི་ལྷན་སྐྱེས་སྐྱེ་བས་ན་དབང་གི་དུས་སུ་དེ་ཁོ་ན་ཉིད་ཀྱི་དོན་ལ་ཞུགས་པའི་ལྷན་སྐྱེས་དགོས་ཏེ། སྙེ་མ་ལྔ་པ་ལས། དེ་ལྟར་ལྷན་ཅིག་སྐྱེས་པ་ལས་བྱུང་བའི་དེ་ཁོ་ན་ཉིད་བྱང་ཆུབ་ 3-2-266a ཀྱི་སེམས་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའོ། །དེ་ཅི་འདི་ཤེས་རབ་ཀྱི་ཡེ་ཤེས་ལས་གཞན་པ་ཁོ་ནའམ་ཞེ་ན་གཞན་མ་ཡིན་ཏེ། དེ་ཁོ་ནའི་འདི་མི་མཐུན་པའི་ཕྱོགས་བསལ་བ་དེ་ནི་རྣམ་པ་འདི་ལྟ་བུའོ་ཞེས་རང་གི་ངོ་བོ་རབ་ ཏུ་གསལ་བའོ། །ཞེས་དབང་གསུམ་པའི་དུས་སུ་རྒྱུད་ལ་བསྐྱེད་པའི་ལྷན་སྐྱེས་དེ་ཁོ་ན་གོམས་པའི་མཐུས་དྲི་མ་དང་བྲལ་བ་ན་འབྲས་བུའི་ལྷན་སྐྱེས་ཀྱི་ངོ་བོར་གསལ་བར་གསུངས་ཤིང་མུ་ཏིག་ཕྲེང་བ་ལས་ཀྱང༌། འོན་ཀྱང་དེ་བཞིན་གཤེགས་པ་རྣམས་ ཁོ་ནའི་སོ་སོ་རང་གིས་རིག་པ་ཆོས་ཀྱི་སྐུའི་ལྷན་ཅིག་སྐྱེས་པ་ནམ་མཁའ་དང་མཉམ་པ་དང་། དེའི་རྒྱུ་མཐུན་པར་གྱུར་པའི་ལོངས་སྤྱོད་རྫོགས་པའི་སྐུའི་ལྷན་ཅིག་སྐྱེས་པ་མཆོག་ཏུ་ཁྱད་པར་དུ་འཕགས་པ་ཤིན་ཏུ་རྣམ་པར་དག་པ་བརྟན་ཅིང་བདེ་བའི་མཚན་ ཉིད་ཅན་གྱི་ལྷན་ཅིག་སྐྱེས་པའི་དགའ་བ་གང་ཡིན་པ་དེ་ནི་འདིར་བསྒྲུབ་པར་བྱ་བ་ཡིན་ནོ། །དེ་ཡང་རྣམ་པ་གཞན་མེད་པའི་ཕྱིར་འཇིག་རྟེན་པའི་ལྷན་ཅིག་སྐྱེས་པའི་དགའ་བ་དེ་ཉིད་ལ་མན་ངག་ཇི་ལྟ་བ་བཞིན་དུ་མོས་པས་སྒོམ་པ་ན་སྒོམ་པ་ཡོངས་ སུ་རྫོགས་པ་ལས་མངོན་སུམ་དུ་འགྱུར་ཞིང་རང་ཉིད་ཀྱིས་ཤེས་པར་འགྱུར་གྱི་སྔར་ནི་མ་ཡིན་ནོ། །ཞེས་དང༌། དེ་དག་ལས་ལྷན་ཅིག་སྐྱེས་པའི་དགའ་བ་ཉིད་ནི། གཞན་ཡིན་པར་ཡོངས་སུ་ཤེས་པར་འགྱུར་ཏེ་འབྲས་བུའི་རང་བཞིན་དུ་གྱུར་པར་ལྷན་ཅིག་ སྐྱེས་པའི་ཕྱིར་རོ། །ཞེས་གསུངས་ཏེ་བྱང་ཆུབ་ཀྱི་རང་བཞིན་ལ་དེའི་རྣམ་པ་ཅན་དུ་རྗེས་སུ་ཞུགས་པས་ན་འབྲས་བུའི་རང་བཞིན་དུ་སྐྱེས་པ་ཞེས་བཤད་དེ་འདི་རྣམས་རིག་མ་ལ་བརྟེན་ནས་དགའ་བཞི་སྐྱེ་ཚུལ་བརྗོད་པའི་སྐབས་སུ་གསུངས་སོ། །འདིར་ 3-2-266b ཁྱད་པར་གྱི་གཞི་སློབ་མ་དང་ལས་ཀྱི་ཕྱག་རྒྱ་གཉིས་ལྷ་ཡབ་ཡུམ་དུ་གསལ་བའི་ངང་ནས་སྙོམས་པར་ཞུགས་པས་ལྷན་ཅིག་སྐྱེས་དགའ་སྐྱེ་བའི་ཚེ་ལྟ་བའི་སྟེང་དུ་བཞག་པ་ལ་ངོ་སྤྲད་པ་འདིས། རྣལ་འབྱོར་པ་དང་ལས་རྒྱ་འམ་རྣལ་ འབྱོར་པ་དང་ཡེ་རྒྱ་འམ་རྣལ་འབྱོར་པ་དང་སྟོང་གཟུགས་ཀྱི་རིག་མ་གཉིས་ལྷ་ཡབ་ཡུམ་དུ་གསལ་བའི་ངང་ནས་སྙོམས་པར་ཞུགས་པས་ལྷན་སྐྱེས་ཀྱི་ཡེ་ཤེས་སྐྱེད་པ་རྣམས་ཀྱང་གོ་བར་བྱ་སྟེ། སྤྱིར་ལྷ་ཡབ་ཡུམ་དུ་སྣང་བ་མཉམ་པར་སྦྱར་བ་ལས་བྱུང་བའི་བདེ་སྟོང་ལ་ངེས་པ་རྙེད་པའི་ ཕྱིར་རོ། །དཔེར་ན་དཀར་ཟལ་གྱི་སྟེང་དུ་བ་ལང་གི་མཚན་ཉིད་ངེས་པ་ན་དེའི་རིགས་ཅན་ཐམས་ཅད་ལ་དོགས་པ་ཆོད་པ་བཞིན་ནོ། །དེ་འདྲ་བའི་རིག་མ་ལ་བརྟེན་ནས་ལྷན་སྐྱེས་སྐྱེ་བ་ཡང་དེ་དག་འདུས་པའི་བྱེད་པ་ལ་བརྟེན་ནས་ལྟེ་འོག་གི་ལས་རླུང་གཞུའི་དབྱིབས་ ཅན་གྱིས་ལྟེ་བའི་གཏུམ་མོ་སྦར་བའི་མཐུས་སྤྱི་བོའི་བྱང་སེམས་ཞུ་བ་རླུང་གིས་འཐུར་དུ་ཕུལ་བ་ནོར་བུར་གནས་པའི་དབང་གིས་ཡིན་པར་གསུངས་ཏེ་ཞལ་ལུང་ལས། སྡོམ་བརྩོན་གཞུ་དབྱིབས་གཡོ་བ་ཡིས། །སུམ་མདོ་ཡེ་ཤེས་མེ་སྦར་བས། །ཁམས་ཞུ་ནས་ ནི་བཅུ་དྲུག་ཆར། །གྱུར་པ་མེ་ཏོག་ཀུན་ད་འདྲ། །རླུང་གི་སྦྱོར་བས་ཕུལ་བར་བྱ། །རང་བཞིན་གྱིས་ནི་རབ་ཞི་བ། །ཆོས་སྐུ་ཞི་ན་དེ་ཁོ་ན། །བདེ་བ་དེ་ཉིད་ནོར་བུར་འདུག །སྐད་ཅིག་དྲན་མེད་གཡོ་བར་བྱེད། །སྒྲུབ་པ་ཆེན་པོ་དེ་ཉིད་དོ། །ཞེས་དབང་གསུམ་པའི་སྐབས་ སུ་གསུངས་སོ། །དེས་ན་རྩ་རླུང་ཐིག་ལེ་སོགས་ཀྱི་རྣལ་འབྱོར་དུ་མས་རླུང་དབུ་མར་བཅུག་ཅིང་དེའི་བྱེད་པས་གཏུམ་མོ་འབར་ནས་སྤྱི་བོའི་བྱང་སེམས་ཞུ་བ་ལས་ཏིང་ངེ་འཛིན་སྐྱེད་པའི་སྒོ་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་རྣམས་ཀྱང་དབང་འདིའི་གནད་ 3-2-267a ངོ་འཕྲོད་པའི་སྒོ་ནས་ལྷན་སྐྱེས་འཆར་བའི་དུས་སུ་ཡིན་ལུགས་ཀྱི་དོན་ཕུ་ཐག་ཆོད་པར་གོ་བའི་ལྟ་བ་དྲན་པར་བྱས་ནས་སྐྱོང་དགོས་ཀྱི་གཉིས་སྣང་གི་རྟོག་པ་རགས་པ་ཙམ་ལོག་པའི་ཏིང་ངེ་འཛིན་ལ་ལྷན་སྐྱེས་ཀྱི་དོན་སྒོམ་ པར་མི་གཟུང་ངོ༌། །གཉིས་པ་ནི། གལ་ཏེ་དབང་གསུམ་པའི་ལྷན་སྐྱེས་ཀྱིས་དེ་ཁོ་ན་ཉིད་ཀྱི་དོན་རྟོགས་ན་བརྟག་གཉིས་ལས། གང་ཕྱིར་འབྱུང་བ་ཆེ་བདེ་བ། །དེ་ཕྱིར་བདེ་བ་དེ་ཉིད་མིན། །ལྷན་ཅིག་སྐྱེས་པས་གང་སྐྱེས་པ། །ལྷན་ཅིག་སྐྱེས་པར་དེ་བརྗོད་བྱ། ། རང་བཞིན་ལྷན་ཅིག་སྐྱེས་ཞེས་བརྗོད། །ཅེས་འབྱུང་བ་ཆེན་པོ་ལ་བརྟེན་པའི་བདེ་བ་དེ་ཉིད་ཀྱི་ལྷན་སྐྱེས་མིན་པར་གསུངས་པ་དང༌། ཡེ་ཤེས་གྲུབ་པ་ལས་ཀྱང༌། དབང་པོ་གཉིས་བྱུང་བདེ་བ་ནི། །དེ་ཉིད་ཡིན་ཞེས་སྐྱེ་ངན་སྨྲའི། །དེ་ནི་བདེ་བ་ཆེ་ཡིན་ཞེས། ། རྒྱལ་བ་མཆོག་གིས་མ་གསུངས་ཏེ། །རྟེན་ཅིང་འབྲེལ་འབྱུང་ལས་སྐྱེས་པ། །གང་དུའང་དེ་ཉིད་ཅེས་མི་འགྱུར། །ཞེས་གསུངས་པ་དང་ཇི་ལྟར་མི་འགལ་སྙམ་ན། སྐྱོན་མེད་དུ་ལུང་དེ་དག་གིས་ནི། ལམ་དུས་ཀྱི་ལྷན་སྐྱེས་ཀྱི་ཡེ་ཤེས་དེ་རང་བཞིན་ནི་ རང་གི་ངོ་བོའི་ལྷན་སྐྱེས་ཀྱི་ཡེ་ཤེས་ཡིན་པ་འགོག་གི་དབང་གསུམ་པ་སོགས་ཀྱི་ལྷན་སྐྱེས་ཀྱིས་དེ་ཉིད་མ་རྟོགས་པའམ་དེ་ལ་ལྷན་སྐྱེས་ཀྱི་ཡེ་ཤེས་མེད་ཅེས་སྟོན་པ་མིན་ནོ། །དེ་ལྟར་ཡང་ཡེ་ཤེས་གྲུབ་པའི་ལུང་དེའི་མཇུག་ཉིད་ནས། གང་ཕྱིར་ བདེ་དེ་ཐམས་ཅད་དུ། །ངོ་བོ་ཉིད་ཀྱིས་ཡོད་མ་ཡིན། །བདེར་གཤེགས་ཀུན་གྱི་ཡེ་ཤེས་ནི། །རང་གི་ངོ་བོ་ཉིད་མཁྱེན་པའི། །བདེ་བ་ཀུན་གྱི་གཙོ་གྱུར་པས། །བདེ་བ་ཆེན་པོ་ཞེས་བཤད་དོ། །བདེ་ཆེན་མི་རྟག་མ་ཡིན་ཏེ། །བདེ་བ་ཆེན་པོ་རྟག་ཏུ་རྟག ། 3-2-267b ཅེས་དེ་ཁོ་ན་ཉིད་ཀྱི་བདེ་བ་མིན་ཞེས་འགོག་པའི་བདེ་བ་ནི་སངས་རྒྱས་ཀྱི་ས་ཉིད་ལ་གསུངས་པས་ལུང་དེ་ཁུངས་སུ་དྲངས་ནས་དེ་ཉིད་རྟོགས་པའི་བདེ་བ་འགོག་ན་ནི། སློབ་ལམ་ཐམས་ཅད་དུ་བདེ་བ་དེ་མེད་པར་འདོད་དགོས་པར་འགྱུར་རོ། །དེས་ན་དེ་ཉིད་ཡིན་ མིན་དཔྱོད་པའི་དེ་ཁོ་ན་ཉིད་ཀྱི་བདེ་བ་ཞེས་པ་དང་རང་གི་ངོ་བོའི་ལྷན་སྐྱེས་སམ་རང་བཞིན་ལྷན་སྐྱེས་ཞེས་པའི་དོན་ནི། འབད་རྩོལ་སོགས་ཀྱི་རྒྱུ་རྐྱེན་གཞན་ལ་ལྟོས་པ་མེད་པར་རང་གི་ངང་གིས་སྐད་ཅིག་མའི་རྒྱུན་འཁོར་བ་ཇི་སྲིད་པར་འཇུག་པ་ལ་བྱེད་ པ་ཡིན་ཏེ། རང་བཞིན་ལྷན་ཅིག་སྐྱེས་ཞེས་བརྗོད། །ཅེས་པའི་འགྲེལ་པ་མུ་ཏིག་ཕྲེང་བ་ལས། ལྷན་ཅིག་སྐྱེས་རང་ངོ་བོར་ཞེས་བྱ་བ་གསུངས་ཏེ་འདི་རང་ཉིད་འབྱུང་ཞིང་གཞན་ལ་ལྟོས་པ་མེད་པས་ཉེ་བར་ལེན་པའི་སེམས་ཀྱི་སྐད་ཅིག་མ་ཉིད་ལས་སྐད་ཅིག་མ་གཞན་དག་འབྱུང་ བ་དེ་ལྟར་ན་རང་གི་ངོ་བོ་ཅན་འདི་འདྲ་བ་གང་ཡིན་པ་དེ་ནི་ལྷན་ཅིག་སྐྱེས་པ་སྟེ། གོང་ནས་གོང་དུ་སེམས་ཀྱི་སྐད་ཅིག་མ་དང་ལྷན་ཅིག་ནམ་མཁའ་ཇི་སྲིད་པར་སྐྱེ་བའི་ཕྱིར་རོ། །ཞེས་པ་དང༌། ལྷན་ཅིག་སྐྱེས་པ་ནི། རྣམ་པ་གཉིས་ཏེ་རེས་འགའ་བ་དང་རྟག་པའོ། །རྟག་པ་གང་ ཡིན་པ་དེ་ནི། མཆོག་ཉིད་ཡིན་ཏེ་དེ་ཉིད་མཆོག་དང་དེ་ཁོ་ན་ཉིད་དང་ཟད་པ་མེད་པ་དང་འཇིག་པ་མེད་པ་ཉིད་ཀྱི་ཕྱིར་རོ། །ཞེས་གསུངས་ཏེ་རྒྱུན་མི་འཆད་པ་དང་ཟད་པ་མེད་པ་ལ་རྟག་པ་ཞེས་བྱའི་སྐད་ཅིག་དང་པོར་གནས་པའི་དོན་དེ་ཉིད་སྐད་ཅིག་གཉིས་པར་ཡང་ གནས་པའི་རྟག་པ་འདོད་པ་ནི་མུ་སྟེགས་བྱེད་ཀྱི་ལྟ་བ་ངན་པའི་དབང་དུ་སོང་བའོ། །འབྱུང་བ་ནི། སྐྱེ་བའི་དོན་ཡིན་ལ་དེ་ཡང་རྒྱུ་རྐྱེན་ཚོགས་ནས་བྱས་པས་མི་རྟག་པའོ། །ཆེན་པོ་ནི། ཤིན་ཏུ་བའི་དོན་ཡིན་པས་བསྡུ་ན་ཤིན་ཏུ་འབད་པས་བསྒྲུབ་པར་བྱ་བའི་མི་རྟག་ 3-2-268a པའི་བདེ་བ་ལ་མུ་ཏིག་ཕྲེང་བར་བཤད་ལ་མན་ངག་སྙེ་མ་ལས་ཀྱང་འབྱུང་བ་ཆེན་པོའི་བདེ་བ་དེ་ཉིད་མིན་ཞེས་པའི་དོན་དུས་ཐམས་ཅད་དུ་རྟག་ཏུ་འབྱུང་བའི་ལྷན་སྐྱེས་མིན་པ་ལ་བཤད་དོ། །དབང་གསུམ་པ་བདེ་སྟོང་དབྱེར་ མེད་ཀྱི་ལྷན་སྐྱེས་ཡིན་ན་དབང་བཞི་པ་དང་ཁྱད་མེད་དུ་འགྱུར་རོ་སྙམ་པ་ནི། དབང་བཞི་པ་ངོས་མ་ཟིན་པའི་གཏམ་ཡིན་ཏེ་འཆད་པར་འགྱུར་རོ། །རབ་བྱུང་ལ་དབང་གསུམ་པ་ཚིག་གིས་སྦྱིན་པར་དུས་འཁོར་རྩ་འགྲེལ་ལས་གསུངས་པས་ཡེ་ཤེས་ ཀྱི་ཕྱག་རྒྱ་གཏད་ནས་ཀྱང་དབང་སྐུར་བ་རུང་ལ། ཕྲེང་བ་ལས་རབ་བྱུང་གི་རྟེན་ཁྱད་པར་ཅན་ལ་དགག་བྱ་མེན་ན་དངོས་དབང་རུང་བ་དང་དེ་ལའང་དགག་བྱ་ཡོད་པའི་སྐབས་དང་རབ་བྱུང་གི་རྟེན་ཁྱད་པར་ཅན་མིན་པ་ལ་ཡེ་ཤེས་ཀྱི་ཕྱག་རྒྱས་དབང་ སྐུར་བ་དང༌། དེའི་རིགས་པ་རབ་བྱུང་གིས་གསང་དབང་སྐུར་བའི་སློབ་དཔོན་ལ་ཡང་སྦྱར་བར་བཤད་དོ། །དེ་ལྟར་དབང་གསུམ་པ་སྐུར་བའི་ཚེ་ནུས་པ་ཇི་ལྟར་ཡོད་པ་བཞིན་དུ་བྱང་ཆུབ་ཀྱི་སེམས་གཟུང་ངོ༌། །གཟུང་བར་མ་ནུས་ན་དལ་བུས་བཏང་ སྟེ་ཆུ་སྐྱེས་ལས་ལྕེ་ཉིད་ཀྱིས་བླངས་ཏེ་དེ་ཁོ་ན་ཉིད་ཀྱི་ལྟ་བས་དམ་ཚིག་གི་ངོ་བོ་བྱང་ཆུབ་ཀྱི་སེམས་བཏུང་བར་བྱའོ། །དབང་འདི་དཀྱིལ་འཁོར་གང་དུ་ཐོབ་ན་སྦྱོར་བ་བདུན་པ་ལས། བྷ་ག་རྣམ་དག་ཞེས་བྱ་བའི། །དཀྱིལ་འཁོར་དུ་ནི་དེ་ཉིད་ཐོབ། །ཅེས་ གསུངས་པ་ལྟར་བྷ་གའི་དཀྱིལ་འཁོར་དུའོ། །རང་བཞིན་ནི་དེ་ཉིད་ལས། དེ་ཡི་རང་གི་ངོ་བོ་ནི། ཐུགས་ཀྱི་རྡོ་རྗེའི་རང་བཞིན་ནོ། །ཞེས་གསུངས་ལ་ཉིན་མོ་འབྱུང་གནས་ཀྱིས་ཆོས་སྐུའི་རང་བཞིན་དུ་ཡང་བཤད་དེ། དེ་ཐོབ་པའི་ནུས་པ་ཁྱད་པར་བ་ཐོབ་ 3-2-268b པ་ལ་བསམས་སོ། །དག་བྱ་ནི། སྦྱོར་བ་བདུན་པ་ལས། བརྣབ་སེམས་ལ་སོགས་སྔ་ཕྱི་ཡི། །དག་དང་ཉེས་པར་མི་འགྱུར་རོ། །ཞེས་པ་ལྟར་རོ། །དམ་ཚིག་ནི། དེ་ཉིད་ལས། དཀྱིལ་འཁོར་བྲི་བ་ལ་སོགས་འགོག །སྡོམ་པ་མཆོག་ནི་སྦྱིན་པའོ། །ཞེས་གསུངས་པ་ ལྟར་རོ། །དཱ་རི་ཀ་པས། བུད་མེད་མཐོང་ན་གཡོན་ནས་ལན་གསུམ་དུ་བསྐོར་ཏེ་གསོལ་བ་འདེབས་པ་སོགས་དམ་ཚིག་ཏུ་བཤད་དོ། །ལམ་གང་སྒོམ་པ་ལ་དབང་བ་ཡང་དེ་ཉིད་ལས། ཐབས་ཀྱི་ཁྱད་པར་ཆེ་བའི་ཕྱིར། །རྡོ་རྗེ་ལྟ་བུར་ཡང་དག་གནས། །མཆོག་གི་དངོས་ གྲུབ་བསྒྲུབ་པའི་ཕྱིར། །བརྟུལ་ཞུགས་ཆོ་ག་རིམ་པ་བསྟན། །གཟུང་དང་འཛིན་པའི་ངོ་བོ་ཡིས། །ཆོས་ཀུན་དབེན་པར་རྟོགས་པའོ། །ཞེས་གཟུང་འཛིན་གྱིས་སྟོང་བའི་འོད་གསལ་མིང་གཉིས་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དུ་གསུངས་པ་དེ་ལའོ། །འདུས་པའི་རྒྱུད་ ཕྱི་མའི་འགྲེལ་པ་ལས་སློབ་མས་ཕྱིའི་མངོན་བྱང་དང་ནང་གི་མངོན་པར་བྱང་ཆུབ་པའི་རིམ་གྱིས་འདོད་ཆགས་དང་ཆགས་བྲལ་དང་འདོད་ཆགས་བར་མའི་རིམ་གྱིས་འོད་གསལ་བའི་ཡེ་ཤེས་མངོན་དུ་བྱས་ལ་ཕྱག་རྒྱ་ཆེན་པོ་བསྒྲུབ་པར་བྱ་བས་ནི་ཤེས་རབ་ཡེ་ ཤེས་ཀྱི་དབང་ཐོབ་པར་བྱའོ། །ཞེས་དབང་འདིའི་སྐབས་སུ་བཞི་པ་འོད་གསལ་མཚོན་ནས་ཕྱག་ཆེན་སྒྲུབ་པར་གསུངས་སོ། །ཤེས་རབ་ཡེ་ཤེས་ཀྱི་དབང་གི་སྡོམ་ནི། ཡོན་དབུལ་གསོལ་གདབ་རིག་མ་གཏད། །ལྷར་བསྐྱེད་གསང་གནས་བྱིན་གྱིས་བརླབ། ། སྙོམས་པར་ཞུགས་ནས་ལྷན་སྐྱེས་བསྐྱེད། །བྱང་སེམས་བཏུང་ཞིང་དབང་དོན་བཤད། །ཅེས་པའོ། །བཞི་པ་ལ་གཉིས། རྒྱུད་གཞན་རྣམས་ཀྱི་ལུགས་དང༌། དུས་འཁོར་པའི་ལུགས་སོ། །དང་པོ་ལ་གཉིས། དབང་བཞི་པ་ངོས་གཟུང་བ་དང༌། དེ་དབང་བཞི་པའི་ 3-2-269a ཚིག་གིས་ཇི་ལྟར་བསྟན་པའི་ཚུལ་ལོ། །དང་པོ་ནི། ཕྲེང་བར་གསོལ་གདབ་མ་བཤད་ཀྱང་དཱ་རི་ཀ་པས། ཁྱོད་ཞབས་པདྨའི་བཀའ་དྲིན་གྱིས། །གཙོ་བོ་དབང་བསྐུར་རྣམ་གསུམ་ཐོབ། །དེ་རིང་རིན་ཆེན་བཞི་པ་ཡང༌། །བཀའ་ དྲིན་གྱིས་ནི་བསྐྱབ་ཏུ་གསོལ། །ཞེས་པས་ལན་གསུམ་གསོལ་བ་གདབ་པར་བཤད་པ་ལྟར་བྱའོ། །ཁ་སྦྱོར་ལས། ཟབ་ཅིང་རྒྱ་ཆེ་ལ་མོས་ན། ཚིག་གིས་རིན་ཆེན་དབང་བསྐུར་བྱ། །ཞེས་སློབ་མ་ཟབ་ཅིང་རྒྱ་ཆེ་བ་ལ་མོས་མི་མོས་བརྟགས་ལ་མོས་ན་དབང་ བཞི་པ་ཚིག་གིས་སྦྱིན་པར་གསུངས་ལ་ལྟར་སྦྱིན་ནོ། །བསམ་པ་ཞེས་ཚུལ་ནི། དུ་བ་ལས་ནི་མེར་ཤེས་ཤིང༌། །ཆུ་སྐྱར་ལས་ནི་ཆུར་ཤེས་བྱ། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་མཚན་མ་དག་ལས་ཤེས། །བཞིན་གྱི་པདྨ་རབ་དང་ཞིང༌། ། དགའ་བས་བ་སྤུ་ལངས་པ་ནི། །མཐོང་ནས་མཁས་པ་དེ་ཉིད་ཀྱིས། །སློབ་མ་དམ་པ་རྗེས་སུ་འཛིན། །ཞེས་པ་དྲངས་ནས་ཐབས་དེས་བྱེད་པར་ལྭ་བ་པས་བཤད་དོ། །དེ་ནས་སྦྱིན་པར་བྱའོ་ཞེས་དྲང་ངོ༌། །གང་ན་དབང་བཞི་པའོ། །གང་གིས་ན་ཚིག་ཁོ་ ནས་ཞེས་གསུངས་པའི་རྣམ་བཅད་ནི། དབང་གསུམ་པ་ལྟར་དོན་ཉམས་སུ་མྱུང་བ་འདི་ལ་མེད་པས་སོ། །ཚིག་གིས་སྟེར་ལུགས་ནི། ཤེས་རབ་ཡེ་ཤེས་དེ་ཉིད་མྱུ་གུར་གྱུར་པའི་བྱང་ཆུབ་ཀྱི་སེམས་བསྒོམས་པས་རབ་ཏུ་འཕེལ་བཞིན་པ་སྒྲིབ་པ་མེད་པ་ཉིད་ དུ་གྱུར་པའི་དེ་ཁོ་ན་ཉིད་ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པ་ཉིད་ཀྱི་རང་བཞིན་ཡན་ལག་བདུན་དང་ལྡན་པའི་ཕྱག་རྒྱ་ཆེན་པོ་ཉིད་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་ཅན་དབང་བཞི་པ་བརྗོད་པར་བྱའོ། །ཞེས་གསུངས་པ་ལྟར་རོ། །དེའི་དོན་ནི་དབང་ 3-2-269b གསུམ་པའི་སྐབས་སུ་ངོ་སྤྲད་པའི་དཔེའི་ལྷན་སྐྱེས་དེ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་མྱུ་གུ་ལྟ་བུ་ཡིན་ལ་དེ་གོམས་པར་བྱས་པས་གོང་ནས་གོང་དུ་ཇེ་འཕེལ་དུ་སོང་ནས་སྒྲིབ་པ་ཐམས་ཅད་ཟད་པ་ཉིད་དུ་གྱུར་པའི་བསམ་གྱིས་མི་ཁྱབ་ པའི་དེ་ཁོ་ན་ཉིད་ཀྱི་རང་བཞིན་ཏེ། མདོར་ན་རིག་མ་ལས་དོན་གྱི་ལྷན་སྐྱེས་མཚོན་པའི་དཔེའི་ཡེ་ཤེས་ཐོབ་པ་དེའི་རྒྱུན་བསྐྱངས་པས་མཐར་སྒྲིབ་པ་ཟད་དེ། དབྱིངས་རིག་དབྱེར་མེད་དུ་ཞུགས་པའི་ཡེ་ཤེས་ཡན་ལག་བདུན་ལྡན་གྱི་ལྷ་སྐུ་ ཕྱག་རྒྱ་ཆེན་པོར་ཤར་བ་དེ་ཉིད་དབང་བཞི་པ་ཡིན་ནོ་ཞེས་བརྗོད་པར་བྱའོ། །དབང་བཞི་པའི་ངོས་འཛིན་འདིར་མཛད་པ་བཞིན་དུ་རཏྣ་རཀྵི་ཏ་དང་བི་བྷཱུ་ཏཱིས་ཀྱང་བཤད་ལ། ལྭ་བ་པ་ཡང་བཞེད་དེ། དེའི་དཀྱིལ་ཆོག་ལས། དབང་བསྐུར་བ་ བཞི་པ་བླ་མའི་ཞལ་ལས་ཤེས་པར་བྱ་བ་ནི། འདི་སྐད་དུ། དེ་ཉིད་མ་ལུས་པའི་དོན་ཕུན་སུམ་ཚོགས་པར་བྱེད་པ་རྟོག་པའི་རྙོག་པ་དང་བྲལ་བ་ཉིད་ཀྱིས་བླ་ན་མེད་པར་ཡང་དག་པར་རིག་པ་དང་ཐ་མི་དད་པ། ཐུབ་པའི་ཚོགས་དཔག་ཏུ་མེད་པའི་ འོད་ཟེར་འཕྲོ་བའི་དཀྱིལ་འཁོར་གྱི་བདག་ཉིད་ཡིད་བཞིན་གྱི་ནོར་བུ་ལྟ་བུ་བསྟན་པའི་ངོ་བོ་ཉིད་ཀྱི་ཚིག་གིས་སྦྱིན་པར་བྱའོ། །ཞེས་གསུངས་པ་གང་ཡིན་པ་སྟེ། ཞེས་ལུང་དྲངས་ནས་ངོས་བཟུང་ངོ༌། །དེ་ལ་དེ་ཉིད་ཅེས་པ་ནི་ཕྲེང་བ་ལས་ཤེས་ རབ་ཡེ་ཤེས་དེ་ཉིད་ཅེས་གསུངས་པའི་དོན་ཡིན་ལ་རྙོག་པ་དང་བྲལ་བ་ཉིད་ཀྱིས་བླ་ན་མེད་པ་ཡང་དག་པར་རིག་པ་དང་ཐ་མི་དད་པ་ནི། གློ་བུར་དྲི་བྲལ་གྱི་དེ་ཁོ་ན་ཉིད་ཀྱི་དོན་དང་ཐ་མི་དད་པར་ཞུགས་པའི་ཇི་ལྟ་བ་མཁྱེན་པའོ། །ཐུབ་པའི་ཚོགས་ 3-2-270a དཔག་ཏུ་མེད་པ་འཕྲོ་བའི་དཀྱིལ་འཁོར་ནི་གཟུགས་ཀྱི་སྐུའོ། །དཔལ་འཛིན་གྱིས་ཀྱང་དམར་ནག་གི་དཀྱིལ་ཆོག་ཏུ་དེ་ཇི་ལྟ་བ་བཞིན་དུ་བཤད་དོ། །ཡན་ལག་བདུན་ནི། ངག་དབང་གྲགས་པས། ལོངས་སྤྱོད་རྫོགས་དང་ཁ་ སྦྱོར་བདེ་ཆེན་རང་བཞིན་མེད། །སྙིང་རྗེས་ཡོངས་གང་རྒྱུན་མི་འཆད་དང་འགོག་པ་མེད། །ཡན་ལག་བདུན་བཤད་དོན་དང་ལྡན་པ་བསྒྲུབ་བྱ་འདིར། །བདག་འདོད་ཚད་མས་ཡོངས་བསྒོམས་བློ་ཅན་གྱིས་ཀྱང་བསྔགས། །ཞེས་གསུངས་སོ། །དེ་ ལ་ལོངས་སྤྱོད་རྫོགས་པ་ནི་མཚན་དཔེས་སྤྲས་པའི་སྐུའོ། །དེས་ནི་ཆོས་སྐུ་དང་སྤྲུལ་པའི་སྐུ་ཡང་བཟུང་བ་ཡིན་ཏེ་སྐུ་གསུམ་ལ་ཐ་དད་པ་ཉིད་མི་མངའ་བས་སོ། །ཁ་སྦྱོར་ནི། དེ་ཉིད་དང་མཚུངས་པའི་ལྷ་མོ་དང་སྙོམས་པར་ཞུགས་པ་ཡིན་ཏེ་ལོངས་ སྐུ་ཙམ་ཞིག་ནི། ཕར་ཕྱིན་ལས་ཀྱང་གསུངས་པས་དེ་ལས་ཁྱད་པར་དུ་བྱ་བའི་དོན་དུའོ། །འོ་ན་དེ་ཅི་དགོས་ཏེ་ལུས་ཐམས་ཅད་ལ་ཁྱབ་པར་བྱེད་པའི་དགའ་བའི་ངོ་བོ་ཙམ་གྱིས་སེམས་ཅན་གྱི་དོན་ཐམས་ཅད་ འགྲུབ་པའི་ཕྱིར་རོ་ཞེ་ན། འདོད་ཁམས་ཀྱི་སེམས་ཅན་ལྷག་པར་ཆགས་པས་སྤྱོད་པ་རྣམས་རྗེས་སུ་གཟུང་བའི་ཕྱིར་དུ་རྒྱལ་བས་སྙོམས་པར་འཇུག་པ་བསྟན་ཏོ། །སྒྱུ་མ་མཁན་གྱིས་སྤྲུལ་པའི་སྐྱེས་པ་དང་བུད་མེད་ཀྱི་ཁ་སྦྱོར་ལས་བདེ་བ་ཆེན་པོར་ མི་འགྱུར་ལ་འདི་ལས་འགྱུར་བའི་ཕྱིར་བདེ་ཆེན་ཞེས་སྨོས་ཏེ་ལུས་ཀྱིས་བདེ་བ་ཉམས་སུ་མྱོང་བ་ནི། བདེ་བ་དང་སེམས་ལས་བྱུང་བའི་བདེ་བ་ཉམས་སུ་མྱོང་བ་ནི་ཡིད་བདེའོ། །ཆེན་པོ་ནི། ཤིན་ཏུ་རྒྱ་ཆེ་བ་དང་ཟག་པ་མེད་པ་དང་གྱ་ནོམ་པ་དང་འཁོར་བ་ཇི་ 3-2-270b སྲིད་པར་གནས་པའོ། །དེ་ལྟ་བུའི་སངས་རྒྱས་ཀྱང་རང་བཞིན་མེད་པ་ཅིག་བསྒྲུབ་བྱ་ཡིན་གྱི་བདེན་པར་བཟུངས་ནས་མ་ཡིན་ནོ་ཞེས་བསྟན་པའི་དོན་དུ་རང་བཞིན་མེད་པ་ཞེས་སྨོས་ཏེ་ཡུམ་གྱི་མདོ་ལས། སངས་རྒྱས་ཀྱང་སྒྱུ་མ་ལྟ་བུ་རྨི་ལས་ལྟ་བུའོ། །མྱ་ ངན་ལས་འདས་པ་ལས་ལྷག་པའི་ཆོས་གཞན་ཅིག་ཡོད་ན་དེ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ་ཞེས་ང་སྨྲའོ། །ཞེས་གསུངས་སོ། །སྦྱོར་བ་བདུན་པ་ལས་ཀྱང༌། དངོས་པོ་ཀུན་ལ་རྣལ་འབྱོར་གྱིས། །ཕྱིན་ལོག་རབ་ཏུ་བཟློག་པའི་ཕྱིར། །སྦྱོར་བ་བཞི་པ་ བཤད་པར་བྱ། །ཞེས་དང༌། དངོས་པོ་ཀུན་གྱི་ནང་ནས་ཀྱང༌། །རང་བཞིན་མེད་པ་གཙོ་བོར་བཤད། །ཅི་ཕྱིར་རྒྱལ་བའི་སྲས་རྣམས་ཀྱིས། །འདི་བསྒོམས་པས་ན་སངས་རྒྱས་ཀྱི། །ཕུན་སུམ་ཚོགས་པ་ཐམས་ཅད་འགྲུབ། །ཅེས་སོ། །རང་བཞིན་མེད་པ་ཡང་ རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཡིན་གྱི་ནམ་མཁའི་མེ་ཏོག་གམ་རི་བོང་གི་རྭ་བཞིན་དུ་སོང་བའི་སྟོང་པ་ནི། མེད་པ་ཡིན་པས་མངོན་སུམ་དུ་བྱ་བར་མི་རུང་ངོ༌། །གཙུག་ན་རིན་པོ་ཆེའི་མདོ་ལས། སྦྱིན་པ་ནས་སངས་རྒྱས་ཀྱི་ཆོས་ཀྱི་བར་ རྣམས་དང་མ་བྲལ་བའི་སྟོང་པ་ཉིད་ལ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་ཉིད་དུ་གསུངས་པས་ལོངས་སྐུ་ལ་སོགས་པ་དང་སྦྱིན་པ་ལ་སོགས་པའི་རྣམ་པ་རྣམས་ནི་མཆོག་ཡིན་ཏེ། དེ་རྣམས་ནི། བུམ་པ་ལ་སོགས་པའི་རྣམ་པ་གཞན་རྣམས་ ལས་ཁྱད་པར་དུ་འཕགས་པའི་ཕྱིར་རོ། །རྣམ་པ་དེ་དག་དང་ལྡན་ཞིང་འབྱོར་བ་དེ་ནི། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་ཉིད་དོ། །ཇི་ལྟར་ལུས་ཀྱི་རྣམ་པ་མེད་ན་སེམས་ཅན་གྱི་དོན་སྒྲུབ་པ་མེད་པ་བཞིན་དུ་སྙིང་རྗེ་ཆེན་པོ་མེད་པར་ཡང་སེམས་ 3-2-271a ཅན་ཐམས་ཅད་ཀྱི་དོན་མི་འགྲུབ་པས་སྙིང་རྗེས་ངེས་གང་ཞེས་སྨོས་ཏེ་དམིགས་པ་མེད་པའི་སྙིང་རྗེས་ཡིད་བཞིན་གྱི་ནོར་བུ་ལྟར་མི་རྟོག་བཞིན་དུ་སེམས་ཅན་གྱི་དོན་མཛད་པའོ། །རྒྱུན་མི་འཆད་པ་ནི། ལོངས་སྐུ་ནི་ཇི་སྐད་བཤད་པའི་ ཡོན་ཏན་རྣམས་དང་ལྡན་པའི་རྒྱུན་ཉིད་དུ་རབ་ཏུ་འཇུག་པས་ཞི་བ་ཕྱོགས་གཅིག་པ་དང་སྲིད་པ་ལ་མི་གནས་པའི་མྱང་འདས་ཡིན་པའི་ཕྱིར་རྒྱུན་མི་འཆད་པ་ཡིན་གྱི་སྐབས་འགའ་ཞིག་ཏུ་འཇུག་པ་དང་ལྡོག་པའི་མཚན་ཉིད་བར་ཆད་དང་བཅས་པ་ནི་ མ་ཡིན་ནོ། །འགོག་པ་མེད་པ་ནི། ལོངས་སྐུ་དེ་དུས་ཅུང་ཞིག་བཞུགས་ནས་རྣམ་པར་འཆད་པ་མིན་གྱི་འཁོར་བ་ཇི་སྲིད་བར་བཞུགས་ཏེ་སྙིང་རྗེས་གཞན་གྱི་དབང་དུ་གྱུར་པའི་ཕྱིར་དང་སེམས་ཅན་རྒྱུན་མི་འཆད་པའི་ཕྱིར་རོ། །ཇི་སྐད་བཤད་པའི་ཡན་ལག་ བདུན་དང་ལྡན་པ་ནི། སྔགས་ཀྱི་ལམ་གྱིས་བསྒྲུབ་པར་བྱ་བའི་འབྲས་བུར་བདག་ངག་དབང་གྲགས་པ་འདོད་ལ་དེར་མ་ཟད་ཚད་མས་ཡོངས་སུ་བསྒོམས་པ་སྟེ་བློ་ཡོངས་སུ་དག་པར་བྱས་པའི་བློ་གྲོས་ཅན་མཁས་པ་རྣམས་ཀྱིས་ཀྱང་བསྔགས་ཤིང་ བསྟོད་དོ། །གལ་ཏེ་རྒྱུན་མི་འཆད་པ་འཇུག་པ་དང་ལྡོག་པ་དང་བར་ཆད་དང་བཅས་པ་མིན་པ་ལ་བྱེད་ན་འགོག་པ་མེད་པ་ཡང་དུས་ཅུང་ཞིག་གནས་ནས་རྣམ་པར་འཇིག་པ་མེད་པ་ལ་བཤད་པ་གཉིས་ཁྱད་མེད་པས་ཡན་ལག་དྲུག་ཏུ་འགྱུར་རོ་ སྙམ་ན། རྒྱུན་མི་འཆད་པ་ཙམ་ནི། སྤྲུལ་སྐུ་ལ་ཡང་ཡོད་པས་འགོག་པ་མེད་པ་ནི་མྱ་ངན་ལས་མི་འདའ་བར་འཁོར་བ་ཇི་སྲིད་པར་བཞུགས་པ་ཡིན་པས་ཁྱད་ཡོད་དོ། །སྦྱོར་བ་བདུན་པ་ལས་དཔེ་མེད་བདེ་རྫོགས་ཀྱི་ལོངས་སྐུ་དང་བདེ་ཆེན་གྱི་ཆོས་སྐུ་ 3-2-271b དང་ཐུགས་རྗེའི་རང་བཞིན་གྱི་སྐུ་གསུམ་རྒྱུན་མི་འཆད་པ་སྔ་མའི་དོན་དུ་མཛད་ལ། ཕྱི་མ་ལ། དཔེ་མེད་བདེ་རྫོགས་སྐུ་ཆེན་དང༌། བྲལ་བ་དགག་པར་བྱ་བའི་ཕྱིར། །སྦྱོར་བ་བདུན་པ་བཤད་པར་བྱ། །ཞེས་གསུངས་ནས་འཁོར་བ་ཇི་སྲིད་དུ་བཞུགས་པར་བཤད་དེ་ དོན་འདྲའོ། །ཡན་ལག་དང་པོ་ལྔ་ཕར་ཕྱིན་དང་ཐུན་མོང་མ་ཡིན་པར་འདོད་པ་བཀག་ནས་ཡན་ལག་དང་པོ་གསུམ་ཐུན་མོང་མིན་པ་དང་ཕྱི་མ་བཞི་ཐུན་མོང་བར་མན་སྙེ་ལས་བཤད་དོ། །གཉིས་པ་ནི། གལ་ཏེ་བླ་མེད་ཀྱི་ལམ་གྱི་བསྒྲུབ་བྱ་ཡན་ལག་བདུན་ ལྡན་ཡིན་པར་ཁྱེད་འདོད་ཅིང་མཁས་པ་གཞན་གྱིས་ཀྱང་བསྔགས་པ་བདེན་མོད་ཀྱང་དེ་དབང་བཞི་པར་འཇོག་པ་ལ་ཤེས་བྱེད་ཅི་ཞིག་ཡོད་སྙམ་ན། བདེན་ཏེ་དེ་སྒྲུབ་པ་ནི། ཡན་ལག་བདུན་ལྡན་ལས། དེ་ལྟར་སྒྲ་དང་ལྡན་ཉིད་ཕྱིར། །ཡང་གི་སྒྲ་དོན་ ལྡན་ཕྱིར་དང༌། །དེ་བཞིན་སྒྲ་དོན་སྐྱེས་ཉིད་ཕྱིར། །བཞི་པ་དེ་བཞིན་ཉིད་བདག་འདོད། །ཅེས་སོ། །དེའི་དོན་ནི། རྒྱུད་སྡེ་རྣམས་ལས། དེ་ལྟར་དེ་བཞིན་བཞི་པ་ཡང༌། །ཞེས་དབང་བཞི་པ་སྟོན་པ་ན་ཤེས་རབ་ཡེ་ཤེས་དཔེར་བླངས་ནས་དེས་མཚོན་ཏེ་ དབང་བཞི་པ་སྟོན་ལ་ཚིག་དེ་ལ་ནི། དེ་ལྟར་གྱི་སྒྲ་དང་དེ་བཞིན་གྱི་སྒྲ་དང་ཡང་གི་སྒྲ་གསུམ་ཡོད་པའི་དོན་བཤད་ན་དབང་བཞི་པ་ནི། ཡན་ལག་བདུན་ལྡན་དུ་འགྲུབ་པས་བཞི་པ་ནི་སྔར་བཤད་པ་དེ་བཞིན་དུ་བདག་འདོད་ཀྱི། གཞན་དག་གི་འདོད་པ་ནི་ ཡན་ལག་གཉིས་ལ་སོགས་པ་དང་བྲལ་བའི་ཕྱིར་མི་འཐད་དོ། །དེ་ལ་དེ་ལྟར་ཞེས་བྱ་བས་ནི་གསུམ་པ་དང་བཞི་པ་འདྲ་བར་བསྟན་ལ་འདྲ་ཚུལ་ནི་སྦྱོར་བ་བདུན་པ་ལས། རྡོ་རྗེ་འཛིན་པ་ཆེན་པོ་ཡི། །སྐུ་ཆེན་ལྟ་བས་མི་ངོམས་པའི། །ཞལ་གསུམ་ 3-2-272a ཕྱག་དྲུག་ལྟར་སྣང་བ། །མཆོག་ཀུན་ལྡན་པ་རིག་མས་འཁྱུད། །ཤེས་རབ་ཡེ་ཤེས་དབང་དུས་སུ། །མཚན་ཉིད་དེ་ཡི་ཚུལ་དུ་གནས། །ཞེས་གསུངས་པ་ལྟར་གསུམ་པའི་དུས་སུ་རང་གི་ལྷ་ཡབ་ཡུམ་འཁྱུད་ནས་སྙོམས་པར་ ཞུགས་པའི་རྣམ་པ་ཅན་དུ་ཡོད་པ་བཞིན་དུ་བཞི་པ་ཡང་དེ་ལྟ་བུའི་ཚུལ་དུ་བཞུགས་པར་སྟོན་ཏེ། འདིས་ནི་ལོངས་སྐུ་དང་ཁ་སྦྱོར་གྱི་ཡན་ལག་གཉིས་དང་དབང་བཞི་པ་ལ་ལྡན་པར་བསྟན་ཏོ། །ཡན་ལག་བདུན་ལྡན་གྱི་རང་འགྲེལ་ལས་དེ་ལྟར་གྱི་སྒྲའི་ དོན་རྡོ་རྗེ་དང་པདྨ་རེག་པ་ལས་སྐྱེས་པའི་བདེ་བ་གཅིག་པུའི་ངོ་བོ་དང་ལྡན་པ་ལ་བཤད་པ་ཡང་སྨན་ཞབས་ཀྱིས་སྔར་བཤད་པ་ལྟར་ཡབ་ཡུམ་སྙོམས་པར་ཞུགས་པའི་རྣམ་པ་ཅན་ལ་བྱ་སྟེ་སློབ་དཔོན་འདི་གཉིས་འདི་དག་ལ་དགོངས་པ་གཅིག་པའི་ ཕྱིར་རོ། །ཡང་གི་སྒྲས་ནི། གསུམ་པ་ལ་བདེ་བ་ཡོད་པར་མ་ཟད་བཞི་པ་ལ་ཡང་ཡོད་ཅེས་སྟོན་ལ་དེ་ཡང་སྔ་མ་ལས་ཁྱད་ཞུགས་པའི་བདེ་བ་ཆེན་པོ་ཡིན་པས་བཞི་པ་བདེ་ཆེན་གྱི་ཡན་ལག་དང་ལྡན་པར་གསུངས་སོ། །ཁྱད་ པར་ནི། རྒྱ་ཆེ་བ་དང་ཟག་པ་མེད་པ་དང་གྱ་ནོམ་པ་དང་རྒྱུན་མི་འཆད་པ་དང་འཁོར་བ་ཇི་སྲིད་བར་གནས་པ་ལ་སོགས་པའི་ཁྱད་པར་རོ། །དེ་ཡང་དབང་གསུམ་པ་ལ་མེད་དེ། དེ་ནི་ལས་རྒྱའི་སྟོབས་ལས་བྱུང་བའི་སྐད་ཅིག་མ་ཙམ་ཟག་པ་དང་བཅས་པ་དང་ལས་ རྒྱ་ལ་དྲག་པོས་འཁྱུད་པ་ལ་སོགས་པའི་སྡུག་བསྔལ་བས་གྱ་ནོམ་པ་མ་ཡིན་པ་དང་ནོར་བུ་ཙམ་ལ་གནས་པས་ཡན་ལག་ཐམས་ཅད་ལ་མ་ཁྱབ་པས་རྒྱ་ཆེ་བ་མ་ཡིན་པ་དང་ཡུན་ཐུང་ངུ་ལས་མི་གནས་པས་རྒྱུན་མི་འཆད་པ་མིན་པ་དང་ལས་ཀྱི་ཕྱག་ 3-2-272b རྒྱའི་ཀུན་སྦྱོར་མི་རྟག་པས་འཁོར་བ་ཇི་སྲིད་དུ་གནས་པ་ཡང་མིན་ལ་བསྒོམས་པས་མངོན་དུ་གྱུར་པའི་གནས་སྐབས་སུ་ནི་ཟག་པ་མེད་པ་ལ་སོགས་པར་འགྱུར་བ་ཡིན་ནོ། །སྦྱོར་བ་བདུན་པ་ལས་ཀྱང༌། བདེ་བ་ཆེན་པོ་ཡིན་མིན་གྱི་ཁྱད་པར་དེ་བཞིན་དུ་བཤད་པའི་ མཐར། འོན་ཀྱང་ཤེས་རབ་ཡེ་ཤེས་ལ། །བདེ་ཆེན་མཚན་ཉིད་གཟུགས་སུ་གནས། །ཞེས་དང༌། མི་གནས་ཀྱང་ནི་མི་སླུའི་ཕྱིར། །བདེ་བ་ཆེན་པོ་ཞེས་སུ་བཤད། །ཅེས་དབང་གསུམ་པ་ལ་བདེ་ཆེན་མཚན་ཉིད་དེ་མཚོན་བྱེད་ཀྱི་ཚུལ་དུ་གནས་པ་དང་ཤིན་ཏུ་རིང་བར་ མི་གནས་ཀྱང་དེ་ཡན་ལག་དང་བཅས་པ་བསྒོམས་པས་འབྲས་བུའི་བདེ་ཆེན་འཐོབ་པ་ལ་མི་སླུ་བས་བདེ་ཆེན་གྱི་མིང་གིས་བཏགས་པར་བཤད་དོ། །བདེ་བ་ཆེན་པོའི་ཡན་ལག་ནི། །ཡན་ལག་རྣམས་ཀྱི་གཙོ་བོ་དང་གཞན་རྣམས་དེའི་ཡན་ལག་ཡིན་ཏེ་སྦྱོར་བ་ བདུན་པ་ལས། སྦྱོར་བ་གཞན་ཀུན་སྦྱོར་འདི་ཡི། །ཡན་ལག་ཏུ་ནི་ཤེས་པར་བྱ། །ཞེས་སོ། །དེ་བཞིན་གྱི་སྒྲས་ནི། ཇི་ལྟར་དབང་གསུམ་པ་ཏིང་ངེ་འཛིན་གསུམ་ལ་མཁས་པའི་ལས་ཀྱི་ཕྱག་རྒྱ་དང་ཐབས་ལ་སོགས་པ་ཚོགས་པ་ལས་སྐྱེས་པ་དེ་བཞིན་དུ་བཞི་པ་ ཡང་དེ་དང་འདྲ་བའི་ཐབས་ཤེས་ཀྱི་ཚོགས་པ་ལས་སྐྱེའི་གཞན་དུ་མ་ཡིན་ནོ། །ངག་དབང་གྲགས་པས། ཡན་ལག་ལྷག་མ་དབང་བཞི་པ་ལ་ལྡན་ཚུལ་གསལ་བར་མ་བཤད་ཀྱང་ལོངས་སྐུ་དང་ཁ་སྦྱོར་དང་བདེ་བ་ཆེན་པོས་འཁོར་བ་ཇི་སྲིད་པར་བཞུགས་ པའི་ཡན་ལག་གསུམ་དབང་བཞི་པ་ལ་ལྡན་པར་བསྟན་པས་ལྷག་མ་རྣམས་དང་ལྡན་པ་གོ་སླ་བ་ལ་དགོངས་སོ། །སྦྱོར་བ་བདུན་པ་ལས་ཡན་ལག་ཕྱི་མ་གསུམ་ལ་དབང་བཞི་གསུམ་གྱི་དཔེ་དོན་སྦྱར་ནས་བཞི་པ་ལ་དཔེ་དོན་སྦྱོར་བ་མ་མཛད་དོ། །བཞི་ 3-2-273a པ་དེ་ཡང་དེ་བཞིན་ནོ། །ཞེས་གསུངས་པ་ཡང་མང་བས་དེ་དག་ཏུ་ཡང་དབང་གསུམ་པ་དང་བཞི་པ་དཔེ་དོན་དུ་སྦྱར་ནས་ཆོས་མཐུན་བརྩིས་པས་ཡན་ལག་བདུན་ལྡན་ཤེས་པར་བྱའོ། །མདོར་ན་དབང་གསུམ་པ་དཔེར་བྱས་ནས་ བཞི་པ་ངེས་པར་བྱེད་པའི་ཚུལ་ནི་འདི་ཡིན་ཏེ། གསུམ་པའི་སྐབས་སུ་རང་གི་ལུས་ལོངས་སྐུའི་རྣམ་པ་ཅན་གྱི་ལྷར་སྣང་ཞིང་དེ་ཡང་ཡུམ་དང་བྲལ་བ་མིན་པར་ཡབ་ཡུམ་ཞལ་སྦྱོར་ཕན་ཚུན་འཁྱུད་པའི་རྣམ་པ་ཅན་དུ་སྣང་བ་དང་དེའི་ངང་ནས་ཐུགས་ དངོས་པོའི་དེ་ཁོ་ན་ཉིད་ལ་ཞུགས་པའི་ལྷན་སྐྱེས་ཀྱི་ཡེ་ཤེས་ལ་གནས་པ་ཞིག་ཡོད་པ་དེ་གཉིས་དཔེར་བླངས་ནས། དོན་འདི་ཐབས་ཀྱི་ཡན་ལག་དང་བཅས་པར་ཉམས་སུ་བླངས་པས་མཐར་སངས་རྒྱས་ཀྱི་གཟུགས་སྐུར་མོས་ནས་སྒོམ་པ་ཙམ་མིན་ པར་རང་གི་ལུས་སངས་རྒྱས་ཀྱི་མཚན་དཔེས་སྤྲས་པའི་སྐུ་ལོངས་སྐུ་དང་ཁ་སྦྱོར་གྱི་ཡན་ལག་གཉིས་ཀྱི་བདག་ཉིད་དུ་གྱུར་པ་དང༌། ཐུགས་ཀྱང་དེ་ཁོ་ན་ཉིད་ལ་གནས་པ་རེས་འགའ་བ་མིན་པར་འཁོར་བ་ཇི་སྲིད་ཀྱི་བར་དུ་གནས་པའི་བདེ་བ་ཆེན་པོ་དང་ རང་བཞིན་མེད་པའི་ཡན་ལག་གཉིས་ཀྱི་བདག་ཉིད་དུ་གྱུར་པའི་ཟུང་འཇུག་དེ་དབང་བཞི་པའོ་ཞེས་ངོ་སྤྲོད་པ་ཡིན་ནོ། །དེས་ན་རྫོགས་རིམ་གྱི་སྣོད་རུང་དུ་སྒྲུབ་པ་ལ་དབང་གསུམ་འོང་བའི་རྒྱུ་མཚན་ཡང་རྫོགས་རིམ་གྱི་གཙོ་བོ་ལ་བདག་བྱིན་གྱིས་བརླབ་པ་ ཀུན་རྫོབ་སྒྱུ་མའི་རྫོགས་རིམ་དང༌། སྟོང་པ་བཞིའི་རིམ་གྱིས་དོན་དམ་འོད་གསལ་གྱི་རྫོགས་རིམ་དང༌། ལུས་སྒྱུ་མ་ལྟ་བུའི་རྡོ་རྗེ་སེམས་དཔའི་སྐུ་ཀུན་རྫོབ་དང་སེམས་དེ་ཁོ་ན་ཉིད་ལ་ཞུགས་པའི་དོན་དམ་འོད་གསལ་གཉིས་དབྱེར་མེད་དུ་སྦྱོར་བའི་ཟུང་ 3-2-273b འཇུག་གསུམ་དུ་ངེས་པའི་ཕྱིར་རོ། །རང་ཉིད་ལྷ་ཡབ་ཡུམ་དུ་སྣང་བས་ཐ་མལ་གྱི་ང་རྒྱལ་བཟློག་པའི་ངང་ནས་ནང་གི་ཨ་ཧཾ་གཉིས་སྙོམས་པར་ཞུགས་པ་ལ་བརྟེན་ནས་དགའ་བ་དང་མཆོག་དགའ་སོགས་བསྐྱེད་དེ་ལྷན་སྐྱེས་ཀྱི་ཡེ་ཤེས་གོམས་པར་བྱེད་པ་ནི། དབང་གསུམ་པས་གཏན་པ་ཕབ་ཟིན་པས་བཞི་པ་ཟུར་ནས་གཏན་ལ་འབེབས་ལུགས་སྔ་མ་འདྲ་གཅིག་མེད་ན་གྲུབ་ཟིན་སྒྲུབ་པ་ལས་མི་འདའོ། །འོ་ན་དབང་བཞི་པ་ལམ་གྱི་སྐབས་སུ་མི་འདོད་དམ་སྙམ་ན་སྤྱིར་དབང་བཞི་པ་སྐུར་བའི་ཚེ་སྔར་བཞིན་ངོ་སྤྲད་ནས་ ཚིག་ཙམ་གྱིས་གོ་བ་བསྐྱེད་པ་ལ་དབང་དེ་སློབ་མ་ལ་བསྐུར་བ་དང་སློབ་མས་ཀྱང་དབང་དེ་ཚིག་གི་སྒོ་ནས་ཐོབ་པར་འཇོག་སྟེ་སྣོད་རུང་དུ་སྒྲུབ་པའི་དབང་བཞི་པའོ། །དེ་ལྟར་ངོ་སྤྲོད་པའི་དབང་བཞི་པ་ནི། དབང་བཞི་པའི་གཙོ་བོ་ལ་ངོ་སྤྲད་དགོས་པས་འབྲས་ བུ་ལ་ངོ་སྤྲད་པ་སྔར་དྲངས་པ་ལྟར་མང་པོས་གསུངས་ཀྱང་ལམ་དུས་སུ་མེད་པ་མིན་ཏེ། དེ་ཡང་གསང་འདུས་པ་ལྟར་ན་སློབ་པའི་ཟུང་འཇུག་དང་དུས་འཁོར་པ་ལྟར་ན་ཏིང་ངེ་འཛིན་གྱི་ཡན་ལག་ནས་འོང་སྟེ་དེའི་རིགས་པ་གཞན་ལ་ཡང་ཤེས་པར་བྱའོ། །དབང་ བཞི་པའི་དོན་ཆ་མཐུན་པ་ནི། བསྐྱེད་རིམ་ལ་ཡང་ཡོད་དེ་སྔགས་ཀྱི་བསྒྲུབ་བྱ་ཡན་ལག་བདུན་ལྡན་ནི། དབང་བཞི་པ་ཡིན་ལ་དེ་བདུན་བསྐྱེད་རིམ་པས་ཀྱང་ལམ་དུ་བྱ་དགོས་པའི་ཕྱིར་རོ། །ཆ་མཐུན་ཇི་ལྟར་ཡོད་པ་ནི། སྦྱོར་བ་བདུན་པ་ལས། དཔེ་མེད་བདེ་རྫོགས་ཡེ་ ཤེས་སྐུ། །ཧཱུཾ་སོགས་བསྐྱེད་པའི་ལྷ་ཡི་གཟུགས། །བཞིས་བསྒྲུབས་སྐུ་རུ་གཉིས་སུ་གནས། །གཉིས་སུ་མེད་པའི་སྦྱོར་བ་ཡང༌། །ལྷ་མོའི་ལུས་བསྐྱེད་བྱིན་བརླབས་པའོ། །ཆོ་ག་དག་པར་རབ་བསྟན་པ། །བདེ་བ་ཆེན་པོའི་ངོ་བོའོ། །ཐུགས་རྗེས་རྒྱས་པའི་ངོ་བོ་ 3-2-274a ནི། །ཆོ་ག་ལྷག་མར་བསྟན་པའོ། །ཐུན་མོང་སྟོང་པ་ཉིད་བཤད་པ། །རང་བཞིན་མེད་པའི་སྦྱོར་བའོ། །ལས་ཀྱི་རྒྱལ་མཆོག་གནས་སྐབས་སུ། །གོང་གི་བཞི་ལ་གནས་བྱེད་ཕྱིར། །བར་ཆད་མེད་ཅིང་འགོག་པ་མེད། །དེ་ལྟར་ དཔལ་ལྡན་གསང་འདུས་སུ། །རྟོག་པ་ཡི་ནི་རྣལ་འབྱོར་པ། །བསྐྱེད་པའི་རིམ་པ་ལ་བརྟེན་ཏེ། །བཞི་པའི་དོན་ལ་སྤྱོད་པར་འགྱུར། །ཞེས་གསུངས་ཏེ། བཞིས་བསྒྲུབས་ནི། བསྙེན་བསྒྲུབ་ཡན་ལག་བཞིས་བསྒྲུབས་པའོ། །ཆོ་ག་དག་པ་ནི་རྗེས་ཆགས་སོ། ། ཆོ་ག་ལྷག་མ་ནི། དཀྱིལ་འཁོར་རྒྱལ་མཆོག་གོ། གསང་འདུས་ནི། མཚོན་པ་ཙམ་སྟེ་སྒྲུབ་ཐབས་གཞན་ལ་ཡང་ཤེས་པར་བྱའོ། །གལ་ཏེ་ཡན་ལག་བདུན་ལྡན་བཞི་པ་ཡིན་མོད་ཀྱང་དབང་སྐུར་དུ་ཇི་ལྟར་རིགས་སྙམ་ན། ཆུ་དབང་ལ་སོགས་པ་ རྣམས་དྲི་མ་དག་པར་བྱེད་པས་དབང་སྐུར་དུ་འཇོག་པ་དེ་བཞིན་དུ་ཡན་ལག་བདུན་ལྡན་གྱི་བསྒྲུབ་བྱས་ཀྱང་རྣམ་པ་ཐམས་ཅད་དུ་དྲི་མ་མེད་པར་བྱེད་པས་དབང་སྐུར་རོ། །དེ་ལྟར་ཡང་འདུས་པའི་ཕྱི་མ་ལས། དབང་སྐུར་བ་ནི་གསུམ་དུ་དབྱེ། །བུམ་ པའི་དབང་ནི་དང་པོ་སྟེ། །གསང་བའི་དབང་ནི་གཉིས་པ་ཡིན། །ཤེས་རབ་ཡེ་ཤེས་གསུམ་པ་སྟེ། །དེ་ལྟར་དེ་བཞིན་བཞི་པ་ཡང༌། །རྒྱུད་འདི་ལས་ནི་རབ་ཏུ་བཤད། །ཅེས་སོ། །དེས་དབང་གསུམ་དུ་བཤད་པ་མ་ཡིན་ནམ་ཇི་ལྟར་ན་བཞི་པ་དབང་ སྐུར་ཡིན་པའི་ཁུངས་སུ་རུང་སྙམ་ན། དེ་ལྟར་དེ་བཞིན་བཞི་པ་ཡང༌། ཞེས་པ་འདི་མ་ཐོས་སམ། ཐོས་མོད་ཤེས་རབ་ཡེ་ཤེས་ཀྱི་དབང་ཉིད་ལ་བཞི་པ་ཞེས་ཟེར་རོ་སྙམ་ན། ཅི་བཅོམ་ལྡན་འདས་ཀྱི་བཀའ་མི་སླུ་བ་མ་ཡིན་ནམ་གང་གིས་ན་གསུམ་ 3-2-274b པ་ཉིད་བཞི་པ་ཡིན་ཞེས་གསུངས། བཀའ་ནི། མི་སླུ་བ་ཡིན་མོད་ཀྱང་མཁས་རློམ་བླ་མའི་མན་ངག་དང་བྲལ་བ་རྡོ་རྗེའི་ཚིག་ཤེས་འདོད་པ་རྣམས་རྨོངས་པ་བསྐྱེད་པའི་ཕྱིར་གསུམ་པ་ཁོ་ན་ལ་མིང་བཞི་པས་བསྟན་ཏོ་སྙམ་ན། རྒྱལ་བ་སྙིང་རྗེ་ཆེན་པོ་དང་ལྡན་ པ་མིན་ནམ་ཇི་ལྟར་ན་སེམས་ཅན་ལ་རྨོངས་པ་བསྐྱེད་པའི་དཔེ་མཁྱུད་མཛད་པར་རིགས་ཞེས་དགག་པ་མཛད་དེ། སྤྱིར་རྒྱུད་ནས་སྦས་ཏེ་བསྟན་པའི་ཚིག་མང་མོད་ཀྱང་དེའི་དགོས་པ་བླ་མ་ལ་རག་ལས་པར་བྱ་བའི་ཆེད་ཡིན་གྱི་རྨོངས་པ་གདུལ་བྱའི་རྒྱུད་ལ་ བསྐྱེད་པའི་དོན་དུ་མཛད་པ་མིན་པས་དགག་པ་དེ་འཐད་དོ། །གལ་ཏེ་ཤེས་རབ་ཡེ་ཤེས་དེ་ཉིད་བསྒོམས་པས་མངོན་དུ་གྱུར་པ་ལ་བཞི་པར་འཇོག་གོ་སྙམ་ན། དེ་ལྟར་ན་མངོན་སུམ་དུ་བྱས་མ་བྱས་གཉིས་སོ་སོ་བ་ཡིན་པས་གསུམ་པ་ཉིད་བཞི་པར་ བཞག་པ་མིན་ནོ། །ཅི་སྟེ་རྒྱལ་བའི་དགོངས་པ་བཞི་པ་གསུམ་པ་ལས་ཐ་དད་པ་ཡིན་ན་གསུམ་དུ་དབྱེ་ཞེས་པ་འདི་དོན་དང་མ་འབྲེལ་བར་འགྱུར་རོ་ཞེ་ན། དབང་ལ་གཉིས་ལས་བསྒོམས་པས་མངོན་སུམ་དུ་མ་བྱས་པའི་སྐབས་སུ་གསུམ་དང་བྱས་པའི་ སྐབས་སུ་གཅིག་ཡིན་པས་ཉེས་པ་མེད་པར་བཤད་དེ་སྣོད་རུང་གི་བཞི་པ་མངོན་སུམ་དུ་མ་བྱས་པའི་སྐབས་ཡིན་ཀྱང་དེ་ནི། བཞི་པ་ཚིག་གི་སྒོ་ནས་བསྐུར་བ་ཡིན་གྱི་དོན་གྱི་བཞི་པ་མིན་པས་སྐྱོན་མེད་དོ། །ཁ་ཅིག་རྡོ་རྗེའི་རྩེ་མོར་གནས་པའི་ལྷན་ཅིག་སྐྱེས་ དགའ་དབང་བཞི་པར་སློབ་དཔོན་ངག་དབང་གྲགས་པ་བཞེད་ཅེས་པ་ནི། སློབ་དཔོན་དེའི་གཞུང་མ་ངེས་བཞིན་དུ་སྨྲ་བ་སྟེ་ཡན་ལག་བདུན་ལྡན་གྱི་རང་འགྲེལ་ལས། དེ་ནི་ཡན་ལག་བདུན་དང་བྲལ་བས་བདག་བཞི་པར་མི་འདོད་དོ། །ཞེས་གསུངས་ཤིང༌། 3-2-275a དེ་སྐད་སྨྲ་བ་དེས་བདག་གི་བསམ་པ་མི་ཤེས་པ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །རྒྱུད་སྡེ་རྣམས་སུ་དབང་བཞི་པ་སྟོན་པ་ན་གསུམ་པ་བཞིན་ནོ་ཞེས་དེ་དང་འདྲ་བ་ཙམ་ལས་ཇི་ལྟར་དུ་འདྲ་བའི་ཚུལ་གསལ་བར་མ་གསུངས་ པས་འཕགས་པའི་ཡུལ་དུ་ཡང་འདོད་ཚུལ་དུ་མ་ཞིག་བྱུང་སྟེ། ནོར་བུར་གནས་པའི་བདེ་བ་གསུམ་པ་དང་དེ་ལས་འཕོས་པའི་བྱང་སེམས་བཞི་པ་དང་དབང་གསུམ་པའི་དེ་མ་ཐག་ཏུ་བྱང་སེམས་ལྕེས་མྱངས་པ་ལ་བཞི་པ་དང་གསུམ་པའི་དེ་མ་ ཐག་ཏུ་རིག་མ་གཞན་ལ་ལོངས་སྤྱོད་པ་ལ་བཞི་པར་འདོད་པ་སོགས་འདོད་པ་བཅུ་བདུན་བཀོད་ནས་རྣམ་རྟོག་གི་བཟོས་བརྟགས་པ་དེ་རྣམས་བདག་བཞི་པར་མི་འདོད་དེ་ཡན་ལག་བདུན་དང་བྲལ་བའི་ཕྱིར་རོ་ཞེས་གསུངས་སོ། །དེའི་གསེབ་ནས་ ཤེས་རབ་ཡེ་ཤེས་ཀྱི་དེ་མ་ཐག་ཏུ་ཆོས་ཐམས་ཅད་རྫུན་པར་རྟོགས་པའི་ལྟ་བ་ལ་བཞི་པ་དང་སྟོང་ཉིད་ཀྱི་ངོ་བོ་ཕྱག་རྒྱ་ཆེན་པོ་གཅིག་པུ་བསྒོམ་པ་དབང་བཞི་པར་འདོད་པ་བྱུང་སྟེ། ཤེས་རབ་ཡེ་ཤེས་ཀྱི་དེ་མ་ཐག་ཏུ་ཞེས་བཤད་པས་བདེ་བ་ལ་ སྟོང་པས་རྒྱས་བཏབ་པ་བདེ་སྟོང་དབྱེར་མེད་བཞི་པ་ཡིན་སྙམ་པ་ཡིན་ཏེ་དེ་འདྲའི་རིགས་མང་བར་སྣང་ངོ༌། །བདེ་སྟོང་དབྱེར་མེད་དང་བདེན་གཉིས་དབྱེར་མེད་དང་ཐབས་ཤེས་ཟུང་འཇུག་བཞི་པར་བྱེད་པའི་དབྱེར་མེད་ལུགས་དང་ཟུང་དུ་འཇུག་ལུགས་ མཐའ་མ་ཆོད་པར་ཚད་མས་མ་གྲུབ་པའི་སྒྲོ་བཏགས་ལ་རྒྱུད་དོན་དུ་རློམ་པ་རྣམས་བཀག་ནས་དབང་བཞི་པའི་དོན་ཕྱིན་ཅི་མ་ལོག་པར་ངོས་བཟུངས་པའི་གཞུང་ཡན་ལག་བདུན་ལྡན་རྩ་འགྲེལ་དང༌། དེ་ཁོ་ན་ཉིད་རིན་པོ་ཆེ་སྣང་བ་རྩ་འགྲེལ་དང་ 3-2-275b སྦྱོར་བ་བདུན་པ་རྣམས་ཀྱིས་གསལ་བར་གཏན་ལ་ཕབ་ཅིང༌། ལྭ་བའི་ན་བཟའ་ཅན་དང་དཔལ་འཛིན་དང་ཨ་བྷྱ་རྗེས་འབྲང་དང་བཅས་པས་ཀྱང་བཤད་པ་བཞིན་དབང་བཞི་པ་གཏན་ལ་ཕབ་པ་ཡིན་ཏེ་ཚུལ་འདི་དུས་འཁོར་དང་མཐུན་ལུགས་ཀྱང་འཆད་པར་འགྱུར་ རོ། །གཉིས་པ་ནི། དུས་འཁོར་རྩ་འགྲེལ་ལས་སྔར་བཤད་པ་ལྟར་བུམ་དབང་སོགས་བཞི་ལ་སྐུར་ལུགས་གཉིས་གསུངས་པ་ལས་བུམ་དབང་གཉིས་ནི་བཤད་ཟིན་ལ། རྒྱུད་ཉན་པ་སོགས་ཀྱི་དོན་དུ་སྐུར་བའི་གསང་དབང་སྔ་མ་ནི་ཕྱག་རྒྱའི་བྷ་ག་ལ་བལྟས་ པས་དགའ་བ་ཐོབ་པ་ཡང་བཤད་པ་མ་གཏོགས་པ་གཞན་རྣམས་དང་འདྲའོ། །རྒྱུད་སྟོན་པ་ལ་སོགས་པའི་དོན་དུ་དབང་བསྐུར་བའི་གསང་དབང་ཕྱི་མ་ནི། བླ་མས་ལོ་བཅུ་གཉིས་མ་ནས་ཉི་ཤུ་མའི་བར་གྱི་རིག་མ་དགུ་ལ་འདོད་པ་སྤྱད་ནས་ས་བོན་བཅས་པའི་ རྡོ་རྗེ་སློབ་མའི་ཁར་བཅུག་པ་ལ་བརྟེན་ནས་སྐུར་རོ། །དེ་བཞིན་དུ་དབང་གསུམ་པ་སྔ་མ་ནི། རིག་མ་གཅིག་དང་སྦྱར་བ་ལས་ཁྱད་པར་གྱི་དགའ་བ་ཉམས་སུ་མྱོང་བ་ཡིན་ལ་ཕྱི་མ་ནི། རིག་མ་དགུ་གང་དང་གང་ལ་འདོད་པ་སྤྱོད་པར་ནུས་པ་དེ་དང་དེ་ལ་འདོད་པ་སྤྱད་ པ་ལས་བྱུང་བའི་དགའ་བའོ། །དབང་བཞི་པ་སྔ་མ་ནི། ནོར་བུར་བྱང་སེམས་གནས་པ་ཕྱིར་མ་ཟགས་པའི་ལྷན་སྐྱེས་ཀྱི་དགའ་བ་སྟེ་ཀུན་རྫོབ་ཀྱི་དབང་བཞི་པའོ། །འདི་སྔགས་གཞན་རྣམས་ཀྱི་དཀྱིལ་ཆོག་ནས་དབང་གསུམ་པར་བཤད་ལ། དེ་ཐོབ་ཀྱང་དབང་བཞི་ པ་མ་ཐོབ་པས་རྒྱུད་སྡེ་རྫོགས་པར་ཉན་པ་ལ་མི་དབང་ལ། དུས་འཁོར་གྱི་སྐོར་ནས་འདི་ཐོབ་ན་རྒྱུད་རྫོགས་པར་ཉན་དུ་རུང་ཡང་དབང་གོང་མའི་གོང་མ་བཞི་མ་ཐོབ་ན་རྒྱུད་རྫོགས་པར་སྟོན་པ་པོར་མི་རུང་བར་བཤད་དོ། །རྒྱུད་རྫོགས་པར་སྟོན་པ་ལ་བུམ་དབང་དང་ 3-2-276a གསང་དབང་དང་ཤེས་རབ་ཡེ་ཤེས་གཉིས་པ་ཐོབ་དགོས་པ་རྒྱུད་གཞན་རྣམས་ཀྱི་ཆོ་ག་ནས་མ་བཤད་ལ་དབང་བཞི་པ་ཕྱི་མ་ཐོབ་དགོས་པར་ནི་འདྲའོ། །དེ་ལ་གཞན་རྣམས་སླ་ལ་དོན་དམ་གྱིའམ་འཇིག་རྟེན་ལས་འདས་པའི་དབང་བཞི་ པ་ཞེས་པ་དེ་དགའ་བས་བཤད་པར་བྱའོ། །དེ་ཡང་འགྲེལ་ཆེན་ལས། རྒོད་པ་དང་ལྟ་བ་དང་ལག་པ་བཅངས་པ་དང་གཉིས་གཉིས་སྦྱོར་བ་ཞེས་པ་དབང་རྣམ་པ་བཞི་ནི། དེ་ཁོ་ན་ཉིད་དུ་མི་འགྱུར་རོ། །འདིར་དེ་ཁོ་ན་ཉིད་ནི། གཉིས་གཉིས་འཁྱུད་པ་མེད་པ་སྟེ་ལས་ཀྱི་ཕྱག་རྒྱའི་ རྒྱུ་ལས་སྐྱེས་པ་ནི་རྣམ་པར་དཔྱད་ན་གཉིས་སུ་མེད་པའི་ཡེ་ཤེས་སུ་མི་འགྱུར་རོ། །ཞེས་དེ་ཁོ་ན་ཉིད་དམ་དོན་དམ་པའི་དབང་བཞི་པ་ནི། གཉིས་སུ་མེད་པའི་ཡེ་ཤེས་སུ་གསུངས་ལ་གཉིས་སུ་མེད་རྒྱུའི་གཉིས་ནི། སྟོང་པ་དང་བདེ་བ་ལ་ལན་ཅིག་མ་ཡིན་པར་གསུངས་ སོ། །རྒྱུད་ལས། དེ་ལས་མྱ་ངན་འདས་པའི་བདེ་བ་འཕོ་མེད་ལྷན་ཅིག་སྐྱེས་པ་འགྱུར་མེད་ཉིད་ནི་བཞི་པ་སྟེ། ཞེས་མི་འགྱུར་བའི་བདེ་བ་ལ་བཞི་པར་བཤད་པས་བདེ་བ་གང་བྱུང་བྱུང་གིས་མི་ཆོག་གི་ཏིང་ངེ་འཛིན་གྱི་ཡན་ལག་ཡན་ཆད་ཀྱི་བདེ་བ་དགོས་སོ། ། དེས་ན་བདེ་བ་དེ་དང་དབྱེར་མེད་པའི་སྟོང་པ་ཡང་སྟོང་གཟུགས་གང་བྱུང་གིས་མི་ཆོག་གི་ཏིང་ངེ་འཛིན་གྱི་ཡན་ལག་ཡན་ཆད་ཀྱི་སྟོང་གཟུགས་དགོས་སོ། །དབང་བཞི་པའི་བདེ་བ་དེ་ལ་མཆོག་དམན་གཉིས་ལས་མཆོག་ནི་འགྲེལ་ཆེན་ལས། ཕྱག་རྒྱ་ཆེན་པོ་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་འགྱུར་བའི་བདེ་བ་ཆེན་པོའི་སྐད་ཅིག་མ་རྣམས་ཀྱི་མཐའ་མ་མངོན་པར་རྫོགས་པར་བྱང་ཆུབ་པའི་མཚན་ཉིད་མི་ཆོད་པ་སྟེ། དེ་བཅོམ་ལྡན་འདས་གང་གིས་བྱང་ཆུབ་ཀྱི་ཤིང་དྲུང་དུ་ཐོབ་པ་དེ་ནི་དབང་མཆོག་ཐོབ་པའོ། །ཞེས་ 3-2-276b འབྲས་དུས་ཀྱི་བཞི་པ་ཉིད་དབང་བཞི་པའི་མཆོག་གམ་གཙོ་བོར་གསུངས་སོ། །འོ་ན་འབྲས་དུས་ཀྱི་བདེ་སྟོང་གཉིས་སུ་མེད་པའི་དབང་བཞི་པ་དེ་གཉིས་སུ་མེད་ཚུལ་ཇི་ལྟར་ཡིན་ཞེ་ན། རྒྱུད་ལས། ལུས་ནི་དང་ཞིང་རྡུལ་ཕྲན་ཉམས་པ་ནམ་མཁའ་དང་མཚུངས་མཚན་ ལ་སོགས་པ་རྣམས་ཀྱིས་རབ་རྫོགས་འགྱུར། །སྣ་ཚོགས་འཇིག་རྟེན་གསུམ་པོ་ཉིད་ནི་དང་ཞིང་སྒྲིབ་པ་རྣམ་པར་བྲལ་བ་རྨི་ལམ་བཞིན་དུ་སྣང༌། །སྐད་ནི་ཀུན་ནས་ཆད་པ་མེད་ཅིང་དུ་མའི་སྐད་གཞན་དག་གིས་གཞན་གྱི་སྙིང་ལ་འཇུག་པ་སྟེ། །སེམས་ནི་དམ་པའི་བདེ་བས་གང་ཞིང་ མི་གཡོ་ཐམས་ཅད་དུས་སུ་ལྷན་ཅིག་སྐྱེས་པས་འཁྱུད་པའོ། །ཞེས་འབྲས་དུས་ཀྱི་སྐུ་གསུང་ཐུགས་ངོས་བཟུང་བ་ན་རྡུལ་ཕྲ་རབ་ཀྱི་ཚོགས་པ་དང་བྲལ་བའི་སྟོང་གཟུགས་དྭངས་ཤིང་ཐོགས་པ་མེད་པས་ནམ་མཁའ་དང་མཚུངས་ཤིང་མཚན་དང་དཔེ་བྱད་ཀྱིས་བརྒྱན་ པ་སྐུར་བཤད་ནས་མི་འགྱུར་བའི་བདེ་བ་ཐུགས་སུ་གསུངས་པས། ལུས་སྟོང་གཟུགས་ཀྱི་ངོ་བོའི་ཡེ་ཤེས་ཀྱི་སྐུ་དང་ཐུགས་དངོས་པོའི་དེ་ཁོ་ན་ཉིད་ལ་ཞུགས་པའི་བདེ་བ་གཉིས་ངོ་བོ་དབྱེར་མེད་དུ་ཟུང་དུ་ཚུད་པ་ནི་གཉིས་སུ་མེད་པར་སོང་བའོ། །དེས་ན་ལམ་གྱི་ སྐབས་ཀྱི་དུ་བ་ལ་སོགས་པའི་སྟོང་གཟུགས་རྣམས་ཀྱང་གོང་ནས་གོང་དུ་གནས་གྱུར་ནས་མཚན་དཔེས་སྤྲས་པའི་རྣམ་པ་ཐམས་ཅད་པའི་སྐུར་འགྱུར་བར་གསུངས་ཏེ་རྒྱུད་ལས། ས་ནི་ཆུ་ལ་རབ་ཏུ་འཇུག་ཅིང་ཆུ་ཡང་འབར་བྱེད་ལ་སྟེ་གཙང་བར་བྱེད་པ་རླུང་ལའོ། ། རླུང་ནི་སྟོང་པ་ལ་སྟེ་སྟོང་པ་ངེས་པར་མཚན་མ་རྣམ་པ་བཅུ་རུ་འགྱུར་ཞིང་མཚན་མ་ནི། །རྣམ་པ་ཐམས་ཅད་པ་རུ་འགྱུར་ཏེ་མི་ཟད་མཆོག་གི་བདེ་བ་གཞོམ་དུ་མེད་པ་ཡེ་ཤེས་སྐུ། །ཡེ་ཤེས་ལས་ནི་དངོས་གྲུབ་ཏུ་འགྱུར་མི་བདག་སྐྱེས་བུ་རྣམས་ཀྱི་སྐྱེ་བ་འདི་ཉིད་ལའོ། ། 3-2-277a ཞེས་སོ། །འདི་པའི་ལུགས་ཀྱི་བདེ་སྟོང་གི་སྟོང་པ་ནི། ཕལ་ཆེར་སྟོང་གཟུགས་ལ་བཤད་པ་མང་ལ་དེའི་ཕྱིར་དེ་ལ་དམིགས་པ་དང་བཅས་པ་ཞེས་གསུངས་ཏེ་ཁ་དོག་དང་དབྱིབས་ཀྱི་རྣམ་པར་སྣང་བའི་ཕྱིར་རོ། །མི་འགྱུར་བའི་བདེ་བ་ནི་དངོས་པོའི་ དེ་ཁོ་ན་ཉིད་རྟོགས་པའི་བློ་སྟེ་དེའི་ཕྱིར་དེ་ལ་དམིགས་པ་མེད་པ་ཞེས་མང་དུ་གསུངས་སོ། །དེས་ན་བདེ་བ་ལ་ལྟ་བས་རྒྱས་བཏབ་པ་སོགས་ལ་བདེ་སྟོང་དབྱེར་མེད་དུ་མི་གཟུང་སྟེ་གཞུང་གཞན་ལས་བཤད་པའི་བདེ་སྟོང་དང་ཅུང་མི་འདྲའོ། །འདི་ཡང་འགྲེལ་ཆེན་ལས། རྣམ་པར་བཅས་ཀྱང་རྣམ་མེད་བཅོམ་ལྡན་ཤེས་རབ་མ་སྟེ་དེ་ཡིས་འཁྱུད། །སྐྱེ་འཇིག་སྤངས་པའི་འགྱུར་མེད་བདེ་བ་དང་ལྡན་རྒོད་པ་ལ་སོགས་བདེ་བ་སྤངས། །སངས་རྒྱས་རྣམས་ཀྱི་སྐྱེད་མཛད་སྐུ་གསུམ་དག་དང་ལྡན་ཞིང་དུས་གསུམ་ཡང་དག་རིག །ཀུན་མཁྱེན་ མཆོག་གི་དང་པོའི་སངས་རྒྱས་བཅོམ་ལྡན་གཉིས་མེད་དེ་ཉིད་ལ་ཕྱག་འཚལ། །ཞེས་གསུངས་པ་ལྟར་སྟོང་གཟུགས་ཀྱི་རིག་མས་འཁྱུད་པའི་རྣམ་པ་ཅན་དུ་བཞུགས་པས་ཁ་སྦྱོར་དང་བདེ་ཆེན་དང་རང་བཞིན་མེད་པ་སོགས་ཀྱི་ཡན་ལག་རྣམས་ཚང་བ་ཡིན་ལ་ ལོངས་སྐུའི་ཐ་སྙད་བྱེད་མི་བྱེད་གང་ཡིན་ཡང་དེའི་དོན་ཡང་ཚང་བས་འབྲས་བུའི་དབང་བཞི་པ་ཡན་ལག་བདུན་ལྡན་དུ་འོང་བ་གཞན་རྣམས་དང་འདྲའོ། །ལམ་དུས་ཀྱི་དབང་བཞི་པ་ཡང་རྗེས་དྲན་ནས་མ་བརྟགས་པའི་སྟོང་གཟུགས་ཀྱི་འདོད་ལྷ་ཡབ་ ཡུམ་གྱི་རྣམ་པ་ཅན་དུ་འཆར་བ་ཡོད་པས་ཏིང་ངེ་འཛིན་གྱི་སྐབས་སུ་ཡང་ཡོད་ལ་སྐབས་དེ་དག་ནས་སྟོང་གཟུགས་ཀྱི་ཕྱག་རྒྱ་ཆེན་མོས་མི་འགྱུར་བའི་བདེ་བ་བསྒྲུབ་པར་གསུངས་པ་ནི། སྟོང་གཟུགས་གང་ཡིན་གྱིས་མི་ཆོག་གི་སྟོང་གཟུགས་སྣ་ཚོགས་ཡུམ་ལྟ་ 3-2-277b བུའི་རིག་མར་ཤར་བ་དགོས་སོ། །དེའི་སྐབས་སུ་ལུས་དངོས་པོ་ལ་སྟོང་གཟུགས་ཀྱི་ལྷ་སྐུར་སོང་བ་མེད་ཀྱང་ཡིད་ངོ་ན་མ་བརྟགས་བཞིན་དུ་དེ་ལྟར་འཆར་བས་དེ་འདྲ་བའི་སྟོང་གཟུགས་དང་མི་འགྱུར་བའི་བདེ་བ་གཉིས་ཤེས་པ་གཅིག་གི་ངོ་བོར་དབྱེར་མེད་པ་ལ་ དབང་བཞི་པ་ཞེས་བྱའི་བདེ་བ་གཅིག་བུ་ལ་འཛིན་པའམ་སྟོང་པས་རྒྱས་བཏབ་པ་སོགས་ལ་དབང་བཞི་པར་མི་གཟུང་སྟེ། ལྷན་སྐྱེས་འགྱུར་མེད་ཉིད་ནི་བཞི་པ་སྟེ་ཞེས་པའི་འགྲེལ་ཆེན་ལས་ཀྱང༌། ལས་ཀྱི་ཕྱག་རྒྱ་དང་ཡེ་ཤེས་ཀྱི་ཕྱག་རྒྱའི་རྒྱུ་དང་བྲལ་བ་སྟོང་ པ་ཉིད་རྣམ་པ་ཐམས་ཅད་པ་རབ་ཏུ་གསལ་བའི་མཚན་ཉིད་དོ། །ཞེས་སོགས་ཀྱིས་སྟོང་གཟུགས་དང་ཚོགས་པ་ལན་དུ་མར་གསུངས་པའི་ཕྱིར་རོ། །ལུས་སྟོང་གཟུགས་ཀྱི་ལྷར་མ་བརྟགས་པར་སྣང་བ་དང་སེམས་མི་འགྱུར་བའི་བདེ་བའི་ངོ་བོར་སྐྱེས་པ་གཉིས་ཏིང་ ངེ་འཛིན་གྱི་ཡན་ལག་ཐོབ་པ་ནས་འོང་བས་ལམ་དུས་ཀྱི་དབང་བཞི་པ་དེ་ནས་འཇོག་པའི་རྒྱུ་མཚན་ཡང་དེ་བཞིན་དུ་ཤེས་པར་གྱིས་ཤིག །དེ་དག་གི་གནད་རྣམས་དམིགས་ཕྱེད་པར་བརྡ་སྤྲད་པས་དབང་བཞི་པ་ཐོབ་པ་ཡིན་གྱི་མི་འགྱུར་བའི་བདེ་བ་ཙམ་མམ་ དེ་ལ་ལྟ་བས་རྒྱས་བཏབ་པ་ཙམ་ལ་དབང་བཞི་པར་ངོ་སྤྲོད་པས་ནི་རྒྱུད་འགྲེལ་གྱི་གནད་ཟིན་པར་མ་མཐོང་ངོ༌། །དེ་ལྟར་ན་དོན་དམ་གྱི་དབང་བཞི་པ་ལ་ནི། གསུམ་པ་དཔེར་བླངས་ནས་བྱེད་མི་བྱེད་གང་ཡིན་ཀྱང་ལུས་སེམས་ཟུང་འཇུག་པའི་སྤྱིའི་རིགས་ལ་ འདི་པ་དང་རྒྱུད་གཞན་རྣམས་འདྲ་ཞིང་འོན་ཀྱང་དབང་བཞི་པ་ལ་སྒོས་ཀྱི་བཤད་པ་དུས་འཁོར་གྱི་སྐོར་མང་ངོ༌། །དེ་ལྟར་སྔར་བཤད་པ་ལྟར་གྱི་བརྡ་ལེགས་པར་བླ་མས་སློབ་མ་ལ་འབྱོར་ན་དེའི་གོ་བ་རྙེད་པ་ཙམ་གྱིས་དབང་བཞི་པ་ཚིག་གི་སྒོ་ནས་ཐོབ་པ་ 3-2-278a ཡིན་ལ་དེ་ཡང་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་འཐོབ་བོ། །སྒོ་གསུམ་གྱི་དྲི་མ་ཕྲ་མོ་སྤྱོང་བ་དང་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པའི་སྐུ་འགྲུབ་པའི་སྐལ་བ་ཅན་དུ་བྱེད་ཅིང་ཟུང་འཇུག་གི་རྫོགས་རིམ་སྒོམ་པ་ལ་དབང་བར་ བྱེད་དོ། །དབང་རྣམས་ལ་དག་པ་བརྗོད་དགོས་པར་དཱ་རི་ཀ་པས་བཤད་ལ་འདིའི་དམ་ཚིག་ནི། ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། །གཞན་གྱི་བུད་མེད་རྣམས་སྤྱད་ནས། །མ་བྱིན་པར་ཡང་ཁྱོད་ཀྱིས་ལོངས། །ཐམས་ཅད་ལ་ཡང་རྫུན་ཚིག་སྨྲོས། །ཞེས་ དཱ་རི་ཀ་པས་གསུངས་སོ། །སྡོམ་ནི། གསོལ་བ་བཏབ་པའི་སློབ་མ་ལ། །ཤེས་རབ་ཡེ་ཤེས་དཔེར་བྱས་ནས། །ཡན་ལག་བདུན་ལྡན་འབྲས་བུའི་དབང༌། །ངེས་པར་བྱས་ནས་དག་པ་སྦྱིན། །ཞེས་པའོ། །གསུམ་པ་ལ་གཉིས། བརྟུལ་ཞུགས་དང་ལུང་བསྟན་ དང༌། རྗེས་གནང་དང་དབུགས་དབྱུང་བའོ། །དང་པོ་ནི། འདིར་བརྟུལ་ཞུགས་གསུམ་སྦྱིན་པར་བྱ་བའི་རིག་མའི་བརྟུལ་ཞུགས་སྦྱིན་པ་ནི། དབང་བཞི་པའི་རྗེས་དེ་ནས་ཤེས་རབ་མ་དེའི་ལག་པ་སློབ་མའི་ལག་པར་བཞག་ལ་དེ་གཉིས་རང་གི་ལག་པ་གཡོན་པས་བཟུངས་ཏེ་ རྡོ་རྗེ་དང་བཅས་པའི་ལག་པ་གཡས་པ་སློབ་མའི་མགོ་བོར་བཞག་ནས། འདིར་ནི་ཁྱོད་རྣམས་དཔང་པོ་ཡིན། །བདག་གིས་འདི་ལ་འདི་གཏད་དོ། །ཞེས་དེ་བཞིན་གཤེགས་པ་རྣམས་དཔང་དུ་བཙུགས་ཏེ། ཐབས་གཞན་གྱིས་ནི་སངས་རྒྱས་མིན། །འགྲོ་ གསུམ་འདི་ཡང་དག་པ་ཡིན། །དེ་ཕྱིར་འདི་དང་བྲལ་བར་ནི། །ཁྱོད་ཀྱིས་ནམ་ཡང་མ་བྱེད་ཅིག །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །རིག་པའི་བརྟུལ་ཞུགས་བླ་ན་མེད། །རྨོངས་པ་གང་གིས་འདའ་བྱེད་པ། །དེ་ལ་མཆོག་གི་དངོས་གྲུབ་མེད། །ཅེས་བརྗོད་ 3-2-278b ནས་རིག་མའི་བརྟུལ་ཞུགས་སྦྱིན་པར་བྱའོ། །འགྲོ་གསུམ་ཞེས་པ་མ་གཏོགས་པ་འདུས་པ་ཕྱི་མ་ན་བཞུགས་ཏེ་ཅུང་ཟད་ཙམ་མི་འདྲའོ། །འདི་རྣམས་འདུས་པ་ཕྱི་མར་དབང་གསུམ་པའི་རིག་མ་སློབ་མ་ལ་གཏོད་པའི་སྐབས་སུ་གསུངས་པ་བཞིན་རྒྱ་གཞུང་ མང་པོར་ཡང་མཛད་ལ་སློབ་དཔོན་འདིས་རིག་མའི་བརྟུལ་ཞུགས་སྦྱིན་པའི་ཆོ་གར་མཛད་དོ། །མཚན་ཉིད་ལྡན་པའི་རིག་མ་དོར་བའི་ཐབས་གཞན་གྱིས་མྱུར་དུ་འཚང་མི་རྒྱ་ཞིང་དཱ་རི་ཀ་པས། འགྲོ་བ་གསུམ་ནི་དག་བྱེད་པས། །ཞེས་འབྱུང་བ་ལྟར་འགྲོ་ བ་གསུམ་ཡང་འདིས་དག་པར་བྱེད་པ་དེའི་ཕྱིར་རིག་མ་འདི་དང་བྲལ་བར་ཁྱོད་ཀྱིས་ནམ་ཡང་མ་བྱེད་ཅིག །རིག་མ་མཚན་ཉིད་ཚང་བ་ལས་བདེ་བ་ཆེན་པོའི་ཏིང་ངེ་འཛིན་སྒྲུབ་པ་འདི་དེ་སངས་རྒྱས་ཐམས་ཅད་ཀྱི་རིག་མའི་བརྟུལ་ཞུགས་བླ་ན་མེད་པའོ། །དེ་འདྲ་ བའི་འདོད་ཡོན་ལམ་བྱེད་ལ་རྨོངས་པ་གང་གིས་འདའ་བར་བྱེད་པ་དེ་ལ་ཚེ་འདིར་མཆོག་གི་དངོས་གྲུབ་འགྲུབ་པ་མེད་དེ་དེ་ནི་ཉེ་རྒྱུ་ཡིན་པའི་ཕྱིར་རོ། །རྡོ་རྗེའི་བརྟུལ་ཞུགས་ནི། དེ་ནས་སློབ་མ་རྡོ་རྗེ་སེམས་དཔའི་གཟུགས་སུ་བསྐྱེད་ལ། འདི་དེ་སངས་རྒྱས་ ཐམས་ཅད་ཉིད། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུངས། །ཞེས་བརྗོད་ལ་རྡོ་རྗེ་འཛིན་དུ་གཞུག་གོ། སློབ་མས་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་སྟྭཾ་དྷ་ར་ཡཱ་མི་བཛྲ་སཏྭ་ཧཱིཿ ཧི་ཧི་ཧི་ཧི་ཧཱུཾ་ཞེས་བརྗོད་ཅིང་གཟུང་བར་བྱའོ། །ཚིགས་བཅད་དང་སྔགས་དེ་གཉིས་ནི། དེ་ཉིད་བསྡུས་པའི་དུམ་བུ་དང་པོ་དང་གུར་གྱི་ལེའུ་བཞི་པ་ལས་གསུངས་སོ། །འདི་ཞེས་པ་ནི། རང་གི་ལག་ན་གནས་པའོ། །དེ་ཞེས་པ་ནི། བྱང་ཆུབ་སེམས་གང་དེ་རྡོ་རྗེ། ཞེས་ 3-2-279a གསུངས་པའི་རྡོ་རྗེའོ། །དེ་ཅི་ཞིག་ཡིན་ཞེ་ན་རྡོ་རྗེ་འདི་ནི་སངས་རྒྱས་ལྔ་པོ་ཐམས་ཅད་ཀྱི་རང་བཞིན་ནོ། །གང་གི་ཕྱིར་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་གྱི་རྡོ་རྗེ་འདི་རྡོར་སེམས་ཀྱི་ལག་ན་འདུག་པ་ཡིན་ལ་དེ་བས་ན་དེ་ཐོབ་ པར་བྱ་བའི་ཕྱིར་ཁྱོད་ཀྱིས་ཀྱང་རྟག་ཏུ་བཅང་བར་བྱའོ། །འདི་གང་གི་བརྟུལ་ཞུགས་ཡིན་སྙམ་ན་ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་ཏེ་དེ་ཡང་གཞན་གྱིས་མི་ཕྱེད་པས་ན་བརྟན་པའོ། །བརྟུལ་ཞུགས་ཀྱི་དོན་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་ གྲུབ་ཀྱི་དོན་དུ་ངེས་པར་བྱ་བ་སྟེ་རྡོ་རྗེ་ཡོངས་སུ་མི་འདོར་བའོ་ཞེས་དེ་ཉིད་སྣང་བ་ལས་བཤད་དོ། །རྡོ་རྗེའི་དབང་ནི། འོད་དཔག་མེད་དུ་བསྐྱེད་པ་ཞུ་བ་ལས་བྱུང་བའི་རྡོ་རྗེ་སློབ་མ་འོད་དཔག་མེད་དུ་བསྐྱེད་པ་ལ་ལག་ཏུ་གཏད་ནས་སོ་སོར་རྟོག་པའི་ ཡེ་ཤེས་དང་འོད་དཔག་མེད་ཀྱི་ནུས་པ་དགོད་པ་ཡིན་ཞིང༌། རྡོ་རྗེའི་དམ་ཚིག་ནི། ཧཱུཾ་ལས་བྱུང་བའི་རྡོ་རྗེ་དེའི་དེ་ཁོ་ན་ཉིད་དྲན་དུ་བཅུག་ནས་སློབ་མ་རྡོར་སེམས་སུ་བསྐྱེད་པ་ལ་འཛིན་དུ་འཇུག་པ་དང༌། རྡོ་རྗེའི་བརྟུལ་བཞུགས་ནི། སློབ་མ་རྡོར་སེམས་སུ་བསྐྱེད་ པ་ལ་རྡོར་སེམས་ཐོབ་པའི་ཐབས་སུ་ཡེ་ཤེས་ལྔའི་རྡོ་རྗེ་དེ་མ་བྲལ་བར་ཆོངས་ཤིག་ཅེས་གོ་བར་བྱེད་པས་ཁྱད་པར་དེ་བཞིན་དུ་ཤེས་པར་བྱའོ། །སློབ་མས་འཛིན་པའི་དུས་སུ་བརྗོད་པའི་སྔགས་དོན་ནི། དེ་བཞིན་གཤེགས་པ་ཐམས་ཅད་ ཀྱི་གྲུབ་པའི་རྡོ་རྗེ་དམ་ཚིག་འདི་བདག་ལ་བཞུགས་ཤིག་རྡོ་རྗེ་སེམས་དཔའ་གཟུང་བར་བགྱིའོ། །ཞེས་པ་སྟེ་ལྷའི་རིགས་ཀྱི་བློ་གྲོས་ཀྱིས། ཧི་ལྔས་ནི། མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་ཡེ་ཤེས་ལྔ་དང་ཧཱུཾ་གིས་ཆོས་ཀྱི་དབྱིངས་རྣམ་པར་དག་པ་སྟོན་པར་ 3-2-279b བཤད་དོ། །སྤྱོད་པའི་བརྟུལ་ཞུགས་ཀྱི་ཆོ་ག་ནི། སངས་རྒྱས་ཐོད་པ་དང་བདེ་མཆོག་དང་ཀྱཻ་རྡོར་ལ་སོགས་པ་གང་ཡང་རུང་བའི་སྙིང་པོའི་སྔགས་ཀྱིས་ཁ་ཊྭཱཾ་ག་དང་ཅང་ཏེའུ་དང་པདྨའི་སྣོད་རྣམས་ལ་ལན་གསུམ་བཟླས་ལ། རྡོ་རྗེ་སེམས་དཔའི་ ཕྱག་རྒྱ་འདི། །ཕྱི་དང་ནང་ན་ཡང་དག་གནས། །དེས་ན་ཁ་ཊྭཱཾ་ཅང་ཏེའུ་སྣོད། །བྱིན་པ་དཔའ་བོས་གཟུང་བར་གྱིས། །ཞེས་བརྗོད་ཅིང་འཛིན་དུ་གཞུག་གོ། སྣོད་ནི། ཐོད་པའོ། །ཚུལ་དེ་ལྟར་སྟེར་བ་ནི། དྲིལ་བུ་ཞབས་ཀྱི་དབང་ཆོག་ལས་ཀྱང་བཤད་དོ། །རྡོར་སེམས་ ཀྱི་ཕྱག་རྒྱ་ཐོད་པ་སོགས་འདི་རྣམས་ལ་ཕྱི་ནང་གཉིས་ཀྱི་ཕྱག་རྒྱ་ཡོད་པས་དེ་དྲན་བྱེད་དུ་བཅང་དགོས་པ་དེས་ན་ཞེས་སྦྱར་རོ། །གསུམ་པོ་དེ་ལས་གཞན་སྤྱོད་པའི་ཡན་ལག་ཏུ་རྒྱུད་གཞན་ལས་གསུངས་པ་ཡང་སྐབས་ཀྱི་དཀྱིལ་འཁོར་གྱི་གཙོ་བོའི་སྙིང་ པོས་བསྔགས་ལ་སྔར་ལྟར་འཛིན་དུ་གཞུག་གོ། དེ་ལྟར་ཡང་འདུས་པའི་ལེའུ་བཅུ་དྲུག་པ་ལས། གཟུགས་ནི་ཐོར་ཚུགས་དབུ་རྒྱན་འཆང༌། །ཆེན་པོ་ཁ་དོག་དཀར་པོ་འདྲ། །ཆོ་ག་བཞིན་དུ་ཐམས་ཅད་བྱ། །སྔགས་ཀྱི་སྡོམ་པས་ཀུན་ཏུ་བསྡམས། །སྡོང་བུ་ རྩ་བ་འབྲས་བུ་རྣམས། །བཟའ་དང་བཅའ་བ་ཐམས་ཅད་སྤྱོད། །ཅེས་བྱ་བ་ལ་སོགས་པས་རིག་པའི་བརྟུལ་ཞུགས་བླངས་པས་སྤྱོད་པའི་བརྟུལ་ཞུགས་བྱ་བར་གསུངས་སོ། །ཚིག་དེའི་རྐང་པ་བཞི་པ་དང་ལྔ་བའི་བར་དུ་སྐུ་གསུང་ཐུགས་རྡོ་རྗེའི་རྣལ་འབྱོར་པས་ རང་རང་གི་རིག་མ་དང་ལྷན་ཅིག་ཏུ་སྤྱོད་པ་བྱ་བར་གསུངས་ཏེ་དེ་ལ་དགོངས་སོ། །གང་ཡང་སྐྱེས་པའམ་བུད་མེད་སྤྱོད་པའི་བརྟུལ་ཞུགས་ཞུ་ན་བུད་མེད་ནི། རྡོ་རྗེ་ཕག་མོའམ་བདག་མེད་མའམ་མེ་ཏོག་འཕོག་པའི་རིགས་ཀྱི་ལྷ་མོའི་གཟུགས་སུ་བསྐྱེད། སྐྱེས་ 3-2-280a པ་ནི། བདེ་དགྱེས་ལ་སོགས་པར་བསྐྱེད་ནས་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་ཡེ་ཤེས་པ་གཞུག་ལ། བརྟག་གཉིས་ལས། འཁོར་ལོའི་གཟུགས་ཀྱིས་མི་བསྐྱོད་པ། །རྣ་ཆའི་བདག་ཉིད་འོད་དཔག་མེད། །མགུལ་ གྱི་ཕྲེང་བ་རིན་ཆེན་དབང༌། །ལག་པ་རྣམ་པར་སྣང་མཛད་དྲན། །སྐ་རགས་ལ་ནི་དོན་ཡོད་གནས། །ཞེས་གསུངས་པའི་ཕྱིར་འཁོར་ལོ་དང་རྣ་ཆ་དང་མགུལ་རྒྱན་དང་གདུ་བུ་དང་སྐ་རགས་རྣམས་རིམ་པ་བཞིན་དུ་མི་བསྐྱོད་པ་དང་འོད་དཔག་མེད་དང་རིན་ ཆེན་འབྱུང་ལྡན་དང་རྣམ་སྣང་དང་དོན་ཡོད་གྲུབ་པའི་གཟུགས་སུ་སྐད་ཅིག་གིས་བསམས་ལ། དེར་ཡེ་ཤེས་སེམས་དཔའ་དེ་ལྟར་སྤྱན་དྲངས་པ་བཅུག་སྟེ་མི་བསྐྱོད་པ་ལ་སོགས་པ་ཡོངས་སུ་གྱུར་པ་ལས་འཁོར་ལོ་ལ་སོགས་པའི་ཕྱག་རྒྱ་རྣམས་མི་ བསྐྱོད་པ་ལ་སོགས་པའི་རང་བཞིན་ཉིད་དོ་ཞེས་མོས་པས། ཨོཾ་དྷ་ར་དྷ་ར་དྷཱ་ར་ཡ་དྷཱ་ར་ཡ་མ་ར་ད་མ་ར་ད་བཛྲ་དྷྲིཀ་ཕཊ་སྭཱཧཱ། ཞེས་བྱ་བའི་སྔགས་ལན་གསུམ་བཟླས་པའི་འཁོར་ལོ་དེའི་མགོ་བོར་རྡོ་རྗེ་སེམས་དཔའ་ཞེས་བྱ་བའི་ཚིགས་བཅད་ བརྗོད་ཅིང་གཞག་པར་བྱའོ། །ཨོཾ་བཛྲ་དྷརྨཱཿས་མ་ཡ་སྟྭཾ་ཧཱུ་ལུ་ཧཱུ་ལུ་ཨ་རོ་ལིག་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་བཟླས་པའི་རྣ་རྒྱན་གཉིས་རྣ་བ་དག་ལའོ། །ཨོཾ་བཛྲ་སུ་རྱ་ཏ་མོ་བི་དྷ་མ་ན་ས་མ་ཡ་སྟྭཾ་ཨ་ཧཾ་རཏྣ་དྷྲིཀ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་ བརྗོད་པའི་མགུལ་རྒྱན་མགུལ་བར་རོ། །ཨོཾ་ཤཱ་ཤྭ་ཏ་པ་ར་མ་ཤཱ་ཤྭ་ཏ་ཨེ་ཧྱ་ཧི་ཛི་ན་ཛིཀ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་བཟླས་པའི་ལག་རྒྱན་གཉིས་གདུ་བུ་བཞིན་ལག་པ་དག་ལའོ། །ཨོཾ་ཕུཿཕུཿཧི་ཧི་ཧི་པྲཛྙཱ་དྷྲིཀ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་ 3-2-280b པའི་སྐ་རགས་རྐེད་པ་ལའོ། །བུད་མེད་ཀྱི་ཕྱོགས་ལ་ཚིགས་སུ་བཅད་པ་ལ་དཔའ་བོ་ཞེས་པ་ཕྱུང་ལ་ལྷ་མོ་ཞེས་པ་གཞུག་པར་བྱའོ། །ཡང་དག་གནས་ཞེས་བྱ་བའི་རྗེས་ལ་རིམ་པ་བཞིན་འཁོར་ལོ་མི་བསྐྱོད་པའི་གཟུགས་ཞེས་དང༌རྣ་རྒྱན་གཉིས་ནི་ གསུང་རྡོ་རྗེ་ཞེས་དང༌། མགུལ་པའི་ཕྲེང་བ་རིན་ཆེན་འབྱུང་ཞེས་དང༌། ལག་གདུབ་རྟག་པའི་བདག་ཉིད་དོ་ཞེས་དང༌། སྐ་རགས་དོན་ཡོད་གྲུབ་པ་ནི་ཞེས་བཅུག་ནས་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གདོན་པར་བྱའོ། །སྔགས་ལྔ་ནི་གུར་གྱི་དགུ་ པ་ལས་འབྱུང་སྟེ་རྒྱུད་གཞན་ལས་གསུངས་པའི་སྤྱོད་པའི་ཡན་ལག་ཀྱང་འཛིན་དུ་གཞུག་ཅེས་པའི་དོན་ཏོ། །དེ་ནས་སྐྱེས་པ་དང་བུད་མེད་ལྟ་སྟངས་ལ་སོགས་པའི་ནུས་པ་ཐོབ་པས་གཞན་དོན་དུ་དཔའ་བོའི་སྤྱོད་བའི་བརྟུལ་ཞུགས་ལེན་པ་ལ་ བདེ་མཆོག་གི་སྒོ་ནས་མགོ་ཕྲེང་དང་སྟག་ལྤགས་ལ་སོགས་པའི་བརྟུལ་ཞུགས་ཁྱད་པར་བ་སྦྱིན་པར་གསུངས་པ་ནི། དེ་ཉིད་ཀྱི་སྒོས་ཆོས་སུ་སྣང་བས་སྤྱི་འགྲོའི་སྐབས་སུ་རེ་ཞིག་མ་བརྗོད་དོ། །ལུང་བསྟན་པ་ནི། དེ་ནས་སློབ་དཔོན་དེ་བཞིན་ གཤེགས་པའི་སྤྱོད་པའི་ཚུལ་དུ་བྱས་ནས་ཆོས་གོས་ཀྱི་གྲྭ་དང་བཅས་པའི་ཁུ་ཚུར་གཡོན་པ་སྙིང་གར་བཟུངས་ཤིང་གཡས་པ་མི་འཇིགས་པ་སྦྱིན་པའི་ཕྱག་རྒྱས། སྲིད་པའི་ངན་འགྲོ་ལས་བཏོན་ནས། སྲིད་པ་ཤིན་ཏུ་ཞི་བྱའི་ཕྱིར། །རྡོ་རྗེ་སེམས་ དཔའ་དེ་བཞིན་གཤེགས། །བདག་གིས་ཁྱོད་ནི་ལུང་བསྟན་བགྱི། །ཀྱཻ་ཆེ་གེ་མོ་རྡོ་རྗེ་ཏ་ཐཱ་ག་ཏ་སིདྡྷི་ས་མ་ཡ་སྟྭཾ་བྷཱུར་བྷཱུ་ཝཿསྭཿ ཞེས་པའི་སྔགས་བརྗོད་ཅིང་མེ་ཏོག་ལྷུང་བའི་ལྷ་དང་མཐུན་པའི་དེ་བཞིན་གཤེགས་པའི་གཟུགས་སུ་བསྒོམས་ 3-2-281a པའི་སློབ་མ་ལུང་བསྟན་པར་བྱའོ། །ཞེས་འདི་དང་ལྭ་བ་པས་གསུངས་པས་སྐབས་འདིར་སློབ་མ་མེ་ཏོག་འཕོག་པའི་ལྷར་བསྐྱེད་ལ་བྱའོ། །དཱ་རི་ཀ་པས་མི་འཇིགས་པ་དང་མཆོག་སྦྱིན་གཉིས་གདམ་ང་ཅན་དུ་མཛད་དོ། ། ས་ར་ཧས། དེ་ཚེ་ཧེ་རུ་ཀ་དཔལ་དང༌། །མཁའ་འགྲོ་མ་དང་བླ་མར་བཅས། །མགྲིན་གཅིག་ལུང་སྟོན་བསམ་པར་བྱ། །ཞེས་གསུངས་པ་ལྟར་གཉིས་ཀས་བསྒོམ་དགོས་ལ་འདི་ལྟར་ལུང་སྟོན་པ་ནི། ཕྱག་རྒྱ་འདི་དང་སྔགས་རྣམས་ཀྱི་ མཐུ་ཡིན་ནོ་ཞེས་དད་པར་བྱ་བར་དཔལ་མཆོག་འགྲེལ་ཆེན་ལས་གསུངས་སོ། །ཚིགས་བཅད་དང་སྔགས་དེ་གཉིས་ནི། གུར་དང་དཔལ་མཆོག་ལས་གསུངས་སོ། །རིག་མ་དང་རྡོ་རྗེ་དང་སྤྱོད་པའི་བརྟུལ་ཞུགས་དང་ལུང་བསྟན་པ་རྣམས་ རྒྱུད་དང་དཀྱིལ་ཆོག་ཁ་ཅིག་ཏུ་དབང་བསྐུར་བའི་ཐ་སྙད་དུ་བྱས་སོ། །གཉིས་པ་ནི། འདིར་རྗེས་གནང་བྱེད་པ་ནི་ཁ་སྦྱོར་ལས། བཞི་པ་དེ་ནི་དེ་བཞིན་ཡང༌། ཞེས་པའི་རྗེས་ལ། བྱང་ཆུབ་སེམས་ཀྱི་དབང་གིས་ནི། །སློབ་མ་སྡིག་དང་བྲལ་ བ་ལ། །དེ་ནས་རྗེས་སུ་གནང་བ་སྦྱིན། །ཞེས་གསུངས་པའི་རྗེས་སུ་འབྲངས་པའོ། །དེ་ལ་གཉིས་ལས་སྤྱིའི་རྗེས་གནང་ནི། ཆོས་ཀྱི་འཁོར་ལོ་བྷཱུཾ་ལས་བསྐྱེད་པ་སློབ་མའི་མདུན་ནམ་སྟན་དུ་བྱིན་ཏེ། ཨོཾ་བཛྲ་ཧེ་ཏུ་མཾ། ཞེས་བརྗོད་དོ། །བཛྲ་ ཧེ་ཏུ་ནི། རྡོ་རྗེ་རྒྱུ་སྟེ་འདིས་ཆོས་ཀྱི་འཁོར་ལོ་སྐོར་དུ་འཇུག་པར་ཡོ་ག་ལས་བཤད་པའི་དབང་དུ་བྱས་པའོ། །ཨཿལས་སྐྱེས་པའི་དུང་ཨོཾ་བཛྲ་བྷཱ་ཥ་རཾ་ཞེས་བརྗོད་དེ་ལག་པ་གཡས་སུ་བྱིན་ཏེ་སྔགས་དོན་ནི། རྡོ་རྗེ་སྨྲ་བ་བྱ་བ་ཡིན་པས་ 3-2-281b འདིས་ཆོས་སྨྲ་བར་བྱེད་པར་ཡོ་ག་ལས་བཤད་པའི་དབང་དུ་བྱས་པའོ། །དབྱངས་དང་པོ་ལས་སྐྱེས་པའི་པོ་ཏི་དང་དབྱངས་ཐ་མ་ལས་སྐྱེས་པའི་དྲིལ་བུ་ཡི་གེ་དེ་གཉིས་བརྗོད་ནས་ལག་པ་གཡོན་དུ་བྱིན་ལ་དྲིལ་བུ་དཀྲོལ་དུ་གཞུག་ཅིང༌། ཐམས་ཅད་ནམ་ མཁའི་མཚན་ཉིད་དེ། །ནམ་མཁའ་ཡང་ནི་མཚན་ཉིད་མེད། །ནམ་མཁའ་མཉམ་པ་ཉིད་སྦྱོར་བས། །ཐམས་ཅད་མཆོག་ནི་མཉམ་ཉིད་གསལ། །དེང་ནས་བརྩམས་ཏེ་སེམས་བསྐྱེད་པ། །ཙམ་གྱིས་ཆོས་དུང་བླ་མེད་པ། །ཀུན་ནས་ཡོངས་ སུ་བཀང་ནས་ནི། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། །ཞེས་བརྗོད་པར་བྱའོ། །ཇི་ལྟར་ནམ་མཁའ་ཐོགས་པའི་རྫས་ཐམས་ཅད་བཀག་པ་ཙམ་ཡིན་པས་དངོས་པོའི་རང་བཞིན་མེད་པ་དེ་བཞིན་དུ་དངོས་པོ་ཐམས་ཅད་ལ་ཡང་རང་བཞིན་ མེད་དེ་དོན་དམ་པར་གདོད་མ་ནས་མ་སྐྱེས་པའི་ཕྱིར་རོ། །ནམ་མཁའ་དང་མཉམ་པའམ་འདྲ་བ་ནི། དེ་བཞིན་ཉིད་ཡིན་ལ་དེའི་སྦྱོར་བ་ནི། རྣལ་འབྱོར་པའི་སེམས་དང་སེམས་བྱུང་རྣམས་དེ་བཞིན་ཉིད་དང་རོ་གཅིག་ཏུ་གྱུར་པའོ། །དེས་ན་རྣལ་ འབྱོར་པའི་ཡེ་ཤེས་དེས་ཀུན་མཆོག་མཉམ་པ་ཉིད་ཀྱི་དེ་བཞིན་ཉིད་དེ་གསལ་བ་སྟེ་ཁྱབ་པའོ་ཞེས་དཔལ་མཆོག་འགྲེལ་ཆེན་ལས་བཤད་ལ། ཕྲེང་བ་ལས། ཆོས་ཐམས་ཅད་ཀྱི་མཆོག་སྟེ་སྒྲིབ་པ་དང་བྲལ་བས་ན་རང་བཞིན་མེད་པའོ། ། གསལ་བ་ནི་བསྒོམས་པས་མངོན་སུམ་དུ་བྱས་པ་སྟེ་ཁྱོད་ཀྱིས་ཀྱང་དེ་བཞིན་གྱིས་ཤིག་ཅེས་པའོ། །དེ་ལྟར་དེ་ལ་མོས་པས་ཆོས་འཁོར་སྐོར་ཅིག་ཅེས་དྲིལ་བུས་མཚོན་པར་བྱེད་དོ་ཞེས་བཤད་དེ་དྲིལ་བུའི་སྒྲས་ཆོས་ཕུང་སྒྲོག་པ་མཚོན་པའོ། ། 3-2-282a གླེགས་བམ་སྟེར་བ་ནི། སྒྱུ་དྲ་ལས་སོ། །རྣམ་སྣང་མངོན་བྱང་ལས་ཀྱང༌། དེ་ནས་རྐང་པའི་བར་འོག་ཏུ། །ཆོས་ཀྱི་འཁོར་ལོ་གཞག་པར་བྱ། །དེ་ནས་ལག་པ་གཡས་པར་ཡང༌། །ཤིན་ཏུ་བཟང་པོའི་དུང་བྱིན་ཏེ། ཆོས་ཀྱི་དུང་ནི་བླ་མེད་པ། །ཀུན་ཏུ་རྒྱས་པར་བུས་ནས་སུ། །དེ་རིང་ཕྱིན་ཅད་འཇིག་རྟེན་ལ། །སྐྱོབ་པ་རྣམས་ཀྱི་འཁོར་ལོ་སྐོར། །སོམ་ཉི་ཡིད་གཉིས་མི་བྱ་ཞིང༌། །དོགས་པ་མེད་པའི་སེམས་ཀྱིས་ཁྱོད། །གསང་སྔགས་སྤྱད་པའི་ཚུལ་ གྱི་མཆོག །འཇིན་རྟེན་འདི་ལ་རབ་ཏུ་ཤོད། །དེ་ལྟར་བྱས་ནས་སངས་རྒྱས་ལ། །ཕན་འདོགས་བྱས་པ་གཟོ་ཞེས་བྱ། །རྡོ་རྗེ་འཛིན་པ་དེ་ཀུན་ཀྱང༌། ཁྱོད་ལ་རྣམ་པ་ཀུན་ཏུ་སྲུང༌། །ཞེས་མེ་ལོང་བསྟན་པའི་རྗེས་སུ་གསུངས་སོ། །དེ་ནས་ རིགས་སོ་སོའི་རྗེས་གནང་ལྷག་པར་སྦྱིན་པ་ནི། སློབ་མ་རྣམ་སྣང་ལ་སོགས་པའི་གཟུགས་སུ་བསྒོམས་ནས། སེམས་ཅན་ཀུན་ལ་ཕན་དོན་དུ། །འཇིག་རྟེན་ཀུན་ཏུ་ཐམས་ཅད་ནས། །སྣ་ཚོགས་ཇི་ལྟར་འདུལ་བ་ཡི། །ཆོས་ཀྱི་འཁོར་ལོ་ སྐོར་བར་གྱིས། །ཤེས་རབ་ཐབས་ཀྱི་རང་བཞིན་བདག །ཡིད་བཞིན་ནོར་བུ་ལྟར་མཐོ་བས། །སྐྱོ་མེད་དོགས་དང་བྲལ་བ་ཡིས། །དེ་ལྟར་སེམས་ཅན་དོན་གྱིས་ཤིག །ཅེས་པའི་ཆོས་ཀྱི་ཚབ་མར་རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་ལས་ ཀྱི་སྒྲ་བཅུག་པའི་ཚིགས་བཅད་ལྔས་རིགས་ལྔ་ལས་བརྩམས་པའི་དཀྱིལ་འཁོར་བྲི་བཤད་བྱེད་པའི་རྗེས་གནང་སྦྱིན་ནོ། །ཚིགས་བཅད་ལྔ་པོ་དེ། དེ་ཉིད་བསྡུས་པ་ལས་གསུངས་སོ། །རྐང་པ་གསུམ་པ་ལ་ལྭ་བ་པའི་དཀྱིལ་ཆོག་ལས། ཇི་ལྟར་ 3-2-282b གདུལ་བྱ་སྣ་ཚོགས་ལ། །ཞེས་བསྒྱུར་བ་ལྟར་བདེའོ། །དེ་ནས་སློབ་མས་ཕྱག་བྱས་ལ། །གཙོ་བོས་ཇི་ལྟར་བཀའ་བསྒོ་བ། །དེ་བཞིན་དུ་ནི་བདག་གིས་བགྱི། །ཞེས་བརྗོད་དོ། །དེ་ནས་དབུགས་དབྱུང་བའི་ཆོ་ག་ནི། དེ་ནས། སྤྱི་བོ་རུ་ནི་གདུགས་བཟུང་ ནས། །སྐོར་བ་བྱེད་དུ་བཅུག་ནས་ནི། །དཀྱིལ་འཁོར་སྒོར་ནི་ཐལ་སྦྱོར་བ། །གདུགས་བཅས་དབབ་ཅིང་འདི་བརྗོད་བྱ། །རྒྱུད་རྣམས་འཛིན་པར་འགྱུར་བ་ཡི། །སློབ་མ་འདི་ནི་ཕུལ་བ་ལགས། །ཞེས་པས་དཀྱིལ་འཁོར་གྱི་དབང་ཕྱུག་ལ་གསོལ་ བ་བཏབ་ནས་གདུགས་གཞན་དུ་བཞག་ལ་སློབ་མའི་སྙིང་ལ་འབབ་པ་བརྗོད་པར་བྱ་སྟེ། ད་ནི་ཁྱེད་རྣམས་དཀྱིལ་འཁོར་གྱི། །སློབ་དཔོན་སྔགས་དང་རྒྱུད་འཛིན་པར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །ལྷ་རྣམས་དག་ཀྱང་དགོངས་པར་ འགྱུར། །སེམས་ཅན་ཀུན་ལ་བརྩེ་དོན་དུ། །ཁྱོད་ཀྱིས་དཀྱིལ་འཁོར་ཆོ་ག་བཞིན། །རབ་ཏུ་འབད་དེ་བྲི་བར་བྱ། །སྒྲུབ་པ་པོ་རྣམས་རྒྱུད་ལ་སྦྱོར། །མཆོག་ཏུ་གསང་བ་དམ་པ་ཡི། །དཀྱིལ་འཁོར་མཐོང་ཞིང་ཞུགས་པས་ན། །སྡིག་པ་ཀུན་ལས་རྣམ་ པར་གྲོལ། །དེ་རིང་ཁྱེད་རྣམས་བདེ་བར་གནས། །བདེ་ཆེན་ཐེག་པ་འདི་ལས་ནི། །ཕྱིན་ཆད་འཆི་བ་ཁྱོད་ལ་མེད། །སྲིད་པའི་སྡུག་བསྔལ་ལས་ཁྱོད་འདས། །སྲིད་པ་ཤིན་ཏུ་མཐའ་གྲུབ་པ། །སངས་རྒྱས་རྡོ་རྗེ་ཅན་ཀུན་གྱིས། །དེ་རིང་ཚེ་ལྡན་དབང་ བསྐུར་རོ། །ཁམས་གསུམ་ཀུན་གྱི་རྒྱལ་སྲིད་ཆེ། །བདག་པོ་ཉིད་དུ་ཁྱོད་ངེས་སོ། །འདོད་ཆགས་བྲལ་བ་ལྟ་བུའི་སྡིག །ཁམས་གསུམ་ན་ནི་གཞན་མེད་དེ། །དེ་བས་འདོད་ལ་ཆགས་བྲལ་ཉིད། །ཁྱོད་ཀྱིས་ནམ་ཡང་མི་བྱའོ། །འདོད་པ་ཀུན་ལ་སྤྱོད་པ་ 3-2-283a ཁྱོད། །གང་ལའང་འཇིགས་མེད་སྤྱད་པར་གྱིས། །ཤ་ལྔ་བདུད་རྩི་ལྔ་བཟའ་བྱ། །འདི་ལས་གཞན་ཡང་དམ་ཚིག་སྲུངས། །སྲོག་ཆགས་གསད་པར་མི་བྱ་ཞིང༌། །བུད་མེད་རིན་ཆེན་སྤང་མི་བྱ། །སློབ་དཔོན་སྤང་བར་ མི་བྱ་སྟེ། །དམ་ཚིག་ཤིན་ཏུ་འདའ་བར་དཀའ། །ཤེས་རབ་ཐབས་ཀྱི་བསམ་པ་ཡིས། །མི་བྱ་ཅུང་ཟད་ཡོད་མ་ཡིན། །མ་འཇིགས་ཁྱོད་ལ་སྡིག་པ་མེད། །དེ་བཞིན་གཤེགས་པའི་གསུང་ཇི་བཞིན། །འདི་ལྟར་ཡིད་ནི་རབ་དང་རྡོ་རྗེ་ཉིད་དུ་གྱིས། ། རང་གི་དམ་ཚིག་མི་ཟད་བདེ་སྟེར་བསྟེན་པར་གྱིས། །འགྲོ་བ་བདེ་བ་ཉུང་བར་རྡོ་རྗེ་སེམས་དཔའ་དང༌། །མཚུངས་པའི་རྟག་པ་ཉིད་དུ་ཁྱེད་རྣམས་ཕྱིན་པར་འགྱུར། །གཞན་ཡང་གང་དག་ཆོ་ག་ཇི་ལྟ་བ་བཞིན་དབང་བསྐུར་བ་ལ་དགེ་བའི་ཕྱིར་ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་སྡུག་པའི་བུ་དང་འདྲ་བར་ཐུགས་དང་བས་ཡང་དག་པར་དགོངས་པ་མཛད་པ་འདི་ནི་ཆོས་ཉིད་ཡིན་ནོ་ཞེས་བརྗོད་དོ། །དེ་ལ་སྤྱི་བོ་རུ་ནི་ཞེས་སོགས་ཀྱི་རྐང་པ་དྲུག་དང་ད་ནི་ཞེས་པ་ནས། རྒྱུད་ལ་སྦྱོར་ཞེས་པའི་བར་ཡང་སྤྱི་རྒྱུད་ལས་འབྱུང་ངོ༌། །དེའི་སྔོན་དུ་ཇི་ལྟར་བྱ་བ་ཡང་སྤྱི་རྒྱུད་ལས། དེ་ལྟར་དབང་བསྐུར་བྱས་ནས་ནི། །དེ་ལ་གསར་པའི་གོས་རྣམས་བསྐོན། །མེ་ཏོག་དྲི་ལ་སོགས་པས་མཆོད། །མཆོད་ཕྱིར་ཐོགས་དང་གདུ་བུར་ བཅས། །ཞེས་གསུངས་པའི་དོན་ནི། ལྭ་བ་པས་ལྷ་ཐམས་ཅད་ཀྱི་སྙིང་པོའི་སྔགས་ཀྱིས་སློབ་མའི་སྙིང་གར་བསྔགས་ཏེ་ལག་པ་གཡས་པར་བསྲུང་བའི་གདུ་བུ་འཆིང་བར་གསུངས་པ་ལྟར་རོ། །གདུགས་འཛིན་མཁན་ལྭ་བ་པས་ལས་ཀྱི་རྡོ་རྗེས་མགོ་ 3-2-283b བོར་གདུགས་འཛིན་པར་བཤད་ལ། སྤྱི་རྒྱུད་ལས། དེ་ནས་བླ་མ་བདག་ཉིད་ཀྱིས། །དེ་ཡི་སྤྱི་བོར་གདུགས་ཀྱང་གཟུང༌། །ཐལ་མོ་སྦྱར་བ་བྱས་ནས་ནི། །དཀྱིལ་འཁོར་ལེགས་པར་སྐོར་དུ་གཞུག །ཅེས་བླ་མས་འཛིན་པར་གསུངས་ཏེ་གདམ་ང་ཅན་ནོ། ། དེ་ནས་ཤར་སྒོ་ནས་ལུས་ས་ལ་ཕབ་པའི་ཕྱག་བྱས་ནས་མགོ་བོ་མ་བཏེག་པར་བླ་མས་འབུལ་བར་དཱ་རི་ཀ་པས་བཤད་དོ། །མཆོག་གསང་ཞེས་པའི་དཀྱིལ་འཁོར་ནི་གང་དུ་ཞུགས་ནས་དབང་བསྐུར་བའི་དཀྱིལ་འཁོར་སྐབས་དང་སྦྱར་རོ། །དཀྱིལ་ འཁོར་དེར་མེ་ཏོག་དོར་བའི་འོག་ཏུ་མཐོང་བ་དང་དེའི་གོང་དུ་དེར་ཞུགས་པས་སྲོག་གཅོད་པ་ལ་སོགས་པའི་སྡིག་པ་ཐམས་ཅད་དང་བྲལ་བས་ཁྱེད་དེང་ནས་བཟུངས་ཏེ་བྱང་ཆུབ་སྙིང་པོའི་བར་དུ་ལྷ་མིའི་སྲིད་པ་ལ་ཡིད་དགའ་བས་ལེགས་པར་གནས་ པའོ། །ཕྲེང་བ་ལས། སྡིག་པ་མི་བྱེད་པར་ངེས་པས་ངན་འགྲོ་ལས་གྲོལ་བའི་ཕྱིར་བདེ་འགྲོའི་བདེ་བ་ལ་ངེས་པར་བཤད་དོ། །ཞུགས་ཤིང་མཐོང་བས་ཁྱེད་རྣམས་ལ་ཕྱིན་ཆད་ཤི་བ་ཡོད་པ་མིན་ཏེ་ཐར་པ་ཆེན་པོའི་རང་བཞིན་གྱི་རྡོ་རྗེ་ཐེག་པ་བདེ་བ་ཆེན་པོ་འདི་ལ་ཁྱེད་ཞུགས་ པས་སོ། །འདིར་དཔལ་མཆོག་ལས། མི་ཚུགས་པ་དང་མི་སོད་པས། །ཅིས་ཀྱང་མི་འཇིགས་རོལ་པར་གྱིས། །ཞེས་གསུངས་ཏེ། ཐེག་པ་གཞན་འདོད་པའི་བསམ་པས་མི་ཐུབ་པ་སྟེ་མི་ཚུགས་པ་དང་དེས་ཐེག་པ་འདི་ལས་མི་ལྟུང་བའི་མི་སོད་པས་རོལ་ པ་སྟེ་རྡོར་སེམས་ལ་སོགས་པའི་དངོས་གྲུབ་སྒྲུབ་པར་གྱིས་ཤིག་ཅེས་པ་སྟེ་སྲིད་པའི་སྡུག་བསྔལ་ཅིས་ཀྱང་འཇིགས་པ་མེད་པའི་ཕྱིར་རོ། །དེའི་རྒྱུ་མཚན་ནི། མཐོང་བ་དང་ཞུགས་པས་འདོད་པའི་སྲིད་པ་ལ་སོགས་པའི་སྡུག་བསྔལ་མཐའ་མེད་པ་འདི་ཁྱེད་ 3-2-284a རྣམས་ལ་ལྡོག་པའི་ཕྱིར་རོ། །ཕྲེང་བ་ལས་སྲིད་པའི་སྡུག་བསྔལ་ལས་འདས་པ་ནི། ཆོས་སྐུ་ཐོབ་པ་དང་ཤིན་ཏུ་སྲིད་པའི་མཐའ་ནི་མཐའ་མེད་པའི་སྲིད་པ་ལོངས་སྐུ་སྟེ་རྒྱུན་མི་འཆད་པར་རྟག་པས་སོ་ཞེས་བཤད་ལ། དཔང་འགྱུར་ལས་སྲིད་པ་མཐའ་གྲུབ་ཆེད་དུ་ཞེས་བསྒྱུར་ཏེ་དབང་བསྐུར་བ་དེའི་ཆེད་ཡིན་པའོ། །སྐབས་འདིར་དམ་ཚིག་སྡོམ་པ་གྲུབ་པ་འདི། ཞེས་སོགས་དམ་ཚིག་མང་པོ་ཞིག་དཔལ་མཆོག་ལས་གསུངས་ཤིང་དཀྱིལ་ཆོག་མང་པོར་ཡང་འབྱུང་བ་ནི་རྩ་ལྟུང་ གི་རྣམ་བཤད་དུ་རྒྱས་པར་བཤད་ཟིན་ཏོ། །སངས་རྒྱས་ཀུན་གྱིས་དེ་རིང་ཁྱེད་དབང་བསྐུར་བས་འདོད་པ་སོགས་ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་པོའི་རྒྱལ་སྲིད་ཐོབ་པའི་ཕྱིར་བདག་པོ་སྟེ་འདོད་པ་ཁམས་ཀྱི་དབང་ཕྱུག་གི་བདག་པོའོ། །དེར་ངེས་པ་ནི། ཕྱིར་མི་ལྡོག་པའི་ས་བོན་སྐྱེད་པས་སངས་རྒྱས་མངོན་སུམ་དུ་བྱེད་པའི་ཕྱིར་རོ། །འདིར་དཔལ་མཆོག་ལས། དེང་ནི་བདུད་ལས་རྣམ་རྒྱལ་ཏེ། །གྲོང་ཁྱེར་མཆོག་ཏུ་རབ་ཏུ་ཞུགས། །ཁྱེད་རྣམས་ཀྱིས་ནི་སངས་རྒྱས་ཉིད། །དེང་འདིར་ཐོབ་པར་ཐེ་ཚོམ་མེད། ། ཅེས་གསུངས་སོ། འདོད་པར་བྱ་བས་ན་འདོད་པ་སྟེ་རྡོར་སེམས་ཀྱི་གོ་འཕང་ངོ༌། །དེ་ལ་ཆགས་པ་སྟེ་དེ་འདོད་པའི་འདུན་པ་དང་བྲལ་བའི་སྡིག་ནི། ཁམས་གསུམ་ན་གཞན་མེད་དེ་བྱང་ཆུབ་ཀྱི་སེམས་བཏང་བའོ། །དེ་བས་ན་འདོད་ཡུལ་རྡོར་སེམས་ལ་ཆགས་ པ་སྟེ་འདུན་པ་དང་བྲལ་བར་ཁྱོད་ཀྱིས་ནམ་ཡང་མི་བྱའོ་ཞེས་གདམས་པ་ནི། དེ་ཉིད་བསྡུས་པ་ལས་གསུངས་པའོ། །འདིར་དཀྱིལ་ཆོག་གཞན་རྣམས་སུ་མ་ཧཱ་ས་མ་ཡ་ཞེས་སོགས་འབྱུང་བའི་དོན་ནི་དམ་ཚིག་ཆེན་པོ་སྟེ་བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་ 3-2-284b ཅན་རྡོར་སེམས་ལ་ཆགས་པའོ། །ཧ་ན་ནི། ཆོམས་ཤིག་པ་སྟེ་དམ་ཚིག་དེས་ཐེག་དམན་གྱི་བྱང་ཆུབ་འདོད་པ་ཆོམས་ཤིག་པའོ། །ཕཊ་ནི། ཁོས་ཤིག་ཅེས་པའོ། །འདོད་པ་ཀུན་ལ་ལོངས་སྤྱོད་པ་ནི། ཀུན་སྙིང་གིས་འདོད་པར་བྱ་བའི་ཡུལ་རྡོར་སེམས་ལ་ལོངས་ སྤྱོད་པ་ལ་འཆད་ལ་གཞན་རྣམས་ཀྱིས་འདོད་ཡོན་རྣམས་ལ་ཐབས་མཁས་ཀྱིས་སྤྱོད་པ་ལ་འདོད་དོ། །སྲོག་ཆགས་གསད་མི་བྱ་ནས་དམ་ཚིག་འདའ་བར་དཀའ་བའི་བར་རྣམས་ཁ་སྦྱོར་ལས་འབྱུང་ཞིང་དེར་བདུད་རྩི་ལྔ་བསྟེན་པ་ཡང་གསང་དབང་གི་དམ་ཚིག་ཏུ་བཤད་ལ་ སློབ་དཔོན་འདིས་ཤ་ལྔ་བསྟེན་པ་དང་བཅས་པ་རྣམས་དམ་ཚིག་ཐུན་མོང་དུ་གསུངས་སོ། །ཐབས་ཤེས་ཀྱི་རྣལ་འབྱོར་དམ་པ་དང་ལྡན་པ་ལ་བཀག་པ་མང་པོ་གནང་བས་ཤེས་རབ་ཅེས་པའི་རྐང་པ་གཉིས་གསུངས་ཏེ་འདི་དག་གི་ལྷག་མ་སྔ་ཕྱི་རྣམས་དཔལ་ མཆོག་ན་ཡོད་དོ། །བླ་མ་དང་སངས་རྒྱས་ལ་ཡིད་རབ་ཏུ་དང་བ་རྡོ་རྗེ་སྟེ་མི་ཕྱེད་པ་ཉིད་དུ་གྱིས་ཤིག །རང་གི་དམ་ཚིག་ནི། རང་གི་ལྷ་རྣམས་ཡིན་ལ་ཟད་པ་མེད་པའི་བདེ་བ་སྟེར་བ་དེ་རྣམས་བསྟེན་པ་སྟེ་སྒོམས་ཤིག་ཅེས་པའོ། །བདེ་བ་ཉུང་ཞིང་སྡུག་བསྔལ་མང་ བའི་འགྲོ་བར་ཁྱེད་སྐྱེས་ཀྱང་ཁ་ན་མ་ཐོ་བ་མེད་པའི་བདེ་བ་རྟག་པ་ཉིད་འཐོབ་བོ་ཞེས་ཕྲེང་བ་ལས་འཆད་དོ། །བཤད་པ་དེ་དག་ཕལ་ཆེར་ནི། དཔལ་མཆོག་འགྲེལ་ཆེན་ལས་འབྱུང་བ་བཞིན་བཀོད་པའོ། །གང་གིས་གདུལ་བྱ་རྣམས་དགའ་བ་སྐྱེད་པར་བྱེད་པ་ ལ་དབུགས་དབྱུང་བ་ཞེས་ཀུན་སྙིང་གིས་བཤད་ལ། ལྭ་བ་པས་དེ་དག་གཟེངས་བསྟོད་དུ་ཡང་གསུངས་སོ། །དེ་ལྟར་དབང་ཐོབ་ཅིང་དབུགས་ཕྱིན་ཏེ་དགའ་བའི་སློབ་མས་ཇི་ལྟར་བསྒོ་བ་དེ་ལྟར་བགྱིའོ། །དེ་ནས། དེང་བདག་སྐྱེ་བ་འབྲས་བུར་བཅས། །བདག་གི་ 3-2-285a གསོན་པ་འབྲས་བུར་བཅས། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་དེང་བདག་གྱུར། །ཅེས་ཁ་སྦྱོར་ལས་འབྱུང་བ་བརྗོད་ལ་རྟ་དང་རིན་པོ་ཆེ་ལ་སོགས་པ་དང་གཅེས་པའི་ཆུང་མ་དང་བུ་ལ་སོགས་པའམ་ཇི་ ལྟར་ནུས་པའི་ཡོན་བླ་མ་ལ་དབུལ་ལོ། །གཏོར་མ་དང་སྦྱིན་སྲེག་དང་སྟོན་མོ་ལ་སོགས་པ་ཡང་བྱའོ། །བཞི་པ་ལ་གཉིས། དབང་མཐའ་རྟེན་དང་བཅས་པའི་དོན་བཤད་པ་དང༌། དབང་དོན་ལམ་གྱི་རིམ་པར་བསྒྲིགས་ནས་ངེས་པ་བསྐྱེད་པའོ། །དང་པོ་ ལ་གཉིས། བུམ་དབང་མཐའ་རྟེན་དང་བཅས་པའི་དོན་བཤད་པ་དང༌། གོང་མ་གསུམ་མཐའ་རྟེན་དང་བཅས་པའི་དོན་བཤད་པའོ། །དང་པོ་ནི། དབང་བཞི་ལས་བུམ་དབང་གི་སྐབས་ཀྱི་ཕྲེང་བའི་དབང་ནི། མེ་ཏོག་གང་ལ་འཕོག་པའི་དེ་བཞིན་གཤེགས་པའི་ རང་བཞིན་གྱིས་སློབ་མའི་རང་བཞིན་གྱིས་རྣམ་པར་དག་པའི་རིགས་གསལ་བའམ་ངེས་པར་བྱ་བའི་ཕྱིར་དུ་བླ་མས་མགོ་བོར་མེ་ཏོག་གི་ཕྲེང་བ་བཅིངས་ནས་སློབ་མ་དང་དེའི་རིགས་ཀྱི་ལྷ་གཉིས་ངོ་སྤྲད་པས་ལྷས་སློབ་མ་རྗེས་སུ་བཟུང་བ་ལ་དེ་ལྟར་ངེས་པར་བྱས་ པའོ། །སློབ་མས་མ་རིག་པའི་དྲི་མ་འཁྲུད་པར་ནུས་པ་ཉིད་དུ་བསྒྲུབ་པའི་ཕྱིར་དུ་ཆུའི་དབང་ངོ༌། །དེ་བཞིན་གཤེགས་པས་རིགས་བདག་མཛད་པའི་སྒོ་ནས་རྒྱས་འདེབས་ཀྱི་འདུ་བྱ་བ་བསྐྱེད་པ་དང་གཙུག་ཏོར་སྐྱེད་པར་ནུས་པ་ཉིད་ཀྱི་ཆེད་དུ་མགོ་བོར་ཅོད་པན་ གྱི་དབང་ངོ༌། །ཉོན་མོངས་ལ་སོགས་པའི་དགྲ་རྩ་བ་ནས་འདོན་པའི་ཆེད་དུ་དཔའ་བོའི་དར་དབྱངས་བཅིངས་བ་སྟེ་ཅོད་པན་གྱི་དབང་གི་འཁོར་རོ། །རྒྱུད་ཁ་ཅིག་ཏུ་འདི་ཅོད་པན་གྱི་དབང་ལས་དབང་ཐ་དད་དུ་བརྗོད་དོ། །ཁ་ཅིག་ཏུ་ནི། དར་དཔྱངས་འཆིང་བ་མ་གསུངས་ 3-2-285b ཏེ་དེ་ནི་བསམ་པའི་ཁྱད་པར་ལས་ཅོད་པན་གྱི་དབང་གིས་ཀྱང་འགྲུབ་པའི་དོན་ནོ། །དེ་ཁོ་ན་ཉིད་དང་དབྱེར་མེད་པའི་ཡེ་ཤེས་སྐྱེ་བའི་ནུས་པ་ཅན་དུ་བསྒྲུབ་པའི་ཕྱིར་དུ་རྡོ་རྗེའི་དབང་ངོ༌། །བདག་པོའི་དབང་ནི། ཕྲེང་བ་ལས་སྟོང་པ་དང་སྙིང་རྗེ་དབྱེར་མེད་པ་བླ་ན་མེད་པའི་ཡེ་ཤེས་ ཆོས་འབྱུང་མཚོན་པར་བྱེད་པའི་དྲིལ་བུ་སྒྲ་དང་བཅས་པས་དབང་བསྐུར་བའོ། །བདག་པོ་དེའི་ཆེད་དུ་དབང་ནི། བདག་པོའི་དབང་དུ་ཡང་བརྗོད་དོ། །བདག་པོ་ནི། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་སོགས་འབྱུང་བས་ན་ཆོས་འབྱུང་སྟེ་ཆོས་ཀྱི་མངའ་བདག་གོ། དེ་ཉིད་ཡེ་ ཤེས་བླ་ན་མེད་པ་རྣམས་འབྱུང་བའི་ཡང་བདག་པོ་སྟེ་རིགས་ཀྱི་ལྷ་ཐམས་ཅད་གང་ལས་བྱུང་བའི་རྡོ་རྗེ་འཆང་ངོ༌། །དེས་ཆོས་ཕུང་སྒྲོགས་པ་མཚོན་པར་བྱེད་པའི་དོན་དུ་དྲིལ་བུ་སྒྲ་དང་བཅས་པས་དབང་བསྐུར་བའོ། །བདག་པོ་དེའི་ཆེད་དུ་སྐུར་བའི་དབང་ལ་ནི། བདག་པོའི་དབང་ཞེས་ཀྱང་བརྗོད་དེ་དྲིལ་བུའི་དབང་གི་མིང་གཞན་ནོ། །མ་འོངས་པ་ན་ཐུབ་པའི་དབང་པོའི་གོ་འཕང་གི་མིང་དུ་འོས་པའི་ས་བོན་དགོད་པའི་དོན་དུ་མིང་གི་དབང་ངོ༌། །དབང་དྲུག་པོ་འདིས་རྟེན་འབྲེལ་ཁྱད་པར་ཅན་ཇི་ལྟ་བུ་ཞིག་སློབ་མ་ལ་ བསྒྲིགས་པ་གོ་བདེ་བར་བཤད་ན། དང་པོས་གདུལ་བྱ་དེ། དེ་བཞིན་གཤེགས་པ་འདིའི་རིགས་ཡིན་ནོ་ཞེས་ངོ་ཤེས་པར་བྱེད་ལ་དྲུག་པས་རིགས་དེ་དང་རྗེས་སུ་མཐུན་པའི་དེ་བཞིན་གཤེགས་པ་མིང་འདི་ཞེས་བྱ་བར་འགྱུར་རོ་ཞེས་གང་དུ་སངས་རྒྱས་པའི་ སངས་རྒྱས་ཀྱི་མཚན་གྱི་ནུས་པ་འཇོག །གསུམ་པས་སངས་རྒྱས་དེའི་རིགས་བདག་གང་གིས་བྱེད་པ་དེའི་ནུས་པ་འཇོག །བཞི་པས་སངས་རྒྱས་དེའི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ནུས་པ་འཇོག །ལྔ་པས་སངས་རྒྱས་དེའི་ཆོས་ཕུང་བརྒྱད་ཁྲི་བཞི་ 3-2-286a སྟོང་འདོམས་པའི་གསུང་གི་ནུས་པ་འཇོག །གཉིས་པས་སངས་རྒྱས་དེའི་རིགས་ཅན་དུ་སོང་བའི་རིགས་དེ་ལ་སྒྲིབ་པའི་མ་རིག་པ་སེལ་བའི་ནུས་པ་ཁྱད་པར་བ་འཇོག་པ་ཕྲེང་བའི་ལུགས་འདི་ཤིན་ཏུ་ལེགས་སོ། སློབ་དཔོན་གྱི་དབང་ གི་སྐབས་ཀྱི་རྡོ་རྗེའི་དམ་ཚིག་ནི། རྡོ་རྗེ་འཛིན་པའི་ངེས་པ་སྟེ་དེ་འཛིན་པ་ལས་མི་འདའ་བར་སྒྲུབ་པའོ། །དེ་ཡང་དུས་འདི་ནས་བརྩམས་ཏེ་རྣམ་པར་དག་པ་ཟུང་འཇུག་གི་བྱང་ཆུབ་རྟོགས་པར་བྱ་བའི་ཆེད་དུ་བརྩོན་པར་གྱིས་ཤིག་ཅེས་སློབ་མ་ལ་ངེས་པར་བྱ་ བར་དགོངས་ནས་རྡོ་རྗེ་སྦྱིན་པའོ། །ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་སྟོན་པའི་ངེས་པ་སྟེར་བ་དེ་བཞིན་ཉིད་རྟོགས་པ་ལ་སྦྱར་བའི་ཆེད་དུ་སྒྲ་དང་བཅས་པའི་དྲིལ་བུའི་དམ་ཚིག་གོ། ཐབས་ཤེས་ཀྱི་རང་བཞིན་བདེ་བ་ཆེན་པོའི་བདག་ཉིད་རྫོགས་པའི་སངས་རྒྱས་ ཀྱི་རང་བཞིན་དུ་ཤིན་ཏུ་བརྟན་པར་རུང་བ་ཉིད་དུ་བསྒྲུབ་པའི་ཕྱིར་དུ་ཕྱག་རྒྱའི་དམ་ཚིག་གོ། ཕྱག་རྒྱ་ནི། ལྷའི་སྐུ་ཕྱག་རྒྱ་ཆེན་པོ་སྟེ་སྐབས་འདིར་རྡོར་སེམས་ཡབ་ཡུམ་ལྟ་བུའོ། །དམ་ཚིག་ནི། རང་ཉིད་དེར་སྐྱེད་པ་ལས་མི་འདའ་བར་སྒྲུབ་པའོ། ། ཕྱག་རྒྱའི་དམ་ཚིག་སངས་རྒྱས་ཀྱི་སྐུར་བརྟན་པར་སྒྲུབ་པ་ཡིན་པ་དེ་ཉིད་ཀྱི་ཕྱིར་གུར་ལས་དམ་ཚིག་གཉིས་ཀྱི་འཁོར་ཅན་ཕྱག་རྒྱའི་དམ་ཚིག་ཁོ་ན་རྫོགས་པའི་སངས་རྒྱས་ཀྱི་དབང་དུ་གསུངས་སོ། །གསུངས་ཚུལ་ནི། གུར་གྱི་བཅོ་ལྔ་པ་ལས། དང་པོ་ཆུ་དབང་ནས་ལྔ་པ་མིང་དབང་དང་དྲུག་པ་རྫོགས་པའི་སངས་རྒྱས་ཀྱི་དབང་དུ་གསུངས་ལ་ལེའུ་བཞི་པར་མིང་དབང་གི་རྗེས་སུ་རྡོར་དྲིལ་གྱི་དམ་ཚིག་གཉིས་གསུངས་ཀྱི་ཕྱག་རྒྱའི་དམ་ཚིག་མ་བཤད་པས་རྫོགས་པའི་སངས་རྒྱས་ཀྱི་དབང་ 3-2-286b ཞེས་པ་ཕྱག་རྒྱའི་དམ་ཚིག་ཡིན་ལ་དམ་ཚིག་གཞན་གཉིས་དབང་དུ་མ་གསུངས་པས་དེའི་འཁོར་རོ་སྙམ་དུ་དགོངས་སོ། །རྒྱུད་གཞན་དུ་ནི། དམ་ཚིག་གསུམ་སློབ་དཔོན་གྱི་དབང་གི་འཁོར་དུ་གསུངས་སོ། །དེ་ལྟར་ཡང་ཤེས་རབ་བཅུ་དྲུག་ཅེས་སོགས་ སྔར་དྲངས་པ་ལྟར་རོ། །འདིས་ནི། གུར་ནས་ཕྱག་རྒྱའི་དམ་ཚིག་སློབ་དཔོན་གྱི་དབང་དུ་བཤད་ལ་རྒྱུད་གཞན་ནས་སློབ་དཔོན་གྱི་དབང་གི་འཁོར་དུ་བཤད་ཅེས་སྟོན་པ་མིན་ཏེ་གུར་ལས། བུམ་པའི་དབང་ནི་བདུན་པ་སྟེ། ཞེས་པས་སློབ་དཔོན་གྱི་དབང་ བསྟན་པར་འོག་ནས་བཤད་པའི་ཕྱིར་རོ། །དེས་ན་གུར་ལས་དེ་ལ་སངས་རྒྱས་ཀྱི་དབང་ཞེས་དབང་དུ་གསུངས་ལ་རྒྱུད་གཞན་ནས་སློབ་དཔོན་གྱི་དབང་གི་འཁོར་དུ་བྱས་ནས་དབང་དུ་མ་བཤད་ཅེས་པའི་དོན་ནོ། །དྲི་མ་འཁྲུད་པར་རུང་བར་དབང་དུ་བཞག་ པའི་དོན་ནི། ཕྱག་རྒྱའི་དམ་ཚིག་སངས་རྒྱས་ཀྱི་དབང་དུ་བྱས་པ་དང་སློབ་དཔོན་གྱི་དབང་གི་འཁོར་དུ་བཞག་པའི་དམ་ཚིག་གཉིས་ཀ་ལ་ཡོད་པས་དབང་གི་ཐ་སྙད་མ་བྱས་པ་དང་བྱས་པ་གཉིས་མི་འགལ་ཞེས་པའོ། །དབང་འདི་ལ་སློབ་དཔོན་གྱི་ དབང་དང་ཕྱིར་མི་ལྡོག་པའི་དབང་དུ་གསུངས་པའི་མིང་དོན་ནི། ཇི་ལྟར་ས་བཅུ་པ་ལ་ཕྱིར་མི་ལྡོག་པའི་སེམས་དཔའ་ཆེན་པོ་རྣམས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བ་དེ་བཞིན་དུ་དམ་ཚིག་གསུམ་དང་བཅས་པ་འདི་ཡང་ དེ་བཞིན་གཤེགས་པ་དེ་རྣམས་དང་བླ་མས། སེམས་ཅན་དཔག་ཏུ་མེད་པ་ལ་གཞལ་དུ་མེད་པའི་ཆོས་སྟོན་པ་ལ་སོགས་པས་སློབ་དཔོན་དུ་བྱ་བའི་ཆེད་དུ་ཁམས་གསུམ་པའི་ཆོས་ཀྱི་རྒྱལ་སྲིད་དུ་དབང་བསྐུར་བས་ན་སློབ་དཔོན་གྱི་དབང་དང༌། 3-2-287a ཕྱིར་མི་ལྡོག་པ་རྣམས་ཀྱི་དབང་དང་འདྲ་བས་ཕྱིར་མི་ལྡོག་པའི་དབང་ངོ༌། །འདྲ་བ་ཙམ་དུ་མ་ཟད་ཕྱིར་མི་ལྡོག་པའི་ས་བོན་ཁྱད་པར་བ་སྐྲུན་པར་བྱེད་པའི་ཕྱིར་ཡང་ཕྱིར་མི་ལྡོག་པའི་དབང་དུ་བརྗོད་དེ་ཕྱིར་མི་ལྡོག་ པའི་ཆེད་ཀྱི་དབང་དང་ཕྱིར་མི་ལྡོག་པ་དང་ལྡན་པའི་དབང་ངོ༌། །སློབ་དཔོན་གྱི་དབང་ནི། སླར་བཤད་པ་དེ་ལྟར་དུ་ཡིན་པ་དེ་ཉིད་ཀྱི་ཕྱིར། རྡོ་རྗེ་གསང་བ་ཡེ་ཤེས་ཀྱིས། །སློབ་དཔོན་ཞེས་བྱ་གསུམ་འདིར་བརྗོད། །ཅེས་རྡོ་རྗེ་སློབ་དཔོན་དང་གསང་བ་ དང་ཤེས་རབ་ཡེ་ཤེས་ཀྱི་དབང་གསུམ་ག་སློབ་དཔོན་གྱི་དབང་དུ་འདོད་པ་ནི་ཤེས་རབ་ཆུང་བའི་བློ་གྲོས་ངན་པ་རྣམས་ཁོ་ནའི་ལུགས་སོ། །སྔགས་བརྗོད་དུ་གཞུག་པ་ནི། བར་དུ་གཅོད་པའི་བགེགས་མེད་པར་བྱ་བའི་ཕྱིར་དང་ཞི་རྒྱས་དབང་དྲག་གི་ དངོས་གྲུབ་ཀྱི་ས་བོན་བསྒོ་བའི་ཆེད་དང་དོན་དམ་པའི་སྔགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་ཞིང་སྟེ་སྣོད་དག་པར་བྱ་བའི་ཆེད་དུའོ། །མིག་སྨན་ནི། མ་རིག་པའི་ལིང་ཏོག་གསལ་བས་ལྷའི་མིག་གི་མངོན་ཤེས་སྐྱེད་པའི་ཆེད་དུའོ། ། མ་རིག་པ་བསལ་བ་དེས་ཀྱང་སྣ་ཚོགས་པ་འདི་རྣམས་གཟུགས་བརྙན་བཞིན་དུ་ལྟ་ཞིང་རྟོགས་པ་སྒྲུབ་པའི་ཆེད་དུ་མེ་ལོང་གི་དབང་ངོ༌། །ཆོས་ཐམས་ཅད་རང་བཞིན་མེད་བཞིན་དུ་སྣང་བའི་གཟུགས་བརྙན་བཞིན་དུ་ངེས་པ་ལ་ཆོས་ཀྱི་བདག་ཏུ་ འཛིན་པའི་མ་རིག་པའི་འཛིན་སྟངས་སུན་ཕྱུང་བའི་བློ་གྲོས་ཀྱི་མིག་སྔར་སྐྱེད་དགོས་པར་བསྟན་པས་འདི་གཉིས་དབུ་མའི་ལྟ་བ་རྒྱུད་ལ་སྐྱེད་པའི་ས་བོན་ཁྱད་པར་བ་དགོད་པའོ། །མ་ཡིན་དགག་སྒྱུ་མ་ལྟ་བུ་རྟོགས་པའི་བློ་སྐྱེ་བ་ལ་དགག་བྱ་བདེན་ 3-2-287b པ་རྣམ་པར་བཅད་པ་མ་རིག་པས་བཟུངས་པའི་བཟློག་ཕྱོགས་སྔོན་དུ་རྟོགས་དགོས་པར་སྟོན་པའོ། །མདའ་འཕང་བ་ནི། བདུད་བཞི་ལས་རྒྱལ་བས་ཆོས་ཀྱི་དབྱིངས་ཤིན་ཏུ་ཕྲ་བའི་འབེན་འབིགས་པའི་དོན་དུ་སྟེ་མིག་སྨན་དང་མེ་ལོང་གི་དབང་ གིས་ནུས་པ་ཁྱད་པར་བ་བསྒོས་པ་ལ་བརྟེན་ནས་ཐོས་བསམ་གྱིས་སྟོང་པ་ཉིད་རྟོགས་ཀྱང་དེ་ཁོ་ན་ཉིད་དོན་སྤྱིའི་སྒོ་ནས་རྟོགས་པས་ལེགས་པར་ཕིགས་པ་མ་ཡིན་ལ། དེ་གཏིང་ལ་ཐུག་པར་དབུག་པའི་དོན་དུ་མདའ་འཕང་པའི་དབང་གིས་དེའི་ ས་བོན་ཁྱད་པར་བ་དགོད་པའོ། །གཉིས་པ་ནི། གསང་བའི་དབང་ནི། དད་པ་དང་ཤེས་རབ་ཀྱི་ཞིང་དུ་བྱ་བའི་དོན་ནམ། དམ་ཚིག་སྲུང་བའི་དོན་དང་ངག་དག་པའི་དོན་དུའོ། །དང་པོ་ནི། གསང་སྔགས་ཀྱི་གསང་བའི་ཀུན་སྤྱོད་ལ་ཐེ་ཚོམ་དང་ལོག་ རྟོག་མི་སྐྱེ་བའི་དད་པ་བརྟན་པོ་སྟེ་དེ་སྐྱེ་བའི་ཞིང་ངམ་སྣོད་དུ་བྱེད་པའི་ཚུལ་ནི། རང་གིས་རིག་མ་བླ་མ་ལ་ཡོན་དུ་ཕུལ་བ་དང་དེ་དང་བླ་མ་སྙོམས་པའི་ཞུགས་པའི་ཁམས་དཀར་དམར་གྱི་ཐིག་ལེ་མྱངས་པ་ལ་བརྟེན་ནས་བླ་མ་དང་ལྷའི་མཐུས་ བདེ་བ་ཁྱད་པར་ཅན་སྐྱེས་པ་ན་མ་དད་པ་ལྡོག་པ་སྟེ། དྲིལ་བུ་པས། པདྨར་གནས་ཏེ་ཡང་དག་སྤྱད། །ཀྱེ་མ་བདེ་བ་ཆེན་པོ་ཞེས། །སྟོན་པ་ལ་ནི་ཞུ་ཞིང་བརྗོད། །སློབ་མས་ཀྱང་ནི་རྟོག་པ་བཅོམ། །ཞེས་གསུངས་སོ། །ཤེས་རབ་ཀྱི་ཞིང་དུ་ བྱེད་པ་ནི། ཞལ་ལུང་ལས། དེ་ཡིས་ཞིང་ནི་དག་བྱས་ཏེ། །ཆོས་ཀུན་སྒྱུ་མ་ལ་སོགས་པའི། །བཅུ་གཉིས་དོན་དུ་རྟོགས་པར་འགྱུར། །ཞེས་གསང་རྫས་ཁར་བྱིན་ནས་སྙིང་གི་པདྨར་ཞུགས་པ་དེ་ཡིས་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་མཚོན་པའི་ 3-2-288a དོན་སྒྱུ་ལུས་རྟོགས་པའི་སྣོད་དུ་གྱུར་པར་གསུངས་པ་ལྟར་རམ་ཡང་ན་ཤེས་རབ་ཡེ་ཤེས་ཀྱི་དབང་གི་སྣོད་དུ་བྱེད་པའོ། །དམ་ཚིག་སྲུང་བ་ནི། དྲིལ་བུ་པས། དཔའ་བོ་ཐམས་ཅད་ཡང་དག་འདུས། །ལྷ་མོ་ཐམས་ ཅད་མཉམ་པར་ཕྲད། །ཀུན་རྫོབ་པ་ཡི་བྱང་ཆུབ་སེམས། །གསང་བ་གང་ཡིན་དེ་དབང་བསྐུར། །འདི་དེ་དཔའ་བོ་ལྷ་མོ་རྣམས། །དམ་ཚིག་རྨད་བྱུང་ཆེན་པོ་སྟེ། །ཁམས་ལྔ་ལྡན་པར་རོ་རྟོགས་བྱེད། །བདེ་བ་དེ་གང་མྱང་བར་བྱ། །ཞེས་དཔའ་བོ་དང་ དཔའ་མོའི་ངོ་བོ་ཐིག་ལེ་རྩའི་བཅུད་ཐམས་ཅད་འདུས་པ་ཀུན་རྫོབ་པའི་བྱང་ཆུབ་ཀྱི་སེམས་དཀར་དམར་བྱིན་པ་ཟོས་པས་བཟའ་བའི་དམ་ཚིག་བདུད་རྩི་ལྔ་ལ་སོགས་པ་སྟེན་པ་དང༌། སྲུང་བའི་དམ་ཚིག་སྔར་བཤད་པ་ལ་དབང་བར་བྱས་པའོ། ། ཁམས་ལྔ་ནི། རྒྱུད་རྡོར་ཕྲེང་ལས། ཁམས་ལྔ་ལས་བྱུང་བཅུད་ཀྱིས་ལེན། །ཞེས་ཀྱང་འབྱུང་བས་ལུས་ཀྱི་སའི་ཁམས་ལ་སོགས་པ་ལས་བྱུང་བའི་བཅུད་ཡིན་པའམ་ཡང་ན་འདུས་པ་ཕྱི་མ་ལས། ནམ་མཁའི་དབྱིངས་ཀྱི་དབུས་གནས་ པར། །དྲི་ཆུ་རྐང་དང་ཡང་དག་ལྡན། །ཞེས་གསང་དབང་གི་རྫས་ཀྱི་སྐབས་སུ་གསུངས་པ་ལ། ནཱ་རོ་པས་རྐང་ས་བོན་ལ་བྱས་ནས་བདུད་རྩི་ལྷག་མ་རྣམས་སྦྱར་བའོ་ཞེས་བཤད་པས་བདུད་རྩི་ལྔ་ལ་བྱའོ། །ནམ་མཁའི་དབྱིངས་ནི། བླ་མ་ཡབ་ཡུམ་གྱི་རྡོ་རྗེ་དང་པདྨའི་ནམ་མཁའི་ཁམས་ཕྲད་པ་ལ། ནཱ་རོ་པས་བཤད་དོ། །འདི་ལ་དངོས་སུ་ཁམས་དཀར་དམར་དང་དྲི་ཆུ་ཆང་དུ་རུང་ལ་ལྷག་མ་ནི། དེ་དག་གི་བཅུད་ཀྱི་དྭངས་མ་འདུས་པ་ལ་བྱའོ། །ངག་དག་པ་ནི། གསང་རྫས་དེ་བླ་མ་ 3-2-288b ཡབ་ཡུམ་གཙོ་བོ་ཡབ་ཡུམ་དང་ཐ་མི་དད་དུ་བྱས་ནས་སྙོམས་པར་ཞུགས་པས་ལྷན་ཅིག་སྐྱེས་དགའ་བ་སྐྱེད་པའི་རྫས་ཡིན་ཞིང་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་སྤྱན་དྲངས་ཏེ་ཞུ་བའི་ངོ་བོ་དང་དབྱེར་མེད་པར་བྱས་པས་ན་མཐུ་དང་ ལྡན་པའི་ཕྱིར་ཕྱག་ཆེན་ཐིག་ལེ་སྔར་དྲངས་པ་ལྟར་དེ་མྱངས་པས་གཞོན་ནུ་མའི་བདེ་བ་འདྲ་བ་སྐྱེ་བར་བཤད་ལ། དེ་འདྲ་བ་དེ་དག་གི་གནས་ལྕེ་དང་མགྲིན་པ་ལ་སོགས་པའི་གནས་རྣམས་སུ་ཕྱིན་པ་ན་སྐབས་དེ་དང་དེའི་རྩ་དང་རླུང་རྣམས་སྦྱོང་ བས་ངག་དག་པར་བྱེད་དོ། །བྱང་སེམས་ཀྱི་རོ་ལྕེས་མྱངས་པའི་སྒོ་ནས་ངག་དག་པར་བྱེད་པ་གསང་དབང་གི་མཐུ་ཡིན་ལ་ཁམས་གཉིས་ཀྱི་རེག་བྱ་ལུས་ཀྱིས་མྱོང་བ་ལ་བརྟེན་ནས་ཡིད་དག་པར་བྱེད་པ་དབང་གསུམ་པའི་མཐུའོ། །དེ་ལྟར་ན་རྫས་ཀྱི་ རྟེན་འབྲེལ་ཁྱད་པར་ཅན་དེས་རྩ་དང་རླུང་དང་བྱང་སེམས་བྱིན་གྱིས་རློབ་ནུས་པས་རྩ་རླུང་དང་གསུམ་མོ་ལ་སོགས་པའི་རྣལ་འབྱོར་སྒོམ་པའི་སྣོད་དུ་བྱེད་ལ། དེ་དག་བསྒོམས་པ་ན་བདག་ལ་བྱིན་གྱིས་བརླབ་པ་སྒྱུ་མའི་ཏིང་ངེ་འཛིན་གྱིའང་སྣོད་དུ་རུང་བས་ ལམ་དེ་དག་སྒོམ་པ་ལ་དབང་ངོ༌། །དབང་གསུམ་པའི་དོན་ལ་ཤེས་རབ་ནི། ཕུལ་དུ་ཕྱིན་པའི་ཤེས་པ་འདི་ལ་ཡོད་པས་ན་ཕྱི་རོལ་གྱི་ཕྱག་རྒྱའོ། །ཡེ་ཤེས་ནི། དེ་ལས་བྱུང་བའི་སེམས་རྣམ་པར་རྟོག་པ་དང་བྲལ་བ་ལས་རྣམ་པར་དག་པ་ལྷན་ཅིག་སྐྱེས་པའི་ དགའ་བ་ཡིན་ཏེ་རྒྱས་པར་བཤད་ཟིན་ཏོ། །དབང་གསུམ་པའི་སྐབས་སུ་ངོ་སྤྲད་པའི་ལྷན་སྐྱེས་ཀྱི་ཡེ་ཤེས་དེ་ཉིད་ཀྱི་རྒྱུན་གོམས་པར་བྱས་པ་ལས་མཐར་དྲི་མ་ཐམས་ཅད་དང་བྲལ་ཞིང་ཡོངས་སུ་དག་པར་རྟོགས་པ་ནི། དབང་བཞི་པའོ། །འདི་དག་ནི་བདེ་བ་ 3-2-289a ཆེན་པོའི་རོས་ཡིན་འཁྲུད་པའི་ཕྱིར་ཡང་དབང་ངོ་ཞེས་པ་ནི། ནུས་པ་འཇོག་པ་དང་ལམ་འདི་ལ་དབང་བས་དབང་དུ་བཞག་པའི་ཕྱོགས་ལས་འཇོག་ཚུལ་གཞན་ཡང་ཡོད་པར་སྟོན་པའོ། །ཤེས་རབ་མ་ཉིད་ཟག་པ་མེད་པའི་ བདེ་བ་དམ་པ་ཕུན་སུམ་ཚོགས་པའི་དངོས་ཀྱི་ཐབས་ཡིན་པའི་ཕྱིར་ལས་དང་པོ་དང་སོགས་པས་བསྡུས་པ་རྟོགས་པ་གོང་དུ་སོང་བའི་སྐབས་སུ་ཡང་སྤང་བར་མི་བྱའོ་ཞེས་གོ་བར་བྱེད་པ་ནི། རིག་མའི་བརྟུལ་ཞུགས་སོ། །གང་ཚེ་རྣམ་པར་མི་རྟོག་པས། ། ལས་ཀུན་ཐབས་དང་བཅས་པར་སྤྱོད། །རྣམ་པར་མི་རྟོག་སྒོམ་པ་ལས། །བརྟུལ་ཞུགས་རྣམས་ཀྱི་མཆོག་གི་མཆོག །ཅེས་རྡོ་རྗེ་མཁའ་འགྲོ་ལས་གསུངས་པས་བརྟུལ་ཞུགས་གཞན་གྱིས་ཅི་ཞིག་བྱ། དེས་ན་ཡེ་ཤེས་ལྔའི་རང་བཞིན་གྱི་བྱང་ཆུབ་ཀྱི་ སེམས་ཀྱི་བརྟུལ་ཞུགས་ཁོ་ན་ལ་ཤིན་ཏུ་སྦྱར་བའི་ཆེད་དུ་རྡོ་རྗེའི་བརྟུལ་ཞུགས་སོ། །ཞེས་གསུངས་ཏེ་ནམ་ཡང་ཡེ་ཤེས་ལྔའི་རང་བཞིན་གྱི་ནང་གི་རྡོ་རྗེ་དང་མི་འབྲལ་བའི་བརྟུལ་ཞུགས་བཟུང་བའོ། །སྤྱོད་པ་དང་བྲལ་ན་ཡང་བྱང་ཆུབ་ཀྱི་སེམས་མི་ རྟོགས་སོ་ཞེས་བསླབ་པའི་དོན་དུ་སྤྱོད་པའི་བརྟུལ་ཞུགས་ཏེ། དེ་ནི་རྣམ་པ་གསུམ་མོ། །དེ་ལ་སྤྱོད་པ་དང་པོ་ནི། ནང་གི་ཕྱག་རྒྱ་གསུམ་ལ་སྦྱོར་བ་ལྷུར་བྱེད་པ་སྟེ། དེ་ལྟར་ཡང༌། ཁ་ཊྭཱཾ་ག་ནི་ལྷ་ཡི་སྐུ། །ཅང་ཏེའུ་ཤེས་རབ་ཏུ་ནི་བརྟག །ཅེས་ཀུན་སྤྱོད་ལས་གསུངས་ པ་དང༌། སྔགས་ནི་བཏུང་བའི་ཐོད་པའོ། །ཞེས་སོ། །ལྷའི་སྐུ་ནི། ལུས་དང་ཨ་ན་ཧ་ཏ་སྟེ་གཞོམ་དུ་མེད་པའི་ངོ་བོ་གཏུམ་མོའི་སྒྲའམ་ནཱ་ད་དང་གཉིས་སུ་མེད་པའི་བདེ་ཆེན་ཉམས་སུ་མྱོང་བའི་རྟེན་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཏེ་དེ་ལྟར་གསུམ་མཚོན་པར་བྱེད་པ་སྟེ། 3-2-289b རང་གི་ལུས་ལྷའི་སྐུར་བྱས་པ་དང་གཏུམ་མོའི་མེ་དང་བདེ་བའི་རྟེན་ཀུནྟ་ལྟ་བུ་སྟོན་པ་ནི། ནང་གི་ཕྱག་རྒྱའོ། །དེ་དག་གི་གཞན་སླ་ལ་བདེ་བ་མཚོན་པ་ནི་ཀ་པཱ་ལའི་ཀཾ་དང་པཱ་ལ་གཉིས་སོ་སོར་བཤད་པས་བདེ་བ་སྐྱོང་བ་ལ་བཤད་ས་ཡོད་པའོ། །དང་པོས་ ཡབ་དང་གཉིས་པས་ཤེས་རབ་དང་གསུམ་པས་བཟླས་བྱའི་སྔགས་བསྟན་པ་ནི། ཕྱིའི་ཕྱག་རྒྱའོ། །སྤྱོད་པ་གཉིས་པ་རྒྱན་ལྔ་འཛིན་པ་ནི། རྣལ་འབྱོར་མ་དང་སྤྱོད་པའི་བརྟུལ་ཞུགས་དང་ལྡན་པ་ལས་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ལ་སོགས་ པ་ལྔ་སྐྱེད་པ་ལ་སྦྱོར་བའོ། །སྤྱོད་པ་གསུམ་པ་ནི། ལྟ་སྟངས་བཞི་དང་མངོན་ཤེས་ལ་སོགས་པའི་ནུས་པ་ཐོབ་པ་ན་སེམས་ཅན་ཀྱི་དོན་སྒྲུབ་པ་ལ་ལྷུར་བྱེད་ལ་འཇིག་རྟེན་གྱི་ཀུན་སྤྱོད་ལས་ཕྱི་རོལ་ཏུ་གྱུར་པའི་རྣལ་འབྱོར་པའམ་རྣལ་འབྱོར་མ་ནང་གི་བདག་ཉིད་ཀྱི་ རྒྱན་མ་ལུས་པའི་དོན་གྱི་མཐུ་ལྷུར་བྱེད་པ་སྟོང་པ་དང་སྙིང་རྗེ་དབྱེར་མེད་པའི་རང་བཞིན་བྱང་ཆུབ་ཀྱི་སེམས་འབྱུང་བ་ལ་སྦྱོར་བའོ། །ལུང་བསྟན་གྱི་དོན་ནི། ཁམས་གསུམ་དང་དབྱེར་མེད་པའི་ཆོས་ཉིད་རྟོགས་པར་ནུས་པ་ཁྱོད་ཡིན་ནོ་ཞེས་གཟེངས་བསྟོད་པའི་ དོན་དུ་ལུང་བསྟན་པའོ། །འདི་ལུས་སྟོན་གྱི་སྐབས་ཀྱི་སྔགས་དོན་ཡིན་པས་དེ་འཆད་པ་ནི། དེ་ལྟར་ཡིན་པར་ནི། བྷཱུར་ནི་རླུང་གི་དཀྱིལ་འཁོར་ལ་སོགས་པ་འཁོར་དང་བཅས་པའི་ས་འོག་གོ། བྷུ་ཝཿནི་ས་སྟེང་གི་འཇིག་རྟེན་ནོ། །སྭཿ ཞེས་པ་ནི་མཐོ་རིས་ཏེ་ སྲིད་རྩའི་མཐར་ཐུག་པའོ། །དེ་གསུམ་ཆར་ཡང་ཁྱོད་ཉིད་ཡིན་ཏེ་ཞེས་པ་ནི་སྟྭཾ་ཞེས་པའོ། །གང་གི་ཕྱིར་ས་གསུམ་གའི་རང་བཞིན་གྱི་དེ་ཁོ་ན་ཉིད་ས་མ་ཡ་སྟེ་ས་རབ་ཏུ་དགའ་བ་ལ་སོགས་པའི་རིམ་པས་རྟོགས་པར་ནུས་པ་ཉིད་ཀྱིས་སོ་ཞེས་པ་ནི། ས་མ་ཡ་ 3-2-290a སྟྭཾ་བྷཱུར་བྷུ་ཝཿ སྭཿ ཞེས་པའི་དོན་ནོ། །གུར་གྱི་བཞི་པ་ལས། ཨོཾ་ང་འདིར་ཁྱོད་ལ་ལུང་བསྟན་པས། །སྲིད་པའི་ངན་འགྲོ་ལས་གྲོལ་ཏེ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་ཤིན་ཏུ་འགྲུབ་ཕྱིར་རོ། །ཀྱཻ་དེ་རིང་ ཕན་ཆད་ཁྱོད་ས་འོག་དང་ས་སྟེང་དང་ས་བླ་ན་ཆེ་གེ་མོ་རྡོ་རྗེ་ཞེས་བྱ་བའི་དེ་བཞིན་གཤེགས་པར་གྲུབ་བོ། །ཞེས་གསུངས་ཏེ་ཚིག་ཕྱི་མ་ནི། ཏ་ཐཱ་ག་ཏ་སིདྡྷི་ཞེས་པའི་དོན་ནོ། །རྐང་པ་ཐ་མའི་དོན་ནི། མི་གནས་པའི་མྱང་འདས་ཐོབ་པར་བྱ་བའི་ ཕྱིར་དུ་ཡིན་པར་འགྲེལ་པས་བཤད་དོ། །རྐང་པ་གསུམ་པ་ནི། གང་དུ་ལུང་སྟོན་པའི་གནས་ཡིན་ནོ། །རྗེས་གནང་ནི། ཆོ་ག་ཇི་ལྟ་བར་དངོས་གྲུབ་རབ་ཏུ་བསྒྲུབས་ནས་ཆོས་སྟོན་པ་ལ་སོགས་པ་རྣམས་ཀྱིས་སེམས་ཅན་གྱི་དོན་གྱིས་ཤིག་ཅེས་ པའོ། །དབུགས་དབྱུང་ནི། ཁྱོད་ནི་འདོད་པ་ལ་ཉེ་བར་ཡོངས་སྤྱོད་ཀྱང་སངས་རྒྱས་ཉིད་ཡིན་ནོ་ཞེས་དབུགས་ཕྱུང་བ་ནི། དཀྱིལ་འཁོར་དུ་འཇུག་པ་དང་དབང་བསྐུར་བ་སོགས་ཀྱིས་སངས་རྒྱས་ཐོབ་པར་ནུས་པའི་ས་བོན་རྒྱས་པར་བྱས་པ་ལ་ དགོངས་པས་དེ་སློབ་མ་ལ་རྟོགས་པར་བྱེད་པའོ། །གཉིས་པ་ནི། དབང་བཞིའི་ངོ་བོ་དང་དེ་བསྐུར་བས་ལམ་གང་སྒོམ་པ་ལ་དབང་བ་དང༌། དེའི་འབྲས་བུ་གང་འགྲུབ་པའི་རྒྱུ་མཚན་ལེགས་པར་ཤེས་ན་རྒྱུད་སྡེ་ནས་དབང་ལ་ལན་ཅིག་མ་ཡིན་ པར་བསྔགས་པ་དུ་མ་མཛད་པ་ལ་ཡིད་ཆེས་ནས་དབང་ཉིད་མན་ངག་གི་མཆོག་ཏུ་འཛིན་པ་ཞིག་འོང་ངོ༌། །དེ་བྱུང་ན་སྔགས་ཀྱི་ལམ་གྱི་རྨང་འཛུགས་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་རིམ་གཉིས་ཟབ་མོའི་སྒོ་འབྱེད་དབང་ལ་ཆེད་ཆེར་བྱས་ནས་སྐུར་བ་ 3-2-290b དང་ལེན་པའི་ཚུལ་རྣམས་ཆེས་ཡོངས་སུ་དག་པར་འགྱུར་རོ། །དེ་ལ་དབང་གསུམ་པ་བསྐུར་བའི་འོག་ཏུ་དེ་དཔེར་བྱས་ནས་བཞི་པ་སྐུར་བ་ན་སློབ་དཔོན་གྱིས་སློབ་མ་ལ་འདི་སྐད་དུ་ཁྱེད་ཀྱིས་ལུས་ལོངས་སྐུའི་རྣམ་པ་ཅན་གྱི་ཡབ་ཡུམ་ཁ་སྦྱོར་དུ་ བྱས་པ་སྙོམས་པར་ཞུགས་པ་ལ་བརྟེན་ནས་དེ་ཁོ་ན་ཉིད་ཀྱི་དོན་ལ་མཉམ་པར་བཞག་པའི་ལྷན་སྐྱེས་ཀྱི་ཡེ་ཤེས་བསྐྱེད་པ་འདི་ལ་ལུས་ཀྱང་ལྷའི་སྐུར་མོས་པ་ཙམ་ཡིན་གྱི་སངས་རྒྱས་ཀྱི་སྐུར་སོང་བ་མེད། སེམས་དངོས་པོའི་དེ་ཁོ་ན་ཉིད་ལ་ ཞུགས་པ་ཡང་ཡུད་ཙམ་པ་དང་མོས་པ་ཡིད་བྱེད་དོན་སྤྱིའི་སྒོ་ནས་རྟོགས་པ་ཡིན་གྱི་སེམས་དེ་ཁོ་ན་ཉིད་ལ་ཆུ་ལ་ཆུ་བཞག་པ་ལྟར་དབྱེར་མེད་དུ་ཞུགས་པ་ཡང་མིན་ལ་དུས་རྟག་ཏུ་མཉམ་པར་འཇོག་ནུས་པ་ཡང་མིན་ནོ། །འོན་ཀྱང་འདི་འདྲ་བ་འདི་ རྗེས་སུ་མཐུན་པའི་རྒྱུ་ཡིན་པས་ཐབས་ཀྱི་ཡན་ལག་དང་བཅས་པར་གོམས་པར་བྱས་ན་མཐར་མོས་པ་ཙམ་མིན་པར་ལུས་ཀྱང་སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་དང་སེམས་ཀྱང་དེ་ཁོ་ན་ཉིད་དང་དབྱེར་མེད་པར་ཞུགས་ཏེ་དུས་རྟག་ཏུ་དེ་ལ་མཉམ་པར་བཞག་ པར་འགྱུར་ཏེ། དེ་ཉིད་ལ་སྔགས་ཀྱི་བསྒྲུབ་བྱ་ཡན་ལག་བདུན་ལྡན་ཞེས་ཀྱང་ཟེར་ལ་དབང་བཞི་པ་ཞེས་ཀྱང་བྱའོ་ཞེས་ཟུང་འཇུག་ལ་ངོ་སྤྲོད་པ་ཡིན་ཏེ་རྒྱས་པར་བཤད་ཟིན་ཏོ། །འདིར་གང་ལ་ངོ་སྤྲད་པའི་འབྲས་བུའི་ཟུང་འཇུག་ནི། སྔགས་བླ་མེད་ཀྱི་བསྒྲུབ་ བྱ་ཐུན་མོང་མ་ཡིན་པ་ཡིན་ཏེ། ལམ་དུས་སུ་རང་འདོད་ལྷ་ཡབ་ཡུམ་གྱི་རྣམ་པ་ཅན་དུ་བསྒོམས་པའི་ངང་ལས་བྱང་སེམས་དཀར་དམར་གྱི་འཕྲོད་འདུ་ལ་བརྟེན་ནས་ལྷན་སྐྱེས་ཀྱི་བདེ་བ་ལམ་དུ་བྱས་པའི་མཐུ་ཡིན་པའི་ཕྱིར་རོ། །དེའི་ཉེ་རྒྱུ་ནི་ལུས་ལྷའི་སྐུར་བྱས་པའི་ 3-2-291a དུས་སུ་སེམས་དོན་དམ་པའི་བདེན་པ་དང་རོ་གཅིག་ཏུ་མི་འགྲོ་ཞིང་སེམས་དེ་ལྟར་སོང་བའི་དུས་སུ་ལུས་ལྷའི་སྐུར་བྱས་པ་མི་གནས་པའི་རེས་འཇོག་མེད་པར་དེ་གཉིས་དུས་གཅིག་ཏུ་ཟུང་དུ་ཆུད་ལ། དེ་ཡང་བདེ་བ་ལམ་བྱེད་ཀྱི་ཐབས་ཁྱད་ པར་ཅན་ལ་བརྟེན་ནས་དེ་ལྟར་གྱུར་པའི་སློབ་པའི་ཟུང་འཇུག་གོ། སྐབས་དེར་རང་གི་ལུས་སངས་རྒྱས་ཀྱི་སྐུར་སོང་བ་མེད་ཀྱང་རིམ་པ་དང་པོ་དང་སྒྱུ་ལུས་མན་ཆད་ཀྱི་ལྷ་སྐུ་དང་མི་འདྲ་བའི་ལྷའི་སྐུ་ཁྱད་པར་བ་ཞིག་འགྲུབ་པ་གསང་འདུས་ལས་ཞིབ་ཏུ་བཤད་མོད་ཀྱང་ ཚིག་མངས་སུ་དོགས་ནས་མ་བྲིས་སོ། །སློབ་པའི་སྐབས་ཀྱི་བདེན་གཉིས་ཟུང་འཇུག་དེ་ཡང་སྔོན་དུ་ཀུན་རྫོབ་སྒྱུ་མའི་སྐུ་དང་དོན་དམ་འོད་གསལ་གྱི་ཏིང་ངེ་འཛིན་གཉིས་སོ་སོར་བསྐྱེད་དགོས་ཏེ་ཡ་མེད་པར་ཟུང་མེད་པའི་ཕྱིར་རོ། །དེའི་རིམ་པ་ཡང་ཀུན་རྫོབ་ སྔ་ལ་འོད་གསལ་འཕྱི་བས་འོད་གསལ་དང་སེམས་གཉིས་རོ་གཅིག་པའི་ཏིང་ངེ་འཛིན་མངོན་དུ་བྱས་པའི་མཐར་ཟུང་འཇུག་སྐྱེད་དགོས་སོ། །ལམ་དེ་སྒོམ་པ་ལ་དབང་གསུམ་པ་བསྐུར་དགོས་ཤིང་། དེས་ཀྱང་འོད་གསལ་མཚོན་དགོས་སོ། །དབང་གསུམ་པ་འདི་ཕྱག་ རྒྱ་གཉིས་གང་རུང་ལ་བརྟེན་ནས་བསྐྱེད་པ་ཡིན་ཡང་དེ་གཉིས་ལ་བརྟེན་ནས་དགའ་བ་བཞིའི་རྟོགས་པ་སྐྱེད་པ་ལ་དབང་གསུམ་པ་ཐོབ་མི་དགོས་ཏེ་བུམ་དབང་ཙམ་ལས་མ་ཐོབ་པས་ཀྱང་བསྐྱེད་རིམ་བརྟན་བརྟན་དུ་བསྒོམས་པས་ཆོག་ལ། རིམ་པ་དང་པོའི་སྐབས་སུ་ཡེ་ཤེས་ ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་ནས་དགའ་བཞི་སྐྱེད་པ་དུ་མ་ཞིག་བཤད་པའི་ཕྱིར་དང༌། ཀླུའི་བློའི་ཞབས་ཀྱིས་བསྐྱེད་རིམ་པའི་དང་པོ་སྦྱོར་བའི་སྐབས་སུ་དངོས་དང་བསྒོམས་པའི་རིག་མ་གདམ་ང་ཅན་དུ་གསུངས་པའི་ཕྱིར་དང༌། བསྐྱེད་རིམ་གྱི་སྐབས་སུ་སྤྱོད་པ་ 3-2-291b གསུམ་བྱེད་པ་ཞིག་ཀྱང་སྒྲོན་གསལ་ལས་གསུངས་པའི་ཕྱིར་རོ། །གལ་ཏེ་བསྐྱེད་རིམ་བརྟན་པ་ལ་ཡང་ཡེ་རྒྱ་ལ་བརྟེན་ནས་དགའ་བཞི་མི་སྐྱེ་ན་དབང་བཞི་རྒྱུན་གཅིག་ལ་བསྐུར་བའི་གང་ཟག་ལྷའི་རྣལ་འབྱོར་ཅི་ཡང་སྔར་མ་བསྒོམས་པ་ལ་ཡེ་རྒྱ་ལ་བརྟེན་ནས་དབང་ གསུམ་པ་བསྐུར་བ་ལ་དགའ་བཞི་སྐྱེ་བར་མི་རུང་བས་དེས་དབང་གསུམ་པ་ཡེ་རྒྱ་ལ་བརྟེན་ནས་ཐོབ་པ་འགལ་བར་འགྱུར་རོ། །དེ་བཞིན་དུ་གསང་དབང་གི་ལམ་སྒོམ་པའི་དུས་སུ་ཡང་དགའ་བཞི་རིག་མ་ལ་བརྟེན་ནས་སྐྱེ་སྟེ་གསང་དབང་གིས་སྒྱུ་ལུས་ཀྱི་གདམས་ངག་ གི་སྣོད་དུ་བྱེད་པར་སྔར་བསྒྲུབས་ཟིན་ལ་སྒྱུ་ལུས་ཀྱི་སྔོན་དུ་སེམས་དབེན་གྱི་སྟོང་པ་གསུམ་གྱི་ཡེ་ཤེས་བསྐྱེད་དགོས་ཤིང་ཡེ་ཤེས་དེ་རྣམས་རིག་མ་ལ་བརྟེན་ནས་སྐྱེ་བར་གསུངས་པའི་ཕྱིར་ཏེ་རིམ་ལྔ་ལས། སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་ པར་འཕགས། །ཡེ་ཤེས་གསུམ་གྱི་དབྱེ་བ་ནི། །གསལ་བར་འདི་ལས་མཚོན་པར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །གལ་ཏེ་ཡེ་ཤེས་གསུམ་ཞེས་གསུངས་པས་ལྷན་སྐྱེས་མི་སྐྱེ་བ་ཡིན་ནོ་སྙམ་ན། སྔར་བཤད་པ་ལྟར་བསྐྱེད་རྫོགས་ཀྱི་ལམ་གང་ཡང་མ་བསྒོམས་ པ་ལ་དབང་གསུམ་པ་བསྐུར་བ་ན་དགའ་བཞི་སྐྱེ་ཞིང་བསྐྱེད་རིམ་མཐར་ཕྱིན་ནས་ངག་དབེན་གྱིས་རླུང་ལ་དབང་ཐོབ་པས་རིག་མ་ལ་བརྟེན་པའི་ཚེ་དགའ་བཞི་མི་སྐྱེ་བར་འདོད་ན་བཞད་གད་ཀྱི་གནས་སོ། དེས་ན་འདིར་དགའ་བཞི་སྐྱེ་མི་སྐྱེ་དཔྱོད་པའི་དགའ་བཞི་ནི། དབང་ གསུམ་པ་སྐུར་བའི་དུས་ཀྱི་དེ་འདྲ་དེ་ཡིན་ལ་དེ་ནི་བྱང་སེམས་ནོར་བུར་བབས་པ་ཕྱིར་མ་འཕོས་པའི་དུས་སུ་ལྷན་སྐྱེས་ཀྱི་དགའ་བ་སྐྱེ་བར་བཤད་པ་དེ་ཡིན་པས་དེ་འདྲའི་ལྷན་སྐྱེས་སེམས་དབེན་གྱི་སྐབས་དེར་མི་སྐྱེ་བ་ག་ལ་ཡིན། འོན་ཀྱང་ཡེ་ཤེས་གསུམ་ཞེས་སྨོས་ནས་ 3-2-292a ཐམས་ཅད་སྟོང་པ་འོད་གསལ་གྱི་ཡེ་ཤེས་དེར་མ་བཤད་པ་ནི་ཡེ་ཤེས་གསུམ་ཡང་རྣམ་པར་དག་ནས་གཉིས་སྣང་ཕྲ་མོ་ཡང་ལོག་སྟེ་ཤེས་པ་དེ་ཁོ་ན་ཉིད་དང་རོ་གཅིག་ཏུ་གྱུར་པའི་དོན་གྱི་ཡེ་ཤེས་ལ་ལྷན་སྐྱེས་སུ་བྱས་པ་དེ་དེར་མི་སྐྱེ་ བ་ལ་དགོངས་སོ། །དེས་ན་དང་པོ་དབང་དུས་ཀྱི་དགའ་བཞི་དང་དེ་ནས་བུམ་དབང་གི་ལམ་བསྐྱེད་རིམ་གྱི་དུས་ཀྱི་དགའ་བཞི་དང་དེ་ནས་གསང་དབང་གི་ལམ་རླུང་དང་གཏུམ་མོ་སོགས་ཀྱི་དུས་ཀྱི་དགའ་བཞི་དང་དེ་ནས་དབང་གསུམ་པའི་ལམ་འོད་གསལ་གྱི་ སྐབས་སུ་སྐྱེ་བའི་དགའ་བཞི་དང༌། དེ་ནས་བཞི་པའི་ལམ་སློབ་པའི་ཟུང་འཇུག་གི་དུས་ཀྱི་དགའ་བཞིའམ་སྟོང་པ་བཞི་ཞེས་པ་རྣམས་སོ་སོར་ཕྱེད་དགོས་སོ། །དེ་བཞིན་དུ་རླུང་སྦྱོར་དང་གཏུམ་མོའི་འབར་འཛག་བསྒོམས་པའི་མཐུས་ཁམས་ཞུ་ནས་བྱང་སེམས་ ནོར་བུའི་ནང་དུ་གནས་ཤིང་ཕྱིར་མ་འཕོས་པའི་དུས་ཀྱི་ལྷན་སྐྱེས་སྐྱེ་བ་ཙམ་གྱི་ལམ་སྒོམ་པ་ལ་ཡང་དབང་གསུམ་པ་སྐུར་མི་དགོས་སོ། །ཇི་ལྟར་བུམ་དབང་གི་ལམ་རིམ་པ་དང་པོ་སྒོམ་པ་དང་གསང་དབང་གི་རྩ་རླུང་སོགས་ཀྱི་རྣལ་འབྱོར་སྒོམ་པ་རྣམས་བུམ་དབང་དང་ གསང་དབང་དུ་མི་འཇོག་པ་བཞིན་དུ། གསུམ་པའི་དབང་ལ་བརྟེན་ནས་ངེས་པའི་ལྷན་སྐྱེས་སྒོམ་པ་རྣམས་ཀྱང་དབང་གསུམ་པར་མི་འཇོག་གོ། དབང་འདི་ཐོབ་པས་ལམ་འདི་ལ་དབང་ཞེས་པ་ཡང་སོ་སོའི་ལམ་དེ། དེ་མ་ཐག་ནས་ཉན་པ་དང་སེམས་པ་ལ་ནི་དབང་བ་ཡིན་ལ་ དབང་དེ་ཐོབ་མ་ཐག་ནས་ལམ་དེའི་མཚམས་ནས་བསྒོམས་པས་ཆོག་པར་སྟོན་པ་མིན་ཏེ། དཔེར་ན་དུས་འཁོར་གྱི་དབང་རྫོགས་པར་ཐོབ་མ་ཐག་པས་ཏིང་ངེ་འཛིན་གྱི་ཡན་ལག་སྒོམ་མི་ནུས་པ་དང༌། གསང་འདུས་ཀྱི་དབང་རྫོགས་པར་ཐོབ་མ་ཐག་པས་ཟུང་འཇུག་སྒོམ་མི་ 3-2-292b ནུས་པ་དང་འདྲའོ། །འོན་ཀྱང་ད་གཟོད་དེ་དག་སྒོམ་ནུས་སུ་སླེབས་པ་ན་བསྒོམས་ཀྱང་དེ་དག་སྒོམ་པ་ལ་མི་དབང་བའི་སྐྱོན་མེད་པའོ། །དེ་ལྟར་དོན་དམ་འོད་གསལ་གྱི་རྫོགས་རིམ་སྐྱེ་བ་ལ་དེའི་སྔོན་དུ་ཀུན་རྫོབ་སྒྱུ་མ་ལྟ་བུའི་སྒྱུ་ལུས་ཀྱི་ཏིང་ངེ་འཛིན་བསྐྱེད་དགོས་ལ་དེ་སྐྱེ་བ་ལ་རྩ་ རླུང་དང་གཏུམ་མོ་སོགས་ཀྱི་རྣལ་འབྱོར་གྱིས་རླུང་དང་བྱང་སེམས་ལས་རུང་དུ་བྱས་པའི་སྒོ་ནས་དགའ་བཞིའི་རྟོགས་པ་བསྐྱེད་དགོས་པས་གསང་དབང་གི་ལམ་རྣམས་སྒོམ་དགོས་སོ། །སྒྱུ་ལུས་ནི། ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པའི་སྒོ་ནས་གང་སྣང་སྒྱུ་མར་འཆར་ བ་ལ་མི་བྱེད་ཀྱི་སྟོང་པ་གསུམ་གྱི་ཡེ་ཤེས་མངོན་དུ་བྱས་པའི་མཐུས་རྣལ་འབྱོར་པའི་ལུས་དེ་སྒྱུ་མའི་ལུས་སུ་སོང་བ་ཞིག་ཡིན་ཏེ་གསང་འདུས་ལས་ཤེས་དགོས་སོ། །རྩ་རླུང་དང་བྱང་སེམས་དབབ་ཟློག་གི་རྣལ་འབྱོར་གང་ཡིན་ཐམས་ཅད་གསང་དབང་གི་ལམ་དུ་མི་འདོད་ དེ་འོད་གསལ་སྒོམ་པ་ཡན་ཆད་དུ་ཡང་དེ་དག་བྱ་དགོས་པ་དུ་མ་ཞིག་ཡོད་པའི་ཕྱིར་རོ། །དེས་ན་ཐོག་མར་དེ་དག་ལས་རུང་དུ་སྒྲུབ་པའི་རྣལ་འབྱོར་རྣམས་ཡིན་ནོ། །དེ་འདྲ་བའི་རྫོགས་རིམ་གྱི་རྟོགས་པ་ཕུལ་ཕྱིན་རྣམས་སྐྱེ་བ་ལ་ནི། སྔོན་དུ་བུམ་དབང་གི་ལམ་རིམ་པ་དང་ པོས་རྒྱུད་སྨིན་པར་བྱས་པ་ཞིག་དགོས་པས་བུམ་དབང་བསྐུར་ནས་བསྐྱེད་རིམ་གྱི་སྣོད་དུ་བྱེད་དོ། །བུམ་དབང་གིས་སྤྲུལ་སྐུ་དང་གསང་དབང་གིས་ལོངས་སྐུ་དང་ཤེས་རབ་ཡེ་ཤེས་ཀྱིས་ཆོས་སྐུ་སྒྲུབ་པར་གསུངས་པའི་ལོངས་སྐུ་ནི། སྒྱུ་ལུས་ལ་ཡང་བཤད་པས་ཆོག་མོད་ཀྱང་སྔགས་ སྤྱི་སྐད་ལ་དེ་བཞིན་གཤེགས་པའི་གསུང་ལ་བཤད་པ་མང་བས་རེ་ཞིག་དེ་ལྟར་བཤད་དོ། །དེ་ལྟར་ན་སྤྲུལ་སྐུ་ནི། སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་ཡིན་པས་དེ་ནི་རྗེས་སུ་མཐུན་པའི་རྒྱུ་བསྐྱེད་རིམ་དང་དེས་མཚོན་ནས་རྫོགས་རིམ་གྱི་སྐབས་ཀྱི་ལྷའི་རྣལ་འབྱོར་རྣམས་ 3-2-293a ཀྱིས་སྒྲུབ་བོ། །ཆོས་སྐུ་ནི། འདིར་དེ་ཁོ་ན་ཉིད་ལ་རྟག་ཏུ་མཉམ་པར་བཞག་པའི་རྒྱལ་བའི་ཐུགས་ཡིན་ལ་དེ་ནི་དེའི་རྗེས་སུ་མཐུན་པའི་རྒྱུ་དེ་ཁོ་ན་ཉིད་ཀྱི་དོན་སྒོམ་པའི་ལྷན་སྐྱེས་ཀྱིས་སྒྲུབ་བོ། །དེ་བཞིན་གཤེགས་པའི་གསུང་ རྣམ་པ་ཐམས་ཅད་པ་ནི། ངག་གི་རྩ་བ་རླུང་ལ་དབང་ཐོབ་པར་བྱེད་པའི་གསང་དབང་གི་ལམ་གྱིས་སྒྲུབ་བོ། །དེས་ན་དབང་དེ་གསུམ་ལ་སྐུ་གསུང་ཐུགས་རྡོ་རྗེ་གསུམ་སྒྲུབ་བྱེད་དུ་ཡང་བཤད་དོ། །དེ་ལྟ་བུའི་སྐུ་གསུང་ཐུགས་གསུམ་དབྱེར་མི་ཕྱེད་པ་ནི་དབང་ བཞི་པ་ཡིན་ལ་དེ་ཡང་སྔ་མའི་ལམ་གཉིས་ཀྱིས་ལམ་དུས་ཀྱི་དབང་བཞི་པ་སྒྲུབ་ཅིང་སློབ་པའི་ཟུང་འཇུག་གིས་མི་སློབ་པའི་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པ་སྒྲུབ་པས་དབང་བཞིའི་ལམ་དུ་རིམ་གཉིས་ཐམས་ཅད་འདུ་བ་ཡིན་ནོ། །དཀྱིལ་འཁོར་ དུ་གཞུག་པ་དང་སྟ་གོན་ལ་སོགས་པའི་སྐབས་སུ་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་དང་ཐེག་ཆེན་གཉིས་ཐུན་མོང་བ་དང་ཐུན་མོང་མ་ཡིན་པའི་སྡོམ་པ་གཟུང་བ་བསླབ་བྱ་དང་བཅས་པ་ཡང་གསུངས་པས་དབང་བསྐུར་བའི་སྐོར་རྣམས་ལ་ལེགས་ པར་དཔྱོད་ཤེས་ན་སྔགས་ཀྱི་ལམ་གྱི་གནད་མཐའ་དག་ཟིན་པར་སྣང་ངོ༌། །རིམ་གཉིས་ཀྱི་གོ་རིམ་དང་གཉིས་ཀ་དགོས་པ་རྣམས་ཀྱི་གནད་ཀྱང་ལེགས་པར་རྟོགས་ན་ལོག་རྟོག་དུ་མ་ཞིག་ལྡོག་གོ། དེས་ན་རྣལ་འབྱོར་གྱི་དབང་ཕྱུག་བི་རྺ་པའི་གདམས་པ་ འཛིན་པའི་བོད་ཀྱི་བླ་མ་མཁས་པ་འགའ་ཞིག་སྔགས་ཀྱི་ལམ་གྱི་གནད་ཐམས་ཅད་དབང་གི་ཁོག་ནས་འཚོལ་བར་མཛད་པ་ནི་རྨད་དུ་བྱུང་བའི་སྲོལ་དུ་མཐོང་ངོ༌། །ལྔ་པ་ནི། རྡོ་རྗེའི་བརྟུལ་ཞུགས་ནས་དབུགས་དབྱུང་གི་བར་ལྔ་པོ་འདི་རྣམས་ཀྱང་རིག་པའི་ 3-2-293b དབང་ཙམ་གྱིས་ཚིམ་པ་ལ་དེའི་རྗེས་སུ་དང་སློབ་དཔོན་གྱི་དབང་མན་ཆད་ཙམ་གྱིས་ཚིམ་པ་ལ་དེའི་རྗེས་སུ་སྦྱིན་པར་བྱའོ་ཞེས་ཁོ་ཅིག་གོ། ལྭ་བ་པས་སྤྱོད་པའི་བརྟུལ་ཞུགས་མ་གཏོགས་པ་བཞི་དེ་ལྟར་དུ་བྱ་བར་གསུངས་སོ། །གལ་ཏེ་སློབ་དཔོན་གྱི་དབང་མ་བསྐུར་ བ་ལ་ཆོས་ཤོད་ཅིག་ལ་སོགས་པས་སེམས་ཅན་གྱི་དོན་བྱེད་པའི་རྗེས་གནང་ཇི་ལྟར་རིགས་སྙམ་ན། རྣམ་སྣང་མངོན་བྱང་དུ་ཆུ་དབང་ཙམ་ཞིག་བསྐུར་བའི་མཇུག་ཏུ་ཡང་ཆོས་བཤད་པའི་རྗེས་གནང་གསུངས་པའི་ཕྱིར་དང་བླ་མེད་ཀྱི་རྒྱུད་བཤད་པ་སོགས་མི་རུང་ ཡང་བྱ་སྤྱོད་ཀྱི་རྒྱུད་བཤད་དུ་རུང་བར་སྔར་བཤད་པའི་ཕྱིར་ན་འགལ་བ་མེད་དོ། །དེས་ན་དེ་དག་གི་རྡོ་རྗེ་སློབ་དཔོན་དུ་འགྱུར་བ་ལ་མིང་དབང་མན་ཆད་ཇི་རིགས་སུ་བསྐུར་ནས་རྗེས་གནང་བྱས་པ་ཆོག་གི་སློབ་དཔོན་གྱི་དབང་བསྐུར་བ་ཐོབ་མི་དགོས་སོ། །སྔགས་ ཀྱི་དབང་ནས་མདའ་འཕང་བའི་བར་བཞི་ནི། རིག་པའི་དབང་གི་རྗེས་ལའང་བྱར་རུང་སྟེ་མིག་ཐུར་དང་མེ་ལོང་ནི། རྣམ་སྣང་མངོན་བྱང་ལས་ཆུ་དབང་བསྐུར་བའི་རྗེས་སུ་བྱ་བར་གསུངས་པས་ཤིན་ཏུ་ཡང་རུང་ལ་སྔགས་ཀྱི་དབང་ཡང་དྲིལ་བུ་པ་ལ་སོགས་པ་མང་པོས་ རིག་པའི་དབང་ལྔའི་རྗེས་སུ་བྱ་བར་གསུངས་སོ། །མདའ་གཞུ་ཡང་དེ་ལྟར་བྱས་པས་ཆོག་གོ། རིག་པའི་དབང་གི་མཐའ་རྟེན་ལ་ཤཱནྟི་པས། རིག་པའི་དབང་བསྐུར་བ་ལ་ནི། ཐུན་མོང་གི་བྱང་ཆུབ་ཀྱི་ངེས་པ་འཐོབ་ཀྱི་ཁྱད་པར་གྱི་ཡང་དག་པར་རྫོགས་པའི་ བྱང་ཆུབ་ནི་མ་ཡིན་ནོ། །དེ་བས་ན་རིང་ཞིག་ན་ཡང་དག་པར་རྫོགས་པའི་བྱང་ཆུབ་ངེས་པར་ཐོབ་པར་བྱ་བའི་ཕྱིར་བརྟུལ་ཞུགས་སྦྱིན་པ་འབའ་ཞིག་ཙམ་རིག་པའི་དབང་བསྐུར་བ་ལ་བྱ་བར་རིགས་ཀྱི་ལུང་བསྟན་པ་དང་དབུགས་དབྱུང་བ་གཉིས་ནི་མ་ 3-2-294a ཡིན་ཏེ། དེ་གཉིས་ནི་ཕྱིར་མི་ལྡོག་པའི་ས་དང་འབྲེལ་བའི་ཕྱིར་རོ། །ཞེས་ལུང་བསྟན་དང་དབུགས་དབྱུང་གཉིས་དེ་དག་གི་མཐར་མི་བྱེད་པར་རྡོ་རྗེའི་བརྟུལ་ཞུགས་ཙམ་ཞིག་སྦྱིན་པ་རྒྱུ་མཚན་དང་བཅས་པར་གསུངས་སོ། །གདུལ་ བྱའི་ཁྱད་པར་འགའ་ཞིག་ལ་བྱེད་དུ་རུང་བར་ཡང་གསུངས་ཏེ། ལན་འགའ་ནི། རིག་པའི་དབང་བསྐུར་བ་འབའ་ཞིག་ཙམ་ལ་ཡང་བརྟུལ་ཞུགས་དང་ལུང་བསྟན་པ་དང་དབུགས་དབྱུང་བ་འདི་སྣོད་ཀྱི་ཁྱད་པར་བརྟགས་ནས་སྦྱིན་པར་བྱ་བ་ཉིད་ཡིན་ནོ། །ཞེས་ གསུངས་སོ། །དེའི་དགོངས་པ་ཡང་ངས་ལུང་བསྟན་པ་དང་དབུགས་དབྱུང་བ་ཐོབ་བོ་ཞེས་ལྷག་པར་མོས་པའི་སྟོབས་ཀྱིས་རིང་ཞིག་ན་བྱང་ཆུབ་ཆེན་པོ་ངེས་པར་ཐོབ་པའི་དོན་དུ་ཡིན་ཏེ་བརྟུལ་ཞུགས་སྦྱིན་པ་དང་འདྲ་བ་ཡིན་ནོ་ཞེས་བཞེད་དོ། །རིག་མའི་བརྟུལ་ ཞུགས་ནི་དབང་གསུམ་པའི་རྗེས་སུ་ཡང་བྱ་བར་གཞུང་ཁ་ཅིག་ཏུ་གསུངས་ལ་གཞུང་ཁ་ཅིག་ཏུ་སྔགས་ལ་སོགས་པ་བཞི་དང་སྤྱོད་པའི་བརྟུལ་ཞུགས་དང་རྗེས་གནང་སྤྱི་དང་དམ་ཚིག་གསུམ་དང་སྐལ་བ་དང་ལྡན་པ་ཉིད་རྣམས་མ་གསུངས་ཏེ། ཇི་ལྟར་རིགས་ པར་དབང་གཞན་རྣམས་ཀྱི་ནང་དུ་དེ་དག་གི་དོན་འདུས་པར་དགོངས་ནས་སོ། །སྐལ་བ་དང་ལྡན་པ་ནི། དབུགས་དབྱུང་ངམ་ལུང་བསྟན་ཏོ། །ཇི་ལྟར་འདུས་པ་ནི། དཔྱད་པས་ཤེས་པར་ཟད་དོ། །གཞུང་ཁ་ཅིག་ཏུ་རྗེས་གནང་དང་དབུགས་དབྱུང་གཉིས་ཕྱིར་མི་ལྡོག་ པའི་དབང་དུ་བསྡུས་སོ། །ཕྲེང་བར་ནི། དེ་ཐམས་ཅད་ཐ་དད་དུ་བརྗོད་དོ། །གུར་གྱི་བཅོ་ལྔ་པ་ལས། དང་པོ་ཆུ་ཡི་དབང་ཡིན་ཏེ། །གཉིས་པ་ལ་ནི་ཅོད་པན་དབང༌། །གསུམ་པ་རྡོ་རྗེའི་དབང་གིས་སོ། །བཞི་པ་རང་གི་བདག་པོ་ཡིན། །ལྔ་པ་ལ་ནི་མིང་དབང་བསྐུར། །དྲུག་ 3-2-294b པ་རྫོགས་པའི་སངས་རྒྱས་ཉིད། །བུམ་པའི་དབང་ནི་བདུན་པ་སྟེ། །བརྒྱད་པ་གསང་བའི་དབང་ཡིན་ནོ། །དགུ་པ་ཤེས་རབ་ཡེ་ཤེས་ཏེ། །དེ་ཉིད་རྡོ་རྗེའི་སྦྱོར་བ་ཡིས། །ཐམས་ཅད་རྡོ་རྗེའི་བརྟུལ་ཞུགས་སྦྱིན། །སྟོན་པ་རང་ཉིད་ལུང་སྟོན་ཏེ། །འདི་ནི་དབང་ཆོག་རིམ་ པའོ། །ཞེས་ཆུ་ནས་བརྟུལ་ཞུགས་ཀྱི་བར་བཤད་ནས་ཕྲེང་བའི་དབང་མ་གསུངས་པ་ནི་ཆུ་དབང་ལ་སོགས་པའི་རྒྱུ་ཡིན་པ་དང་སྔགས་གཏད་པ་སོགས་ནི། ཇི་ལྟར་རིགས་པར་རེས་འགའ་སློབ་དཔོན་གྱི་དབང་གི་འཁོར་དང་རེས་འགའ་དབང་བཞི་པའི་འཁོར་དང་འགའ་ཞིག་ གི་ཚེ་དབང་གཞན་གྱི་འཁོར་དུ་རྒྱུད་གཞན་ལས་གསུངས་པ་ལས་རྟོགས་པར་བྱ་བའི་ཕྱིར་རོ། །ལྷའི་རིགས་ཀྱི་བློ་གྲོས་ཀྱིས་དབང་དྲུག་པ་ཕྲེང་བའི་དབང་དུ་འཆད་དོ། །ཕྲེང་བ་དང་སྔགས་ལ་སོགས་པའི་དབང་དེ་རྣམས་དབང་བཞི་གང་རུང་དུ་འདུ་བ་དེ་ཉིད་ཀྱི་ཕྱིར་འདུས་བ་ ཕྱི་མ་ལས། དབང་བསྐུར་རྣམ་གསུམ་ཐ་དད་པ། །རྒྱུད་འདི་རུ་ནི་རབ་ཏུ་བརྟགས། །བུམ་པའི་དབང་ནི་དང་པོ་སྟེ། །གཉིས་པ་གསང་བའི་དབང་ཡིན་ནོ། །གསུམ་པ་ཤེས་རབ་ཡེ་ཤེས་ངེས། །བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་གསུངས་ཤིང་ཁ་སྦྱོར་ལས་ཀྱང༌། དབང་ དེ་ཡང་ནི་རྣམ་པ་བཞི། །དང་པོར་བུམ་པའི་དབང་ཡིན་ཏེ། །གཉིས་པ་ལ་ནི་གསང་བའི་དབང༌། །གསུམ་པ་ཤེས་རབ་ཡེ་ཤེས་ཏེ། །བཞི་པ་དེ་ནི་དེ་བཞིན་ཡང༌། །ཞེས་གསུངས་ཤིང་བརྟག་གཉིས་ལས་དང་པོ་སློབ་དཔོན་གྱི་དབང་དུ་བྱས་པའི་དབང་བཞི་གསུངས་ སོ། །དེ་ལ་ཆུ་དང་ཅོད་པན་དང་རྡོ་རྗེ་དང་བདག་པོ་དང་མིང་དང་སློབ་དཔོན་གྱི་དབྱེ་བས་རྣམ་པ་དྲུག་ནི། བུམ་པའི་དབང་སྟེ་ཐམས་ཅད་དུ་ནི་དེ་བཞིན་གཤེགས་པ་དང་སྤྱན་མ་ལ་སོགས་པའི་རིག་མ་རྣམས་ཀྱིས་བུམ་པས་དབང་བསྐུར་བའི་ཕྱིར་རོ། །གལ་ཏེ་དེ་རྣམས་བུམ་དབང་ 3-2-295a ཡིན་ན་བུམ་དབང་བདུན་པར་གསུངས་པ་དེ་ཇི་ལྟར་འཐད་སྙམ་ན། སློབ་དཔོན་གྱི་དབང་ནི་མཆོག་ཏུ་བླང་བར་བྱ་བ་ཉིད་ཀྱིས་ཆུ་དབང་སོགས་གཞན་ལས་ཕུལ་དུ་བྱུང་བ་དང་བཅས་པར་སྒྲུབ་པའི་ཕྱིར་བུམ་དབང་བདུན་པར་ གསུངས་ཀྱི་ཆུ་དབང་སོགས་བུམ་དབང་མིན་པར་སྟོན་པ་མིན་ནོ། །དེ་ཉིད་རྡོ་རྗེའི་རབ་སྦྱོར་བས། ཞེས་པ་ལ་འགྲེལ་པ་མི་སྣང་ལ་དོན་ལ་དཔྱད་ན་དབང་བཞི་པ་ལ་ཡང་དྲང་དུ་རུང་ཙམ་སྣང་ཡང་བྱེད་ཚིག་སྨོས་པ་འོག་མ་དང་སྦྲེལ་དགོས་པས་རྡོ་རྗེའི་ བརྟུལ་ཞུགས་ཀྱི་ཁྱད་པར་དུ་སྦྱར་རོ། །སློབ་དཔོན་གྱི་དབང་དང་པོར་བྱས་ནས་དབང་བཞིར་བྱས་པའི་ཚེ་ཆུ་དབང་ལ་སོགས་པ་སློབ་དཔོན་གྱི་དབང་དུ་སྡུད་པ་ནི། སློབ་དཔོན་གྱི་དབང་འབྱུང་བའི་རྒྱུ་ཡིན་པ་ལ་དགོངས་སོ། །དེས་ན་བུམ་དབང་ལ་སོགས་པ་ དབང་བཞིར་བསྡུས་པ་དང་ཆུ་དབང་སོགས་བུམ་དབང་དང་སློབ་དཔོན་གྱི་དབང་ལས་ལོགས་སུ་བརྗོད་པ་ཐམས་ཅད་མི་འགལ་ལོ། །དབང་བཅུ་བཞིར་བཤད་ནས་ས་རེ་རེ་དང་སྦྱར་བ་ཡང་བུམ་དབང་ལ་བཅུ་གཅིག་ཏུ་བྱེད་པས་དབང་བཞིར་མི་འདུ་བའི་ སྐྱོན་མེད་དེ་ཕྱག་ཆེན་ཐིག་ལེ་ལས། དབང་བསྐུར་བཞི་ཡི་རིམ་པ་ལ། །འབྲས་བུ་ཡིས་ནི་གསུམ་དུ་བསྟན། །དང་པོ་སློབ་དཔོན་དབང་དང་གཅིག །གཉིས་པ་གསང་བའི་དབང་ནི་མཆོག །གསུམ་པ་ཤེས་རབ་ཡེ་ཤེས་དབང༌། །དེ་ལྟར་ དེ་བཞིན་བཞི་པའོ། །སློབ་དཔོན་དབང་ནི་བཅུ་གཅིག་གྱེས། །གསང་བའི་དབང་ནི་བཅུ་གཉིས་པ། །ཤེས་རབ་ཡེ་ཤེས་བཅུ་གསུམ་པ། །དེ་ལྟར་དེ་བཞིན་བཅུ་བཞིའོ། །དབང་རེ་ལ་ནི་ས་རེ་སྟེ། །དེ་རྣམས་ས་ཡི་དབང་ཕྱུག་བདག ། 3-2-295b ཅེས་བུམ་དབང་ལ་བཅུ་གཅིག་ཏུ་མཛད་ཅིང་དབང་རེ་རེ་ས་རེ་རེར་བཤད་པ་ལྟར་རྒྱུད་རྡོར་ཕྲེང་ལས་ཀྱང་གསུངས་ལ་ཁྱད་པར་དུ་དེར། རྣམ་པ་གསུམ་ནི་རྒྱུ་ཡི་དབང༌། །བཞི་པ་འབྲས་བུར་ཤེས་པར་བྱ། །ཞེས་གསུངས་སོ། །བཅུ་གཅིག་ནི་དྲིལ་བུ་ པས། སློབ་དཔོན་ལ་སོགས་དབྱེ་བ་ཡིས། །དབང་བསྐུར་རྣམ་པ་བཞིར་བཤད་དེ། །ཆུ་ཡི་དབང་སོགས་དབྱེ་བ་ཡིས། །བཞི་པོ་དེ་ནི་བཅུ་བཞིའོ། །ཞེས་ཆུ་དབང་ཐོག་མར་སྨོས་པས་ཕྲེང་བ་མི་འདྲེན་པར་ཆུ་ནས་བཟུངས་ཏེ་བཅུ་གཅིག་ཏུ་མཛད་དོ། །དེ་ལ་ རིག་པའི་དབང་ལྔ་དང་སྔགས་ཀྱི་དབང་དང་ཕྱིར་མི་ལྡོག་པའི་དབང་དངོས་གཞི་སྟེ། བདུན་གསལ་བར་བཤད་ཅིང་དེ་ནས་བཞི་ལ་ལུང་བསྟན་དང་དབུགས་དབྱུང་གཉིས་གཅིག་ཏུ་མཛད་ཅིང་རྡོ་རྗེའི་བརྟུལ་ཞུགས་དང་སྤྱོད་པའི་བརྟུལ་ཞུགས་དང་རྗེས་གནང་ གསུམ་སོ་སོར་བཤད་པ་ལྟར་བྱ་ཡི། སྡོམ་འབྱུང་ནས་བརྟུལ་ཞུགས་དང་ལུང་བསྟན་དང་དབུགས་དབྱུང་དང་རྗེས་གནང་བཞི་སོ་སོར་ཕྱེ་ནས་བུམ་དབང་དུ་གསུངས་པ་ལྟར་མི་བྱ་སྟེ། དེའི་ལྟར་ན་རིག་པའི་དབང་ལྔ་དང་དེ་ནས་སྔར་བཤད་པ་བཞི་དང་ཕྱིར་མི་ ལྡོག་པའི་དབང་ལ་བུམ་དབང་དུ་གསུངས་པ་མ་གཏོགས་པ་སྔགས་དབང་མ་བཤད་པས་བཅུ་ལས་མེད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་དྲིལ་བུ་ཞབས་ཀྱི་དབང་ཆོག་ཏུ་བུམ་དབང་བཅུ་གཅིག་སོ་སོར་མ་བསྟན་པར་འགྱུར་ཏེ་ལུང་བསྟན་ལས་གཞན་པའི་ དབུགས་དབྱུང་དེར་མ་གསུངས་པའི་ཕྱིར་རོ། །དེས་ན་དབུགས་དབྱུང་བསྡུས་པ་ཡིན་པས་རྒྱས་པར་བྱེད་ནའང་བྱས་པས་ཆོག་སྟེ་བསྡུས་པ་དེས་མི་འགོག་གོ། གཉིས་པ་ནི། རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་སྐུར་ཚུལ་དེ་ལྟར་ཡིན་ན། དཀྱིལ་ 3-2-296a འཁོར་གཞན་དུ་དབང་སྐུར་ཚུལ་དེ་དག་དང་འདྲའམ་མི་འདྲ་སྙམ་ན། ངག་དབང་གྲགས་པ་དང་ཨ་བྷྱ་དང་སྒྲ་གཅན་འཛིན་དཔལ་བཤེས་གཉེན་དང་རྟག་པའི་རྡོ་རྗེ་ལ་སོགས་པས་རས་བྲིས་དང་རྡུལ་ཚོན་གྱི་དཀྱིལ་འཁོར་ གཉིས་དབང་སྐུར་ཚུལ་ཐུན་མོང་བར་གསུངས་པས་རས་བྲིས་ལ་བརྟེན་ནས་སྐུར་བ་ལ་ཡང་སྔར་བཤད་པ་བཞིན་བྱའོ། །བྲིས་པའི་དཀྱིལ་འཁོར་ལ་ཡང་ཡིད་ཀྱིས་དཀྱིལ་འཁོར་དུ་བསྒྲུབས་པའི་ཆོ་ག་བྱས་པ་ཉིད་ཀྱིས་དབང་སྐུར་དུ་རུང་བའི་དཀྱིལ་འཁོར་ དུ་འགྱུར་བས་ཡིད་ཀྱི་ཆོ་ག་ཁོ་ན་མཆོག་ཡིན་ནོ། །དེས་ན་དབང་དང་རབ་གནས་དང་སྦྱིན་སྲེག་རྣམས་ཡིད་ཀྱིས་བྱར་རུང་བར་སློབ་དཔོན་འདི་བཞེད་དེ། ཕྲེང་བ་ལས། བྲི་བའི་ཆོ་ག་འདི་ཡང་ཡིད་ཀྱིས་བསྒྲུབས་པའི་ཆོ་ག་ཉིད་ཀྱིས་འབྲས་བུ་ དང་ལྡན་ནོ་ཞེས་བྱ་བས་ཡིད་ཀྱི་དཀྱིལ་འཁོར་གྱི་ཆོ་ག་ཁོ་ན་མཆོག་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དཀྱིལ་འཁོར་གྱི་བདག་པོའི་གཟུགས་ཀྱིས་ས་གཟུང་བ་ལ་སོགས་པ་དང་སྐུ་གཟུགས་ལ་སོགས་པའི་རབ་གནས་དང་སློབ་མ་དབང་བསྐུར་བ་དང་གཤེགས་ སུ་གསོལ་བ་དང་ཞི་བའི་སྦྱིན་སྲེག་གི་མཐར་ཐུག་པ་ཐམས་ཅད་ཡིད་ཀྱིས་བྱའོ། །ཞེས་སོ། །བསམ་གཏན་གྱི་དཀྱིལ་འཁོར་ལ་བརྟེན་ནས་བྱ་བ་འདི་ཡང་ཇི་ལྟ་བུའི་ཚེ་བྱ་བ་ནི་དེ་ཉིད་ལས། དེ་ཉིད་ཀྱི་ཕྱིར་གང་གི་ཚེ་འདི་ཐམས་ཅད་ནི། ཡོ་བྱད་འགའ་ ཞིག་དང་བྲལ་བས་བྱ་བར་མི་ནུས་པའམ་མི་རིགས་པའམ་མི་རྙེད་པ་དེའི་ཚེ་བསྒོམས་ལ་བྱའོ། །ཕྱི་རོལ་གྱི་དངོས་པོ་ཡོད་པ་ལ་ཡང༌བསམ་གཏན་ཁོ་ན་གཙོ་བོ་ཡིན་ནོ། །ཞེས་སོ། །དཀྱིལ་འཁོར་འདྲི་བ་སོགས་ཀྱི་ཡོ་བྱད་མི་རྙེད་པ་ནི། དུས་འཁོར་ 3-2-296b ལས་ཀུན་སྤངས་ཀྱི་སློབ་མ་ལ་དེ་ལྟར་བྱ་བར་གསུངས་པའོ། །མི་རིགས་པ་ནི། ཡོ་བྱད་ཡོད་ཀྱང་གནས་དེར་རྡུལ་ཚོན་གྱིས་བྲི་བ་ལ་དགག་བྱ་ཆེན་པོ་ཡོད་ནས་བྲིར་མི་རུང་བའོ། །མི་རྙེད་པ་ནི། ད་ལྟ་ཡོ་བྱད་དང་མི་ལྡན་པར་མ་ཟད་ད་གཟོད་བཙལ་ཀྱང་མི་རྙེད་པའམ་ ཡང་ན་ཡོ་བྱད་མ་འབྱོར་བའི་གནས་དེ་ལས་གཞན་དུ་དབང་བསྐུར་མཁན་མི་རྙེད་པའོ། །གལ་ཏེ་ཡིད་ཀྱི་དཀྱིལ་འཁོར་རུང་ན་བྲིས་པའི་དཀྱིལ་འཁོར་གྱིས་ཅི་བྱ་སྙམ་ན། ཡོ་བྱད་ཡོད་ནས་བྲིར་རུང་ན་ངེས་པར་བྲི་དགོས་ཏེ་དེའི་ཕྱོགས་སུ་ཟང་ཟིང་བཏང་བ་ལ་བརྟེན་ ནས་ཚོགས་མཐའ་ཡས་པ་འཕེལ་བའི་ཕྱིར་ཏེ། དེ་ཉིད་ལས། འོན་ཀྱང་འཇིག་རྟེན་པའི་ལྟ་བ་སྦྱིན་པ་ལ་མངོན་པར་དད་པ་ལ་སོགས་པས་བསོད་ནམས་འཕེལ་བའི་ཆེད་འབའ་ཞིག་ཏུ་ཕྱིའི་ཆོ་ག་འདོད་དོ། །ཞེས་སོ། །དབང་འགྱུར་ལས། འཇིག་རྟེན་པའི་ ལྟ་བ་དང་ཞེས་འབྱུང་ངོ༌། །བསམ་གཏན་གྱི་དཀྱིལ་འཁོར་ལ་བརྟེན་དུ་རུང་བའི་ཤེས་བྱེད་གཞན་ཡང་དེ་ཉིད་ལས་ཚོགས་པ་དང་བྲལ་བས་བསྒོམས་པ་ཁོ་ནས་ཆོ་ག་ཐམས་ཅད་བསྒྲུབ་པར་བྱའོ་ཞེས་སྔོན་གྱི་སློབ་དཔོན་རྣམས་ཀྱིས་གསུངས་སོ། །དེའི་ཕྱིར་ ལས་དང་པོ་པས་ཀྱང་སེམས་བརྟན་པས་ཡིད་ཀྱིས་སྤྲུལ་པའི་དཀྱིལ་འཁོར་དུ་སྔ་མ་བཞིན་དུ་རབ་གནས་དང་སྐལ་བ་དང་ལྡན་པ་དབང་བསྐུར་བར་བྱའོ། །དེ་ལྟར་ཡང་དཔལ་སངས་རྒྱས་ཐོད་པའི་རྒྱུད་ལས། ཤེས་རབ་པདྨའི་ནང་དབུས་སུ། །དཔག་ཚད་ བྱེ་བའི་དཀྱིལ་འཁོར་ནི། །རིམ་གསུམ་དཀྱིལ་འཁོར་དེ་དབུས་སུ། །མཁས་པས་སློབ་མ་དབང་བསྐུར་བྱ། །ཞེས་གསུངས་སོ། །གཞན་དུ་ཡང༌། ཡིད་ཀྱིས་འགའ་ཞིག་ཉིད་དུ་ནི། །རྒྱལ་བས་དཀྱིལ་འཁོར་བྱ་བར་བཞེད། །ཅེས་དྲངས་ནས་བསྒྲུབས་ཏེ་ 3-2-297a དཔག་ཚད་བྱེ་བ་སོགས་ནི་བསམ་གཏན་མིན་པས་མི་འགྲུབ་པའི་དོན་ནོ། །ལས་དང་པོ་པས་བྱེད་པ་ལ་སེམས་བརྟན་པ་ཞེས་གསུངས་པས་ལྷའི་རྣལ་འབྱོར་ཁྱད་པར་ཅན་དགོས་སོ། །ཀླུའི་བློས་ཀྱང་སློབ་མ་དབང་ བསྐུར་བའི་དཀྱིལ་འཁོར་བརྒྱད་གསུངས་པའི་བརྒྱད་པ་ཡིད་ཀྱི་དཀྱིལ་འཁོར་དུ་གསུངས་ཏེ་སྔ་མ་བདུན་ནི། རྡུལ་ཚོན་གྱི་དཀྱིལ་འཁོར་བྲི་བའི་རྒྱུའི་སྒོ་ནས་ཕྱེ་བའོ། །ལུས་དཀྱིལ་དུ་དབང་བསྐུར་བ་ལ་དྲིལ་བུ་པའི་གཞུང་ནས་མནའ་ཆུ་ལྡུད་པ་དང་ཡེ་ ཤེས་དབབ་པ་དང་དཀྱིལ་འཁོར་བསྟན་པ་གསུམ་ལས་གཞན་དཀྱིལ་འཁོར་དུ་གཞུག་པའི་སྐོར་མ་བཤད་ཀྱང་གཞན་རྣམས་ཀྱང་བྱ་དགོས་ཏེ། དྲིལ་བུ་པའི་དབང་ཆོག་ཕལ་ཆེ་བ་རྣམས་བཤད་རྒྱུད་རྡོ་རྗེ་ཕྲེང་བ་བཞིན་ཡིན་ལ་དེར་ལུས་དཀྱིལ་དང་ རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐུན་མོང་དུ་གསུངས་པའི་སྐབས་སུ་ཡང་གཞུག་པའི་སྐབས་སུ་དེ་ཙམ་ཞིག་ལས་མ་བཤད་པའི་ཕྱིར་རོ། །དེས་ན་ལུས་དཀྱིལ་ལ་དཀྱིལ་འཁོར་དུ་གཞུག་པའི་སྐབས་གཞན་རྣམས་འདོར་ན་རྡུལ་ ཚོན་ལ་ཡང་མཚུངས་པ་ཡིན་ནོ། །རྒྱུད་དེར་སྤྱོད་པའི་བརྟུལ་ཞུགས་ཀྱི་འོག་ཏུ། དེ་ནས་གླེགས་བམ་དུང་ལ་སོགས། །མདའ་གཞུ་རལ་གྲི་འཁོར་ལོ་དང༌། །སྔོན་བཞིན་སྔགས་ཀྱིས་དག་པར་བྱས། །སློབ་མའི་ལག་ཏུ་རིམ་བཞིན་བྱིན། ། ཞེས་ཀྱང་གསུངས་པས་དེ་དག་ཀྱང་བྱས་པས་ཆོག་ལ་ལུང་བསྟན་དང་དབུགས་དབྱུང་གཅིག་ཏུ་བྱས་པ་ཡང་དེ་ནས་གསུངས་སོ། །མདོར་ན་དྲིལ་བུ་ཞབས་ཀྱི་དབང་རྣམས་བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས་གསལ་བས་དེ་དང་བསྟུན་ནས་ 3-2-297b བྱེད་དགོས་པ་ཤེས་པར་གྱིས་ཤིག །གཉིས་པ་ནི། དེ་ལྟར་རྣམ་པར་དག་པའི་དབང་དང་དམ་ཚིག་དང་སྡོམ་པ་རྣམ་པར་དག་པ་ལན་ཅིག་ཐོབ་ཀྱང་མི་ཤེས་པ་དང་ཉོན་མོངས་མང་བ་དང་བག་མེད་པ་དང་མ་གུས་པ་སྟེ་ལྟུང་བ་འབྱུང་བའི་རྒྱུ་བཞིས་ལྟུང་བ་ བྱུང་ན་རྩ་ལྟུང་མ་གཏོགས་པ་རྣམས་ནི་སྔགས་ཀྱི་སྡོམ་ལྡན་གྱི་དྲུང་དུ་ཕྱིར་འཆོས་པ་ལ་སོགས་པས་བཅོས་ནས་ལྟུང་བ་ལས་ལྡང་བར་བྱའོ། །རྩ་ལྟུང་བྱུང་ནས་དམ་ཚིག་ཉམས་ན་དབང་གིས་གསོ་དགོས་པས་བླ་མ་དམ་པ་ལས་དབང་བླང་བར་བྱ་ ལ་ལེན་ས་མ་བྱུང་ན་སྔར་བཤད་པའི་དབང་དེ་རྣམས་སློབ་དཔོན་འཇུག་པའི་ཆོ་གར་བཤད་པ་ལྟར་བདག་འཇུག་བྱས་ནས་དབང་དང་དམ་ཚིག་དང་སྡོམ་པ་རྣམས་བླངས་ལ་གསོ་བར་བྱ་སྟེ་ཕྲེང་བ་ལས། རང་ཉིད་ཀྱང་དམ་ཚིག་ཉམས་ན་འདི་ལྟ་བུའི་ དབང་ཉིད་ཇི་ལྟར་སློབ་དཔོན་འཇུག་པའི་ཆོ་ག་བླང་བར་བཤད་པ་དེ་ལྟར་བླང་བར་བྱའོ། །འོན་ཀྱང་གལ་ཏེ་བླ་མ་དམ་པ་ཤིན་ཏུ་རིང་བ་ནའམ་ལམ་བགྲོད་དཀའ་བ་ལ་སོགས་པའི་ཉེ་བར་འཚེ་བས་བགྲོད་པར་མི་ནུས་པའི་ཕྱོགས་ན་བཞུགས་ན་ སྟེ་གཞན་དུ་ནི་མ་ཡིན་ནོ། །ཞེས་སོ། །ཀོ་ས་ལའི་རྒྱན་ལས་ཀྱང༌། སློབ་མ་གཞུག་པའི་དུས་ལ་བབ་པ་དང་སློབ་དཔོན་འཇུག་པའི་ཆོ་ག་དང་པོར་བྱ་དགོས་ཏེ་གང་གི་ཕྱིར་གང་ལ་ལ་དག་བརྗེད་ངས་པས་དམ་ཚིག་དང་འདས་པ་འགའ་ཞིག་བྱུང་ བ་དག་སྲིད་པས་ན་དེའི་ཕྱིར་སློབ་དཔོན་ཉིད་དང་པོར་འཇུག་པར་བྱའོ། །ཞེས་གཞན་ལ་དབང་སྐུར་མཁན་ཀྱིས་ཀྱང་སྔོན་དུ་བདག་འཇུག་བྱས་ནས་རང་གི་དམ་ཚིག་གསོ་བར་གསུངས་པས་བླ་མ་ཁྱད་པར་ཅན་ལ་བླང་ས་མ་བྱུང་ན་རང་ཉིད་བསྙེན་པ་སྔོན་ 3-2-298a དུ་སོང་བ་དང་ཆོ་ག་རྣམ་དག་ཤེས་པ་ཡིན་ན་བདག་འཇུག་གིས་ཤིན་ཏུ་ཡང་ཆོག་གོ། འདི་ཡང་དངོས་གཞིའི་སྐབས་སུ་སྡོམ་པ་གཟུང་བའི་ཆོ་ག་ཡོད་པ་རྣམས་མ་གཏོགས་པ་སྟ་གོན་གྱི་སྐབས་ཙམ་ལས་མེད་པ་ རྣམས་ལ་ནི། བླ་མས་ཀྱང་བདག་འཇུག་གི་ཚེ་སྡོམ་པ་གཟུང་བའི་ཆོ་ག་ལེགས་པོར་བྱ་དགོས་ལ་སློབ་མ་ལ་ཡང་སྐབས་དེར་དཔོག་དགོས་པ་ནི་སྔར་བཤད་ཟིན་ཏོ། །སྡོམ་པ་གསོ་བས་དབང་གི་སྔོན་དུ་ཇི་ལྟར་བྱ་སྙམ་ན། ཕྲེང་བ་ལས། བླ་མ་ལ་བརྙས་པ་ལ་སོགས་པའི་ཉེས་པ་ལ་ནུས་པ་ཇི་ལྟ་བར་སྟོན་མོ་སྔོན་དུ་འགྲོ་བའི་འབུལ་བ་བྱས་ནས་བླ་མའི་མདུན་དུ་བཤགས་པ་སྔོན་དུ་འགྲོ་བས་སྡོམ་པ་སྔ་མ་བཞིན་དུ་གཟུང་བར་བྱའོ། །ཞེས་གསུངས་པ་ ལྟར་བླ་མ་དང་གྲོགས་དམ་ཚིག་ཅན་རྣམས་ལ་དཔའ་བོའི་སྟོན་མོ་སོགས་བྱས་ནས་བཤགས་པ་མང་དུ་བྱ་ལ་དེ་ནས་བླང་ངོ༌། །ནག་པོ་དམ་ཚིག་རྡོ་རྗེས་ཀྱང༌། བླ་མ་དང་རྡོ་རྗེ་སྤུན་ལ་ཚོགས་འཁོར་བསྐོར་ཏེ་སྔོན་ལ་ཉེས་པ་འདི་བྱས་བརྗོད་ནས་ བཤགས་པ་བྱེད་པར་དགྲ་ནག་གི་འགྲེལ་པ་ལས་བཤད་དོ། །རྩ་ལྟུང་དང་པོ་མ་གཏོགས་པ་རྣམས་དབང་ལ་མི་བལྟོས་པར་ལྟུང་བ་ལས་ལྡང་ཐབས་རྩ་ལྟུང་གི་རྒྱ་ཆེར་འགྲེལ་ལ་སོགས་པས་བཤད་པ་ལ་ནི། ཡིད་བརྟན་གཏན་མི་རུང་ སྟེ་དུས་འཁོར་དང་ཤཱནྟི་པའི་དགྲ་ནག་གི་འགྲེལ་པ་དང་སྡོམ་འབྱུང་གི་འགྲེལ་པ་དང་ཕྲེང་བ་ལ་སོགས་པ་དུ་མ་ཞིག་གིས་རྩ་ལྟུང་གང་བྱུང་ཡང་སླར་དབང་གིས་སྦྱང་དགོས་པར་གསུངས་ཤིང་དགྲ་ནག་གི་བཅུ་བདུན་པ་ལས་ཀྱང༌། གལ་ཏེ་ 3-2-298b བག་མེད་བྱུང་གྱུར་པས། །བླ་མ་དམ་ཚིག་ལ་གནོད་ན། །དེས་ནི་དཀྱིལ་འཁོར་བྲིས་བྱས་ལ། །བདེར་གཤེགས་རྣམས་ལ་སྡིག་པ་བཤགས། །ཞེས་གསུངས་ཏེ་དཀྱིལ་འཁོར་འདྲི་བ་ནི། དབང་གི་ཆེད་ཡིན་ནོ། །ནག་པོ་པས་བླ་མ་དང་དམ་ཚིག་གཉིས་ སོ་སོར་བྱས་ནས་དམ་ཚིག་ནི། བདེ་བར་གཤེགས་པའི་བཀའ་ལ་སོགས་པའོ། །དེ་དག་ལ་གནོད་པ་ནི། ལྟུང་བ་ལ་བཤད་དོ། །དེ་ལྟར་དབང་གིས་སོར་ཆུད་པ་ལ་ཡང་སྔ་མ་ལ་འགྱོད་ཅིང་ཕྱིན་ཆད་གཏན་མི་བྱ་བའི་བསམ་པ་ཐག་པ་ནས་སྡོམ་པ་ཅིག་ དགོས་ཀྱི་དེ་འདྲ་མེད་པར་སྔ་མ་ཉམས་ཀྱང་སླར་བླངས་ན་སྐྱེ་བས་མི་སྐྱོན་ནོ་སྙམ་པ་བྱས་ན་གཏན་མི་རུང་སྟེ། དུས་འཁོར་འགྲེལ་ཆེན་ལས། རྩ་བའི་ལྟུང་བ་བྱུང་བ་གང་ཞིག་དག་པའི་སླད་དུ་སླར་ཡང་དཀྱིལ་འཁོར་འདིར་ནི་འཇུག་བྱ་སྟེ་ཞེས་པ་ནི། འདིར་ གང་གི་ཚེ་དབང་བདུན་ལ་གནས་པའམ་བུམ་པ་དང་གསང་བའི་དབང་ལ་གནས་པ་ལ་རྩ་བའི་ལྟུང་བ་བྱུང་བར་གྱུར་ན་དེའི་ཚེ་དེ་དག་པའི་སླད་དུ་དཀྱིལ་འཁོར་འདི་བྲིས་ནས་སླར་མི་བྱེད་པའི་དོན་དུ་སླར་ཡང་དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པ་བྱའོ། ། དེ་ནས་རྗེས་སུ་གནང་བ་ཐོབ་ནས་སླར་ཡང་ཚོགས་ཀྱི་འདུས་པར་ཞེས་པ་རིགས་ཀྱི་དབུས་སུ་སྔར་ཐུ་བོའི་མིང་གང་ཡིན་པ་དེ་ནི། ཆུང་བ་ཉིད་དུ་འགྱུར་ཏེ་གཞོན་པ་ཉིད་དུ་འགྱུར་རོ་ཞེས་པ་སླར་མི་བྱེད་པའི་སྡོམ་པའི་སླད་དུ་དེ་བཞིན་གཤེགས་པའི་ངེས་པ་ སྟེ་སློབ་མ་རྣམས་ཀྱིས་གདོན་མི་ཟ་བར་བྱའོ། །ཞེས་ཕྱིས་མི་བྱེད་པའི་སྡོམ་སེམས་ལ་ནན་ཏན་དུ་མཛད་ནས་གསུངས་ཤིང༌། སྡོམ་པ་ཉམས་ནས་སླར་གསོས་པ་ནི། སྔར་གྱི་བསླབ་གྲལ་ལས་དམའ་བར་བསྡད་དགོས་པར་བཤད་དོ། །དུས་འཁོར་གྱི་དབང་གི་རབ་ 3-2-299a བྱེད་ཀྱི་འགྲེལ་པ་ལས་ཀྱང༌། དེ་ཡང་ཕྱིས་མི་བྱེད་པའི་དམ་འཆའ་བ་རྣམས་ལ་ཡིན་གྱི་ཕྱིས་སྡོམ་པའི་བསམ་པ་མེད་པ་རྣམས་ལ་ནི་མ་ཡིན་ཏེ། འདི་ལྟར་སྐྱེས་བུ་འགའ་ཞིག་དུག་གིས་ཟིན་ན་སྨན་པ་འགས་དེ་བཟློག་ པའི་ཕྱིར་སྨན་གྱི་བཏུང་བ་བླུད་ནས་སྔར་བཞིན་དུ་ཟ་བ་དང་མཚུངས་སོ། །ཞེས་དགེ་སློང་དཱ་རི་ཀ་པས་བཤད་དོ། །འདི་དག་རྒྱས་པར་རྩ་ལྟུང་གི་རྣམ་བཤད་དུ་བཤད་ཟིན་ཏོ། །རྒྱུན་པའི་བདག་འཇུག་བྱེད་ཚུལ་ཡང་ཕྲེང་བ་ལས། རྟག་ཏུ་ཡི་ དམ་བྱེད་པས་ནི་ཤེས་རབ་དང་ཐབས་རོ་གཅིག་པའི་རང་གི་འདོད་པའི་ལྷའི་སྦྱོར་བས་ཡིད་ཀྱི་རང་བཞིན་གྱི་དཀྱིལ་འཁོར་བསྒོམས་པར་དཀྱིལ་འཁོར་དབང་ཕྱུག་ལས་ཆུའི་དབང་ལ་སོགས་པ་གསང་བ་དང་ཤེས་རབ་ཡེ་ཤེས་དང་བཞི་པའི་མཐར་ ཐུག་པ་དང་དབུགས་དབྱུང་པའི་མཐར་ཐུག་པའི་བར་ཡང་བླང་བར་བྱའོ། །ཞེས་གསུངས་པས་རྡུལ་ཚོན་དང་བྲིས་སྐུ་ལ་བརྟེན་པ་མ་གྲུབ་ཀྱང་བསམ་གཏན་གྱི་དཀྱིལ་འཁོར་དུ་བྱར་རུང་ངོ༌། །གསུམ་པ་ནི། དེ་ནས་ཆོ་གའི་ལྷག་ཆད་ཀྱི་ཉེས་པ་ ཞི་བར་བྱ་བའི་ཕྱིར་ཞི་བའི་སྦྱིན་སྲེག་དང་ལྷ་རྣམས་ཚིམ་པར་བྱ་བའི་ཕྱིར་རྒྱས་པའི་སྦྱིན་སྲེག་བྱའོ། །འདི་དག་དངོས་སུ་མ་གྲུབ་ན་ཡིད་ཀྱིས་ཀྱང་རུང་བར་སྔར་བཤད་ལ་འོད་སྙེ་ལས་ཀྱང༌། ཡང་ན་ཐམས་ཅད་ཡིད་ཀྱིས་སོ། །ཞེས་གསུངས་ པས་ཡིད་ཀྱིས་སྦྱིན་སྲེག་བྱའོ། །དེ་ནས་རང་གིས་དཀྱིལ་འཁོར་མཆོད་ཅིང་ཐམས་ཅད་ཀྱིས་ནུས་པ་ཇི་ལྟ་བར་དེ་བཞིན་གཤེགས་པ་ལ་སོགས་པ་ལ་མཆོད་པ་གྱིས་ཤིག་ཅེས་པས་སློབ་མ་ལ་སོགས་པ་རྣམས་མཆོད་པ་བྱེད་དུ་གཞུག་ལ། དེར་ 3-2-299b ཞུགས་པ་རྣམས་ལ་ཡང་བཟའ་བཅའ་དང་བལྡག་པ་དང་ཆང་ལ་སོགས་པ་དཀྱིལ་འཁོར་ལ་ཕུལ་བ་རྣམས་ཀྱིས་ཚིམ་པར་བྱ་སྟེ། དེ་དག་དང་ལྷན་ཅིག་ཏུ་མཚན་མོ་མི་ཉལ་བར་གླུ་གར་ལ་སོགས་པ་དང་བྱང་ཆུབ་ཀྱི་སེམས་ཀྱི་རྟོགས་པས་ཡང་དག་པར་ མཆོད་ནས། ཁྱེད་རྣམས་ཀྱིས་འཇུག་པ་འདི་སུ་ལའང་སྨྲ་བར་མི་བྱའོ་ཞེས་བརྗོད་དོ། །དེ་ནས། སློབ་མ་ལ་ནི་ཡོན་བསླང་བྱ། །དེས་ཀྱང་གུས་པས་དབུལ་བྱ་སྟེ། །རིན་ཆེན་ཡིད་འོང་ཆུང་མ་དང༌། །རང་གི་ལུས་དང་ས་གཞི་དང༌། །མདོར་ན་བྱ་བ་དེ་ འདྲ་བ། །ཇི་ལྟར་བླ་མ་མཉེས་འགྱུར་བྱ། །བླ་མ་མཉེས་ན་དངོས་གྲུབ་འགྱུར། །གཞན་དུ་མིན་ཞེས་ཐུབ་པ་གསུང༌། །སློབ་དཔོན་བླ་མེད་བྱེད་པ་པོ། །རྡོ་རྗེ་སེམས་དཔའ་མཆོད་པ་ལས། །དེ་ཡིས་བསོད་ནམས་མ་བྱས་ཅི། །དཀའ་ཐུབ་མ་བྱས་པ་ཡང་ ཅི། །ཞེས་གསུངས་སོ། །འདིར་བླ་མ་མཉེས་པ་རྟེན་འབྲེལ་གྱི་གནད་ཤིན་ཏུ་ཆེ་བར་རྒྱ་གཞུང་དུ་མ་ལས་གསུངས་ལ་སྦྱིན་པའི་ཞིང་ཡང་བླ་ན་མེད་པ་ཡིན་ཏེ་སྙིང་པོ་མདོར་བསགས་ལས། སངས་རྒྱས་ཞིང་སོགས་ཞིང་རྣམས་ལ། །ཁྱད་པར་དུ་ནི་ སྦྱིན་པ་སྤྱད། །དམངས་རིགས་སྟོང་ཕྲག་གཉིས་དག་ཀྱང༌། །བྲམ་ཟེ་གཙང་མ་གཅིག་དང་འདྲ། །བྲམ་ཟེ་སྟོང་ཕྲག་གཉིས་དག་ནི། །དགེ་སློང་གཅིག་ལ་རབ་ཏུ་སྦྱར། །དགེ་སློང་སྟོང་ཕྲག་གཉིས་དག་ནི། །རྡུལ་མེད་པ་ནི་གཅིག་དང་མཉམ། ། རྡུལ་མེད་སྟོང་ཕྲག་གཉིས་དག་ནི། །ཡེ་ཤེས་ལྡན་པ་གཅིག་དང་སྦྱར། །ཡེ་ཤེས་ལྡན་པ་སྟོང་ཕྲག་གཉིས། །སློབ་དཔོན་གཅིག་དང་མཉམ་པར་བརྟག །དེ་ལྟར་སྦྱིན་པའི་ཞིང་བྱས་ནས། །བློ་དང་ལྡན་པས་རྟག་ཏུ་སྦྱིན། །རྣལ་འབྱོར་རྩ་བའི་ 3-2-300a ཆོས་ལས་ནི། །ཞིང་བཟང་པོ་ལ་ས་བོན་གདབ། །ཅེས་གསུངས་ཏེ་ལྭ་བ་པ་དང་ནག་པོ་སྤྱོད་པས་ཀྱང་དེ་ལྟར་བཤད་དོ། །དེ་ནས་སློབ་མ་རྣམས་བཞག་སྟེ་ཕྱི་རོལ་ཏུ་ཕྱོགས་ཀྱི་གཏོར་མ་དང་མཆོད་པ་ལ་སོགས་པ་བྱས་ལ་ནང་ དུ་ཞུགས་ནས་དཀྱིལ་འཁོར་ལ་ཕྱག་འཚལ་ཏེ་གཙོ་བོ་ལ་མཆོད་ཡོན་ལ་སོགས་པ་ཕུལ་ནས་དགེ་བ་བསྔོའོ། །དེ་ནས་དཀྱིལ་འཁོར་ལན་གསུམ་བསྐོར་ལ་བཅོམ་ལྡན་འདས་ལ་ཕྱོགས་པས་ཤར་སྒོར་འདུག་སྟེ་ཆད་ལྷག་གི་ཉེས་པ་ཞི་བར་བྱ་ བ་ལ་དམིགས་ནས་ཡི་གེ་བརྒྱ་པ་ལན་གསུམ་བརྗོད་དོ། །དེ་ནས་མེ་ཏོག་དང་བཅས་པའི་ཐལ་མོ་སྙིང་གར་སྦྱར་ལ་མ་ཚང་བ་ལ་སོགས་པའི་ཉེས་པ་ཞི་བར་བྱ་བའི་ཕྱིར་བཟོད་པར་གསོལ་ཏེ། གང་ཡང་བདག་བློ་རྨོངས་པ་ཡིས། །ཉེས་བྱས་ཅུང་ ཟད་གང་བགྱིས་པ། །གང་ཕྱིར་ལུས་ཅན་སྐྱབས་ཡིན་ཕྱིར། །མགོན་ཁྱེད་དེ་ཀུན་བཟོད་པར་མཛོད། །མ་རྙེད་ཡོངས་སུ་མ་ཤེས་དང༌། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བྱ་བ་གང་བགྱིས་པ། །དེ་ཀུན་གཙོ་བོས་བཟོད་མཛད་རིགས། ། ཞེས་བརྗོད་ཅིང་མངོན་པར་འདོད་པའི་དོན་འགྲུབ་པར་གསོལ་བ་གདབ་བོ། །དེ་ནས། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་བསྩལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་ མཛད་དུ་གསོལ། ཞེས་པ་དང༌། ཨོཾ་ཨཱཿཧཱུཾ་བཛྲ་མུཿ ཞེས་བྱ་བས་ཡེ་ཤེས་པའི་དཀྱིལ་འཁོར་གཤེགས་སུ་གསོལ་ནས་རང་གིས་སྤྲུལ་པའི་དམ་ཚིག་པའི་དཀྱིལ་འཁོར་རང་ཉིད་ལ་བསྟིམ་མོ། །སངས་རྒྱས་ཀྱི་ཡུལ་ནི། སེམས་ཅན་གྱི་དོན་དང་ 3-2-300b ཆོས་ཀྱི་དབྱིངས་ལ་ཀུན་སྙིང་གིས་བཤད་དོ། །དེ་ནས། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨ་དྱཱ་ནུད་པནྣ་ཏྭཏ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿཧཱུཾ་མུཿ ཞེས་འདོན་ཅིང་ཆོས་ཐམས་ཅད་སྐྱེ་བ་མེད་པར་མོས་པས་གཡོན་པས་དྲིལ་བུ་དཀྲོལ་ཞིང་ལག་པ་ གཡས་ཀྱི་རྡོ་རྗེས་ཤར་སྒོ་ནས་བརྩམས་ཏེ་ཚངས་ཐིག་གི་ལམ་ནས་གཙོ་བོའི་གནས་ཀྱི་བར་དུ་དབྱི་ཞིང་རང་གི་མགོ་བོ་ལ་རྡུལ་ཚོན་ཅུང་ཟད་ཙམ་བླུགས་ནས་པདྨ་ལ་སོགས་པ་རྣམས་དབྱི་བར་བྱའོ། །དེ་ནས་སྒོ་རྣམས་དང་ཟུར་རྣམས་ལག་པའི་རྡོ་ རྗེའི་རྩེ་མོས་གཞིག་པར་བྱའོ། །བླ་མ་རྣམས་སྔོན་ལ་ལྷ་མཚན་རྣམས་བསྡུས་ནས་དེ་ནས་རྡོ་རྗེས་འཇིག་པ་མཛད་དོ། །དེ་ནས། ཨོཾ་བཛྲ་ཀཱི་ལ་ཨུད་ཀཱི་ལ་ཡ་སརྦ་ཀཱི་ལཱན་བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཧོཿ ཞེས་བྱ་བ་ཧཱུཾ་བཞི་པའི་སྔགས་ བརྗོད་ལ་ཕུར་པ་རྣམས་གདོན་ཏེ་གཞུང་གཞན་ནས་སུམྦྷ་ནི་ལ་ཧཱུཾ་བཞི་པར་བྱས་པ་དང་མི་འདྲའོ། །དེ་ནས། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷ་ལོ་ཙ་ནེ་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ་ཞེས་བྱ་བ་འོ་མ་ལ་བརྒྱ་རྩ་བརྒྱད་བཟླས་པས་ཕུར་བུ་རྣམས་བཀྲུ་བར་བྱའོ། ། སྔགས་དེས་བཟླས་ནས་འཁྲུ་བ་ནི། གསང་འདུས་ལས་སྔགས་དེས་ཤི་བ་གསོ་བར་གསུངས་པས་བགེགས་རྣམས་ཉམས་པར་བྱས་པ་སླར་གསོ་བའི་དོན་ནོ། །ཕུར་པའི་ལྷ་རྣམས་ཀྱང་གཤེགས་སུ་གསོལ་ལོ། །ཕུར་བུ་ས་ལ་བཏབ་ན་ཁུང་བུ་ཡང་ དགང་ངོ༌། །ནད་ཞི་བ་ལ་སོགས་པའི་དོན་དུ་སློང་བ་ལ་རྡུལ་ཚོན་ཅུང་ཟད་ཙམ་བྱིན་ནས་རྡུལ་ཚོན་གཞན་རྣམས་རྣམ་པར་རྒྱལ་བའི་བུམ་པའམ་བུམ་པ་གཞན་གསར་པ་རས་ཀྱིས་བརྒྱན་པར་བླུགས་ཏེ་གླང་པོ་ཆེའི་སྟེང་ངམ་ཁྱོགས་ལ་བཞག་ལ་ཡོན་ 3-2-301a བདག་གིས་བྱིན་པའི་རས་ཀྱིས་བརྒྱན་པའི་རྣལ་འབྱོར་མས་བཟུངས་ལ་འདོ་ལི་ལ་ཞོན་པའི་སློབ་དཔོན་ནམ་སློབ་མ་དྲིལ་བུའི་སྒྲ་དང་བཀྲ་ཤིས་ཀྱི་གླུ་དང་རོལ་མོའི་སྒྲ་དང་གདུགས་དང་རྒྱལ་མཚན་དང་མཆོད་པ་རྣམས་དང་ལྡན་པས་ ཁྱེར་ཏེ། འབབ་ཆུ་ཆེན་པོའམ་མཚོ་ཆེན་པོའམ་ཆུ་ཟབ་མོའི་འགྲམ་དུ་འདུག་ལ་བ་ལྕིས་བྱུགས་པར་དྲི་དཀར་པོས་མཎྜལ་བྱས་ཏེ་པདྨའི་ལྟེ་བ་ལ་རྡོ་རྗེ་སེམས་དཔའ་འམ་གཙོ་བོ་གང་ཡིན་དང་འདབ་མ་ལ་ཤར་ནས་བརྩམས་ཏེ་ཕྱོགས་བཞི་དང་དབང་ལྡན་ནས་ བརྩམས་ཏེ་མཚམས་བཞིར་གཡས་སྐོར་དུ་རིམ་པ་བཞིན་མཐའ་ཡས་དང་པདྨ་དང་འཇོག་པོ་དང་ནོར་རྒྱས་དང༌། པདྨ་ཆེན་པོ་དང་དུང་སྐྱོང་དང་ཀརྐོཊ་དང་རིགས་ལྡན་རྣམས་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་ནས་བཞག་པར་བསམ་མོ། །དེ་ནས། ཨོཾ་ཨཱཿ ཨ་ནནྟཱ་ཡ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿཔདྨ་ཡ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿཏཀྵ་ཀཱ་ཡ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿབཱ་སུ་ཀེ་ཡེ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿ མ་ཧཱ་པདྨ་ཡེ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿཤཾ་ཁ་པཱ་ལ་ཡེ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿ ཀརྐོ་ཊ་ཡེ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿ ཀུ་ལི་ཀཱ་ཡ་ཧཱུཾ་སྭཱ་ཧཱ། ཞེས་པའི་སྔགས་རྣམས་ཀྱིས་ མེ་ཏོག་དཀར་པོས་མཆོད་ལ་ལག་པ་གཡོན་པ་གདེངས་ཀའི་སྟངས་དང་གཡས་པ་བརྐྱངས་ཏེ། ཨོཾ་ཨ་ནནྟཱ་བཱ་སུ་ཀི་ཏཀྵ་ཀ ཀརྐོ་ཊ་ཀ་པདྨ་མ་ཧཱ་པདྨ་ཤཾ་ཁ་པཱ་ལ་ཀུ་ལི་ཀ་པཱ་ལ་དེ་བ་ཏི་མ་ཧཱ་དེ་བ་ཏི་སོ་མ་ཤི་ཁི་མ་ཧཱ་སོ་མ་ཤི་ཁི། དཎྜ་དྷ་ར་མ་ཧཱ་དཎྜ་དྷ་ར་ ཨ་བ་ལཱ་ལ་ཧཱུ་ལུ་ཎྜ་ནནྡ་ཨུ་པ་ནནྡ་ས་ག་ར་མ་ཧཱ་སཱ་ག་ར། ཏཔྟ་མ་ཧཱ་ཏཔྟ་ཤྲཱི་ཀཱནྟི་མ་ཧཱ་ཀཱནྟི་རཏྣ་ཀཱནྟི་སུ་རཱུ་པ་མ་ཧཱ་སུ་རཱུ་པ། བྷ་དྲཱ་ཧི་ཀ་མ་ཧོ་ད་ར་ཤི་ལི་མ་ཧཱ་ཤི་ལི། ཨོཾ་བྷཀྵ་བྷཀྵ་ཨ་གཙྪ་ཨ་གཙྪ་མ་ཧཱ་ནཱ་ག་ཨ་དྷི་པ་ཏི་སརྦ་བྷཱུར་བྷཱུ་ཝཿ ཕྲུཾ་ཕྲུཾ་སྭཱ་ཧཱ། ཞེས་པའི་ 3-2-301b སྔགས་ཀྱིས་འོ་མའི་གཏོར་མ་ཕུལ་ནས་མཆོད་དེ་ཀླུ་རྣམས་ལ་བྱིན་གྱིས་བརླབས་པའི་རྡུལ་ཚོན་གཏད་དེ་ཆུ་ལ་བསྐུར་བར་བྱའོ། །ཀླུ་རྣམས་ཀྱིས་ཀྱང་བཀུར་སྟི་ཆེན་པོས་ས་འོག་གི་གཞིར་ཁྱེར་བར་བསམ་མོ། །སྐབས་གཞན་དུ་ཀླུ་གཏོར་གཏོང་བར་འདོད་ན་ དབུས་སུ་བ་རུ་ཎ་བསམས་ལ་གཞན་སྔ་མ་བཞིན་བྱས་ནས་བཏང་བས་ཆོག་གོ། གང་དུ་རྡུལ་ཚོན་ཁྱེར་བའི་བུམ་པ་དེ་ཆུས་བཀང་ནས་དེ་ཁོ་ན་བཞིན་དུ་ཁྱེར་ཏེ་དེས་ཞི་བའི་དོན་དུ་དཀྱིལ་འཁོར་ཁང་པ་ལ་སོགས་པར་གཏོར་བར་བྱའོ། །བ་ལྕིས་བྱུགས་པའི་དཀྱིལ་འཁོར་ གྱི་ཁང་པར་གཞོན་ནུ་མ་རྣམས་ལ་འོ་ཐུག་གི་སྟོན་མོ་བྱའོ། །དེ་ནས་སློབ་དཔོན་གྱིས་ནི་ནོར། །མཁོ་བའི་ཡོ་བྱད་ཀུན་བསྡུས་ནས། །རང་ཉིད་ཀྱིས་ནི་སྤྱད་པར་བྱ། །སློབ་མ་སོགས་ཀྱིས་ཅུང་ཟད་མིན། །རྨང་འཛུགས་པ་དང་རབ་གནས་དང༌། །སྦྱིན་སྲེག་འཁོར་ ལོའི་ནོར་གང་ཡིན། །དེ་ཀུན་སློབ་དཔོན་ཁོ་ནའི་ཞེས། །རྡོ་རྗེ་འཛིན་པ་མཆོག་ཉིད་གསུངས། །ཞེས་སོ། །རྨང་འཛུགས་པ་ཞེས་པ་ལ་བཞི་བརྒྱ་ལྔ་བཅུ་པ་སོགས་ལས་ཁུང་བུ་དགང་དང་ཞེས་བསྒྱུར་ཏེ་དབང་གི་ཆོ་གའི་ཕྱོགས་གཅིག་གི་མིང་དུ་མངོན་པས་ དབང་བསྐུར་གྱི་ཡོ་བྱད་དོ། །སྤྱི་རྒྱུད་ལས་ཀྱང་དཀྱིལ་འཁོར་གྱི་ཡོ་བྱད་ཐམས་ཅད་སློབ་དཔོན་ཉིད་དབང་ལ་སློབ་མ་ལ་བགོ་བཤའ་བྱས་ན་དམ་ཚིག་ཉམས་པ་དང༌། སློབ་དཔོན་མི་འདོད་ན་གདུགས་དང་རྔ་ཡབ་དང་དྲིལ་བུ་སོགས་སངས་རྒྱས་དང༌། གདན་དང་ བདུག་སྤོས་དང་དྲི་ལ་སོགས་པ་ཆོས་དང༌། གོས་དང་སྣོད་སྤྱད་སོགས་དགེ་འདུན་ལ་དབུལ་དགེ་འདུན་མེད་ན་དགེ་སློང་ངམ་དགེ་སློང་མའམ་དགེ་བསྙེན་ལ་སྦྱིན་པར་བཤད་ཅིང༌། བཟའ་བ་དང་ནི་བཅའ་བ་རྣམས། །ཅི་དགར་ཕོངས་པ་རྣམས་ལ་སྦྱིན། །ཁྱི་ 3-2-302a དང་བྱ་རོག་ལ་སོགས་ལ། །ཅུང་ཟད་ཙམ་ཡང་མི་སྦྱིན་ནོ། །ཞེས་གསུངས་སོ། །སློབ་དཔོན་དང་སྒོའི་སློབ་དཔོན་རྣམས་དང་ལས་ཀྱི་རྡོ་རྗེ་ཅན་དང་རྣལ་འབྱོར་མ་རྣམས་ཇི་ལྟར་འོས་པར་ནུས་པ་ཇི་ལྟ་བར་གོ་ལ་ལ་སོགས་ པ་རྣམས་དང་སོ་རྩི་ལ་སོགས་པས་མཉེས་པར་བྱའོ། །དགེ་འདུན་གྱི་སྟོན་མོ་དང་ཚོགས་ཀྱི་འཁོར་ལོ་བྱའོ། །ལྭ་བ་པ་ལ་སོགས་པས་དཀྱིལ་འཁོར་གཤེགས་གསོལ་མ་བྱས་པའི་གོང་དུ་ཚོགས་འཁོར་བྱ་བར་གསུངས་ཏེ་སྐབས་དེ་དག་གང་ རུང་དུ་བྱས་པས་ཆོག་གོ། དམན་པ་དང་མགོན་མེད་པ་རྣམས་ཀྱང་ཚིམ་པར་བྱའོ། །མཐའ་རྟེན་ནས་མཇུག་ཆོག་གི་བར་གྱི་སྡོམ་ནི། བརྟུལ་ཞུགས་གསུམ་དང་ལུང་བསྟན་དང༌། །རྗེས་གནང་དབུགས་དབྱུང་རྣམ་པ་དྲུག །སྦྱིན་སྲེག་མཆོད་ དང་ཡོན་བསླང་དང༌། །གཏོར་མ་མཆོད་པ་བསྐོར་བ་བྱ། །བཟོད་དང་གཤེགས་གསོལ་སྤྲུལ་པ་སྡུད། །ཚོན་རྩི་བསྡུ་ཞིང་ཕུར་བུ་དབྱུང༌། །རྡུལ་ཚོན་ཆུར་དོར་བུམ་ཆུས་བསང༌། །ཚོགས་ཀྱི་འཁོར་ལོས་དགའ་སྟོན་བྱ། །ཞེས་པའོ། །དེ་ལྟར་ ན་དབང་བསྐུར་བ་ནི། སྔགས་ཀྱི་གཞུང་དུ་མ་ལས་ལམ་སྒོམ་པ་དང་དངོས་གྲུབ་རྣམ་པ་གཉིས་འགྲུབ་པའི་གཞིར་ལན་ཅིག་མ་ཡིན་པར་བསྔགས་པས་ཤིན་ཏུ་གལ་ཆེ་བར་མཐོང་ནས་པཎྜི་ཏ་ཆེན་པོ་འཇིགས་མེད་འབྱུང་གནས་སྤས་པའི་ གཞུང་རྡོ་རྗེ་ཕྲེང་བ་ལ་གཞི་བླངས་ཏེ་དྲི་མ་མེད་པའི་རྒྱུད་དང་བསྟན་བཅོས་རྣམས་དང་མཐུན་པར་ཆོ་ག་ཕྲ་རགས་ཐམས་ཅད་དམིགས་ཕྱེད་པར་བྱ་བའི་རིམ་པ་རྒྱས་པར་བཤད་པ་ཡིན་ནོ། །འདིར་སྨྲས་པ། བུམ་དབང་གངྒཱའི་ཆུ་རྒྱུན་བསྐུར་ 3-2-302b བ་ཡིས། །ཐ་མལ་སྣང་ཞེན་ལུས་ཀྱི་དྲི་མ་བཀྲུས། །གསང་བ་ཡེ་ཤེས་བདུད་རྩི་མྱངས་པ་ཡིས། །ངག་གནས་རླུང་གི་རྒྱུ་བ་སྔགས་སུ་འཆར། །གསུམ་པ་ལྷན་སྐྱེས་དགའ་བའི་ལྕགས་ཀྱུ་ཡིས། །ཡིད་ཀྱི་སྐྱེས་བུ་དོན་དམ་དབྱིངས་སུ་དྲངས། ། བཞི་པ་ཟུང་འཇུག་དོན་ལ་ངོ་སྤྲད་པས། །མཐར་ཐུག་སྐྱེལ་སོའི་གནད་ལ་ཐེ་ཚོམ་བཅད། །དབང་བཞིའི་གནད་དོན་ཚུལ་བཞིན་ངེས་པ་ལས། །མཆོག་ཏུ་གྱུར་པའི་གདམས་པ་ཡོད་མིན་ཞེས། །རང་གི་རྟོགས་པ་གླུ་རུ་བླངས་པ་འདི། །བླ་མ་ རྣམས་དང་འཇམ་པའི་དབྱངས་ལ་འབུལ། །དེ་སྐད་སྨྲས་པའང་དབང་གི་རིམ་པ་རྣམས། །ལམ་གྱི་སྔོན་འགྲོ་ཙམ་དུ་ཟད་དོ་ཞེས། །རྩ་བ་བོར་ནས་ཡལ་ག་ཚོལ་རྣམས་ཀྱི། །ཡིད་མུན་སྟུག་པོ་ཞི་བའི་དོན་དུའོ། །རྡོ་རྗེ་འཆང་ཆེན་པོའི་ལམ་ གྱི་རིམ་པ་གསང་བ་ཀུན་གྱི་གནད་རྣམ་པར་ཕྱེ་བ་ལས། དབང་གོང་མ་གསུམ་མཐའ་རྟེན་དང་བཅས་པ་བསྐུར་ཞིང་མཇུག་གི་ཆོ་ག་བསྟན་པ་སྟེ་ལེའུ་བཅུ་པའོ།། ༈ །།གཞན་དབང་བསྐུར་བའི་ཆོ་ག་ལ་གཉིས་སུ་ཕྱེ་བའི་ གཉིས་པ་ལྷ་ལ་དབང་བསྐུར་བ་རབ་གནས་ཀྱི་ཆོ་ག་དང༌། ཆོ་ག་ཇི་ལྟར་བྱ་བའི་རིམ་པ་ལ་གཉིས་སུ་ཕྱེ་བའི་གཉིས་པ་དབང་གི་ཡན་ལག་གི་ཆོ་ག་ལ་ལྷ་ཚིམ་ཞིང་དངོས་གྲུབ་སྒྲུབ་པའི་ཐབས་སྦྱིན་སྲེག་དང༌། ཉམས་ཆག་སྐོང་ཞིང་མཁའ་འགྲོ་ མཉེས་པའི་ཐབས་ཚོགས་འཁོར་དང༌། ཆ་ལུགས་མི་ཉམས་ཤིང་གཟུང་བའི་དམ་ཚིག་གི་ཡན་ལག་རྡོ་རྗེ་དང་དྲིལ་བུ་དང༌། དགང་བླུགས་དང་རྒྱན་དྲུག་དང་ཌ་མ་རུ་དང་ཀ་པཱ་ལེ་དང་ཁ་ཊྭཱཾ་ག་ལ་སོགས་པ་ཚད་ཇི་ལྟར་བྱ་བ་དང༌། དེ་ལྟར་བྱས་པ་ 3-2-303a རྣམས་བཅད་པའི་ཚུལ་རྣམས་ཀྱང་སྔགས་པའི་ཀུན་སྤྱོད་ཡོངས་སུ་དག་པའི་ཐབས་སུ་ཤིན་ཏུ་གལ་ཆེ་མོད་ཀྱང༌། འདིར་དེ་དག་ཉེ་བར་སྦྱར་ན་གཞུང་ཧ་ཅང་མངས་པའི་འཇིགས་པས་རེ་ཤིག་ལ་མ་བྲིས་པས་གཞན་དུ་ཤེས་ པར་བྱའོ། །རྒྱུད་དོན་མ་ལུས་པ་གང་ཟག་གཅིག་འཚང་རྒྱ་བའི་ཡན་ལག་ཏུ་སྡུད་པའི་ཚེ་དེ་དག་སྐབས་གང་དུ་འདུ་བ་ཤེས་པར་བྱ་བའི་ཕྱིར་དུ། ལམ་གྱི་རིམ་པ་འདིར་དེ་དག་ཀྱང་བསྡུས་དོན་གྱི་ཁོངས་སུ་ཉེ་བར་སྦྱར་ནས་དམིགས་ཕྱེ་བ་ཙམ་བྱས་ སོ། །གཉིས་པ་སྣོད་དུ་གྱུར་ནས་དམ་ཚིག་དང་སྡོམ་པ་དག་པར་བྱ་བ་ནི། དེ་ལྟར་དབང་ཐོབ་པའི་གང་ཟག་དེས་ཐོག་མར་ཅི་ཞིག་བྱ་སྙམ་ན། དབང་གི་དུས་སུ་ཇི་ལྟར་ཁས་བླངས་པ་ལྟར་གྱི་དམ་ཚིག་དང་སྡོམ་པ་སྲུང་བ་ལ་བརྩོན་པར་བྱས་ནས་ དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པའི་རིམ་གཉིས་ཀྱི་མན་ངག་བསྒོམས་ན་དངོས་གྲུབ་འགྲུབ་ཀྱི་དེ་ལྟ་མིན་པར་སྲུང་སྡོམ་ཡལ་བར་བཞག་ན་བསྐལ་པ་མང་པོར་འབད་ཀྱང་མི་འགྲུབ་སྟེ། སྡོམ་འབྱུང་ལས། ཇི་ལྟར་ཉེ་བར་བསྟན་པ་བཞིན། ། ཕྱི་ནས་དམ་ཚིག་སྤྱོད་པར་བརྩོན། །སྣོད་དུ་བྱས་པའི་རྒྱུན་ལས་ནི། །འཁོར་ལོ་ལ་སོགས་སྒོམ་རིམ་གྱིས། །ཡང་དག་མན་ངག་ཕུན་ཚོགས་ཀྱིས། །འགྲུབ་པར་འགྱུར་རོ་གཞན་དུ་མིན། །ཞེས་དང༌། མཉམ་སྦྱོར་ལས་ཀྱང༌། དཀྱིལ་ འཁོར་དག་ཏུ་མ་ཞུགས་དང༌། །དམ་ཚིག་རྣམས་ནི་སྤངས་པ་དང༌། །གསང་བའི་དེ་ཉིད་མི་ཤེས་པས། །བསྒྲུབས་ཀྱང་ཅི་ཡང་མི་འགྲུབ་བོ། །ཞེས་དང༌། རྩེ་མོ་ལས་ཀྱང༌། བསྐལ་པ་བརྒྱ་ཕྲག་དག་ཏུ་ནི། །ཅི་སྟེ་མངོན་པར་བརྩོན་བྱས་ཀྱང༌། ། 3-2-303b གང་ཟག་བཞི་ནི་འཇིག་རྟེན་དུ། །བསྒྲུབས་ཀྱང་འགྲུབ་པ་ཉིད་མི་འགྱུར། །བྱང་ཆུབ་སེམས་ནི་མ་སྐྱེས་དང༌། །ཐེ་ཚོམ་ལྡན་པ་ཉིད་དང་ནི། །བཀའ་བཞིན་དུ་ནི་མི་སྤྱོད་པ། །དད་པ་མེད་ཉིད་འགྲུབ་མི་འགྱུར། །ཞེས་སོ། །དེ་ཡང་དབང་གིས་སྣོད་དུ་ བྱས་པའི་མཇུག་ཉིད་ནས་མ་འགྱངས་པར་བསླབ་བྱ་རྣམས་ལ་འཁྲིད་དགོས་ཏེ་བླ་མ་ལྔ་བཅུ་པ་ལས། དེ་ནས་སྔགས་སོགས་བྱིན་པ་ཡིས། །དམ་ཆོས་སྣོད་དུ་བྱས་ནས་སུ། །རྩ་བའི་ལྟུང་བ་བཅུ་བཞི་ནི། །བཀླག་དང་འཛིན་པ་ཉིད་དུ་བྱ། །ཞེས་ སོ། །སྡོམ་འབྱུང་ལས། ཅི་སྟེ་དངོས་གྲུབ་མཆོག་འདོད་ན། །སྲོག་ནི་ཡོངས་སུ་གཏོང་ཡང་བླ། །འཆི་བའི་དུས་ལ་བབ་ཀྱང་བླ། །རྟག་ཏུ་དམ་ཚིག་བསྲུང་བར་བྱ། །ཞེས་དང༌། སྒྱུ་དྲའི་གཉིས་པ་ལས་ཀྱང༌། དེ་ནས་དམ་ཚིག་བསྟན་པར་བྱ། །དེ་ རིང་ཕན་ཆད་བུ་ཁྱེད་ཀྱིས། །སྲོག་དང་རུས་པ་ལ་བབ་ཀྱང༌། །དམ་པའི་ཆོས་དང་བྱང་ཆུབ་སེམས། །སློབ་དཔོན་ལ་ནི་བརྙས་མི་བྱ། །རྡོ་རྗེ་སྤུན་རྣམས་བཀུར་བྱ་ཞིང༌། །སྡང་ལ་བྱམས་དང་ཆགས་བྲལ་བར། །ཁྱོད་ཀྱིས་ནམ་ཡང་མི་བྱའོ། །ཞེས་ དམ་ཚིག་དང་སྡོམ་པ་སྲོག་དང་བསྡོས་ནས་སྲུང་དགོས་པར་གསུངས་བ་བཞིན་དུ་འབད་དགོས་ལ་ཁྱད་པར་དུ་རྩ་ལྟུང་གིས་གོས་ན་རྒྱུད་ཆུད་ཟོས་ནས་ཡོན་ཏན་ཤིན་ཏུ་སྐྱེ་དཀའ་བར་གསུངས་པས་དེས་མ་གོས་པ་ལ་འབད་པ་དྲག་པོ་བྱ་ཞིང་ལྟུང་བ་ གཞན་གྱིས་ཀྱང་མ་གོས་པ་ལ་འབད་ལ་བྱུང་ན་ཡང་སླར་ཆོས་བཞིན་དུ་བཤགས་བསྡམ་གྱིས་ཕྱིར་བཅོས་པར་བྱའོ། །དབང་ཡོངས་སུ་རྫོགས་པར་ཐོབ་པ་ཞིག་གིས་དམ་ཚིག་སྲུང་བ་ལ་འབད་ནས་ལྟུང་བས་མ་གོས་ན་ལམ་སྒོམ་པ་ཆེར་མ་བྱུང་ཡང་ 3-2-304a སྐྱེ་བ་བདུན་ལ་སོགས་པ་ཚུན་ཆད་ཀྱིས་མཆོག་འགྲུབ་པར་གསུངས་ཤིང༌། བསླབ་བྱའི་དམ་ཚིག་སྲུང་བ་ཡལ་བར་བཞག་ནས་གཞན་ལ་འབད་པ་སྐད་བྱས་ཀྱང་ངན་འགྲོར་འགྲོ་བས་དངོས་གྲུབ་ལྟ་ཞོག་བདེ་འགྲོ་ཡང་ རྙེད་པར་དཀའ་སྟེ། གསང་བའི་མཛོད་ཀྱི་རྒྱུད་ས་ར་ཧས་ཐོད་པའི་འགྲེལ་པར་དྲངས་པ་ལས། དབང་བསྐུར་ཡང་དག་སྦྱིན་ལྡན་ན། །སྐྱེ་དང་སྐྱེ་བར་དབང་བསྐུར་འགྱུར། །དེ་ཡིས་སྐྱེ་བ་བདུན་ལ་ནི། །མ་བསྒོམས་པར་ཡང་དངོས་གྲུབ་འཐོབ། ། གང་ལ་བསྒོམ་པ་དང་ལྡན་ཞིང༌། །གལ་ཏེ་དམ་ཚིག་སྡོམ་ལ་གནས། །སྐྱེ་འདིར་ལས་དབང་གིས་མ་གྲུབ། །སྐྱེ་བ་གཞན་དུ་དངོས་གྲུབ་འཐོབ། །རེ་ཞིག་དམ་ཚིག་ཉམས་པ་ན། །དངོས་གྲུབ་ཐོབ་པ་ལྟ་ཞོག་གི། མི་ཡི་སྐྱེ་བའང་རྙེད་པར་ དཀའ། །ཞེས་དང༌། དམ་ཚིག་ལྔ་པ་ལས་ཀྱང༌། གལ་ཏེ་ལྟུང་བ་མེད་གྱུར་ན། །སྐྱེ་བ་བཅུ་དྲུག་དག་ན་འགྲུབ། །ཅེས་དང་རྣམ་གྲོལ་ཟླ་བས་ཀྱང་། མ་བསྒོམས་གྱུར་ཀྱང་ལྟུང་མེད་ན། །སྐྱེ་བ་བཅུ་དྲུག་དག་ན་འགྲུབ། །ཅེས་གསུངས་སོ། །འདི་ནི་ སློབ་དཔོན་བྱས་ནས་རྒྱུད་དམ་གདམས་ངག་འཆད་ཅིང་དབང་སྐུར་བ་དང༌། སློབ་མ་བྱས་ནས་རྒྱུད་དང་གདམས་ངག་ཉན་པ་དང་གཉིས་ཀས་ཀྱང་སྒྲུབ་པ་བྱེད་པ་དང༌། དེ་དག་གང་ཡང་མི་བྱེད་ན་ཡང་དབང་ཐོབ་པ་ཀུན་གྱིས་འདར་མི་རུང་བར་བྱ་དགོས་ པ་ཡིན་ལ། ཚེ་འདི་ལ་མཆོག་འགྲུབ་པ་ལ་སོགས་པ་གང་ཟག་རབ་འབྲིང་ཐ་གསུམ་གང་གི་ཡང་ལམ་བགྲོད་པ་གཅིག་པ་ཡིན་ནོ། །རྒྱུད་དང་དགོངས་འགྲེལ་རྣམས་ཀྱིས་བླ་མ་དངོས་གྲུབ་ཀྱི་རྩ་བར་ཡང་དང་ཡང་དུ་གསུངས་པ་ལ་བརྟེན་ནས་ 3-2-304b དམ་པ་སྔ་མ་རྣམས་ཀྱིས་བླ་མའི་རྣལ་འབྱོར་སྒོམ་པ་ལམ་གྱི་ཐོག་མར་གལ་ཆེ་བར་བཞེད་པ་ཡང་རྩ་ལྟུང་དང་པོའི་སྐོར་རྒྱས་པར་འཆད་པ་བླ་མ་ལྔ་བཅུ་པའི་དམ་ཚིག་སྲུང་བའི་ནང་དུ་འདུ་ཞིང་དེ་ཉིད་བསླབ་བྱ་རྣམས་ཀྱི་ནང་ན་གལ་ཆེ་ཤོས་ཀྱང་ཡིན་ ནོ། །དེ་བས་ན་སྔགས་ཀྱི་བསླབ་བྱ་རྣམས་ལ་གདམས་པའི་མཆོག་ཏུ་ངེས་པ་རྙེད་ན་དེ་འདྲ་བའི་རིགས་ཀྱི་ཉམས་ལེན་ཕྱོགས་རེ་བ་ལས་དངོས་ཀྱི་སྔོན་འགྲོར་མིང་བཏགས་པ་ཐམས་ཅད་དམ་ཚིག་དང་སྡོམ་པ་སྲུང་བའི་ནང་དུ་ལྷག་དང་བཅས་པར་ འོང་བས། ཤེས་རབ་ཅན་རྣམས་ཀྱིས་རིམ་པ་གཉིས་ཀྱི་སྔོན་འགྲོ་ནི། དབང་དང་དམ་ཚིག་སྲུང་བ་ཡིན་པར་ཤེས་པར་གྱིས་ཤིག །དོན་འདི་དག་ལ་རྗེ་བཙུན་ཆེན་པོ་གྲགས་པ་རྒྱལ་མཚན་པའི་ཞལ་ནས། རྡོ་རྗེ་ཐེག་ལ་དང་ཀྱང་མ་སྨིན་པས། ། ཟབ་མོ་བསྒོམས་ཀྱང་འབྲས་བུ་ངན་འགྲོ་ལས། །མཆོག་གཞན་མི་འགྲུབ་སངས་རྒྱས་གསུང་བས་ན། །བླ་མ་མཆོག་ལ་དབང་བསྐུར་ནོད་པར་མཛོད། །དབང་ཐོབ་མན་ངག་ཟབ་མོ་ཚོལ་བ་ཡིས། །ས་སྟེང་རྒྱས་པར་ཀུན་ཏུ་བཙལ་བྱས་ཀྱང༌། ། ཕན་པའི་དོན་པོ་གདམས་ངག་དམ་ཚིག་སྟེ། །འདི་མེད་འགྲམ་རྩ་ཟད་པའི་ཁང་རུལ་འདྲ། །ལེགས་པར་སྨིན་ལས་དམ་ཚིག་བསྲུངས་བྱས་ན། །རིམ་གཉིས་ཟབ་མོའི་མན་ངག་མ་བསྟེན་ཀྱང༌། །སྐྱེ་བ་བཅུ་དྲུག་དག་ན་འགྲུབ་བོ་ཞེས། །འགྲོ་ བའི་རྩ་ལག་ཕན་པར་མཛད་པས་གསུངས། །བདག་ནི་ཐོས་ཉུང་ཤེས་རབ་མིག་བྲལ་ཡང༌། །དྲི་མེད་རྒྱུད་ལས་ལེགས་གསུངས་མཐོང་བས་ན། །དབང་བླང་དམ་ཚིག་སྲུང་བར་མཛོད་ཅིག་ཅེས། །ཀུན་ལ་ཐལ་མོ་སྦྱར་ནས་གསོལ་བ་འདེབས། ། 3-2-305a ཞེས་གསུང་པ་ནི། རྒྱུད་སྡེའི་གནད་མཁྱེན་པའི་གཏམ་ཡིན་ཏེ་བདག་ཀྱང་དེ་ལྟར་དུ་གསོལ་བ་འདེབས་སོ། །དེ་འདྲ་བའི་བསླབ་བྱ་ཤེས་པར་བྱེད་པ་ནི། བླ་མའི་ལས་སུ་བྱ་བ་ཡིན་པས་དེ་མ་བསྟན་ན་བླ་མ་ལ་ཉེས་པར་ འགྱུར་ལ་བསྟན་ཀྱང་མི་སྒྲུབ་ན་སློབ་མའི་ཉེས་པའོ། །འདི་དག་རྒྱུར་པར་བླ་མ་ལྔ་བཅུ་པ་དང་རྩ་ལྟུང་གི་རྣམ་བཤད་དུ་བཤད་ཟིན་པས་དམ་ཚིག་གི་ལེའུ་ནི་གཞན་དུ་ཤེས་པར་བྱའོ། །ཤེས་ནས་ཀྱང་བསླབ་བྱ་སྤྱི་དང་ཁྱད་པར་དུ་རྩ་བའི་ དམ་ཚིག་རྣམས་དང་དེའི་ནང་ནས་ཀྱང་ཤིན་ཏུ་གལ་ཆེ་བ་བླ་མའི་དམ་ཚིག་རྣམས་སྲུང་བ་ལ་རྩལ་ཅི་ཡོད་ཀྱིས་འབད་པར་བྱ་སྟེ། བླ་མ་དང་དཔའ་བོ་དང་རྣལ་འབྱོར་མ་རྣམས་དཔང་དུ་བཞག་ནས། ཁང་བླངས་པའི་སྡོམ་པ་སྲུང་བ་ནི་མེད་དུ་མི་ རུང་བ་ཡིན་པའི་ཕྱིར་རོ། །གསུམ་པ་ལ་གཉིས། དང་པོར་ཐོས་བསམ་གྱིས་ལམ་ཤེས་པར་བྱ་བ་དང༌། ཤེས་པའི་དོན་བསྒོམ་པས་ཉམས་སུ་བླང་བའོ། །དང་པོ་ནི། དེ་ལྟར་དབང་ཐོབ་ནས་དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་སྲུང་བ་དེས་ དེ་ནས་ཅི་ཞིག་བྱ་སྙམ་ན། རྒྱན་བདུན་དགྲོལ་བ་ལས། དང་པོ་ཉན་པའི་ཤེས་རབ་ཀྱིས། །ཚིག་གི་རྒྱུད་ལ་ཐོས་པ་བསྐྱེད། །དེ་ནས་བསམས་པའི་ཤེས་རབ་ཀྱིས། །ཚིག་དང་དོན་དུ་འབྲེལ་བ་བསླབ། །ཅེས་གསུངས་པ་ལྟར་རང་གིས་སྒྲུབ་ པ་དང་གཞན་ལ་ལམ་སྟོན་པ་སོགས་གང་བྱེད་ཀྱང་ཐོག་མར་ཐོས་བསམ་གྱིས་གོ་བ་མ་ནོར་བ་ཞིག་བཙལ་དགོས་ཏེ། རང་གིས་མི་ཤེས་ན་གཞན་ལ་སྟོན་མི་ནུས་པའི་ཕྱིར་དང་མ་ཤེས་པར་ཉམས་སུ་བླངས་མེད་པའི་ཕྱིར་དང༌། རང་གིས་ཇི་ 3-2-305b ཙམ་ཞིག་གོ་བ་དེ་བཞིན་དུ་ཉམས་སུ་ལེན་པས་གོ་བ་ནོར་ན་སྒྲུབ་པ་ནོར་ལ་སྒྲུབ་པ་མ་ནོར་བ་ཡང་གོ་བ་མ་ནོར་བ་ལ་རག་ལས་པའི་ཕྱིར་རོ། །དེ་ལྟར་ཡང༌། ཀྱཻ་རྡོར་གྱི་དཀའ་འགྲེལ་མུ་ཏིག་ཕྲེང་བ་ལས། བློ་གྲོས་མེད་ལ་ཐོས་མེད་མ་ཐོས་ལའང་བསམས་པ་ མེད། །གཉིས་བྲལ་རྣལ་འབྱོར་མེད་ཅིང་རྣལ་འབྱོར་བྲལ་ལ་དངོས་གྲུབ་མེད། །ཅེས་དང༌། རིམ་ལྔའི་དཀའ་འགྲེལ་དོན་གསལ་ལས་ཀྱང༌། ཐོས་པ་རྫོགས་པར་བྱེད་པ་ཤེས་རབ་སྟེ། །བསམ་པ་ཡང་ནི་གཉིས་པོ་ཡོད་གྱུར་ན། །སྒོམ་པ་ལ་ནི་རབ་ཏུ་སྦྱོར་བ་ ཡིན། །དེ་ལས་དངོས་གྲུབ་བླ་ན་མེད། །བློ་དང་ལྡན་པས་འདི་ལྟར་བསམས་ནས་ནི། །ཐོག་མར་ཐོས་པའི་དོན་ལ་འབད་པ་ཡིས། །རྟག་ཏུ་བརྩོན་པར་བྱེད་པ་གང་ཡིན་པ། །དེ་ཡི་ལག་ཏུ་དངོས་གྲུབ་ལེགས་པར་འཐོབ། །གང་ཞིག་ཚིག་ལ་ཐེ་ཚོམ་ ཟ་འགྱུར་པ། །དེ་ཡིས་དོན་ནི་ཇི་ལྟར་རྟོགས་པར་འགྱུར། །ཞེས་དང༌། རིམ་ལྔ་ལས་ཀྱང༌། གང་ཞིག་བླ་མ་ལ་གུས་དད་དང་ལྡན། །མོས་པས་བསྙེན་བཀུར་ལ་ནི་རྟག་ཏུ་བརྩོན། །ཐོས་པ་འཛིན་གང་སློབ་མ་དམ་པ་ཡིན། །ཞེས་སློབ་མའི་མཚན་ཉིད་དུ་ ཐོས་པ་འཛིན་པར་གསུངས་ཤིང་མཉམ་སྦྱོར་ལས་ཀྱང༌། གསང་བའི་དེ་ཉིད་མི་ཤེས་པས། །བསྒྲུབས་ཀྱང་ཅི་ཡང་མི་འགྲུབ་བོ། །ཞེས་གསུངས་སོ། །དེ་ཡང་བློ་གྲོས་དང་རྩོལ་བ་ལ་སོགས་པ་ཆེ་ན་རྒྱུད་སྡེ་ལ་བྱ་དགོས་ལ་དེ་ལྟ་མིན་ན་མཁས་གྲུབ་ཀྱིས་ མཛད་པའི་སྔགས་ཀྱི་གཞུང་གང་འཚམ་ལ་བྱ་དགོས་ཤིང་ཐ་ནའང་བསྐྱེད་རྫོགས་ཀྱི་གནད་ཚང་བར་སྟོན་པ་རེ་ལ་ངེས་པར་ཐོས་བསམ་བྱ་དགོས་སོ། །གཞན་ལ་སྔགས་ཀྱི་མན་ངག་སྟོན་པ་སོགས་ཀྱི་རྡོ་རྗེ་སློབ་དཔོན་བྱེད་ན་ནི། ཁྱད་པར་དུ་ཡང་རིམ་གཉིས་ 3-2-306a དང་དཀྱིལ་འཁོར་གྱི་ཆོ་ག་སོགས་ལ་མཁས་པར་བྱ་དགོས་སོ། །རྒྱུད་སྡེ་དང་དེ་དག་གི་དགོངས་འགྲེལ་གྱི་གཞུང་ཆེ་བ་རྣམས་ཕྱིའི་སྤྲོས་པ་གཅོད་པའི་ཆོས་རྒྱབ་ཙམ་དུ་མཐོང་ནས་དེ་དག་ཏུ་སྤས་ནས་མ་བཤད་པའི་ གདམས་ངག་ཟུར་དུ་ཟབ་མོ་ཞིག་ཡོད་དོ་སྙམ་དུ་འཛིན་པས་ནི། ཆོས་ཀྱི་མཐར་ཐུག་པ་རྣམས་ལ་ཞེ་རྩིས་མེད་ཅིང་སྔགས་ཀྱི་གཞུང་ཆེ་བ་རྣམས་ལ་གུས་པ་ཆེན་པོ་སྐྱེ་བ་དང་དེ་དག་གདམས་ངག་ཏུ་འཆར་བའི་གེགས་བྱས་ནས་དེ་རྣམས་མྱུར་དུ་ ནུབ་པའི་རྐྱེན་ཆེན་པོ་ཡིན་པས་དུག་བཞིན་དུ་སྤང་བར་བྱ་ལ། བླ་མ་དམ་པའི་མན་ངག་ལ་བརྟེན་ནས་གཞུང་ཆེ་བ་རྣམས་གདམས་ངག་ཏུ་འཆར་བའི་ཐབས་ལ་འབད་པར་བྱ་སྟེ། རིམ་ལྔ་ལས། དཔལ་ལྡན་འདུས་པའི་རྒྱུད་དུ་ནི། །དེ་ཉིད་འདི་ དག་རྒྱས་བཏབ་གནས། །བཤད་པའི་རྒྱུད་ཀྱི་རྗེས་འབྲངས་ནས། །བླ་མའི་ཁ་ལས་རྟོགས་པར་བྱ། །ཞེས་གསུངས་པའི་ཕྱིར་རོ། །འདིས་ནི་མཐར་ཐུག་པའི་གདམས་ངག་རིམ་པ་ལྔའི་དེ་ཉིད་རྣམས་འདུས་པའི་རྩ་རྒྱུད་དུ་རྒྱལ་བས་རྒྱས་བཏབ་ནས་ བཞག་པ་དེ་བླ་མའི་ངག་ལས་རྟོགས་དགོས་པར་གསུངས་པས། ཟབ་གནས་མཐར་ཐུག་པ་རྣམས་ནི་རྒྱུད་སྡེ་རིན་པོ་ཆེའི་རྩ་རྒྱུད་རྣམས་ཡིན་ལ་དེ་གོ་བ་ལ་བླ་མ་དགོས་ཤིང་བླ་མས་ཀྱང་གང་བྱུང་བྱུང་ནས་བཤད་པས་མི་ཆོག་གི་བཤད་རྒྱུད་ རྣམས་ཀྱི་རྗེས་སུ་འབྲངས་ནས་རྩ་རྒྱུད་བཤད་ཤེས་པ་ཞིག་དགོས་པར་གསུངས་སོ། །དེའི་ཕྱིར་མན་ངག་ནི་རྩ་རྒྱུད་རྣམས་ཀྱི་དོན་བཤད་རྒྱུད་ཀྱི་རྗེས་སུ་འབྲངས་ནས་ཕྱིན་ཅི་མ་ལོག་པར་བཤད་དེ་སློབ་མའི་རྒྱུད་ལ་གོ་བ་བདེ་བླག་ཏུ་སྐྱེད་པའི་ཐབས་ 3-2-306b ལ་ཟེར་བས་ཞལ་ལས་ཤེས་ལུགས་ཀྱང་དེ་ལྟར་དུ་གོ་བར་བྱ་ཡི། རྒྱུད་རྣམས་སུ་བྲི་བར་ཕངས་ནས་དེ་དག་ཏུ་མ་བཀོད་པར་རྣ་ཁུང་དུ་རིམ་པ་བཞིན་བརྒྱུད་པ་ལ་མི་གཟུང་ངོ༌། །དེས་ན་མན་ངག་མཆོག་ཏུ་གྱུར་པ་ཙམ་གྱིས་དེ་ལ་རིང་དུ་སྦྱངས་ནས་རྒྱུད་སྡེ་ སོགས་ཀྱི་ཚད་ལྡན་གྱི་གཞུང་ལ་བལྟས་པ་ན་རྒྱུད་དོན་དུ་མ་ཞིག་ལ་ངེས་པ་སྟེར་བ་དགོས་ཀྱི་གདམས་ངག་ཁྱེར་ནས་རྒྱུད་དོན་ལ་དཔྱད་པ་ན་ངེས་པ་ཅི་ཡང་སྟེར་མི་ནུས་པར་སྣང་ན་བློ་སྐྱོན་དང་དོན་སྐྱོན་གང་རུང་གཅིག་བྱུང་བའི་རྟགས་སོ། །སྔགས་དང་ མཚན་ཉིད་གང་གི་ལུགས་ལ་ཡང་རྟ་རྒྱུག་པའི་སྔོན་དུ་གང་དུ་རྒྱུག་པའི་རྒྱུག་ས་སྟོན་པ་བཞིན་དུ་དང་པོར་ཐོས་བསམ་གྱིས་གང་ཉམས་སུ་ལེན་རྒྱུ་རྣམས་ཤེས་པར་བྱས་ནས། དེ་ནས་དེ་ལྟར་གཏན་ལ་ཕབ་པའི་དོན་ཉམས་སུ་ལེན་པ་ཡིན་མོད་ཀྱང༌། སྙིང་ནས་སྒྲུབ་པ་བྱེད་འདོད་པས་སྔགས་ཀྱི་གཞུང་ཆེ་བ་རྣམས་ལ་སྦྱངས་ན་བཞད་གད་ཀྱི་གནས་སུ་ལྟ་ཞིང་རྒྱུད་སྡེ་ལ་མང་དུ་སྦྱངས་པ་དང་མ་སྦྱངས་པ་གཉིས་ཉམས་ལེན་ལ་མང་ཉུང་ཅི་ཡང་མི་འོང་བའི་དུས་སུ་སྣང་བས་ཐར་པ་འདོད་པ་དག་གིས་ བློ་ཞིབ་མོས་ལེགས་པར་བརྟག་པར་བྱོས་ཤིག །གཉིས་པ་ལ་བཞི། རིམ་གཉིས་ཕྱོགས་རེ་བ་ཉམས་སུ་བླངས་པས་འཚང་རྒྱ་བར་འདོད་པ་དགག་པ་དང༌། རིམ་གཉིས་ཡ་མ་བྲལ་བར་ཉམས་སུ་བླང་པའི་ཚུལ་དང༌། དེ་གཉིས་ལ་བོགས་འབྱིན་པའི་ ཐབས་སྤྱོད་པ་དང༌། དེ་དག་གང་ཟག་གསུམ་གྱི་ལམ་དུ་ཇི་ལྟར་འགྲོ་བའི་ཚུལ་ལོ། །དང་པོ་ལ་གཉིས། རྫོགས་རིམ་དང་བྲལ་བའི་བསྐྱེད་རིམ་གྱིས་འཚང་རྒྱ་བར་འདོད་པ་དགག་པ་དང༌། བསྐྱེད་རིམ་དང་བྲལ་བའི་རྫོགས་རིམ་གྱིས་འཚང་རྒྱ་བར་ 3-2-307a འདོད་པ་དགག་པའོ། །དང་པོ་ལ་གཉིས། འདོད་པ་བརྗོད་པ་དང༌། དེ་དགག་པའོ། །དང་པོ་ནི། སྙིང་པོ་རྒྱན་ལས། དྲང་སྲོང་ཆེན་པོ་བི་ཤྭ་མི་ཏྲ་དང་རིག་སྔགས་འཆང་གི་སློབ་དཔོན་གཞོན་ནུའི་སྡེ་དང་རྒྱལ་བའི་ཞབས་ དང་རིན་ཆེན་ལྡན་དང་བྲམ་ཟེ་བཟང་པོའི་བཤེས་གཉེན་ལ་སོགས་པ་རྣམས་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་ནི། རྣམ་པར་རྟོག་པ་དགག་པ་ལས་བླང་བའི་བྱ་བ་ཉིད་ཡིན་ཏེ་སངས་རྒྱས་ནི་བསོད་ནམས་ཀྱིས་ཉེ་བར་བསྒྲུབས་པས་ སོ། །ལམ་བསྐྱེད་པའི་རིམ་པས་ཐ་མལ་པའི་དངོས་པོ་སྤངས་ཏེ་གཟུགས་ཀྱི་སྐུས་སེམས་ཅན་རྣམས་ཀྱི་དོན་བྱེད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དུ་འགྱུར་བས་ལྷའི་རྣམ་པ་དང་སྤྱོད་པ་ཕྱིན་ཅི་མ་ལོག་པས་བསྒྲུབ་པར་བྱའོ་ཞེས་ ཟེར་བ་དང༌། ཞེས་སློབ་དཔོན་འཇམ་དཔལ་གྲགས་པས་ཕྱོགས་སྔར་མཛད་དོ། །དེ་དག་གི་བསམ་པ་ནི། འདི་ཡིན་ཏེ་ཐེག་པ་ཆེན་པོ་པའི་བཞེད་དོན་ནི་སེམས་ཅན་གྱི་དོན་ཡིན་ལ་དེ་དངོས་སུ་སྒྲུབ་པ་ནི་གཟུགས་ཀྱི་སྐུ་ཡིན་པས་དེ་ཐོབ་པ་ན་ སངས་རྒྱས་སུ་འགྱུར་རོ། །དེས་ན་ལྷའི་རྣལ་འབྱོར་དང་དམ་ཚིག་དང་སྡོམ་པ་ལ་སོགས་པའི་སྤྱོད་པ་ཕྱིན་ཅི་མ་ལོག་པས་བསྒྲུབ་པར་བྱ་སྟེ་བསྐྱེད་རིམ་གྱིས་ཐ་མལ་པའི་ལུས་སྤངས་ནས་མཚན་དཔེའི་སྐུ་འགྲུབ་པའི་ཕྱིར་རོ། །ཆོས་ཐམས་ཅད་རང་ བཞིན་གྱིས་རྣམ་པར་དག་པའི་སྟོང་པ་ཉིད་ཀྱི་ཤེས་རབ་དགོས་པར་གསུངས་པ་ནི། དེ་ཁོ་ན་ཉིད་ཀྱི་དོན་ལ་ཕྱིན་ཅི་ལོག་ཏུ་འཛིན་པའི་རྣམ་རྟོག་དགག་པའི་ཕྱིར་དུ་བླང་བར་བྱ་བ་ཡིན་ཏེ་སངས་རྒྱས་ནི་བསོད་ནམས་ཀྱི་ཚོགས་ཀྱིས་ཉེ་བར་བསྒྲུབས་པའི་ 3-2-307b འབྲས་བུ་ཡིན་པས་སོ། །དེས་ན་སྟོང་ཉིད་ཀྱི་ལྟ་བ་མ་ནོར་བ་རྙེད་ན་དེ་ཁོ་ན་ཉིད་ཀྱི་དོན་ལ་ཕྱིན་ཅི་ལོག་ཏུ་རྟོག་པའི་ལོག་རྟོག་ལྡོག་པས་ཡིན་ལུགས་ལ་མི་འཁྲུལ་ལ། དེ་དང་ལྷའི་རྣལ་འབྱོར་དང་སྤྱོད་པ་རྣམས་ཡོད་ན་ཐབས་ཤེས་ཡ་མ་བྲལ་བས་ཅིའི་ཕྱིར་ འཚང་མི་རྒྱ་སྙམ་པའོ། །འདི་དག་གིས་ལྟ་བ་རྣམ་དག་སྐྱེད་པར་འདོད་ཀྱང་དེ་སྒོམ་པའི་གོམས་པ་གོང་ནས་གོང་དུ་སྤེལ་བ་མི་འདོད་པའི་རྒྱུ་མཚན་ནི། དབུ་མ་ལ་སོགས་པའི་གཞུང་ནས་སྟོང་པ་ཉིད་གཏན་ལ་ཕབ་པ་ནི། རང་གཞན་གྱི་སྡེ་བའི་ལོག་རྟོག་ བཟློག་པའི་ཕྱིར་དུ་གསུངས་པས་མ་ནོར་བའི་ལྟ་བ་རྙེད་ན་ལོག་རྟོག་དེ་དག་ལྡོག་པས་སྟོང་ཉིད་བསྒོམས་ནས་བཟློག་པར་བྱ་བའི་ལོག་རྟོག་མེད་པའི་ཕྱིར་རོ་སྙམ་དུ་བསམས་སོ། །ལུང་ཡང་སྔར་གུར་གྱི་ལུང་དྲངས་པའི་ཚིག་ཟིན་ལ་སྟོང་པ་ཉིད་ཀྱི་ལྟ་བ་ འཚང་རྒྱ་བའི་ཐབས་ཡིན་པ་བཀག་ནས་རྒྱལ་བས་སྟོང་ཉིད་བསྟན་པའི་དགོས་པ་ཕྱིན་ཅི་ལོག་གི་རྟོག་བཟློག་པའི་ཆེད་ཁོ་ན་ཡིན་པས་དཀྱིལ་འཁོར་གྱི་འཁོར་ལོའི་ལྷའི་རྣལ་འབྱོར་གྱིས་བསྒྲུབས་ན་མྱུར་དུ་འཚང་རྒྱ་བས་ཐབས་དེས་བསྒྲུབ་པར་བྱའོ་ཞེས་ གསུངས་པ་ལྟ་བུའི་ལུང་ལ་བརྟེན་པར་མངོན་ནོ། །འདི་རྣམས་རྒྱུད་སྡེ་ལ་མ་འདྲིས་པར་ཡང་མི་སྣང་ལ་རྒྱུད་སྡེ་རྣམས་ནས་རྩ་རླུང་ལ་སོགས་པའི་རྣལ་འབྱོར་ཡང་མང་དུ་གསུངས་པ་རྣམས་ལ་སྒོམ་མི་སྒོམ་གྱི་གསལ་ཁ་མི་སྣང་ཡང་དེ་དག་སྤྱོད་ ཕྱོགས་སུ་བསྡུས་ནས་བྱེད་པར་གསལ་ལོ། །གཉིས་པ་ནི། འདི་རྣམས་ལ་སྔགས་ཀྱི་ལམ་གཞན་སྒོམ་དགོས་པར་སྒྲུབ་མི་དགོས་པས་སྟོང་ཉིད་སྒོམ་པའི་གོམས་པ་གོང་ནས་གོང་དུ་སྤེལ་བ་བསྒྲུབ་པར་བྱའོ། །སེམས་ཅན་གྱི་དོན་དངོས་སུ་བྱེད་པའི་ 3-2-308a སངས་རྒྱས་ནི་གཟུགས་སྐུ་ཡིན་གྱི་ཆོས་སྐུ་མ་ཡིན་པ་དང་གཟུགས་སྐུ་བསོད་ནམས་ཀྱི་ཚོགས་ཀྱིས་བསྒྲུབ་པར་བྱ་བ་ཡང་བདེན་མོད་ཀྱང་ཆོས་སྐུ་མ་ཐོབ་པར་ནི་གཟུགས་སྐུ་ཐོབ་ཏུ་མེད་པས་ན་ཆོས་སྐུ་ཡང་ཐོབ་བྱར་བྱ་ དགོས་སོ། །དེ་ལྟ་ན་བསོད་ནམས་ཀྱི་ཚོགས་སྟེན་པ་བཞིན་དུ་ཡེ་ཤེས་ཀྱི་ཚོགས་ཀྱང་ཅི་ཕྱིར་མི་བསྟེན་ཏེ་རྒྱུ་མཚན་ཁྱད་པར་མེད་པའི་ཕྱིར་རོ། །གལ་ཏེ་ཡེ་ཤེས་ཀྱི་ཚོགས་བསྟེན་པ་ཡིན་ཏེ་བདག་མེད་པའི་དེ་ཁོ་ན་ཉིད་རྟོགས་པའི་ལྟ་བ་ཡོད་པའི་ ཕྱིར་རོ་སྙམ་ན། དེ་ནི་མི་རིགས་ཏེ་ཁྱེད་བདག་མེད་ཀྱི་ལྟ་བ་སྒོམ་པ་མི་འདོད་ན་དེ་ཙམ་གྱིས་འཚང་རྒྱ་བའི་ཡེ་ཤེས་ཀྱི་ཚོགས་མི་རྫོགས་པའི་ཕྱིར་ཏེ། དེ་ལྟ་མ་ཡིན་ན་བསྐྱེད་རིམ་ལ་ཡང་རྟེན་བརྟེན་པའི་དཀྱིལ་འཁོར་གྱི་གོ་བ་རྙེད་པར་བྱས་ནས་ དེ་མ་བསྒོམས་ཀྱང་བསོད་ནམས་ཀྱི་ཚོགས་རྫོགས་པར་འགྱུར་རོ། །གལ་ཏེ་ལྟ་བ་སྒོམ་པ་ནི། དེ་ཁོ་ན་ཉིད་ཀྱི་དོན་ལ་ལོག་རྟོག་བཟློག་པའི་ཕྱིར་ཡིན་ན་ལྟ་བ་ནོར་བ་རྙེད་པ་དེའི་རྒྱུད་ལ་དེ་ཁོ་ན་ཉིད་ཀྱི་དོན་ལ་ཕྱིན་ཅི་ལོག་ཏུ་འཛིན་པའི་ལོག་ རྟོག་མེད་པའི་ཕྱིར་རོ་ཞེ་ན། འདི་ནི། ཀུན་བརྟགས་ཀྱི་ལོག་རྟོག་དང་ལྷན་སྐྱེས་ཀྱི་ལོག་རྟོག་གཉིས་ཀྱི་ཁྱད་མ་ཕྱེད་པ་ཡིན་ཏེ། ཚད་མས་དྲངས་པའི་དེ་ཁོ་ན་ཉིད་ཀྱི་ལྟ་བའི་བྱེད་པ་ཇི་སྲིད་མ་ཉམས་པ་དེ་སྲིད་དུ་དེ་ལ་གྲུབ་མཐས་བཏགས་པའི་ ལོག་རྟོག་མེད་མོད་ཀྱང་ཐོག་མ་མེད་པ་ནས་ཞུགས་པ་གྲུབ་མཐས་བློ་བསྒྱུར་བ་ལ་མ་ལྟོས་པའི་ལྷན་སྐྱེས་ཀྱི་བདག་ཏུ་འཛིན་པ་ནི་ལྡོག་པ་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་གནས་ལུགས་གོ་བའི་ལྟ་བ་རྙེད་མ་ཐག་ཏུ་མཐོང་སྤང་དང་སྒོམ་སྤང་ཐམས་ 3-2-308b ཅད་སྤངས་པར་འགྱུར་བས་བསྐྱེད་རིམ་ཡང་བསྒོམ་མི་དགོས་པར་འགྱུར་རོ། དེས་ན་སྒྲིབ་པ་དེ་དག་སྤོང་པ་ལ་བདག་མེད་པ་གོ་བ་ཙམ་གྱིས་མི་ཆོག་གི་ལྟ་བས་གཏན་ལ་ཕབ་པའི་བདག་མེད་ཀྱི་དོན་བསྒོམས་ནས་མངོན་སུམ་དུ་བྱ་དགོས་སོ། །དབུ་མ་ལ་སོགས་ པའི་གཞུང་ནས་བདག་མེད་པའི་དོན་གཏན་ལ་འབེབས་པ་ན་རང་གཞན་གྱི་སྡེ་པ་ཕྱོགས་སྔར་བྱས་ནས་འགོག་པ་ནི་གྲུབ་མཐའ་སྨྲ་བའི་ལོག་རྟོག་ཙམ་འགོག་པ་མིན་ནོ། །འོ་ན་ཅི་ཞེ་ན། ཐར་པ་ལ་གེགས་བྱེད་པ་ནི། བདག་ཏུ་འཛིན་པ་ལྷན་སྐྱེས་ཉིད་ཡིན་ཏེ་ གྲུབ་མཐས་བཏགས་པའི་ཀུན་བརྟགས་ཁོ་ནས་གེགས་བྱེད་ན་གྲུབ་མཐས་བློ་མ་བསྒྱུར་བ་རྣམས་ལ་ཐར་པའི་གེགས་མེད་པར་འགྱུར་བའི་ཕྱིར་རོ། །བདག་འཛིན་ལྷན་སྐྱེས་ཀྱི་ཡུལ་འགོག་པ་ན་དངོས་པོར་སྨྲ་བའི་གྲུབ་མཐའ་དག་དགག་དགོས་ཏེ་དེ་དག་གི་ གྲུབ་མཐས་ནི་དེ་ཡོད་པར་སྒྲུབ་པས་སོ། །དེས་ན་དབུ་མ་ལ་སོགས་པའི་གཞུང་ནས་རང་གཞན་གྱི་སྡེ་པ་དངོས་པོར་སྨྲ་བ་རྣམས་ཀྱི་འདོད་པ་འགོག་པ་ནི། བདག་འཛིན་ལྷན་སྐྱེས་ཀྱི་ཡུལ་འགོག་པའི་ཡན་ལག་ཡིན་པས། དེ་དག་ནས་བདག་མེད་གཏན་ལ་ཕབ་ པ་ཡང་བདག་འཛིན་ལྷན་སྐྱེས་ཀྱི་འཛིན་སྟངས་སུན་ཕྱུང་བའི་བདག་མེད་ཡིན་པས་ལྟ་བ་དེ་རྙེད་པ་ཙམ་གྱིས་བདག་འཛིན་དེ་མི་ལྡོག་ཀྱང་གོམས་པར་བྱས་ནས་ལྡོག་པ་ཡིན་ནོ། །གཉིས་པ་ལ་གཉིས། འདོད་པ་བརྗོད་པ་དང༌། དེ་དགག་པའོ། །དང་པོ་ནི། སྙིང་པོ་རྒྱན་ལས། གཞན་ཡང་བྲམ་ཟེ་སྟོང་ཉིད་བློ་དང་ཁ་ཆེའི་མཁན་པོ་རབ་སྣང་བྱེད་དང༌། ཨ་ནནྟ་བཛྲ་དང་དགེ་བསྙེན་སི་ཏི་ཀ་ར་དང་མཁས་པ་ཆེན་པོ་དཔལ་གྱི་སེང་གེ་དང༌། སྣང་མཛད་རྡོ་རྗེ་དང་དགེ་སློང་ཐེག་ཆེན་དཔལ་དང་ལེགས་སྦྱིན་བཟང་པོ་དང་དཔལ་ 3-2-309a ཤམ་ཐབས་སྔོན་པོ་ཅན་དང༌། རྒྱལ་བའི་ཞབས་དང་རིན་ཆེན་ལྡན་དང་བྲམ་ཟེ་བཟང་པོའི་བཤེས་གཉེན་དང་དགེ་སློང་མ་དགའ་མོ་ལ་སོགས་པ་བསྐྱེད་པའི་རིམ་པ་དང་སྤྱད་པའི་ཚུལ་གསུངས་པ་ནི་ཆད་པར་སྨྲ་བ་དགག་པ་དང༌། རྟེན་འབྲེལ་གྱིས་རྟེན་འབྲེལ་གྱི་འབྲས་བུ་བསྒྲུབ་པ་དང་ཟབ་མོའི་དོན་གྱིས་འཇིགས་པའི་འཇིག་རྟེན་པ་རྣམས་རེ་ཤིག་གཟུང་བའི་ཐབས་སུ་གསུངས་པ་ལས། ཡང་དག་པར་རྫོགས་པའི་སངས་རྒྱས་ནི། གཉིས་སུ་མེད་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་སྟེ་ དེ་མི་མཐུན་པའི་རྒྱུ་ལས་སྐྱེས་པ་མ་ཡིན་པས། འདིར་སྟོང་པ་ཉིད་མཚན་མ་མཐོང་བ་བསམ་གྱིས་མི་ཁྱབ་ཅིང་སྤྲོས་པ་རྣམ་པར་ཆད་པ་ནི། རྣལ་འབྱོར་པས་བསམ་པའི་ཚུལ་གྱིས་འཇིག་རྟེན་ན་འབྲས་བུ་མཆོག་དང་ལྡན་ནོ་ཞེས་ཟེར་བ་ནི། ཞེས་ཕྱོགས་སྔར་ མཛད་དོ། །རྒྱལ་བའི་ཞབས་ལ་སོགས་པ་གསུམ་ཕྱོགས་སྔ་གོང་མ་འདོད་མཁན་དུ་བྱུང་བས་འདིར་ཡང་བྱུང་བ་ནི་དཔེ་མ་དག་པ་ཡིན་ནམ་དཔྱད་པར་བྱའོ། །འདི་དག་གིས་བསྐྱེད་པའི་རིམ་པ་དང་སྤྱོད་ཕྱོགས་རྣམས་དོར་ནས་སངས་རྒྱས་འདོད་པས་རྫོགས་པའི་ རིམ་པ་ཙམ་ཞིག་སྒོམ་པར་འདོད་པ་འདི་རྒྱུ་མཚན་ཅི་ཞིག་མཐོང་ནས་ཡིན་སྙམ་ན། ཡང་དག་པའི་རྒྱུ་མཚན་མེད་མོད་འོན་ཀྱང་རིགས་པ་ལྟར་སྣང་དང་ལུང་གི་དགོངས་པ་མ་རྙེད་པར་ཚིག་ཙམ་ལ་བརྟེན་པ་ཡིན་ཏེ་དེ་ལ་རིགས་པ་ནི། ཐོབ་བྱ་ཡང་དག་པར་རྫོགས་ པའི་སངས་རྒྱས་ནི། གཉིས་སུ་མེད་པའི་ཡེ་ཤེས་རྣམ་པར་མི་རྟོག་པ་ཡིན་ལ་དེའི་ཕྱིར་དེ་ཐོབ་པའི་ཐབས་ཀྱང་རྣམ་པར་མི་རྟོག་པ་སྒོམ་པར་རིགས་ཀྱི་བསྐྱེད་རིམ་ལ་སོགས་པ་རྣམ་པར་རྟོག་པ་བསྒོམས་པས་ནི་དེ་མི་འཐོབ་སྟེ། རྣམ་རྟོག་ནི་སྤང་བར་བྱ་དགོས་པའི་ཕྱིར་ 3-2-309b དང་རྣམ་རྟོག་གོམས་པ་ལས་རང་དང་རྗེས་སུ་མཐུན་པའི་འབྲས་བུ་རྟོག་པ་ཙམ་ཞིག་ལས་མི་འབྱུང་བའི་ཕྱིར་རོ་སྙམ་དུ་བསམས་པའོ། །འོ་ན་སྟོན་པས་བསྐྱེད་རིམ་དང་སྤྱོད་ཕྱོགས་བསྒྲུབ་པར་གསུངས་པ་མི་འཐད་དོ་བྱས་པ་ལ། ཁོ་ན་རེ། དེ་དག་གང་ལ་ གསུངས་པའི་གདུལ་བྱ་ནི། ཟབ་མོ་སྟོང་པ་ཉིད་ཀྱི་དོན་བཤད་ན་འཇིགས་པའི་འཇིག་རྟེན་པ་སྟེ་གདུལ་བྱ་རྣམས་རེ་ཞིག་གཟུང་བའི་ཐབས་སུ་གསུངས་སོ། །དེ་ལ་ཡང་སྤྱོད་ཕྱོགས་གསུངས་པའི་དགོས་པ་ནི། ཀུན་ནས་ཉོན་མོངས་དང་རྣམ་བྱང་གི་རྒྱུ་འབྲས་ལ་ སྐུར་བ་འདེབས་པའི་ཆད་ལྟ་དགག་པའི་ཕྱིར་ཡིན་ལ། བསྐྱེད་རིམ་གསུངས་པའི་དགོས་པ་ནི། ལྷའི་རྣལ་འབྱོར་དང་སྔགས་བཟླས་པ་དང་སྦྱིན་སྲེག་དང་རྫས་ལ་སོགས་པའི་རྟེན་འབྲེལ་གྱིས་འབྲས་བུ་ཞི་སོགས་དང་རལ་གྲི་དང་རི་ལུའི་དངོས་གྲུབ་ལ་སོགས་ པའི་རྟེན་འབྲེལ་བསྒྲུབ་པའི་ཕྱིར་ཡིན་ནོ། །དེས་ན་དྲི་མ་མཐའ་དག་གི་གཉེན་པོ་ནི། སྟོང་པ་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བ་རྟོགས་པ་ཡིན་ལ་རྣལ་འབྱོར་པས་དེ་ཙམ་ཞིག་གོམས་པར་བྱས་ན་གོམས་པ་མཐའ་མེད་དུ་འཕེལ་ནས་འབྲས་བུ་མཆོག་ འཐོབ་པས་ན། དེ་ཙམ་ཞིག་བསྒོམ་པར་བྱ་ཡིས། སྒོམ་པ་གཞན་གྱིས་ཅི་བྱ་སྙམ་པའོ། །ལུང་ཡང་རྡོ་རྗེ་མཁའ་འགྲོའི་ལྔ་བཅུ་པ་ལས། གང་ཡང་སྒྲ་ཤེས་བསྟན་བཅོས་རྣམས། །དྲང་སྲོང་རྣམས་ཀྱིས་བྱས་པ་ལྟར། །རང་གི་སེམས་ནི་འཇུག་བྱེད་ པའི། །སྐྱེས་བུའི་བཅོས་མའི་བྱ་བ་རྣམས། །རྒྱུད་ཀྱི་རྗེས་སུ་འབྲངས་ནས་ནི། །འབད་པས་སྡུག་བསྔལ་སློང་བར་བྱེད། །དེ་ཕྱིར་དཀྱིལ་འཁོར་ལ་སོགས་པ། །བྱ་བའི་ཆོ་ག་ལ་འབད་པ། །ཐར་པ་དང་བྲལ་ཕྱི་རོལ་ཏེ། །སྐྱེས་བུ་ཉོན་མོངས་འབའ་ཞིག་ 3-2-310a བྱེད། །ཅེས་དང༌། ཁ་སྦྱོར་གྱི་བརྟག་པ་གཉིས་པའི་རབ་བྱེད་བཞི་པ་ལས། ཐུན་མོང་དངོས་གྲུབ་སྐྱེད་པ་ཡི། །བསྒོམ་པ་དང་ནི་དམ་ཚིག་དང༌། །སྐུ་གཟུགས་དང་ནི་ང་རྒྱལ་དང༌། །སྔགས་དང་ཕྱག་རྒྱས་ཅི་ཞིག་ བྱ། །རང་འདོད་ལྷ་ཡི་སྦྱོར་བ་ཡིས། །སངས་རྒྱས་ཉིད་ཀྱི་མཐར་ཐུག་པ། །མཚོན་བྱའི་མཚན་ཉིད་མངོན་བྱས་ན། །ས་གསུམ་ནམ་མཁའ་ལྟ་བུར་འགྱུར། །ཞེས་གསུངས་པ་དང་དེ་འདྲ་བའི་ལུང་རྣམས་ལ་བརྟེན་པར་མངོན་ཏེ་སྔ་མ་ནི་བསྐྱེད་ རིམ་འགོག་པ་རྣམས་ཀྱིས་ཤེས་བྱེད་དུ་སྡོམ་འབྱུང་འགྲེལ་པར་དྲངས་སོ། །གཞན་ཡང་བསྐྱེད་རིམ་གྱིས་སངས་རྒྱས་འགྲུབ་པ་ལྟ་ཞོག་ཏིང་ངེ་འཛིན་ཡང་མི་འགྲུབ་སྟེ། འདི་ནི་རྣམ་པར་རྟོག་པ་དུ་མས་རྒྱུད་འཁྲུགས་པར་བྱེད་ལ་ཏིང་ངེ་འཛིན་ སེམས་རྩེ་གཅིག་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །བསྒོམས་པས་ཅུང་ཟད་གསལ་བར་འགྱུར་མོད་ཀྱང་ཆགས་ཅན་ལ་འདོད་མའི་རྣམ་པ་གསལ་བ་ལྟར་སྐད་ཅིག་ཙམ་གནས་པར་འགྱུར་གྱི་ཡུན་རིང་པོར་མ་ཡིན་ནོ། །བརྟགས་པའི་ རྣལ་འབྱོར་ནི་འཇིག་རྟེན་པའི་ཆོས་བརྟགས་པ་རྣམས་ལས་ཀྱང་ཤིན་ཏུ་རྫུན་པ་ཡིན་ཏེ་ཀེང་རུས་སྒོམ་པ་བཞིན་ནོ། །དེའི་ཕྱིར་འཁྲུལ་པ་ཡིས་པས་མཆོག་འགྲུབ་པ་ལ་མི་ཕན་ནོ་ཞེས་པ་ནི། རཏྣ་རཀྵི་ཏས་ཕྱགས་སྔ་བརྗོད་པའོ། །འདི་ལ་ཡང་མཆོག་ སྒྲུབ་པ་ལ་བསྐྱེད་རིམ་ཡེ་མི་དགོས་པར་འདོད་པ་དང་དབང་རྣོན་ལ་མི་དགོས་ཀྱང་དབང་རྟུལ་ལ་དགོས་པར་འདོད་པའི་ལུགས་གཉིས་སོ། །གཉིས་པ་ལ་གཉིས། དགག་པ་དངོས་དང༌། བཀག་པ་ལ་རྩོད་པ་སྤང་བའོ། །དང་པོ་ནི། སྤྲོས་པ་ཐམས་ཅད་དང་ 3-2-310b བྲལ་བའི་དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་ནི་སངས་རྒྱས་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཉེར་ལེན་གྱི་རྒྱུ་ཡིན་མོད་ཀྱང་དེ་འབའ་ཞིག་ལ་གོམས་པར་བྱས་ན་ནི། ཡུན་ཅི་ཙམ་ཞིག་འབད་ཀྱང་རབ་ཀྱི་མཐར་ཐུག་པར་འགྲོ་མི་ནུས་ཏེ། ཐབས་ཀྱི་ཡན་ལག་དང་ བྲལ་བའི་ཕྱིར་ཏེ། དཔེར་ན་ས་བོན་མྱུ་གུའི་ཉེར་ལེན་ཡིན་མོད་ཀྱང་ཆུ་ལུད་ལ་སོགས་པའི་རྐྱེན་དང་བྲལ་ན་མྱུ་གུ་སྐྱེད་མི་ནུས་པ་བཞིན་ནོ། །དེས་ན་སྟོང་པ་ཉིད་རྟོགས་པའི་ཤེས་རབ་རབ་ཀྱི་མཐར་ཐུག་པར་འགྲོ་བ་ཐབས་ལ་རག་ལས་ཤིང་ཐབས་རབ་ཀྱི་མཐར་ཐུག་ པར་འགྲོ་བ་ཤེས་རབ་ལ་བལྟོས་པ་ནི་ཐེག་པ་ཆེན་པོ་པ་སྤྱིའི་ལུགས་ཡིན་ལ་ཁྱད་པར་དུ་སྔགས་ཀྱི་ཐེག་པའི་ལུགས་ཀྱིས་སྐུ་གཉིས་ཀྱི་རྒྱུར་དེ་གཉིས་ཀྱི་རྣམ་པ་ཅན་གྱི་ལམ་སྟོང་ཉིད་དང་ལྷའི་རྣལ་འབྱོར་སྒོམ་དགོས་པ་སྔར་ཡང་མང་དུ་བཤད་ཟིན་ཏོ། ། གཞན་ཡང་རྟོག་པ་གོམས་པས་རྟོག་བྲལ་དུ་འགྲོ་མི་སྲིད་ན་རྟོག་པ་གོམས་པས་གོམས་ཡུལ་གསལ་བར་སྣང་བ་མི་སྲིད་དགོས་ཏེ། ཡུལ་དེ་ཤིན་ཏུ་གསལ་བར་སྣང་བ་དང་དེ་ལ་རྟོག་པ་ཡིན་པ་གཉིས་འགལ་བའི་ཕྱིར་ཏེ་རིགས་པའི་དབང་ཕྱུག་གིས། རྣམ་རྟོག་རྗེས་སུ་འབྲེལ་བ་ལ། །དོན་གསལ་སྣང་བ་ཅན་མ་ཡིན། །ཞེས་གསུངས་པ་ལྟར་རོ། །ཡུལ་དུས་མ་འདྲེས་པར་ཤིན་ཏུ་གསལ་བར་སྣང་བས་རྟོག་བྲལ་དུ་སྒྲུབ་མི་ནུས་ན་མུ་སྟེགས་བྱེད་དབང་པོའི་ཤེས་པ་རྣམས་རྟོག་པར་འདོད་པ་གཏན་མི་ཁེགས་ པར་འགྱུར་རོ། །རྟོག་པ་གོམས་པས་གསལ་སྣང་མི་འབྱུང་ན་ནི། ཆགས་ལྡན་གྱིས་ཆགས་ཡུལ་ཡང་ཡང་ཡིད་ལ་བྱས་པ་ན་དེའི་རྣམ་པ་གསལ་བར་མཐོང་ནས་དེ་ལ་རེག་པར་རྩོལ་བ་སོགས་བྱེད་པ་དང༌། འདྲེ་ལ་སོགས་པ་ལ་ཤིན་ཏུ་སྐྲག་པའི་ཡིད་ཅན་ 3-2-311a གྱིས་ཡང་ཡང་དེ་ཡིད་ལ་བྱས་པ་ན་དེ་དང་དེའི་རྣམ་པ་ཤིན་ཏུ་གསལ་བ་ཤར་བ་སོགས་མི་སྲིད་དོ་ཞེས་སྐུར་པ་གདབ་དགོས་ལ། རིགས་པའི་རྒྱལ་པོས། མི་སྡུག་ཟད་པར་ས་ལ་སོགས། །ཡང་དག་མིན་པའང་བསྒོམས་ པ་ཡི། །སྟོབས་ཀྱིས་སྤྲུལ་པ་རྟོག་མེད་དང༌། །གསལ་བར་སྣང་བ་ཅན་དུ་གསུངས། །ཞེས་གསུང་རབ་ལས་འབྱུང་བར་བཤད་པའི་བདེ་བར་གཤེགས་པའི་གསུང་ཡང་སྤངས་པར་འགྱུར་ཞིང༌། ཐར་པ་མི་སྲིད་པར་འདོད་པའི་ཕྱི་རོལ་པ་ལ་རྣལ་ འབྱོར་མངོན་སུམ་འབྱུང་རུང་དུ་སྒྲུབ་པའི་རྟགས་ཀྱི་ཁྱབ་པ་ངེས་པའི་གཞིར་གྱུར་པའི་དཔེ་ཕྱི་རོལ་པས་ཀྱང་མི་བསྙོན་པ་ལ་བསྙོན་བཏིང་པས་གཞན་སྡེ་ལ་འཕགས་པའི་གང་ཟག་སོགས་ཡོད་པར་སྒྲུབ་པའི་སྒྲུབ་བྱེད་ཀྱི་རྩ་བ་བཅད་པ་ཡང་ཡིན་ནོ། ། དེས་ན་གོམས་ཡུལ་ལ་གསལ་སྣང་འོང་བ་ལ་ནི། ཡང་དག་པ་དང་ལོག་པའི་དོན་གང་གོམས་ཀྱང་འདྲ་སྟེ་གོམས་པ་ཙམ་གྱི་རྗེས་སུ་བྱེད་པ་ལ་དགོངས་ནས་རིགས་པའི་དབང་ཕྱུག་གིས། དེ་ཕྱིར་ཡང་དག་ཡང་དག་མིན། །གང་གང་ཤིན་ཏུ་གོམས་ གྱུར་པ། །གོམས་པ་ཡོངས་སུ་རྫོགས་པ་ན། །དེ་གསལ་མི་རྟོག་བློ་འབྲས་ཅན། །ཞེས་གསུངས་པ། ཀུན་སྤྱོད་ཀྱི་བཅུ་གཅིག་པ་ལས་ཀྱང༌། དངོས་པོ་གང་དང་གང་གིས་ནི། །མི་རྣམས་ཡིད་ནི་ཡང་དག་སྦྱོར། །དེ་ཡིས་དེ་ཡི་དངོས་འགྱུར་ཏེ། ། སྣ་ཚོགས་གཟུགས་ཅན་ནོར་བུ་འདྲ། །ཞེས་གསུངས་སོ། །གལ་ཏེ་རྟོག་པ་གོམས་པས་གོམས་ཡུལ་ལ་གསལ་སྣང་འབྱུང་བ་འདོད་ན་ནི་རྟོག་བྲལ་གྱི་དོན་གྲུབ་པས་དེ་ལ་མི་རྟོག་པའི་ཐ་སྙད་མི་བྱེད་ན་མིང་ཙམ་ལ་རྩོད་པའོ། །གལ་ཏེ་ཡུལ་ 3-2-311b གསལ་བར་སྣང་ན་སྒྲ་དོན་འཛིན་པའི་རྟོག་བྲལ་ཡིན་མོད་ཀྱང་གཉིས་སུ་སྣང་བའི་རྟོག་པ་དང་མ་བྲལ་བས་རྟོག་པ་ཡིན་ནོ་སྙམ་ན། གཉིས་སྣང་གི་རྟོག་པ་ལས་རྟོག་བྲལ་གྱི་བློ་སྐྱེ་མི་སྲིད་ན་འཕགས་པའི་གོ་འཕང་མ་ཐོབ་ཚུན་ཆད་ཀྱི་བློ་ཐམས་ཅད་ གཉིས་སྣང་གི་རྟོག་པ་ཡིན་པས། ཚོགས་སྦྱོར་གྱི་ལམ་ལས་འཕགས་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེ་བ་མི་སྲིད་པར་འགྱུར་ཏེ། དབུས་མཐའ་ལས། ཡང་དག་མ་ཡིན་ཀུན་རྟོག་ནི། །སེམས་དང་སེམས་བྱུང་ཁམས་གསུམ་པ། །ཞེས་ གསུངས་པའི་ཕྱིར་རོ། །བྱང་སེམས་འཕགས་པ་རྣམས་ཀྱི་རྗེས་ཐོབ་ཀྱི་ཡེ་ཤེས་ལ་ཡང་གཉིས་སྣང་ཡོད་པས་དེ་དག་ཀྱང་འཚང་རྒྱ་བའི་ལམ་མ་ཡིན་པར་འགྱུར་རོ། །མི་མཐུན་པའི་རྒྱུ་ལས་འབྲས་བུ་མི་མཐུན་པ་མི་འབྱུར་ཞེས་པའི་རྒྱུ་འབྲས་མཐུན་ ལུགས་ཀྱང་འབྲས་བུ་མི་རྟོག་པ་ཡིན་ན་རྒྱུ་ཡང་མི་རྟོག་པ་ཞིག་སྔོན་དུ་ངེས་པར་འགྲོ་བ་ལ་འདོད་ན་ནི། འཁོར་བ་ཐོག་མ་མེད་པ་ནས་མི་རྟོག་པ་ཡོད་པར་ཁས་བླང་དགོས་སོ། །སངས་རྒྱས་ཀྱི་མི་རྟོག་ཡེ་ཤེས་ཀྱི་རྒྱུར་ལམ་དུས་སུ་དེ་ཁོ་ན་ཉིད་རྟོགས་པའི་མི་རྟོག་ པ་སྔོན་དུ་འགྲོ་དགོས་པས་བསྐྱེད་རིམ་སྒོམ་པའི་བློས་དེ་ཁོ་ན་མ་རྟོགས་པས་འགོག་གོ་སྙམ་ན། བསྐྱེད་རིམ་གྱི་སྐབས་སུ་དེ་ཁོ་ན་ཉིད་རྟོགས་པའི་བློ་མེད་པར་འདོད་ན་ནི་ཤིན་ཏུ་མི་རིགས་ཏེ་འཆད་པར་འགྱུར་རོ། །འོན་ཀྱང་སྣང་ཕྱོགས་ཁ་དོག་དང་དབྱིབས་ ཀྱི་རྣམ་པ་ཅན་སྒོམ་པའི་བསྐྱེད་རིམ་གྱིས་དེ་ཁོ་ན་ཉིད་མ་རྟོགས་པའི་རྒྱུ་མཚན་གྱིས་མཆོག་སྒྲུབ་པའི་ཐབས་སུ་མི་འགྱུར་ན་སྟོང་ཉིད་མ་རྟོགས་པའི་འཚང་རྒྱ་བའི་ཐབས་མི་སྲིད་པར་འགྱུར་བས་ཧ་ཅང་ཐལ་ལོ། །བསྐྱེད་རིམ་གྱིས་ཏིང་ངེ་འཛིན་མི་འགྲུབ་པར་ 3-2-312a སྨྲ་བ་ནི་དགེ་བའི་སེམས་རྩེ་གཅིག་པ་ཞིག་བྱུང་ན་ཡུན་རིང་ཐུང་གང་ཡིན་ཀྱང་ཏིང་ངེ་འཛིན་ཡོད་པ་ཡིན་པས་ཏིང་ངེ་འཛིན་ཙམ་ཞིག་མི་འགྲུབ་པར་འདོད་པ་ནི་མི་རིགས་ལ། ཞི་གནས་མི་འགྲུབ་པ་ལ་བྱེད་ན་ནི་རྒྱུ་མཚན་དེས་འཚང་ རྒྱ་བའི་ལམ་ཡིན་པ་འགོག་པ་ཤིན་ཏུ་འཁྲུལ་ཏེ། བྱམས་པ་དང་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་ལ་རྣམ་པ་དུ་མར་དཔྱད་ནས་སྐྱོང་བ་བཞིན་ཏེ་དེ་འདྲ་ཤིན་ཏུ་མང་ངོ༌། །འོན་ཀྱང་བསྐྱེད་རིམ་སྒོམ་པ་ལ་སོ་སོར་རྟོག་པས་དཔྱད་ནས་སྐྱོང་བས་མ་ཁྱབ་པས་དཔྱོད་ པ་དང་འཇོག་པའི་སྒོམ་གཉིས་ཀ་ཡོད་དེ་འདི་དང་གསལ་སྣང་སྐྱེས་པ་རིང་དུ་གནས་པའི་ཚུལ་ནི་འོག་ཏུ་བཤད་པར་བྱའོ། །རྡོ་རྗེ་མཁའ་འགྲོའི་ལྔ་བཅུ་པ་ལས། རྣལ་མའི་སྦྱོར་བ་རྟོགས་བྱའི་ཕྱིར། །བཅོས་མ་ཡི་ནི་སྒོམ་པ་དང༌། །བཅོས་མ་ཡི་ནི་བཟླས་ པ་བྱ། །རྣལ་མའི་སྦྱོར་བ་རྟོགས་གྱུར་ན། །བཅོས་མའི་སྦྱོར་བ་ཕྱི་རོལ་པས། །རྣལ་མའི་སྦྱོར་བ་རྟོགས་གྱུར་པས། །བཅོས་མ་དག་ནི་མི་བྱའོ། །དཔེར་ན་གཟིངས་ལ་འཇུས་ནས་ནི། །ཆུ་ཡི་ཕ་རོལ་འགྲོ་བར་བྱེད། །ཕ་རོལ་ཕྱིན་ནས་འདོར་བ་ལྟར། །བཅོས་མ་དག་ཀྱང་དེ་བཞིན་ནོ། །དཀྱིལ་ འཁོར་ལ་སོགས་ལས་གང་ནི། །བཅོས་མའི་སེམས་ཀྱིས་གང་བྱེད་པ། །ཕྱི་རོལ་ལས་རྣམས་གསལ་བྱེད་པས། །དང་པོའི་ལས་ཅན་རྣམས་ལ་བསྔགས། །དངོས་གྲུབ་དེ་ཀུན་འདིར་གནས་པས། །རྒྱལ་བའི་དངོས་ཉིད་རིག་ལ་མིན། །ཞེས་གསུངས་པའི་ འོག་ཏུ། གང་ཡང་སྒྲ་ཤེས་བསྟན་བཅོས་རྣམས། ཞེས་སོགས་གསུངས་པས་མ་བཅོས་པའི་རྫོགས་རིམ་གྱི་རྟོགས་པ་བརྟན་པོ་མ་རྙེད་བར་དུ་བཅོས་མ་བསྐྱེད་རིམ་བྱ་དགོས་ལ་དེ་ནས་འཇོག་པའི་ཁུངས་ཡིན་གྱི་མཆོག་སྒྲུབ་པའི་ལས་དང་པོ་པས་བསྐྱེད་ 3-2-312b རིམ་སྒོམ་མི་དགོས་པའི་ཁུངས་སུ་འདོད་པ་ནི་མུན་སྤྲུལ་ལོ། །གཟིངས་ཀྱི་དཔེས་ཀྱང་ཤེས་ཏེ་ཆུའི་ཕ་རོལ་ནས་འཇོག་ཀྱང་དེང་སླེབས་སླེབས་སུ་ངེས་པར་བསྟེན་དགོས་པ་བཞིན་ནོ། །རྫོགས་རིམ་ཡང་སྟོང་པ་དང་ལྷའི་རྣལ་འབྱོར་བསྐྱེད་རིམ་པ་ལྟར་བཅོས་ནས་བྱ་མི་དགོས་ པར་མ་བཅོས་པར་ནུས་པའི་རྟོགས་པ་བརྟན་པོ་ཡིན་གྱི་རླུང་དང་གཏུམ་མོའི་རྣལ་འབྱོར་ཙམ་ཞིག་སྒོམ་པ་ལ་རྫོགས་རིམ་པར་ཐ་སྙད་འདོགས་པ་ལྟ་བུས་བསྐྱེད་རིམ་འཇོག་པ་མ་ཡིན་ཏེ། རྒྱལ་བའི་དངོས་ཉིད་རིག་ལ་མིན། ཞེས་གསུངས་པའི་དོན་ཏོ། །དང་ པོའི་ལས་ཅན་ལ་བསྐྱེད་རིམ་བསྔགས་པར་གསུངས་པས་ལས་དང་པོ་པ་ལ་དེ་གལ་ཆེ་ལ། རིམ་ལྔ་དང་སྤྱོད་བསྡུས་ལས་བསྐྱེད་རིམ་མཐར་ཕྱིན་གྱི་བར་ཐམས་ཅད་ལས་དང་པོ་བར་བཤད་དོ། །དཀྱིལ་འཁོར་ལ་སོགས་པ་ལ་འབད་པས་ཐར་པ་དང་བྲལ་ བ་དང་སྐྱེས་བུ་ཉོན་མོངས་འབའ་ཞིག་བྱེད་ཅེས་པ་ནི། སྟོང་ཉིད་ལ་སོགས་པའི་རྫོགས་རིམ་མི་སྒོམ་པར་རྟེན་དང་བརྟེན་པའི་ལྷའི་རྣལ་འབྱོར་ཙམ་ཞིག་ལ་གོམས་པར་བྱེད་ན་མཆོག་མི་འགྲུབ་པས་ངལ་བ་འབའ་ཞིག་གོ་ཞེས་པའི་དོན་ཏེ། ཁ་སྦྱོར་གྱི་ ལུང་དང་དེ་འདྲ་བ་གཞན་རྣམས་ཀྱི་དོན་ཀྱང་དེ་ལྟར་དུ་ཤེས་པར་བྱའོ། །གཞན་ཡང་རྒྱུད་སྡེ་དུ་མ་ལས་བསྐྱེད་རིམ་གྱི་ལྷ་སྒོམ་པའི་ཚུལ་རེ་རེའི་ཡོན་ཏན་སྟོན་པ་ན། དེ་ལྟར་རྣལ་འབྱོར་པས་བསྒོམས་པས། རྡོ་རྗེ་སེམས་དཔའ་མཉམ་པར་ འགྱུར། ཞེས་ཁ་སྦྱོར་གྱི་བརྟག་པ་གཉིས་པ་ལས་གསུངས་པ་ལྟར་བསྐྱེད་རིམ་གོམས་པས་མཆོག་སྟེར་བའི་ཁུངས་མཐའ་ཡས་པ་ཞིག་སྣང་བས་ལུང་ཙམ་ལ་བརྟེན་ནས་སྒྲུབ་ན་ནི་སྔ་མ་ཆེས་ཆེར་རྒྱས་པས་བཟློག་ནས་སྨྲོས་ཤིག །བསྐྱེད་རིམ་སྒོམ་མི་ 3-2-313a དགོས་སམ་སྙམ་པའི་དོགས་པ་བཅད་ནས་གསལ་བར་བསྟན་པ་ནི། བརྟག་གཉིས་ཀྱི་ཕྱི་མའི་ལེའུ་གཉིས་པ་ལས། རྫོགས་པའི་རིམ་པའི་རྣལ་འབྱོར་འདི། །དེ་ཡི་བདེ་བ་བདེ་ཆེན་བརྗོད། །རྫོགས་པ་སྒོམ་པ་མེད་པ་སྟེ། །བསྐྱེད་ པ་ཡིས་ནི་ཅི་ཞིག་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཨེ་མ་བྱང་ཆུབ་སེམས་དཔའ་ཆེ། །དད་པའི་ཤུགས་ཀྱིས་རབ་ཏུ་ཉམས། །ལུས་ཀྱི་དངོས་མེད་ག་ལ་བདེ། །བདེ་བ་སྨྲ་བར་མི་ནུས་སོ། །ཁྱབ་དང་ཁྱབ་བྱེད་ཚུལ་གྱིས་ནི། །བདེ་བས་ འགྲོ་བ་ཁྱབ་པ་ཉིད། །ཇི་ལྟར་མེ་ཏོག་ལ་གནས་དྲི། །མེ་ཏོག་དངོས་མེད་ཤེས་མི་འགྱུར། །དེ་བཞིན་གཟུགས་སོགས་དངོས་མེད་པས། །བདེ་བ་ཉིད་ཀྱང་དམིགས་མི་འགྱུར། །ཞེས་གསུངས་སོ། །དེས་ནི། ལས་དང་པོ་པས་རྫོགས་རིམ་སྒོམ་པ་མེད་པར་བསྐྱེད་ རིམ་སྒོམ་པ་ལ་དགོས་པ་མེད་དེ་བདེ་བ་ཆེན་པོ་ལྷན་ཅིག་སྐྱེས་པའི་དོན་ནི་རྫོགས་རིམ་གྱི་རྣལ་འབྱོར་ཡིན་པའི་ཕྱིར་རོ། །ཞེས་རྒྱུ་མཚན་བཀོད་ནས་ཞུས་པའི་ལན་དུ། ཁྱོད་རྫོགས་རིམ་ལ་དད་པའི་ཤུགས་ཀྱིས་བསྐྱེད་རིམ་ལས་ཉམས་སོ་ཞེས་གསུངས་ནས་ བསྐྱེད་རྫོགས་གཉིས་མེ་ཏོག་དང་དེའི་དྲི་བཞིན་དུ་རྟེན་དང་བསྟེན་པར་བསྒྲུབས་སོ། །དེ་ཡང་ཐུགས་དངོས་པོའི་དེ་ཁོ་ན་ཉིད་ལ་ཞུགས་པ་ནི། རྫོགས་རིམ་གྱིས་སྒྲུབ་ལ་ལུས་གཟུགས་ཀྱི་སྐུར་གནས་པ་ནི། བསྐྱེད་རིམ་གྱིས་སྒྲུབ་ཅིང་སྐུ་ནི་ཐུགས་ཀྱི་རྟེན་ཡིན་པ་ལ་ དགོངས་ནས་རྟེན་དང་བརྟེན་པར་གསུངས་ཏེ་ལམ་དུས་སུ་ཡང་དེ་དང་རྗེས་སུ་མཐུན་པའི་རྟེན་དང་བརྟེན་པ་ཡོད་དོ། །གང་ཟག་རབ་ཚེ་འདི་ལ་འཚང་རྒྱ་བ་ལ་ཡང་ལས་དང་པོ་པའི་སྐབས་ཤིག་མི་འདོད་ན་ནི། རྒྱ་ནག་གི་མཁན་པོ་ལྟར་གདུལ་བྱ་རྣམས་ཅིག་ཆར་བར་འདོད་དགོས་ལ། ལས་ 3-2-313b དང་པོ་པའི་སྐབས་ཤིག་འདོད་ན་ནི་དེ་འཚང་རྒྱ་བ་ལ་རིམ་པ་དང་པོ་མི་དགོས་པར་འདོད་པ་སྔགས་ཀྱི་གཞུང་མཐའ་དག་དང་འགལ་ལོ། །སྐྱེ་བ་སྔ་མ་མང་པོར་སྔགས་ལ་སྦྱངས་སྦྱངས་པའི་གང་ཟག་ལ་གང་ཟག་རབ་ཏུ་བྱས་ནས་དེ་ལ་རིམ་པ་དང་པོ་ནས་འཁྲིད་མི་དགོས་པར་ སྨྲ་ན་ནི་སྐབས་ལས་ཉམས་པའི་གཏམ་ཡིན་ཏེ། འདིར་སྔགས་ལ་འཇུག་པའི་ལས་དང་པོ་ལ་ལམ་རིམ་གྱིས་བགྲོད་པའི་སྐབས་སུ་རིམ་པ་དང་པོ་དགོས་མི་དགོས་དཔྱོད་པ་ཡིན་པའི་ཕྱིར་དང་དེ་འདྲ་བའི་གང་ཟག་ལ་ནི། རྫོགས་རིམ་མང་པོ་ཞིག་ཀྱང་བཞག་ནས་ཁྲིད་པས་ ཆོག་པའི་སྐབས་ཀྱང་སྲིད་པའི་ཕྱིར་རོ། །འདི་ནི། འཚང་རྒྱ་བ་ལ་ཚོགས་ལམ་ནས་བགྲོད་དགོས་མི་དགོས་དཔྱོད་པ་ན་ས་དང་པོ་ཐོབ་ནས་ཚོགས་ལམ་ནས་བགྲོད་མི་དགོས་སོ་ཞེས་སྨྲ་བ་དང་འདྲའོ། །ལོག་རྟོག་འདི་ལ་ནི་དམིགས་ཕུག་པའི་དགག་པ་འཕགས་པ་ལྷས་ཀྱང་ མཛད་དེ་སྤྱོད་བསྡུས་ལས། རྡོ་རྗེ་སློབ་མས་གསོལ་བ། བདག་ཅག་ལྟ་བུའི་སོ་སོའི་སྐྱེ་བོ་ཐོག་མ་མེད་པ་ནས་ཕྱི་རོལ་གྱི་དངོས་པོ་རྣམ་པ་སྣ་ཚོགས་པ་ལ་མངོན་པར་ཞེན་པས་ཡོད་པ་དང་མེད་པ་དང་གཅིག་དང་དུ་མ་དང་གཉིས་དང་གཉིས་མ་ཡིན་པ་དང་ཡོད་པ་མ་ཡིན་ མེད་པ་ཡང་མ་ཡིན་པ་སྟེ། རྟག་པ་དང་ཆད་པ་ལ་སོགས་པའི་རང་བཞིན་གྱི་བག་ཆགས་ཀྱི་རྒྱུས་རྣམ་པར་རྟོག་པ་ལ་མངོན་པར་ཞེན་པ་ལ་ཞུགས་པ་རྣམས་ཀྱིས་རྫོགས་པའི་རིམ་པའི་ཏིང་ངེ་འཛིན་ལ་སློབ་པ་ན་གོ་རིམས་ཇི་ལྟ་བ་བཞིན་བསླབ་པར་བགྱིའམ། ཡང་ན་བླ་མའི་མན་ངག་ཙམ་གྱིས་དེ་དག་སྐད་ཅིག་ཙམ་གྱིས་སོ་སོར་སྣང་པར་བགྱི། རྡོ་རྗེ་སློབ་དཔོན་གྱིས་སྨྲས་པ། རིམས་ཀྱིས་འཇུག་པས་བསླབ་པར་བྱ་ཡི། ཅིག་ཆར་ནི་མ་ཡིན་ནོ། །ཞེས་ཤེས་བྱེད་མང་པོས་རིམ་ཅན་ནས་འཁྲིད་དགོས་པར་བསྒྲུབས་ཤིང་སངས་རྒྱས་ 3-2-314a ཀྱི་ཐེག་པའི་བསམ་པ་ལ་བསླབས་ཏེ་དེ་ནས་བསྐྱེད་རིམ་ལ་སློབ་དགོས་པར་གསུངས་སོ། །མདོར་ན་རིམ་པ་དང་པོ་འཚང་རྒྱ་བ་ལ་ངེས་པར་དགོས་པའི་ལམ་མིན་པར་སྨྲ་ན་རྒྱུད་སྡེ་འོག་མ་གསུམ་ལ་ཕར་ཕྱིན་གྱི་ཐེག་པ་ དང་ཐུན་མོང་མ་ཡིན་པའི་སྔགས་ཀྱི་ལམ་ཁྱད་པར་ཅན་ཅི་ཡང་མེད་དོ་ཞེས་རྒྱུད་སྡེ་གསུམ་དང་བླ་མེད་ཀྱི་རྒྱུད་ཀྱི་གཞུང་ཕལ་མོ་ཆེ་ལ་སྐུར་པ་འདེབས་པ་ཡིན་པས་དེ་འདྲ་བའི་སྔགས་པ་དེ་ནི་ངོ་མཚར་རོ། །ཕར་ཕྱིན་གྱི་ཐེག་པ་ལ་གདུལ་བྱ་རབ་སྦྱིན་སོགས་ ཕར་ཕྱིན་གྱི་སྤྱོད་པ་ལ་སློབ་མི་དགོས་པར་འཚང་རྒྱ་བའི་ལམ་དང་སྔགས་ཀྱི་ཐེག་པ་ལ་རིམ་པ་དང་པོ་ལ་མི་བལྟོས་པར་གདུལ་བྱ་རབ་སངས་རྒྱས་སུ་འགྲོ་བའི་ལམ་ཡོད་དོ་ཞེས་སྨྲ་བ་གཉིས་ནི། ཁྱད་པར་མེད་ཅིང་ལོག་རྟོག་ཀྱང་ཤིན་ཏུ་ཁམ་ཆེ་བར་སྣང་བས་ གསུང་རབ་ཀྱི་དབུ་ཞབས་ལེགས་པར་བསྒྲིགས་ནས་དཔྱོད་ཤེས་པ་དག་གིས་རྒྱང་རིང་དུ་དོར་བར་བྱ་སྟེ། དེ་ནི་ཐ་ན་སྒྲུབ་ཐབས་རྣམས་ལ་བདེ་མཆོག་གི་སྒྲུབ་ཐབས་དང་ཀྱཻ་རྡོར་གྱི་སྒྲུབ་ཞེས་པ་ལ་སོགས་པ་གྲུབ་ཆེན་རྣམས་ཀྱིས་བཏགས་པའི་མིང་ དོན་ཙམ་ཡང་མི་ཤེས་བར་སྣང་བའི་ཕྱིར་རོ། །སློབ་དཔོན་ཆེན་པོ་ངག་གི་དབང་ཕྱུག་གྲགས་པ་དང་པཎྜི་ཏ་རཏྣ་རཀྵི་ཏས་ཡན་ལག་བདུན་ལྡན་གྱི་རང་འགྲེལ་དང་སྡོམ་འབྱུང་གི་འགྲེལ་པར་ལོག་པར་སྨྲ་བ་དེ་དག་རྒྱས་པར་བཀག་མོད་ཀྱང་མངས་པས་ འཇིགས་ནས་མ་བྲིས་སོ། །གཉིས་པ་ནི། གལ་ཏེ་བསྐྱེད་རིམ་འཚང་རྒྱ་བའི་ལམ་ཡིན་ན། དྲི་མེད་འོད་ལས། སྣ་ཚོགས་རྣམ་རྟོག་ལ་སོགས་ལམ་གྱི་ནི། དེ་ཉིད་དེ་བཞིན་གཤེགས་པས་གང་གསུངས་པ། །བཅུ་དྲུག་བཞི་ཡི་རབ་ཏུ་དབྱེ་བ་ཅན། ། 3-2-314b ལམ་དང་བྲལ་བས་ཐོབ་པ་མ་ཡིན་ནོ། །བསྐྱེད་པའི་རིམ་པར་གསུངས་པའི་ཧཱུཾ་དང་ནི། །ཕཊ་ཡིག་ལ་སོགས་རྟོག་པ་དང་བྲལ་བ། །རྫོགས་པའི་རིམ་པའི་རྣལ་འབྱོར་དེ་ཉིད་དེ། །དེ་ཉིད་ཀྱི་ནི་སྒྲུབ་ཐབས་གཞན་ཡོད་མིན། །ཞེས་དང༌། གཟུགས་ལ་སོགས་ པར་རྟོག་པ་དཀྱིལ་འཁོར་གྱི། །འཁོར་ལོ་སྒོམ་པ་གོམས་པར་གྱུར་པས་ནི། །གྲུབ་པ་འཇིག་རྟེན་པ་དག་འགྲུབ་འགྱུར་ཏེ། །འདོད་པའི་དངོས་གྲུབ་ཆེན་པོ་ག་ལ་ཞིག །ཅེས་རྫོགས་རིམ་ལས་གཞན་པའི་སངས་རྒྱས་སྒྲུབ་པའི་ལམ་མེད་པ་དང་ བསྐྱེད་རིམ་གྱིས་འཇིག་རྟེན་པའི་དངོས་གྲུབ་འགྲུབ་ཀྱི་མཆོག་གི་དངོས་གྲུབ་མི་འགྲུབ་པར་གསུངས་པ་དང༌། གཙོ་བོ་སྒོམ་པའི་ཚེ་ཤར་ལ་སོགས་པའི་ལྷ་མེད་ཅིང་དེ་བཞིན་དུ་ཞལ་དང་ཕྱག་མཚན་རྣམས་མེད་པར་བཤད་པའི་མཐར། དེའི་ ཕྱིར་རྣལ་འབྱོར་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་དོན་དུ་རྣམ་པར་རྟོག་པའི་སྒོམ་པ་མི་བྱའོ། །ཞེས་རྣམ་པར་རྟོག་པའི་སེམས་ལ་དཀྱིལ་འཁོར་གྱི་འཁོར་ལོ་གནས་པ་མེད་པའི་གཏན་ཚིགས་ཀྱིས་འཚང་རྒྱ་བའི་ཕྱིར་དུ་བསྐྱེད་རིམ་བསྒོམ་པར་མི་བྱའོ་ ཞེས་གསུངས་པ་རྣམས་དང་འགལ་བར་འགྱུར་རོ་སྙམ་ན། དེ་དག་ནི། ཁྱེད་ཀྱིས་ལུང་དོན་མ་གོ་བར་སྨྲ་བ་ཡིན་ཏེ་འདི་ལྟར་ཚིགས་བཅད་དང་པོས་ནི་དགའ་བ་བཅུ་དྲུག་གི་བདེ་བ་ཆེན་པོའི་ལམ་རྫོགས་རིམ་དང་བྲལ་ན་བསྐྱེད་རིམ་གྱིས་སངས་རྒྱས་ མི་འཐོབ་པར་གསལ་བར་གསུངས་ཀྱི་འཚང་རྒྱ་བ་ལ་བསྐྱེད་རིམ་སྒོམ་མི་དགོས་པར་སྟོན་པ་མ་ཡིན་ལ། དེའི་ཕྱིར་ཚིགས་བཅད་གཉིས་པས་སྒྲུབ་ཐབས་གཞན་མེད་པར་གསུངས་པ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །བསྐྱེད་རིམ་གྱིས་འདོད་པའི་ 3-2-315a དངོས་གྲུབ་ཆེན་པོ་མི་འགྲུབ་ཅེས་གསུངས་པ་ནི། རྟེན་དང་བརྟེན་པའི་ལྷའི་སྐུ་མདོག་ཞལ་ཕྱག་སོགས་སྒོམ་པའི་གོམས་པ་གོང་ནས་གོང་དུ་འཕེལ་ནས་རྟེན་དང་བརྟེན་པའི་དཀྱིལ་འཁོར་མངོན་སུམ་དུ་གསལ་བ་བརྟན་ པ་ན་དེ་ཙམ་གྱིས་སངས་རྒྱས་པར་འདོད་པ་བཀག་ནས། དེ་འདྲ་བ་དེས་ཐུན་མོང་གི་དངོས་གྲུབ་འགྲུབ་ཀྱི་མཆོག་མི་འགྲུབ་ཅེས་པའི་དོན་ཡིན་པས་འཚང་རྒྱ་བ་ལ་བསྐྱེད་རིམ་མི་དགོས་པར་སྟོན་པ་མིན་ཏེ། དྲི་མེད་འོད་ལས། འདིར་གལ་ཏེ་ཟད་ པར་གྱི་ཁམས་སམ་དཀྱིལ་འཁོར་གྱི་འཁོར་ལོ་གཅིག་མངོན་སུམ་དུ་བྱས་པར་གྱུར་ན་ཁམས་གསུམ་པོ་མངོན་སུམ་དུ་བྱས་པར་འགྱུར་ཞིང་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པར་ཡང་འགྱུར་ན་དེའི་ཚེ་ཐམས་ཅད་མཁྱེན་པའི་གོ་འཕག་ ཐོབ་པའི་སླད་དུ་ཐམས་ཅད་མཁྱེན་པ་ཉིད་དང་ལམ་མཁྱེན་པ་ཉིད་དང་ལམ་གྱི་རྣམ་པ་མཁྱེན་པ་ཉིད་མངོན་སུམ་དུ་བྱེད་པ་ཞེས་བྱ་བར་མི་འགྱུར་ཏེ་ཟད་པར་ལ་སོགས་པའམ་དཀྱིལ་འཁོར་གྱི་འཁོར་ལོ་གཅིག་མངོན་སུམ་དུ་བྱས་ནས་ཡང་དག་པར་རྫོགས་པའི་སངས་ རྒྱས་ཉིད་དུ་འགྱུར་ཞིང་ཉན་ཐོས་དང་རང་སངས་རྒྱས་དང་གྲུབ་པ་ཉིད་ཅེས་བྱ་བར་མི་འགྱུར་རོ། །ཞེས་དང༌། འདིར་གལ་ཏེ་རྣལ་འབྱོར་པ་རྣམས་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མ་གཏོགས་པར་སྒོམ་པ་གོམས་པའི་དབང་གིས་ཕུང་པོ་ དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་འགྱུར་ཞིང་རྣམ་པར་རྟོག་པ་བསྒོམ་པའི་དབང་གིས་སངས་རྒྱས་ཉིད་དུ་ཡང་འགྱུར་ན། དེའི་ཚེ་བསོད་ནམས་དམན་པ་གཞན་ཞིག་ང་ནི་རྒྱལ་པོ་ཞེས་སེམས་པར་བྱེད་ 3-2-315b པ་དེ་ཡང་གོམས་པ་ལས་བསོད་ནམས་ཀྱི་ཚོགས་མ་གཏོགས་པར་རྒྱལ་པོར་འགྱུར་ཏེ་འདི་ནི་མཐོང་བ་ཡང་མེད་དོ། །ཞེས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཞན་མ་བསགས་པར་བསྐྱེད་རིམ་ཙམ་ཞིག་ལ་གོམས་པ་ལས་དཀྱིལ་འཁོར་མངོན་ སུམ་དུ་བྱས་པ་ན་སངས་རྒྱས་པར་འདོད་པ་བཀག་པ་ཡིན་པར་ཤིན་ཏུ་གསལ་བར་གསུངས་པའི་ཕྱིར་རོ། །དེས་ན་ལམ་གཞན་མ་བསྒོམས་པར་བསྐྱེད་རིམ་གོམས་པ་ཙམ་ཞིག་གིས་ཐུན་མོང་གི་དངོས་གྲུབ་འགྲུབ་ཀྱི་སངས་རྒྱས་མི་འགྲུབ་ཅེས་འགོག་པ་ འགྲེལ་ཆེན་གྱིས་ཡང་ཡང་གསུངས་པ་ལ་དུས་འཁོར་བའི་ལུགས་ཀྱིས་བསྐྱེད་རིམ་འཚང་རྒྱ་བའི་ལམ་ཡིན་པ་བཀག་གོ་ཞེས་མ་སྨྲ་ཤིག །སངས་རྒྱས་ཉིད་དུ་ཡང་འགྱུར་ན་ཞེས་པ་ནི། དུས་དེར་སངས་རྒྱས་སུ་འདོད་ན་ཞེས་པའི་དོན་ཡིན་གྱི་དེ་ལ་བརྟེན་ ནས་སངས་རྒྱས་སུ་འགྱུར་བ་འགོག་པ་མིན་ཏེ། འགྲེལ་ཆེན་ལས། བསྒོམ་པ་གོམས་པའི་དབང་གིས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་འགྱུར་ཏེ། དེ་ཉིད་ཀྱིས་ན་སངས་རྒྱས་ཉིད་དུ་ཡང་དེ་བཞིན་གཤེགས་ པས་གསུངས་པ་མ་ཡིན་ནམ་ཞེས་འགའ་ཞིག་གི་བསམ་པ་འབྱུང་བར་འགྱུར་ཏེ། ཞེས་དང༌། འོན་ཀྱང་ཐམས་ཅད་མཁྱེན་པའི་ལམ་ཉམས་པ་དེ་ནི་ལོག་པའི་ང་རྒྱལ་གྱིས་ཟིལ་གྱིས་མནན་པར་གྱུར་ན་བདག་ཀྱང་རྡོ་རྗེ་སེམས་དཔའ་སྟོབས་བཅུ་ པའོ་ཞེས་དེ་ལྟར་རློམ་པར་བྱེད་དོ། །འདི་ནི་སྟོབས་བཅུ་པ་མ་ཡིན་ཏེ་སྟོབས་བཅུ་པའི་འགལ་ཟླ་ཉི་ཚེ་བ་རྨོངས་པ་ཆེན་པོའོ། །འདིར་རྣལ་འབྱོར་པ་འདིའི་སངས་རྒྱས་ཉིད་ནི་སྔོན་མེད་པ་ཤིན་ཏུ་རྨད་དུ་བྱུང་བ་ཆེན་པོ་སྟེ་སྒྲིབ་པ་ཐམས་ཅད་དང་ལྡན་པའི་ཕྱིར་རོ། ། 3-2-316a ཞེས་སྐབས་དེར་སངས་རྒྱས་ཐོབ་པར་རློམ་པ་དེ་ནི། སངས་རྒྱས་ཀྱི་མི་མཐུན་ཕྱོགས་སུ་གྱུར་པའི་རྨོངས་པ་ཆེན་པོ་ཡིན་པས་སྒྲིབ་པ་དང་བཅས་བཞིན་དུ་སངས་རྒྱས་སུ་འདོད་པ་ནི་སྔོན་མེད་པའོ་ཞེས་བཞད་གད་ཀྱི་གནས་ སུ་མཛད་དོ། །འགྲེལ་ཆེན་ལས་ཕྱག་ཆེན་གྱི་དངོས་གྲུབ་ཀྱི་དོན་དུ་བསྐྱེད་རིམ་གྱི་རྟོག་བསྒོམ་མི་བྱ་བའི་རྒྱུ་མཚན་དུ་གཙོ་བོ་སྒོམ་པའི་དུས་སུ་ཤར་ལ་སོགས་པའི་ལྷ་སྒོམ་པ་མེད་པ་རྒྱུ་མཚན་དུ་བཀོད་པའི་དོན་ལ་བོད་རྣམས་རྒྱུ་མཚན་དེ་ཉིད་ ཀྱིས་བློ་གཅིག་ལ་ལྷའི་ཡན་ལག་གི་རྣམ་པ་རྣམས་ཚང་བར་སྣང་བ་མེད་ཅིང་དཀྱིལ་འཁོར་གྱི་འཁོར་ལོ་རྫོགས་པར་སྒོམ་པ་ཡང་མེད་པས་མཆོག་འགྲུབ་པའི་ཐབས་མིན་པར་སྨྲ་བ་ནི་ཤིན་ཏུ་མི་རིགས་ཏེ། དེ་ནི་ལྟག་ཆོད་འབའ་ཞིག་ཡིན་ པའི་ཕྱིར་རོ། །འདི་ལྟར་དེ་ལྟ་ཡིན་ན་སོར་སྡུད་ལ་སོགས་པའི་ཡན་ལག་རེ་རེས་ཀྱང་གཅིག་སྒོམ་པའི་ཚེ་གཞན་སྒོམ་པ་མེད་པས་ཡན་ལག་དྲུག་རྫོགས་པར་སྒོམ་པ་མེད་པར་འགྱུར་ལ། དེའི་ཕྱིར་ཕྱག་ཆེན་གྱི་དངོས་གྲུབ་ཀྱི་དོན་དུ་ བསྒོམ་པར་བྱ་བ་མ་ཡིན་པར་འགྱུར་བ་དང་རང་གིས་དེ་འདྲ་བའི་སྒྲུབ་བྱེད་བཀོད་ནས་འགོག་པ་ལ་ཡང་དམ་བཅའ་བརྗོད་པའི་དུས་སུ་རྟགས་བཀོད་པ་མེད་པ་སོགས་ཀྱི་སུན་འབྱིན་རྣམ་པ་ཀུན་ནས་མཚུངས་པའི་ཕྱིར་རོ། །གཞན་ཡང་ཚུལ་ དེ་ལྟ་བུ་འདོད་པ་ནི། རྒྱལ་བའི་ཡུམ་དང་དེའི་མན་ངག་མངོན་རྟོགས་རྒྱན་རྩ་འགྲེལ་ནས་སེམས་བསྐྱེད་པ་སྔ་མའི་དུས་ན་ཕྱི་མ་ལ་སྣང་བའི་དཀར་ཆོས་རྣམས་མེད་ལ། ཕྱི་མའི་དུས་སུ་ཡང་སྔ་མ་ལ་སྣང་བའི་དཀར་ཆོས་རྣམས་མེད་པས་བྱང་ཆུབ་ 3-2-316b འཐོབ་པར་མི་རིགས་སོ་ཞེས་པའི་ཕྱོགས་སྔ་བཀོད་པ་དང་གནད་གཅིག་ཏུ་སྣང་ངོ༌། །དེས་ན་གཏན་ཚིགས་ཀྱི་དོན་ནི། འགྲེལ་ཆེན་ཉིད་ལས་སྐད་ཅིག་གང་ལ་གཙོ་བོ་སྒོམ་པའི་སྐད་ཅིག་དེ་ལ་ཤར་གྱི་ལྷ་ལ་སོགས་པ་སྒོམ་པ་མེད་པར་གསུངས་པ་ལྟར་ གཡས་ཞལ་འདིའོ་སྙམ་དུ་སྒོམ་པའི་དུས་སུ་གཡོན་ཞལ་འདིའོ་སྙམ་དུ་སྒོམ་པ་མེད་པར་སྟོན་པ་ཡིན་གྱི་གཡས་ཞལ་སྣང་བའི་བློ་ལ་གཡོན་ཞལ་ལ་སོགས་པ་མི་སྣང་བར་སྟོན་པ་མིན་ཏེ། རིགས་པའི་དབང་ཕྱུག་གིས། རྟོག་གཉིས་ཅིག་ ཆར་མཐོང་བ་མེད། ཅེས་གསུངས་པ་ལྟར་རྟོག་པ་གཉིས་ཅིག་ཆར་མི་སྐྱེ་ལ་རྟོག་པ་གཅིག་ལ་གཟུང་རྣམ་མི་འདྲ་བ་གཉིས་སྣང་བ་མངོན་སུམ་གྱིས་འགྲུབ་པའི་ཕྱིར་ཏེ་ཁྲ་བོ་ལ་རྟོག་པའི་བློ་བཞིན་ནོ། །དེ་ལྟ་མ་ཡིན་ན་སྤྱན་སྣང་བ་ན་ཤངས་ སྣང་བ་འགལ་ཞིང་སྤྱན་གྱི་དབུས་སྣང་བ་ན་མཐའ་གཉིས་སྣང་བ་ཡང་འགལ་དགོས་པས་རྟོག་པ་ལ་གང་ཡང་སྣང་བ་མེད་པར་འགྱུར་རོ། །འདི་ལྟར་འདོད་པ་ནི། ཡན་ལག་བདུན་ལྡན་གྱི་རང་འགྲེལ་ལས་སྐྱེས་བུའི་མདུན་མཐོང་བ་ན་རྒྱབ་དང་ ནང་ཁྲོལ་ལ་སོགས་པ་མ་མཐོང་བས་བུད་མེད་ལ་སོགས་པ་མཐོང་བ་མེད་པ་དང༌། ཁྱིམ་རྩིག་པའི་ཀ་བ་འཛུགས་པ་ལ་སོགས་པ་ལ་ཡང་མཚུངས་པས་ཁྱིམ་ལ་སོགས་པ་ཟིན་པ་མེད་པར་འགྱུར་བ་སོགས་མང་པོས་བཀག་ཅིང་སྡོམ་ འབྱུང་འགྲེལ་པར་ཡང་བཀག་གོ། གལ་ཏེ་གཡས་ཞལ་ལྟ་བུ་སྒོམ་པ་ན་གཡོན་ཞལ་ལྟ་བུ་སྒོམ་པ་མེད་པ་ཡིན་དུ་ཆུག་ཀྱང་རྒྱུ་མཚན་དེས་བསྐྱེད་རིམ་མཆོག་གི་དངོས་གྲུབ་ཀྱི་དོན་དུ་བསྒོམ་པར་བྱ་བ་མ་ཡིན་པར་ཇི་ལྟར་འགྲུབ་སྙམ་ན། བདེན་ཏེ། འདིའི་ 3-2-317a དོན་ནི་དངོས་པོའི་དེ་ཁོ་ན་ཉིད་རྟོགས་པར་འདོད་པ་གཞུང་དེ་དག་གིས་འགོག་པ་ཡིན་གྱི་ཕྱག་ཆེན་གྱི་དངོས་གྲུབ་ཀྱི་ཐབས་ཙམ་དུ་སྒོམ་པ་བཀག་པ་མིན་ནོ། །དེ་འགོག་དགོས་པ་ཡང་སྔར་བཤད་པ་ལྟར་འགྲེལ་པར་དགག་ པ་མཛད་པའི་ཕྱོགས་སྔ་ཁས་ལེན་མཁན་གྱིས་ལྷའི་འཁོར་ལོ་སྒོམ་པ་གོམས་པས་གསལ་བར་སྣང་སྟེ་མངོན་དུ་གྱུར་པ་ན་ཕུང་པོ་རྣམས་རིགས་ལྔ་ཁམས་རྣམས་ཡུམ་རྣམས་སུ་གྱུར་ནས་སངས་རྒྱས་པར་འདོད་དོ། །དེའི་ལུགས་ལ་ནི་དངོས་པོའི་ དེ་ཁོ་ན་ཉིད་སྒོམ་པའི་ལམ་གཞན་ཡོད་པར་ཡང་མི་འདོད་ལ་དངོས་པོའི་དེ་ཁོ་ན་ཉིད་མ་རྟོགས་པར་འཚང་རྒྱ་བ་ཡང་མི་འདོད་པས་ལྷའི་འཁོར་ལོ་སྒོམ་པ་ཙམ་དེ་ཁོ་ན་ཉིད་ཀྱི་དོན་སྒོམ་པར་ཡང་འདོད་དགོས་པས་དེ་འགོག་པ་ཡིན་ནོ། །དེ་ལྟ་ན་ཕྱག་ ཆེན་གྱི་དངོས་གྲུབ་ཀྱི་དོན་དུ་དཀྱིལ་འཁོར་གྱི་འཁོར་ལོ་སོ་སོར་རྟོག་པའི་རྟོག་པས་སྒོམ་པ་ནི། དོན་དམ་པའི་དེ་ཁོ་ན་ཉིད་སྒོམ་པ་མ་ཡིན་ནོ་ཞེས་པ་ནི་དམ་བཅའ་བའི་དོན་ནོ། །ཐམས་ཅད་མེད་པ་དེའི་ཕྱིར་ཞེས་པའི་རྟགས་ཀྱི་དོན་ནི་རང་གི་བསྒོམ་བྱའི་དོན་ དེ་སྒོམ་པ་ན་རིམ་ཅན་ཁོ་ནར་བསྒོམ་པར་བྱ་དགོས་ཀྱི་དུས་ཅིག་ཆར་དུ་སྒོམ་མི་ནུས་པའི་ཕྱིར་ཞེས་པའི་དོན་ཏོ། །དེ་སྒྲུབ་པ་ནི་གཙོ་བོ་སྒོམ་པ་ན་ཤར་ལ་སོགས་པའི་ལྷ་དང་གཡས་ཞལ་སྒོམ་པ་ན་གཡོན་ཞལ་སོགས་སྒོམ་པ་མེད་པ་རྣམས་ འགོད་ལ་། ཁྱབ་པ་སྒྲུབ་པ་ནི་བདག་མེད་པའི་དེ་ཁོ་ན་ཉིད་སྒོམ་པ་ལ་བསྒོམ་བྱའི་དོན་དུས་གཅིག་ཏུ་བསྒོམས་པས་ཆོག་པས་འགྲུབ་བོ། །གཞན་ཡང་དེ་ལྟར་འདོད་པ་དེ་དུས་འཁོར་གྱི་ལུགས་སུ་སྨྲ་བ་ནི། འགྲེལ་ཆེན་ལས་ལེའུ་རྣམས་ཀྱི་གོ་ 3-2-317b རིམས་བསྒྲུབས་པ་དང་འགལ། དགོས་འབྲེལ་གྱི་དགོས་པ་དང་ཉིང་དགོས་ངོས་འཛིན་དང་འགལ། དབང་བདུན་བསྐུར་བའི་འབྲས་བུ་བཤད་པ་ན་དཀྱིལ་འཁོར་གྱི་འཁོར་ལོ་མངོན་སུམ་དུ་བྱེད་ན་ལུས་འདི་ཉིད་ཀྱིས་ས་བདུན་གྱི་དབང་ཕྱུག་འགྲུབ་ལ་དེ་ ལྟ་མིན་པར་མི་དགེ་བ་བཅུ་དང་བྲལ་བར་ཤི་ན་སྐྱེ་བ་གཞན་དུ་དེ་ལྟར་འགྱུར་ཏེ། བསོད་ནམས་ཀྱི་ཚོགས་ཀྱིས་སོ་ཞེས་གསུངས་པ་དང་འགལ་བར་འགྱུར་ཏེ་ཁུངས་རྣམས་ཚིག་མངས་སུ་དོགས་ནས་མ་བྲིས་སོ། །གལ་ཏེ་གཉིས་སུ་མེད་པའི་ཡེ་ཤེས་མི་ རྟོག་པ་རིགས་མི་མཐུན་གྱི་རྒྱུ་རྟོག་པ་ལས་མི་སྐྱེ་བས་བསྐྱེད་རིམ་གྱི་རྟོག་པའི་རྣལ་འབྱོར་སངས་རྒྱས་ཀྱི་རྒྱུར་མི་རུང་བ་རྡོ་རྗེ་སྙིང་འགྲེལ་ལས་ཀྱང་བཤད་པས་དེ་འགོག་པ་ཇི་ལྟར་འཐད་དེ། རྒྱུ་འདྲར་དེ་ལས་སྐྱེས་པ་ཡི། །འབྲས་བུ་ཐམས་ཅད་དུ་ མཐོང་གི། ཀོ་ཊ་པ་ཡི་ས་བོན་ལས། །ས་ལུའི་འབྲས་བུ་འབྱུང་བ་མེད། །རྣམ་རྟོགས་ས་བོན་ལས་བྱུང་བའི། །འབྲས་བུ་རྣམ་རྟོག་བཅས་པར་འགྱུར། །རྣམ་པར་མི་རྟོག་ལས་སྐྱེས་པའི། །འབྲས་བུ་རྣམ་པར་མི་རྟོག་འགྱུར། །ཞེས་གསུངས་པའི་ ཕྱིར་རོ་སྙམ་ན། སྐྱོན་མེད་དེ་དེའི་དོན་ནི་ཀོ་ཊ་པའི་ས་བོན་འབྲས་ས་ལུའི་ས་བོན་དུ་མི་རུང་བ་བཞིན་དུ་རྟེན་དང་བརྟེན་པའི་ལྷའི་རྣམ་པ་ཙམ་ཞིག་སྒོམ་པའི་བསྐྱེད་རིམ་ནི། མི་རྟོག་ཡེ་ཤེས་ཀྱི་ཉེར་ལེན་མིན་པ་ལ་དགོངས་ཀྱི་བསྐྱེད་རིམ་མི་རྟོག་ཡེ་ཤེས་ཀྱི་ ལྷན་ཅིག་བྱེད་རྐྱེན་དུ་དགོས་པ་འགོག་པ་མིན་ཏེ། དཔེར་ན་ཆུ་ལུད་དང་ས་རྣམས་ནས་ཀྱི་མྱུ་གུའི་ཉེར་ལེན་མིན་ཡང་དེ་དག་སྐྱེ་བ་ལ་ངེས་པར་དགོས་པ་བཞིན་ནོ། །འགྲེལ་པ་དེ་ཉིད་ལས་ཀྱང༌། དང་པོར་ཞིང་རྣམས་སྦྱང་དོན་དུ། །ཀོ་ཊ་བ་རྣམས་ 3-2-318a འདེབས་བྱེད་ཅིང༌། །ཕྱི་ནས་སྦྱངས་པའི་ཞིང་ལ་ནི། །ས་ལུའི་ས་བོན་འདེབས་པ་བཞིན། །ཞེས་དང་པོར་ཀོ་ཊ་བ་བཏབ་ནས་ལེགས་པར་སྦྱངས་པའི་ཞིང་ལ་དེའི་འོག་ཏུ་འབྲས་ས་ལུ་འདེབས་པ་དཔེར་མཛད་ནས། མི་ ཡི་སྐྱེ་བ་དག་ཞིང་ལ། །དམིགས་མེད་སྙིང་རྗེའི་ས་བོན་ནི། །བཏབ་པས་གང་ཕྱིར་དེ་ཡི་ཕྱིར། །སྟོང་ཉིད་དཔག་བསམ་ལྗོན་ཤིང་འབྱུང༌། །ཞེས་བསྐྱེད་རིམ་གྱིས་ཞིང་དག་པར་བྱས་པ་ལ་དམིགས་མེད་སྙིང་རྗེ་བདེ་བ་ཆེན་པོའི་རྫོགས་རིམ་བསྒོམས་ པས་འབྲས་བུ་བདེ་བླག་ཏུ་སྐྱེ་བར་བཤད་པས་བསྐྱེད་རིམ་སྔོན་དུ་འགྲོ་དགོས་པའི་ཁུངས་སོ། །དེ་ལྟར་ན་རྟོག་པ་ཡང་གང་རུང་རུང་མིན་ལ་མི་རྟོག་པ་ཡང་ཅི་ཡང་མི་སེམས་པ་ཙམ་ལ་མི་ཟེར་གྱི་སངས་རྒྱས་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྒྱུར་ བདག་གཉིས་ཀྱི་མཚན་མར་མི་རྟོག་པ་བདག་མེད་ཀྱི་དེ་ཉིད་རིག་པའི་ལམ་སྔོན་དུ་འགྲོ་དགོས་པས་རིགས་མཐུན་གྱི་རྒྱུ་དགོས་ཞེས་པའི་དོན་ནོ། །དེས་ན་འགྲེལ་པ་དེ་ལས། ཟབ་ཅིང་རྒྱ་ཆེའི་ཆོས་རྣམས་ལ། །སྐལ་བ་བྲལ་བའི་བདག་ཉིད་ལ། ། ཕྱག་རྒྱ་དཀྱིལ་འཁོར་སྔགས་སོགས་དང༌། །ཡིད་འོང་བདག་གིས་བསྟན་པ་ཡིན། །ཕྱག་རྒྱ་དཀྱིལ་འཁོར་སྔགས་སོགས་ཀྱིས། །སངས་རྒྱས་རྡོ་རྗེ་སེམས་དཔའ་སོགས། །སྟོན་པར་བྱེད་པ་མ་འོངས་པའི། །སློབ་དཔོན་རྣམས་ནི་བདུད་ཀྱི་རིས། ། ཞེས་གསུངས་པ་དང་ཡང་མི་འགལ་བར་ཤེས་པར་བྱ་སྟེ་ཚིགས་བཅད་སྔ་མའི་དོན་ནི་སྔགས་ཀྱི་གདུལ་བྱ་རེ་ཞིག་རྫོགས་རིམ་གྱི་སྐལ་བ་དང་བྲལ་བ་རྣམས་ལ་བསྐྱེད་རིམ་བསྟན་པར་བྱ་བ་ཡིན་གྱི་བསྐྱེད་རིམ་གང་ལ་སྟོན་པའི་གདུལ་བྱ་ཐམས་ཅད་ 3-2-318b རྫོགས་རིམ་ཚེ་དེ་ལ་སྐྱེ་བའི་སྐལ་བ་དང་བྲལ་བར་སྟོན་པ་མིན་ལ། གཉིས་པས་ནི། སྔར་དྲི་མེད་འོད་དྲངས་པ་ལྟར་ལྷའི་འཁོར་ལོའི་རྣལ་འབྱོར་ཙམ་ཞིག་གོམས་པར་བྱས་པས་དེ་གསལ་བ་ན་སངས་རྒྱས་པར་སྟོན་པའི་སློབ་དཔོན་བདུད་ཀྱི་ཕྱོགས་ཡིན་པར་སྟོན་པ་ ཡིན་ནོ། །ཀྱཻ་རྡོར་རྩ་རྒྱུད་ཀྱི་ལུང་རྡོ་རྗེ་སྙིང་པོའི་འགྲེལ་པར་དྲངས་པ་ལས་ཀྱང༌། རྣམ་རྟོག་རྒྱ་རུ་ཆུད་པ་ཡི། །འགྲོ་བ་གསུམ་པོ་རྣམ་གཟིགས་ནས། །ཇི་ལྟ་ཇི་ལྟར་གྲོལ་འགྱུར་བའི། །དེ་དང་དེ་ཡི་ཐབས་བསྟན་ཏོ། །རྣམ་རྟོག་བག་ཆགས་ཀྱིས་ བཅིངས་ལ། །ཐོག་མར་རྟོག་པའི་ཆོ་ག་བསྟན། །རྣམ་རྟོག་རང་བཞིན་ཤེས་པ་ན། །མི་རྟོག་པ་ལ་རྣམ་འཇུག་བྱ། །དཀྱིལ་འཁོར་འཁོར་ལོའི་ཁང་པ་དང༌། །ལྷ་རྣམས་ཇི་ལྟར་བསྐྱོད་པ་དང༌། །ཡེ་ཤེས་དགུག་དང་དབང་བསྐུར་དང༌། །དེ་བཞིན་འཁོར་ ལོ་རྩ་དང་ནི། །ཁུ་བ་རླུང་རྣམས་གང་བསྟན་དེ། །བྱིས་པ་རྣམས་ནི་གཞུག་པའི་ཕྱིར། །འཇིག་རྟེན་མགོན་པོས་བསྟན་པ་ཡིན། །མ་ཡིན་ངེས་དོན་གཞན་དུ་དཔྱད། །དཀྱིལ་འཁོར་ཚུལ་དང་ལྷ་དག་དང༌། །ཡེ་ཤེས་དགུག་དང་དབང་བསྐུར་དང༌། །ཁུ་བ་རླུང་ དུ་སུ་ལྟ་བ། །ཀྱཻ་ཡི་རྡོ་རྗེ་དེས་མི་ཤེས། །ཞེས་དང་པོར་བསྐྱེད་རིམ་དང་དེ་ནས་རྫོགས་རིམ་སྒོམ་པའི་ས་མཚམས་གསལ་བར་མཛད་དོ། །དེ་ལྟ་མ་ཡིན་པར་བསྐྱེད་རིམ་དྲང་དོན་དང་སྤྲོས་པའི་ཆོས་སུ་གསུངས་པའི་ལུང་རེ་རེ་ཙམ་ལ་བརྟེན་ནས་དེ་སྒོམ་པ་འདིར་ན་ ནི། ཁུ་བ་རླུང་རྣམས་ཞེས་པ་ནས་ཀྱཻ་ཡི་རྡོ་རྗེ་དེས་མི་ཤེས། ཞེས་གསུངས་པ་ལྟར་རྩ་རླུང་དང་ཐིག་ལེའི་རྣལ་འབྱོར་རྣམས་ཀྱང་དྲང་བའི་དོན་སྤྲོས་པའི་ཆོས་སུ་གསུངས་པའི་རྒྱུད་དང་བསྟན་བཅོས་དུ་མ་ཞིག་སྣང་བས་གང་ཟག་རབ་ཀྱི་དབང་དུ་བྱས་པ་མིན་པར་འདོད་ 3-2-319a པ་སྔར་ཡང་མང་པོ་བྱུང་སྣང་བ་བཞིན་དུ་དེ་དག་ཀྱང་སྔགས་ཀྱི་ལམ་གྱིས་འཚང་རྒྱ་བ་ལ་ངེས་པར་སྒོམ་དགོས་པ་མ་ཡིན་པར་འགྱུར་བས། མཐར་གཏུགས་པ་ན་བསྒོམ་དགོས་ཀྱི་ལམ་གང་ཡིན་ཐམས་ཅད་སེམས་ཅིང་ ཡང་མི་རྟོག་པའི་ཙོམ་འཇོག་ཙམ་ཞིག་ཏུ་སོང་ནས་གསུང་རབ་མཐའ་དག་སྤངས་པར་འགྱུར་རོ། །དེའི་ཕྱིར་མཁས་པས་ནི། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་སྤྱོད་ཕྱོགས་རྣམས་དྲང་དོན་སྤྲོས་བཅས་ཡིན་པས་སྟོང་པ་ཙམ་ཞིག་བསྟེན་པར་བྱའོ་ཞེས་པ་དང༌། སྔགས་ལ་བསྐྱེད་རིམ་གྱི་བསྒོམ་བཟླས་སོགས་རྟོག་བཅས་དང་སྤྲོས་བཅས་དང་དྲང་དོན་ཡིན་པས་ངེས་དོན་གོ་ན་མི་དགོས་སོ་ཞེས་སྨྲ་བ་གཉིས་ལ་སྙིང་པོ་མེད་པའི་གཏམ་དུ་ཤེས་པར་བྱས་ནས་རྒྱང་རིང་དུ་དོར་ཏེ། ཐབས་ཤེས་ཟུང་དུ་འབྲེལ་བ་དང་བསྐྱེད་ རྫོགས་ཟུང་དུ་འབྲེལ་བའི་ལམ་ལ་རིམ་ཅན་དུ་སློབ་པ་དང༌། སྤྲོས་བྲལ་དབུ་མའི་དོན་ཤེས་པར་བྱས་ནས་དམ་ཚིག་རྣམས་བསྟེན་ཏེ་ཚུལ་གཉིས་དང་ལྡན་པའི་ཤིང་རྟ་ཆེན་པོའི་ལམ་དུ་འཇུག་པར་བྱ་སྟེ་སྙིང་པོ་རྒྱན་ལས། རེ་ཞིག་ཕྱོགས་ཙམ་མཐོང་ བས་ཞུགས་པ་སྟེ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ལམ་ངེས་པར་རྙེད་པ་མ་ཡིན་པས། དེའི་ཕྱོགས་སུ་རྣམ་པར་ལྟ་བ་དང་བྲལ་བས་གནས་པར་བྱ་སྟེ། ལྟ་བའི་ཚུལ་སྤྲོས་པ་དང་བྲལ་བ་རྟོགས་པ་དང་བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པའི་ ཏིང་ངེ་འཛིན་ལ་རིམ་གྱིས་འཇུག་པ་དང་དམ་ཚིག་རྣམས་ཉེ་བར་བསྟེན་པ་དང་རིམ་གྱིས་འཇུག་པས་སྤྱོད་པའི་ཚུལ་ཤེས་པ་རྣམས་ནི་ཐེག་པ་མཆོག་ལ་ངེས་པར་སྐྱེས་པ་སྟེ། རྡོ་རྗེ་འཛིན་པའི་ལམ་གྱིས་དེ་ཉིད་མངོན་སུམ་དུ་རྟོགས་ནས་འདོད་པའི་ཡོན་ཏན་ 3-2-319b དང་ལྡན་པར་འགྱུར་བས་ལམ་གྱི་རིམ་པ་དང་སྦྱར་ཏེ་ཚུལ་གཉིས་དང་ལྡན་པ་འདི་ཉེ་བར་གཟུང་བར་བྱའོ། །ཞེས་སྔར་གྱི་ཕྱོགས་སྔ་གཉིས་སྨོས་པའི་འོག་ཏུ་རང་གི་ལུགས་གསུངས་པ་ལྟར་བྱའོ། །གཉིས་པ་ལ་བཞི། རིམ་པ་གཉིས་ཀྱི་སྒྲའི་དོན་དང༌། རིམ་ པ་གཉིས་ཀྱི་གྲངས་ངེས་པ་དང༌། རིམ་པ་གཉིས་ཀྱི་གོ་རིམས་ངེས་པ་དང༌། རིམ་གཉིས་སོ་སོའི་བསླབ་ཚུལ་ལོ། །དང་པོ་ནི། བོད་ཀྱི་བླ་མ་སྔ་མ་ཁ་ཅིག་འཕགས་པ་ཡབ་སྲས་ཀྱི་ལུགས་ཀྱིས་ཐ་མལ་པའི་སྐྱེ་བ་བླངས་པ་དང༌། ཤི་བ་ནི་བསྐྱེད་པ་དང་རྫོགས་ པ་ཡིན་ལ། དེ་དག་རིམ་གྱིས་གྲུབ་པ་དང་རིམ་གྱིས་ཐིམ་པ་ནི་རིམ་པ་ཡིན་པས་སྦྱང་གཞི་ནི་བསྐྱེད་རྫོགས་དངོས་ཡིན་ལ་རིམ་པ་དེ་བཞིན་དུ་བསྒོམས་ནས་སྦྱོང་བའི་སྦྱོང་བྱེད་ཀྱི་ལམ་གཉིས་ནི་བསྐྱེད་རྫོགས་བཏགས་པ་བ་ཡིན་ཏེ། སྤྱོད་བསྡུས་ལས། སྐྱེ་བ་ ཀུན་རྫོབ་བདེན་པ་ཞེས་བྱ་སྟེ། །འཆི་བའི་མིང་ཡང་དོན་དམ་བདེན་པ་ཡིན། །རིམ་གཉིས་དེ་དག་བླ་མའི་དྲིན་གྱིས་ནི། །རྙེད་པ་འདི་ནི་མ་འོངས་སངས་རྒྱས་ཡིན། །ཞེས་བཤད་པའི་ཕྱིར་རོ་ཞེས་གསུངས་སོ། །དེ་ནི་འཕགས་པ་ཡབ་སྲས་ཀྱི་བཞེད་པ་མ་ཡིན་ཏེ་ བསྐྱེད་རིམ་གྱི་བསྐྱེད་པ་ཞེས་པའི་དོན་ཐ་མལ་པའི་ལུས་རང་གི་རྒྱུས་བསྐྱེད་པ་ལ་མི་བཞེད་པའི་ཕྱིར་དང་སྤྱོད་བསྡུས་ཀྱི་ལུང་གིས་ཀྱང་སྐྱེ་བ་བསྐྱེད་རིམ་དུ་སྟོན་པ་མིན་པའི་ཕྱིར་ཏེ། འདི་ལྟར་སྒྲོན་གསལ་ལས། བརྟགས་པ་དང་རྫོགས་པའི་རིམ་པའི་སྒྲུབ་ པའི་ཐབས་སོ་སོར་སྟོན་ཅིང༌། ཞེས་གསུངས་པ་ལྟར་བསྐྱེད་རིམ་ནི་བརྟགས་པའི་རིམ་པར་ལན་མང་དུ་གསུངས་པས་བློས་བརྟགས་པའམ་བློས་བསྐྱེད་པ་ཡིན་གྱི་འབྱུང་བ་སོགས་ཀྱིས་བསྐྱེད་པ་མིན་ནོ། །སྤྱོད་བསྡུས་སུ་ལུང་དེའི་གོང་དུ་བསྐྱེད་རིམ་མཐར་ 3-2-320a ཕྱིན་ནས་རྫོགས་རིམ་ཐོབ་པ་ཅིག་སྤྱོད་པ་བྱེད་པ་མ་བྱུང་ན་འཆི་བའི་དུས་སུ་དོན་དམ་བདེན་པ་མངོན་དུ་བྱ་ཞིང་ཤི་ནས་སྐྱེ་བའི་དུས་སུ་དེ་ཀུན་རྫོབ་བདེན་པ་སྒྱུ་ལུས་སུ་ལྡང་བར་བྱའོ་སྙམ་དུ་འཕེན་པ་བཏང་བས་དེ་བཞིན་དུ་གྱུར་ནས་ འཚང་རྒྱ་བའི་དོན་ཚིགས་བཅད་དེས་སྟོན་པ་ཡིན་པས་སེམས་ཅན་གཞན་གྱི་སྐྱེ་འཆི་སྟོན་པ་མ་ཡིན་ལ། རིམ་གཉིས་དེ་དག་ཅེས་སྔར་རིམ་གཉིས་བཤད་པ་ལ་སྙེག་པ་ཡིན་གྱི་སྐྱེ་འཆི་གཉིས་རིམ་གཉིས་སུ་སྟོན་པ་མིན་ནོ། །དེ་ལྟ་མ་ཡིན་ན་རིམ་གཉིས་བླ་མའི་ དྲིན་གྱིས་རྙེད་པ་མ་འོངས་པའི་སངས་རྒྱས་ཡིན་པའི་བསྔགས་པ་དོན་མེད་དེ་སེམས་ཅན་ཐམས་ཅད་ཀྱིས་དེ་འདྲ་བའི་རིམ་གཉིས་རྙེད་ཟིན་པའི་ཕྱིར་རོ། །ལུང་དེ་ཤེས་བྱེད་དུ་འདྲེན་ན་ནི་རྣལ་འབྱོར་པ་དེས་འཆི་བ་དང་འོད་གསལ་སྲེ་ཞིང་སྐྱེ་བ་སྒྱུ་ལུས་སུ་བྱེད་ པས་དེ་གཉིས་ཀ་རྫོགས་རིམ་དུ་འདོད་དགོས་པ་ཡིན་ནོ། །ཡང་ཁ་ཅིག་བྱང་ཆུབ་སེམས་དཔའི་འགྲེལ་པ་རྣམས་ཀྱི་ལུགས་ཀྱིས་རྫོགས་པ་ནི། བོགས་དབྱུང་དུ་མེད་པ་སྟེ་མཆོག་གི་དངོས་གྲུབ་ཡིན་ལ་དེ་སྒྲུབ་པའི་རིམ་པ་ནི་རྫོགས་རིམ་དང༌། མཆོག་ལ་བྲོད་ པ་སྐྱེད་པས་ཐུན་མོང་གི་དངོས་གྲུབ་ལ་བསྐྱེད་པ་ཞེས་བྱ་ལ་དེ་སྒྲུབ་པའི་རིམ་པ་ནི། བསྐྱེད་རིམ་དུ་བཞེད་པས་འབྲས་བུའི་སྒོ་ནས་བཏགས་པའོ་ཞེས་གསུང་མོད་ཀྱང་དེ་དག་གི་གཞུང་དུ་རྫོགས་རིམ་མཆོག་སྒྲུབ་བྱེད་དང་བསྐྱེད་རིམ་ཐུན་མོང་གི་དངོས་གྲུབ་སྒྲུབ་ བྱེད་དུ་ལན་དུ་མར་གསུངས་ཀྱང་བསྐྱེད་རྫོགས་ཀྱི་སྒྲ་དེ་ལྟར་བཤད་པ་མི་སྣང་ངོ༌། །དེས་ན་བི་རབ་པ་དང་ཌྃ་བི་པའི་རྗེས་སུ་འབྲང་བས་གཙོ་བོར་ལམ་ལ་མིང་འདོགས་གསུང་བ་ལྟར་ལེགས་པས་བསྐྱེད་རིམ་དང་ལམ་དུས་ཀྱི་རྫོགས་རིམ་གྱི་སྒྲ་བཤད་པའི་རྒྱུ་ 3-2-320b མཚན་ནི་ལམ་ཁོ་ན་ལ་གཞག་སྟེ་ཤཱནྟི་པས། རིམ་པ་དང་རྣམ་པ་དང་ཆ་དང་ཕྱོགས་ཞེས་བྱ་བ་ནི་རྣམ་གྲངས་སོ། །གང་གི་རིམ་པ་ཞེ་ན་རྣལ་འབྱོར་གྱིའོ་ཞེས་གསུངས་པ་བཞིན་ནོ། །རིམ་གཉིས་ཀྱི་སྒྲ་གང་ལ་འཇུག་པའི་གཞི་རྣམས་ངེས་པ་དང་སྒྲ་བཤད་ པའི་རྒྱུ་མཚན་ངེས་པ་གཉིས་ནི་ཕྱི་མ་ཆེས་དཀའ་སྟེ་འདི་ངེས་ན་བསྐྱེད་རྫོགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་པར་རྣམས་ཕྱེད་པས་དོན་ཤིན་ཏུ་ཟབ་ཅིང་སྒྲ་བཤད་པའི་རྒྱུ་མཚན་ཉིད་ལ་སྒོས་སུ་ཆེན་པོ་དག་གིས་བཤད་པ་མི་གསལ་ཞིང་མི་རྒྱས་པའི་ཕྱིར་ རོ། །རིམ་པ་གཉིས་ལ་མིང་གཞན་བཅོས་མ་དང་རྣལ་མའི་རྣལ་འབྱོར་ཞེས་ཀྱང་རྡོ་རྗེ་མཁའ་འགྲོ་ལས་གསུངས་ཤིང་དཔྱིད་ཀྱི་ཐིག་ལེ་ལས་ཀྱང༌། བཅོས་མའི་དཀྱིལ་འཁོར་སྤངས་བྱས་ནས། །བཅོས་མའི་སྦྱིན་སྲེག་ལས་དག་དང༌། །བཅོས་མའི་ སྒོམ་པའི་ལས་དག་དང༌། །བཅོས་མའི་བཟླས་པ་ཉིད་དང་ནི། །དེ་ལ་སོགས་པའི་བཅོས་མ་ཀུན། །རང་བཞིན་རྣལ་འབྱོར་ཚུལ་གྱིས་སྤང༌། །ཕྱི་རོལ་བཅོས་མ་རབ་བྱ་བ། །རང་བཞིན་རྟོགས་པར་བྱ་ཕྱིར་ཏེ། །ཞེས་གཟིངས་ཀྱི་དཔེ་དང་བཅས་པས་གསུངས་ སོ། །དེས་ན་བསྐྱེད་པའི་རིམ་པ་དང་བརྟགས་པའི་རིམ་པ་དང་བཅོས་མའི་རྣལ་འབྱོར་ཞེས་བྱ་བ་ནི་རིམ་པ་དང་པོའི་མིང་ཡིན་ལ། རྫོགས་པའི་རིམ་པ་དང་མ་བརྟགས་པའི་རིམ་པ་དང་རྣལ་མའི་རྣལ་འབྱོར་ནི། རིམ་པ་གཉིས་པའི་མིང་ངོ༌། །བསྐྱེད་པ་སོགས་གསུམ་ ནི། བློས་བསྐྱེད་ཅིང་བརྟགས་ལ་བཅོས་པ་ཡིན་པས་དེའི་ཟླས་དྲངས་པ་ན་རྫོགས་པ་ནི་བློས་བརྟགས་པ་མ་ཡིན་པར་རྫོགས་པའམ་གྲུབ་པའོ། །འོ་ན་བློས་བཅོས་པའི་དབང་གིས་གྲུབ་མ་གྲུབ་འདིའི་དོན་གང་ཡིན་སྙམ་ན། འདི་ལ་རིམ་པ་གཉིས་ཀས་ཀྱང་རུང་ 3-2-321a རང་གི་སྐབས་ཀྱི་ཐབས་རེ་ལ་བརྟེན་ནས་ལྷའི་སྐུར་རྫོགས་པར་བྱེད་པར་འདྲ་མོད་ཀྱང་བྱེད་ཚུལ་མི་འདྲ་སྟེ། འདི་ལྟར་བསྐྱེད་རིམ་པས་ནི་དབྱངས་གསལ་གྱི་ཡི་གེ་དང་དེ་ལས་བྱུང་བའི་ཟླ་ཉི་དང་ས་བོན་གྱི་ཡི་གེ་དང་ཕྱག་ མཚན་སོགས་ཀྱི་ཐབས་ལས་རང་ཉིད་ལྷའི་སྐུར་རྫོགས་པར་བྱེད་དེ་བློས་བསྐྱེད་ཅིང་བརྟགས་པ་ཙམ་མོ། །རྫོགས་རིམ་པས་ནི། དབྱངས་གསལ་གྱི་ཡི་གེ་དང་ཟླ་ཉི་སོགས་ཀྱིས་མཚོན་པའི་དོན་བྱང་སེམས་དཀར་དམར་དང་རླུང་ལས་སུ་རུང་པའི་མཐུས་ སྣང་མཆེད་ཐོབ་གསུམ་གྱི་ཡེ་ཤེས་མངོན་དུ་བྱས་པའི་དབང་གིས་རླུང་སེམས་ཙམ་ལས་སྒྱུ་མ་ལྟ་བུའི་ལྷའི་སྐུར་ལྡང་བ་ཡིན་པས་བློས་མ་བརྟགས་ཤིང་མ་བཅོས་པར་ལྷའི་སྐུར་རྫོགས་པའོ། །དེས་ན་བསྐྱེད་རིམ་པའི་སྐུ་རྫོགས་པའི་ཐབས་ཀྱང་བློས་ བཅོས་པ་ཡིན་ལ་ཐབས་དེ་ལས་བྱུང་བའི་ལྷ་སྐུ་ཡང་བཅོས་མའོ། །རྫོགས་རིམ་པའི་ལྷ་སྐུ་རྫོགས་པའི་ཐབས་རྩ་རླུང་ཐིག་ལེའི་རྣལ་འབྱོར་ལ་སོགས་པ་ཡང་བློས་མ་བཅོས་པ་ཡིན་ལ་ཐབས་དེས་སྟོང་པ་ཉིད་མངོན་དུ་བྱས་པ་དང་དེའི་མཐར་ལྷའི་ སྐུར་ལངས་པ་ཡང་བློས་མ་བརྟགས་པའོ། །དེ་ལ་དགོངས་ནས་སྤྱོད་བསྡུས་ལས། བསྐྱེད་པའི་རིམ་པ་ནས་བརྩམས་ཏེ་ལུས་རྣམ་པར་དབེན་པའི་མཐར་ཐུག་པའི་བར་དུ་རྡོ་རྗེ་གསུམ་ལ་སོགས་པས་ཀྱང་མཚན་ཉིད་ལ་ལྷག་པར་མོས་པ་ཙམ་ལགས་ ཏེ་དེ་བས་ན་ལུས་རྣམ་པར་དབེན་པ་ལ་ཡང་ལྷའི་གཟུགས་མེད་དེ། ཞེས་སྒྱུ་ལུས་མ་ཐོབ་པའི་གོང་དབེན་གསུམ་དང་བསྐྱེད་རིམ་གྱི་སྐབས་སུ་བློས་མོས་པ་ཙམ་གྱི་ལྷ་སྐུ་ལས་གཞན་མེད་པར་གསུངས་ལ་དེ་བས་ན་དབེན་གསུམ་གྱི་ལྷ་སྐུ་ནི་རྫོགས་རིམ་པའི་ 3-2-321b ཁོངས་སུ་འདུ་བ་ཙམ་ཡིན་གྱི་ཡེ་ཤེས་ཀྱི་སྐུ་དངོས་མིན་ནོ། །གལ་ཏེ་དེ་ལྟ་ཡིན་ན་ཡི་གེ་ལ་སོགས་པས་མཚོན་པའི་དོན་རླུང་དང་ཐིག་ལེའི་རྣལ་འབྱོར་ལ་སོགས་པའི་རྫོགས་རིམ་གྱི་ཐབས་ཁོ་ནས་ལྷའི་སྐུ་བསྐྱེད་པར་བྱའི་ཡི་གེ་དང་ཕྱག་མཚན་དང་ཟླ་ཉི་ལ་ སོགས་པའི་ཐབས་ཀྱིས་ལྷའི་སྐུར་སྐྱེད་པའི་བཅོས་མས་ཅི་ཞིག་བྱ་སྙམ་ན། དེ་ནི་མ་ཡིན་ཏེ་ཐབས་བཅོས་མ་ལ་གོམས་པར་མ་བྱས་པར་མ་བཅོས་པའི་ཐབས་རྫོགས་པར་བྱ་མི་ནུས་ལ་དེའི་ཕྱིར་ཐབས་ལས་བྱུང་བ་ཡང་བཅོས་མ་ལ་གོམས་པར་བྱས་ པར་མ་བཅོས་པའི་ཐབས་ལས་བྱུང་བ་མངོན་དུ་བྱ་བར་མི་ནུས་སོ། །དེ་ལ་དགོངས་ནས་སྔར་དྲངས་པ་ལྟར་གཟིངས་ཀྱི་དཔེ་གསུངས་ཏེ་དཔེར་ན་ཆུའི་ཕ་རོལ་གྱི་གནས་གཅིག་ན་བཟའ་བཏུང་གི་ལོངས་སྤྱོད་སྤྱད་པར་འདོད་པ་འགའ་ཞིག་ཆུས་བར་བཅད་ནས་ལོངས་སྤྱད་པར་མ་ ནུས་པ་ན་གཟིངས་ལ་བརྟེན་ནས་ཕར་འགྲམ་དུ་ཕྱིན་པར་བྱེད་པ་བཞིན་དུ། རྫོགས་རིམ་གྱི་ལོངས་སྤྱོད་ལ་ལོངས་སྤྱོད་པར་འདོད་པ་ཡང་ཐ་མལ་པའི་སྣང་ཞེན་གྱི་ཆུས་བར་བཅད་ནས་ལོངས་སྤྱད་པའི་དབང་མ་བྱུང་བ་ན་བསྐྱེད་རིམ་གྱི་གཟིངས་ལ་བརྟེན་ནས་ཐ་མལ་ གྱི་སྣང་ཞེན་ལོག་པའི་འགྲམ་དུ་ཕྱིན་པར་བྱེད་དོ། །ཇི་ལྟར་གཟིངས་ཕར་འགྲམ་དུ་ཕྱིན་པའི་ཐབས་ཡིན་གྱི་བཟའ་བཏུང་གི་ལོངས་སྤྱོད་སྒྲུབ་པའི་ཐབས་གཞན་ཞིག་དགོས་པ་ལྟར་བསྐྱེད་རིམ་ཡང་རྫོགས་རིམ་སྐྱེ་བ་ལ་རྒྱུད་སྨིན་བྱེད་ཡིན་གྱི་རྫོགས་རིམ་གྱི་ སྟོང་པ་དང་ལྷ་སྐུའི་ལོངས་སྤྱོད་ཀྱི་ཐབས་རླུང་དང་ཐིག་ལེའི་རྣལ་འབྱོར་ལ་སོགས་པ་གཞན་ཞིག་དགོས་སོ། །འདིས་ནི། བསྐྱེད་རིམ་མཐར་ཕྱིན་པར་བྱ་དགོས་པ་དང་བསྐྱེད་རིམ་ཙམ་གྱིས་མི་ཆོག་པ་གཉིས་ཀ་བསྟན་ཏོ། །དེས་ན་ལྷ་སྐྱེད་པའི་རྣལ་འབྱོར་ལ་ཡི་གེ་དང་ཕྱག་ 3-2-322a མཚན་དང་ཟླ་བ་ལ་སོགས་པའི་ཐབས་ལས་ལྷའི་སྐུར་སྐྱེད་པ་ཙམ་ཞིག་ཡོད་པར་འདྲ་ཡང་ཐབས་དེ་དག་གི་སྒོ་ནས་དེ་དག་གི་མཚོན་དོན་གཏུམ་མོ་དང་ཐིག་ལེའི་རྣལ་འབྱོར་ལ་སོགས་པ་སྐྱེ་བ་ལ་རྒྱུད་སྨིན་པར་བྱེད་པའི་རྟེན་ འབྲེལ་ཁྱད་པར་ཅན་སྒྲིག་པར་ནུས་པ་ནི་བླ་མེད་མིན་པ་ལ་མེད་ཅིང༌། དེ་འདྲ་ཞིག་ལ་བསྐྱེད་རིམ་དུ་གསུངས་པས་ན་རྒྱུད་སྡེ་འོག་མ་རྣམས་ལ་བསྐྱེད་རིམ་མེད་པ་ཡིན་ཏེ། དེ་དག་གི་རྩ་བའི་རྒྱུད་ལ་བསྐྱེད་རིམ་སྟོན་པ་ཡོད་ན་རྡོ་རྗེའི་ཚིག་དེ་ལ་དྲང་ངེས་ཀྱི་ བཤད་པ་གཉིས་ཀྱང་བྱར་ཡོད་པས་བསྐྱེད་རྫོགས་གཉིས་ཀ་ཡོད་པར་འདོད་དགོས་ཏེ་འདི་ནི་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ཀྱི་བཤད་སྲོལ་སྒྲོན་མ་གསལ་བ་ལས་ཤེས་པར་བྱའོ། །རིམ་གཉིས་ཀྱི་སྒྲ་དོན་ལ་ཀྱཻ་རྡོར་གྱི་འགྲེལ་བ་མུ་ཏིག་ཕྲེང་བ་ལས། སྔགས་དང་མཚན་མ་ལ་སོགས་པའི་རིམ་གྱིས་ལྷའི་རྣམ་པར་སྐྱེད་པ་ནི། རྣལ་འབྱོར་པའི་བསྐྱེད་པ་སྟེ་དེ་གང་ལ་ཡོད་པ་དེ་ནི་བསྐྱེད་པའི་རིམ་པའོ། །རྫོགས་པ་ནི། ལྷན་ཅིག་སྐྱེས་པ་སྟེ་སྒྲུབ་པ་པོ་ལ་སོགས་པའི་རང་བཞིན་ལྷན་ཅིག་སྐྱེས་པ་དེ་ཉིད་ལ་སོགས་ པ་དེ་ཁོ་ན་ཉིད་ཀྱི་རང་བཞིན་དུ་མོས་ཏེ་གང་དུ་རྣལ་འབྱོར་པས་བསྒོམ་པར་བྱ་བ་དེ་རྫོགས་པའི་རིམ་པའོ། །ཞེས་གསུངས་ཏེ་སྔ་མ་ནི་སྔར་བཤད་པ་ལྟར་ཡིན་ལ་ཕྱི་མ་ནི་རྫོགས་རིམ་གྱི་ཕྱོགས་གཅིག་ཡིན་པས་ལྷའི་སྐུ་ཡང་དགོས་སོ། །རིམ་པ་ནི་འགྲེལ་ པ་དེ་ལས་རྣམ་པའམ་ཆའམ་ཕྱོགས་ལ་བཤད་པ་ལྟར་བྱའི་དུས་ཀྱི་རིམ་པ་མིན་ནོ། །སྐལ་བཟང་རྡོ་རྗེས་བསྐྱེད་པ་ནི་ཟླ་བ་ལ་སོགས་པ་བསྐྱེད་པས་ན་བསྐྱེད་པའོ། །གཞན་ནི་རིམ་པའོ། །རྫོགས་པ་ནི་སྟོང་པ་ཆེན་པོའི་ཡེ་ཤེས་ཏེ་དེ་ནི་ཐབས་ལ་རྫོགས་ 3-2-322b པར་ཡོད་པའམ་ཡང་ན་དེ་རྫོགས་པས་ཡོན་ཏན་རྫོགས་པའི་ཕྱིར་རྫོགས་པའོ། །གཞན་ནི་རིམ་པའོ། །ཞེས་འཆད་མོད་ཀྱང་སྔར་བཤད་པ་ཉིད་འཐད་དོ། །གཉིས་པ་ནི། འདུས་པའི་རྒྱུད་ཕྱི་མ་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །རིམ་པ་ གཉིས་ལ་ཡང་དག་གནས། །བསྐྱེད་པ་ཡི་ནི་རིམ་པ་དང༌། །རྫོགས་པ་ཡི་ནི་རིམ་ཉིད་དོ། །ཞེས་ལམ་རིམ་པ་གཉིས་སུ་ངེས་པར་གསུངས་པའི་རྒྱུ་མཚན་ཅི་ཞིག་སྙམ་ན། རིམ་པ་གཉིས་ཀ་ལ་སྣང་ཕྱོགས་ལྷའི་འཁོར་ལོ་དང་སྟོང་པ་ཉིད་སྒོམ་པ་གཉིས་ གཉིས་ཡོད་པས་ལྷ་དང་སྟོང་པའི་དབང་དུ་བྱས་པའི་གྲངས་ངེས་མིན་ནོ། །དེས་ན་རིམ་གཉིས་སུ་ངེས་པའི་རྒྱུ་མཚན་ནི། འདུས་པའི་རྒྱུད་ཕྱི་མ་ལས། ཐུན་མོང་མཆོག་གི་དབྱེ་བ་ཡིས། །བསྙེན་པ་རྣམ་པ་གཉིས་སུ་འདོད། །ཐུན་མོང་བ་ནི་རྡོ་རྗེ་བཞི། །མཆོག་ ནི་ཡན་ལག་དྲུག་གིས་སོ། །ཞེས་གསུངས་པ་ལྟར་ཐོབ་བྱ་ལ་གནས་སྐབས་དང་མཐར་ཐུག་གི་དངོས་གྲུབ་གཉིས་ཡོད་པས་དེ་སྒྲུབ་བྱེད་ལ་ཡང་རིམ་པ་གཉིས་སུ་ངེས་སོ། །དེ་ལ་ཐུན་མོང་བ་ལ་གཉིས་ལས་རྒྱུ་ཐུན་མོང་བ་ནི། རིམ་པ་དང་པོ་མཆོག་སྒྲུབ་ པ་དང་གྲུབ་པ་བརྒྱད་ལ་སོགས་པ་སྒྲུབ་པ་གཉིས་ཀའི་རྒྱུད་ལ་བསྐྱེད་དགོས་པའོ། །འབྲས་བུ་ཐུན་མོང་བ་གྲུབ་པ་བརྒྱད་ལ་སོགས་པའི་དངོས་གྲུབ་ནི་རིམ་པ་གཉིས་ཀའི་ཡང་འབྲས་བུར་འགྱུར་བའོ། །རྒྱུད་དེའི་དོན་ནི། སྒྲོན་གསོལ་ལས། དེ་ལྟར་སྦྱོར་བ་ བཞིའི་རིམ་གྱིས་རྡོ་རྗེ་སེམས་དཔའ་མཉེས་པར་བྱ་བ་བསྟན་ནས་ད་ནི་ཡན་ལག་དྲུག་གི་རིམ་གྱིས་རྡོ་རྗེ་འཆང་ཆེན་པོ་རྫོགས་པར་བྱ་བ་གསུངས་ཏེ། ཞེས་གསུངས་པས་རྡོ་རྗེ་སེམས་དཔའ་མཉེས་པར་བྱ་བ་དང་རྫོགས་པར་བྱ་བ་གཉིས་སུ་ངེས་པས་རིམ་ 3-2-323a པ་གཉིས་སུ་ངེས་པའོ། །དང་པོའི་དོན་ཡང་སྒྲོན་གསལ་ལས། དེ་ལྟར་རྟག་པ་ཉིད་ཀྱིས་ཐུན་བཞིར་བསླབ་པར་བྱས་ན་དགེ་བའི་རྩ་བ་ཡོངས་སུ་སྨིན་པས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མངོན་པར་རྟོགས་ནས་ཚེ་འདི་ཉིད་ལ་ཕྱག་ རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་རོ། །ཞེས་གསུངས་པས་སྔར་བཤད་པ་ལྟར་གྱི་རྟེན་འབྲེལ་ཁྱད་པར་ཅན་དུ་མ་ཞིག་བསྒྲིགས་ནས་རྒྱུད་སྨིན་པར་བྱེད་པའོ། །སྦྱོར་བ་བཞི་ནི། བསྙེན་བསྒྲུབ་ཡན་ལག་བཞིའོ། །གསུམ་པ་ནི། བསྐྱེད་རིམ་གྱིས་ སྨིན་པར་བྱས་པའི་རྒྱུད་ལ་རྫོགས་རིམ་སྐྱེའི་དེས་མ་སྨིན་ན་རྫོགས་རིམ་གྱི་ཆ་ཤས་འགའ་ཞིག་སྐྱེ་ཡང་ལམ་བགྲོད་ནུས་པའི་རྫོགས་རིམ་མི་སྐྱེ་བས་ཐོག་མར་བསྐྱེད་རིམ་དང་དེ་ནས་རྫོགས་རིམ་སྒོམ་པར་མང་དུ་གསུངས་ཏེ། རྡོ་རྗེ་མཁའ་འགྲོ་ལས་ གཟིངས་ཀྱི་དཔེས་གསུངས་པ་བཞིན་དུ་གྲོལ་བའི་ཐིག་ལེ་དང་དཔྱིད་ཀྱི་ཐིག་ལེ་ལས་ཀྱང་དེ་ལྟར་དུ་བཤད་ལ། བརྟག་གཉིས་ཀྱི་བརྟག་པ་ཕྱི་མའི་གཉིས་པ་ལས་ཀྱང༌། བསྐྱེད་པའི་རིམ་པའི་རྣལ་འབྱོར་གྱིས། །བརྟུལ་ཞུགས་ཅན་གྱིས་སྤྲོས་པ་ བསྒོམ། །སྤྲོས་པ་རྨི་ལམ་ལྟར་བྱས་ནས། །སྤྲོས་པ་ཉིད་ནི་སྤྲོས་མེད་བྱ། །ཞེས་དང༌། རིམ་ལྔ་ལས་ཀྱང༌། བསྐྱེད་པའི་རིམ་ལ་ལེགས་གནས་ཤིང༌། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་ རིམ་པ་ལྟ་བུར་གསུངས། །ཞེས་དང༌། སྤྱོད་བསྡུས་ལས་ཀྱང༌། སེམས་ཅན་དང་པོའི་ལས་ཅན་རྣམས། །དམ་པའི་དོན་ལ་འཇུག་པ་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་བཞག །ཅེས་དང༌། ཌོཾ་བི་ཧེ་རུ་ 3-2-323b ཀས་ཀྱང༌བློ་བཟང་དང་པོར་བསྐྱེད་པའི་རིམ་པ་སྒོམ་པར་བྱེད་དང་ལག་པའི་ཕྱག་རྒྱ་དང༌། །སྔགས་ནི་རྣམ་དག་གུག་སྐྱེད་གོ་ཆ་ཐམས་ཅད་ངེས་པར་དྲན་པ་འབྲལ་མི་བྱ། །ཕྱི་ནས་བློ་བཟང་རངས་ཤིང་སྐད་ཅིག་རྒྱུན་དུ་དེ་ཉིད་གཅིག་གི་སེམས་དང་ལྡན། །རྫོགས་ པའི་རིམ་པ་བསྒོམས་པས་སྲིད་པ་རྣམ་སྤང་ལྷན་ཅིག་སྐྱེས་པ་རྟག་ཏུ་བསམ། །ཞེས་གསུངས་སོ། །དེའི་ཕྱིར་རིམ་པ་དང་པོ་ལ་མ་ཁྲིད་པར་རིམ་པ་གཉིས་པས་འཁྲིད་པ་གཞུང་མཐའ་དག་དང་འགལ་བས་སྙིང་ནས་རྣལ་འབྱོར་ཆེན་པོའི་ལམ་ལ་སྒྲུབ་ པ་བྱེད་པར་འདོད་པས་ནི། ཐོག་མར་རིམ་པ་དང་པོའི་ཁྲིད་བསྐྱང་བར་བྱའོ། །འོ་ན་རིམ་པ་དང་པོ་མ་བརྟན་པར་དུ་རིམ་པ་གཉིས་པ་མི་སྒོམ་པ་མན་ནམ། ཐུན་སྟོད་ལ་རིམ་པ་དང་པོ་བསྒོམས་ནས་ཐུན་སྨད་ལ་རིམ་པ་གཉིས་པ་སྒོམ་པ་ཡིན་སྙམ་ན། འཕགས་ པ་ཡབ་སྲས་ནི་སྔ་མ་བཞེད་དེ་སྤྱོད་བསྡུས་ལས། གང་གི་ཚེ་སངས་རྒྱས་ཀྱི་ཐེག་པའི་བསམ་པ་ལ་ལོབས་པར་གྱུར་པ་དེའི་ཚེ་ཐེག་པ་གསར་ལ་དྲན་པ་གཅིག་པའི་ཏིང་ངེ་འཛིན་གྱིས་སློབ་བོ། །གང་གི་ཚེ་ཐེག་པ་གསར་ལ་དྲན་པ་གཅིག་པའི་ཏིང་ངེ་ འཛིན་ལ་ལོབས་པ་དེའི་ཚེ་རྟོག་པའི་རྣལ་འབྱོར་ལ་སློབ་བོ། །གང་གི་ཚེ་རྟོག་པའི་རྣལ་འབྱོར་ལ་ལོབས་པ་དེའི་ཚེ་ལས་དང་པོ་པའི་ཏིང་ངེ་འཛིན་ལ་རབ་ཏུ་གནས་པར་འགྱུར་རོ། །གང་གི་ཚེ་ལས་དང་པོ་པའི་ཏིང་ངེ་འཛིན་ལ་གནས་པ་དེའི་ཚེ་རིགས་བརྒྱའི་ དབྱེ་བ་ལ་འཇུག་གོ། གང་གི་ཚེ་རིགས་བརྒྱའི་དབྱེ་བས་ལུས་རྣམ་པར་དབེན་པ་ཤེས་པ་དེའི་ཚེ་སྐུ་རྡོ་རྗེའི་ཏིང་ངེ་འཛིན་ལ་གནས་པར་འགྱུར་རོ། །ལུས་རྣམ་པར་དབེན་པ་ལ་གནས་ནས་ཨཱ་ལི་ཀཱ་ལིའི་སྒོ་ནས་ངག་རྣམ་པར་དབེན་པ་ལ་འཇུག་གོ། གང་གི་ 3-2-324a ཚེ་རྡོ་རྗེ་བཟླས་པའི་རིམ་གྱིས་སྲོག་དང་རྩོལ་བ་ཤེས་པར་གྱུར་པ་དེའི་ཚེ་གསུང་རྡོ་རྗེའི་ཏིང་ངེ་འཛིན་ལ་རབ་ཏུ་གནས་པར་འགྱུར་རོ། །ཞེས་སོགས་ཀྱིས་རིམ་པ་དང་པོ་ལ་ལོབས་པ་ན་རིམ་པ་གཉིས་པ་དང་རིམ་པ་གཉིས་ པའི་ཡང་སྔ་མ་སྔ་མ་ལ་ལོབས་པ་ན་ཕྱི་མ་ཕྱི་མ་ལ་སློབ་པ་གནད་དུ་འགྲོ་བར་བཤད་དོ། །དྲིལ་བུ་པ་དང་ལྭ་བའི་ན་བཟའ་ཅན་ཀྱིས་ཀྱང་བདེ་མཆོག་སྒྲུབ་ཐབས་སུ་དེ་ལྟར་གུས་པ་དང་བཅས་པས་རྒྱུན་མི་འཆད་པར་བསྒོམས་པས་སེམས་བརྟན་པར་ གྱུར་པ་དང་རྫོགས་པའི་རིམ་པའི་ཏིང་ངེ་འཛིན་བསྒོམ་པར་བྱའོ། །ཞེས་གསུངས་ཤིང༌། མར་མེ་མཛད་བཟང་པོ་ཡང་དེ་ལྟར་དུ་བཞེད་དེ་ལས་དང་པོ་པ་ལ་སོགས་པ་བཞིར་ཕྱེ་བའི་སྐབས་ལས་ཤེས་སོ། །བོད་ཀྱི་སྔགས་པ་ཆེན་པོ་རྗེ་འགོས་དང་དེའི་ རྗེས་འབྲང་རྣམས་ཀྱང་དེ་ལྟར་བཞེད་ལ་རྗེ་མྱུ་གུ་ལུང་པ་དང་རྗེ་མར་པའི་རྗེས་སུ་འབྲང་བའི་རྒྱུད་སྡེ་ལ་སྦྱངས་པ་རྣམས་ནི། ཐུན་སྟོད་ལ་བསྐྱེད་རིམ་དང་ཐུན་སྨད་ལ་རྫོགས་རིམ་སྒོམ་པར་བཞེད་དོ། །དེ་ལ་ལམ་གྱི་གོ་རིམས་འདི་ཤིན་ཏུ་གནད་ཆེ་བར་ མཐོང་སྟེ་འདི་ལེགས་པར་མ་ཟིན་པར་འཆུགས་ན་ཅི་ཙམ་འབད་ཀྱང་གཏན་མི་སྐྱེ་བའམ། ཡང་ན་དེ་དངོས་མིན་པར་དེ་དང་འདྲ་བ་ཞིག་བྱུང་བ་ལ་འཁྲུལ་ནས་དུས་འདའ་ལ། གོ་རིམས་མ་འཆུགས་ན་གང་བསྒོམས་གནད་དུ་འགྲོ་བས་ཐད་ཀ་དེའི་ལམ་ ཡང་མྱུར་དུ་སྐྱེ་ལ་དེའི་མཐུས་གོང་མ་ཡང་ཤིན་ཏུ་སྐྱེ་མྱུར་བ་ཡིན་པའི་ཕྱིར་རོ། །སྤྱིར་ལས་དང་པོ་པས་སྒོམ་པར་མི་ནུས་པ་དང་ནུས་པའི་རྫོགས་རིམ་གཉིས་སྣང་བའི་ཕྱི་མ་ནི་བསྐྱེད་རིམ་མ་བརྟག་ཀྱང་བསྒོམས་ན་རྗེས་མཐུན་པའི་ཡོན་ཏན་མི་སྐྱེ་བ་མ་ 3-2-324b ཡིན་མོད་ཀྱང༌། རིམ་པ་དང་པོས་རྒྱུད་སྨིན་པར་བྱས་པ་ལ་སྐྱེ་བ་འདྲ་བ་དེ་དག་ལ་མི་སྐྱེ་བས་རིམ་པ་དང་པོ་དོར་ནས་རླུང་དང་གཏུམ་མོ་ལ་སོགས་པའི་ཡོན་ཏན་རྗེས་མཐུན་པ་སྐྱེ་བར་མཐོང་ནས་དེ་དག་ལ་འདྲིལ་ན་ལམ་གྱི་གནད་འཆུག་པས་མི་རུང་ངོ༌། །འོན་ཀྱང་ རིམ་པ་དང་པོ་མ་བརྟན་པར་དུ་དེ་ལ་གཙོ་བོར་སྒོམ་པའི་ཁོག་ནས་རླུང་དང་གཏུམ་མོ་སོགས་སྐབས་ཀྱི་དགོས་པ་དང་བསྟུན་ནས་ཞར་ལ་ཉམས་སུ་ལེན་ནི། དགག་བྱ་ཆུང་བར་མངོན་ནོ། །སྟོང་ཉིད་སྒོམ་པ་ཙམ་ཞིག་ནི། ཕར་ཕྱིན་གྱི་ཐེག་པ་དང་ཐུན་མོང་བ་ ཡིན་ཞིང་ལྷའི་རྣལ་འབྱོར་དང་སྦྲེལ་ནས་སྒོམ་པ་ཡང་རྒྱུད་སྡེ་འོག་མ་གསུམ་ག་ལ་ཡོད་ཀྱང་དེ་དག་ལ་རྫོགས་རིམ་མེད་པས་སྟོང་ཉིད་སྒོམ་པ་ཙམ་ལ་རྫོགས་རིམ་སྒོམ་པར་འདོད་པ་ནི། ཧ་ཅང་ཡང་རྣམ་པར་མ་བརྟགས་པའོ། །དེས་ན་རིམ་པ་དང་པོའི་སྐབས་སུ་ ཡང་སྟོང་པ་ཉིད་སྒོམ་པ་ནི་ཤིན་ཏུ་ཡང་དགོས་སོ། །རྣམ་དཔྱོད་བརྩོན་པའི་གྲུ་གཟིངས་ཉམ་ཆུང་ཞིང༌། །དེད་དཔོན་མཁས་པའི་བཤེས་གཉེན་མ་བསྟེན་པས། །གསང་སྔགས་གཞུང་ལུགས་རྒྱ་མཚོ་མ་མཐོང་བར། །ཕྱོགས་རའི་ལམ་གྱིས་བགྲོད་པར་ འདོད་པའི་ལུགས། །ལེགས་པར་བཀག་ནས་མཁས་པ་དགྱེས་པའི་ལམ། །རིམ་གཉིས་རིམ་བཞིན་བསྐྱེད་ནས་རྒྱལ་བའི་སར། །མ་ཚང་མེད་པའི་ལམ་གྱིས་བགྲོད་དགོས་ཞེས། །ཤིང་རྟ་ཆེན་པོའི་སྲོལ་བཟང་གསལ་བར་བྱས། །རྡོ་རྗེ་འཆང་ཆེན་པོའི་ལམ་ གྱི་རིམ་པ་གསང་བ་ཀུན་གྱི་གནད་རྣམ་པར་ཕྱི་བ་ལས། རིམ་གཉིས་ཟུང་འབྲེལ་གྱིས་བྱང་ཆུབ་སྒྲུབ་དགོས་པར་བསྟན་པ་སྟེ་ལེའུ་བཅུ་གཅིག་པའོ།། ༈ །།བཞི་པ་རིམ་གཉིས་སོ་སོའི་བསླབ་ཚུལ་ལ་གཉིས། བསྐྱེད་རིམ་ལ་བསླབ་ཚུལ་ 3-2-325a དང༌། རྫོགས་རིམ་ལ་བསླབ་ཚུལ་ལོ། །དང་པོ་ལ་གཉིས། བསྐྱེད་རིམ་སྤྱིའི་རྣམ་གཞག་དང༌། མངོན་པར་རྟོགས་པའི་རིམ་པ་བཤད་པའོ། །དང་པོ་ལ་གསུམ། གང་གི་གཉེན་པོར་བསྐྱེད་རིམ་སྐྱེད་པའི་ཚུལ་དང༌། བསྐྱེད་པར་ བྱ་བ་བསྐྱེད་རིམ་གྱི་རྣམ་དབྱེ་དང༌། དེའི་སྐབས་སུ་སྟོང་ཉིད་ཇི་ལྟར་བསྒོམ་པའོ། །དང་པོ་ལ་གཉིས། སྤང་བྱ་ངོས་གཟུང་ཞིང་དེ་འགོག་ཚུལ་བསྟན་པ་དང༌། གསལ་སྣང་དང་གནས་པ་སྒྲུབ་ལུགས་བསྟན་པའོ། །དང་པོ་ནི། བསྐྱེད་རིམ་གྱི་ཐུན་མོང་མ་ཡིན་ པའི་སྤང་བྱ་ནི། རྟེན་དང་བརྟེན་པ་ཐ་མལ་བའི་སྣང་བ་དང་རྟེན་དང་བརྟེན་པ་ཐ་མལ་པར་ཞེན་པའི་ང་རྒྱལ་ཡིན་ཏེ། གུར་གྱི་བཅུ་བཞི་པ་ལས། ཐ་མལ་རྣམ་པ་གཞོམ་དོན་དུ། །ཡང་དག་བསྒོམ་པ་རབ་བསྒྲགས་ཀྱི། །ཞེས་དང༌། སྤྱོད་བསྡུས་ལས། ཡང་འདི་ལྟར་ཕུང་ པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཀྱི་ཐོག་མ་མེད་པ་ནས་ཐ་མལ་པའི་ང་རྒྱལ་གྱིས་གནས་པ་རྣམས་ནི། འདི་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ལས་བསྒྲུབས་པའི་ངོ་བོ་ཉིད་དུ་བསྟན་ཏེ། ཞེས་ཕུང་སོགས་ལ་ཐོག་མ་མེད་པ་ནས་ཐ་མལ་པའི་ ང་རྒྱལ་གྱིས་གནས་པའི་གཉེན་པོར་ཕུང་པོ་སོགས་སངས་རྒྱས་སུ་སྒོམ་པར་རྒྱུད་དུ་བསྟན་པར་གསུངས་སོ། །འདི་ལུས་དབེན་གྱི་སྐབས་ཡིན་ཀྱང་དེ་དང་བསྐྱེད་རིམ་གཉིས་ཀྱི་ཐུན་མོང་མ་ཡིན་པའི་སྤང་བྱ་གཉིས་འདྲའོ། །འདི་འདྲ་བའི་སྣང་ཞེན་བཟློག་པའི་ དོན་དུ་རྟེན་དང་བརྟེན་པ་ལ་ཁྱད་པར་ཅན་གྱི་སྣང་བ་བསྐྱེད་ནས་སྒོམ་པ་ཕར་ཕྱིན་གྱི་ཐེག་པ་པ་ལ་མེད་པས་སྔགས་ཀྱི་ཐེག་པ་ཁོ་ནའི་ཁྱད་ཆོས་སོ། །ཐ་མལ་པའི་སྣང་ཞེན་དེ་གཉིས་ཀྱི་གཉེན་པོར་རྟེན་གཞལ་ཡས་ཁང་དང་བརྟེན་པ་ལྷ་སྒོམ་པའི་བསྐྱེད་རིམ་ 3-2-325b གསུངས་པས་རྟེན་གཞལ་ཡས་ཁང་དང་བརྟེན་པ་ལྷར་འཆར་བའི་སྣང་བ་གོམས་པས་ཐ་མལ་པའི་སྣང་བ་དང༌། མི་བསྐྱོད་པའོ་རྣམ་སྣང་ངོ་སྙམ་པ་ལ་སོགས་པའི་ངེས་པའི་འཛིན་སྟངས་གོམས་པས་ཐ་མལ་པའི་ང་རྒྱལ་བཟློག་པར་བྱའོ། །ཐ་མལ་པའི་ང་རྒྱལ་ལོག་ ནས་ལྷའི་ང་རྒྱལ་དུ་འཕོས་པ་ནི། དཔེར་ན། ཡེ་ཤེས་ལེགས་པར་ཕེབས་པ་ན་སྔར་གྱི་རང་ཉིད་གང་ཡིན་པའི་འཛིན་སྟངས་དེ་དོར་ནས་ལྷ་ཡིན་ནོ་སྙམ་པའི་བསམ་པ་འགྱུར་འགྲོ་བ་བཞིན་དུ་མི་བསྐྱོད་པ་དང་རྣམ་སྣང་ལ་སོགས་པའོ་སྙམ་པའི་བསམ་པ་བཅོས་མ་དེ་ འགྱུར་ནས་ལྷའི་ང་རྒྱལ་དུ་འཕོས་པ་ལ་བྱའོ། །འདི་ལ་ཁ་ཅིག་ལ་ལྷའི་ང་རྒྱལ་མ་བཅོས་པ་སྐྱེ་ཡང་རྟེན་དང་བརྟེན་པའི་སྣང་བ་གསལ་པོ་མེད་པ་དང་ཁ་ཅིག་ལ་རྟེན་དང་བརྟེན་པའི་སྣང་བ་གསལ་པོ་ཡོད་ཀྱང་བཅོས་མིན་གྱི་ང་རྒྱལ་མེད་པ་དང་ཁ་ཅིག་ལ་གཉིས་ ཀ་ཡོད་པ་དང་གཉིས་ཀ་མེད་པ་སྟེ་མུ་བཞི་འོང་བར་སྣང་ངོ༌། །མདོ་བསྲེ་ལས། དེ་ལྟར་ལས་དང་པོ་པ་རྣམས་རབ་ཏུ་འཇུག་པའི་དམ་ཚིག་དང་སྡོམ་པ་དང་དབང་བསྐུར་བ་ཐོབ་པས་ཐ་མལ་པའི་ང་རྒྱལ་དང་བྲལ་བས་ཐུན་བཞིར་ལྷའི་རྣལ་འབྱོར་བསྒོམས་པས། ཞེས་ གསུངས་ཤིང་གཞུང་གཞན་ལས་ཀྱང་ཐ་མལ་པའི་ང་རྒྱལ་བསལ་བ་ཞེས་མང་དུ་གསུངས་པས། ཐ་མལ་པའི་ང་རྒྱལ་གྱི་གཉེན་པོར་རྟེན་དང་བརྟེན་པའི་དཀྱིལ་འཁོར་པའི་ང་རྒྱལ་སྒོམ་པ་ནི། གཙོ་བོ་ཡིན་ལ། ཐ་མལ་པའི་སྣང་བ་ཟློག་པའི་རྟེན་དང་བརྟེན་ པའི་སྣང་བ་ཁྱད་པར་ཅན་སྒོམ་པ་ནི། དེའི་ཡན་ལག་གོ། སྤང་བྱ་ཐ་མལ་པའི་སྣང་བ་ནི། དབང་པོའི་ཤེས་པ་ལ་སྣང་བའི་སྣོད་བཅུད་མིན་གྱི་ཡིད་ཀྱི་ཤེས་པ་ལ་ཐ་མལ་གྱི་སྣོད་བཅུད་དུ་སྣང་བ་ཡིན་ལ་དེ་དང་ཐ་མལ་པའི་ང་རྒྱལ་གཉིས་བསྐྱེད་རིམ་གྱིས་འགོག་ཚུལ་ 3-2-326a ནི། འཇིག་རྟེན་ལས་འདས་པའི་ལམ་གྱིས་སྤོང་བ་ལྟར་ས་བོན་སྤོང་བ་སྐབས་འདིར་འོང་དོན་མེད་ལ་འཇིག་རྟེན་པའི་ལམ་གྱིས་སྤོང་བ་ལྟར་ས་བོན་ཉམས་སྨད་ནས་མངོན་གྱུར་སྤོང་བ་ཡང་མིན་ནོ། །འོ་ན་ཇི་ལྟར་འགོག་སྙམ་ན། གློ་བུར་བའི་འགལ་རྐྱེན་གཞན་མེད་པ་ན་རྟེན་དང་བརྟེན་པའི་དཀྱིལ་འཁོར་དེ་དང་དེའི་ང་རྒྱལ་བཟུངས་པའི་ཚེ་སྔར་བཤད་པ་ལྟར་གྱི་ང་རྒྱལ་དུ་འཕོ་ནུས་པ་དང་དཀྱིལ་འཁོར་གཉིས་གསལ་བཏབ་པའི་ཚེ་གསལ་གང་བཏབ་པ་བཞིན་དུ་ཤིན་ཏུ་གསལ་བར་སྣང་བ་ སྐྱེས་ནས་ཡིད་ངོའི་ཐ་མལ་པའི་སྣང་བ་བཟློག་པའི་ཚུལ་དེས་ཐ་མལ་པའི་སྣང་ཞེན་གཉིས་ཟློག་པ་ཡིན་ནོ། །འདི་ཡང་ཅུང་ཟད་རེའི་བར་དུ་ཟློག་ནུས་པས་མི་ཆོག་གི་ཤུན་ཏུ་བརྟན་པ་ཞིག་དགོས་སོ། །འདི་འདྲ་བའི་ཚུལ་གྱིས་སྔོན་དུ་བསྙེན་པ་ལས་སུ་རུང་བར་ བྱས་པའི་རྡོ་རྗེ་སློབ་དཔོན་རྣམས་ལ་ནི། ས་ཆོག་གི་བགེགས་ལ་བཀའ་བསྒོ་བ་ལ་སོགས་པའི་ཚེ། ང་ནི་དཔལ་ལྡན་རྡོ་རྗེ་འཆང༌། །ཞེས་སོགས་ཀྱིས་རང་ཉིད་རྡོ་རྗེ་འཆང་ལ་སོགས་པའི་ང་རྒྱལ་བྱེད་པ་ན་དེ་དང་དེའི་ང་རྒྱལ་བཅོས་མིན་སྐྱེ་ལ་དེ་ལྟ་བུ་མིན་པ་རྣམས་ ལ་ནི། ཚིག་ཙམ་གྱི་ང་རྒྱལ་དུ་འགྲོ་བས་སྔོན་དུ་བསྙེན་པ་གལ་ཆེ་བར་གསུངས་སོ། །ཚིག་ཙམ་མིན་པའི་ཁྱད་པར་ཅན་གྱི་ང་རྒྱལ་དང་སྣང་བ་ཡང་དང་པོར་ཚིག་ཙམ་གྱི་བཅོས་མའི་ང་རྒྱལ་དང་སྣང་བ་སྒོམ་པ་གོམས་པ་ལས་སྐྱེ་དགོས་པས་ཐོག་མར་ དེ་ལ་འབད་དོ། །གོམས་པ་ཆེ་བས་ལྷའི་རྣལ་འབྱོར་ལ་མཉམ་པར་བཞག་པ་ན་མིག་གི་ཤེས་པ་ལ་སོགས་པའི་སྣང་བ་གཞན་མི་འཆར་བ་ནི། ཡིད་ཀྱི་ཤེས་པ་དོན་དེ་ལ་རྗེས་སུ་ཞུགས་དྲག་པས་མིག་ལ་སོགས་པའི་ཤེས་པ་སྐྱེ་བའི་དེ་མ་ཐག་ 3-2-326b རྐྱེན་གྱི་ནུས་པ་ཉམས་པས་དེ་དག་རེ་ཞིག་མ་སྐྱེས་པས་ཁ་དོག་ལ་སོགས་པའི་སྣང་བ་གཞན་མ་ཤར་བ་ཡིན་གྱི་སྣང་བ་དེ་དག་བསྐྱེད་རིམ་གྱིས་བཀག་པ་མིན་ཏེ། རིགས་པའི་རྒྱལ་པོས། རྣམ་ཤེས་དོན་གཞན་ཆགས་པ་ཡིས། ནུས་མེད་དོན་གཞན་མི་འཛིན་ཕྱིར། ། ཞེས་གསུངས་པ་བཞིན་ནོ། །དེས་ན་ཁྱད་པར་ཅན་གྱི་སྣང་བས་ཡིད་ཤེས་ཀྱི་ངོར་ཐ་མལ་བའི་སྣང་བ་འགོག་པའི་ནུས་པ་ཐོབ་ན་དེས་དགོས་པ་འགྲུབ་ལ་དངོས་པོ་ལ་ལྷར་མ་སོང་ཡང་ལྷའི་བཅོས་མིན་གྱི་ང་རྒྱལ་སྐྱེས་ནའང་དེས་དགོས་པ་འགྲུབ་བོ། །གཉིས་པ་ལ་གསུམ། མངོན་རྟོགས་ཅི་ཙམ་ཞིག་བསྒོམ་པར་བྱ་བ་དང༌། གསལ་སྣང་འདོན་ཚུལ་དང༌། གནས་པ་སྒྲུབ་ལུགས་སོ། །དང་པོ་ནི། འོ་ན་བསྐྱེད་རིམ་ལ་སློབ་པ་དེས་རྫོགས་རིམ་ལ་སློབ་པ་བཞིན་དུ་དམིགས་སྐོར་རེ་རེ་ནས་བསྒོམས་པས་སྔ་མ་བརྟན་པ་ན་ཕྱི་མ་ལ་འཕོ་བ་ ཡིན་ནམ་འོན་ཏེ་སྒྲུབ་ཐབས་གཅིག་གི་མགོ་མཇུག་ཐམས་ཅད་ཐུན་གཅིག་ལ་སྒོམ་པ་ཡིན་སྙམ་ན། འདི་ལ་ལམ་སྒོམ་པའི་གང་ཟག་གཅིག་ཉིད་ལམ་རྒྱུད་ལ་སྐྱེས་པའི་གནས་སྐབས་ཀྱི་དབྱེ་བས་བཞིར་བཤད་ནས་དེ་དག་གིས་ཇི་ཙམ་ཞིག་དང་ཇི་ལྟར་ སྒོམ་པའི་རྣམ་དབྱེ་གསུངས་པ་ཤེས་དགོས་པས་མར་མེ་མཛད་ཀྱིས། ནང་པར་ལངས་ནས་སྔར་བཞིན་ནི། །ལེགས་ཟློས་དང་པོའི་ལས་ཅན་ཡིན། །ཡེ་ཤེས་ཅུང་ཟད་བབས་གྱུར་པས། །སྔགས་ཀྱི་ཚུལ་ཁྲིམས་བརྟུལ་ཞུགས་ལྡན། །མིག་དང་སྐུ་སོགས་ བྱིན་གྱིས་བརླབ། །ཐུན་མཚམས་སུ་ནི་རབ་བསྒྲིམས་བཟླས། །རྣམ་པ་ཀུན་ཏུ་རབ་རྫོགས་པར། །སྤྲོ་དང་བསྡུ་བ་བྱེད་པ་པོ། །ཡེ་ཤེས་དབང་བ་ཅུང་ཟད་ཐོབ། །ཉིན་མཚན་རྣལ་འབྱོར་ཡང་དག་བསྟེན། །ཡང་དག་ཡེ་ཤེས་དབང་ཐོབ་སྒོམ། །ཁམས་ཀྱི་ 3-2-327a རྡུལ་གང་འཁོར་གསུམ་མཆོག །གཟུགས་བརྙན་བདག་ཉིད་སྐུ་ཅན་གྱིས། །འགྲོ་བའི་དོན་གྱི་བྱ་བ་བྱེད། །ཅེས་གསུངས་པའི་ལས་དང་པོ་པ་དང་ཡེ་ཤེས་ཅུང་ཟད་བབས་པ་དང་ཡེ་ཤེས་ལ་ཅུང་ཟད་དབང་ཐོབ་པའི་ཕྱོགས་གཅིག་ནི། བསྐྱེད་རིམ་གྱི་སྐབས་ ཡིན་ལ་ཡེ་ཤེས་ལ་ཡང་དག་པར་དབང་ཐོབ་པ་ནི། རྫོགས་རིམ་མཐོན་པོར་སོང་བའི་སྐབས་སོ། །དེ་ལ་གནས་སྐབས་དང་པོའི་དུས་སུ་ནི་རང་གི་སྒྲུབ་ཐབས་ནས་འབྱུང་བའི་བསྐྱེད་རིམ་གྱི་ཆོ་ག་ཐམས་ཅད་རྫོགས་པར་སྒོམ་དགོས་ཏེ་ཤནྟི་པས། ལེགས་ ཟློས་དང་པོའི་ལས་ཅན་ཡིན། ཞེས་བྱ་བ་ནི་ལས་དང་པོ་པས་ཆོ་ག་མ་ལུས་པས་ཡང་དག་པར་བཟླ་བར་བྱ་བ་སྟེ། ཞེས་དང༌། དཔལ་འཛིན་གྱིས་ཀྱང་བཞིར་ཕྱེ་ནས་གནས་སྐབས་དང་པོར་རྣལ་འབྱོར་བཞི་ཁ་བསྒོམ་དགོས་པར་གསུངས་ཤིང༌། སྙེ་མ་ བཅུ་གཉིས་པ་ལས་ཀྱང༌། དེ་ལྟ་ཁོ་ནར་ཐམས་ཅད་མ་ཚང་བ་མེད་པར་ལས་དང་པོ་པས་བྱའོ། །ཞེས་མཐུན་པར་གསུངས་པའི་ཕྱིར་རོ། །འོ་ན་ཇི་ཙམ་ཞིག་གི་བར་དུ་ལས་དང་པོ་པར་འཇོག་སྙམ་ན། དགྲ་ནག་གི་བཅུ་བདུན་པའི་འགྲེལ་པ་རིན་ ཆེན་སྒྲོན་མེ་ལས། དེ་ཡང་ལས་དང་པོ་པའི་རྣལ་འབྱོར་པ་ཇི་སྲིད་ལྷའི་ཡན་ལག་རགས་པར་སྣང་བ་ཙམ་མངོན་སུམ་ལྟར་གྱུར་གྱི་བར་དུ་ནི། ཐུན་མཚམས་གསུམ་དུ་རྣལ་འབྱོར་བཞི་ཆར་བསྒོམ་སྟེ། ཞེས་དང་བཞི་བརྒྱ་ལྔ་བཅུ་པའི་འགྲེལ་པ་ལས། རགས་པའི་སྐུའི་དཀྱིལ་འཁོར་ཡུད་ཙམ་གྱིས་མངོན་དུ་བྱེད་ནུས་པ་ནས་ཡེ་ཤེས་ཅུང་ཟད་བབས་པར་བཞག་པས་དང་པོ་སྒོམ་པ་ནས་བཟུངས་ཏེ་རགས་པའི་དཀྱིལ་འཁོར་ཡུད་ཙམ་རེས་ཐམས་ཅད་གསལ་བར་འཆར་མི་ནུས་པའི་བར་ཐམས་ཅད་ལས་ 3-2-327b དང་པོ་པར་བྱའོ། །རིམ་ལྔ་དང་སྤྱོད་བསྡུས་སུ་བསྐྱེད་རིམ་མཐར་ཕྱིན་གྱི་བར་ཐམས་ཅད་ལ་ལས་དང་པོ་པར་བཞག་པ་ནི། རྫོགས་རིམ་ལ་ལྟོས་པའི་ལས་དང་པོ་པ་ཡིན་ལ་འདིར་གསུངས་པ་ནི། རིམ་པ་དང་པོ་ཉིད་ལ་གནས་སྐབས་ཀྱིས་ཕྱི་བའི་ལས་དང་པོ་པ་ཡིན་པས་ མི་འགལ་ལོ། །ཡེ་ཤེས་ཅུང་ཟད་བབས་པ་ནི། བཞི་བརྒྱ་ལྔ་བཅུ་པའི་འགྲེལ་པ་ལས། གང་རགས་པའི་སྐུའི་དཀྱིལ་འཁོར་ནི། ཡུད་ཙམ་གྱིས་མངོན་དུ་བྱེད་ནུས་ལ་ཕྲ་བའི་སའི་སྙིང་པོ་ལ་སོགས་པ་དང་སྐུ་རྡོ་རྗེ་ལ་སོགས་པ་མངོན་དུ་བྱེད་མི་ནུས་པ། སྔགས་ཀྱི་ཚུལ་ཁྲིམས་ དང་བརྟུལ་ཞུགས་དང་ཡང་ལྡན་པ་དག་ནི་དེའི་མཐུ་ཐོབ་པས་དེ་ནི་ཡེ་ཤེས་ལ་ཅུང་ཟད་དབང་བ་ཞེས་བྱ་སྟེ། ཞེས་གསུངས་ཏེ། རྩ་བར་ཡེ་ཤེས་ཅུང་ཟད་བབས་པ་ཞེས་པ་དང་དོན་གཅིག་གོ། འདིར་རགས་པ་ནི། དཀྱིལ་འཁོར་ལ་བཀོད་པའི་ལྷ་ཡིན་ལ། ཕྲ་བ་ནི་དེ་ དག་གི་མིག་ལ་སོགས་པ་ལ་བཀོད་པའི་ལྷའོ། །རགས་པ་ཡུད་ཙམ་གྱིས་མངོན་དུ་བྱེད་ཚུལ་ནི། ལས་དང་པོ་པའི་སྐབས་སུ་དེ་དག་གསལ་འདེབས་པ་ན་རིམ་པ་བཞིན་དུ་གསལ་བཏབ་ན་འཆར་གྱི་དེ་ལྟ་མ་ཡིན་ན་གསལ་བར་འཆར་མི་ནུས་པ་ལྟ་བུ་མིན་པར་ལྷ་དེ་ ནམ་གསལ་བཏབ་པ་ན་ཡན་ལག་དང་ཉིང་ལག་ཡན་ཐམས་ཅད་དུས་གཅིག་ཏུ་གསལ་བར་འཆར་ཐུབ་པའོ། །དེ་ཡང་རེ་རེ་ཙམ་ལ་དང་སྐབས་རེར་འོང་བས་མི་ཆོག་པས་བརྟན་པ་དགོས་ཏེ་སྙེ་མ་བཅུ་གཉིས་པ་ལས། གང་ཞིག་ཇི་སྐད་བཤད་པའི་མཚན་མ་ཐོབ་ པ་དང་པོའི་རྣལ་འབྱོར་ལ་སེམས་བརྟན་པ་དེ་དག་ནི་ཅུང་ཟད་ཡེ་ཤེས་ལ་དབང་བས་ཡུད་ཀྱིས་དཀྱིལ་འཁོར་སྤྲུལ་ཏེ་བསྒོམ་མོ། །ཞེས་གསུངས་སོ། །མངོན་རྟོགས་སྒོམ་པ་ནི་ལྷ་ཕྲ་རགས་གཉིས་ལ་སྒོམ་པ་མང་ཉུང་བྱས་པ་མིན་ཡང་རགས་པ་འཆར་སླ་ཞིང་ཕྲ་བ་ 3-2-328a འཆར་དཀའ་བ་ཡིན་ཏེ། དཔེར་ན་གཙོ་བོ་འཇམ་རྡོར་གྱི་སྤྱན་གསལ་བ་དང་དེའི་ནང་དུ་ས་སྙིང་ཡོངས་རྫོགས་གསལ་བ་གཉིས་ཀྱི་དཀའ་སླ་བཞིན་ནོ། །སྐབས་འདིར་གཞལ་ཡས་ཁང་ལ་གསལ་ཁ་མི་སྣང་ཡང་ཡུད་ཙམ་རེས་ མངོན་དུ་བྱེད་ནུས་པ་དགོས་སོ། །གལ་ཏེ་ས་སྙིང་སོགས་མངོན་དུ་བྱེད་མི་ནུས་པའི་བར་ཡེ་ཤེས་ཅུང་ཟད་བབས་པར་འཇོག་ན་དགྲ་ནག་གི་འགྲེལ་པ་ལས། གང་གི་ཚེ་རགས་པའི་ཡན་ལག་མཐོང་ནས་སྐུ་རྡོ་རྗེ་ལ་སོགས་པ་ཕྲ་མོ་མངོན་སུམ་ དུ་གྱུར་གྱི་བར་དུ་ནི་དེ་ཡེ་ཤེས་ཅུང་ཟད་བབས་པ་ཞེས་བྱ་སྟེ། ཞེས་ཕྲ་བའི་སྐུ་མཐོང་བ་ཚུན་ཆད་ལ་བཤད་པ་དང་འགལ་ལོ་སྙམ་ན། མི་འགལ་ཏེ། ཕྲ་བའི་སྐུ་རིམ་གྱིས་གསལ་བཏབ་པ་ན་གསལ་བར་འཆར་ཡང་དུས་གཅིག་ཏུ་གསལ་བ་ ལ་བརྟན་ཆ་མ་རྙེད་ན་ཡེ་ཤེས་ཅུང་ཟད་བབས་པར་འཇོག་པའི་ཕྱིར་རོ། །འོ་ན་འདི་དང་ལས་དང་པོ་པ་གཉིས་ཀྱི་མངོན་རྟོགས་སྒོམ་ཚུལ་ལ་ཁྱད་ཡོད་དམ་མེད་ཅེ་ན། ཡོད་དེ། ཕྱེད་བཅས་བཞི་བརྒྱ་པའི་འགྲེལ་པ་ལས། དེས་ནི་ཐུན་མཚམས་ཐམས་ ཅད་ལ་ཡུད་ཙམ་གྱིས་དཀྱིལ་འཁོར་མངོན་དུ་བྱས་ལ་དེ་ལ་མིག་ལ་སོགས་པ་དང་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པ་བྱས་ཏེ་རྗེས་སུ་མཉེས་པར་བྱ་བ་དང་མཆོད་པ་དང་བསྟོད་པ་དང་བདུད་རྩི་མྱང་བ་སྔོན་དུ་འགྲོ་བ་དང་བག་ཡོད་པས་བཟླས་པ་བྱའོ། ། ཞེས་གསུངས་པ་ལྟར་རོ། །འདིའི་སྐབས་སུ་ཡང་ཐུན་སོ་སོར་བཅད་ནས་སྒོམ་དགོས་པས་ཐུན་མཚམས་ཐམས་ཅད་ལ་ཞེས་གསུངས་སོ། །ཐུན་རེ་རེའི་དུས་སུ་སྐྱེད་ཚུལ་ཇི་ལྟར་བྱེད་པ་ནི། ཡུད་ཙམ་གྱིས་ཞེས་གསུངས་པས་རྟེན་དང་བརྟེན་པའི་དཀྱིལ་ 3-2-328b འཁོར་དེ་ལྟར་མངོན་དུ་བྱས་ལ་སྐྱེ་མཆེད་བྱིན་གྱིས་བརླབ་པ་ལ་སོགས་པ་བྱེད་པའོ། །དེ་ཡང་སྒྲུབ་ཐབས་ཀྱི་ངོ་བོ་རྣམས་ལས་དང་པོ་པ་དང་འདྲ་མོད་ཀྱང་ཁྱད་པར་ནི། མི་བསྐྱོད་པ་ལྟ་བུ་སྐྱེད་པ་ན་ཞལ་གསུམ་ཕྱག་རྣམས་དང་ཞབས་དང་སྤྱན་དང་ཤངས་ལ་སོགས་པ་ཡན་ ལག་དང་ཉིང་ལག་རྣམས་རིམ་གྱིས་བརྗོད་ནས་གསལ་འདེབས་མི་དགོས་པར་དེ་དག་དུས་གཅིག་ཏུ་ལམས་ཀྱིས་དྲན་པར་བྱེད་པ་ཡིན་པས་ངག་ཏུ་བརྗོད་པའི་ཆོ་ག་དང་དེའི་རྗེས་སུ་འབྲང་བའི་སྒོམ་ཚུལ་ལ་མང་ཉུང་ཁྱད་ཆེན་པོ་ཡོད་དོ། །འོན་ཀྱང་ཕྲ་བའི་ལྷ་སྐུ་སྒོམ་ པ་ན་དལ་བུས་རིམ་ཅན་དུ་གསལ་བཏབ་ནས་སྒོམ་དགོས་སོ། །རྗེས་སུ་མཉེས་པར་བྱ་བ་ནི། ཡབ་ཡུམ་སྙོམས་པར་ཞུགས་ནས་དཀྱིལ་འཁོར་རྒྱལ་མཆོག་སྐྱེད་པའོ། །ཡེ་ཤེས་པ་གཞུག་པ་མ་གསུངས་ཀྱང་དགོས་སོ། །འོ་ན་དགྲ་ནག་གི་འགྲེལ་པ་ལས། དེས་ནི་ཐུན་མཚམས་བཞིར་བསྲུང་བ་ནས་བརྩམས་ཏེ་ཤིན་ཏུ་སྦྱོར་བའི་བར་དུ་ཡུད་ཙམ་གྱིས་བསམས་ལ་རྣལ་འབྱོར་ཆེན་པོ་ལ་ནི་གུས་པས་བསྒོམ་པར་བྱའོ། །ཞེས་གསུངས་པ་ཇི་ལྟར་ཡིན་སྙམ་ན། འཇམ་རྡོར་ལ་འབྲས་བུ་རྡོ་རྗེ་འཛིན་པ་བསྐྱེད་ཟིན་པ་དང་ དེའི་མིག་སོགས་བྱིན་གྱིས་རློབ་ལ་དགྲ་ནག་ལ་དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་ཟིན་པའི་འོག་ཏུ་ལྷ་རྣམས་ཀྱི་མིག་སོགས་བྱིན་གྱིས་རློབ་པའི་ཁྱད་ཡིན་པས་ཕྲ་བའི་ལྷ་ལ་ནན་ཏན་བྱེད་པ་ལ་འདྲའོ། །ཡེ་ཤེས་ལ་ཅུང་ཟད་དབང་ཐོབ་པ་ནི། ཕྱེད་བཅས་བཞི་བརྒྱ་ པའི་འགྲེལ་པ་ལས། གང་རྣམ་པ་ཐམས་ཅད་དུ་རབ་ཏུ་རྫོགས་པར་སྤྲོ་བ་དང་སྡུད་པར་བྱེད་པའི་སྦྱོར་བས་དཀྱིལ་འཁོར་ཡུད་ཙམ་གྱིས་མངོན་དུ་བྱེད་པར་ནུས་པ་དེ་ནི་ཡེ་ཤེས་ལ་དབང་ཐོབ་པ་ཞེས་བྱ་སྟེ། འདི་ཡང་ཡེ་ཤེས་བབས་པ་ཐོབ་པ་ཉིད་ལས་འགྱུར་གྱི་ 3-2-329a མ་ཐོབ་པ་ལས་ནི་མ་ཡིན་ཏེ། དེ་ཉིད་ཀྱིས་ན་ཅུང་ཟད་ཅེས་སྨོས་པ་ཡིན་ནོ། །ཞེས་གསུངས་སོ། །འདི་ནི་ཕྲ་བའི་སྐུ་རྣམས་ལ་ཡང་ཡུད་ཙམ་རེས་མངོན་དུ་བྱེད་ནུས་པ་ནས་བཟུངས་ཏེ། ཡེ་ཤེས་ལ་ཡང་དག་པར་དབང་ཐོབ་པ་ལ་མ་སླེབས་ པའི་བར་ཐམས་ཅད་ལ་བྱ་སྟེ་འདི་ལ་རིམ་པ་གཉིས་ཀའི་སྐབས་ཡོད་དོ། །འདི་ཡང་ཞེས་སོགས་ཀྱིས་ནི། ལས་དང་པོ་པ་ལ་སོགས་པ་འདི་དག་སྔ་མ་སྔ་མ་སྔོན་དུ་སོང་བ་ལས་ཕྱི་མ་ཕྱི་མ་འབྱུང་དགོས་པར་སྟོན་པས་རྒྱ་གར་པ་ཁ་ཅིག་གིས་དབང་པོ་རྣོན་ པོའི་འཇུག་པ་ལ་རིམ་པ་འདི་དག་མི་དགོས་པར་འདོད་པ་འགོག་པའོ། །སྡོམ་འབྱུང་གི་གསུམ་པ་ལས། བསྐྱེད་པའི་རིམ་པའི་དཀྱིལ་འཁོར་བསྒོམ། །རྟུལ་འབྲིང་དག་གིས་བསམ་པར་བྱ། །རྣོན་པོ་སྐད་ཅིག་རྣམ་པ་ཡིས། །སེམས་ཙམ་ཉིད་ཀྱི་ དཀྱིལ་འཁོར་ཏེ། །སྐད་ཅིག་རྣམ་པའི་རྣལ་འབྱོར་གྱིས། །རྫོགས་པའི་རིམ་པ་བསྒོམ་པར་བྱ། །ཞེས་གསུངས་པ་ཡང་དེའི་འགྲེལ་པར་རྒྱུད་གཅིག་ལ་དང་པོ་རིམ་ཅན་དུ་གསལ་འདེབས་དགོས་པའི་ཚེ་དབང་རྟུལ་དང༌། དེ་ནས་ལན་རེས་རྫོགས་པར་ སྣང་བའི་ཚེ་དབང་འབྲིང་དང༌དེ་ནས་རྫོགས་རིམ་གྱི་དཀྱིལ་འཁོར་སྒོམ་ནུས་པ་ན་དབང་རྣོན་ཏེ། གང་ཟག་གཅིག་ཉིད་ཀྱི་བྱིས་པ་དང་དར་མ་དང་རྒན་པོའི་གནས་སྐབས་བཞིན་དུ་རྣལ་འབྱོར་པ་གཅིག་གི་གོམས་པའི་ཆེ་ཆུང་གི་རིམ་པས་དེ་ལྟར་བཞག་པར་ གསུངས་ཏེ་ཇི་སྐད་དུ། འདི་དག་ཀྱང་རྟུལ་པོ་ལ་སོགས་པའི་དབྱེ་བས་གཅིག་གི་ཡང་གོམས་པ་འཇུག་པའི་རིམ་པས་འགྱུར་ཏེ་གཅིག་ཉིད་ཀྱི་གནས་སྐབས་ཀྱིས་ཕྱེ་བའི་བྱིས་པ་ལ་སོགས་པ་བཞིན་ནོ། །གང་ཟག་གི་དབྱེ་བ་ཐ་དད་པ་ཡང་གང་ཟག་ 3-2-329b ཐ་དད་པར་གསལ་བའི་བྱིས་པ་ལ་སོགས་པ་བཞིན་ནོ། །ཞེས་སོ། །དེ་འདྲ་བའི་རིགས་གཞན་ཡང་མང་སྟེ། དེ་དག་མ་གོ་ན་ལས་དང་པོ་པ་དབང་རྣོན་ལ་བསྐྱེད་རིམ་མི་དགོས་སྙམ་དུ་བཟུངས་ནས་རིམ་པ་དང་པོ་འདོར་བར་བྱེད་པ་ཡིན་ནོ། །དེས་ན་མཆོག་དང་ཐུན་མོང་ གི་དངོས་གྲུབ་གང་འགྲུབ་ལ་བརྟེན་ནས་བཞག་པའི་དབང་པོའི་རིམ་པ་དང་གང་ཟག་རེ་རེ་ལ་ཡང་རྟོགས་པ་སྐྱེས་པའི་གནས་སྐབས་ལ་བཞག་པའི་དབང་པོའི་རིམ་པ་རྣམས་མ་འདྲེས་པར་ཕྱེད་པར་བྱའོ། །ཕྲ་བའི་ལྷ་རྣམས་ཀྱི་ཡན་ལག་དང་ཉིང་ལག་སོགས་ ཡུད་ཙམ་རེས་སྣང་ནུས་ཀྱང་མི་བརྟན་ན་གཉིས་པའི་སྐབས་ཡིན་ལ་བརྟན་པ་ནས་གསུམ་པར་འཇོག་པ་ཡིན་ཏེ། སྙེ་མ་བཅུ་གཉིས་པ་ལས། གང་ཡང་གོམས་པའི་དཀྱིལ་འཁོར་མཐའ་དག་ལ་སེམས་བརྟན་པ་དེ་ནི། ཡེ་ཤེས་ལ་དབང་བ་ཅན་ཏེ་སྤྲོ་བ་དང་སྡུད་ པ་ལས་འགྲོ་བའི་དོན་རྒྱས་པར་བྱེད་ཅིང་ཆོས་ཉིད་རྗེས་སུ་རྟོགས་པ་ལས་བྱང་ཆུབ་སེམས་མངོན་དུ་བྱས་ཏེ་དྲི་མ་ཕྲ་མོའི་ཕྲ་མོ་རྣམས་བསལ་བར་བྱའོ། །ཞེས་བརྟན་པ་དགོས་པར་གསུངས་ཤིང་དགྲ་ནག་གི་འགྲེལ་པ་ལས་ཀྱང༌། དེས་སྐུ་རྡོ་རྗེ་ལ་སོགས་ པ་ལག་མཐིལ་གྱི་ཤིང་ཐོག་ལྟར་རང་དབང་དུ་མཐོང་བ་ན། དེ་ཡེ་ཤེས་ལ་དབང་ཐོབ་པ་ཡིན་པས་ཐུན་མཚམས་ངེས་པ་མེད་པར་བྱས་ལ། འཆད་པར་བྱེད་པའི་རྫོགས་པའི་རིམ་པ་བསྒོམ་པར་བྱའོ། །ཞེས་རང་དབང་དུ་མཐོང་བ་དགོས་པར་གསུངས་ ལ་བྱང་ཆུབ་ཀྱི་སེམས་མངོན་དུ་བྱས་ནས་དྲི་མ་ཕྲ་མོ་སེལ་བ་དང་རྫོགས་རིམ་བསྒོམ་པར་བྱའོ་ཞེས་པ་གཉིས་དོན་འདྲའོ། །འདིར་སླེབས་ནས་ཐུན་མཚམས་སོ་སོར་གཅོད་མི་དགོས་པར་གསུངས་པས་ཉིན་ཞག་རེ་ལ་མངོན་རྟོགས་གསར་དུ་མགོ་ 3-2-330a བཙུགས་ནས་སྒོམ་པ་མང་པོ་མི་བྱེད་པར་སྐྱེད་ཐེབས་རེས་ཆོག་གོ། འདིར་སླེབས་ནས་ཀྱང་བསྐྱེད་རིམ་སྒོམ་དགོས་པར་ཕྱེད་བཅས་བཞི་བརྒྱ་པའི་འགྲེལ་པ་ལས། རྣལ་འབྱོར་པ་དེས་ནི་འབྲས་བུའི་མཐར་ཐུག་པར་ བགྲོད་པར་བྱ་བའི་ཕྱིར་རྣལ་འབྱོར་དེ་ཉིད་ཉིན་དང་མཚན་དུ་བྱའོ། །ཞེས་ལྷ་སྐུ་ཕྲ་རགས་ཐམས་ཅད་ཡུད་ཙམ་རེས་མངོན་དུ་བྱེད་ནུས་པའི་རྣལ་འབྱོར་དེ་ཉིད་བསྒོམ་པར་བྱ་བར་གསུངས་སོ། །འདིར་སླེབས་པ་ཙམ་གྱིས་བསྐྱེད་རིམ་མཐར་ཕྱིན་པ་ མིན་པས་ད་དུང་བསྐྱེད་རིམ་མཐར་དབྱུང་དགོས་ལ་དེ་ནས་རྫོགས་རིམ་སྒོམ་པ་ཡིན་ནོ། །ཡེ་ཤེས་ལ་ཡང་དག་པར་དབང་ཐོབ་པ་ནི། རང་གི་དོན་མཐར་ཐུག་པར་སོན་པ་བསམ་གཏན་ཙམ་གྱིས་འགྲོ་བའི་དོན་བྱེད་པར་ནུས་པ་ལ་ཕྱེད་བཅས་བཞི་བརྒྱ་བའི་ འགྲེལ་པ་ལས་བཤད་ལ། སྙེ་མ་བཅུ་གཉིས་པ་ལས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་རྟོགས་ནས་མུ་མེད་པའི་གཞན་གྱི་དོན་སྒྲུབ་ནུས་པ་ལ་བཤད་པའི་དོན། དགྲ་ནག་གི་འགྲེལ་པ་ལས། དེ་ནས་དེས་སྟོང་པ་ཉིད་ལ་ངེས་པར་གནས་ཤིང་ལངས་པ་ན་ཇི་ ལྟར་འདོད་པར་སྣང་བ་བྱིན་གྱིས་བརླབ་པར་ནུས་པ་ན་དེ་ཡེ་ཤེས་ལ་ཡང་དག་པར་དབང་ཐོབ་པ་ཞེས་བྱ་བ་སྟེ་བྱ་བ་ངེས་པ་ལས་གྲེལ་པ་རང་དབང་དུ་གྱུར་པ་གྲུབ་པའི་སྐྱེས་བུ་ཞེས་བྱ་བར་གནས་པའོ། །ཞེས་གསུངས་པ་དེ་ཉིད་ཡིན་ནོ། །དེ་ལྟར་བཤད་ པ་ལ་ནི། བསྐྱེད་རྫོགས་རིམ་ཅན་དུ་སྐྱེད་པའི་ཚུལ་ཤིན་ཏུ་གསལ་བ་ཚད་ལྡན་གྱི་གཞུང་གཞན་དུ་ཡང་ཐོག་མར་བསྐྱེད་རིམ་བསྒོམས་པའི་མཐར་རྫོགས་རིམ་སྐྱེད་ཚུལ་བསྟན་པ་ཤིན་ཏུ་མང་བས་རིམ་གཉིས་ཀྱི་ལག་ལེན་ནི་དེ་ལྟར་བྱའོ། ། 3-2-330b གཉིས་པ་ནི། བསྐྱེད་རིམ་གྱི་རྟོགས་པ་རྒྱུད་ལ་སྐྱེད་ཚུལ་ལ་བོད་ཀྱི་བླ་མ་ཁ་ཅིག་དང་པོར་ལྷ་གཅིག་ལ་གསལ་བར་སྣང་བའི་ཞི་གནས་བརྟན་པོ་བསྒྲུབས་ནས་དེ་ནས་མངོན་པར་རྟོགས་པ་རིལ་པོ་སྒོམ་པར་བཞད་ལ། ཁ་ཅིག་མངོན་རྟོགས་རྫོགས་པ་ཐུན་ བཞིར་སྒོམ་ཞིང་བཟླས་པ་ཚང་བར་བྱས་པའི་འོག་ཏུ་ལྷ་གཅིག་གི་ཆ་གཅིག་ལ་དམིགས་ནས་གསལ་སྣང་རིམ་གྱིས་སྒྲུབ་པ་ཡིན་གསུང་ངོ༌། །སྒྲུབ་ཐབས་རྣམས་ནས་མངོན་རྟོགས་རྫོགས་པར་སྒོམ་པར་བཤད་པ་ཙམ་མ་གཏོགས་པ་བཞེད་པ་སྔ་ མ་གཉིས་མི་སྣང་ངོ༌། །རིམ་པ་དང་པོ་འདི་ལ་གསལ་སྣང་སྐྱེད་ལུགས་གཅིག་དང་དེ་བརྟན་པར་བྱེད་པའི་གནས་པ་སྒྲུབ་ལུགས་གཅིག་སྟེ་གཉིས་སོ་སོར་ཤེས་དགོས་སོ། །དེ་ལ་སྤྱིར་ཡུལ་གྱི་རྣམ་པ་གསལ་བར་སྣང་བ་ནི། ཡུལ་དེ་ཡང་དང་ཡང་དུ་ཡིད་ལ་ བྱས་པ་ཉིད་ཀྱིས་འགྲུབ་པས་གོམས་པ་ཙམ་གྱི་རྗེས་སུ་བྱེད་པ་ཡིན་ཏེ། རིགས་པའི་དབང་ཕྱུག་གིས། འདོད་འཇིགས་མྱ་ངན་གྱིས་བརླམས་དང༌། རྐུན་པོ་རྨི་སོགས་ཀྱིས་བསླད་པས། །མདུན་ན་གནས་པ་བཞིན་དུ་ནི། །ཡང་དག་མིན་པ་མཐོང་ བར་འགྱུར། །ཞེས་ཆགས་ལྡན་གྱིས་ཆགས་ཡུལ་ཡང་དང་ཡང་དུ་ཡིད་ལ་བྱས་པ་ཉིད་ཀྱིས་ཡུལ་དེ་མདུན་ན་ཡོད་པ་བཞིན་དུ་མངོན་སུམ་དུ་མཐོང་བར་གསུངས་སོ། །དེས་ན་གསལ་སྣང་སྐྱེ་བ་ལ་སྔོན་དུ་གནས་པ་སྒྲུབ་དགོས་པ་ཡང་མིན་ལ་ཆ་རེ་ རེ་ནས་མ་གོམས་ན་མི་སྐྱེ་བ་ཡང་མིན་ནོ། །གསལ་སྣང་སྐྱེ་བ་ལ་ཡང་དག་པའི་དོན་གོམས་པ་ཡང་མི་དགོས་ཏེ་ཕྱིན་ཅི་ལོག་མ་ལོག་གི་དོན་གང་ཡིན་ཡང་གོམས་པར་བྱས་ན་གསལ་སྣང་སྐྱེ་བ་ཆོས་ཉིད་ཡིན་པའི་ཕྱིར་ཏེ་རིགས་པའི་དབང་ཕྱུག་གིས། 3-2-331a དེ་ཕྱིར་ཡང་དག་ཡང་དག་མིན། །གང་གང་ཤིན་ཏུ་གོམས་གྱུར་པ། །གོམས་པ་ཡོངས་སུ་རྫོགས་པ་ན། །དེ་གསལ་མི་རྟོག་བློ་འབྲས་ཅན། །ཞེས་གསུངས་ཤིང་། རྒྱུད་ལས་ཀྱང་ཡིད་དངོས་པོ་གང་དང་གང་ལ་སྦྱོར་ བ་དེ་དང་དེའི་རྣམ་པར་འགྱུར་བ་ཤེལ་གྱི་ནོར་བུའི་དཔེས་གསུངས་ཏེ་སྔར་དྲངས་ཟིན་ཏོ། །དེ་ལ་ལས་དང་པོ་པས་ནི། སྦྱོར་བ་ཚོགས་བསག་ནས་བཟུངས་ཏེ་ཉེ་བར་བསྡུ་བའི་བར་རྣམས་སྒོམ་པ་ན་རེ་རེ་ནས་ཞིབ་ཏུ་གསལ་བཏབ་ནས་སྒོམ་པ་དང་ རྣམ་པ་ཤར་བ་ཙམ་མིན་པར་བློའི་ངེས་པའི་འཛིན་སྟངས་ཤུགས་ཅན་བསྐྱེད་ནས་བྱ་སྟེ། རྣམ་པ་གསལ་བ་དང་ང་རྒྱལ་འཛིན་པ་གཉིས་ཀ་དགོས་པའི་ཕྱིར་རོ། །དང་པོ་ཇི་ལྟར་རིགས་པར་དུམ་བུར་བཅད་ནས་དེའི་མགོ་ནས་མཇུག་གི་བར་དུ་ སེམས་བྱིང་བ་དང་འཕྲོ་རྒོད་ཀྱི་དབང་དུ་མི་གཏང་བར་བསྒོམ་བྱ་གང་ཡིན་གྱི་བློ་དེ་ཉིད་བར་མ་ཆད་པར་འཇུག་པ་ལ་འབད་པ་ཆེན་པོས་བསླབ་ལ་ཇེ་རིང་ཇེ་རིང་དུ་བཏང་ནས་མཐར་ཐུན་རེ་རེའི་མགོ་ནས་མཇུག་གི་བར་དུ་བྱིང་བ་དང་འཕྲོ་རྒོད་ཀྱིས་ བར་གཅོད་མི་ནུས་པར་སོང་སོང་དུ་བསླབ་བོ། །དེའི་སྐབས་སུ་དུས་རིང་པོར་མ་བསྒོམས་པས་བློའི་མཐུ་ཆེ་བར་མ་སོང་བའི་རིང་ལ་ཕལ་ཆེར་གསལ་བར་མི་མཐོང་བ་ཡིན་ཡང་མོས་པ་གཙོ་ཆེ་བས་ལྷག་པར་མོས་པའི་སྒོ་ནས་བསྒོམ་དགོས་ ཏེ། བཞི་བརྒྱ་ལྔ་བཅུ་པའི་འགྲེལ་པ་ལས། རྣལ་འབྱོར་གསུམ་པོ་འདི་རྣམས་ལྷག་པར་མོས་པ་གཙོ་བོར་གྱུར་པ་ཡིན་གྱི་མཐོང་བ་གཙོ་བོ་ནི་མ་ཡིན་ཏེ་དུས་ཅུང་ཟད་དམ་ཆུང་བའི་ཕྱིར་རོ། །དེ་བས་ན་ལྷག་པར་མོས་པ་ཞེས་སྨོས་པ་ཡིན་ནོ། །ཞེས་ 3-2-331b གསུངས་པ་བཞིན་ནོ། །སྣང་བ་དང་ང་རྒྱལ་གཉིས་ཀ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་ནས་བསྐྱངས་པས་རིམ་གྱིས་སྐྱེས་པ་དགོས་ཀྱི་ཉམས་ལ་བརྟེན་ནས་གློ་བུར་དུ་བྱུང་བ་ལ་ཡིད་བརྟན་མི་བྱ་སྟེ། བསྐྱེད་རིམ་ལས་སུ་རུང་བ་ནི་རང་གིས་གསལ་གང་ བཏབ་འཆར་ལ་མ་བཏབ་པ་མི་འཆར་བ་དང༌། ཇི་ཙམ་ཞིག་གསལ་བཏབ་པ་དེའི་ཚད་ལས་མ་འདས་པ་འཆར་བ་དགོས་པ་ལ་ཉམས་འདྲེས་པ་ལ་ནི། དེ་ལྟ་བུའི་ཚད་ལ་ཕབ་ན་དཔྱད་མི་བཟོད་པའི་ཕྱིར་རོ། །དེས་ན་ཚུལ་འདི་ལྟར་བསྒོམ་མོ་སྙམ་པའི་འཕེན་ པ་སྔོན་དུ་བཏང་ནས་གསལ་བཏབ་ནས་ཚད་དེ་ལས་ཆད་ལྷག་མེད་པར་འཆར་ཐུབ་ན་སྒོམ་པ་ལས་སུ་རུང་བ་ཡིན་ལ། དེ་ཡང་ཐོག་མ་ནས་ཚད་ལ་ཕབ་ཀྱིན་བྱས་ཀྱང་གནད་དུ་མི་འགྲོ་བས་བློ་གོམས་པ་ཆེར་སོང་བ་ན་དེ་ལྟར་བྱ་སྟེ་ང་རྒྱལ་ལ་ཡང་དེའི་རིགས་ པ་སྦྱར་རོ། །དེ་ལྟར་བྱ་དགོས་པ་ཡང་དཔེར་ན་མི་རྟག་པ་དང་སྙིང་རྗེ་སོགས་སྒོམ་པ་ལ་ཡང་རང་རང་གི་དམིགས་རྣམ་ལ་དྲིལ་ནས་བསྐྱངས་པ་ལས་རིམ་གྱིས་སྐྱེས་པའི་མྱོང་བ་ཡིན་ན་ནམ་འདོད་པའི་ཚེ་དམིགས་རྣམ་གསལ་བཏབ་ནས་བསྒོམས་པ་ ན་བསྐྱེད་ནུས་ལ། ཉམས་དང་འདྲེས་ནས་གློ་བུར་དུ་དེ་དག་གི་བསམ་པ་ཤུགས་ཅན་སྐྱེ་བ་ནི། རང་ནམ་འདོད་དུ་བསྐྱེད་ས་མེད་པ་དང་འདྲའོ། །སྤྱིར་བསྐྱེད་རིམ་གྱི་དགོས་པ་རང་ལ་ལྷར་དམིགས་པ་ན་ང་རྒྱལ་དང་སྣང་བ་ཁྱད་པར་ཅན་དུ་འཕོས་པ་ཙམ་མ་ཡིན་ཏེ། དེ་ ཙམ་ཡིན་ན་རྒྱུད་སྡེ་འོག་མ་ཐམས་ཅད་ལ་ཡང་བསྐྱེད་རིམ་གྱི་གནད་རྫོགས་པ་ཡོད་པར་འགྱུར་ཞིང་ལྷ་གཅིག་གིས་ཀྱང་ཆོག་པས་དཀྱིལ་འཁོར་གྱི་འཁོར་ལོ་སྒོམ་པ་དོན་མེད་པར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་སྦྱང་གཞི་ཐ་མལ་གྱི་སྣོད་ 3-2-332a བཅུད་སྦྱོང་བའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་རྒྱུད་ཀྱི་དོན་མཁས་གྲུབ་ཀྱིས་བཀྲལ་བའི་ཆ་ཚང་ཞིག་བསྒོམས་པས་སྦྱང་གཞི་དང་སྦྱོང་བྱེད་ཀྱི་རྟེན་འབྲེལ་ཁྱད་པར་ཅན་དུ་མ་ཞིག་འགྲིག་ནས་རྫོགས་རིམ་གྱི་རྟོགས་པ་ ཕུལ་དུ་བྱུང་བ་རྣམས་སྐྱེ་བའི་དགེ་རྩ་རྣམས་ཡོངས་སུ་སྨིན་པར་འགྱུར་བས་ན་རྒྱུད་སྨིན་པར་བྱེད་པའི་ནུས་པ་ནི། དཀྱིལ་འཁོར་གྱི་འཁོར་ལོ་ཐུན་བཞིར་སྒོམ་པ་ལ་ཡོད་པས་སྒྲུབ་ཐབས་ཚང་པ་ལ་ཡང་དང་ཡང་དུ་བསླབས་པའི་གསལ་སྣང་ཚང་བ་ དགོས་སོ། །གསལ་སྣང་འདོན་ཚུལ་ཡང་ཆེན་པོ་དག་གི་གཞུང་གི་ལུགས་བཞིན་ཐམས་ཅད་ལ་ཆ་མཉམ་དུ་བྱས་ནས་སྦྱངས་པ་ན་གསལ་སྣང་ཐམས་ཅད་ཕྱོགས་གཅིག་ཏུ་སྐྱེ་བ་དེ་ཉིད་སྟོབས་ཆེ་སྟེ། འདི་ལྟར་སྒྲུབ་ཐབས་ཚང་བ་ལ་སློབ་ པ་ནི། སོ་སོ་ལ་གསལ་སྣང་མ་རྙེད་པའི་དུས་སུ་ཡང་རྒྱུད་སྨིན་པར་བྱེད་པའི་ཆོ་ག་རྣམས་ཚང་བ་ཡིན་པས་སྟོབས་ཆེ་ལ་རྙེད་པ་ན་ནི་རགས་པ་ཐམས་ཅད་ལ་གསལ་སྣང་སྐྱེ་བས་སོ། །ལྷའི་སྐྱེད་ཆོག་གི་སྐོར་ཟིན་པའི་འོག་ཏུ་དེ་ནས་བསྒོམ་པར་བྱ་ལ་ བསྒོམས་པས་སྐྱོ་ན་བཟླས་པ་བྱའོ་ཞེས་རྒྱ་གཞུང་དུ་མ་ལས་འབྱུང་བ་ལ་སོ་སོར་རྟོག་པས་དཔྱད་ནས་སྐྱོང་བ་དང་ལྷ་སྐུ་ལ་སེམས་རྩེ་གཅིག་ཏུ་འཇོག་པ་གཉིས་གང་ཡིན་ཁུངས་ཐུབ་རྣམས་ཀྱིས་གསལ་བར་མ་བཤད་ཀྱང༌། སྐབས་འདི་དག་ཏུ་ ད་དུང་ལྷའི་གསལ་སྣང་བསྒྲུབ་དགོས་པས་སོ་སོར་རྟོག་པའི་དཔྱད་སྒོམ་གྱིས་ཡང་དང་ཡང་དུ་གསལ་འདེབས་པ་གཙོ་ཆེ་བ་ཡིན་ནོ། །དེ་ལ་ཡང་དང་པོ་སྐྱེད་ཆོག་བྱེད་པ་དང་བཟླས་པའི་སྔོན་དུ་སྐྱེད་ཆོག་གི་སྐོར་རྣམས་ཟིན་པའི་སྐབས་གཉིས་ཀར་རྟེན་ 3-2-332b དང་བརྟེན་པ་གང་ལ་ཡང་རྣམ་པ་གསལ་བཏབ་པའི་འོག་ཏུ་དེ་དང་དེ་དངོས་ཡིན་ནོ་སྙམ་པའི་ང་རྒྱལ་རེ་ཡང་བསྐྱེད་དགོས་པས་གཉིས་ཀ་བྱ་ལ། སྐབས་འདི་རྣམས་འབྲས་བུའི་སྐབས་ཀྱི་ཞིང་དང་འཁོར་དང་སྟོན་པ་སོགས་ཀྱི་ང་རྒྱལ་ལམ་དུ་བྱེད་པ་དང་སངས་ རྒྱས་རྗེས་སུ་དྲན་པའི་མཆོག་ཏུ་གསུངས་པས་རྣམ་སྣང་དང་མི་བསྐྱོད་པ་སོགས་ལ་སྐུ་མདོག་དང་ཞལ་ཕྱག་སོགས་ཀྱི་རྣམ་པ་ཙམ་ཞིག་དྲན་པ་དང་དེ་ཙམ་གྱི་ང་རྒྱལ་བྱེད་པ་མིན་གྱི་སྒྲིབ་པ་ཐམས་ཅད་ཟད་པ་དང་ཡོན་ཏན་ཀུན་ལ་མངའ་བརྙེས་པའི་སངས་ རྒྱས་དངོས་སུ་མོས་པ་བྱ་དགོས་སོ། །དེ་ལྟར་གོམས་པས་ཁྱད་པར་ཅན་གྱི་སྣང་བ་དང་ང་རྒྱལ་གཉིས་གཞུང་གོམས་པས་འདོན་པ་བཞིན་དུ་རང་གི་ངང་གིས་འཇུག་པ་ཞིག་དགོས་ཏེ། མུ་ཏིག་ཕྲེང་བ་ལས། དངོས་གྲུབ་ནི། སེམས་བརྟན་པ་སྟེ་བདག་ཉིད་ ལྷའི་རྣམ་པར་སྣང་བ་དང་དེའི་ང་རྒྱལ་བདག་ལ་ཉི་མ་རེ་རེ་ཞིང་རང་གི་ངང་གིས་འཇུག་པ་དེ་ཐོབ་པའོ། །ཞེས་གསུངས་སོ། །དེ་བས་ན་གཉིས་ཀ་བསྒོམས་པས་ཐུན་ཆེ་བ་རེའི་མགོ་ནས་མཇུག་གི་བར་དུ་ཁྱད་པར་ཅན་གྱི་སྣང་བ་དང་ང་རྒྱལ་དུ་འཕོས་པའི་དབང་ གིས་ཐ་མལ་པའི་སྣང་ཞེན་འགོག་ནུས་པ་ཐོབ་ན། དེ་ཙམ་ནས་སེམས་བརྟན་པར་གཞག་དགོས་ཏེ་ལུས་སེམས་ལ་གློ་བུར་བའི་འགལ་རྐྱེན་མེད་པའི་དབང་དུ་བྱས་པའོ། །དེ་ལ་ནི་རང་ལྷ་དེའོ་སྙམ་པའི་རིགས་འདྲ་བར་མ་ཆད་དུ་མི་དགོས་ཀྱི་བཅོས་མིན་གྱི་ ང་རྒྱལ་དང་པོར་བསྐྱེད་པ་དེའི་བྱེད་པས་ཐ་མལ་པའི་ང་རྒྱལ་འགོག་ནུས་པས་ཆོག་སྟེ། དཔེར་ན། འགའ་ཞིག་ལ་མི་མ་ཡིན་བབས་པ་ན་ང་མི་མ་ཡིན་དེ་ཡིན་ནོ་སྙམ་པའི་རྟོག་པ་མེད་པར་ཡིད་གཞན་དུ་གཡེངས་པ་ན་ཡང་དེའི་བྱེད་པ་མ་ཉམས་པའི་རིང་ལ་ 3-2-333a སྔར་གྱི་མི་དེ་ཡིན་སྙམ་པའི་འདུ་ཤེས་མི་སྐྱེ་བ་བཞིན་ནོ། །ཡུན་ཇི་ཙམ་ཞིག་གི་བར་དུ་བསྒོམས་ན་ལྷ་རྣམས་མངོན་སུམ་དུ་གསལ་བར་སྣང་བ་སྐྱེ་བ་ནི། དེ་ཉིད་བསྡུས་པའི་སྟོད་འགྲེལ་ལས། དེ་ལྟར་ཇི་སྲིད་རྡོ་རྗེ་དབྱིངས་ཀྱི་ དཀྱིལ་འཁོར་ཆེན་པོ་མངོན་སུམ་དུ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་ཉིན་རེ་ཞིང་བསྒོམ་པར་བྱའོ། །ཡང་ན་ཏིང་ངེ་འཛིན་གསུམ་སྔོན་དུ་འགྲོ་བས་ཟླ་བ་དྲུག་གམ་ལོ་གཅིག་གི་བར་དུ་བསྒོམ་པར་བྱའོ། །ཞེས་གསུངས་ཤིང་སྒོམ་པའི་ཡུན་ཚད་བསྟན་ པ་གཞན་གྱི་སྐབས་སུ་ཡང་ལོ་གཅིག་ལས་རིང་བ་མ་བཤད་པས་སྐྱོང་ཚུལ་ལེགས་པར་ཤེས་ཤིང༌། དམ་ཚིག་དང་སྡོམ་པ་ལ་གནས་པས་བརྩོན་པ་ཆེན་པོས་བར་མ་ཆད་དུ་འབད་ན་ཡུན་ཧ་ཅང་རིང་པོ་མི་དགོས་པར་དཀྱིལ་འཁོར་བའི་ལྷ་རྣམས་ལ་ གསལ་སྣང་རྫོགས་པར་འགྱུར་རོ། །གཙུབ་ཤིང་གཙུབས་པ་ན་དྲག་ལ་རྒྱུན་རིང་བ་མ་བྱས་པར་བར་སྐབས་སུ་ངལ་བསོ་བ་མང་པོ་བྱས་ན་མེ་མི་ཕྱིན་པའི་དཔེས་རྒྱུན་ཆགས་པར་བྱ་དགོས་པར་དཔལ་ལྡན་དཔའ་བོས་གསུངས་ཏེ། ཕར་ཕྱིན་བསྡུས་པ་ལས། རྒྱུན་ མི་འཆད་པའི་རྣལ་འབྱོར་གྱིས། །བསམ་གཏན་སྒྲུབ་ལ་བརྩོན་པར་བྱ། །ཡང་དང་ཡང་ཞིང་ངལ་བསོས་ན། །གཙུབས་པས་མེ་ཕྱིན་མི་འགྱུར་ཏེ། །རྣལ་འབྱོར་ཚུལ་ལའང་དེ་བཞིན་དུ། །ཁྱད་པར་མ་ཐོབ་གཏང་མི་བྱ། །ཞེས་གསུངས་སོ། །གསུམ་ པ་ལ་གཉིས། གནས་སྐབས་དང་པོ་གཉིས་སུ་ཕྲ་ཐིག་སྒོམ་ཚུལ་དང༌། གནས་སྐབས་གསུམ་པར་ཕྲ་ཐིག་སྒོམ་ཚུལ་ལོ། །དང་པོ་ནི། རིམ་པ་དང་པོའི་སྐབས་སུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཕྲ་རགས་རྣམས་ལ་ཡང་ཡང་ཡིད་ལ་བྱེད་པ་གོམས་ 3-2-333b པའི་གསལ་སྣང་བསྒྲུབས་ན་དེ་ཙམ་གྱིས་ཆོག་གི་ཞི་གནས་བསྒྲུབ་མི་དགོས་ཏེ། རིམ་པ་གཉིས་པའི་སྐབས་སུ་རྩ་རླུང་དང་གཏུམ་མོ་ལ་སོགས་པའི་རྣལ་འབྱོར་གྱིས་སེམས་གནས་པའི་ཏིང་ངེ་འཛིན་བརྟན་པོ་སྒྲུབ་པའི་ཐབས་མང་དུ་གསུངས་པའི་ ཕྱིར་རོ། །གཞན་ཡང༌། འདིར་ཞི་གནས་སྒྲུབ་ན་ཕྲ་ཐིག་ལ་སོགས་པའི་རྣལ་འབྱོར་གྱིས་བྱ་དགོས་ན་དེ་དག་ཀྱང་མདོར་བྱས་དང་སྒྲུབ་ཐབས་ཀུན་བཟང་སོགས་ཚད་ལྡན་གྱི་གཞུང་རྣམས་སུ་དཀྱིལ་འཁོར་རྒྱལ་མཆོག་གི་འོག་བཟླས་པའི་སྔོན་ དུ་བྱེད་པར་བཤད་པས་ཡང་ཡང་རྣམ་པ་ཡིད་ལ་བྱེད་པའི་དཔྱད་བསྒོམ་དང་བསྲེས་ནས་བྱེད་པར་གསུངས་པའི་ཕྱིར། དེ་དག་གིས་ཞི་གནས་མི་འགྲུབ་སྟེ་སྔར་སྒོམ་རིམ་དང་བསམ་གཏན་ཕྱི་མའི་འགྲེལ་པ་ལ་སོགས་པ་ནས་བཤད་པ་ལྟར་ ཞི་གནས་མཚན་ཉིད་པ་རྙེད་པས་ཀྱང་དཔྱད་སྒོམ་མང་དྲགས་ན་གནས་ཆ་ཆུང་དུ་འགྲོ་བས་དེའི་ཚེ་ཞི་གནས་སྒོམ་པར་གསུངས་ན་ཞི་གནས་མ་རྙེད་པའི་སྐབས་སུ་ལྟ་ཅི་སྨོས་པའི་ཕྱིར་རོ། །དཔལ་ལྡན་དཔའ་བོས་ཀྱང༌། དམིགས་པ་གཅིག་ ལ་བརྟན་ཚུལ་དུ། །ཡིད་ཀྱི་བསམ་པ་བརྟན་པར་བྱ། །དམིགས་པ་མང་པོ་བརྒྱུད་པ་ལས། །ཡིད་ནི་ཉོན་མོངས་འཁྲུག་པར་འགྱུར། །ཞེས་བསམ་གཏན་སྒྲུབ་པ་ན་དམིགས་པ་གཅིག་ལ་དམིགས་ནས་བརྟན་པར་མ་བྱས་པར་དམིགས་པ་ མང་པོ་ལ་བརྒྱུད་ན་མི་རུང་བར་གསུངས་པའི་ཕྱིར་རོ་སྙམ་ན། འདི་ལ་བཤད་པར་བྱ་སྟེ་རྣམ་པ་ཡང་དང་ཡང་དུ་ཡིད་ལ་བྱེད་པ་གོམས་ན་དེ་ཙམ་གྱིས་གསལ་སྣང་སྐྱེ་མོད་ཀྱང་བརྟན་པོར་གནས་པ་དེས་མི་རྙེད་དེ་འདོད་འཇིགས་གོམས་པའི་ 3-2-334a གསལ་སྣང་བཞིན་ནོ། །དེས་ན་ཁྱད་པར་ཅན་གྱི་སྣང་བ་དང་ང་རྒྱལ་དུ་འཕོས་པ་ཙམ་གྱིས་མི་ཆོག་གི་བརྟན་ཆགས་པར་གནས་པ་དགོས་ཏེ། དེ་མེད་ན་ཐ་མལ་པའི་སྣང་ཞེན་འགོག་ནུས་པའི་གཉེན་པོ་མི་རྙེད་པའི་ ཕྱིར་དང་བསྐྱེད་རིམ་སྒོམ་པ་དེ་འགོག་པའི་ཆེད་ཡིན་པའི་ཕྱིར་དང་ཕྲ་རགས་གཉིས་ཀའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་རྫོགས་པའི་གསལ་སྣང་གིས་སེམས་ལས་རུང་ཐོབ་པ་ལ་ངེས་པར་ཞི་གནས་རྙེད་དགོས་པའི་ཕྱིར་རོ། །དེས་ན་རིམ་པ་དང་པོའི་ སྐབས་སུ་གདོན་མི་ཟ་བར་ཞི་གནས་བསྒྲུབ་དགོས་ལ་དེ་ཡང་ཕྲ་ཐིག་གི་རྣལ་འབྱོར་གྱིས་བྱ་དགོས་སོ། །ཕྱག་མཚན་ཕྲ་མོའམ་ཐིག་ལེ་ཕྲ་མོའི་ནང་དུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་རྫོགས་པར་སྒོམ་པ་ནི། ལས་དང་པོ་པ་དང་ཡེ་ཤེས་ཅུང་ཟད་ བབས་པ་གཉིས་ཀྱི་སྐབས་སུ་སྒོམ་པ་མིན་གྱི་གནས་སྐབས་གསུམ་པ་ནས་སྒོམ་པ་ཡིན་ཏེ། མིག་སོགས་ལ་བཀོད་པའི་ལྷ་རྣམས་ཡུད་ཙམ་རེས་མངོན་དུ་བྱེད་ནུས་པ་ཕྱིན་ཆད་ནས་གནས་སྐབས་གསུམ་པར་འཇོག་ཅིང་ཕྲ་མོའི་དཀྱིལ་འཁོར་ལ་ སྤྲོ་བསྡུ་ནུས་པ་ནི། ཡེ་ཤེས་ལ་ཅུང་ཟད་དབང་ཐོབ་པར་གསུངས་པའི་ཕྱིར་ཏེ། རྣམ་པ་ཀུན་ཏུ་རབ་རྫོགས་པར། །སྤྲོ་དང་བསྡུ་བ་བྱེད་པའོ། །ཡེ་ཤེས་དབང་བ་ཅུང་ཟད་ཐོབ། །ཅེས་གསུངས་པའི་ཕྱིར་རོ། །ཐིག་ལེའི་རྣལ་འབྱོར་ནི་རང་གི་ཡེ་ཤེས་ སེམས་དཔའི་ཐུགས་ཀའི་ཕྱག་མཚན་ལ་གནས་པའི་ཏིང་ངེ་འཛིན་སེམས་དཔའ་སྒོམ་པ་ལ་ཡེ་ཤེས་ཞབས་ཡབ་སྲས་ཀྱིས་བཤད་དེ། དེ་ནི་ལས་དང་པོ་པས་ཀྱང་སྐབས་དེ་ཉིད་དུ་སྒོམ་པ་ཡིན་ལ་དེའི་དགོས་པ་ནི། སློབ་དཔོན་དཔལ་འབྲས་རྡོ་རྗེས། 3-2-334b དེ་ལྟར་སྒོམ་པ་ལ་མངོན་པར་བརྩོན་པའི་རྣལ་འབྱོར་པ་གལ་ཏེ་སེམས་རྒོད་པའམ་ཞུམ་པར་གྱུར་ན་དེའི་ཚེ་ཐིག་ལེའི་རྣལ་འབྱོར་ལ་སོགས་པ་བསྒོམ་པར་བྱ་བ་ཡིན་པས་དེའི་ཕྱིར་དེ་ལྟར་བརྟགས་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཞེས་དཀྱིལ་ འཁོར་རྒྱལ་མཆོག་སོགས་ལ་སྒོམ་པ་ལ་བརྩོན་པའི་ཚེ་སེམས་བྱིང་རྒོད་ཀྱི་དབང་དུ་འགྲོ་བ་དགག་པའི་ཕྱིར་དུ་ཐིག་ལེའི་རྣལ་འབྱོར་སྒོམ་པར་གསུངས་པས། ཐིག་ལེའི་རྣལ་འབྱོར་ལས་དང་པོ་པས་སྒོམ་པ་ནི། སྐབས་དེར་ཞི་གནས་སྒྲུབ་པ་མིན་ གྱི་བསྐྱེད་རིམ་སྒོམ་པའི་སེམས་བྱིང་རྒོད་དུ་སོང་ནས་དམིགས་པ་རྣམས་ལ་རྒྱུན་ལྡན་དུ་འཇུག་མི་ནུས་པའི་མི་བརྟན་པ་དེ་བཀག་ནས་རྒྱུན་ལྡན་དུ་འཇུག་ནུས་པའི་སེམས་བརྟན་པོ་སྒྲུབ་པའི་དོན་དུ་ཡིན་པས། སྐབས་དེ་དག་ཏུ་དམིགས་པ་གཅིག་ལ་ རྒྱན་རིང་དུ་སྡོད་པའི་ཏིང་ངེ་འཛིན་མ་རྙེད་ཀྱང་མངོན་རྟོགས་སྒོམ་པའི་སེམས་ཀྱི་བྱིང་རྒོད་འགོག་པ་ལ་ཁྱད་ཆེ་བ་ཡིན་ནོ། །གཞན་ཡང་འདིར་ཕྲ་ཐིག་ལ་སེམས་འཛིན་པས་ནི། རླུང་ཕྱི་རོལ་ཏུ་གཡོ་བ་འགགས་ནས་ནང་དུ་གནས་པའི་རྒྱུ་བྱེད་དེ། དེ་བཞིན་ གཤེགས་པའི་རྡོ་རྗེས། ལྟེ་བར་ཕྲ་བའི་ཨཱ་ལི་ཀཱ་ལིའི་སྦྱོར་བའམ་ཐུགས་ལ་སོགས་པ་ལ་ཐིག་ལེ་ལ་སོགས་པའི་སྦྱོར་བའི་བསམ་གཏན་གང་དེ་ཡང་སྲོག་འཐོན་པ་བཟློག་པའི་དོན་གྱིས་སྲོག་རྩོལ་ཞེས་བརྗོད་དོ། །ཞེས་གསུངས་པ་བཞིན་ནོ། ། དེས་ན་སྟེང་འོག་གི་སྣ་སྒོ་གཉིས་སམ་ལྟེ་བའམ་སྙིང་ག་སོགས་སུ་ཡི་གེ་དང་ཐིག་ལེ་ཕྲ་མོ་སོགས་ལ་སེམས་བཙན་ཐབས་སུ་བཟུངས་ན་སྒོམ་སའི་གནས་དང་དམིགས་རྟེན་གྱི་གནད་ཀྱིས་རིམ་གྱིས་རླུང་ནང་དུ་གནས་པའི་རྐྱེན་བྱེད་པས་དཔྱད་སྒོམ་གྱི་ 3-2-335a དམིགས་པ་མང་པོ་དང་བསྲེས་ཀྱང༌། རླུང་རིམ་གྱིས་དུལ་བའི་མཐུས་སྒོམ་པ་སྔ་མའི་རྒོད་པ་སོགས་མྱུར་དུ་དགག་ནུས་པས་གཞུང་གཞན་ནས་བཤད་པའི་ཏིང་ངེ་འཛིན་སྒྲུབ་ལུགས་དང་མི་འདྲའོ། །འོ་ན་ལས་ དང་པོ་པ་དང་ཡེ་ཤེས་ཅུང་ཟད་བབས་པའི་སྐབས་སུ་ཕྲ་ཐིག་སྒོམ་ཚུལ་ཇི་ལྟར་བྱ་སྙམ་ན། བཞི་བརྒྱ་ལྔ་བཅུ་པ་ལས། སྙིང་པོའི་འོད་ཀྱིས་སྤྲུལ་མགོན་པོས། །རང་གི་ལོག་རྟོག་རྣམ་སྤངས་ཏེ། །འགྲོ་བས་སངས་རྒྱས་བདག་ཉིད་བྱས། །སྙིང་པོའི་ ས་བོན་ནང་དུ་གཞུག །སྙིང་གར་མཚན་མའི་ལྟེ་ནང་གནས། །ཟླ་སྙིང་ཐིག་ལེའི་གཟུགས་ཅན་དུ། །རང་ཡིད་འོད་ལྡན་བསྒོམས་ནས་ནི། །ཡེ་ཤེས་སེམས་དཔའ་རབ་ཏུ་བསྒོམ། །ཐུགས་གསུང་སྐུ་ཡི་རྡོ་རྗེ་ཡང༌། །འོད་ཀྱི་ཕྲེང་བས་ རབ་སང་བྱ། །དེ་ནི་སྙིང་གར་ཞུགས་བསམ་པ། །རང་གི་ཡེ་ཤེས་བདུན་རྩི་འབབ། །དེ་ནས་ནང་གི་ལུས་ཐམས་ཅད། །བ་སྤུ་ལས་བྱུང་འོད་ཟེར་ཚོགས། །དེ་ཡིས་ཀུན་ནས་སྣང་བྱས་ལ། །འགྲོ་བའི་དོན་ནི་རབ་རྫོགས་བྱ། །ཞེས་པ་འདིས་ཐིག་ ལེའི་རྣལ་འབྱོར་སྒོམ་པ་གསུངས་སོ། །དེའི་རིམ་པ་ནི་འདི་ཡིན་ཏེ། རང་གི་ཐུགས་ཀའི་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཕྱག་མཚན་གྱི་ལྟེ་བར་ཆུད་པའི་ཟླ་བ་ལ་གནས་པའི་ས་བོན་གྱི་འོད་ཟེར་གྱིས་སྤྲུལ་པའི་མགོན་པོ་སངས་རྒྱས་རྣམས་ ཀྱིས་སེམས་ཅན་གྱི་ལོག་རྟོག་སྒྲིབ་གཉིས་སྤངས་ནས་འགྲོ་བ་སངས་རྒྱས་སུ་བྱས་པ་སྤྱན་དྲངས་པ་དང་གཅིག་ཏུ་གྱུར་པའི་ས་བོན་དང་ས་བོན་དེའི་ཐིག་ལེ་དང་རང་གི་ཡིད་དབྱེར་མེད་པར་བྱས་ཏེ་སྣང་བ་ཆེན་པོ་དང་བཅས་པར་བསམ་མོ། །དེ་ནས་ 3-2-335b དེའི་འོད་ཟེར་གྱིས་ཕྱག་མཚན་གྱི་ནང་དང་ཕྱི་དང་ཡེ་ཤེས་སེམས་དཔའ་དང་དེའི་གནས་དང་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དང་དེ་དག་གི་གནས་ཕྱི་ནང་དང་བཅས་པའི་རིམ་གྱིས་གསལ་བར་བྱས་པའི་མཐར་ཇི་ལྟར་གསལ་བར་བྱས་པའི་རིམ་པ་དེ་ལྟར་སླར་ ལོག་ནས་སྔར་གྱི་ཐིག་ལེ་ལ་འདུས་ནས་ཡེ་ཤེས་ཀྱི་བདུད་རྩི་འབབ་པར་བསམ་མོ། །དེའི་འོག་ཏུ་རང་གི་ལུས་ཐམས་ཅད་སྣང་བར་བྱས་ནས་བ་སྤུའི་བུ་ག་རེ་རེ་ནས་བྱུང་བའི་འོད་ཟེར་གྱིས་འགྲོ་བ་རྣམས་སྣང་བར་བྱའོ། །སེམས་བྱིང་ན་འོད་ཀྱི་ སྣང་བ་དེ་ལྟར་སྒོམ་པ་བྱིང་བ་སངས་སངས་ཀྱི་བར་དུ་བྱ་བ་དང༌། རྒོད་ན་ཐིག་ལེ་ཉིད་ལ་དམིགས་པ་རྩེ་གཅིག་ཏུ་གཏད་ནས་རྒོད་པ་ཞི་བའི་བར་དུ་སྒོམ་པར་དཔལ་འབྲས་རྡོ་རྗེས་བཤད་དོ། །བྱིང་བ་སེལ་བའི་དུས་སུ་དབུགས་རྔུབ་པ་དང་འབྱིན་པ་བཅུ་བགྲང་ པའི་སྤྲོ་བསྡུ་བྱས་པའི་རིམ་གྱིས་ཡེ་ཤེས་སེམས་དཔའ་སད་པར་བྱ་བར་སློབ་དཔོན་དེས་གསུངས་པ་ནི། མན་སྙེ་ལས་དབུགས་འབྱུང་བ་རྣམས་ཀྱི་ཚེ་འོད་སྤྲོ་བ་དང་འཇུག་པ་རྣམས་ཀྱི་ཚེ་སྡུད་པར་བཤད་པ་བཞིན་བྱའོ། །ཐ་ག་ནས། སྔགས་ཡོངས་སུ་གྱུར་ པའི་ཐིག་ལེ་དང་སྔགས་ཉིད་སྒོམ་པའི་ཐིག་ལེའི་རྣལ་འབྱོར་གདམ་ང་ཅན་དུ་བཤད་དོ། །མདོར་བྱས་ལས་ཀྱང༌། དཀྱིལ་འཁོར་ཐམས་ཅད་བསྐྱེད་ནས་ནི། །འཁོར་ལོའི་དབུས་སུ་གནས་གྱུར་ནས། །དེ་ནས་ཕྲ་མོའི་རྣལ་འབྱོར་བརྩམ། །ཞེས་དཀྱིལ་ འཁོར་རྒྱལ་མཆོག་ཟིན་པ་དང་གཙོ་བོའི་སྣ་རྩེར་ཕྲ་མོའི་རྣལ་འབྱོར་སྒོམ་པར་བཤད་པའི་དོན་ནི། སྟེང་གི་སྣ་རྩེར་ཕྱག་མཚན་ཕྲ་མོ་དང་གསང་གནས་ཀྱི་སྣ་རྩེར་ཐིག་ལེ་ཕྲ་མོ་སྒོམ་པ་དང་ཕྱི་མའི་ནང་དུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་སྒོམ་པར་སྒྲོན་གསལ་ 3-2-336a ལས་བཤད་དོ། །འདི་ཡང་གནས་སྐབས་དང་པོ་གཉིས་སུ་ནི། ཕྱག་མཚན་དང་ཐིག་ལེ་ཕྲ་མོ་ཉིད་སྒོམ་ལ་གནས་སྐབས་གསུམ་པ་ནས་ཕྲ་མོའི་ནང་གི་དཀྱིལ་འཁོར་གཉིས་ཀྱང་བསྒོམ་པར་བྱའོ། །སྤྱོད་བསྡུས་སུ་དྲན་པ་གཅིག་ པ་ལ་ལོབས་པའི་འོག་ཏུ་རྟོག་པའི་རྣལ་འབྱོར་ལ་བསླབས་པར་གསུངས་ལ་སྒྲོན་གསལ་ལས། ཡུངས་ཀར་འདི་ཉིད་ལ་རྟོག་པའི་རྣལ་འབྱོར་སློབ་པ་ན་རྒྱུ་བ་དང་ནི་མི་རྒྱུ་བ་རྡོ་རྗེ་སེམས་དཔར་བསམ་མོ། །ཞེས་གསུངས་པས་ཕྱག་མཚན་ཕྲ་མོ་དང་ ཐིག་ལེ་ཕྲ་མོའི་ནང་དུ་རྒྱུ་བ་བཅུད་ཀྱི་ལྷ་དང་མི་རྒྱུ་བ་སྣོད་ཀྱི་གཞལ་ཡས་ཁང་སྒོམ་པ་ནི། དྲན་པ་གཅིག་པ་ལ་ལོབས་ཟིན་པའི་འོག་ཏུ་བྱ་དགོས་ཏེ། འཕགས་ལུགས་པའི་དྲན་པ་གཅིག་པ་ལ་ལོབས་པ་དང་ཡེ་ཤེས་ཞབས་ལུགས་ཀྱི་གནས་ སྐབས་གསུམ་པར་སླེབས་པ་གཉིས་དོན་འདྲའོ། །འཕགས་ལུགས་པས་ནི། གནས་སྐབས་དང་པོ་གཉིས་སུ་སྟེང་སྒོའི་ཕྲ་མོ་སྒོམ་ན་གཙོ་བོའི་ཕྱག་མཚན་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ཡུངས་ཀར་གྱི་ཚད་ཙམ་པ་ཞིག་སྣ་རྩེར་བསམས་ལ་དེ་ལ་རྩེ་གཅིག་ཏུ་ བཟུངས་འོག་སྒོའི་ཕྲ་མོ་སྒོམ་ན་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཞུ་བ་སྣ་རྩེར་ཐིག་ལེ་ཕྲ་མོ་ཡུངས་འབྲུ་ཙམ་ཞིག་བསྒོམ་མོ། །འདི་ཡང་བྱིང་བ་ཤས་ཆེ་ན་སྟེང་གི་སྣ་རྩེར་བསྒོམ་ལ་རྒོད་པ་ཤས་ཆེ་ན་འོག་གི་སྣ་རྩེར་ བསྒོམ་མོ། །སེམས་བརྟན་པའི་ཐབས་སུ་ཐིག་ལེའི་རྣལ་འབྱོར་སྒོམ་པའི་ཚུལ་གཉིས་བཤད་ཟིན་ལ་སྙིང་གར་སྒོམ་པའི་ཚུལ་གཞན་ནི། ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་ཨ་བ་དྷཱུ་ཏཱི་ནས་སོང་ནས་སྤྱི་བོའི་བདེ་ཆེན་གྱི་འཁོར་ལོར་གནས་ 3-2-336b པའི་བྱང་སེམས་ཞུ་བ་ལམ་དེ་ནས་འོངས་ནས་སྙིང་གའི་ཧཱུཾ་ལ་སོགས་པ་ཏིང་ངེ་འཛིན་སེམས་དཔའ་གང་ཡིན་གྱི་ཐིག་ལེ་ལ་ཐིམ་པས་བསམས་ནས་སེམས་འཛིན་པའོ། །ལྟེ་བར་ཐིག་ལེའི་རྣལ་འབྱོར་སྒོམ་པའི་ཚུལ་ནི། ལྟེ་བ་དང་སྙིང་ཁ་དང་མགྲིན་ པ་དང་སྤྱི་བོའི་རྩ་འཁོར་བཞིའི་ལྟེ་བའི་རྩ་མདུད་ཀྱི་བུ་ག་བཞིར་རིམ་པ་བཞིན་དུ། ཨཾ་ཧཱུཾ་ཨོཾ་ཧཾ་བཞི་གསལ་གདབ་བོ། །དེ་ནས་གསང་གནས་ཀྱི་འཁོར་ལོར་གནས་པའི་རླུང་གིས་མེ་བསྐུལ་བའི་གཏུམ་མོའི་རང་བཞིན་ཨ་ཡིག་འབར་བའི་འོད་ཟེར་གྱིས་ ཡི་གེ་གོང་མ་གསུམ་ཞུ་ནས་ལྟེ་བར་ཨཾ་ཡིག་ལ་བབས་ཏེ་དེ་དང་དབྱེར་མེད་པར་གྱུར་ཏེ་ལྷན་ཅིག་སྐྱེས་དགའི་རང་བཞིན་གྱི་ཐིག་ལེར་བལྟས་ལ་སེམས་གཟུང་ངོ༌། །ཐིག་ལེའི་གཟུགས་སུ་སྒོམ་པར་ཤཱཀྱ་སྲུང་བས་ཀྱང་བཤད་དོ། །ལྭ་བ་ པས་འཁོར་ལོ་བཞི་དང་ཡི་གེའི་ཁ་དོག་དང་གནས་ཚུལ་ནི། མས་རིམ་བཞིན་ཁ་དོག་སྣ་ཚོགས་པ་གྱེན་ལྟ་དང་སྔོན་པོ་ཐུར་ལྟ་དང་དམར་པོ་གྱེན་ལྟ་དང་དཀར་པོ་ཐུར་ལྟར་གསུངས་ལ། རྩ་འཁོར་ཡི་གེ་དང་བཅས་པ་ཤིན་ཏུ་གསལ་བར་ བསྒོམ་པར་བཤད་དེ་བསྐྱེད་རིམ་གྱི་ཡན་ལག་ཉིད་དུ་བཞེད་དོ། །དེ་ལྟར་སྒོམ་པ་ཡོངས་སུ་སྨིན་པར་མོས་ནས་ཞེས་འབྱུང་ཡང་ཤཱཀྱ་སྲུང་བས་སྒོམ་པ་ཡོངས་སུ་རྫོགས་པ་ལ་བཤད་པ་ལྟར་ཡིན་པས་དམིགས་པ་སྔ་མ་ལ་སེམས་ཟིན་པ་ན་ ཐིག་ལེ་དེ་ལས་འོད་ཟེར་གྱི་རེ་ཁ་ཕྲ་མོ་མེ་ལྕེ་གཅིག་ཏུ་འབར་བ་ལྟར་གནས་པར་བསྒོམ་མོ། །དེའི་འོད་ཀྱིས་ཞུ་བའི་བདུད་རྩི་འཛག་པས་ཐིག་ལེ་གང་ཞིང་འོད་ཀྱི་རེ་ཁ་ཡང་བསིལ་བར་གྱུར་ཏེ། དེ་ནས་ཐིག་ལེ་ལ་སེམས་རྩེ་གཅིག་པས་ཇི་སྲིད་ 3-2-337a དུ་བརྟན་པ་ཐོབ་པའི་མཚན་མ་མཐོང་བ་དེ་སྲིད་དུ་བསྒོམ་མོ། །བརྟན་པའི་མཚན་མ་མཐོང་བ་ན་འོད་ཟེར་གྱི་རེ་ཁ་དེའི་སྣང་བས་སྣ་ཚོགས་པ་རྣམས་གསལ་བར་བྱེད་པར་བསམ་སྟེ་ཐམས་ཅད་ལག་མཐིལ་གྱི་སྐྱུ་རུ་ར་བཞིན་དུ་ བལྟའོ། །ཏིང་ངེ་འཛིན་ཡང་མྱུར་དུ་རྫོགས་པར་འགྱུར་རོ། །སྙིང་གའི་ཐིག་ལེའི་རྣལ་འབྱོར་གཉིས་དང་ལྟེ་བའི་ཐིག་ལེའི་རྣལ་འབྱོར་ནི། ཨ་བྷྱས་བཤད་དེ་ཡེ་ཤེས་ཞབས་ལུགས་ཀྱི་ཐིག་ལེའི་རྣལ་འབྱོར་མ་རྒྱུད་ལ་ཡང་སྦྱར་བ་ནི་དང་པོའོ། །གསུམ་པ་ནི། སཾ་བྷུ་ཊ་ དང་རྡོ་རྗེ་མཁའ་འགྲོ་སོགས་ལ་བརྟེན་པ་སྟེ། དེ་ཡང་རྩ་འཁོར་བཞི་ལ་ཡི་གེ་རྒྱས་པ་མ་བཀོད་པར་གཙོ་བོ་བཞི་བཀོད་པའི་ལུགས་སོ། །གཉིས་པ་ནི། དེ་ལྟར་གནས་སྐབས་དང་པོ་གཉིས་སུ་ཕྲ་ཐིག་གི་རྣལ་འབྱོར་གྱིས་སེམས་བརྟན་པར་བྱས་ནས་དཀྱིལ་འཁོར་ པའི་ལྷ་དང་དེ་དག་གི་མིག་སོགས་ལ་བཀོད་པའི་ལྷ་རྣམས་ལ་གསལ་སྣང་ལེགས་པར་ཐོན་ཐོན་དུ་སྦྱངས་པའི་མཐར་ཕྲ་མོའི་ནང་དུ་དཀྱིལ་འཁོར་རྫོགས་པར་སྒོམ་ཚུལ་ནི། བཞི་བརྒྱ་ལྔ་བཅུ་པ་ལས། ཡང་ན་རང་རྟགས་ཕྲ་བསྒོམ་པ། །རིག་པའི་སྣ་ཡི་རྩེ་ མོར་གནས། །ཐུབ་པའི་འཁོར་ལོ་རང་རིག་པ། །ཞེས་སོགས་ཀྱིས་གསུངས་ཏེ་ཡུམ་གྱི་སྣ་རྩེར་གཙོ་བོའི་ཕྱག་མཚན་ནས་འབྲུ་ཙམ་གྱི་དབུས་སུ་དཀྱིལ་འཁོར་རྫོགས་པར་སྒོམ་པར་གསུངས་སོ། །དཔལ་འབྲས་རྡོ་རྗེས་ཡབ་ཡུམ་གྱི་གསང་གནས་ཀྱི་སྣ་རྩེ་གཉིས་ གདམ་ང་ཅན་དུ་བཤད་ལ། སྨན་ཞབས་ཀྱིས་ཀྱང་རྡོ་རྗེ་ནོར་བུའི་བུམ་པར་མཚན་མའི་དབུས་སུ་དཀྱིལ་འཁོར་བསྒོམས་ནས་སེམས་བྱིང་ན་སྟེང་གི་སྣ་རྩེར་སྒོམ་པ་མན་ངག་ཡིན་པ་དང༌། རིག་མའི་པདྨར་ཕྱག་མཚན་གྱི་ནང་དུ་བསྒོམས་པ་ན་སེམས་བྱིང་ན་ 3-2-337b རང་གི་རྡོ་རྗེ་རྩེ་ལྔ་པའི་དབུས་མ་ལྕགས་ཀྱུར་གྱུར་པས་དྲངས་ནས་ཡུམ་གྱི་སྣ་རྩེར་སྒོམ་པར་གསུངས་པས་གནས་གཅིག་ཏུ་མ་ངེས་སོ། །འདི་ལ་སྨན་ཞབས་ཀྱིས་ཐུགས་ཀའི་ས་བོན་ཀྱི་འོད་ཟེར་གྱིས་སངས་རྒྱས་རྣམས་བཀུག་པ་བྱང་སེམས་སུ་ཞུ་ནས་གསང་ གནས་སུ་བབས་པ་ཕྱག་མཚན་དུ་གྱུར་པའི་དབུས་སུ་སྒོམ་པར་བཤད་ལ། མན་སྙེ་ལས། དེ་དང་སྔར་བཤད་པའི་ལྟེ་བའི་ཐིག་ལེ་གསང་གནས་སུ་ཕབ་པའི་དབུས་སུ་དཀྱིལ་འཁོར་རྫོགས་པར་སྒོམ་པ་གཉིས་ཀ་ཕྲ་མོའི་རྣལ་འབྱོར་དུ་བཤད་ཅིང་གནས་ཀྱང་ རྡོ་རྗེ་དང་པདྨའི་སྣ་རྩེ་གང་རུང་དུ་བྱ་བར་བཤད་དོ། །སྒྲོན་གསལ་གྱི་བཤད་པའི་ཚིག་ཟིན་ལ་ཐིག་ལེ་ཕྲ་མོའི་ནང་དུ་སྒོམ་པ་དང་ཡུམ་གྱི་པདྨར་སྒོམ་པ་གསལ་ཡང་གསང་གནས་གཉིས་འདྲ་བར་མངོན་ནོ། །དཔལ་འབྲས་རྡོ་རྗེས་ཐིག་ལེའི་རྣལ་འབྱོར་ སྒོམ་པའི་སྒོམ་པ་རྫོགས་ནས་ཕྱག་མཚན་གྱི་ནང་དུ་ལྷ་སྒོམ་པའི་ཕྲ་མོ་སྒོམ་པར་བཤད་ཅིང་སྨན་ཞབས་ཀྱིས་ཀྱང༌། ཡང་ན་ཞེས་པའི་དོན་ཐིག་ལེའི་རྣལ་འབྱོར་བསྒོམས་ནས་སླར་ཡང་སེམས་བརྟན་པའི་དོན་དུ་ཕྲ་མོ་སྒོམ་པར་བཤད་པས་གནས་སྐབས་ གསུམ་པར་སླེབས་པ་དང་ཐིག་ལེའི་རྣལ་འབྱོར་ལ་དྲིལ་ནས་སེམས་བརྟན་པོ་རྙེད་པའི་འོག་ཏུ་ཕྲ་མོ་སྒོམ་པ་ཡིན་ནོ། །དེའི་ཕྱིར་འཕགས་ལུགས་ལའང་སྐབས་དེ་ནས་སྟེང་སྒོའི་མཚན་མ་ཕྲ་མོ་ལ་སེམས་བརྟན་པར་བསླབ། དེ་བརྟན་ནས་མཚན་མའི་སྤྲོ་བསྡུ་ལ་ བསླབ། དེ་ལ་ལོབས་ནས་མཚན་མ་ལྷར་བསྐྱེད་པའི་ལྷའི་སྤྲོ་བསྡུ་ལ་བསླབས་ཟིན་པའི་འོག་ཏུ་གསང་གནས་ཀྱི་སྣ་རྩེར་ལྷ་རྫོགས་པར་སྒོམ་པའི་ཕྲ་མོ་བསྒོམ་པའམ། ཡང་ན་སྟེང་གི་ཕྱག་མཚན་ཕྲ་མོ་ལ་སེམས་བརྟན་པ་དང་འོག་གི་ལྷ་རྫོགས་པར་སྒོམ་པའི་ 3-2-338a ཕྲ་མོ་བསྒོམ་ལ། དེ་བརྟན་པ་ན་སྟེང་སྒོ་ནས་ཕྱག་མཚན་སྤྲོ་བ་དང་འོག་སྒོ་ནས་ལྷ་སྤྲོ་བ་དང་བསྡུ་བ་བྱའོ། །ཕྲ་མོའི་དཀྱིལ་འཁོར་སྐྱེད་ཚུལ་ནི། མན་སྙེ་ལས་ཡུད་ཙམ་གྱིས་སྐྱེད་པར་བཤད་དེ་ཀྲོངས་སྐྱེད་དོ། །དེ་མ་བརྟན་གྱི་བར་དུ་མི་ སྤྲོ་ཞིང་བརྟན་པའི་མཚན་མ་རྙེད་ནས་སྤྲོ་བསྡུ་བྱེད་པ་ནི་ཐམས་ཅད་འདྲའོ། །མཚན་མ་ནི། ཤཱནྟི་པ་དང་སྨན་ཞབས་དང་དཔལ་འབྲས་རྡོ་རྗེ་དང་ཐ་ག་ན་ལ་སོགས་པས་སྨིག་རྒྱུ་དང་དུ་བ་ལ་སོགས་པའི་རྟགས་ལྔ་མཐོང་བ་ལ་བཤད་ལ། སྒྲོན་གསལ་ལས་ བརྟན་པ་ནི། བསྒོམས་པའི་རྡོ་རྗེ་སོགས་མི་འགྱུར་བར་གནས་པ་ལ་བཤད་དོ། །དེ་ཉིད་བསྡུས་པའི་རྒྱུད་ཀྱི་དགོངས་པའང་རགས་པའི་ལྷའི་རྣལ་འབྱོར་གྱི་སྒོམ་པ་རྫོགས་པའི་འོག་ཏུ་ཕྲ་མོ་སྒོམ་པ་ཡིན་ལ་དེའི་ཚད་ནི་དེ་ཉིད་སྣང་བ་ལས། ཕྲ་མོ་བརྟན་ པ་ལ་ཟླ་བ་གཉིས་དང་སྤྲོ་བསྡུ་ལ་ཟླ་བ་གཅིག་བྱ་བར་བཤད་དེ་འདི་ཕྲ་མོ་ལ་དམིགས་ནས་ཞི་གནས་སྒྲུབ་པའི་དབང་དུ་མཛད་པའོ། །དེས་ན་ལས་དང་པོ་པ་དང་ཡེ་ཤེས་ཅུང་ཟད་བབས་པའི་སྐབས་གཉིས་སུ་ཕྲ་ཐིག་སྒོམ་པ་ནི། གཙོ་ཆེར་ཐུན་བཞིའི་ མངོན་རྟོགས་སྒོམ་པ་ལ་བྱིང་རྒོད་གཅད་པའི་ཆེད་ཡིན་ལ་ཕྲ་ཐིག་ལ་དྲིལ་ནས་སེམས་བརྟན་པར་བྱེད་པའི་གནས་པ་སྒྲུབ་ན་ནི་གནས་སྐབས་གསུམ་པ་ནས་བྱེད་པའི་སྐབས་རྣམས་ཕྱེད་པར་བྱ་སྟེ། ཕྲ་ཐིག་བསྒོམས་པའི་དགོས་པ་དང་ས་མཚམས་དང་ ཇི་ལྟར་སྒོམ་པ་འདི་རྣམས་རིམ་པ་དང་པོའི་གདམས་ངག་ཕུལ་བྱུང་དུ་སྣང་བའི་ཕྱིར་རོ། །སྟེང་སྒོའི་ཕྲ་མོ་བརྟན་པ་ན་ལུས་སེམས་ཤིན་ཏུ་སྦྱངས་པ་འཐོབ་པར་ཤཱཀྱ་བཤེས་གཉེན་གྱིས་བཤད་ལ་དེ་ས་སྡེ་ལ་སོགས་པའི་གཞུང་ཆེ་བ་མང་པོར་ཞི་གནས་ 3-2-338b རྙེད་པའི་སྐབས་ལ་བཤད་པས་དེའི་ཚེ་ཞི་གནས་གྲུབ་པ་ཡིན་ནོ། །དེ་ནས་སོ་སོར་རྟོག་པའི་ཤེས་རབ་ཀྱིས་སྤྲོ་བསྡུ་ཡང་ཡང་བྱེད་པ་ནི། གཞུང་གཞན་དང་བསྟུན་ན་ཇི་སྙེད་པ་ལ་དམིགས་པའི་ལྷག་མཐོང་སྐྱོང་བ་དང་འདྲ་བས་དེ་ལྟར་བྱས་པ་དེས་ཞི་ལྷག་ཟུང་ དུ་འབྲེལ་བའི་ཏིང་ངེ་འཛིན་ཕུལ་ཕྱིན་རྙེད་དོ། །དེ་ལྟ་བུའི་རྣལ་འབྱོར་བརྟན་པ་ན་བསྐྱེད་རིམ་མཐར་ཕྱིན་པར་འཇོག་པ་ནི་གསང་འདུས་པ་གཉིས་ཀྱི་ལུགས་སོ། །བླ་མེད་ཀྱི་ཕྲ་ཐིག་གི་སྐབས་སུ་སེམས་ལེགས་པར་ཟིན་པའི་ཚེ་གཡས་གཡོན་གྱི་རླུང་ཕྱིར་ རྒྱུ་བ་ལོག་ནས་ནང་དུ་གནས་ཤིང་དེ་ལ་བརྟན་ནས་སྤྱི་བོ་ནས་ཁམས་བབས་ཏེ་བདེ་བ་ཆེན་པོ་སྐྱེ་ཞིང་སེམས་ཀྱང་བྱིང་རྒོད་དང་བྲལ་བའི་ངང་ནས་དམིགས་པ་ལ་བརྟན་ཆགས་པར་གནས་པའི་ཏིང་ངེ་འཛིན་སྐྱེས་ནས་དུས་རིང་པོར་འདའ་ནུས་པ་ལ་སོགས་པའི་ ཉམས་སྐྱེ་ཚུལ་རྣམས་མངས་པས་འཇིགས་ནས་མ་བྲིས་ཏེ་བླ་མ་ལས་ཤེས་པར་བྱའོ། །གཉིས་པ་ལ་གཉིས། ཡན་ལག་བཞི་དང་རྣལ་འབྱོར་བཞིའི་ཆིངས་དང༌། ཡན་ལག་དྲུག་དང་ཏིང་ངེ་འཛིན་གསུམ་གྱི་ཆིངས་བསྟན་པའོ། །དང་པོ་ནི། བསྐྱེད་རིམ་སྡུད་པར་ བྱེད་པའི་སྤྱིའི་ཆིངས་ཀྱི་དབྱེ་བ་ལ་གསང་འདུས་ནས་བསྙེན་བསྒྲུབ་ཡན་ལག་བཞིར་གསུངས་ཏེ། འདུས་པ་ཕྱི་མ་ལས། རྣལ་འབྱོར་རྒྱུད་ནི་ཐམས་ཅད་དུ། །རྣལ་འབྱོར་པ་ཡིས་རྟག་པར་བསྔགས། །བསྙེན་པའི་ཆོ་ག་དང་པོ་སྟེ། །ཉེ་བར་སྒྲུབ་པ་གཉིས་པ་ཡིན། ། སྒྲུབ་པ་ཡང་ནི་གསུམ་པ་ཡིན། །སྒྲུབ་པ་ཆེན་པོ་བཞི་པའོ། །ཞེས་སོ། །དེ་ལ་བསྙེན་པའི་ཡན་ལག་ནི་འདུས་པའི་རྩ་རྒྱུད་ལས། བསྙེན་པའི་ཏིང་འཛིན་རབ་སྦྱོར་བ། །བྱང་ཆུབ་མཆོག་ནི་བསྒོམ་པར་བྱ། །ཞེས་པས་སྟོན་ཏོ། །རིམ་པ་གཉིས་ཀ་ལ་བསྙེན་པར་ 3-2-339a གསུངས་པའི་བསྙེན་པའི་དོན་ནི། སྒྲོན་གསལ་ལས། བསྙེན་ཅིང་ཐར་པ་འདོད་པ་རྣམས་ཀྱིས་བསླབ་པར་བྱ་བས་ན་བསྙེན་པའོ། །ཞེས་གསུངས་པ་ལྟར་ཡིན་ལ་སྨན་ཞབས་ཀྱིས་ཉེ་བའི་དོན་དུ་བཤད་དོ། །ཐུན་མོང་གི་བསྙེན་པ་ལ་ བཞིར་ཕྱེ་བའི་བསྙེན་པ་ནི། བསྙེན་པའི་སྐད་དོད་ལ་ངེས་ཚིག་གི་བཤད་པ་བྱས་པས་བསྙེན་པར་བྱ་བ་དང་དམིགས་པར་བྱ་བ་ལ་འཇུག་པའི་དོན། སྒྲོལ་གསལ་ལས། མདོར་བསྟན་དུ་དེ་བཞིན་ཉིད་ལ་བཤད་ཀྱང་རྒྱས་བཤད་དུ་བྱང་ཆུབ་ཀྱི་སེམས་ལ་དམིགས་ པ་ལ་བསྙེན་པར་བཤད་པས་འདིས་དམིགས་པར་བྱ་ཞེས་པའི་དོན་ཡིན་གྱི་འདི་དམིགས་པར་བྱ་ཞེས་པའི་དོན་མིན་ནོ། །དེས་ན་བྱང་ཆུབ་ཀྱི་སེམས་སྟོང་པ་ཉིད་ལ་དམིགས་པ་ནི། བསྙེན་པ་ཡིན་ལ་དེ་ཉིད་ལ་རྩེ་གཅིག་ཏུ་བྱེད་ཅིང་སེམས་ལ་འཇོག་པས་ན་ ཏིང་ངེ་འཛིན་ཞེས་བྱའོ། །བྱང་ཆུབ་མཆོག་ནི། ཤཱུ་ནྱཏཱའི་སྔགས་དོན་དཔྱད་པ་ལས་བྱུང་བའི་དེ་བཞིན་ཉིད་ལས་བྱང་ཆུབ་པ་ཡིན་ལ་དེ་སྒོམ་པ་ནི་བསྙེན་པའོ། །དེ་ཁོ་ན་ཉིད་ལ་དམིགས་པའི་བསྙེན་པ་ནི། བསྲུང་འཁོར་གྱི་འོག་ཏུ་སྟོང་ཉིད་སྒོམ་པ་ལ་ཡང་ཐུགས་ རྗེ་ཞབས་འཆད་པ་ལྟར་བྱ་དགོས་པས་ལྷག་མོས་འོད་གསལ་དུ་སྡུད་པའི་སྟོང་ཉིད་སྒོམ་པ་ཁོ་ནར་མ་ངེས་སོ། །རབ་སྦྱོར་བ་ནི། སའི་ཆ་སྐྱེད་པ་ནས་ལྷག་མོས་ལུས་ལ་བསྡུ་བའི་བར་ཏེ་བསྙེན་པའི་ཏིང་ངེ་འཛིན་དང་དེ་དག་རབ་ཏུ་སྦྱོར་བའོ། །སྒྲོན་གསལ་གྱི་ དགོངས་པས་བསྙེན་པའི་ཏིང་ངེ་འཛིན་སྔར་ལྟར་བྱས་ཏེ་བར་པ་རྣམས་དེའི་ཡན་ལག་ཏུ་བསྡུས་ནས་བསྙེན་པའི་ཡན་ལག་ཏུ་འཇོག་པ་ཡིན་ནམ་དཔྱད་དོ། །དེ་ལྟར་ན་ཡེ་ཤེས་ཀྱི་ས་ནས་ལྷག་མོས་ལུས་ལ་བསྡུས་པ་ཡན་ཆད་བསྙེན་པའི་ཡན་ལག་ཏུ་འཇོག་ 3-2-339b པར་རྒྱུད་ཕྱི་མའི་འགྲེལ་པ་དང་ཐུགས་རྗེ་ཞབས་ཀྱིས་བཤད་པ་ཉིད་སྒྲོན་གསལ་གྱི་དགོངས་པའོ། །འདི་དང་བསྟུན་ནས་གཞུང་གཞན་ལ་སྦྱར་ན་སྟོང་ཉིད་སྒོམ་པ་ནས་གཞལ་ཡས་ཁང་གདན་བཅས་སྐྱེད་པའི་བར་ནི་བསྙེན་པའི་ཡན་ལག་གོ། ཉེ་བར་སྒྲུབ་པའི་ ཡན་ལག་ནི། འདུས་པའི་རྩ་རྒྱུད་ལས། ཉེ་བར་སྒྲུབ་པ་གྲུབ་མཆོག་ལ། །རྡོ་རྗེའི་སྐྱེ་མཆེད་རྣམ་པར་དཔྱད། །ཅེས་པས་སྟོན་ནོ། །དེ་ནས་ཉི་མ་སྒོམ་པ་སོགས་བྱས་ནས་སྐུ་རྫོགས་པ་ལས་ཕྱག་རྒྱ་ཆེན་པོའི་གཟུགས་སུ་བསྐྱེད་པ་ནི། ཉེ་བར་སྒྲུབ་པར་སྒྲོན་ གསལ་ལས་བཤད་ཅིང་ནཱ་རོ་པས་ཀྱང་དེ་ལྟར་རོ། །དེ་ལ་ཉེར་སྒྲུབ་ཅེས་གསུངས་པའི་དོན་ནི། ཐུགས་རྗེ་ཞབས་ཀྱིས་ཉེ་བར་ཏེ་གམ་དུ་ཞེས་པ་ནི། ཡོངས་སུ་དག་པའི་ཕྱག་རྒྱ་ཆེན་པོ་དང་ཉེ་བར་དང་པོའི་མགོན་པོ་ཡོངས་སུ་དག་པ་ཙམ་ལ་བལྟོས་པའི་ཕྱིར་ ཕྱག་རྒྱ་ཆེན་པོའོ། །ཞེས་བཤད་དེ་གང་ལ་ཉེ་བའི་ཉེ་ས་ནི། ཡོངས་སུ་དག་པའི་ལྷའི་སྐུ་ཕྱག་རྒྱ་ཆེན་པོ་ཡེ་ཤེས་ཀྱི་སྐུ་ཞེས་པ་ཡིན་ལ་དེ་ལ་ཉེ་བ་ནི། དང་པོའི་མགོན་པོའི་སྐུ་སྟེ་འདི་ཉིད་རྫོགས་རིམ་གྱི་སྐབས་སུ་རླུང་སེམས་ལས་བསྒྲུབས་པའི་ལོངས་ སྐུར་འགྱུར་བས་ཡོངས་སུ་དག་པ་ན་རྫོགས་རིམ་པའི་ཡེ་ཤེས་ཀྱི་སྐུ་ཡིན་ལ། མ་དག་པ་ན་སྔགས་ཀྱི་སྐུ་ཡིན་པས་དག་མ་དག་གི་ཁྱད་པར་ཙམ་མོ། །འོ་ན་དེའི་ལྷག་མ་རྣམས་ཉེར་སྒྲུབ་ཏུ་མི་འཇོག་གམ་སྙམ་ན། སྐལ་ལྡན་གྲགས་པ་ལ་སོགས་པས་ གཞན་དུ་བཤད་ཀྱང༌། ཐུགས་རྗེ་ཞབས་ཀྱིས་ཤིན་ཏུ་རྣལ་འབྱོར་གྱི་བར་ཐམས་ཅད་ཉེར་སྒྲུབ་ཏུ་འཆད་དེ་སྒྲོན་གསལ་གྱི་མདོར་བསྟན་དང་ཤིན་ཏུ་མཐུན་ནོ། །དེ་ལྟ་ན་ལྷག་མ་རྣམས་ལ་ཉེར་སྒྲུབ་ཀྱི་སྒྲ་བཤད་པ་ཇི་ལྟར་ཡོད་སྙམ་ན། དང་པོའི་མགོན་པོ་ 3-2-340a སྐྱེད་པ་ཉེར་སྒྲུབ་དང་དེའི་ལྷག་མ་དེའི་ཡན་ལག་ཏུ་བྱ་བའམ་ཡང་ན་ཉེར་སྒྲུབ་ཀྱི་གཙོ་བོ་དང་ཕལ་པའི་དབང་དུ་བྱས་ནས་ཉེར་སྒྲུབ་ཏུ་བསྡུ་བར་བྱའོ། །གྲུབ་པ་ནི་ཕྱག་རྒྱ་ཆེན་པོའི་སྐུ་གྲུབ་པ་སྟེ་གྲུབ་པ་དེ་ལ་བཀོད་ལ་ཞེས་ཚིག་གི་ ལྷག་མ་གདོན་པར་ཐུགས་རྗེ་ཞབས་ཀྱིས་བཤད་པ་ལྟར་བྱའོ། །རྡོ་རྗེ་ནི། རྣམ་སྣང་ནས་གནོད་མཛེས་ཀྱི་བར་སོ་གཉིས་སོ། །དེའི་སྐྱེ་མཆེད་ནི། གཟུགས་ཕུང་ནས་རྐང་མཐིལ་གྱི་བར་ཡིན་ཏེ་དེ་དག་གིས་ཡི་གེ་འགོད་པའི་གནས་བསྟན་པར་ཐུགས་ རྗེ་ཞབས་འཆད་དོ། །རྣམ་པར་དཔྱད་པ་ནི་ལུས་དཀྱིལ་དགོད་པའི་རྒྱུ་དང་འབྲས་བུ་ཤེས་ནས་འགོད་པའོ། །དང་པོའི་མགོན་པོའི་སྐུ་ལ་འགོད་པ་འདྲ་བ་ཞིག་གསུངས་ཀྱང་སྤྲུལ་སྐུར་བསྒྱུར་བའི་ལུས་ལ་དགོད་དགོས་སོ། །འདི་གཞུང་གཞན་ལ་སྦྱར་ན་ མངོན་བྱང་ལྔས་གཙོ་བོ་བསྐྱེད་པ་ནས་སྐྱེ་མཆེད་བྱིན་གྱིས་བརླབ་པའི་བར་རོ། །སྒྲུབ་པའི་ཡན་ལག་ནི། རྩ་རྒྱུད་ལས། སྔགས་ཀྱི་བདག་པོ་བསྒོམས་པ་ཡིས། །སྒྲུབ་པའི་ཚེ་ན་སྐུལ་བར་གསུངས། ཞེས་པས་སྟོན་ནོ། །སྔགས་ནི། ཨོཾ་ལ་སོགས་པའོ། ། དེའི་བདག་པོ་ནི། སེམས་དཔའ་སུམ་རྩེགས་ཏེ། དེ་དག་སྒོམ་པ་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའི་དོན་དུ་རྡོ་རྗེ་གསུམ་པོ་བསྐུལ་ནས་རང་དང་རྡོ་རྗེ་གསུམ་རོ་མཉམ་པར་སྤྱོད་པའི་དམ་ཚིག་ནི་སྒྲུབ་པའོ། །འདིས་སྒོ་གསུམ་རྡོ་རྗེ་གསུམ་སོ་སོ་དང་ དབྱེར་མེད་པ་དང་སེམས་དཔའ་སུམ་རྩེགས་སུ་སྒྲུབ་པས་ན་སྒྲུབ་པའོ། །སྒྲུབ་པ་ཆེན་པོའི་ཡན་ལག་ནི། རྩ་རྒྱུད་ལས། སྒྲུབ་པ་ཆེན་པོ་བྱེད་པའི་ཚེ། །རང་སྔགས་རྡོ་རྗེ་ཅན་གྱི་གཟུགས། །དབུ་རྒྱན་ལ་ནི་བདག་པོ་བསམ། །ཡེ་ཤེས་རྡོ་རྗེ་འགྲུབ་ 3-2-340b པར་འགྱུར། །ཞེས་པས་སྟོན་ཏོ། །ཡེ་ཤེས་རྡོ་རྗེ་ནི། རང་གི་ལྷའི་རྣལ་འབྱོར་དང་ལྡན་པའི་སྔགས་པས་རྡོ་རྗེ་དང་པདྨ་འདུ་བྱ་བ་སྔོན་དུ་འགྲོ་བའི་སྙོམས་འཇུག་བྱས་ལ་རང་གི་སྔགས་བཛྲ་དྷྲིཀ་ལ་སོགས་པ་ལས་བྱུང་བའི་ལྷ་རྣམས་ནི་རྡོ་རྗེ་ཅན་ནོ། །དེ་རྣམས་ ཀྱི་གཟུགས་ཏེ་ཕྱག་རྒྱ་ཆེན་པོ་བསྒོམས་ནས་རང་གི་རིགས་བདག་གིས་རྒྱས་བཏབ་ནས་བསམས་ན་དངོས་གྲུབ་ཐོབ་པར་འགྱུར་རོ། །སྒྲོན་གསལ་ལས། དཀྱིལ་འཁོར་རྒྱལ་མཆོག་དང་ལས་རྒྱ་ལ་མཆོག་རྣམས་གཞན་དོན་ཆེན་པོ་སྒྲུབ་པས་སྒྲུབ་ཆེན་དུ་ གསུངས་པས་ལས་རྒྱལ་མཆོག་ཀྱང་དེས་མཚོན་ནས་སྒྲུབ་ཆེན་དུ་ཤེས་པར་བྱའོ། །དེ་ལྟར་གསུངས་པའི་ཤུགས་ཀྱིས་ཡན་ལག་དང་པོ་གསུམ་དང་པོ་སྦྱོར་བ་དང་རང་གི་དོན་སྒྲུབ་པའི་ཡན་ལག་ཏུ་བྱའོ། །དེ་ལྟར་བྱས་ན་འཕགས་ལུགས་ཀྱིས་སྦྱོར་བ་ཚོགས་ བསག་དང་བསྲུང་འཁོར་གཉིས་སྒྲུབ་ཐབས་དངོས་ཀྱི་ཡན་ལག་ཡིན་པས་དེ་མ་གཏོགས་པའི་རྟེན་དང་བརྟེན་པའི་རྣལ་འབྱོར་ཐམས་ཅད་སྡུད་པ་ལ་བསྙེན་སྒྲུབ་བཞི་དགོས་པས་བརྟེན་པ་རྐྱང་པ་དང་ལྷ་རེ་རེ་ལ་ཡན་ལག་བཞི་ནི་སྦྱོར་རོ། །ཡེ་ཤེས་ ཞབས་ལུགས་པ་རྣམས་གཙོ་བོ་དང་ཡུམ་དང་དཀྱིལ་འཁོར་རྒྱལ་མཆོག་གི་ལྷ་རྣམས་ལ་སོ་སོར་བསྙེན་སྒྲུབ་ཡན་ལག་བཞི་བཞི་སྦྱོར་ཞིང་དེ་དག་ཀྱང་རིམ་པ་བཞིན་དུ་ཡན་ལག་བཞི་ཆུང་ངུ་དང་འབྲིང་དང་ཆེན་པོར་བཞེད་ལ། ལས་རྒྱ་ལ་མཆོག་ གི་སྐབས་སུ་ཡང་ཆུང་འབྲིང་ཆེ་གསུམ་སྦྱོར་རོ། །བསྙེན་པ་ནི། དམ་ཚིག་པ་བསྐྱེད་པ་དང་ཉེར་སྒྲུབ་ནི། སྐྱེ་མཆེད་བྱིན་གྱིས་རློབ་པ་དང་སྒྲུབ་པ་ནི། སྐུ་གསུང་ཐུགས་བྱིན་བརླབས་དང་སྒྲུབ་ཆེན་ནི་དབང་བསྐུར་ནས་རིགས་བདག་གིས་རྒྱས་བཏབ་པ་ལ་མཛད་ 3-2-341a དོ། །དེ་ཡང་སྲིད་ཞིར་མི་གནས་པ་ལ་ཉེ་བས་ན་བསྙེན་པ་དང་སྒྲུབ་པ་དང་ཉེ་བས་ཉེར་སྒྲུབ་དང་སྒོ་གསུམ་སྐུ་གསུམ་དུ་སྒྲུབ་པས་སྒྲུབ་པ་དང་ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བ་ནི། སྒྲུབ་ཆེན་ཏེ་སྒྲུབ་པ་ལས་ ཁྱད་པར་དུ་འཕགས་པའི་ཕྱིར་རོ་ཞེས་སྨན་པའི་ཞབས་ཀྱིས་བཤད་དོ། །དེ་དག་གི་བཞེད་པ་ལྟར་ན་ལྷ་རེ་རེ་བའི་བསྐྱེད་རིམ་ལ་ཡང་བསྙེན་སྒྲུབ་ཡན་ལག་བཞི་ཡོད་དོ། །འོན་ཀྱང་བསྙེན་སྒྲུབ་ཡན་ལག་བཞི་རྫོགས་པ་ལ་ཆུང་འབྲིང་ ཆེན་པོ་གསུམ་ག་དགོས་པས་དེ་ལ་ནི་དཀྱིལ་འཁོར་གྱི་འཁོར་ལོའི་བསྐྱེད་རིམ་དགོས་སོ། །དེ་རྣམས་ནི་རྣལ་འབྱོར་རྒྱུད་ནས་བཤད་པའི་བསྐྱེད་རིམ་སྡུད་པའི་སྤྱི་ཆིངས་ཀྱི་དབྱེ་བ་ཡིན་ལ་ཕ་རྒྱུད་དང་ཕྱོགས་མཐུན་པའི་དགྲ་ནག་གི་རྒྱུད་ལས་ ནི་བསྐྱེད་རིམ་སྡུད་པའི་སྤྱི་ཆིངས་བཞིར་མཛད་དེ་ཇི་སྐད་དུ། དང་པོར་སྒོམ་པ་རྣལ་འབྱོར་ཏེ། །གཉིས་པ་རྗེས་ཀྱི་རྣལ་འབྱོར་ཡིན། །གསུམ་པ་ཤིན་ཏུ་རྣལ་འབྱོར་ཏེ། །བཞི་པ་རྣལ་འབྱོར་ཆེན་པོའོ། །ཞེས་སོ། །དེ་དག་གི་རྒྱས་བཤད་ཀྱང་ རྒྱུད་དེ་ཉིད་ལས། རྡོ་རྗེ་སེམས་དཔའ་རྫོགས་པ་ནི། །རྣལ་འབྱོར་ཡིན་པར་འདི་ལྟར་འདོད། །དེ་ཡི་རྒྱུ་མཐུན་ལྷ་ཡི་སྐུ། །རྗེས་ཀྱི་རྣལ་འབྱོར་ཡིན་པར་གྲགས། །འཁོར་ལོ་ཐམས་ཅད་ཡོངས་རྫོགས་པ། །ཤིན་ཏུ་རྣལ་འབྱོར་ཡིན་པར་ འདོད། །སྐུ་དང་གསུང་དང་ཐུགས་རྣམས་དང༌། །ལྷ་ཡི་མིག་སོགས་བྱིན་བརླབ་དང༌། །ཡེ་ཤེས་འཁོར་ལོ་གཞུག་པ་དང༌། །མཆོད་དང་བསྟོད་པ་ཆེན་པོ་ནི། རྣལ་འབྱོར་ཆེན་པོ་ཞེས་བྱའོ། ཞེས་གསུངས་ཏེ་དམར་པོའི་རྒྱུད་ལེའུ་བཅུ་དགུ་པ་ 3-2-341b ལས་ཀྱང་དེ་ཁོ་ན་བཞིན་དུ་གསུངས་སོ། །དེ་ལ་སྤྱིར་རྣལ་འབྱོར་གྱི་དོན་ནི་འདུས་པ་ཕྱི་མ་ལས་གསུངས་པ་ལྟར་ཐབས་ཤེས་དང་དབྱེར་མེད་དུ་སྦྱོར་བ་ཡིན་ལ་འདིར་ནི། མངོན་བྱང་ལྔ་ལས་བསྒྲུབས་པའི་ཆོས་དབྱིངས་ཡེ་ཤེས་ཀྱི་རང་བཞིན་ཅན་རྒྱུ་རྡོ་རྗེ་ འཛིན་པའི་ཏིང་ངེ་འཛིན་ཏོ། །རྗེས་སུ་རྣལ་འབྱོར་ནི་རྗེས་སུའི་དོན་འདྲ་བ་ལ་ཤཱནྟི་པས་བཤད་པས་རྣལ་འབྱོར་སྔ་མ་དང་འདྲ་བ་ལ་བྱ་སྟེ་འབྲས་བུ་རྡོ་རྗེ་འཛིན་པའི་རྣལ་འབྱོར་རོ། །དེ་དག་ལས་ཀྱང་ལྷའི་རྣལ་འབྱོར་ཤིན་ཏུ་རྒྱས་པར་གྱུར་པ་ནི། ཤིན་ཏུ་རྣལ་ འབྱོར་ཏེ་ཡབ་ཡུམ་སྙོམས་པར་ཞུགས་ནས་པདྨར་བསྐྱེད་པའི་ལྷའི་འཁོར་ལོ་སྤྲོས་ནས་རང་གནས་སུ་བཀོད་པའི་འཁོར་ལོ་རྫོགས་པའོ། །དེ་ནས་སྐུ་གསུང་ཐུགས་ལ་སོགས་པ་བྱིན་གྱིས་རློབ་ཅིང་ཡེ་ཤེས་པ་གཞུག་པ་དང་དབང་བསྐུར་རྒྱས་གདབ་དང་ མཆོད་བསྟོད་བདུད་རྩི་མྱང་བ་དང་བཟླས་པ་བྱས་ནས་ཡེ་ཤེས་ཀྱི་འཁོར་ལོ་གཤེགས་སུ་གསོལ་ཞིང་དམ་ཚིག་པ་བསྡུས་པའི་བར་ལ་རྣལ་འབྱོར་ཆེན་པོར་དཔལ་འཛིན་གྱིས་བཤད་དེ་ཐུན་མཚམས་ཀྱི་རྣལ་འབྱོར་མ་བསྡུས་ལ་སྦྱོར་བ་ཚོགས་བསག་ དང་བསྲུང་འཁོར་དང་རྟེན་སྐྱེད་པ་རྣལ་འབྱོར་བཞིར་མ་བསྡུས་སོ། །གཞོན་ནུ་ཟླ་བས་ཚོགས་ཞིང་སྤྱན་འདྲེན་ནས་རྒྱུ་རྡོ་རྗེ་འཛིན་པའི་བར་རྣལ་འབྱོར་དུ་བསྡུས་སོ། །མདོར་བྱས་ལས་ནི། དང་པོ་སྦྱོར་བ་ཉིད་ལ་རྣལ་འབྱོར་བཞིར་མཛད་དེ་རྒྱུད་རྡོར་ཕྲེང་གི་ ལུགས་སོ། །འདི་ཡང་ལྷ་རེ་རེ་བ་ལ་མི་འཇུག་པས་ཕལ་ཆེར་དཀྱིལ་འཁོར་གྱི་འཁོར་ལོ་སྒོམ་པའི་དབང་དུ་མཛད་དོ། །གཉིས་པ་ནི། མ་རྒྱུད་ཀྱི་ལུགས་ཀྱིས་བསྐྱེད་རིམ་སྡུད་པའི་སྤྱི་ཆིངས་ཀྱི་དབྱེ་བ་བྱེད་ལུགས་ནི་གུར་གྱི་བདུན་པ་ལས། སངས་ 3-2-342a རྒྱས་གནས་གཞི་རྫོགས་བྱས་ལ། །ཀུན་ཏུ་བཟང་པོ་བདེན་པའི་དངོས། །རྣམ་པ་ལྔ་པོ་བསྒོམས་བྱས་ཏེ། །རང་ལྷག་ལྷ་ཡི་སྒྲུབ་ཐབས་བྱ། །དེ་བཞིན་དཀྱིལ་འཁོར་རྣམ་བཀོད་ལ། །མཆོད་བསྟོད་བདུད་རྩི་ལ་སོགས་ པར། །རིམ་པ་འདི་ཡིས་བསྒོམས་བྱས་ན། །ཡན་ལག་དྲུག་གི་སྦྱོར་བར་འདོད། །ཅེས་ཡན་ལག་དྲུག་ཏུ་བསྡུས་ལ་དེའི་དོན་ནི། གྲུབ་ཐོབ་མི་ཐུབ་ཟླ་བས། རྡོ་རྗེ་རྗེས་སུ་ཆགས་བྱེད་དང༌། །སངས་རྒྱས་གཞལ་མེད་བྱེ་བྲག་བསྒོམ། །དབང་ བསྐུར་བདུད་རྩི་མྱང་བ་དང༌། །མཆོད་བསྟོད་ཡན་ལག་དྲུག་པ་བསྒོམ། །ཡན་ལག་དྲུག་སྒོམ་རྣལ་འབྱོར་གང༌། །དེས་ནི་མྱུར་དུ་དངོས་གྲུབ་འཐོབ། །ཕོ་བྲང་སངས་རྒྱས་རྣམ་སྣང་མཛད། །དབང་ནི་མི་བསྐྱོད་དེ་བཞིན་གཤེགས། །བདུད་ རྩི་མྱང་བ་འོད་དཔག་མེད། །བསྟོད་པའི་རིན་ཆེན་འབྱུང་ལྡན་དཔལ། །མཆོད་པ་དོན་ཡོད་ཡང་དག་མཆོད། །རྗེས་ཆགས་རྡོ་རྗེ་སེམས་དཔའོ། །ཞེས་རིགས་དྲུག་གི་སྒོ་ནས་ཡན་ལག་དྲུག་ཏུ་མཛད་དོ། །དེ་ལ་གུར་ལས། ཆོས་ཀྱི་འབྱུང་གནས་ རྣམ་པར་བསྒོམ། །དེ་ལ་སངས་རྒྱས་གནས་བསམ་སྟེ། །ཞེས་དང༌། རྒྱལ་ཆེན་རྣམ་པར་སྣང་མཛད་དེ། །ཆོས་དབྱིངས་ཡི་གེ་ལས་སྐྱེས་པ། །དེས་ནི་སངས་རྒྱས་གནས་དགོད་བྱ། །ཞེས་གསུངས་པས་རྣམ་སྣང་ལས་བྱུང་བའི་སངས་རྒྱས་ ཀྱི་གནས་གཞལ་ཡང་ཁང་སྒོམ་པ་ནི། ཡན་ལག་དང་པོའོ། །དེའི་རྒྱུ་མཚན་ནི་གཟུགས་ལུས་སེམས་ཀྱི་རྟེན་ཡིན་ལ་རྣམ་སྣང་ཡང་དེ་བཞིན་གཤེགས་པ་རྣམས་ཀྱི་གཟུགས་ཕུང་གི་ངོ་བོ་ཡིན་པས་དེས་རྟེན་གཞལ་ཡས་ཁང་སྐྱེད་པའོ། ། 3-2-342b ཡན་ལག་གཉིས་པ་ནི། གུར་ལས་རྣམ་པ་ལྔ་པོ་བསྒོམ་པར་བྱ། །དང་པོར་སྐྱེས་བུ་བསམ་དེ་ནས། །མཁའ་འགྲོ་མ་ཡི་འཁོར་ལོ་སྤྲོ། །དྲི་ཟ་རབ་ཏུ་ཞུགས་པ་ནི། །ལྟུང་སྟེ་ཞུ་བ་རྗེས་དྲན་པ། །མཚམས་ཀྱི་ལྷ་མོ་རྣམས་ཀྱིས་བསྐུལ། །བསྐུལ་ནས་འཁོར་ལོའི་ འདྲེན་པ་ནི། །མིག་ལ་སོགས་ལ་གཏི་མུག་སོགས། །རྡོ་རྗེ་གསུམ་པོ་གནས་གསུམ་དགོད། །དེ་ནས་རྡོ་རྗེ་རྗེས་ཆགས་ཏེ། །ཡེ་ཤེས་དངོས་པོ་རབ་བཅུག་ལ། །ཞེས་གསུངས་པའི་བར་གྱིས་བསྟན་ཏོ། །ཡན་ལག་དྲུག་པར་མངོན་བྱང་ལྔ་ལས་རྒྱུ་རྡོ་རྗེ་ འཛིན་པ་ཡབ་ཡུམ་བསྐྱེད་པའི་འོག་ཏུ་གསང་གནས་གཉིས་བྱིན་གྱིས་བརླབས་ནས་རྗེས་ཆགས་ཀྱི་ང་རྒྱལ་བྱས་པའི་འོག་ཏུ་འཁོར་གྱི་ལྷ་མོ་ཕྱུང་ནས་གནས་སུ་བཀོད། ཞུ་བ་གླུས་བསྐུལ་ཏེ་བཞེངས་པ་ལ་ཡེ་ཤེས་པ་བཅུག་ནས་མིག་སོགས་བྱིན་གྱིས་རློབ་ པ་མཛད་ཀྱང་དེ་རྣམས་རྗེས་ཆགས་ཀྱི་ཡན་ལག་ཏུ་འདུ་བར་མི་བཞེད་པ་མིན་ནོ། །དེ་ལྟར་ན་བརྟེན་པའི་ལྷ་སྐྱེད་པའི་དང་པོ་མངོན་བྱང་ལྔ་སྒོམ་པ་ནས་དམ་ཚིག་པའི་འཁོར་ལོ་རྫོགས་པར་བསྐྱེད་པ་ལ་ཡེ་ཤེས་པ་བཅུག་ནས་བྱིན་གྱིས་བརླབས་པའི་བར་ ཐམས་ཅད་ནི། རྡོ་རྗེ་སེམས་དཔའ་དང་དེས་རྗེས་སུ་ཆགས་པའི་ང་རྒྱལ་མཛད་ནས་རང་ལས་ཕྱུང་བའི་འཁོར་ལོ་ཡིན་པས་ཡན་ལག་གཉིས་པའོ། །རྗེས་ཆགས་རྡོ་རྗེ་སེམས་དཔའི་སྒོ་ནས་མཛད་པའི་རྒྱུ་མཚན་ནི། རྗེས་ཆགས་མཛད་པ་ནི་སྐབས་འདིར་འཁོར་ གྱི་ལྷ་ཡབ་ཡུམ་གྱི་བྱང་སེམས་ལས་སྤྲུལ་བའི་ཆེད་ཡིན་ལ་དེའི་ཕྱིར་གཙོ་བོས་རྗེས་ཆགས་བྱ་དགོས་ཤིང་དེ་ཉིད་ཀྱང་རྡོར་སེམས་སུ་བཞེད་པའི་ཕྱིར་རོ། །ཡན་ལག་བཞི་ནི། གུར་ལས། རིག་མ་བརྒྱད་རྣམས་ཀྱིས་དབང་བསྐུར། །བདུད་རྩི་ཡང་ནི་ 3-2-343a མྱང་བྱ་ཞིང༌། །ལྷ་མོ་བརྒྱད་རྣམས་ཀྱིས་མཆོད་ཉིད། །འཁོར་ལོའི་འདྲེན་པ་ལ་བསྟོད་བྱའོ། །ཞེས་གསུངས་པའི་རྐང་པ་རེ་རེས་བསྟན་ཏོ། །དབང་བསྐུར་བ་མི་བསྐྱོད་པའི་སྒོ་ནས་བྱེད་པ་ནི། འདིའི་དབང་ཆུ་དབང་ཡིན་ལ་དེ་མི་ བསྐྱོད་པའི་ངོ་བོ་ཡིན་པའི་ཕྱིར་རོ། །བདུད་རྩི་མྱང་བ་འོད་དཔག་མེད་ཀྱི་སྒོ་ནས་བྱེད་པ་ནི། འོད་དཔག་མེད་གསུང་རྡོ་རྗེ་ཡིན་ལ་བདུད་རྩི་མྱངས་པས་གསུང་རྡོ་རྗེ་ཚིམ་པར་བྱེད་པའི་ཕྱིར་རོ། །མཆོད་པ་དོན་གྲུབ་ཀྱི་སྒོ་ནས་བྱེད་པ་ནི། དོན་གྲུབ་ལས་ཀྱི་རིགས་ ཡིན་པས་སངས་རྒྱས་མཆོད་པ་དང་སེམས་ཅན་གྱི་དོན་བྱ་བའི་ལས་རྣམས་ལ་དེ་དབང་བ་ཡིན་པའི་ཕྱིར་རོ། །བསྟོད་པ་རིན་འབྱུང་གི་སྒོ་ནས་བྱེད་པ་ནི། བསྟོད་པ་ནི་ཡོན་ཏན་བརྗོད་པ་ཡིན་ལ་སྐུ་གསུང་ཐུགས་དང་འཕྲིན་ལས་དང་ཡོན་ཏན་ལྔར་བྱས་པའི་ཚེ་རིན་ འབྱུང་ཡོན་ཏན་ཡིན་པའི་ཕྱིར་རོ། །དེ་ལྔ་དབྱེར་མི་ཕྱེད་པ་རྡོར་སེམས་ཡིན་པས་རིགས་དྲུག་གི་སྒོ་ནས་རྟེན་དང་བརྟེན་པའི་རྣལ་འབྱོར་ཐམས་ཅད་བསྡུས་ཏེ་ལྷག་མ་བཟླས་པ་ལ་སོགས་པ་ཡང་དེ་དག་གིས་མཚོན་ནས་དེ་དག་ཏུ་འདུ་བའི་ཕྱིར་རོ། །རྣལ་འབྱོར་ དང་རྣལ་འབྱོར་མའི་རྒྱུད་གཉིས་ཀའི་ཐུན་མོང་གི་བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས་ནི། བསྐྱེད་རིམ་སྡུད་པའི་སྤྱི་ཆིངས་ཀྱི་དབྱེ་བ་དང་པོ་སྦྱོར་བ་དང་དཀྱིལ་འཁོར་རྒྱལ་མཆོག་དང་ལས་རྒྱལ་མཆོག་སྟེ་ཏིང་ངེ་འཛིན་གསུམ་དུ་བསྡུས་ཏེ། ཇི་སྐད་དུ། རྣལ་ འབྱོར་རྗེས་སུ་རྣལ་འབྱོར་དང༌། །ཤིན་ཏུ་རྣལ་འབྱོར་རྣལ་འབྱོར་ཆེ། །དང་པོའི་སྦྱོར་བ་མདོར་བསྡུས་པས། །དེ་བཞིན་དཀྱིལ་འཁོར་རྒྱལ་པོ་མཆོག །ལས་ཀྱི་རྒྱལ་མཆོག་རྣལ་འབྱོར་མཆོག །ཅེས་གསུངས་ཏེ་རྒྱལ་མཆོག་གཉིས་ཀྱི་རྣལ་ 3-2-343b འབྱོར་གཉིས་རྣལ་འབྱོར་བཞི་ལ་བསྣན་པས་རྣལ་འབྱོར་དྲུག་ཡིན་ལ། དང་པོ་བཞི་དང་པོ་སྦྱོར་བར་བསྡུས་པས་ཏིང་ངེ་འཛིན་ནམ་རྣལ་འབྱོར་གསུམ་ཞེས་བྱའོ། །ཏིང་ངེ་འཛིན་གསུམ་པོ་འདིས་སྒྲུབ་ཐབས་ཀྱི་ཆིངས་བྱས་པ་ནི་མ་རྒྱུད་ལའང་དུ་མ་ཞིག་ ཡོད་དོ། །དེ་དག་ཀྱང་རྣལ་འབྱོར་རྒྱུད་དང་མ་རྒྱུད་དང་ཐུན་མོང་གི་རྒྱུད་ནས་ཐ་སྙད་དེ་དག་དངོས་སུ་སྦྱར་བའི་དབང་དུ་བྱས་ཀྱི་བསྙེན་སྒྲུབ་བཞི་དང་ཡན་ལག་དྲུག་ལ་སོགས་པའི་དོན་རྣམས་ཕན་ཚུན་རྗེས་སུ་མི་འགྲོ་བ་ནི་མ་ཡིན་ནོ། །ཏིང་ངེ་འཛིན་ གསུམ་ལ་བླ་མེད་ཀྱི་དབང་དུ་བྱས་ན་དང་པོ་སྦྱོར་བ་ནི་དཀྱིལ་འཁོར་པའི་ལྷ་སྤྲུལ་པ་པོ་གཙོ་བོ་ཡབ་ཡུམ་གྱི་ཏིང་ངེ་འཛིན་ཏེ་ལྷག་མ་གཉིས་ཀྱི་ཐོག་མར་བྱུང་བས་དང་པོ་དང༌། ཐབས་ཤེས་གཉིས་མེད་དུ་སྦྱོར་བས་སྦྱོར་བའོ། །འདི་ཡང་གཙོ་བོ་སྨོས་ཀྱི་རྟེན་ སྐྱེད་པ་ནས་ཡབ་ཡུམ་སྐྱེད་པའི་བར་ཐམས་ཅད་འདིར་བསྡུའོ། །དེ་གཉིས་ཀྱིས་བྱང་ཆུབ་ཀྱི་སེམས་ལས་སྤྲུལ་པའི་དཀྱིལ་འཁོར་པའི་ལྷ་རྫོགས་ནས་རང་གནས་སུ་བཀོད་པ་ནི། དཀྱིལ་འཁོར་ལ་དགོད་བྱའི་འཁོར་ལོ་ཡོངས་སུ་རྫོགས་པས་དཀྱིལ་ འཁོར་གྱི་རྒྱལ་པོ་མཆོག་གོ། དེའི་འོག་ཏུ་ལྷ་རྣམས་ཀྱིས་ཞིང་སྦྱོང་བ་སོགས་ཀྱི་མཛད་པ་མཛད་པ་ནི། ལས་ཀྱི་རྒྱལ་པོ་མཆོག་གོ། དེ་ལ་འཕགས་ལུགས་པ་ལྟར་ན་དང་པོ་སྦྱོར་བ་ཡན་ཆད་ལ་སྐུ་གསུམ་གྱི་སྐྱེད་ཆོག་རྒྱས་པར་ཡོད་པས་རང་གི་དོན་ཕུན་ ཚོགས་སུ་གསུངས་ཏེ་བསྙེན་སྒྲུབ་ཡན་ལག་བཞིའི་དང་པོ་གསུམ་ཡང་དེར་བསྡུས་སོ། །རྒྱལ་མཆོག་གཉིས་ནི། སངས་རྒྱས་ནས་ཀྱི་མཛད་པ་ཡིན་ལ་སྒྲུབ་ཆེན་ཡང་དེ་ཉིད་དོ། །དེའི་ཕྱིར་འབྲས་དུས་ཀྱི་ཞིང་དང་སྐུ་དང་མཛད་པ་རྣམས་ལམ་དུ་བྱེད་པའི་ 3-2-344a དབང་དུ་བྱས་ནས་ཏིང་ངེ་འཛིན་གསུམ་དང་བསྙེན་སྒྲུབ་ཡན་ལག་བཞིའི་སྒོ་ནས་ཆིངས་མཛད་དེ་སྦྱང་གཞི་སྦྱོང་བ་དང་རྫོགས་རིམ་སྒྲུབ་པ་ལ་བལྟོས་ནས་ཀྱང་བཞག་པའི་གནད་རྣམས་རྒྱས་པར་ནི་རྣམ་གཞག་རིམ་པའི་ རྣམ་བཤད་དུ་བཤད་ཟིན་ཏོ། །ཤཱནྟི་པ་ལ་སོགས་པ་མང་པོས་ཏིང་ངེ་འཛིན་གསུམ་རིན་པ་བཞིན་དུ་ངོ་བོ་ཉིད་ཀྱི་སྐུ་དང་ལོངས་སྐུ་དང་སྤྲུལ་སྐུ་དང་སྦྱར་ཏེ་དེ་དག་གི་ལྟར་ན་སྐུ་གསུམ་ལམ་དུ་བྱ་བའི་ཕྱིར་ཏིང་ངེ་འཛིན་གསུམ་ཉམས་སུ་ལེན་པའོ། ། དེ་ཡང་དང་པོ་སྦྱོར་བ་ནི། རང་གི་དོན་ཐོག་མར་གྲུབ་པ་ལྷའི་ཚོགས་སྤྲུལ་བྱེད་ཡིན་པས་ངོ་བོ་ཉིད་སྐུའམ་ཆོས་སྐུར་བྱས་ལ་དེའི་དབང་གིས་བྱུང་བའི་གཞན་དོན་སྒྲུབ་བྱེད་ཀྱི་གཟུགས་སྐུ་ཐོག་མར་བྱུང་བ་རྣམས་ཡིན་པས་དཀྱིལ་འཁོར་རྒྱལ་མཆོག་ ལོངས་སྐུ་དང་དེས་རང་གནས་ན་གནས་བཞིན་དུ་རང་རང་ལས་སྤྲོས་པའི་ལྷའི་ཚོགས་ཀྱིས་ཕྱོགས་བཅུར་སེམས་ཅན་གྱི་དོན་མཛད་པས་ལས་རྒྱལ་མཆོག་སྤྲུལ་སྐུར་བཞག་པའོ། །རིམ་པ་དང་པོའི་རྣལ་འབྱོར་རྣམས་རིགས་དྲུག་གི་དབང་དུ་བྱས་ པ་ལས་མི་འདའ་བར་ཤེས་པའི་དོན་དུ་ཡན་ལག་དྲུག་གི་ཆིངས་མཛད་དོ། །བསྐྱེད་རིམ་དངོས་གཞིའི་རྣལ་འབྱོར་ཐམས་ཅད་རྣལ་འབྱོར་བཞིར་བསྡུས་པ་ནི། རྣལ་འབྱོར་དང་པོ་གཉིས་གཙོ་བོ་ཡབ་ཡུམ་སྒྲུབ་པ་ཆུང་ངུ་དང༌། དེའི་སྟེང་དུ་ལྷའི་ འཁོར་ལོ་རྫོགས་པར་སྒྲུབ་པ་བསྣན་པས་རྣལ་འབྱོར་གསུམ་པ་རྣལ་འབྱོར་འབྲིང་དང༌། ཐ་མས་ཡེ་ཤེས་པ་དང་རོ་མཉམ་དུ་སྒྲུབ་ཅིང་མིག་སོགས་བྱིན་གྱིས་རློབ་པ་སོགས་བྱེད་པས་རྣལ་འབྱོར་ཆེན་པོར་བཞག་སྟེ། རིམ་པ་དང་པོ་ལ་རང་གི་མི་ 3-2-344b མཐུན་ཕྱོགས་སེལ་བའི་ནུས་པ་ཆུང་འབྲིང་ཆེ་གསུམ་ཡོད་པ་ཤེས་པའི་དོན་དུའོ། །ཡེ་ཤེས་ཞབས་ལུགས་ཀྱིས་ཆུང་འབྲིང་ཆེ་གསུམ་བཞག་པ་ཡང་སྔ་མ་སྔ་མའི་སྟེང་དུ་ཕྱི་མ་ཕྱི་མ་བསྣན་པས་མི་མཐུན་ཕྱོགས་རགས་པ་དང་འབྲིང་དང་ཆུང་ངུ་སེལ་བའི་དབང་དུ་བྱས་ པར་སྨན་ཞབས་ཀྱིས་བཤད་པ་དང་འདྲའམ་སྙམ་མོ། །ཡན་ལག་བདུན་ལྡན་ལམ་དུ་བྱེད་པའི་སྒོ་ནས་བསྐྱེད་རིམ་གྱི་རྣམ་དབྱེ་མཛད་པའི་ཡེ་ཤེས་ཞབས་ལུགས་ཀྱང་གནད་ཤིན་ཏུ་ཆེ་སྟེ་སྔར་བཤད་ཟིན་ཏོ། །དེ་དག་ནི། རིམ་པ་དང་པོའི་ཆིངས་རྨད་དུ་བྱུང་བ་ རྣམས་ཡིན་པས་དེ་དག་ལ་གཞི་བྱས་ནས་དཔྱད་ན་རིམ་པ་དང་པོའི་གནད་རྫོགས་མ་རྫོགས་ཀྱི་མཚམས་རྣམས་ཤེས་པར་འགྱུར་རོ། །གསུམ་པ་ནི། འོ་ན་རིམ་པ་དང་པོའི་སྐབས་སུ་སྣང་ཕྱོགས་ལྷའི་འཁོར་ལོ་ཙམ་ཞིག་བསྒོམས་ནས་སྟོང་ཉིད་རིམ་ པ་གཉིས་པའི་སྐབས་སུ་གཙོ་བོར་བསྒོམ་དགོས་པས་དེས་ཆོག་གམ་མི་ཆོག་སྙམ་ན། བཤད་པར་བྱ་སྟེ་རིམ་པ་དང་པོའི་སྐབས་སུ་སྟོང་ཉིད་སྒོམ་པ་ནི། ཤིན་ཏུ་དགོས་ཏེ་རིམ་པ་དང་པོ་ནི་རྫོགས་རིམ་གྱི་རྟོགས་པ་ཡོངས་རྫོགས་སྐྱེ་བའི་ཐབས་ཀྱི་རྒྱུད་ སྨིན་བྱེད་ཡིན་ལ་སྟོང་ཉིད་མ་བསྒོམས་ན་དེ་ལྟ་བུའི་སྨིན་པ་སྒྲུབ་མི་ནུས་པའི་ཕྱིར་རོ། །སྔགས་ཀྱི་ཐེག་པར་ནི། རྒྱུད་སྡེ་དུ་མ་ནས་སྣང་ཕྱོགས་ལྷའི་འཁོར་ལོ་སྐྱེད་པའི་སྔ་རོལ་ཏུ་སྭ་བྷཱ་བ་ལ་སོགས་པའི་སྔགས་བརྗོད་ནས་སྔགས་ཀྱི་དོན་བདག་ མེད་པའི་དོན་དམ་པ་སྒོམ་པར་གསུངས་པས་ཐོག་མ་ནས་བྱ་དགོས་པར་གསུངས་པའི་ཕྱིར་དང༌། རིམ་པ་དང་པོའི་སྐབས་སུ་སྐུ་གསུམ་ག་ལམ་དུ་བྱ་དགོས་པས་ཆོས་སྐུ་ལམ་བྱེད་ལ་སྟོང་ཉིད་སྒོམ་དགོས་པའི་ཕྱིར་དང་སྦྱང་གཞི་སྐྱེ་འཆི་བར་དོ་ 3-2-345a གསུམ་ཀ་སྦྱང་དགོས་པས་འཆི་བ་སྦྱོང་བ་ལ་སྟོང་ཉིད་སྒོམ་དགོས་པའི་ཕྱིར་དང༌། རྟེན་དང་བརྟེན་པའི་རྣལ་འབྱོར་ལ་སོགས་པ་ཐམས་ཅད་སྒྱུ་མ་ལྟ་བུའི་ངང་ནས་བྱ་དགོས་པར་རྒྱུད་དང་བསྟན་བཅོས་མཐའ་ཡས་པ་ལས་ལན་ཅིག་ མ་ཡིན་པར་གསུངས་པའི་ཕྱིར་རོ། །དེ་ལྟར་ཡང་རིམ་ལྔ་ལས། སྔགས་དང་ཕྱག་རྒྱའི་སྦྱོར་བ་དང༌། །དཀྱིལ་འཁོར་ལ་སོགས་རྣམ་རྟོག་དང༌། །སྦྱིན་སྲེག་གཏོར་མའི་བྱ་བ་ཀུན། །རྟག་ཏུ་སྒྱུ་མ་བཞིན་དུ་བྱ། །ཞི་བ་དང་ནི་རྒྱས་པའམ། །དེ་བཞིན་ དབང་དང་མངོན་སྤྱོད་དང༌། །དགུག་སོགས་གང་ཡང་རུང་བ་ཀུན། །དབང་པོའི་གཞུ་དང་མཚུངས་པར་བྱ། །སྒེག་སོགས་ཉེ་བར་སྤྱོད་པ་དང༌། །གླུ་དང་རོལ་མོ་སོགས་སྟེན་དང༌། །སྒྱུ་རྩལ་རྣམས་ལ་རབ་འཇུག་པ། །ཆུ་ཟླ་བཞིན་དུ་རབ་ཏུ་བྱ། །གཟུགས་ དང་སྒྲ་དང་དེ་བཞིན་དྲི། །རོ་དང་རེག་བྱ་ཉིད་དག་ལ། །མིག་ལ་སོགས་པ་རབ་འཇུག་པ། །སྒྱུ་མ་ལྟ་བུར་ཉེ་བར་བརྟག །འདིར་ནི་མང་དུ་བཤད་ཅི་དགོས། །རྡོ་རྗེ་ཐེག་པར་རྣལ་འབྱོར་པས། །དེ་ཉིད་གང་གང་དམིགས་བྱ་བ། །དེ་དེ་སྒྱུ་མ་ཁོ་ནར་གསུངས། ། ཞེས་གསུངས་སོ། །ཁྱད་པར་དུ་ལམ་འདིར་ནི། ལྟ་བ་རྙེད་ནས་རྒྱུན་ལྡན་དུ་དྲན་པར་མ་བྱས་ན་ཐུགས་ཀྱི་དམ་ཚིག་ཉམས་པར་འགྱུར་བར་ཛྷཱ་ན་ཤྲཱིས་མཐའ་གཉིས་སེལ་བ་ལས་གསུངས་ཤིང་རྩ་ལྟུང་བཅུ་བཞི་པ་ལས་ཀྱང༌། མིང་སོགས་བྲལ་བའི་ཆོས་རྣམས་ལ། །དེར་རྟོག་པ་ནི་བཅུ་གཅིག་ པ། །ཞེས་གསུངས་པས་བྱས་ཀྱང་ཆོག་པ་ཙམ་མིན་གྱི་མ་བྱས་ན་ཉེས་པ་སྐྱེད་པ་ཡིན་ནོ། །རིམ་པ་དང་པོའི་སྐབས་སུ་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པ་ཅན་གྱི་སྣང་བ་དང་བདག་མེད་པའི་དོན་རྟོགས་པའི་ཤེས་རབ་གཉིས་དབྱེར་མེད་པར་སྦྱོར་ལུགས་དང་དེས་སྲིད་པའི་སྡུག་བསྔལ་གྱི་རྩ་ 3-2-345b བ་བདག་འཛིན་འགོག་ལུགས་ནི། ཡེ་ཤེས་ཞབས་ལུགས་གསལ་ཏེ་སྒྲུབ་ཐབས་ཀུན་བཟང་ལས། ཐ་མར་རྣམ་རྟོག་རྒྱུན་ལས་གཞན་པ་ཡི། །སྲིད་པའི་སྡུག་བསྔལ་གཞན་ཅིའང་ཡོད་མ་ཡིན། །དེ་དང་རྣམ་པ་འགལ་བར་གྱུར་པའི་སེམས། །འདི་ ནི་མངོན་སུམ་དུ་ནི་རྟོགས་པར་འགྱུར། །ཟབ་ཅིང་རྒྱ་ཆེ་བ་ཡི་བདག་ཉིད་ཅན། །གང་ཡིན་དེར་ནི་ཀུན་རྟོག་སྣང་མི་འགྱུར། །ཞེས་གསུངས་སོ། །འདིས་དོགས་པ་གང་གཅོད་པ་ནི། དེའི་འགྲེལ་པར་ཐ་ག་ནས། སྔར་ལྷའི་རྣལ་འབྱོར་སྒོམ་པའི་ཚུལ་རྒྱས་ པར་བཤད་པ་ལ་འབད་པ་བྱས་པ་འདི་ཐམས་ཅད་འཁོར་བ་ལས་གྲོལ་བའི་ཆེད་ཡིན་ན་ཁྱེད་ཀྱི་རིམ་པ་དང་པོའི་ལམ་འདི་བསྒོམས་པས་འཁོར་བ་ལས་གྲོལ་བར་མི་འགྱུར་ཏེ། བདག་མེད་སྒོམ་པའི་མི་འདུག་པའི་ཕྱིར་རོ་སྙམ་དུ་བསམས་ནས་རྒོལ་བའི་ལན་ དུ་གཞུང་དེ་དག་གིས་རིམ་པ་དང་པོ་འཁོར་བའི་རྩ་བ་དང་འགལ་ལུགས་སྟོན་པར་བཤད་དོ། །སྨན་ཞབས་ཀྱིས་ཀྱང༌། དེ་ནི་རབ་ཏུ་བྱེད་པ་མདོར་བསྡུས་ནས་བསྟན་པའི་ཕྱིར་གོང་དུ་གསུངས་པའི་དཀྱིལ་འཁོར་གྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པའི་རང་ བཞིན་དེ་ཉིད་སྲིད་པའི་སྡུག་བསྔལ་གྱི་གཉེན་པོར་གསུངས་པ། ཞེས་གསུངས་ཏེ། ཡེ་ཤེས་ཞབས་ལུགས་ཀྱི་འགྲེལ་པ་གཞན་རྣམས་དང་ཡང་འདྲའོ། །འདིར་ཐ་མལ་གྱི་རྣམ་རྟོག་ཅེས་གསུངས་པའི་དོན་ནི། བོད་དང་རྒྱ་གར་པ་ཁ་ཅིག་གིས་ལྷའི་རྣམ་པར་ མི་སྣང་བའི་སྣང་བ་རང་དགའ་བའི་རྟོག་པ་ཙམ་ལ་འཆད་པ་ནི། ཡེ་ཤེས་ཞབས་ཀྱི་བཞེད་པ་གཏན་མ་ཡིན་ཏེ་འདིའི་འགྲེལ་པར་ཐ་ག་ནས། ཐ་མལ་པའི་རྣམ་པར་རྟོག་པ་ནི་བདག་དང་བདག་གིར་རྣམ་པར་རྟོག་པའོ། །ཞེས་དང༌། བཞི་བརྒྱ་ལྔ་བཅུ་པའི་འགྲེལ་པར་ 3-2-346a ཤཱནྟི་པས་ཀྱང༌། འདིར་ཐ་མལ་པའི་ཀུན་ཏུ་རྟོག་པ་ཞེས་བྱ་བ་ནི། བདག་དང་བདག་གི་དང་གཟུང་བ་དང་འཛིན་པའི་རྣམ་པ་ཅན་གྱི་ཡིད་ཀྱི་བརྗོད་པ་ལ་བྱ་བར་བཤད་ན་སྲིད་པའི་བདག་ཉིད་ཅན་གྱི་སྡུག་བསྔལ་ཞེས་བྱ་བར་ཉེ་བར་ གདགས་པས་སྲིད་པའི་བདག་ཉིད་ཅན་གྱི་སྡུག་བསྔལ་གྱི་རྒྱུའི་གཙོ་བོ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། ཞེས་གསུངས་ཤིང་དཔལ་འབྲས་རྡོ་རྗེ་དང་སྨན་ཞབས་དང་ཀུན་ཏུ་བཟང་པོ་རྣམས་ཀྱིས་ཀྱང་བདག་འཛིན་ལ་གསལ་བར་བཤད་ལ་སྐབས་ ཀྱིས་ཀྱང་ཤེས་སོ། །དེས་ན་བདག་འཛིན་ནི་ཐ་མལ་གྱི་རྣམ་རྟོག་སྲིད་པའི་སྡུག་བསྔལ་གྱི་རྩ་བ་ཡིན་པས་སྲིད་པའི་སྡུག་བསྔལ་དུ་བཏགས་སོ། །དེ་དང་འགལ་བའི་སེམས་ནི། དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པ་ཅན་གྱི་སེམས་ལ་འགྲེལ་ པ་ཐམས་ཅད་ཀྱིས་བཤད་ལ་འགལ་ལུགས་ནི་རྣམ་པ་འགལ་བ་སྟེ་འཛིན་སྟངས་གཉིས་དངོས་སུ་འགལ་བ་དགོས་སོ། །འཁོར་ལོའི་རྣམ་པ་ཅན་གྱི་སེམས་དང་ཡང་སྒོམ་པ་པོ་རང་གིས་མངོན་སུམ་དུ་རྟོགས་པར་འགྱུར་རོ། །དེ་དང་འགལ་ བའི་རྒྱུ་མཚན་ནི། སྒྲུབ་ཐབས་ཀུན་བཟང་ལས། ཟབ་ཅིང་ཞེས་སོགས་ཀྱིས་སྟོན་ཏེ་འཁོར་ལོའི་རྣམ་པ་ཅན་གྱི་སེམས་དེ་སྐྱེས་པའི་དུས་ན་ཐ་མལ་གྱི་རྣམ་རྟོག་དེ་མི་སྣང་བའི་དོན་ཏོ། །དེ་སྐྱེས་པའི་ཚེ་བདག་འཛིན་མ་མཐོང་བས་དེས་དེ་ འགོག་མི་ནུས་ཏེ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་བསྒོམས་པས་ཀྱང་ལྡོག་པར་འགྱུར་རོ་ཞེས་པའི་ལན་དུ། ཤཱནྟི་པས། དཀྱིལ་འཁོར་གྱི་རྣམ་པ་ཅན་གྱི་སེམས་ནི། མི་བདེན་པའི་རྣམ་པར་རྟོག་པ་ཐམས་ཅད་བསལ་བ་ལ་འཇུག་ 3-2-346b པ་ཡིན་པའི་ཕྱིར་རོ། །དེ་ཡང་ལྷན་ཅིག་མི་སྣང་བ་ཙམ་གྱིས་ནི་མ་ཡིན་ནོ། །ཞེས་དང༌། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པ་ནི། བདག་མེད་པའི་རྣམ་པར་འཇུག་པ་མ་ཡིན་ཏེ་དེ་བདག་ཏུ་ལྟ་བ་ལས་མི་ལྡོག་པའི་ཕྱིར་དེའི་རྒྱུ་ཅན་སྡུག་བསྔལ་ ཡང་ལྡོག་པ་མ་ཡིན་ནོ། །དེ་ཡང་འདི་ན་སྐྱེ་བ་ནས་སྐྱེ་བར་བརྒྱུད་པའི་རྒ་བ་དང་འཆི་བ་ལ་སོགས་པ་ནི། སྡུག་བསྔལ་གྱི་བདེན་པའོ། །དེའི་རྒྱུར་གྱུར་པ་བདག་ཏུ་ལྟ་བ་ལ་སོགས་པ་ནི། ཀུན་འབྱུང་གི་བདེན་པའོ། །དེའི་གཉེན་པོར་གྱུར་པ་དཀྱིལ་འཁོར་གྱི་ འཁོར་ལོ་ནི་ལམ་གྱི་བདེན་པའོ། །སྡུག་བསྔལ་འབྱུང་བ་ཤིན་ཏུ་མེད་པར་བྱ་བའི་ཕྱིར་སེམས་ཀྱི་རྒྱུན་གྱི་མཚན་ཉིད་ཅན་གནས་ཡོངས་སུ་གྱུར་པ་ནི། འགོག་པའི་བདེན་པ་སྟེ་འདི་ནི་འདིར་དོན་དམ་པའོ། །ཞེས་ནམ་མཁའ་མཐའ་ཡས་ནི་བདག་ མེད་ལ་བློ་ཁ་མ་ཕྱོགས་པས་དེ་བསྒོམས་པས་བདག་འཛིན་ལ་མི་གནོད་པའི་ཕྱིར་དེ་བསྒོམས་ཀྱང་སྲིད་པ་ལས་མི་གྲོལ་བ་དང༌། འཁོར་ལོའི་རྣམ་པ་ཅན་གྱི་སེམས་ནི། བདག་ཏུ་འཛིན་པའི་ཡུལ་བཀག་པའི་བདག་མེད་ལ་འཇུག་པས་དེས་བདག་ འཛིན་ལྡོག་ནུས་པའི་ཚུལ་ལེགས་པར་ཕྱེ་ནས་གསུངས་སོ། །བདག་འཛིན་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་རྣམ་པ་འགལ་བའི་སྒོ་ནས་འཇོམས་པ་ཡང་ཕྱིན་ཅི་ལོག་གི་བློ་ཡིན་མིན་གྱི་སྒོ་ནས་ཡིན་ལ་དེ་སྒྲུབ་པ་ཡང་རྒྱབ་རྟེན་ཚད་མ་ ཡོད་མེད་ལ་ཐུག་པ་ཡིན་ཏེ། རིགས་པའི་དབང་ཕྱུག་གིས། དེ་དག་གང་ལ་ཚད་མ་ཡོད། །དེ་ནི་གཞན་ལ་གནོད་བྱེད་འགྱུར། །ཞེས་གསུངས་པ་དང་འདྲའོ། །རྟོགས་ལྡན་མཁས་པ་ལ་སྐྱེ་པའི་དོགས་པའི་གནས་འཆིང་བའི་རྩ་བ་བདག་འཛིན་དང་རྣམ་པ་ 3-2-347a འགལ་བའི་བདག་མེད་ཀྱི་ལྟ་བ་མེད་ན་འཁོར་བ་ལས་གྲོལ་བྱེད་ཀྱི་ལམ་གྱི་སྙིང་པོ་སྟོར་བར་རྩོད་པ་འདི་དང་འདིའི་ལན་བྱས་ཚུལ་འདི་རྣམས་རིམ་པ་གཉིས་ཀ་ལ་དགོས་པ་ཡིན་པར་ཤེས་རབ་ཅན་གྱིས་ཤེས་ པར་བྱོས་ཤིག །དེ་འདྲ་བའི་སྒོ་ནས་གནོད་བྱ་གནོད་བྱེད་དུ་ལན་ཅིག་མཐོང་བ་དེ་ནི་གཉེན་པོ་གོམས་པར་བྱས་ན་དེའི་གོམས་པ་ཇི་ལྟར་འཕེལ་བ་བཞིན་མི་མཐུན་ཕྱོགས་རིམ་གྱིས་འགག་པས་མཐར་རྩ་བ་ནས་འབྱིན་པ་ཡིན་ཏེ་སྒྲུབ་ཐབས་ ཀུན་བཟང་ལས། གང་ཞིག་གང་དང་མི་མཐུན་པ་དག་ཏུ། །ལན་ཅིག་འགྱུར་བའང་དེ་བགྲོད་རྒྱས་འགྱུར་བར། །མཐོང་དང་བསླབས་པ་རྣམ་པར་འཕེལ་བ་དག །རང་གི་མི་མཐུན་ཤིན་ཏུ་འགག་པར་བྱེད། །ཅེས་གསུངས་ཏེ། རྣམ་འགྲེལ་ལས། འགྲིབ་ དང་ཕུལ་བྱུང་རྟེན་པ་ཀུན། །མི་མཐུན་ཕྱོགས་དང་བཅས་ཉིད་ཕྱིར། །དེ་གོམས་པ་ལས་བདག་འགྱུར་བས། །ལ་ལར་ཟག་པ་ཟད་པར་འགྱུར། །ཞེས་གསུངས་པའི་དོན་ཡིན་ནོ། །འདིར་ཤཱནྟི་པས་གནས་གྱུར་མི་ལྡོག་པ་རྣམ་འགྲེལ་གྱི་འཚེ་བ་ མེད་དང་ཞེས་སོགས་ཀྱིས་བསྒྲུབས་ཤིང་དཔལ་འབྲས་རྡོ་རྗེས། བདག་ཡོད་ན་ནི་གཞན་དུ་ཤེས། །ཞེས་སོགས་ཀྱིས་འཁོར་བའི་རྩ་བ་བདག་འཛིན་དུ་བསྒྲུབས་ལ་སྒྲུབ་ཐབས་ཀུན་བཟང་གི་ལྟ་བ་གཏན་འབེབས་ཀྱི་སྐབས་སུ་ཐ་ག་ན་དང་དཔལ་ འབྲས་རྡོ་རྗེས་རྣམ་འགྲེལ་གྱི་ལུང་མང་དུ་དྲངས་ནས་ལྟ་བ་གཏན་ལ་ཕབ་ཅིང༌། སྔགས་ཀྱི་པཎྜི་ཏ་གཞན་མང་པོས་ཀྱང་རྣམ་འགྲེལ་གྱི་ལུང་ཁུངས་སུ་བྱས་ནས་བསྒྲུབས་པ་མང་བས་རིགས་པའི་དབང་ཕྱུག་རྣམ་གཉིས་ཀྱི་གཞུང་རྣམས་སྤྱིར་ནང་རིག་ 3-2-347b གི་སྐབས་དང་ཁྱད་པར་དུ་སྔགས་ཀྱི་སྐབས་སུ་དོན་མེད་དོ་སྙམ་དུ་ལྟ་ཞིང་དེ་སྐད་གཞན་ལ་སྨྲ་བ་ནི། རིགས་པའི་ལམ་དུ་འགྲོ་བའི་བློ་ཉམས་ཆུང་ངུས་གཏིང་དཔག་པར་དཀའ་བའི་བློ་གྲོས་ཀྱི་འཇུག་པའི་ལམ་ནས་དྲངས་པའི་དྲི་མ་མེད་པའི་རིགས་པའི་རྣམ་གཞག་ མ་ལྕིགས་པ་ཡིན་པས་ལུང་དོན་རིགས་པ་ཕྲ་མོས་འབྱེད་པར་ནུས་པའི་མཁས་པའི་མདུན་སར་དབྱུང་བར་མི་ནུས་པའི་བབ་ཅོལ་ལོ། །འཁོར་ལོའི་རྣམ་པ་ཅན་གྱི་སེམས་བདག་མེད་པའི་དེ་ཁོ་ན་ཉིད་ལ་ཞུགས་པའི་རྣལ་འབྱོར་དེ་ནི་ཏིང་ངེ་འཛིན་ གསུམ་གའི་སྤྱི་འགྲོར་དཔལ་འབྲས་རྡོ་རྗེས་བཤད་པ་ལྟར་ཡེ་ཤེས་ཞབས་ཀྱིའང་དགོངས་པ་ཡིན་པས། རིམ་པ་དང་པོའི་སྐབས་སུ་སྣང་ཕྱོགས་ལྷའི་འཁོར་ལོ་གཙོ་བོར་སྒོམ་པ་ཡིན་མོད་ཀྱང་ཆོས་རྣམས་ཀྱིས་རང་བཞིན་མེད་པའི་དོན་ལ་ངེས་པ་ཤུགས་ དྲག་དྲངས་ནས་ཐམས་ཅད་སྒྱུ་མ་བཞིན་དུ་འཆར་བ་ལ་བསླབ་ཅིང༌ལྷའི་འཁོར་ལོ་བསྒོམས་པའི་འོག་ཏུ་དམིགས་པ་ལྷ་ལ་དམིགས་ནས་རྣམ་པ་རང་བཞིན་མེད་པའི་དོན་ངེས་པའི་བློ་ངེས་ཤེས་ཀྱི་འཛིན་སྟངས་སྟོང་ཉིད་ལ་ཞུགས་ཤིང་གཟུང་རྣམ་ རྟེན་དང་བརྟེན་པའི་ལྷའི་རྣམ་པར་ཤར་བའི་ཟབ་གསལ་གཉིས་མེད་ཀྱི་རྣལ་འབྱོར་ཡང་མངོན་རྟོགས་སྒོམ་རེས་ཀྱིས་བྱའོ། །དོན་གྱི་དབང་འདི་གཟིགས་ནས། ཀྱཻ་རྡོར་རྩ་རྒྱུད་ལས། བསྐྱེད་པའི་རིམ་པའི་རྣལ་འབྱོར་གྱིས། །བརྟུལ་ཞུགས་ཅན་གྱིས་ སྤྲོས་པ་བསྒོམ། །སྤྲོས་པ་རྨི་ལམ་ལྟར་བྱས་ནས། །སྤྲོས་པ་ཉིད་ཀྱིས་སྤྲོས་མེད་བྱ། །ཞེས་དང༌། དེའི་བཤད་རྒྱུད་གུར་ལས་ཀྱང༌། དཔེར་ན་ཆུ་ནང་ཟླ་བ་ནི། །གྲོགས་དག་བདེན་མིན་རྫུན་པའང་མིན། །དེ་བཞིན་དཀྱིལ་འཁོར་འཁོར་ལོ་འདིར། །དང་ 3-2-348a ཞིང་གསལ་བའི་རང་བཞིན་ནོ། །ཞེས་གསུངས་སོ། །དེས་ན་སྟོང་ཉིད་སྒོམ་པ་ནི། རིམ་པ་གཉིས་ཀའི་སྐབས་སུ་དགོས་པས། སྔགས་ཀྱི་སྐབས་སུའང་སྟོང་ཉིད་གང་སྒོམ་ཐམས་ཅད་རྫོགས་རིམ་མ་ཡིན་ལ་ལྷའི་སྐུ་ཆུ་ནང་གི་ཟླ་ བའམ་ནམ་མཁའི་འཇའ་ཚོན་བཞིན་སྣང་ལ་རང་བཞིན་མེད་པའི་སྒྱུ་མ་དང་འདྲ་བའི་རྣལ་འབྱོར་བསྐྱེད་རིམ་གྱི་སྐབས་སུ་ཤིན་ཏུ་ཡང་འོང་བས་དེ་དང་བདག་བྱིན་གྱིས་བརླབ་པའི་སྒྱུ་མའི་ལུས་ཀྱང་ཕྱེད་དགོས་ཏེ། སྤྱོད་བསྡུས་ལས། གང་མདོ་སྡེའི་ཚུལ་ ལ་ཞུགས་པ་དང་བསྐྱེད་པའི་རིམ་པ་ལ་གནས་པའི་སྒོམ་པ་པོ་རྣམས་ཀྱང་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་དང་རྨི་ལམ་ལྟ་བུ་དང་གཟུགས་བརྙན་ལྟ་བུའོ་ཞེས་དཔེར་བརྗོད་ཅིང་ལྷག་པར་མོས་ཀྱང་དེ་རྣམས་དཔེས་བདག་ལ་བྱིན་གྱིས་རློབ་པའི་མན་ངག་ ཡེ་ཤེས་ཙམ་གྱིས་ཡིད་ཀྱི་རང་བཞིན་གྱི་ལྷའི་སྐུ་རྫོགས་པར་འགྱུར་བ་ཤེས་པར་མི་འགྱུར་རོ། །ཞེས་གསུངས་སོ། །དེ་ལྟར་ངེས་པ་སྟོང་ཉིད་ལ་དྲངས་ཤིང་གཟུང་རྣམ་ལྷར་ཤར་བའི་ཟབ་གསལ་གཉིས་མེད་ཀྱི་རྣལ་འབྱོར་ཡེ་ཤེས་ ཞབས་ཀྱིས་བཤད་པ་འདི་ཉིད་རྒྱ་གར་པའི་གྲུབ་ཆེན་དག་གིས་ཀྱང་ཁུངས་སུ་བྱས་ནས་བཤད་དེ། དགྲ་ནག་གི་སྒྲུབ་ཐབས་ལས། འདི་ལས་དེ་ཉིད་གཞན་དུ་མེད། །ཡེ་ཤེས་ཞབས་སོགས་མཆོག་རྣམས་ཀྱིས། །འདི་དག་ཉིད་ནི་གསལ་ བར་བཤད། །ཅེས་གྲུབ་ཐོབ་དཔལ་འཛིན་གྱིས་གསུངས་ཏེ་འདིའི་རྗེས་འབྲང་གཞན་ཡང་མང་ངོ༌། །གཉིས་པ་ལ་གསུམ། ཐུན་གྱི་ངོ་བོའི་རྣལ་འབྱོར་དང༌། ཐུན་མཚམས་ཀྱི་རྣལ་འབྱོར་དང༌། རྣལ་འབྱོར་དེ་དག་རྒྱ་ཆེ་བར་འཇོག་ལུགས་ 3-2-348b སོ། །དང་པོ་ལ་གསུམ། རྣལ་འབྱོར་དངོས་ཀྱི་སྔོན་འགྲོ་དང༌། རྣལ་འབྱོར་དངོས་གཞི་ཡན་ལག་དང་བཅས་པ་དང༌། མཇུག་གི་བྱ་བའོ། །དང་པོ་ལ་གཉིས། མཐུན་རྐྱེན་སྒྲུབ་པ་ཚོགས་བསག་པ་དང༌། འགལ་རྐྱེན་སེལ་བ་བསྲུང་བའི་འཁོར་ ལོའོ། །དང་པོ་ནི། སྒྲུབ་ཐབས་ཀུན་བཟང་ལས། དལ་འབྱོར་འདི་ནི་ཤིན་ཏུ་གཡོ་བ་དང༌། འཇིག་རྟེན་སྐྱེ་བོ་དམ་པ་ཕྲད་རྙེད་དཀའ། །དེ་བས་ཤེས་རབ་ཐབས་ལ་གཞོལ་བ་ཡི། །ཡིད་ལ་བྱེད་པའི་མཆོག་དེ་བསྒྲུབ་པར་བྱ། །ཞེས་གསུངས་ པ་ལྟར་དལ་འབྱོར་ཤིན་ཏུ་རྙེད་དཀའ་ཞིང་དེ་ཡང་ཆེས་ཆེར་གཡོ་བ་དང༌དམ་པའི་མགོན་དང་ཕྲད་ནས་རྣམ་པར་དག་པའི་ལམ་སྒྲུབ་པ་ཤིན་ཏུ་རྙེད་དཀའ་ཚུལ་ལ་ངེས་པ་རྙེད་པས་སྒྲུབ་སྙིང་པོར་བྱ་དགོས་ལ། སྒྲུབ་པ་ཡང་མཆོག་ཏུ་གྱུར་བ་རྡོ་རྗེ་ཐེག་པ་ཡིན་ ཞིང་དེ་ཡང་རིམ་པ་དང་པོ་ནས་བྱ་དགོས་པར་མཐོང་བ་དེས་གང་དུ་སྒྲུབ་པའི་གནས་ནི་དེ་ཉིད་ལས། ལ་ལར་དྲི་མེད་ཆུ་ནི་ཕུན་ཚོགས་ཤིང༌། །ཤིང་མཆོག་མཛེས་པས་རྣམ་པར་བརྒྱན་པ་ཡི། །རི་བོའི་ཕྱོགས་གཅིག་ཏུ་ནི་བཅོམ་ལྡན་འདས། །འཇམ་ པའི་དབྱངས་ཞེས་བྱ་བ་བསྒྲུབ་པར་བྱ། །ཞེས་གསུངས་པས་དབེན་ཞིང་ཉམས་དགའ་བའི་གནས་སུ་འཇམ་པའི་རྡོ་རྗེ་ལ་སོགས་པ་བསྒྲུབ་པར་བྱ་སྟེ་གནས་ཁང་དུ་ཙནྡན་ལ་སོགས་པས་བྱུགས་ཤིང་མེ་ཏོག་གཅལ་དུ་བཀྲམ་པར་རྡོ་རྗེ་དྲིལ་བུ་ལ་སོགས་པའི་ཆས་རྣམས་ དང་ལྡན་པར་བྱའོ། །དེར་ཐུན་གྱི་དང་པོར་ཏིང་ངེ་འཛིན་གྱི་གྲོགས་སུ་འགྲོ་ན་ཁྲུས་བྱ་ལ་ཁྱད་པར་མེད་ན་བཞག་ཀྱང་ཆོག་གོ། སྔོན་དུ་གཏོར་མ་སྦྱིན་པར་མཚོ་སྐྱེས་དང་ནག་པོ་སྤྱོད་པས་གསུངས་པས་དང་པོར་གཏོར་མ་དང་དམ་ཚིག་ཉམས་ཆགས་སྐོང་བའི་དོན་ 3-2-349a དུ་རྡོར་སེམས་བསྒོམས་ནས་ཡིག་བརྒྱ་བཟླ་བར་བླ་མ་སྔ་མ་རྣམས་བཞེད་པ་བཞིན་བྱའོ། །ལུས་གནོད་ནི། བསམ་གཏན་གྱི་ཁང་པར་བདེ་བའི་སྟན་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་འདུག་ཅིང་ལག་པ་གཉིས་མཉམ་གཞག་བྱ་བར་གུར་ འགྲེལ་ལས་གསུངས་ལ་མིག་སྣ་རྩེར་དབབ་ཅིང་སོ་ཅུང་ཟད་མ་འབྱར་བར་ལུས་མི་གཡོ་བར་གནས་པར་བྱ་བར་བྲམ་ཟེ་བྲིངྒ་པས་བཤད་དོ། །ཁ་ལྟ་ཕྱོགས་ལ། གསང་འདུས་ལ་ནི་ཤར་དུ་ཕྱོགས་པར་སྨན་ཞབས་ཀྱིས་བཤད་ལ། བདེ་མཆོག་ལ་ལྷོར་ ལྟ་བ་སོགས་གཞུང་དང་མཐུན་པར་བྱའོ། །དེ་ནས་སྙིང་གར་ས་བོན་འགོད་པ་ལ་རང་ཉིད་ལྷར་སྐྱེད་པ་གསལ་བར་མ་བཤད་པ་མང་ནའང་སྐབས་སོ་སོའི་གཙོ་བོ་གང་ཡིན་གྱི་ས་བོན་བཀོད་པ་ཤིན་ཏུ་མང་བས་སྐབས་ཀྱི་གཙོ་བོར་བསྐྱེད་ཅིང་དེ་ཡང་ སྟོང་པ་ཉིད་དུ་སྦྱངས་ནས་ཡུམ་དང་བཅས་པ་དཀྲོང་བསྐྱེད་བྱེད་པར་མན་སྙེ་ལས་གསུངས་ལ། སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ལུས་ཀྱི་ནང་ནས་བ་སྤུའི་རྩེ་མོའི་བར་ཁྱབ་པར་བྱས་པས་རང་ཉིད་འདོད་པའི་ལྷར་གྱུར་པའི་ང་རྒྱལ་བྱ་བར་ལྭ་བ་པས་བཤད་ པས་གང་རུང་གིས་ཆོག་གོ། །ཐུགས་ཀའི་ས་བོན་ལས་བྱུང་བའི་ཕྱག་མཚན་ལ་ས་བོན་གྱིས་མཚན་པ་དཔལ་འབྲས་རྡོ་རྗེས་བཤད་ལ། གཞན་མང་པོས་ཕྱག་མཚན་མེད་པའི་ས་བོན་བཤད་པ་ཡང་གང་རུང་གིས་འགྲུབ་བོ། །ས་བོན་གྱི་འོད་ཟེར་གྱི་ རྩེ་ལས་སྤྲུལ་པའི་ཚོགས་ཞིང་དཔལ་འབྲས་རྡོ་རྗེ་དང༌། འོད་ཟེར་གྱིས་ཚོགས་ཞིང་གསལ་བར་བྱས་པ་ལྭ་བ་པ་ལ་སོགས་པ་དང༌། འོད་ཟེར་གྱིས་ཚོགས་ཞིང་སྤྱན་འདྲེན་པ་ཨ་བྷྱ་ལ་སོགས་པ་མང་པོས་བཤད་པས་སྒོ་གཅིག་ཏུ་མ་ངེས་སོ། །སྤྱན་ 3-2-349b འདྲེན་པ་ལ་འོག་མིན་ནས་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་གྱིས་རང་དང་ཉེ་བའི་མདུན་གྱི་ནམ་མཁར་འགུགས་ཤིང་། བཀུག་ཟིན་པ་དང༌འོད་ཟེར་ས་བོན་ལ་སྡུད་པར་སྙེ་མ་བཅུ་གཉིས་པ་ལས་འབྱུང་ངོ༌། །ཚོགས་ཞིང་ནི་གང་བསྒོམ་པར་བྱ་བའི་དཀྱིལ་ འཁོར་གྱི་འཁོར་ལོའི་རྣམ་པ་ཅན་དུ་ལྭ་བ་པ་དང་མན་སྙེ་ལ་སོགས་པ་མང་པོས་བཤད་ལ་ཡེ་ཤེས་ཞབས་ལ་སོགས་པས་སངས་རྒྱས་དང་བྱང་སེམས་སྤྱིའི་དབང་དུ་མཛད་པས་གཅིག་ཏུ་མ་ངེས་སོ། །རྡོ་རྗེ་གུར་ལས། བླ་མ་རྡོ་རྗེ་ཅན་མཆོད་ཅིང༌། །བདུན་པོ་རྣམ་ པར་དག་པ་བྱ། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་དེ། །ཞེས་ཚོགས་ཞིང་ལ་ཚོགས་བསག་པར་གསུངས་ཤིང་། དེར་བླ་མ་ཡང་ཚོགས་ཞིང་དུ་བཤད་པ་ལ་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་དུ་བྱེད་པ་གུར་འགྲེལ་ལ་སོགས་པ་མང་པོས་བཤད་ཅིང༌ལྭ་ བ་པས་དཀྱིལ་འཁོར་གྱི་ཤར་གྱི་དུར་ཁྲོད་ཀྱི་དབང་པོའི་མདུན་ན་རིན་པོ་ཆེའི་ཁྲི་པདྨ་དང་བཅས་པའི་སྟེང་ན་རྡོ་རྗེ་སེམས་དཔའ་ལྟར་རྒྱན་ཐམས་ཅད་ཀྱིས་བརྒྱན་ནས་བཞུགས་པར་སྒོམ་པར་བཤད་དོ། །བདུན་རྣམ་དག་ནི། སྡིག་པ་བཤགས་པ་དང་ ཡི་རང་དང་བསྔོ་བ་དང་སྐྱབས་འགྲོ་དང་ཞུ་བ་དང་གསོལ་བ་གདབ་པ་དང་ལམ་ལ་བརྟེན་པ་ལ་འགྲེལ་པས་བཤད་དོ། །དེ་དག་གི་སྔོན་དུ་མཆོད་པ་བྱེད་པ་ན་རང་གི་སྙིང་གའི་ས་བོན་ལས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་ཕྱི་ནང་ལ་སོགས་པའི་མཆོད་པ་ བྱེད་པར་གཞུང་དུ་མ་ལས་འབྱུང་ངོ༌། །སྐྱབས་འགྲོ་ནི། ཐེག་པ་ཆེན་པོ་གཉིས་ཐུན་མོང་བའི་སྐྱབས་འགྲོ་བཤད་པ་མང་ལ། ལྭ་བ་པ་དང་མཚོ་སྐྱེས་ཀྱི་སྒྲུབ་ཐབས་ལས་དཀྱིལ་འཁོར་གྱི་གཙོ་བོ་ལ་སངས་རྒྱས་དང་དེས་གསུངས་པའི་སྔགས་དང་ཕྱག་རྒྱ་སོགས་ 3-2-350a ཆོས་དང༌འཁོར་གྱི་ལྷ་རྣམས་དགེ་འདུན་དཀོན་མཆོག་ཏུ་བྱས་པ་ལ་སྐྱབས་སུ་འགྲོ་བར་བཤད་དོ། །རྡོ་རྗེ་མཁའ་འགྲོའི་བཅུ་གཉིས་པ་དང་ཁ་སྦྱོར་གྱི་བརྟག་པ་གསུམ་པའི་རབ་བྱེད་བཞི་པ་ལས་སྐབས་འདི་དག་ཏུ་རིགས་ ལྔའི་སྡོམ་གཟུང་བྱ་བར་གསུངས་པས་ཐུན་མོང་བ་དང་ཐུན་མོང་མ་ཡིན་པའི་སྡོམ་པ་གཉིས་ཀ་དམིགས་ཕྱེད་པར་གཟུང་བར་བྱ་སྟེ། བླངས་པའི་སྡོམ་པ་བརྟན་པའི་ཐབས་སུ་བྱ་དགོས་པར་སངས་རྒྱས་གསང་བས་བཤད་དོ། །དེ་ནས་བརྟག་གཉིས་ལས་ གསུངས་པ་ལྟར་ཚད་མེད་པ་བཞི་ཡང་བསྒོམ་པར་བྱ་ཞིང་མཐར་དེ་རྣམས་ཀྱིས་བྱིན་གྱིས་རློབ་པར་བསམས་ལ་ཡིག་བརྒྱ་གདོན་པར་ལྭ་བ་པས་བཤད་དོ། །དེ་ནས་དཔལ་འཛིན་སོགས་ཀྱིས་ཚོགས་ཞིང་གཤེགས་སུ་གསོལ་བ་དང་ལྭ་བ་པས་མི་དམིགས་ པར་སེམས་པར་བཤད་ལ། གཞན་ཕལ་མོ་ཆེས་ཇི་ལྟར་བྱ་བ་མི་གསལ་ལོ། །མན་སྙེ་ལས། དེ་དག་གི་དོན་མངོན་དུ་བྱེད་ཅིང་བཀླག་པར་བྱའོ་ཞེས་བཤད་པས། བྱིང་རྒོད་ཀྱི་དབང་དུ་ཡེ་མ་སོང་ཞིང་སྐབས་དེ་ཉིད་ཀྱི་རྟོག་པ་རྣམས་མ་གཏོགས་པ་ རྣམ་རྟོག་གཞན་གྱིས་བར་མ་ཆོད་པར་རྒྱུན་ལྡན་དུ་འཇུག་ཐུབ་པ་དང༌། དེ་དག་གི་དོན་རྣམས་ཡིད་ལ་ལེགས་པར་ཤར་བའི་རྣམ་པ་ཅན་གྱིས་ཚིག་སྤྱི་ཙམ་དུ་མ་སོང་བར་བྱའོ། །དེ་ལྟར་འོང་བ་ལ་དང་པོར་སྒོམ་རྒྱུའི་གྲངས་དང་གོ་རིམས་ངེས་པ་ཅན་བྱ་ལ་དེ་ལས་ གཞན་དུ་མི་གཏང་ངོ་སྙམ་པའི་འཕེན་པ་དྲག་པོ་བཏང་ནས་བྱེད་པ་དགོས་ཀྱི། གང་ཟིན་ཟིན་ནས་བསྐྱངས་ན་མི་རུང་ལ། ཡུན་ཐུང་ངེ་བ་ལ་བཅད་ཅིང་། དེ་ནས་ཡང་ལྷག་མ་དེ་བཞིན་དུ་སྐྱོང་བ་ནི་ཐམས་ཅད་ལ་ཤེས་པར་བྱའོ། །དེ་རྣམས་བསོད་ནམས་ཀྱི་ཚོགས་གསོག་ 3-2-350b པ་དང་སྟོང་ཉིད་སྒོམ་པ་ཡེ་ཤེས་ཀྱི་ཚོགས་གསོག་པ་ཡིན་པར་ཤཱནྟི་པའི་དགྲ་ནག་གི་མངོན་རྟོགས་དང་མན་སྙེ་ལ་སོགས་པས་བཤད་པས། ཡེ་ཤེས་ཀྱི་ཚོགས་ནི། ཤཱུནྱ་ཏཱ་ལ་སོགས་པའམ་སྭ་བྷཱ་བ་ལ་སོགས་པའི་སྔགས་དོན་སྒོམ་པའོ། །འདིར་སྔགས་པས་སེམས་ ཅན་རྣམས་ལྟ་བའི་དྲ་བས་དམ་དུ་བཅིངས་པ་ལ་དམིགས་ནས་ཀྱེ་མ་གཏི་མུག་གི་མུན་པ་གང་གིས་སེམས་ཅན་འདི་དག་མྱ་ངན་ལས་འདས་པའི་རང་བཞིན་ཅན་ཡིན་ཡང༌། བདག་ཉིད་ཀྱིས་རྟོགས་པར་མ་གྱུར་ན་འདི་དག་གིས་རང་གི་རང་བཞིན་རྟོགས་པར་བྱའོ་སྙམ་ དུ་བསམས་ལ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་བསྒོམ་ཀུན་བཟང་ལས། སྙིང་རྗེས་འཇིག་རྟེན་འདི་ནི་མ་ལུས་པ། །ལྟ་བའི་དྲ་བས་བཅིངས་ལ་དམིགས་ནས་ནི། །ཡང་དག་བྱང་ཆུབ་སེམས་ནི་མཉམ་མེད་པ། །སྔགས་པས་ཆོ་ག་འདི་ལྟར་བསྒོམ་པར་བྱ། ། ཞེས་སོ། །དེ་ལ་ཤཱུནྱ་ཏཱ་ནི་སྟོང་པ་ཉིད་དེ་ཆོས་རྣམས་རང་བཞིན་དང་རྒྱུ་དང་འབྲས་བུ་དང་བྲལ་བས་དེ་དག་གིས་སྟོང་པའོ། །ཛྙཱ་ན་ནི་སྟོང་ཉིད་དང་མཚན་མེད་དང་སྨོན་མེད་ཀྱི་སྟོང་ཉིད་དེ་དང་རོ་གཅིག་པའི་སེམས་སོ། །བཛྲ་ནི་ཡུལ་སྟོང་ཉིད་དང་ཡུལ་ཅན་ཡེ་ཤེས་ གཉིས་དབྱེར་མེད་པ་དེ་ཁོ་ན་རྡོ་རྗེ་སྟེ་མི་མཐུན་ཕྱོགས་ཀྱིས་མི་ཕྱེད་པའི་ཕྱིར་དང་མི་མཐུན་ཕྱོགས་འཇོམས་པའི་ཕྱིར་དང་ཐོག་མ་དང་ཐ་མ་མེད་པའི་ཕྱིར་རོ། །ཆོས་དབྱིངས་ཐོག་མཐའ་མེད་པ་བཞིན་དུ་དེ་ལ་དམིགས་པའི་སེམས་ལ་ཡང་དེ་སྐད་ཅེས་བཏགས་ ཏེ་་བཞིན་ཉིད་ལ་དམིགས་པས་དེའི་རྣམ་པ་ཅན་ཡིན་པའི་ཕྱིར་རོ། །སྭ་བྷཱ་བ་ནི་རང་བཞིན་ཏེ་རང་བཞིན་གྱིས་རྣམ་པར་དག་པ་ཉིད་གློ་བུར་བའི་དྲི་མ་དང་བྲལ་བའི་རང་བཞིན་དུ་གནས་པས་སོ། །ཨཱཏྨ་ཀ་ནི་བདག་ཉིད་དང་ཨ་ཧཾ་ནི་ངའོ་ཞེས་པ་སྟེ་རང་བཞིན་གྱིས་དག་པའི་ 3-2-351a བདག་ཉིད་གང་ཡིན་པ་དེ་ཉིད་ངའོ་ཞེས་པའོ། །དེ་བས་ན་སྟོང་ཉིད་ཀྱི་ཡེ་ཤེས་ཀྱི་སྒྲས་ནི་རང་གིས་སྟོང་ཉིད་རྟོགས་པ་སྤྱིའི་ཡུལ་ཅན་ཡིན་ཡང་ཆོས་ཉིད་ཀྱི་རང་གི་མཚན་ཉིད་ཀྱི་མཐར་ཐུག་པར་ལྷག་པར་མོས་པ་ཡིན་ལ་རྡོ་རྗེའི་སྒྲས་ ནི་དེ་ཡང་རྣམ་པར་དག་པ་མཐར་ཐུག་པར་མོས་ཤིང་རང་བཞིན་གྱི་སྒྲས་ནི། མཐར་ཐུག་པའི་དུས་ན་ཡང་རང་བཞིན་རྣམ་དག་ལ་ལྷག་པོ་མེད་པ་དང་བདག་ཉིད་དང་ངའི་སྒྲས་ནི་རྣམ་པར་དག་པ་དེ་རང་ལ་རང་བཞིན་གྱིས་རྣམ་པར་དག་པ་ཉིད་དུ་གྲུབ་པར་ སྟོན་པ་ཡིན་ཏེ། ཤཱནྟི་པའི་བཞེད་པ་བཀོད་པའོ། །ཨོཾ་ཡིག་ལ་ཨ་དང་ཨུ་དང་མ་ཡིག་གསུམ་ཡོད་པ་རང་གི་ལུས་ངག་ཡིད་གསུམ་ཡིན་ལ་དེ་གསུམ་གྱི་སྟོང་ཉིད་སྙིང་རྗེ་རོ་གཅིག་པའི་ངོ་བོར་བདག་ཉིད་འཇོག་པའོ། །ཀུན་བཟང་ལས་ཀྱང༌། ངོ་བོ་ཉིད་ དང་བྲལ་ཕྱིར་སྟོང་པ་སྟེ། །དེ་བཞིན་རྒྱུ་དང་བྲལ་བས་མཚན་མ་མེད། །རྟོག་པ་རྣམས་དང་བྲལ་ཕྱིར་དངོས་པོ་ནི། །མ་ལུས་སྨོན་པ་ལས་ནི་ངེས་པར་གྲོལ། །ཞེས་རྣམ་ཐར་གསུམ་བཤད་པའི་མཐར་སྔར་གྱི་སྔགས་བརྗོད་དེ་ཚིགས་བཅད་དེས་སྔགས་ དེའི་དོན་བསྟན་པའོ། །ཤཱུནྱ་ལ་སོགས་པའི་སྔགས་དོན་སྒོམ་པ་འདི་ལ་རྣམ་ཐར་སྒོ་གསུམ་གྱི་དོན་སྒོམ་པ་ཡོད་ཚུལ་ནི། སྨན་ཞབས་ཀྱིས་སྟོང་ཉིད་དང་མཚན་མེད་དང་སྨོན་མེད་གསུམ་བརྗོད་པ་སྒྲའི་དབང་གིས་ཐ་དད་དུ་བཞག་གི། དོན་དམ་པར་ ངོ་བོས་སྟོང་པ་ཁོ་ནར་གཞན་གཉིས་འདུས་པར་གསུངས་པ་ནི་བྱང་ཆུབ་ཀྱི་ཚོགས་ལས། རང་བཞིན་མེད་པས་སྟོང་ལ་སྟོང་པ་ནི། །ཡིན་དང་མཚན་མས་ཅི་ཞིག་བྱེད་པར་འགྱུར། །མཚན་མ་ཐམས་ཅད་ལོག་པར་གྱུར་པའི་ཕྱིར། །མཁས་པ་ཅི་ཕྱིར་ 3-2-351b སྨོན་ལམ་འདེབས་པར་འགྱུར། །ཞེས་མགོན་པོ་ཀླུ་སྒྲུབ་ཀྱིས་གསུངས་པ་དང་མཐུན་པས་གསུམ་བཤད་ཀྱང་སྟོང་ཉིད་ཀྱི་རྣམ་ཐར་ཉིད་དུ་གཞན་གཉིས་འདུས་སོ། །དེ་ཡང་གཅིག་དང་དུ་བྲལ་གྱི་རིགས་པས་ཆོས་རྣམས་རང་བཞིན་མེད་པར་གཏན་ལ་ ཕབ་པའི་དོན་ལ་སྨན་ཞབས་དང་དཔལ་འབྲས་རྡོ་རྗེས་བཤད་པས། ཆོས་རྣམས་རང་བཞིན་མེད་པའི་དོན་ལ་ཕུ་ཐག་ཆོད་པའི་ལྟ་བ་སྐབས་འདིར་དྲན་པར་བྱས་པའི་ཡུལ་ནི་ཤཱུནྱ་ཏཱ་ཡིན་ལ། ཡུལ་ཅན་ནི་ཛྙཱ་ནའོ། །དེ་ཉིད་མ་རིག་པའི་དབང་གིས་ ཡུལ་ཡུལ་ཅན་སོ་སོར་འབྱེད་པའི་ནུས་པ་ལོག་ནས་ཆུ་ལ་ཆུ་བཞག་པ་ལྟར་དབྱེར་མི་ཕྱེད་པར་སོང་བ་ན་བཛྲ་རོ། །ཤེས་པ་དེས་ཆོས་རྣམས་ཀྱི་རང་བཞིན་དབྱེར་མེད་སྤྲོས་བྲལ་རྟོགས་པ་གསར་དུ་བསྐྱེད་དགོས་ཀྱང་ཡུལ་དང་ཡུལ་ཅན་གཉིས་དེ་ ཁོ་ནར་སོ་སོར་དབྱེ་བར་མི་ནུས་པའི་རང་བཞིན་རྣམ་དག་འབྲས་བུ་དང་རྒྱུ་དུས་ལ་ཁྱད་པར་མེད་པར་ཡོད་པ་ནི་སྭ་བྷཱ་བའོ། །དེ་བདག་ཉིད་ལ་རང་བཞིན་གྱིས་གནས་ཤིང་རང་ཡང་དེ་ལས་ལོགས་ཤིག་ན་མེད་པ་ནི་ཨཱཏྨ་ཀ་དང་ཨ་ཧཾ་གི་དོན་ནོ། ། དེ་ནི་རྣམ་ཐར་གསུམ་སྔགས་དོན་དུ་བཤད་པ་ཡིན་ལ་ཡང་ན་རྡོ་རྗེ་གསུམ་གྱི་སྔགས་སུ་བཤད་དེ། ཨོཾ་ནི་སྐུ་རྡོ་རྗེའོ། །སྟོང་ཉིད་ཡེ་ཤེས་རྡོ་རྗེའི་རང་བཞིན་ཞེས་པ་འདིས་ཐུགས་རྡོ་རྗེ་བསྟན་ཏེ་སླའོ། །ངའོ་ཞེས་པ་གསུང་རྡོ་རྗེར་འཇོག་པའི་རྒྱུ་ མཚན་ནི། བདག་ནི་རྫས་སུ་མེད་པས་ཚིག་ཏུ་བཏགས་པ་ཙམ་ཡིན་པའི་ཕྱིར་རོ། །ཡང་ན་སྔགས་དོན་རིགས་ལྔར་བཤད་དེ། ཨོཾ་གྱིས་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །སྟོང་ཉིད་ཀྱིས་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཡེ་ཤེས་ཀྱིས་སོ་སོར་རྟོག་པའི་ 3-2-352a ཡེ་ཤེས་སོ། །རྡོ་རྗེས་བྱ་བ་སྒྲུབ་པའོ། །རང་བཞིན་གྱིས་ཤིན་ཏུ་རྣམ་དག་ཡེ་ཤེས་སོ། །ཐ་མ་གཉིས་ཀྱིས་ཡེ་ཤེས་ལྔའི་བདག་ཉིད་རྡོ་རྗེ་འཛིན་པ་ཆེན་པོའི་ངོ་བོར་བདག་ཉིད་ངེས་པར་སྟོན་པའོ། །བཤད་པ་དེ་གཉིས་ནི་ སྔགས་དོན་སྔ་མའི་སྟོང་ཉིད་ལ་གཏུགས་པའི་ཡེ་ཤེས་ཀྱི་སྟེང་ནས་ལྡོག་པ་སོ་སོར་ཕྱེ་བས་གོ་བར་ཟད་དོ། །བཤད་པ་གསུམ་པོ་དེ་ཡང་རྒྱུད་རྣམས་སུ་བཅོམ་ལྡན་འདས་ཉིད་ཀྱིས་གསུངས་པ་མན་སྙེར་གསལ་བར་བྱས་པར་བཤད་དོ། །ཁ་སྦྱོར་ དང་གདན་བཞི་ལས་འདིའི་སྐབས་སུ། དང་པོར་སྟོང་ཉིད་རྣམ་བསམས་པས། །ལུས་ཅན་རྣམས་ཀྱི་དྲི་མ་བཀྲུ། །ཞེས་སོགས་ཀྱིས་ཁམས་བཅོ་བརྒྱད་རང་བཞིན་མེད་པར་གཏན་ལ་དབབ་པར་གསུངས་ཤིང་། རྒྱ་གཞུང་གི་བསྟན་བཅོས་དུ་མ་ལས་ ཀྱང་བདག་མེད་པའི་ལྟ་བ་སྐབས་འདིར་བསྟན་པས་ན། སྭ་བྷཱ་བ་ལ་སོགས་པའི་སྔགས་དོན་སེམས་པ་ན་རང་བཞིན་མེད་རྟོགས་ཀྱི་ལྟ་བ་མེད་པའི་གཉིས་སྣང་རགས་པ་འཇའ་ཡལ་བ་བཞིན་སྒོམ་པ་འདིའི་འདོད་པ་ནི། རྒྱུད་དང་ཚད་ལྡན་གྱི་གཞུང་ གང་གི་ཡང་དགོངས་པ་མིན་ནོ། །ཤཱནྟི་པས། བྱིན་གྱིས་བརླབ་པའི་སྔགས་གཞན་དག་ལ་ཡང་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བའི་སྒྲའི་དོན་འདི་བཞིན་དུ་ཤེས་པར་བྱའོ། །ཞེས་གསུངས་པ་ལྟར་སྭ་བྷཱ་བ་ཤུདྡྷ་ལ་སོགས་པ་སྟོང་ཉིད་སྟོན་པའི་ སྔགས་རྣམས་ལ་ཚིག་མི་འདྲ་ཡང་དོན་སྔར་བཤད་པ་བཞིན་དུ་དྲན་པར་བྱའོ། །ཤཱནྟི་པ་དང་སྨན་ཞབས་ལ་སོགས་པ་མང་པོས། སྔགས་འདི་བརྟན་བྱེད་དང་བྱིན་གྱིས་རློབ་བྱེད་དུ་བཤད་པས། སྔགས་དོན་སྔོན་དུ་གསལ་བཏབ་པའི་འོག་ཏུ་སྔགས་ 3-2-352b དེས་བྱིན་གྱིས་བརླབ་པར་བྱའོ། །སོ་སོར་རྟོག་པའི་ཤེས་རབ་ཀྱིས་འཁོར་འདས་ཀྱི་ཆོས་ཐམས་ཅད་དོན་དམ་པར་མ་གྲུབ་པར་གཏན་ལ་ཕབ་པའི་ཚེ། བློ་དེའི་སྣང་ཡུལ་དུ་གཉིས་སྣང་མི་ལྡོག་ཀྱང་ངེས་ཤེས་ཀྱི་ངོ་ན་གཉིས་སྣང་ལྡོག་པས་གཉིས་སྣང་ཉེ་བར་ ཞི་བའི་དམིགས་པ་ཟུར་པ་ཡང་མི་དགོས་སོ། །དེ་ལྟར་ཆོས་ཐམས་ཅད་མཐའ་གཉིས་དང་བྲལ་བ་རང་བཞིན་མེད་པ་ཉིད་ཀྱི་མཚན་ཉིད་ཅན་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཆོས་ཀྱི་དབྱིངས་སོ་སྙམ་དུ་ངེས་པར་བྱེད་པས། གང་ཚེ་དངོས་དང་དངོས་མེད་པ། །བློ་ཡི་ མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་སྤྱོད་འཇུག་ལས་གསུངས་པ་ལྟར་ཆོས་ཐམས་ཅད་མི་དམིགས་པའི་བདག་ཉིད་ཅན་སྟོང་པ་ཉིད་ལ་རབ་ཏུ་གཞུག་གོ། འོ་ན་འདིར་སྟོང་ཉིད་སྒོམ་པའི་དགོས་ པ་གང་ཡིན་སྙམ་ན། དགྲ་ནག་གི་སྒྲུབ་ཐབས་ཀུ་མུ་ཏ་ཁ་བྱེ་བ་ལས། སྔར་གྱི་བསོད་ནམས་ཀྱི་ཚོགས་དང་ཕྱིས་ཀྱི་ཡེ་ཤེས་ཀྱི་ཚོགས་གཉིས་ཀྱིས་གཙོ་བོ་སྐྱེད་པར་གསུངས་ལ། ཀ་མ་ལ་རཀྵི་ཏས། བགེགས་བསྲུང་བའི་མཆོག་ཏུ་བཤད་དོ། །དེ་དག་ཀྱང་ དགོས་པ་ཕྱོགས་རེ་བ་ཡིན་མོད་ཀྱང་གཙོ་བོའི་དགོས་པ་ནི། འོག་ནས་འཆད་པ་ལྟར་སྒོམ་པ་རྣམས་གཟུགས་སྐུའི་ང་རྒྱལ་འཛིན་པ་ཡིན་ལ་དེའི་ང་རྒྱལ་གཟུང་བ་ཡང་ཆོས་སྐུ་མངོན་དུ་བྱས་པའི་མཐུས་བྱ་དགོས་པས་དེའི་དོན་དུ་ཡིན་ཏེ། གྲུབ་ཐོབ་ཌྃ་བི་ པས། རང་བཞིན་སྟོང་པ་ཉིད་དུ་རྣམ་སྒོམ་སྔོན་གྱི་ནི། །རྣལ་འབྱོར་པས་ནི་སྨོན་ལམ་རྗེས་སུ་དྲན་པར་བྱ། །ཞེས་སྟོང་ཉིད་ལ་ཞུགས་པ་ན་སྔོན་གྱི་སྨོན་ལམ་རྗེས་སུ་དྲན་པས་ལྡང་བར་བཤད་པའི་ཕྱིར་དང་མཚོ་སྐྱེས་ཀྱི་སྒྲུབ་ཐབས་དང་ 3-2-353a དྲིལ་བུ་པའི་ཀྱཻ་རྡོར་གྱི་སྒྲུབ་ཐབས་སོགས་ལས་ཀྱང་དེ་བཞིན་དུ་གསུངས་པའི་ཕྱིར་རོ། །གཞན་ཡང་སྣང་བ་ཐམས་ཅད་འོད་གསལ་དུ་བསྡུས་ཏེ་ལྷར་བྱ་བའི་ཕྱིར་དང་། སྔོན་དུ་ལྟ་བ་ཤུགས་དྲག་གི་ངེས་པ་བསྐྱེད་པའི་ མཐུས་རྗེས་སུ་སྣང་ཕྱོགས་སྒོམ་པ་རྣམས་སྒྱུ་མ་ལྟ་བུར་འཆར་བ་སོགས་ཀྱི་དགོས་པ་ཡང་ཡོད་དོ། །སྟོང་ཉིད་དུ་ཞུགས་པའི་སྣང་མེད་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། དེ་ལས་བསྲུང་འཁོར་སྒོམ་པའི་སྣང་བར་ལངས་པ་ནི་དག་པ་འཇིག་ རྟེན་པའི་ཡེ་ཤེས་ཀྱི་རང་བཞིན་དུ་ཀྱཻ་རྡོར་གྱི་སྒྲུབ་ཐབས་འཁྲུལ་སྤོང་ལས་བཤད་པའི་བསྲུང་འཁོར་ནི། མཚོན་པ་ཙམ་ཡིན་པས་རྟེན་དང་བརྟེན་པའི་སྣང་བ་ཐམས་ཅད་ཀྱང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་གཟུང་བ་དེ་དང་དེར་ཤར་བའི་རྣམ་པ་ཅན་དུ་ མོས་པར་བྱ་བའི་དོན་ཏེ་འདི་གལ་ཆེའོ། །དེས་ན་འདིར་སྟོང་ཉིད་སྒོམ་པ་ལ་དགོས་པ་མང་བས་ཡུན་ཧ་ཅང་ཐུང་བ་མིན་པའི་ངེས་པ་དྲག་པོ་རྙེད་ཀྱི་བར་དུ་བསྒོམ་པར་བྱའོ། །གཉིས་པ་ནི། དེ་ལྟར་སྟོང་ཉིད་བསྒོམས་པའི་མཇུག་ཐོགས་སུ་བསྲུང་ འཁོར་མ་བསྒོམས་པའི་བར་དུ་བར་སྲིད་མཚོན་བྱེད་ཀྱི་ཡི་གེ་སྒོམ་མི་སྒོམ་གཉིས་ཀྱི་དང་པོ་ལ་ནི་ཚུལ་གསུམ་སྟེ་སྙེ་མ་བཅུ་གཉིས་པ་ལས། ཁ་ཅིག་ཏུ་ཧོཿཡིག་དམར་པོ་གཉིས་ཀྱི་ནང་དུ་ཆུད་པའི་ས་བོན་གྱི་ཡི་གེའི་གནས་སྐབས་སམ་ཡི་གེ་ གསུམ་གྱི་གནས་སྐབས་སམ་ཁ་ཅིག་ཏུ་ནཱ་ད་ཙམ་སྟེ་རྣམ་པ་གསུམ་གང་ཡང་ལུས་དང་ངག་དང་སེམས་རྣམས་སྐྱེད་པའི་ཕྱིར་རོ། །ཞེས་གསུངས་པས། ཧོཿཡིག་གཉིས་ཀྱི་བར་གྱི་ཡི་གེ་ཧཱུཾ་དང་ཨོཾ་ཨཱཿཧཱུཾ་གསུམ་དང་ནཱ་ད་ཙམ་ཞིག་བཞག་པའོ། ། 3-2-353b སྐབས་འདིར་དེ་ལྟར་མི་སྒོམ་པ་རྣམས་ཀྱིས་ཀྱང་འོག་ཏུ་གཙོ་བོ་སྐྱེད་པའི་སྐབས་སུ་ཡི་གེ་དེ་དག་ཅི་རིགས་པར་འཇུག་པར་བཤད་ལ། ལཱུ་ཨི་པའི་རྗེས་སུ་འབྲང་བ་རྣམས་ཀྱིས་ནི། བསྲུང་འཁོར་གྱི་འོག་རྟེན་མ་བསྐྱེད་པའི་སྔ་རོལ་ཏུ་ནཱ་ད་ཙམ་ཞིག་འཇོག་པར་ བཤད་དོ། །བསྲུང་འཁོར་ཐུན་མོང་བ་ནི། རཾ་ལས་བྱུང་བའི་ཉི་མ་དང་དེར་ཧཱུཾ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེའི་ལྟེ་བ་ཧཱུཾ་གིས་མཚན་པ་ལས་སྤྲོས་པའི་འོད་ཟེར་ནི། འཇིག་དུས་ཀྱི་མེ་བཞིན་དུ་བྱ་བ་དང་རྡོ་རྗེའི་རྭ་བ་འབར་བའི་རང་བཞིན་དུ་བཤད་དེ་གུར་ ལ་སོགས་པ་ལ་ཡང་འདྲའོ། །སྤྲོས་པའི་འོད་ཟེར་ཉིད་རྡོ་རྗེར་གྱུར་ནས་རྭ་བ་སོགས་བྱེད་པར་ཨ་བྷྱ་དང་ཀུན་ཏུ་བཟང་པོ་བཞེད་ཅིང་། དེ་ཐམས་ཅད་ཀྱང་སྣ་ཚོགས་རྡོ་རྗེར་ཕྱི་མས་བཤད་པ་ནི། བརྟག་གཉིས་ལས། ཉི་དེར་ཧཱུཾ་བྱུང་སྣ་ཚོགས་རྡོ་རྗེ་དང༌། ། རྡོ་རྗེ་དེ་ཉིད་ཀྱིས་ནི་རྭ་བ་དང༌། །གུར་བཅིང་བ་ཡང་རྣམ་པར་བསམ་པར་བྱ། །ཞེས་གསུངས་པ་དང་མཐུན་ཏེ། བར་མཚམས་མེད་པར་དུམ་བུ་གཅིག་ཏུ་གྱུར་པ་དང་རྩེ་ལྔ་པར་ཨ་བྷྱ་བཞེད་དོ། །སྟེང་འོག་མིན་དང་འོག་གསེར་གྱི་ས་གཞི་ལ་ ཐུག་པར་སྒོམ་པར་ཨ་བྷྱ་བཞེད་ལ། རྒྱར་སྒྲུབ་པ་པོ་ཇི་ཙམ་འདོད་པ་དང་རྭ་བའི་དབྱིངས་གྲུ་བཞི་པར་ལྭ་བ་པས་གསུངས་སོ། །སྟེང་དུ་གུར་དང་དེའི་འོག་རྭ་བའི་སྟེང་དུ་བླ་རེ་དང་ཕྱིའི་སྟེང་དང་ལོགས་སུ་མདའི་དྲ་བ་བྱའོ། །རྡོ་རྗེ་རྩེ་ལྔ་པའི་རྣམ་ པའི་མདའི་དྲ་བ་བྱ་བར་པྲཛྙཱ་རཀྵི་ཏས་བཤད་པ་ནི་མདེའུའི་དབྱིབས་སུ་མངོན་ནོ། །ཀུན་གྱི་ཕྱི་རོལ་ཏུ་མེའི་རྭ་བ་བསམ་པར་བྱའོ། །བསྲུང་འཁོར་ཁྱད་པར་བ་འཁོར་ལོ་སེར་པོ་རྩིབས་བཅུ་པའི་ལྟེ་བ་ལ་ཧཱུཾ་མཛད་དང་རྩིབས་བཅུ་ལ་ཁྲོ་བཅུ་ 3-2-354a བཀོད་པའི་བསྲུང་འཁོར་ནི་ཨ་བྷྱས་ཕལ་མོ་ཆེའི་ཐུན་མོང་དུ་བཞེད་དོ། །རྩིབས་ཀྱི་ལྟེ་བའི་ནང་དུ་བསྲུང་འཁོར་གྱི་གཙོ་བོ་སྒོམ་པ་ཡིན་ཏེ་སྙེ་མ་བཅུ་གཉིས་པ་ལས། རྩིབས་བཅུ་པའོ་ལྟེ་བའི་དབུས་ཀྱི་བར་སྐབས་སུ་ གནས་པའི་བདག་ཉིད་ཅེས་དང༌། འཁོར་ལོའི་ལྟེ་བའི་ནང་དུ་བདག་ཉིད་ཀྱི་འོག་ཏུ་ཞེས་དེར་འབྱུང་བཞི་སྐྱེད་པར་གསུངས་པས་ལྟེ་བ་ལ་བར་སྟོང་ཡོད་དོ། །དེས་ན་ལྟེ་བའི་ནང་གི་ཡར་རྩེ་དང་མར་རྩེ་གཉིས་སྟེང་འོག་གི་རྩིབས་སུ་བྱས་ནས་ དེ་གཉིས་སུ་སྟེང་འོག་གི་ཁྲོ་བོ་གཉིས་བཀོད་ནས་གཞན་བརྒྱད་ཕྱོགས་མཚམས་ཀྱི་རྩིབས་ལ་མ་རེག་པར་དགོད་པར་བྱའོ། །འཁོར་ལོ་སེར་པོ་གཡས་སྐོར་དུ་ཅུང་ཟད་ཀྱང་མི་སྡོད་པར་དྲག་པའི་འགྲོས་ཀྱིས་འཁོར་ཞིང་མེ་འབར་བའི་འོད་ འཕྲོ་བར་ཨ་བྷྱ་བཞེད་ལ། ཌྃ་བི་པས་བསྲུང་བའི་འཁོར་ལོའི་གཙོ་བོ་ཧཱུཾ་མཛད་དུ་བཞེད་དེ་འཁོར་ལོ་བསྐོར་བ་མ་བཤད་ལ་ཕྱིར་ཟློག་གི་གཙོ་བོ་གཙུག་ཏོར་འཁོར་ལོས་སྒྱུར་རྒྱལ་ལ་མཛད་ཅིང་འཁོར་ལོ་ཡང་གཡོན་དུ་སྐོར། ནམཿས་མནྟ་ལ་སོགས་ པའི་སྔགས་འདོན་ཞིང་ཉལ་བའི་དུས་སུ་བསྒོམས་ནས་ལན་བདུན་བཟླ་བར་དེ་ཁོ་ན་ཉིད་བཅུ་པ་ལས་གསུངས་སོ། །བགེགས་ཀྱི་གནོད་པ་ཆུང་ན་ཐུན་མོང་བ་བྱ་ཞིང་། ཆེ་ན་ཁྲོ་བཅུ་འཁོར་ལོ་དང་བཅས་པ་བསྒོམས་ནས་བགེགས་དགུག་པ་ དང་ཕུར་བུས་གདབ་པ་སོགས་བྱའོ། །བགེགས་ཀྱི་ཆོ་འཕྲུལ་ཆེ་ན་སྟོང་ཉིད་དང་བསྲུང་འཁོར་ལ་ནན་ཏན་ཆེ་བར་བྱ་ལ་བསྲུང་བྱ་བསྲུང་འཁོར་གྱི་ནང་དུ་འཛུད་ན་བྲིས་པའི་དཀྱིལ་འཁོར་རྩིབས་ཀྱི་ལྟེ་བའི་ནང་དུ་འཛུད་པའི་རིགས་པ་སྦྱོར་བ་ནི་ 3-2-354b སྔར་བཤད་ཟིན་ཏོ། །གཉིས་པ་ལ་གསུམ། རྟེན་གཞལ་ཡས་ཁང་བསྐྱེད་པ་དང༌། བརྟེན་པ་ལྷ་བསྐྱེད་པ་དང༌། རྫོགས་པར་བྱེད་པའི་ཡན་ལག་གོ། །དང་པོ་ནི། རྩིབས་བཅུ་པའི་འཁོར་ལོ་སོགས་སྒོམ་མི་སྒོམ་གྱི་ལུགས་གཉིས་ལས་སྒོམ་པའི་ཕྱོགས་ ལ་ནི་འཕགས་ལུགས་ཀྱིས་བསྲུང་འཁོར་གྱི་འོག་ཏུ་སྟོང་ཉིད་དུ་སྦྱངས་ནས་རླུང་མེ་ཆུ་སའི་དཀྱིལ་འཁོར་བཞི་བསྐྱེད་དེ་དེ་རྣམས་གཅིག་ཏུ་འདྲེས་པ་དང་རྡོ་རྗེའི་ས་བསྐྱེད་པའི་སྟེང་དུ་བྷྲཱུཾ་ལས་གཞལ་ཡས་ཁང་སྐྱེད་པར་བཞེད་དོ། །མདོར་བྱས་ལས། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཧཱུཾ་གཉིས་ས་བོན་ཡཾ་ལས་བྱུང༌། །རླུང་གི་དཀྱིལ་འཁོར་བསྒོམ་པར་བྱ། །ཞེས་གསུངས་པའི་ནམ་མཁའི་དབྱིངས་ནི་ཆོས་འབྱུང་དང་དབུས་ཞེས་པས་པདྨ་དང་འབྱུང་བཞི་གཅིག་ཏུ་འདྲེས་པ་ལས་སྣ་ཚོགས་ རྡོ་རྗེ་སྐྱེད་པར་ཕྲེང་བ་ལས་བཤད་པ་བཞིན་དུ་ཆོས་འབྱུང་དང་པདྨའི་ལྟེ་བར་འབྱུང་བཞི་ལས་སྣ་ཚོགས་རྡོ་རྗེ་སྐྱེད་ལ་གཞལ་ཡས་ཁང་དེ་ལས་མི་སྐྱེད་དོ། །འདི་ལ་ཡབ་སྲས་གཞན་གྱི་གཞུང་དུ་མི་གསལ་ཡང་ཀླུ་བྱང་གིས། རྟ་བབས་རྡོ་རྗེའི་ རྩེ་མོ་ཅན། །དེ་ཡི་ཕྱི་རོལ་ཁོར་ཡུག་སྟེ། །རྡོ་རྗེའི་ཕྲེང་བ་འོད་བཟང་ལྡན། །ཞེས་རྡོར་རྭ་གསལ་བར་གསུངས་པས་གུར་དང་བླ་རེ་དང་རྡོ་རྗེའི་ས་གཞི་དང་འོད་ཀྱི་ཕྲེང་བ་རྣམས་ཀྱང་བསྐྱེད་པའི་དབུས་སུ་ཆོས་འབྱུང་སོགས་བསྒོམ་མོ། །སྙེ་མ་བཅུ་གཉིས་ པ་ལས། རྩིབས་བཅུ་ཁྲོ་བོ་དང་བཅས་པ་མི་སྡུད་པར་རྟེན་སྐྱེད་དོ། །དེ་ཡང་ལྟེ་བའི་ནང་དུ་འབྱུང་བཞི་རི་རབ་དང་བཅས་པ་བསྐྱེད་པ་ཞིག་དང་རང་བསྲུང་འཁོར་གྱི་གཙོ་བོར་གནས་པ་རྡོ་རྗེ་འཛིན་པར་འགྱུར་ནས་དེ་ཡོངས་སུ་གྱུར་པ་ལས་ཆོས་འབྱུང་བསྐྱེད་ 3-2-355a པའི་ནང་དུ་པདྨ་དང་དེའི་སྟེང་དུ་སྣ་ཚོགས་རྡོ་རྗེ་བསྐྱེད་པའི་སྟེང་དུ་གཞལ་ཡས་ཁང་སྐྱེད་དོ། །བསྲུང་འཁོར་ཁྱད་པར་བ་མི་སྒོམ་པའི་ཕྱོགས་ལ་ནི་ལེ་ཨཱི་པས་བདེ་མཆོག་ལ་བསྲུང་འཁོར་གྱི་རྗེས་སུ་སྟོང་ཉིད་བསྒོམས་པ་ ལས་ལངས་ནས་རླུང་མེ་ཆུ་ས་རི་རབ་དང་སྣ་ཚོགས་རྡོ་རྗེའི་སྟེང་དུ་པདྨ་དང་དེར་མངོན་བྱང་ལྔ་ལས་རྟེན་དང་བརྟེན་པ་ཐམས་ཅད་ཅིག་ཅར་དུ་སྐྱེད་དོ། །ཨ་བྷྱས་དེའི་དགོངས་པ་པདྨའི་སྟེང་དུ་རྡོ་རྗེ་སྐྱེད་པ་ལ་བླངས་ཏེ་ཆོས་འབྱུང་མེད་དོ། །ཇོ་བོ་ཆེན་པོས་ ཆོས་འབྱུང་སྒོམ་པར་བཤད་དོ། །ལོ་ཨཱུ་པ་རྗེས་འབྲང་དང་བཅས་པ་རྣམས་ཀྱིས་རྟེན་དང་བརྟེན་པ་དུས་གཅིག་ཏུ་སྐྱེད་ལ། གསང་འདུས་གཉིས་དང་ལྭ་བ་པ་དང་མཚོ་སྐྱེས་དང་ཌྃ་བི་པ་ལ་སོགས་པས་སྔ་ཕྱིར་བྱས་ནས་སྐྱེད་དོ། །ཌྃ་བི་པ་དང་མཚོ་སྐྱེས་ཀྱིས་ བདག་མེད་མ་དང་ཀྱཻ་རྡོར་གྱི་སྒྲུབ་ཐབས་སུ་བསྲུང་འཁོར་ཐུན་མོང་བའི་ནང་དུ་ཆོས་འབྱུང་དང་དེར་འབྱུང་བཞི་ས་ཆུ་མེ་རླུང་གི་རིམ་པས་བསྐྱེད་དེ། རང་གི་ཤེས་པ་དང་གཅིག་ཏུ་འདྲེས་པ་ལས་གཞལ་ཡས་ཁང་སྐྱེད་པར་བཤད་ཀྱང་པདྨ་དང་སྣ་ཚོགས་རྡོ་ རྗེ་མི་བཞེད་པ་མིན་ཏེ། ཌྃ་བི་པའི་དངོས་སློབ་མི་ཐུབ་ཟླ་བས་ཡན་ལག་དྲུག་པར་དེ་བཞིན་དུ་བཤད་ལ་བཟང་པོ་ཡོང་བཟུང་ལས་ཆོས་འབྱུང་གི་ནང་དུ་ཧྲཱིཿལས་པདྨ་དང་ཨཿལས་སྣ་ཚོགས་རྡོ་རྗེའི་སྟེང་དུ་འབྱུང་བཞི་དང་དེའི་སྟེང་དུ་བྷྲཱུཾ་ལས་འཁོར་ལོ་ སྒོམ་པར་བཤད་པའི་ཕྱིར་རོ། །འདི་དང་འཁྲུལ་སྤོང་གིས་ཀྱང་འབྱུང་བཞི་རྣམས་འདྲེས་པ་ལས་གཞལ་ཡས་ཁང་སྒོམ་པར་བཤད་པས། འབྱུང་བ་ཞུ་བ་ལས་གཞལ་ཡས་ཁང་སྐྱེད་པ་རྣལ་འབྱོར་གྱི་རྒྱུད་ཁོ་ནར་མ་ངེས་ལ། དེའི་འང་ཕྱོགས་རེ་ལ་ 3-2-355b ཡིན་གྱི་ཐམས་ཅད་ལ་མ་ཡིན་ནོ། །བསྲུང་འཁོར་གྱི་ནང་དུ་ཆོས་འབྱུང་དང་པདྨ་དང་སྣ་ཚོགས་རྡོ་རྗེའི་སྟེང་དུ་གཞལ་ཡས་ཁང་སྐྱེད་པ་མིན་པ་འབྱུང་བ་རིམ་རྩེགས་མི་སྒོམ་པ་ནི། གསང་འདུས་ཡེ་ཤེས་ཞབས་ལུགས་དང་དཔལ་འཛིན་གྱི་ལུགས་སོ། ། ཆོས་འབྱུང་སྐྱེད་ཚུལ་ལ་ཡེ་ཤེས་ཞབས་ལ་སོགས་པ་དུ་མས་ཀུན་ཏུ་བཟང་པོ་མིང་གཞན་རྡོ་རྗེ་འཛིན་པ་ཞེས་པ་ཞུ་བ་ལས་སྐྱེད་པ་དང༌ལྭ་བ་པ་ལ་སོགས་པས་ཨེ་ལས་སྐྱེད་པ་དང༌། འཁྲུལ་སྤོང་ལ་སོགས་པས་རྡོ་རྗེ་འཛིན་པའི་རང་བཞིན་ ལ་ཆོས་འབྱུང་གི་རྣམ་པ་ཅན་དུ་དཀྲོངས་བསྐྱེད་བྱེད་པ་ཡོད་པས་དེ་དག་གང་རུང་གིས་ཆོག་གོ། དེ་ཡང་ཁ་དོག་དཀར་པོ་དབྱིབས་ཟུར་གསུམ་པའི་འོག་ཕྲ་བ་སྟོད་ཡངས་པ་ནང་སྟོང་པར་ཡོད་པར་མན་སྙེ་སོགས་མང་པོས་བཤད་པས་ཟུར་ གསུམ་བསླངས་པའི་རྣམ་པ་ཅན་གྱི་ནང་དུ་གཞལ་ཡས་ཁང་བསྒོམ་པར་བྱའོ། །གཞལ་ཡས་ཁང་ཡང་བྲུཾ་ལས་སྐྱེད་པ་གསང་འདུས་འཕགས་ལུགས་དང་ལྭ་བ་པ་ལ་སོགས་པ་མང་ལ། བྲུཾ་ལས་འཁོར་ལོ་དང་དེ་ལས་བྱུང་བའི་རྣམ་སྣང་གྱུར་ ནས་སྐྱེད་པ་ཡང་ཡེ་ཤེས་ཞབས་ལ་སོགས་པས་བཤད་དེ་དེ་གཉིས་རྒྱས་བསྡུས་སུ་མངོན་ནོ། །འབྱུང་བ་འདྲེས་པ་ལས་སྐྱེད་པ་དང་རྟེན་དང་བརྟེན་པ་གཉིས་ཀ་མངོན་བྱང་ལྔ་ལས་སྐྱེད་པའང་བཤད་ཟིན་པ་ལྟར་རོ། །དེ་ལྟར་ན་གཞལ་ཡས་ཁང་ སྐྱེད་པ་ལ་འབྱུང་བ་རིམ་རྩེགས་སྐྱེད་མི་སྐྱེད་གཉིས་དང་། སྐྱེད་པ་ལ་རྩིབས་བཅུ་པའི་ལྟེ་བའི་ནང་དུ་སྐྱེད་མི་སྐྱེད་གཉིས་དང༌མི་སྐྱེད་པའི་ཕྱོགས་ལ་འབྱུང་བ་ཞུ་མི་ཞུ་གཉིས་དང་། ཞུ་བ་ལ་འབྱུང་བ་ལུགས་འབྱུང་དང་ལུགས་ལྡོག་ཏུ་སྒོམ་པ་གཉིས་དང༌། འབྱུང་བ་ 3-2-356a ཞུ་ནས་སྣ་ཚོགས་རྡོ་རྗེ་སྐྱེད་པ་དང་། གཞལ་ཡས་ཁང་སྐྱེད་པ་གཉིས་ཏེ་རི་རབ་སྐྱེད་མི་སྐྱེད་ཀྱང་གཉིས་སུ་སྣང་ངོ༌། །དེ་ཡང་གཞལ་ཡས་ཁང་སྐྱེད་པ་ནི་ཅིག་ཅར་དུ་སྐྱེད་པ་ཡིན་ལ་གསལ་ནི་རིམ་ཅན་དུ་གདབ་ པར་བྱ་སྟེ་གདན་དང་བཅས་པ་སོ་སོའི་དོན་སྤྱི་ལྷོངས་པར་བྱའོ། །གཉིས་པ་ལ་གསུམ། ལྷ་སྐྱེད་པའི་ཚུལ་དངོས་དང༌། སྦྱང་གཞི་དང་ལམ་ལ་སྦྱར་བ་དང༌། དོན་གྱི་གནད་བསྡུ་བའོ། །དང་པོ་ལ་གཉིས། མངོན་བྱང་ལྔས་སྐྱེད་ཚུལ་དང༌། ཞུ་བ་གླུས་བསྐུལ་ནས་སྐྱེད་ཚུལ་ལོ། །དང་པོ་ནི། མངོན་བྱང་ལྔ་ནི། དེ་བཞིན་ཉིད་ལས་བྱང་ཆུབ་པ་དང་ཟླ་བ་དང་ས་བོན་དང་ཕྱག་མཚན་དང་སྐུ་རྫོགས་པ་ལས་བྱང་ཆུབ་པ་ལྔ་ལ་འཕགས་པ་ཡབ་སྲས་བཞེད་པ་གཞན་དུ་ཤེས་པར་ བྱའོ། །དེ་ལས་གཞན་ཕལ་མོ་ཆེས་ཁ་སྦྱོར་གྱི་བརྟག་པ་གསུམ་པ་ལས། ཟླ་བ་མེ་ལོང་ཡེ་ཤེས་ལྡན། །དེ་བཞིན་མཉམ་ཉིད་ཡེ་ཤེས་ཉིད། །རང་ལྷའི་ས་བོན་ཕྱག་མཚན་ནི། །སོ་སོར་རྟོག་པར་བརྗོད་པར་བྱ། །ཐམས་ཅད་གཅིག་གྱུར་ བྱ་ནན་ཏན། །གཟུགས་བརྙན་རྫོགས་པ་དག་པའོ། །མཁས་པས་ཆོ་ག་གསུངས་པ་ནི། །རྣམ་པ་ལྔ་པོ་བསྒོམ་པར་བྱ། །ཞེས་གསུངས་པ་ལྟར་ཡེ་ཤེས་ལྔ་ལས་བྱང་ཆུབ་པ་ལ་བཞེད་དེ། འོད་ཀྱང་གསལ་བྱེད་ལས་ཉི་མ་སྐྱེད་པའི་ངེས་པ་མེད་དེ་དེ་ཉིད་ལས། ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །བྱང་ཆུབ་ཟླ་བ་གཉིས་པ་ཅན། །ཞེས་རྡོ་རྗེ་སེམས་དཔའི་སྐྱེད་ཆོག་གི་སྐབས་སུ་ཟླ་བ་གཉིས་སྒོམ་པར་གསུངས་པའི་ཕྱིར་རོ། །ཁ་སྦྱོར་གྱི་སྐབས་དེ་ཉིད་དུ་ཨཱ་ལི་བཅུ་དྲུག་དང་ཀཱ་ལི་སོ་བཞི་ལས་མ་བཤད་དོ། །ཉིས་ 3-2-356b འགྱུར་དུ་བྱེད་པ་ནི་ཡེ་ཤེས་ཞབས་ཀྱིས་གསལ་བར་མ་བཤད་ལ། མར་མེ་མཛད་བཟང་པོས། དབྱངས་ཡིག་མཚན་དང་ཡང་དག་ལྡན། །ཀ་སོགས་དཔེ་བྱད་འོད་ཟེར་ཅན། །ཞེས་གསུངས་པས་ཉིས་འགྱུར་བྱ་དགོས་ནའང་ཧ་ཅང་མི་གསལ་བས་དེའི་ འགྲེལ་པ་ལས་ཤཱནྟི་པས་གཞན་དག་ཉིས་འགྱུར་མི་འདོད་པའི་ལུགས་བཀོད་དེ་རང་ལུགས་ཀྱིས་ཉིས་འགྱུར་དུ་མཛད་དོ། །དཔལ་འཛིན་གྱིས་ཀྱང་ཉིས་འགྱུར་དུ་བཤད་དོ། །མ་རྒྱུད་ལ་ལྭ་བ་པ་དང༌། ལཱུ་ཨི་པའི་སྒྲུབ་ཐབས་སོགས་ལས་ཉིས་ འགྱུར་དུ་བཤད་ཅིང་། ཤཱནྟི་པས་ཀྱཻ་རྡོར་ཡབ་ཡུམ་གྱི་སྒྲུབ་ཐབས་ལས་ཉིས་འགྱུར་མེད་པའི་དབྱངས་གསལ་ལས་སྐྱེད་པར་བཤད་ལ། ཌྃ་བི་པའི་བདག་མེད་མ་དང་མི་ཐུབ་ཟླ་བའི་ཀྱཻ་རྡོར་གྱི་སྒྲུབ་ཐབས་ལས་ཉིས་འགྱུར་བྱེད་མི་བྱེད་གཉིས་ཀ་མི་ གསལ་ལོ། །ཉིས་འགྱུར་སྒོམ་ན་ལཱུ་ཨི་པས་བཤད་པ་ལྟར་རེ་རེ་ཡང་གཡས་སྐོར་དང་གཡོན་སྐོར་དུ་དགོད་ལ། དཔལ་འབྲས་རྡོ་རྗེས་དབྱངས་དཀར་པོ་ནང་དང་གསལ་བྱེད་དམར་པོ་ཕྱི་རུ་དགོད་ཅིང༌། སྨན་ཞབས་ཀྱིས་དབྱངས་འོག་དང་གསལ་བྱེད་སྟེང་ དུ་དགོད་པར་བཞེད་དེ་སྔོན་དུ་དབྱངས་གསལ་བཀོད་ནས་དེ་ནས་སྐྱེད་པའི་ལུགས་སོ། །དཔལ་འཛིན་གྱིས་དབྱངས་ཀྱིས་བསྐྱེད་པའི་ཟླ་བའི་སྟེང་དུ་གསལ་བྱེད་འགོད་དེ་གང་ཡང་རུང་ངོ༌། །གསལ་བྱེད་ལས་ཟླ་བ་སྐྱེད་པར་ཡེ་ཤེས་ཞབས་ལུགས་ པ་དང་དཔལ་འཛིན་དང་ལཱུ་ཨི་པས་བཤད་ལ། ཉི་མ་སྐྱེད་པར་ཀྱཻ་རྡོར་ཡབ་ཡུམ་གྱི་སྒྲུབ་ཐབས་ཕལ་ཆེ་བ་དང་ལྭ་བ་པས་བདེ་མཆོག་བཅུ་གསུམ་མའི་སྒྲུབ་ཐབས་སུ་མཛད་དོ། །ཟླ་བ་གཉིས་པ་ནི་དམར་པོར་སྒོམ་པར་དཔལ་འཛིན་དང་ཨ་བྷྱས་བཤད་ 3-2-357a ལ་ཕྱི་མས་ཟླ་བ་ཉ་གང་བའི་རྣམ་པ་ཅན་དུ་སྒོམ་པར་གསུངས་ཤིང་། ཁ་སྦྱོར་ལས་ཟླ་བའི་སྐབས་སུ། གྲུ་གསུམ་རྒྱ་ཆེའི་རང་བཞིན་ཅན། །ཞེས་གསུངས་པའི་དོན་ཨ་ཡིས་མཚོན་པའི་ཟླ་བ་ཀུན་ཏ་ལྟ་བུ་ཆོས་འབྱུང་གྲུ་ གསུམ་དུ་སྐྱེས་པ་ལ་རྒྱུའི་མིང་གིས་བཏགས་པར་བཤད་དོ། །དབྱངས་ཉིས་འགྱུར་བྱེད་པའི་རྒྱུ་མཚན་ནི་ཨཱ་ལི་བཅུ་དྲུག་གིས་ནང་དུ་ལུས་ཀྱི་གནས་རྣམས་ཀྱི་ཁུ་བའི་ཆ་བཅུ་དྲུག་མཚོན་ལ། དེ་ལ་ཐབས་ཤེས་སུ་ཕྱེ་བས་སོ་གཉིས་སུ་ཡོད་པའི་རྒྱུ་ མཚན་གྱིས་དབྱངས་ཡིག་རྣམས་ཀྱང་ཉིས་འགྱུར་དུ་བྱས་པར་མན་སྙེར་བཤད་དེ། བཅོམ་ལྡན་འདས་ཀྱིས། ཨ་ཡིག་མཐེབ་ཆེན་རྩ་བར་འགྱུར། །ཨཱ་ཡིག་བྱིན་པ་དག་ལ་ཉིད། །ཨི་ཡིག་ཀྱང་ནི་བརླ་ཟུང་ལ། །ཨཱི་ཡིག་གསང་བའི་ཕྱོགས་སུ་ འོ། །ཨུ་ཡིག་ལྟེ་བའི་རྩ་བར་ཏེ། །ཨཱུ་ཡིག་ལྟོ་བ་མཆོག་ལའོ། །རྀ་ཡིག་ནུ་མའི་དབུས་སུ་སྟེ། །རཱྀ་ཡིག་དེ་བཞིན་ལག་པ་ལའོ། །ལྀ་ཡིག་མགྲིན་པའི་ཕྱོགས་སུ་སྟེ། །ལཱྀ་ཡིག་ཀྱང་ནི་མཆུ་ལ་གནས། །ཨེ་ཡིག་འགྲམ་པའི་ཕྱོགས་སུ་སྟེ། ། ཨཻ་ཡིག་ཀྱང་ནི་མིག་ལའོ། །ཨོཾ་ཡིག་རྣ་བའི་རྩ་བར་ཏེ། །ཨཽ་ཡིག་མགོ་བོར་ཡང་དག་གནས། །ཨཾ་ཨཿསྤྱི་གཙུག་ཏུ་ལུས་ལ། །མཁས་པས་འདི་ལྟར་བསམ་པར་བྱ། །དཀར་པོའི་ཕྱོགས་ལ་འདི་ལྟར་གནས། །ནག་པོ་བཟློག་པས་དེ་ལྟར་རོ། ། བུད་མེད་ལ་འདི་རྡོ་རྗེ་སེམས། །སྐྱེས་པ་རྣམས་ལའང་དུས་ཀུན་ཏུའོ། །ཞེས་དྲངས་ཏེ། སྡོམ་འབྱུང་སོགས་ལས་ཀྱང་དེ་དང་མཐུན་པར་གསུངས་སོ། །སྡོམ་འབྱུང་འགྲེལ་པ་ལས་གཡོན་པ་ཞེས་པ་དཀར་པོའི་ཕྱོགས་ལ་མཐེ་བོང་ནས་སྤྱིར་བོར་ལུས་ཀྱི་ 3-2-357b གཡོན་ལ་བརྟེན་ནས་འཛེག་པར་བྱེད་ཅིང་ནག་པོའི་ཕྱོགས་ལ་ནི་སྤྱི་བོ་ནས་མཐེ་བོང་དུ་ལུས་ཀྱི་གཡས་ལ་བརྟེན་ནས་འབབ་པར་བྱེད་དེ། ཞེས་གསུངས་པས་བྱང་ཆུབ་ཀྱི་སེམས་ཀྱི་ཆ་བཅུ་དྲུག་གོ། ཐབས་ཤེས་གཉིས་སུ་བྱེད་པའི་ཤེས་བྱེད་དུ། བརྟག་ གཉིས་ལས། ཁུ་བའི་རྣམ་པ་བཅོམ་ལྡན་འགྱུར། །དེ་ཡི་བདེ་བ་འདོད་མར་བཤད། །ཅེས་པ་དྲངས་ཏེ་ཨཱ་ལིའི་མཚོན་དོན་བཅུ་དྲུག་ལ་ཐབས་ཤེས་གཉིས་སུ་ཡོད་པས་ཨཱ་ལི་བཅུ་དྲུག་ལ་ཡང་གཉིས་སུ་འབྱེད་ཅེས་པའི་དོན་ནོ། །མན་སྙེར་ཁུ་བ་ མིན་པ་དང་བདེ་བ་མིན་པ་ལས་ལྡོག་པའི་ཆ་བཅུ་དྲུག་ཡོད་པས་སོ་གཉིས་སུ་འབྱེད་པར་གསུངས་པ་ཡང་སྔར་བཤད་པའི་ལུས་ཀྱི་གནས་དེ་དང་དེའི་སྒོ་ནས་འབྱེད་དགོས་སོ། །དེ་ནས་ཀ་ནས་ཀྵའི་བར་གསལ་བྱེད་སོ་བཞིའི་སྟེང་དུ་ཌ་དྷ་ཡ་ར་ལ་ ཝ་དྲུག་ལྷག་པར་བྱས་པས་བཞི་བཅུ་ཡིན་ལ་དེ་ཉིས་འགྱུར་དུ་བྱ་སྟེ་གསལ་བྱེད་སོ་བཞིའི་སྟེང་དུ་ཡི་གེ་སྣོན་ལུགས་མི་འདྲ་བ་མང་པོ་ཡོད་དོ། །གསལ་བྱེད་བརྒྱད་ཅུར་བྱེད་པའི་རྒྱུ་མཚན་ཡང༌ཀཱ་ལི་ལ་ཁམས་ལྔར་བསྡུས་ཏེ་དེ་རེ་རེ་ལ་བཞི་ བཞིར་ཕྱེ་ན་ཉི་ཤུ་སྟེ་ས་ནས་རླུང་གི་ཁམས་ཀྱི་བར་བཞི་ལ་གང་ན་གཅིག་ཡོད་པ་དེར་བཞི་རྣམས་སོ་ཞེས་པའི་ལུང་ལས་བཞི་པོ་རེ་རེ་ལ་བཞི་བཞི་ཡོད་ཅིང་། དགའ་བ་ནམ་མཁའི་ཁམས་ལ་དགའ་བ་བཞིར་ཡོད་པའི་ཕྱིར་རོ། །ཁམས་ཉི་ཤུ་པོ་དེ་ རེ་རེ་ཡང་རྡུལ་དང་ལྡན་པས་བཞི་བཅུའོ། །དེ་ལ་སྟོང་པ་དང་བདེ་བའི་ཐབས་ཤེས་གཉིས་གཉིས་སུ་ཕྱེ་བས་བརྒྱད་ཅུར་མན་སྙེ་ལས་གསུངས་ཏེ་ཀཱ་ལིས་མཚོན་པའི་དོན་རྡུལ་ཡིན་ལ་དེའི་ཁམས་ལྔ་དང་རྡུལ་གྱི་ཆ་རྣམས་སོ་སོར་བརྩིས་པའི་ལུགས་ཡིན་ 3-2-358a ལ། དེའི་ཕྱིར་མཚོན་བྱེད་ཀྱི་ཡི་གེ་ཡང་དེ་ལྟར་དུ་དབྱེ་ཞེས་པའི་དོན་ནོ། །ཡང་ན་མན་སྙེ་ལས། ཨ་ཡིག་ལ་སོགས་པའི་ཡིག་འབྲུ་འདི་རྣམས་ཀྱང་གཞན་ཞིག་ཏུ་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་དག་ཐ་མི་དད་པར་ ཉེ་བར་བརྟགས་པས་ཀྱང་རྣམ་པར་གཞག་པར་བྱ་སྟེ་དཔེར་ན། ཨ་ཡིག་ནམ་མཁའི་ཁམས་ཞེས་པ་ལ་སོགས་པ་བཞིན་ནོ། །ཞེས་གསུངས་པ་ལྟར་བརྗོད་བྱ་རྗོད་བྱེད་ཐ་མི་དད་དུ་མོས་པའི་དབང་དུ་བྱས་ནས་ཀྱང་ཤེས་པར་བྱའོ། །ཡི་གེ་རྣམས་ ཁམས་ལྔར་སྡུད་ལུགས་ནི། ཀ་ང་ཉ་ཎ་ན་མ་ཧ་ཀྵ་རྣམས་ནམ་མཁའི་གསལ་བྱེད་དོ། །གྷ་ཛྷ་ཌྷ་དྷ་དྷ་བྷ་ལ་ཡ་ཤ་རྣམས་རླུང་གིའོ། །ག་ཛ་ཌ་ཌ་ད་བ་ར་ར་ཥ་རྣམས་མེའི་འོ། །ཁ་ཚ་ཋ་ཐ་ཕ་ཝ་ཝ་རྣམས་ཆུའི་འོ། །ཅ་ཊ་ཏ་པ་ལ་ལ་ས་རྣམས་སའི་ གསལ་བྱེད་ཀྱི་ཡི་གེའོ། །དེ་ནས་དབྱངས་གསལ་གྱིས་བསྐྱེད་པའི་ཟླ་བ་གཉིས་གཅིག་ཏུ་གྱུར་པར་དཔལ་འཛིན་དང་སྨན་ཞབས་ཀྱིས་བཤད་ལ། མན་སྙེ་སོགས་མང་པོས་དེ་མ་བཤད་དོ། །དེ་ནས་ཟླ་བ་གཉིས་སམ་ཉི་ཟླའི་བར་དུ་སྐབས་ ཀྱི་ས་བོན་གང་ཡིན་ལས་ཕྱག་མཚན་དུ་གྱུར་པ་ལ་ས་བོན་གྱིས་མཚན་པ་བསྒོམ་མོ། །ཕྱག་མཚན་སྐྱེད་པ་ལ་ཡབ་ཡུམ་གཉིས་ཀའི་ཕྱག་མཚན་གཉིས་སྐྱེད་པར་མི་ཐུབ་ཟླ་བ་དང་ཤཱནྟི་པས་ཀྱཻ་རྡོར་ཡབ་ཡུམ་གྱི་སྒྲུབ་ཐབས་ལས་གསུངས་ ལ་སྒྲུབ་ཐབས་ཀུན་བཟང་སོགས་ལས་ཕྱག་མཚན་གཅིག་ལས་མ་བཤད་པ་ཡང་ཡོད་དོ། །དེ་ནས་ཕྱག་མཚན་གྱི་ས་བོན་ལས་འོད་ཟེར་སྤྲོས་པས་སེམས་ཅན་ཀུན་གྱི་དོན་བྱས་ནས་སླར་འདུས་ཏེ་གཅིག་ཏུ་འདྲེས་པར་བལྟ་སྟེ་འོད་ཟེར་གྱི་ 3-2-358b སྤྲོ་བསྡུ་མི་བྱེད་པར་གཅིག་ཏུ་འདྲེས་པ་ཙམ་བཤད་པ་ཡང་མང་ངོ༌། །དེ་ལས་ཡབ་ཡུམ་གྱི་སྐུ་ཡོངས་སུ་རྫོགས་པར་བལྟའོ། །དེ་དག་ལ་ཡེ་ཤེས་ལྔར་འཇོག་ཚུལ་ནི་དབྱངས་གསལ་གྱི་རྣམ་སྨིན་དང་རྒྱུ་མཐུན་གྱི་འབྲས་བུ་ནི་རིམ་པ་བཞིན་དུ་མེ་ ལོང་ལྟ་བུ་དང་མཚན་སོ་གཉིས་དང་མཉམ་པ་ཉིད་དང་དཔེ་བྱད་བརྒྱད་ཅུ་དང་ཕྱག་མཚན་ས་བོན་གྱིས་མཚན་པ་སོར་རྟོག་དང་སྤྲོ་བསྡུ་བྱས་ཏེ་གཅིག་ཏུ་འདྲེས་པ་བྱ་བ་སྒྲུབ་པ་དང་སྐུ་རྫོགས་པ་ཆོས་དབྱིངས་ཡེ་ཤེས་སུ་མན་སྙེ་ལས་བཤད་ལ། གཉིས་ པ་ཉི་མར་འདོད་ནའང་འདྲ་སྟེ། ལུགས་འདི་བཤད་པ་མང་ངོ༌། །དཔལ་འཛིན་གྱིས་ཟླ་བ་གཉིས་མེ་ལོང་དང་དེ་གཉིས་གཅིག་ཏུ་གྱུར་པ་མཉམ་ཉིད་དང་ས་བོན་སོར་རྟོག་དང་ཕྱག་མཚན་བྱ་སྒྲུབ་དང་སྐུ་རྫོགས་པ་སྔར་ལྟར་བཤད་དོ། །ཟླ་བ་གཉིས་ གཅིག་ཏུ་བྱེད་པ་ལ་མཉམ་ཉིད་དུ་སྨན་ཞབས་ཀྱིས་ཀྱང་བཤད་དོ། །ཞུ་བ་གླུས་བསྐུལ་མེད་ན་མངོན་བྱང་དང་པོ་བཞི་རྒྱུ་རྡོ་རྗེ་འཛིན་པ་དང་ལྔ་པ་འབྲས་བུ་རྡོ་རྗེ་འཛིན་པ་དང༌། ཡོད་ན་ལྔ་ཀས་རྒྱུ་རྡོ་རྗེ་འཛིན་པ་རྫོགས་པར་བྱེད་པ་དང་བར་སྲིད་མཚོན་ པའི་ཡི་གེ་རྣམས་ལས་ས་བོན་རྫོགས་པ་རྒྱུ་རྡོ་རྗེ་འཛིན་པའི་སྐབས་སུ་མི་བྱེད་དེ་མན་སྙེའི་ལུགས་སོ། །གཉིས་པ་ནི། དེ་ལྟ་བུའི་རྒྱུ་རྡོ་རྗེ་འཛིན་པ་ཞུ་ནས་གླུས་བསྐུལ་ཏེ་འབྲས་བུ་རྡོ་རྗེ་འཛིན་པ་སྐྱེད་ན། སྤྱིར་ཞུ་བ་གླུས་སྐུལ་སྐབས་འདིར་བྱེད་ པར་གཞན་མང་པོ་ལས་གསུངས་ཀྱང་མདོར་བྱས་ལས་ལས་རྒྱལ་མཆོག་གི་སྐབས་སུ་གསུངས་ལ་ཞུ་བ་ཡང་བར་སྲིད་ཀྱི་ཡི་གེ་ཞུགས་ནས་ཞུ་བ་མིན་ལ། ཞུ་ལུགས་ཀྱང་འོད་གསལ་དུ་འཇུག་པ་ཡིན་ནོ། །འོན་ཀྱང་དང་པོ་སྦྱོར་བའི་སྐབས་འདིར་ 3-2-359a ཞུ་བ་ནི་གུར་ལས། དྲི་ཟ་རབ་ཏུ་ཞུགས་པ་ནི། །ལྷུང་སྟེ་ཞུ་བ་རྗེས་དྲན་པ། །མཚམས་ཀྱི་ལྷ་མོ་རྣམས་ཀྱིས་བསྐུལ། །ཞེས་གསུངས་པ་ལྟར་བར་སྲིད་མཚོན་བྱེད་ཀྱི་ཡི་གེ་ཞུགས་པས་ཞུ་བར་བཞེད་པ་ལྟར་ན་ཧོཿཡིག་ གཉིས་ཀྱི་བར་དུ་འབྲུ་གསུམ་བཅུག་པ་ཡེ་ཤེས་ཞབས་ལུགས་དང་དཔལ་འཛིན་དང་མི་ཐུབ་ཟླ་བ་སོགས་ཀྱིས་བཤད་ལ། སྔར་བཤད་པ་ལྟར་ས་བོན་དང་ནཱ་ད་སོགས་འཇུག་པའང་ཡོད་དོ། །ལོ་ཨཱི་པའི་དགོངས་པས་ནཱ་ད་ཙམ་སྔར་ གྱི་མངོན་བྱང་གི་སྐབས་སུ་འཇུག་པར་བཞེད་དོ། །འཇུག་ལུགས་ལ་དཔལ་འབྲས་རྡོ་རྗེས་དང་པོ་ནས་ཡུམ་གྱི་པདྨ་ནས་འཇུག་པར་བཞེད་ལ། སྨན་ཞབས་ཀྱིས་ཡབ་གྱི་ཞལ་དུ་ཞུགས་པ་རྡོ་རྗེའི་ལམ་ནས་བརྒྱུད་དེ་ཡུམ་གྱི་པདྨར་འཇུག་ པར་བཞེད་པ་དང་། གཞན་ཡང་སྤྱི་གཙུག་ནས་འཇུག་པ་ཡང་བཤད་པས་སྒོ་གཅིག་ཏུ་མ་ངེས་སོ། །དེ་ཞུགས་པ་ན་དེས་རྐྱེན་བྱས་ནས་ཡབ་ཡུམ་གཉིས་ཆགས་པ་ཆེན་པོས་ཞུ་ནས་ཐིག་ལེའི་གཟུགས་སུ་གནས་པར་བྱེད་དོ། །དེ་ལ་ སྤྱན་ལ་སོགས་པའི་ལྷ་མོའི་གླུས་བསྐུལ་ནས་ཐིག་ལེ་ལས་ས་བོན་དང་ཕྱག་མཚན་ལས་ལྷར་རྫོགས་པ་མང་སྟེ་ཆོ་ག་གསུམ་སྐྱེད་ཀྱི་ལུགས་སོ། །མན་སྙེ་ལས། རྣམ་པ་ལྔ་མངོན་པར་བྱང་ཆུབ་པ་ལན་གཉིས་ནི་རྒྱུ་ལ་དང་འབྲས་བུ་ལ་ ཡང་བདེ་བ་ཆེན་པོ་ཡོད་པ་ཁོ་ནའོ་ཞེས་རྟོགས་པའི་དོན་དུའོ། །ཞེས་སྐབས་འདིར་ཡང་མངོན་བྱང་ལྔ་ལས་སྐྱེད་པ་ཞིག་ཀྱང་བཤད་དོ། །འཁོར་སྐྱེད་པའི་སྐབས་ལ་མི་ཐུབ་ཟླ་བས་རྒྱུ་རྡོ་རྗེ་འཛིན་པ་ཡབ་ཡུམ་སྙོམས་པར་ཞུགས་ནས་ལྷ་མོ་ 3-2-359b བརྒྱད་འབྱིན་པར་བཤད་དེ་གུར་ལས། རྣམ་པ་ལྔ་པོ་བསྒོམ་པར་བྱ། །དང་པོར་སྐྱེས་བུ་བསམ་དེ་ནས། །མཁའ་འགྲོ་མ་ཡི་འཁོར་ལོ་སྤྲོ། །ཞེས་གསུངས་པའི་རྗེས་སུ་འབྲངས་པའོ། །འཁྲུལ་སྤོང་སོགས་ལས་འབྲས་བུ་རྡོ་རྗེ་འཛིན་པའི་སྐབས་སུ་ མངལ་ནས་འབྱིན་པས་ཀྱཻ་རྡོར་ལ་ཡང་མཐའ་གཅིག་ཏུ་མ་ངེས་ལ། ཡེ་ཤེས་ཞབས་ལུགས་སོགས་ནས་འབྲས་བུ་རྡོ་རྗེ་འཛིན་པ་ཡབ་ཡུམ་གྱིས་མངལ་ནས་འཁོར་སྐྱེད་པའི་ཚུལ་ཤིན་ཏུ་མང་ངོ༌། །རྒྱུ་འབྲས་ཀྱི་རྡོ་རྗེ་འཛིན་པའི་སྐུ་མདོག་ཀྱང༌ཀྱཻ་རྡོར་ ལ་མི་ཐུབ་ཟླ་བས་སྔ་མ་དཀར་པོ་དང་ཕྱི་མ་སྔོན་པོར་བཤད་ལ་འཁྲུལ་སྤོང་ལས་གཉིས་ཀ་ཁ་དོག་མཚུངས་པར་བཤད་ཅིང་འཇམ་རྡོར་ལ་ཁ་དོག་དང་ཕྱག་མཚན་མི་འདྲ་ཞིང་ཞལ་ཕྱག་གི་གྲངས་འདྲ་བར་བཤད་པ་སོགས་སྣ་ཚོགས་པ་ཅིག་ ཡོད་པས་མཐའ་གཅིག་ཏུ་མི་བཟུང་ངོ༌། །གནས་སྐབས་ཀྱི་གདུལ་བྱར་རུང་བ་མེད་པའི་ཚེ་ན་བདེ་བ་ཆེན་པོའི་སྐུ་ཁོ་ནས་གནས་ལ་ཡོད་པའི་ཚེ་གཟུགས་ཀྱི་སྐུར་སྣང་ནས་དོན་མཛད་པ་དང་བསྟུན་ནས་ཞུ་བ་གླུས་བསྐུལ་བ་དང་གཞན་གྱི་དོན་ལ་ སྐད་ཅིག་ཀྱང་སྐུའི་སྣང་བ་མི་སྡུད་པར་གནས་པ་ལ་བརྟེན་ནས་ཞུ་བ་མེད་པ་ཡིན་པར་མན་སྙེ་ལས་འཆད་དོ། །གཉིས་པ་ནི། དུས་འཁོར་རྩ་འགྲེལ་དང་རྣམ་གཞག་རིམ་པར་སྦྱང་གཞི་དང་མཐུན་པར་ལྷ་སྐྱེད་པའི་རྣམ་གཞག་གསལ་བར་ ཡོད་ལ་གཞན་རྣམས་ལས་དེ་ཙམ་དུ་མི་གསལ་ལོ། །སྔར་དྲངས་པ་ལྟར་གུར་ནས་རྒྱུ་རྡོ་རྗེ་འཛིན་པའི་ཡུམ་གྱི་མངལ་དུ་བར་དོ་འཇུག་ཚུལ་ཟུར་ཙམ་གསུངས་པས་སྦྱང་གཞི་གཞན་ཡང་མཚོན་པ་མན་སྙེ་རྒྱས་པས་དེ་ནས་གསུངས་པ་བཞིན་དུ་ 3-2-360a བཤད་པར་བྱའོ། །དེ་ལ་སྔོན་དུ་མངལ་དུ་སྐྱེ་བ་འཛིན་པའི་རྒྱུ་ལས་བསགས་པ་ཞིག་ཤི་ནས་བར་དོ་གྲུབ་སྟེ་དེ་ནས་བར་སྲིད་མའི་མངལ་དུ་ཞུགས་ཤིང་དེར་གནས་ནས་མཐར་ཕྱི་རོལ་ཏུ་བཙས་ཏེ་ཆུང་མ་བླངས་ནས་བུ་བུ་མོ་ སྐྱེད་པ་སོགས་བྱེད་པ་ཞིག་ཡོད་པ་ཆོས་མཐུན་པའི་ཡུལ་དུ་བྱས་ནས་དེ་དང་མཐུན་པར་བསྐྱེད་རིམ་སྒོམ་མོ། །དེ་ཡང་ཚོགས་ཀྱི་ཞིང་ལ་དམིགས་ནས་ཚོགས་མང་དུ་གསོག་པ་ནི་སྲིད་པར་སྐྱེ་བའི་རྒྱུ་ལས་གསོག་པ་དང་འདྲ་ཞིང་། དེ་ཉིད་ཚོགས་ ལམ་དང་ཡང་སྦྱར་བར་བྱ་བ་ཡིན་ཏེ་མན་སྙེ་ལས། དེ་ལྟར་ནི་འདས་པའི་སྲིད་པའི་གནས་སྐབས་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚོགས་ཀྱི་ས་སྟེ་ཡང་དག་པར་སོགས་པར་ཆོས་མཐུན་པ་ཉིད་ཀྱི་ཕྱིར་རོ། །འདིར་ནི་སྦྱིན་པ་ལ་སོགས་པ་ བསོད་ནམས་གསོག་ཅིང་སྔ་མར་ནི་དགེ་བ་དང་མི་དགེ་བ་རྣམས་སོ། །ཞེས་སོ། །སྐབས་འདིའི་སྨོན་འཇུག་གཉིས་ལ་སོགས་པའི་ལམ་རྣམས་ཕར་ཕྱིན་གྱི་ཐེག་པ་དང་ཐུན་མོང་བ་ཡིན་ལ། སྤྱོད་བསྡུས་ལས་ཀྱང་དང་པོར་སངས་རྒྱས་ཀྱི་ཐེག་པ་ལ་ བསླབ་པར་གསུངས་པ་དང་དོན་འདྲ་བས་ལམ་ཐུན་མོང་བ་རྣམས་བསྒོམ་དགོས་པའི་དོན་ནོ། །བསྲུང་འཁོར་གྱི་འོག་ཏུ་ཚོགས་ཞིང་ལ་ཚོགས་གསོག་པ་ལོ་ཨཱི་པས་གསུངས་ཀྱང་དེའི་སྔོན་དུ་བྱེད་པ་མཁས་གྲུབ་དུ་མས་བཤད་པས་འདིར་མང་བའི་ལུགས་སུ་ བཤད་ལ་སྟོང་ཉིད་སྒོམ་པ་ཡང་བསྲུང་འཁོར་གྱི་འོག་ཏུ་བྱེད་པ་མདོར་བྱས་དང་ལོ་ཨི་པས་གསུངས་ཀྱང་འདིར་སྔོན་དུ་སྒོམ་པ་མང་བའི་ལུགས་སུ་བཤད་དོ། །དེ་ནས་སྟོང་ཉིད་སྒོམ་པ་ནི་འཆི་བ་དང་འདྲ་སྟེ་བདག་དང་བདག་གི་བར་འཛིན་པའི་གཞི་ཕུང་ 3-2-360b པོ་རང་བཞིན་མེད་པར་གཏན་ལ་ཕབ་པ་ན་དེའི་སྣང་བ་རྣམས་ཉེ་བར་ཞི་བར་འགྱུར་བས་ཕུང་པོ་རྙིང་པ་འདོར་བ་དང་འདྲ་བའི་ཕྱིར་རོ། །དེ་ནས་བཟུངས་ཏེ་བར་སྲིད་ཀྱི་ཡི་གེ་མ་ཞུགས་ཚུན་ཆད་ཐམས་ཅད་ཀྱི་ལམ་རྣམས་སྦྱོར་ལམ་དང་སྦྱར་ཏེ་མན་སྙེ་ ལས། འཆི་བ་ལ་མངོན་པར་ཕྱོགས་པར་སྦྱོར་བའི་གནས་སྐབས་བཞིན་དུ་མོས་པས་སྤྱོད་པའི་ས་སྟེ། དེ་ཁོ་ན་ཉིད་ངེས་པར་འབྱེད་པའི་སྦྱོར་བའི་ངོ་བོ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེའི་རྗེས་སུ་འདས་པའི་སྲིད་པ་འགོག་པ་ལས་བར་དོའི་སྲིད་པའི་གནས་ སྐབས་བཞིན་དུ་སྦྱོར་བའི་གནས་སྐབས་ཀྱི་མཐའ་ཉེ་བའི་སྐད་ཅིག་གི་མཐར་ཐུག་པ་འགོག་པ་ལས་མཐའི་སྐད་ཅིག་གི་ངོ་བོ་རབ་ཏུ་དགའ་བའི་སའི་བར་ཆད་མེད་པའི་ལམ་གྱི་གནས་སྐབས་སོ། །ཞེས་སོ། །ས་དང་པོའི་བར་ཆད་མེད་ ལམ་ནི་སྦྱོར་ལམ་གྱི་མཐའ་ཆོས་མཆོག་ཆེན་པོ་ལ་བྱ་སྟེ་འོག་ནས་ས་བཅུ་མངལ་གྱི་གནས་སྐབས་དང་འདྲ་བར་སྦྱར་བའི་ཕྱིར་དང༌མདོ་སྡེ་རྒྱན་ལས། དེ་ཚེ་བར་ཆད་མེད་པ་ཡི། །ཏིང་ངེ་འཛིན་ལ་མྱུར་དུ་རེག །ཅེས་ཆོས་མཆོག་ལ་དེ་ལྟར་ གསུངས་པའི་ཕྱིར་རོ། །བར་སྲིད་ཀྱི་ཡི་གེ་ཞུགས་ནས་ལྷའི་སྐུ་མ་རྫོགས་ཚུན་ཆད་ཐམས་ཅད་མཐོང་སྒོམ་གྱི་ལམ་ས་བཅུ་དང་སྦྱར་ཏེ། མན་སྙེ་ལས། དེའི་རྗེས་སུ་བར་དོའི་སྲིད་པའི་ཇི་ལྟ་བ་བཞིན་གྱི་གཟུགས་འགགས་པའི་རྗེས་ཀྱི་མངལ་ གྱི་གནས་སྐབས་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བར་ཆད་མེད་པའི་ལམ་འགགས་པའི་རྗེས་ལ་ས་བཅུའི་གནས་སྐབས་རིག་པར་བྱ་སྟེ་ས་འདི་རྣམས་སྒྲིབ་པ་དང་བཅས་པ་ཉིད་ཀྱི་ཕྱིར་རོ། །ཞེས་སོ། །འདི་ལ་གཉིས་ལས་དྲི་ཟ་ 3-2-361a ཞུགས་ནས་ཞུ་བ་མེད་པ་ལྟར་ན་ནཱ་ད་ལ་སོགས་པ་བར་སྲིད་ཀྱི་ངོ་བོའི་ཡི་གེ་དཀྱིལ་འཁོར་གཉིས་ཀྱི་བར་དུ་ཞུགས་པ་ནས་མངལ་གྱི་སྐབས་ཡིན་ཏེ། ས་བོན་དང་ཕྱག་མཚན་དང་སྤྲོ་བསྡུའི་བར་རོ། །བར་དོའི་ཡི་གེ་ ཟུར་ནས་འཇུག་པར་མ་བཤད་པ་རྣམས་ལ་ནི་དཀྱིལ་འཁོར་གཉིས་ཀྱི་བར་གྱི་ས་བོན་གྱི་ཡི་གེ་དང་པོར་བྱུང་བ་ཉིད་བར་དོར་བྱའོ། །དེ་ལ་ཟླ་བ་དང་པོ་ནི་ཁུ་བ་མཚོན་བྱེད་དང་། ཟླ་བ་གཉིས་པ་ནི་རྡུལ་མཚོན་བྱེད་ཡིན་ཏེ་བུད་མེད་རྣམས་ ཀྱི་ཟླ་མཚན་མང་བ་ལས་བྱུང་བ་ཉི་མ་བཞིན་ནོ། །དེས་སྐབས་གཞན་དུ་ཀཱ་ལི་ལས་ཉི་མ་སྐྱེད་པར་གསུངས་ལ། ཟླ་བ་དམར་པོ་བྱེད་པ་ཡང་དེ་ལ་དགོངས་སོ། །དེ་གཉིས་ཀྱི་དབུས་སུ་བར་དོ་མཚོན་པའི་ཡི་གེ་འཇུག་པ་ནི་ཕ་མའི་ཁུ་ ཁྲག་འདྲེས་པའི་ནང་དུ་བར་སྲིད་འཇུག་པ་དང་འདྲའོ། །དེ་ནས་ས་བོན་ལས་ཕྱག་མཚན་སྐྱེད་པའི་རྡོ་རྗེ་རྩེ་ལྔ་པ་ལ་མན་སྙེར་ཕྱོགས་གཅིག་གི་རྩེ་ལྔ་ནི་རྐང་ལག་བཞི་དང་མགྲིན་པ་ཡན་ཆད་ཀྱི་མགོ་བོ་དང༌། ཕྱོགས་གཅིག་གི་རྩེ་ ལྔ་ནི་རྐང་ལག་ལ་སོར་མོ་ལྔ་ལྔ་དང་མགོ་ལ་དབང་པོ་ལྔ་ཡོད་པ་ལ་བཤད་དེ་ལྔ་ཚན་དུ་བསྡུས་ནས་སོ། །ཕྱག་མཚན་ལ་ཀྱཻ་རྡོར་ལ་ཐོད་པ་དང་གཤེད་དམར་ལ་དབྱུག་པ་བྱེད་པ་ལྟ་བུ་རྣམས་ལ་ནི། མངལ་དུ་ལུས་གྲུབ་པ་ཙམ་གྱི་མཚོན་ བྱེད་དུ་བྱས་པས་ཆོག་གམ་སྙམ་མོ། །ཞུ་བ་ཡོད་པ་ལྟར་ན་མངོན་བྱང་ལྔ་ལས་རྒྱུ་རྡོ་རྗེ་འཛིན་པ་རྫོགས་པ་ནི་ཕ་མ་ལྟ་བུ་ཡིན་ལ་དེ་ནས་བར་སྲིད་ཞུགས་ནས་སྐུ་མ་རྫོགས་ཚུན་ཆད་མངལ་གྱི་སྐབས་དང་སྦྱར་རོ། །དེ་ལ་ནཱ་ད་ནི་ཡི་གེ་ 3-2-361b གསུམ་བསྡུས་པའི་རང་བཞིན་དུ་བཤད་ལ་ཡི་གེ་གསུམ་ནི་རྒྱས་པ་ཡིན་ཏེ་བར་སྲིད་མཚོན་པ་ལ་འདྲའོ། །ཧོཿཡིག་དམར་པོ་གཉིས་ཀྱི་བར་དུ་འཛུད་པ་ནི་བར་དོའི་ཆགས་པ་ཤས་ཆེ་བས་བསྒྲིབས་པ་མཚོན་པའི་དོན་དུ་བཞེད་པ་དང་ཕ་མ་ལས་ བྱུང་བའི་ཐབས་ཤེས་ཀྱི་རང་བཞིན་གྱི་བདེ་བའི་ཆགས་པ་མཚོན་པའི་དོན་དུ་བཞེད་པའི་ལུགས་གཉིས་མན་སྙེར་བཀོད་ལ། ཟབ་པ་དང་རྒྱ་ཆེ་བ་གཉིས་ཀྱིས་བཅིངས་པའི་དོན་དུ་ཡང་རྒྱ་གཞུང་འགའ་ཞིག་ལས་བཤད་དོ། །བར་སྲིད་ཀྱི་ཡི་གེ་ འཇུག་ཚུལ་ནི་མན་སྙེ་ལས། དེ་ཉིད་ཀྱི་ཕྱིར་འདི་ལ་དགོངས་ནས་ལྷ་འགའ་ཞིག་ལ་གསེར་གྱི་སྒོ་ནས་དྲི་ཟའི་སེམས་ཅན་འཇུག་པ་དང་འགའ་ཞིག་ལ་ཁ་ནས་དང་འགའ་ཞིག་ལ་རྣམ་པ་གཞན་དུའོ་ཞེས་བཅོམ་ལྡན་འདས་ཀྱིས་རྒྱུད་སྡེ་ རྣམས་སུ་རྟོགས་པར་མཛད་དོ། །ཞེས་གསུངས་ཏེ་གསེར་གྱི་སྒོ་ནི་སྤྱི་གཙུག་སྟེ་རྣམ་གཞག་རིམ་པ་ལས་རྣམ་སྣང་གི་སྒོ་ནས་བར་སྲིད་འཇུག་པར་བཤད་པ་དང་དོན་གཅིག་གོ། རྣམ་པ་གཞན་དུའོ་ཞེས་པ་ནི་མངོན་པ་ནས་མངལ་སྒོ་ནས་ འཇུག་པར་བཤད་པ་ཡིན་ཏེ། འཇུག་པའི་སྒོ་གསུམ་མོ། །དེ་དག་ནས་འཇུག་པའི་རྒྱུ་ཡང་མཆུའི་སྦྲང་རྩི་འཇིབ་པར་འདོད་ནས་ཁ་དང་སྐྲ་ནས་འཛིན་པ་སོགས་བྱེད་འདོད་ནས་རྣམ་སྣང་གི་སྒོ་ནས་འཇུག་པ་དང་དེ་ཡང་སྐྱེས་པ་ལ་ཆགས་ནས་བྱེད་ ན་ཕའི་དང་བུད་མེད་ལ་ཆགས་ནས་བྱེད་ན་མའི་སྒོ་དེ་དག་ཏུ་འཇུག་པ་དང༌། ཁ་ཅིག་ནི་མའི་ཁོ་ནར་འདོད་པའི་ལུགས་གཉིས་དང་མཐར་སྐྱེ་གནས་ནས་འཇུག་པ་འདྲ་བར་མན་སྙེ་ལས་གསུངས་སོ། །རྒྱུད་རྡོར་ཕྲེང་དང་ཕྱག་ཆེན་ཐིག་ལེ་ལས་ཕའི་ཁ་ 3-2-362a ནས་འཇུག་པར་བཤད་ཅིང་སྡོམ་འབྱུང་གི་དགོངས་པ་ཡང་དེ་ལྟར་བཀྲལ་ལོ། །བར་སྲིད་འཇུག་ལུགས་སྣ་ཚོགས་ཤིག་ཡོད་པས་གཞུང་རྣམས་སུའང་སྐྱེད་ཆོག་དུ་མ་ཞིག་གསུངས་སོ། །བར་སྲིད་མངལ་དུ་འཇུག་པ་ན་ ཕ་མ་གཉིས་བདེ་བས་བརྒྱལ་བ་ལྟར་གྱུར་པ་ཡོད་པ་དང་མཐུན་པར་འདིར་ཡང་བར་སྲིད་ཀྱི་ཡི་གེ་ཡུམ་གྱི་མངལ་དུ་ཞུགས་པ་ན་ཡབ་ཡུམ་གཉིས་ཞུ་བར་མཛད་དོ། །དེ་ནས་ཞུ་བ་ལ་གླུས་སྐུལ་བ་ནི། འབྲས་བུ་དང་སྦྱར་ན་ཆད་མེད་བཞིས་འགྲོ་བའི་ དོན་ལ་བསྐུལ་ནས་སྐལ་ལྡན་ལ་གཟུགས་ཀྱི་སྐུར་ལྡང་བ་ཡིན་ལ། སྦྱང་གཞི་དང་སྦྱར་ན་ལྷ་མོ་བཞི་པོ་དེ་འབྱུང་བ་བཞི་ཡིན་པས་བར་དོ་ཞུགས་པའི་མེར་མེར་པོ་སས་འཛིན་ཆུས་སྡུད་མེས་མ་རུལ་བར་སྨིན་པར་བྱེད་ལ་རླུང་གིས་རྒྱས་པར་བྱེད་པར་ རྟེན་འབྲེལ་གྱི་མདོ་ལས་གསུངས་པའི་དོན་ནོ། །ཀ་མ་ལ་རཀྵི་ཏས་གླུས་བསྐུལ་ཟིན་པ་དང་སྐུལ་མཁན་གྱི་ལྷ་མོ་ཡང་ཐིག་ལེ་དེར་སྡུད་པར་བཤད་དོ། །སྔོན་དུ་དཀྱིལ་འཁོར་པའི་ལྷ་མོ་བཞི་མ་བསྐྱེད་ཀྱང་ཞུ་བའི་དུས་སུ་དེ་བཞིས་བསྐུལ་བ་ཆེན་པོ་ དག་གིས་མང་དུ་མཛད་པས་འགལ་བ་མེད་དོ། །དེ་ནས་གཙོ་བོ་ཡབ་ཡུམ་གྱི་སྐུར་རྫོགས་པ་ནི་མངལ་ནས་ཕྱི་རོལ་ཏུ་བཙས་པ་དང་ཡབ་ཡུམ་གཉིས་ཀྱིས་དཀྱིལ་འཁོར་རྒྱལ་མཆོག་གི་ལྷ་ཕོ་མོ་སྐྱེད་པ་ནི་བུ་བུ་མོ་སྐྱེད་པའི་སྐབས་དང་འདྲ་སྟེ་མན་སྙེ་ ལས། འབྲས་བུ་ཡོངས་སུ་རྫོགས་པ་ཉེ་བར་བཟུངས་ནས་སྤྱོད་ཡུལ་ཐམས་ཅད་སོ་སོར་ཉམས་སུ་མྱོང་བའི་ཕྱིར་ཏེ་བཙས་པ་ནི། དབང་པོ་ཐམས་ཅད་ཀྱི་སྤྱོད་ཡུལ་སོ་སོར་ཉམས་སུ་མྱོང་བས་སོ། །དེ་ནས་བུ་ལ་སོགས་པ་སྐྱེད་པར་བྱེད་པའི་གནས་སྐབས་དང་ 3-2-362b འདྲ་བ་ནི་སྤྲུལ་པའི་སྐུ་ལྷ་སྤྲོ་བའི་གནས་སྐབས་སོ། །ཞེས་གསུངས་ཏེ་མི་སློབ་པའི་ས་དང་སྦྱར་རོ། །དེ་འདྲ་བའི་འབྲས་བུ་རྡོ་རྗེ་འཛིན་པ་ནི་བུ་ལྟ་བུ་ཡིན་ལ། སྔར་བཤད་པའི་མངོན་བྱང་དང་པོ་གཉིས་རྒྱུ་རྡོ་རྗེ་འཛིན་པར་བཤད་པའི་རྒྱུ་འབྲས་ནི་ཕ་མ་དང་བུ་ལྟ་ བུ་ཡིན་པ་འདི་དང་འདྲ་ལ་མངོན་བྱང་བར་པ་གཉིས་རྒྱུ་རྡོ་རྗེ་འཛིན་པར་བཤད་པ་ལྟར་ན་ནི། རྒྱུ་འབྲས་སུ་འགྲོ་ལུགས་དེ་དང་ཅུང་མི་འདྲ་སྟེ་གོ་སླའོ། །དེ་ལྟར་སྦྱོར་བའི་ཤེས་བྱེད་དུ། །ཟླ་བ་བཅུ་རྣམས་ས་བཅུ་སྟེ། །སེམས་ཅན་ས་བཅུའི་དབང་ཕྱུག་གོ ། ཞེས་ཁ་སྦྱོར་ལས་གསུངས་པ་འདི་མན་སྙེར་དྭངས་ཏེ་དེའི་དགོངས་པ་ནི་མངལ་དུ་ཞུགས་པ་ནས་བཟུངས་ཏེ་ཕྱིར་མ་བཙས་པའི་བར་ས་བཅུ་དང་སྦྱར་བས་དེའི་བར་རྣམས་མཐོང་སྒོམ་དང་བཙས་ནས་མི་སློབ་ལམ་དུ་གཞག་དགོས་ལ་མངལ་དུ་མ་ ཞུགས་པའི་གོང་ཡན་ཆད་སྦྱོར་ལམ་དུ་འཇོག་སྟེ། དེ་ཡང་ཚོགས་ཞིང་ལ་ཚོགས་གསོག་པ་ཚོགས་ལམ་ཡིན་པས་སྟོང་ཉིད་སྒོམ་པ་ནས་སྦྱོར་ལམ་དུ་གཞག་དགོས་སོ་སྙམ་དུ་དགོངས་སོ། །དཔལ་འབྲས་རྡོ་རྗེས་ཀྱང་སྐྱེ་འཆི་བར་དོ་གསུམ་གྱི་ གཉེན་པོར་སྒྲུབ་ཐབས་ཀུན་བཟང་མཛད་པས། དེ་གསུམ་དང་མཐུན་པར་སྒོམ་ཚུལ་བཤད་པ་ཡང་འདིའི་ནང་དུ་འདུ་བར་ཡོད་དོ། །གསུམ་པ་ནི། བསྐྱེད་རིམ་ལ་སྦྱང་གཞི་དང་སྦྱོང་བྱེད་ངོ་འཕྲོད་དགོས་ལ་ངོ་འཕྲོད་ལུགས་ཀྱང་སྐྱེ་འཆི་བར་དོ་གསུམ་ ཇི་འདྲ་བ་དེ་བཞིན་དུ་སྒོམ་པ་ཡིན་པས་འདིར་ཡང་སྐྱེ་བ་ལེན་ཚུལ་བརྗོད་དགོས་སོ། །དེ་ལ་སྐྱེ་བ་ལེན་པ་པོ་ནི་ལམ་སྒོམ་པའི་སྔགས་པའོ། །དེས་ལུས་ཅི་འདྲ་བ་ཞིག་གི་སྐྱེ་བ་ལེན་པ་ནི་འབྲས་བུ་རྡོ་རྗེ་འཛིན་པ་གཙོ་བོ་ཡབ་ཡུམ་གྱི་སྐུར་སྐྱེ་བ་འཛིན་ 3-2-363a ཏོ། །གནས་གང་དུ་སྐྱེ་བ་འཛིན་པ་ནི་རྡོར་རྭ་ནས་གཞལ་ཡས་ཁང་གདན་བཅས་ཀྱི་བར་ཏེ་དངོས་སུ་ན་གཞལ་ཡས་ཁང་གི་གདན་དབུས་མའི་སྟེང་དེར་རོ། །ལས་ཅི་འདྲ་བ་ཞིག་བསགས་པས་སྐྱེ་བ་ལེན་པ་ནི་ཞིང་ཁྱད་པར་ཅན་ལ་ དམིགས་ནས་ཕྱག་དང་མཆོད་པ་དང་སེམས་བསྐྱེད་ཅིང་སྡོམ་པ་བཟུང་བ་སོགས་ཀྱི་ཚོགས་ཀྱིས་སོ། །དེ་ལྟར་ལྷའི་ལུས་ཁྱད་པར་བ་ལེན་པ་ལ་ཐ་མལ་པའི་ཕུང་པོ་མ་དོར་བར་བླང་དུ་མི་རུང་བས། སྟོང་ཉིད་ཀྱིས་ཐ་མལ་པའི་སྣང་ཞེན་ཉེ་བར་ཞི་བར་ བྱས་ནས་ལན་ནོ། །སྔ་མའི་ཐ་མལ་པའི་ཕུང་པོ་དོར་ནས་ཕྱི་མའི་ལྷའི་སྐུ་ཁྱད་པར་ཅན་མ་ཐོབ་པའི་བར་མ་དོའི་ལམ་མེད་པར་ལྷའི་སྐུར་མི་སྐྱེ་བས་སྟོང་པ་བསྒོམས་པའི་འོག་འབྲས་བུ་རྡོ་རྗེ་འཛིན་པ་མ་རྫོགས་པའི་གོང་དུ་ནཱ་ད་ལ་སོགས་པའི་རྣམ་ པར་གནས་པའི་རྣལ་འབྱོར་རྣམས་དགོས་སོ། །འདིར་དཔལ་འབྲས་རྡོ་རྗེས་སྟོང་ཉིད་བསྒོམས་པའི་དེ་མ་ཐག་ཏུ་ལྷའི་སྐུ་བཟུངས་ནས་འགྲོ་བའི་དོན་མི་བྱེད་པར་ཧོཿཡིག་ལ་སོགས་པའི་ཡི་གེ་ལྔར་གནས་པར་ཅིའི་ཕྱིར་བྱེད་ཅེས་རྩོད་པ་བཀོད་པའི་ ལན་དུ་སྒྲུབ་ཐབས་འདི་སྲིད་པ་གསུམ་གྱི་གཉེན་པོར་མཛད་པས་བར་སྲིད་དང་མཐུན་པར་སྒོམ་པ་ཞིག་ཀྱང་དགོས་པར་གསུངས་ཏེ་ལེགས་པ་ཡིན་ནོ། །དེ་ནས་མངོན་བྱང་ལྔ་ལས་རྒྱུ་རྡོ་རྗེ་འཛིན་པ་ཡབ་ཡུམ་རྫོགས་པ་གཉིས་སྙོམས་པར་འཇུག་ པ་བར་སྲིད་ཀྱི་རྣམ་པ་ཅན་གྱིས་མཐོང་བ་ན་ཡུམ་གྱི་མངལ་དུ་འཇུག་པ་ཡིན་ཏེ་འདི་ཡང་གསལ་བར་དཔལ་འབྲས་རྡོ་རྗེས། དེ་ཡང་དཔལ་རྡོ་རྗེ་སེམས་དཔའ་བདེ་བ་ཆེན་པོ་ཉམས་སུ་བསྟར་བ་ལ་ཞུགས་ཤིང་། སེམས་ཅན་མ་ལུས་པ་གདོན་པ་ལ་ 3-2-363b རབ་ཏུ་ཞུགས་པར་མཐོང་ནས་འགྲོ་བ་དང་ཡུལ་བཟང་པོ་ཡང་དག་པར་ཐོབ་པའི་ཕྱིར་འདོད་པ་སྐྱེས་ཤིང་འདི་ལྟ་བུའི་ངེས་པ་སྐྱེ་སྟེ། ཆོས་འབྱུང་བའི་ཕྱག་རྒྱ་སྒོམ་པ་འདིར་སེམས་ཅན་གང་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དང་ལྡན་པ་དེ་ཡང་ཞུགས་ པ་ཙམ་གྱིས་འཚང་རྒྱ་བ་ཉིད་ཐོབ་པ་ཡིན་ལ། དེ་བས་ན་ངས་ཀུན་ཏུ་བཟང་པོ་ཉིད་ཐོབ་པར་བྱ་བའི་ཕྱིར་གནས་འདི་ཉིད་དུ་ཞུགས་པར་བྱའོ་ཞེས་དེ་ལྟ་བུའི་སེམས་བརྟན་པོར་བྱས་ནས། སྲིད་པ་བར་མ་ཡི་གེ་ལྔའི་གཟུགས་ཤེས་རབ་ཀྱི་གསང་བའི་ པདྨའི་ནང་དུ་མར་མེ་ལྟར་ཞུགས་པར་གྱུར་པའོ། །ཞེས་གསུངས་པ་ལྟར་དགོས་པ་ཅི་ཞིག་གཟིགས་ནས་ཇི་ལྟར་དུ་འཇུག་པ་བསྟན་པ་ལྟར་གོ་དགོས་སོ། །དེ་ནས་ཞུ་བ་ལ་གླུས་བསྐུལ་ནས་བཞེངས་པ་ནི་སྐྱེ་བ་ཡོངས་སུ་རྫོགས་པར་ཐོབ་ པའི་སྐབས་ཡིན་ཏེ་བཤད་ཟིན་ཏོ། །ཞུ་བ་གླུས་སྐུལ་འདིའི་རྒྱུ་མཚན་རྣམས་ལེགས་པར་ཤེས་ན་སངས་རྒྱས་ཀྱི་ས་ན་གཟུགས་སྐུ་མེད་པའི་ཆོས་སྐུ་ཙམ་ལས་གདུལ་བྱའི་དོན་འབྱུང་བར་འདོད་པ་རྣམས་ཀྱང་མི་འཐད་པ་དང་སེམས་ཅན་གྱི་དོན་ དངོས་སུ་སྒྲུབ་པ་ལ་གཟུགས་སྐུ་མེད་མི་རུང་ཡིན་པས་ཐེག་པ་ཆེན་པོ་པས་དེའི་རྒྱུ་ཐབས་ཀྱི་ཆ་རྣམས་ལ་གཙོ་བོར་བྱ་དགོས་པ་རྣམས་ཤེས་པར་འགྱུར་རོ། །དེ་འདྲ་བའི་སྐྱེ་བ་བླངས་ནས་ཅི་ཞིག་བྱ་བ་ནི་དེ་མན་ཆད་ཀྱིས་སྟོན་ཏེ་དཀྱིལ་འཁོར་རྒྱལ་ མཆོག་གི་ལྷ་རྣམས་རྫོགས་པར་སྐྱེད་པ་དང་བསྐྱེད་ཟིན་པ་རྣམས་སོ་སོའི་ལས་ལ་སྦྱོར་བས་འགྲོ་བའི་དོན་སྒྲུབ་པའོ། །གལ་ཏེ་མངོན་བྱང་ལྔ་ཙམ་ལས་གཙོ་བོ་ཡབ་ཡུམ་སྐྱེད་ཀྱི་ཞུ་བ་མི་བྱེད་ནའང་དེ་ལ་དཔེ་བླངས་ནས་སྦྱོར་ལུགས་ཤེས་པར་བྱ་སྟེ་ 3-2-364a གོ་སླའོ། །དེ་ལྟར་སྦྱང་གཞི་དང་འདྲ་བསྒྲིགས་ནས་འདྲ་ཆོས་འགྲིག་པ་ཙམ་ལ་སྦྱང་གཞི་དང་སྦྱོང་བྱེད་ངོ་འཕྲོད་པར་འདོད་པའི་བཤད་པ་དོར་ནས་སྔར་བཤད་པ་ལྟ་བུའི་གོ་བ་ཆགས་པ་ནི། འཇམ་རྡོར་དང་བདེ་དགྱེས་དང་གཤིན་རྗེའི་གཤེད་ ལ་སོགས་པའི་སྐོར་རྣམས་ལ་མེད་དུ་མི་རུང་བ་ཡིན་ལ། འཕགས་ལུགས་ལ་ནི། སྐྱེ་ཤི་བར་དོ་གསུམ་དང་བསྟུན་པའི་སྦྱང་གཞི་དང་སྦྱོང་བྱེད་ངོ་སྤྲོད་པའི་ཚུལ་བླ་ན་མེད་པ་དཔལ་ཀླུའི་བྱང་ཆུབ་ཀྱི་གཞུང་ནས་འབྱུང་བའི་དོན་ལེགས་པར་བཤད་པ་ནི་རྣམ་གཞག་གི་ རྣམ་བཤད་དུ་རྒྱས་པར་བཤད་ཟིན་པས་མ་སྤྲོས་སོ། །ཐ་མལ་པའི་ཕུང་པོ་བརྗེས་ནས་ལྷའི་སྐུར་སྒྲུབ་པའ་རིམ་པ་ལ་སྐྱེ་ཤི་བར་དོ་གསུམ་དང་མཐུན་པར་སྒོམ་དགོས་པ་བྱུང་བ་ཡིན་ལ། དེ་འདྲ་བའི་སྒོ་ནས་སྒྲུབ་པ་ནི། རྫོགས་རིམ་གྱི་ལམ་རྣམས་མཆོག་ ཡིན་པས། རིམ་པ་གཉིས་པའི་སྐབས་སུ་ཡང་རྩ་རླུང་དང་ཐིག་ལེའི་རྣལ་འབྱོར་སོགས་ཀྱི་མཐུ་ལ་བརྟེན་ནས་འཆི་རིམ་དང་འདྲ་བའི་སྟོང་ཉིད་ཀྱི་རྟོགས་པ་རྒྱུད་ལ་བསྐྱེད་པའི་མཐར་དེ་ལས་ལངས་ནས་ཟླ་བ་དང་ཕྱག་མཚན་ལ་སོགས་པའི་དོད་ཡེ་ཤེས་གསུམ་ རླུང་དང་བཅས་པའི་རྒྱུ་ལས་སྒྱུ་མ་དང་ཟུང་འཇུག་གི་སྐུར་ལྡང་བའི་ལྷའི་སྐྱེད་ཆོག་ཤེས་དགོས་ཏེ། གཞན་དུ་ན་རྫོགས་རིམ་གྱི་ལམ་གྱིས་སྦྱང་གཞི་སྦྱོང་བའི་གནད་རྣམས་ཆད་པར་འགྱུར་བས་སྦྱང་གཞི་དང་བསྒྲིགས་ནས་རིམ་གཉིས་ཀྱི་གནད་ རྣམས་ཤེས་པར་བྱས་ཏེ། རིམ་པ་དང་པོས་གཉིས་པའི་རྒྱུ་བྱེད་ཚུལ་རྣམས་ལ་ངེས་པ་བརྟན་པོ་བསྐྱེད་པར་བྱའོ། །འདི་ནི་གསང་འདུས་འཕགས་པའི་ལུགས་ལས་ཤིན་ཏུ་གསལ་བར་བཤད་པས་དེ་ནས་ཤེས་དགོས་སོ། །གསུམ་པ་ལ་གཉིས། ཡེ་ཤེས་པ་གཞུག་ཅིང་རྒྱས་ 3-2-364b བཏབ་ནས་མཆོད་ཅིང་བསྟོད་པ་དང༌། བདུད་རྩི་མྱང་ཞིང་བསྒོམ་བཟླས་བྱ་བའོ། །དང་པོ་ནི། དེ་ལྟར་གཙོ་བོ་སྐྱེད་པའི་ཆོ་ག་རྣམས་ཀྱི་གནད་ཟིན་ན་འཁོར་སྐྱེད་ཚུལ་རྣམས་གོ་སླ་སྟེ་དམ་ཚིག་པ་རྫོགས་པར་བྱའོ། །དེ་ལ་ཐ་མལ་པའི་ང་རྒྱལ་བསལ་བ་རང་གི་ སེམས་ཀྱི་སྣང་བའི་ངོ་བོ་ཞལ་ཕྱག་གིས་རྣམ་པར་མཛེས་པའི་ལྷའི་སྐུ་ནི། དམ་ཚིག་སེམས་དཔའོ། །མན་སྙེ་ལས་ཁ་ཅིག་ཏུ་ས་བོན་ཡང་གསུངས་ཤིང་ཁ་ཅིག་ཏུ་ས་བོན་ཁོ་ནའོ་ཞེས་གསུངས་པས། ལྷའི་སྐུ་ས་བོན་དང་བཅས་པ་ལ་དམ་ཚིག་སེམས་ དཔར་བྱས་པ་དང་། ས་བོན་ཙམ་ལ་དམ་ཚིག་སེམས་དཔར་བྱས་པའི་ལུགས་གཉིས་སོ། །དམ་ཚིག་སེམས་དཔའ་ཞེས་ཟེར་བའི་སྒྲ་བཤད་ནི། འདིའི་སྐད་དོད་ས་མ་ཡ་ས་ཏྭ་ལས་མེ་ཏི་ཡང་དག་པར་འགྲོ་བ་དང་མི་ལ་ཏི་འདུ་བའོ། །དེ་ལྟར་ན་མན་སྙེ་ལས་དེའི་ བདག་ཉིད་དུ་བྱས་པའི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་ཡེ་ཤེས་སེམས་དཔའ་ཡང་དག་པར་འགྲོའོ་འདུའོ་ཞེས་པ་དམ་ཚིག་གོ། །ཞེས་གསུངས་ཏེ། དམ་ཚིག་དང་སེམས་དཔའ་གཉིས་ཀྱི་དང་པོའི་སྒྲ་དོན་ནོ། །སེམས་དཔའི་སྒྲ་དོན་ནི་ཡང་དེ་ཉིད་ ལས། སེམས་དཔའ་ཡང་སྟེ་སེམས་ཅན་གྱི་དོན་བྱེད་པ་ཉིད་ཀྱི་ཕྱིར་དང་རྣམ་པར་དག་པའི་སེམས་ཅན་གྱི་ཐ་སྙད་ཀྱི་ཡུལ་ཉིད་ཀྱི་ཕྱིར་རོ། །ཞེས་གསུངས་པ་ལྟར་རོ། །འོ་ན་ས་བོན་གྱི་ཡི་གེ་ལ་སེམས་ཅན་གྱི་སྒྲ་དོན་ཇི་ལྟར་ཡོད་སྙམ་ན། དེ་ཉིད་ལས། ས་བོན་ ཡང་ནུར་ནུར་པོ་བཞིན་དུ་སེམས་ཅན་ནོ། །ཞེས་གསུངས་ཏེ། ཞལ་ཕྱག་གི་རྣམ་པ་མེད་ཀྱང་སེམས་ཅན་གྱི་ཐ་སྙད་འཇུག་པའི་དཔེ་བསྟན་པའོ། །དཀྱིལ་འཁོར་ལ་དགོད་པའི་ལྷ་ལ་མང་ཉུང་སྣ་ཚོགས་ཤིག་ཡོད་ཀྱང་། ཉུང་བ་རྣམས་ལ་ཡང་སྐྱེ་མཆེད་དང་སྐུ་གསུང་ 3-2-365a ཐུགས་བྱིན་བརླབ་ཀྱི་ལྷ་ལ་སོགས་པ་རྣམས་བརྩིས་ན་དཀྱིལ་འཁོར་གྱི་འཁོར་ལོའི་མངོན་པར་རྟོགས་པ་ཚད་ལྡན་ཕལ་མོ་ཆེ་རྣམས་ལ་སྦྱང་གཞི་དང་བསྟུན་པའི་དེ་སྦྱོང་བྱེད་ཀྱི་ལྷ་རྣམས་ཀྱི་གྲངས་ཀྱང་ཚང་བ་ཡིན་ནོ། །དེ་བས་ན་དཀྱིལ་ འཁོར་གྱི་འཁོར་ལོའི་སྒྲུབ་ཐབས་ཚད་ལྡན་གྱིས་མཛད་པ་རེ་མ་བསྒོམས་ན་མཆོག་སྒྲུབ་པའི་བསྐྱེད་རིམ་གྱི་གནད་ཚང་བ་དཀའ་བ་ཡིན་ནོ། །དེ་ལ་ཡེ་ཤེས་སེམས་དཔའ་འཇུག་པ་ན་དམ་ཚིག་པའི་མིག་ལ་སོགས་པ་རྣམས་དང་ཡེ་ཤེས་པའི་མིག་ལ་ སོགས་པ་རྣམས་རྡུལ་ཕྲ་རབ་ཀྱི་བར་དུ་ཐ་མི་དད་དུ་འདྲེས་པར་བྱེད་པར་དེ་ཉིད་བསྡུས་པ་ལས་གསུངས་པ་ལྟར་རོ་མཉམ་དུ་སོང་བའི་མོས་པ་བརྟན་པོ་བྱའོ། །དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་དང་གཅིག་པ་ཉིད་དུ་ལྷག་པར་མོས་པ་ནི་མཉམ་པ་ཉིད་དུ་ཡིད་ ཆེས་པའི་དོན་དང་། སྐབས་འགར་འགྲོ་བ་རྣམས་དང་ཡང་གཅིག་པ་ཉིད་དུ་མོས་པ་ནི་རང་བཞིན་གྱིས་རྣམ་པར་དག་པའི་དེ་བཞིན་ཉིད་མཚུངས་པར་རྟོགས་པའི་ཆེད་ཡིན་པ་དང༌། དེས་ན་རང་གི་སེམས་རྒྱུན་ལ་འབྱུང་འགྱུར་གྱི་ཡེ་ཤེས་སེམས་དཔའ་དང་བདག་ཉིད་གཅིག་ ཏུ་མོས་པར་བྱེད་ལ། གཞན་རྒྱུད་ཀྱི་ཡེ་ཤེས་སེམས་དཔའ་དང་མཉམ་པ་ཉིད་ཀྱིས་མོས་པར་བྱེད་དོ་ཞེས་མན་སྙེ་ལས་གསུངས་སོ། །ཡེ་ཤེས་པ་བཅུག་པ་ལ་དབང་བསྐུར་བ་ནི། གཞུང་ཕལ་མོ་ཆེ་ནས་ཆུ་དབང་སྐུར་བར་གསུངས་ལ། དེ་ཡང་བྱང་སེམས་ཀྱི་རང་བཞིན་གྱི་ཆུ་ རྒྱུན་ཕལ་ཆེ་བར་བུམ་པ་ནས་དང༌། ཁ་ཅིག་ཏུ་ཐོད་པའི་ནང་ནས་སྐུར་བ་གསུངས་ཏེ་ཡེ་ཤེས་ཀྱི་ཆུས་བག་ཆགས་དང་བཅས་པའི་དྲི་མ་ཐམས་ཅད་འཁྲུད་པའོ། །དེའི་ཕྱིར་དབང་བསྐུར་བའི་ཁུ་བ་སྤྱི་བོར་གནས་པས་རྒྱས་འདེབས་ཏེ། དེ་ཡང་རིགས་ཀྱི་དབྱེ་བས་འགྱུར་རོ། །མཚོ་སྐྱེས་ཀྱི་སྒྲུབ་ཐབས་དང 3-2-365b ལོ་ཨཱིཔའི་མངོན་རྟོགས་ཀྱི་འགྲེལ་པར་ཇོ་བོས་དབང་བཞི་བསྐུར་ནས་རྒྱས་འདེབས་པའང་བཤད་དོ། །འདིར་མན་སྙེ་ལས་རྒྱས་གདབ་ཀྱི་ཚུལ་གསུངས་པ་རྣམས་ཤེས་ན་རྒྱས་འདེབས་སྤྱི་ལ་གོ་བ་རྙེད་པས་དེ་དག་བཤད་པར་བྱའོ། །གུས་པའི་སྒོ་ ནས་སྤྱི་བོར་འཛིན་པ་ནི་རྒྱས་གདབ་པ་དང་། དེས་ཀྱང་དེ་རྣམས་སྡུག་བསྔལ་བར་བྱེད་པ་མིན་གྱི་ཚིམ་པར་བྱེད་པ་ཁོ་ནའོ། །རིགས་བདག་གིས་རྒྱས་འདེབས་པ་ནི། བུ་ཕའི་རྗེས་སུ་འབྲང་བས་དེ་ལས་སྐྱེས་པར་ཤེས་པའི་དོན་ནོ། །དེ་ལ་སངས་རྒྱས་དྲུག་གི་ཕན་ ཚུན་གྱི་རྒྱས་གདབ་པ་མི་བསྐྱོད་པས་རྣམ་སྣང་ལ་སོགས་པ་བཞི་ལ་རྒྱས་འདེབས་པ་ནི། མི་བསྐྱོད་པ་སེམས་ཡིན་ལ། གཟུགས་ཚོར་བ་འདུ་ཤེས་འདུ་བྱེད་བཞི་སེམས་ཙམ་གྱི་ལུས་སུ་ཟད་པའི་ཕྱིར། དེ་བཞི་སེམས་སུ་ཤེས་པར་བྱ་བའི་དོན་དུའོ། །ཨ་བྷྱ་ནི། ཕྱི་རོལ་མི་བཞེད་ཅིང་ཚོར་བ་སོགས་གསུམ་ཡང་སེམས་ཀྱི་གནས་སྐབས་ལ་བཞེད་པའི་ལུགས་ཏེ་རང་བཞིན་ཅན་ལ་རང་བཞིན་གྱིས་རྒྱས་བཏབ་པའོ། །སེམས་ཀྱང་བྱང་ཆུབ་ཀྱི་སེམས་སྟོང་པ་ལས་འབྱུང་བས་མི་བསྐྱོད་པས་རྡོ་རྗེ་འཆང་ལ་རྒྱས་འདེབས་ པ་ནི་རྒྱུ་ལ་འབྲས་བུའི་རྒྱ་དང་། རྡོ་རྗེ་འཆང་གིས་མི་བསྐྱོད་པ་ལ་རྒྱས་འདེབས་པ་ནི་འབྲས་བུ་ལ་རྒྱུའི་རྒྱས་གདབ་བོ། །རྡོ་རྗེ་འཆང་རིགས་ལྔའི་ཅོད་པན་དུ་གསུངས་པ་ནི་ཡེ་ཤེས་ལྔར་དེའི་བདག་ཉིད་ཀྱི་ནང་དུ་འདུས་པའི་ཕྱིར་རོ་ཞེས་འབྱུང་ངོ༌། །རིགས་དྲུག་ གི་ལྷག་མའི་རྒྱས་གདབ་ལ་གཏི་མུག་རྡོ་རྗེ་སོགས་ས་སྙིང་ལ་སོགས་པའི་མིང་ཅན་རྣམས་དེ་བཞིན་གཤེགས་པ་ལྔའི་ཏིང་ངེ་འཛིན་གྱི་ཕྱོགས་རེ་ཡིན་པས་དེ་བཞིན་གཤེགས་པ་ལྔས་རྒྱས་གདབ་བོ། །འོ་ན་ས་སྙིང་སོགས་ལྔ་དང་གཟུགས་རྡོ་རྗེ་ 3-2-366a སོགས་ལྔ་དང་སྤྱན་མ་སོགས་བཞི་པོ་ཐམས་ཅད་ལ་རྣམ་སྣང་གིས་རྒྱས་གདབ་པར་རིགས་ཏེ། དེ་རྣམས་གཟུགས་ཕུང་གི་ཕྱོགས་རེ་ཡིན་པའི་ཕྱིར་རོ་སྙམ་ན། སྐྱོན་མེད་དེ། ཕུང་པོ་ལྔ་དེ་བཞིན་གཤེགས་པ་ལྔར་ བཞག་པའི་ལྔ་པོ་རེ་རེ་ལ་ཡང་སངས་རྒྱས་ལྔ་ལྔར་ཡོད་པའི་ཕྱིར་ན་གཟུགས་ཕུང་ལྟ་བུ་ཕུང་པོ་གཞན་ལ་ཕུང་པོ་གཞན་གྱི་དེ་བཞིན་གཤེགས་པ་རིགས་བདག་ཏུ་མི་འགལ་བའི་ཕྱིར་རོ། །སྐྱེ་མཆེད་བཅུ་གཉིས་ཀྱི་ལྷ་ལ་རྒྱས་འདེབས་ལུགས་ནི། མིག་གི་ལྷ་ལ་རྣམ་སྣང་གིས་རྒྱས་གདབ་སྟེ། ཤིན་ཏུ་དང་བའི་ཕྱིར་རོ། །རྣ་བ་ལ་ནི་མི་བསྐྱོད་པས་ཏེ། ནམ་མཁའ་དང་མཉམ་པའི་ཕྱིར་རོ། །བར་སྲིད་དང་སྐབས་གཞན་དུ་ཡང་དྲི་ལ་དམིགས་ནས་ཚོར་བ་ལ་དགའ་བ་སྐྱེ་བའི་ཕྱིར། སྣ་ལ་ རིན་འབྱུང་གིས་སོ། །རོ་ལ་དམིགས་པའི་ཆགས་པ་ནི་སྟོབས་དང་ལྡན་པས། ལྕེ་ལ་འདོད་ཆགས་ཀྱི་ངོ་བོ་འོད་དཔག་མེད་ཀྱིས་སོ། །ལུས་དབང་ལ་དོན་གྲུབ་ཀྱིས་ཏེ། དོན་གྲུབ་ཀྱི་ངོ་བོའི་རླུང་ནི་ལུས་ཐམས་ཅད་ལ་རྒྱུ་བའི་ཕྱིར་རོ། །དབང་པོ་ཐམས་ཅད་ ལ་ཡིད་རྗེས་སུ་འགྲོ་བའི་ཕྱིར། ཡིད་ལ་མི་བསྐྱོད་པས་སོ། །དབང་པོའི་རྗེས་སུ་འབྲངས་ནས་གཟུགས་ལ་སོགས་པའི་རྒྱས་འདེབས་སྒྲུབ་ཐབས་ཀུན་བཟང་ལས་གསུངས་ལ། མདོར་བྱས་སུ་རྣམ་པ་གཞན་དུ་གསུངས་སོ། །གཟུགས་ཀྱི་ལྷ་གཟུགས་རྡོ་རྗེ་ ལ་ནི་རྣམ་སྣང་གིས་ཏེ། གཟུགས་ནི་གཏི་མུག་གི་གཞི་ཡིན་པས་སོ། །སྒྲ་ལ་རིན་འབྱུང་གིས་ཏེ། བསྟོད་པ་སོགས་ཀྱི་སྒྲས་ང་རྒྱལ་སྐྱེད་པའི་ཕྱིར་རོ། །དྲི་ལ་འོད་དཔག་མེད་ཀྱིས་ཏེ། གུར་ཀུམ་སོགས་ཀྱི་དྲི་ལ་དམིགས་ནས་ཆགས་པ་སྐྱེ་བའི་ཕྱིར་རོ། །རོ་ལ་དོན་གྲུབ་ 3-2-366b ཀྱིས་ཏེ། ཡན་ལག་ཐམས་ཅད་ཚིམ་པར་བྱེད་ཅིང་དེ་དག་ཏུ་རྒྱུ་བའི་ཕྱིར་རོ། །རེག་བྱ་ལ་མི་བསྐྱོད་པས་ཏེ། དབང་པོ་ཐམས་ཅད་ལ་ཁྱབ་པས་སོ། །ཆོས་ལ་ཡང་དེ་ལྟར་རོ། །ཁམས་བཞིའི་ས་ཁམས་ཀྱི་ལྷ་ལ་རྣམ་སྣང་གིས་ཏེ། སྲ་ཞིང་མཁྲེགས་པས་གཏི་ མུག་ཆེན་པོའི་གཞིའི་ཕྱིར་རོ། །ཆུ་ལ་མི་བསྐྱོད་པས་ཏེ། ནམ་མཁའ་དང་འདྲ་ཞིང་ཆད་པ་དང་ཕུག་པ་ཡང་སྔ་མ་བཞིན་དེར་འདུ་བས་སོ། །འོད་དང་བཅས་པས་མེ་ལ་སྣང་མཐའ་དང་རྣམ་པར་རྒྱུ་བའི་ཕྱིར་རླུང་ལ་དོན་གྲུབ་ཀྱིས་སོ། །སྤྱན་ལ་སོགས་པ་ལ་གཏི་མུག་རྡོ་ རྗེ་སོགས་ཀྱིས་ཏེ། གཏི་མུག་དགའ་མ་ལ་སོགས་པའི་ངོ་བོ་ཡིན་པས་སོ། །ཁྲོ་བོ་ལ་རྒྱས་འདེབས་ལུགས་ནི། ཤར་ནས་བརྩམས་ཏེ་བྱང་ཤར་གྱི་བར་གྱི་ཁྲོ་བོ་གཉིས་གཉིས་དང༌། སྟེང་འོག་གི་གཉིས་ལ་རིམ་པ་བཞིན་དུ་རྣམ་སྣང་རིན་འབྱུང་འོད་དཔག་མེད་དོན་གྲུབ་མི་བསྐྱོད་ པ་སྟེ། རིམ་པ་བཞིན་དུ་གཏི་མུག་ང་རྒྱལ་འདོད་ཆགས་ཕྲག་དོག་ཞེ་སྡང་ལྔ་པོ་རེ་རེ་ལ་ལོངས་སྤྱོད་ཅིང་དེ་ཟད་པའི་ངོ་བོ་ཡིན་པའི་ཕྱིར་རོ། །གསང་འདུས་འཇམ་རྡོར་དུ་ཁྲོ་བོ་བརྒྱད་ལ་མི་བསྐྱོད་པས་ཏེ། སེམས་ལས་སྐྱེ་བའི་ཁྱད་པར་གྱི་ངོ་བོ་ཡིན་པ་དང་ཁྲོ་བོའི་ ངོ་བོ་ཡིན་པའི་ཕྱིར་རོ། །འོན་ཀྱང་གཤིན་རྗེའི་གཤེད་དང་པདྨ་མཐར་བྱེད་ནི་སྔར་ལྟར་རོ། །གཞུང་ཁ་ཅིག་ཏུ་རིགས་བདག་ལྔ་བྱང་སེམས་ཀྱི་ནང་དུ་བསྡུས་པ་ནི། དེ་དག་ངོ་བོ་ཐ་མི་དད་དུ་བསྟན་པའི་དོན་དུ་ཡིན་ནོ། །གསང་འདུས་གཉིས་ལྟ་བུར་རིགས་ལྔ་དང་ ཡུམ་བཞི་གསུངས་པའི་དོད་བདེ་མཆོག་ལ་གཙོ་བོ་དང་མཁའ་འགྲོ་མ་སོགས་ལྔ་དང་ལྟུང་བྱེད་མ་ལ་སོགས་པ་བཞི་དང༌། ཀྱཻ་རྡོར་ལ་གཙོ་བོ་དང་གཽ་རི་ལ་སོགས་པ་བཞི་དང་པུཀྐ་སི་ལ་སོགས་པ་བཞི་དང་། གཤེད་དམར་ལ་ཞེ་སྡང་གཤིན་རྗེའི་གཤེད་ལ་སོགས་ 3-2-367a པ་ལྔ་དང་ཙར་ཙི་ཀ་ལ་སོགས་པ་བཞི་ཡིན་ལ། ས་སྙིང་ལ་སོགས་པའི་དོད་གཏི་མུག་རྡོ་རྗེ་ལ་སོགས་པ་ཡིན་པས་རྒྱས་གདབ་དང་རྣམ་དག་རྣམས་ཀྱང་དེ་བཞིན་དུ་ཅི་རིགས་པར་རིག་པར་བྱའོ། །དེ་ནས་ཕྱི་དང་ནང་ལ་སོགས་ པའི་མཆོད་པ་དང་བསྟོད་པ་རྣམས་རང་རང་གི་གཞུང་ནས་འབྱུང་བ་བཞིན་བྱ་སྟེ། མཆོད་བསྟོད་བྱ་བའི་ཡུལ་དང་བྱེད་པ་པོ་དང་མཆོད་བསྟོད་རྣམས་རང་བཞིན་མེད་བཞིན་དུ་སྣང་བ་སྒྱུ་མ་ལྟ་བུའི་བློས་བྱ་བར་མང་དུ་གསུངས་པ་ལྟར་བྱའོ། །གཉིས་པ་ནི། དེ་ནས་ བདུད་རྩི་མྱང་ཞིང་ལྷའི་རྣལ་འབྱོར་བསྒོམ་པར་བྱ་ལ་སྐྱོ་ན་བཟླས་པ་བྱེད་པ་ལ་ཕྲེང་བའི་རྒྱུ་ནི། ཁ་སྦྱོར་གྱི་སུམ་ཅུ་པ་ལས། ས་དང་ཉ་ཕྱིས་མུ་ཏིག་དང༌། །ཁམས་ནི་དཀར་པོ་ལ་སོགས་གཞན། །ཞི་བའི་ལས་ལ་ཁྱད་པར་དུ། །ཕྲེང་བ་ཡི་ནི་མཚན་ཉིད་དོ། ། གསེར་དང་དངུལ་དང་ཟངས་དག་དང༌། །པདྨའི་ས་བོན་ཁྱད་པར་དུ། །རྒྱས་པ་ལ་ནི་ཕྲེང་བ་ཉིད། །རྣམ་པར་མཁས་པས་བགྲང་བར་བྱ། །གུར་ཀུམ་ལ་སོགས་དྲི་སོགས་ཀྱི། །དྲི་ནི་ཐམས་ཅད་ཁྱད་པར་དུ། །བསྒྲུབས་ཤིང་རི་ལུ་བྱས་ནས་ནི། །དབང་ལ་ ཡོངས་སུ་རབ་ཏུ་གྲགས། །རུ་རཀ་ཤ་དང་ལུང་ཐང་དང༌། །དེ་བཞིན་སྐྱེས་པའི་རུས་ཉིད་དང༌། །དྲག་པོའི་ལས་ལ་སྦྱར་བར་བྱ། །ཞེས་གསུངས་པ་ལྟར་རོ། །ཁམས་དཀར་པོ་ནི་རུས་པ་དང་སོགས་ཀྱི་སྒྲས་རྡོའི་ཁྱད་པར་དཀར་པོ་དང་། གཞན་ནི་ནོར་བུ་དཀར་ པོར་བཤད་དོ། །གདན་བཞི་ལས། གུར་ཀུམ་ཡང་ན་དྲི་ལ་སོགས། །བྱེ་བྲག་ཏུ་ཡང་ཐམས་ཅད་དུ། །རི་ལུར་བྱས་ཤིང་ཆོས་བྱ་བ། །དབང་དུ་བྱས་པར་ཡོངས་སུ་གྲགས། །ཞེས་འབྱུང་ངོ༌། །རྡོ་རྗེ་མཁའ་འགྲོར་བྱི་རུ་དང་ཙནྡན་དམར་པོ་ཡང་བཤད་དོ། ། 3-2-367b སྐྱེས་པ་ནི་མིའོ། །ཐམས་ཅད་ལ་ཐུན་མོང་དུ་ཤིས་པ་ནི། དེ་ཉིད་ལས། ཞི་རྒྱས་དབང་དང་མངོན་སྤྱོད་ལ། །བོ་དེ་ཙེ་ནི་ལས་ཀུན་བྱེད། །ཅེས་གསུངས་སོ། །ཕྲེང་རྡོག་གི་གྲངས་ཀྱང་དེ་ཉིད་ལས། སྔགས་ཀྱི་སྒྲུབ་པ་ལྔ་བཅུ་སྟེ། །དབང་ལ་དེ་ཡི་ཕྱེད་ཉིད་དོ། ། བརྒྱ་ཕྲག་གཅིག་ནི་ཞི་བ་ལ། །དེ་བཞིན་རྒྱས་ལ་ལྷག་པར་བརྒྱད། །མངོན་སྤྱོད་ལ་ནི་དྲུག་ཅུ་ཉིད། །ཁྱད་པར་དུ་ནི་ལས་ལ་སྦྱར། །ཞེས་སོ། །སྔགས་ཀྱི་སྒྲུབ་པ་ནི། ཁྱད་པར་གྱི་ལས་དང་རྗེས་སུ་མཐུན་པས་ལས་ཐམས་ཅད་པའི་སྔགས་སྒྲུབ་པའི་དོན་ དུའོ། །ཕྲེང་ཐག་ནི། གསེར་གྱི་སྐུད་པའམ་གཞོན་ནུ་མ་ཡན་ལག་མ་ཉམས་པས་བཀལ་པའི་རས་བལ་གྱི་སྐུད་པ་ལ་བྱ་བར་རྡོ་རྗེ་མཁའ་འགྲོ་ལས་བཤད་དེ་དགུ་སྒྲིལ་བྱའོ། །དེ་ནས་རང་ཉིད་རྡོ་རྗེ་འཆང་གི་ང་རྒྱལ་གྱིས་ལག་པ་གཡས་པའི་སོར་མོ་ རྣམས་རྡོ་རྗེ་རྩེ་ལྔ་པའི་ངོ་བོར་སྐད་ཅིག་གིས་བསྒོམས་པ་ལ། ཡི་གེ་ཨཿལས་སྐྱེས་པའི་ཉི་མ་ཨཿཡིས་བྱིན་གྱིས་བརླབས་པ་དང༌། ལག་པ་གཡོན་པའི་སོར་མོ་རྣམས་པདྨའི་འདབ་མའི་རྣམ་པར་སྐད་ཅིག་གིས་བསམ་པ་ལ། ཨཿལས་སྐྱེས་པའི་ ཟླ་བ་དེས་བྱིན་གྱིས་བརླབས་པ་བསྒོམས་ནས་དེ་དག་གི་དབུས་སུ་བཟུང་བའི་ཕྲེང་བའི་ཐག་པའི་དབུས་ཀྱི་སྐུད་པ་རྡོ་རྗེ་སེམས་དཔའི་རང་བཞིན་དུ་དང༌། ཕྱོགས་དང་མཚམས་ཀྱི་སྐུད་པ་བརྒྱད་ཕྱག་ན་པདྨ་དང་བྱམས་པ་དང་ནམ་མཁའ་མཛོད་དང་ཀུན་ཏུ་བཟང་ པོ་དང་ཕྱག་ན་རྡོ་རྗེ་དང་འཇམ་དཔལ་དང་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་སའི་སྙིང་པོའི་བདག་ཉིད་དང༌། ཕྲེང་རྡོག་རྣམས་རྣམ་པར་སྣང་མཛད་ལ་སོགས་པ་རིགས་ལྔའི་རང་བཞིན་དུ་དང༌། མདོ་འཛིན་ནི། སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཆོས་ཀྱི་ 3-2-368a ཕུང་པོའི་མཆོད་རྟེན་དུ་སྐད་ཅིག་གིས་བསམས་ནས་སྙིང་ཁའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་རང་ཉིད་ཇི་ལྟ་བ་ལ་བཅུག་སྟེ། ཨཀྑ་རུ་ཀཱ་ར་ཎ་རུ་ཨ་སོ་ཧི་ཨ་མན་ཏ་བི་སཱ་ རུ་ག་ཎི་ཨ། ཨ་སཾ་ཁུ་ཨ་ལི་ཀ་ཀུ་སིཛྫ་ཨི་ཏད་ཏ་བི་ས་རུ། ཨྃ་པ་དེ་པ་དེ་མ་ཧཱ་ཛྙཱ་ནྃ་སརྦ་བུདྡྷ་མ་ཧཱ་བྷ་བེ་ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ་ཨཱཿཁཾ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་བྱིན་གྱིས་བརླབ་བོ། །བུམ་པའི་ཆུས་ཀྱང་དབང་བསྐུར་ཞིང་མཆོད་པར་བྱའོ། །ཨོཾ་པ་དེ་ ཞེས་པ་མན་ཆད་རྣམས་ཁ་སྦྱོར་གྱི་བརྟག་པ་བརྒྱད་པ་ལས་འབྱུང་ངོ༌། །དེ་དག་ནི་ཕྲེང་བ་དང་མན་སྙེ་ནས་བཤད་པ་སྟེ། ཁ་སྦྱོར་དང་གདན་བཞིའི་ལུགས་ཀྱི་རབ་གནས་སོ། །རབ་གནས་མདོར་བསྡུས་བྱེད་ན་ཕྲེང་བ་ལ་གསུང་རྡོ་རྗེ་བསྒོམས་ནས་ ཡེ་ཤེས་སེམས་དཔའ་དང་གཅིག་ཏུ་བྱས་ཏེ། གཟུགས་དེ་ཡོངས་སུ་གྱུར་པ་ལས་ཕྲེང་བའི་རྣམ་པར་བསམས་ལ། བུམ་པའི་ཆུས་གཏོར་ཏེ་མཆོད་ནས་གསུང་རྡོ་རྗེའི་སྙིང་པོ་བརྒྱ་རྩ་བརྒྱད་བཟླས་སོ། །ཞེས་ཕྲེང་བ་ལས་གསུངས་སོ། །བགྲང་ བའི་ཚུལ་ནི། རྡོ་རྗེ་མཁའ་འགྲོ་ལས། ཞི་བ་ལ་ནི་མཛུབ་མོ་བཞག །རྒྱས་ལ་གུང་མོར་དགལ་བར་བྱ། །དབང་དུ་བྱ་བ་སྲིན་ལག་གསུངས། །མཐའ་མ་ལ་ནི་མངོན་སྤྱོད་བྱ། །མཐེ་བོང་ལྕགས་ཀྱུར་བྱས་ནས་ནི། །ལྷ་རྣམས་ཐམས་ཅད་འགུགས་ པར་བསམ། །ཤིན་ཏུ་མཉམ་གཞག་སྔགས་བཟླས་ན། །འགྲུབ་འགྱུར་འདིར་ནི་ཐེ་ཚོམ་མེད། །ཅེས་གསུངས་ཏེ། ཁ་སྦྱོར་ལས་ཀྱང་ངོ༌། །ཁ་སྦྱོར་ལས། དེ་ཉིད་ལས་ནི་འགྲུབ་པར་འགྱུར། །ཀུན་ཏུ་གསལ་བར་མེད་ན་རིང༌། །ཞེས་གསུངས་ཏེ། 3-2-368b འགྲེལ་པར་ལག་པ་རྡོ་རྗེ་པདྨར་བསྒོམས་པ་སྟོང་པ་དང་སྙིང་རྗེ་དབྱེར་མེད་པར་བསྒོམས་ནས་ལག་པ་གཡས་པས་བགྲང་བ་དང་ལྷའི་སྐུ་རང་བཞིན་མེད་པར་ཤེས་པའི་དེ་ཉིད་ཡོད་ན་འགྲུབ་ཀྱི་གཞན་མི་འགྲུབ་པར་གསུངས་སོ། །མཐེ་བོང་ལྕགས་ ཀྱུ་དང་དེས་ལྷ་འགུགས་པའི་དམིགས་པས་ཕྲེང་བ་དབབ་པ་ནི་ཁ་སྦྱོར་དང་གདན་བཞི་ལས་ཀྱང་གསུངས་ལ། ཤིན་ཏུ་མཉམ་པར་བཞག་པ་སེམས་གཞན་དུ་མ་ཡེངས་པ་སྟེ་གཞུང་དུ་མ་ཞིག་ལས་དེ་ལ་ནན་ཏན་ཆེ་བར་བཤད་པས་སེམས་མ་ཡོངས་པ་ གལ་ཆེའོ། །བཟླས་པའི་མྱུར་བུལ་སོགས་ཇི་ལྟར་བྱ་བ་ནི། དཔལ་འབྲས་རྡོ་རྗེས། གསལ་བར་ཞེས་བྱ་བ་ནི། གུག་སྐྱེད་དང་ཚད་དང་ཡོངས་སུ་མ་བྲལ་བ་སྟེ། རིངས་པར་མ་ཡིན་དལ་བར་མ་ཡིན་དབུགས་རྔུབ་པ་དང་འབྱིན་པས་ཀྱང་གནོད་པར་མ་གྱུར་པ་དང༌། དབང་པོ་དང་རྩོལ་བས་བསྐྱོད་པའི་སྒྲ་ཆེ་བས་གསལ་བ་མ་ཡིན་པ་སྟེ། ཞེས་གསུངས་པ་བཞིན་དུ་ཤཱནྟི་པ་དང་ཀ་མ་ལ་རཀྵི་ཏས་ཀྱང་བཤད་པས་དེ་བཞིན་དུ་བྱའོ། །ཚད་ཅེས་པ་ནི་ཡི་གེ་རིང་ཐུང་གི་ཚད་དོ། །ངག་ཏུ་འདོན་མི་འདོན་ནི། ཀྱཻ་རྡོར་གྱི་སྒྲུབ་ཐབས་ འཁྲུལ་སྤོང་དང་དྲིལ་བུ་པ་དང་ལྭ་བ་པའི་བདེ་མཆོག་གི་སྒྲུབ་ཐབས་ལས་རྡོ་རྗེའི་བཟླས་པ་དང་ཁྲོ་བོའི་བཟླས་པ་གཉིས་ཀ་བྱ་བར་གསུངས་ལ། དགྲ་ནག་གི་སྒྲུབ་ཐབས་སུ་ཤཱནྟི་པ་དང་ཀ་མ་ལ་རཀྵི་ཏས་ཁྲོ་བོའི་བཟླས་པ་ཁོ་ན་དང་ཡིད་བཟླས་མི་བྱ་བར་ གསུངས་ཏེ་གཤིན་རྗེའི་གཤེད་ཀྱི་ཁྱད་ཆོས་སུ་མངོན་ནོ། །བཟླས་པ་གཉིས་ནི། རྡོ་རྗེའི་ཚིག་གིས་བཟླས་བྱ་སྟེ། །རྡོ་རྗེའི་ཚིག་ནི་སྒྲ་སྤངས་པ། །ཞེས་དང་འདུས་པ་ལས། ཁྲོ་བོའི་དམ་ཚིག་ཡེ་ཤེས་ཀྱིས། །རང་གི་རྡོ་རྗེ་དཀྱིལ་འཁོར་གྲགས། །སྔགས་ཀྱི་ 3-2-369a ཡི་གེ་ཚིག་ཐོས་པ། །དེ་ནི་ཁྲོ་བོའི་བཟླས་པར་བཤད། །ཅེས་གསུངས་པ་གཉིས་དཔལ་འབྲས་རྡོ་རྗེས་དྲངས་པ་ལྟར་རོ། །སྒྲོན་གསལ་ལས། ཁྲོ་བོ་ནི་གཤིན་རྗེའི་གཤེད་ལ་སོགས་པའི་སྔགས་དང་དམ་ཚིག་ཡེ་ཤེས་ནི་བསྐྲད་ པ་སོགས་ཀྱི་ཆོ་ག་ཤེས་པ་དང་། དཀྱིལ་འཁོར་ནི་རང་གི་ལུས་དང་རྡོ་རྗེ་ནི་ལྕེ་སྟེ་དེས་བསྒྲགས་པ་རང་ངམ་གཞན་གྱིས་ཐོས་པར་ཟློས་པ་ལ་བཤད་དོ། །བཟླས་པའི་དམིགས་པ་ནི། དྲིལ་བུ་པ་དང་ལྭ་བ་པས་བཟླས་བྱའི་སྔགས་ཐུགས་ཀའི་ས་བོན་ ལས་འཐོན་ནས་གསང་གནས་ཀྱི་རྡོ་རྗེའི་རྩེ་མོ་ནས་ཡུམ་གྱི་བྷ་གར་བཏོན་ནས་ལྷ་མོའི་ཞལ་ནས་རང་གི་ཞལ་དུ་ཞུགས་རང་གི་ས་བོན་ལ་ཞུགས་ནས་སྔར་བཞིན་འཁོར་བར་བསྒོམ་ལ། ཞལ་ཐམས་ཅད་དང་རྣལ་འབྱོར་མ་ཐམས་ཅད་ཀྱིས་སྔགས་ ཟློ་བར་བསམས་ནས་བཟླ་བར་གསུངས་ལ། མཚོ་སྐྱེས་ཀྱིས་དང་པོར་ལྷ་མོའི་ཞལ་ནས་རང་གི་ཞལ་དུ་ཞུགས་ནས་འཁོར་བར་བཤད་དོ། །མན་སྙེ་ལས་སྔགས་ཀྱི་བཟླས་པ་བཞིར་གསུངས་ཏེ། ཁྱོགས་ཀྱི་བཟླས་པ་ནི་ཆོས་ཐམས་ཅད་མཉམ་པ་ཉིད་ ཀྱི་ང་རྒྱལ་གྱིས་སྔགས་ཕྲེང་རང་གི་ཞལ་དུ་ཞུགས་པ་རྡོ་རྗེ་ནས་འཐོན་ཏེ་པདྨར་སོང་ཞིང་རྩ་དབུ་མ་ལས་གྱེན་དུ་བྱུང་སྟེ་ཡུམ་གྱི་ཞལ་ནས་བྱུང་བ་རང་གི་ཞལ་དུ་ཞུགས་ནས་འཁོར་བར་སྒོམ་ཞིང་ཡི་གེ་ལྷོད་ཅིང་ཞི་བའི་ཕྲེང་སྔགས་ཟློས་པའོ། ། དང་པོར་ཡུམ་གྱི་ཞལ་དུ་ཞུགས་ནས་སྔར་བཞིན་འཁོར་བ་སྟུག་ཅིང་རྩུབ་བའི་ཡི་གེ་ཅན་ནི་ཁྲོས་པའི་བཟླས་པའོ། །སྙིང་པོ་ལ་སོགས་པ་དྲག་ཏུ་བརྗོད་པ་ནི་ཁྲོ་བོའི་བཟླས་པའོ། །ཐུགས་ཀའི་ས་བོན་ལ་སྙིང་པོ་དང་ཉེ་སྙིང་གི་སྔགས་བརྗོད་ཅིང་ 3-2-369b དཀྱིལ་འཁོར་གྱི་ལྷ་ཚོགས་སྤྲོས་ཏེ་འགྲོ་བའི་དོན་བྱས་ནས་སྔགས་དང་ལྷན་ཅིག་ཏུ་ཕྲེང་བའི་སྐུད་པ་འདྲེན་པའི་ཚུལ་གྱིས་འཇུག་པ་རླུང་གིས་སྙིང་གའི་ས་བོན་ལ་གཞུག་ཅིང་ལྷ་སོ་སོའི་སྔགས་བརྗོད་པ་རྫོགས་པ་ན་སོ་སོར་སྤྲོ་བ་དང་སྡུད་པ་ནི་དམ་ ཚིག་གི་བཟླས་པའོ། །དེའི་ལྟར་ན་དང་པོ་གཉིས་ནི། ཕྲེང་སྔགས་འཇམ་རྩུབ་གཉིས་དང༌། གསུམ་པ་ནི། ཕྲེང་སྔགས་དང་སྙིང་པོ་དང་ཉེ་སྙིང་གསུམ་གའི་དང་། བཞི་པ་ནི། སྙིང་པོའམ་ཉེ་སྙིང་གི་བཟླས་པའོ། །བཞི་པ་ནི་སྒྲུབ་ཐབས་ཀུན་བཟང་ལས་ཀྱང་གསུངས་ ཏེ། སྤྲོས་པའི་ལྷས་ནམ་མཁའི་ཁྱོན་འགེངས་པར་བཤད་དོ། །འདི་ལ་མར་མེ་མཛད་བཟང་པོས། ཡེ་ཤེས་སྐུ་ནི་སྤྲོ་ཞིང་བཟླས། །བརྗོད་ཅིང་སྲོག་གིས་སྤྲོ་བྱ་ཞིང༌། །སྔགས་ནི་རྩོལ་བས་བསྡུ་བར་བྱ། །ཞེས་དབུགས་འབྱིན་པའི་ཚེ་སྤྲོ་བ་དང་རྔུབ་པའི་ཚེ་ ལྷ་རྣམས་སྡུད་པར་གསུངས་པ་ལ། ཤཱནྟི་པས་སྔགས་ཀྱི་ཚད་དང་བསྟུན་ནས་གཅིག་གམ་གཉིས་སམ་མང་པོ་བརྗོད་ནས་དབུགས་རིང་དུ་འབྱིན་པ་ནི་སྲོག་ཡིན་ཏེ། དེས་བསྡུས་པ་ནི་བརྗོད་པ་དང་སྤྲོ་བའི་དུས་སོ། །དེ་ལྟར་བཟླས་ན་སེམས་མི་གཡེང་ངོ་ ཞེས་པའི་རང་ལུགས་དང་གཞན་དག་སྔགས་རེ་རེ་བཟླས་པ་ན་སྤྲོ་བའི་དུས་དང་དེའི་མཐར་བསྡུ་བའི་དུས་ཡིན་པར་འདོད་པའི་ལུགས་བཀོད་དོ། །གཙོ་བོ་ལྟ་བུ་ལ་ཞལ་དུ་ཡོད་ཀྱིས་འདོན་པ་དང་འཁོར་གྱི་ལྷ་ཐམས་ཅད་ཀྱིས་འདོན་པར་མོས་པ་ དྲིལ་བུ་པ་དང་ལྭ་བ་པས་གསུངས་པ་ལྟར་བཏོན་ན་དེ་དག་གི་གྲངས་ཀྱི་འགྱུར་ཡོད་པར་གསུངས་ཏེ། འཁྲུལ་སྤོང་ལས། ཞལ་ཐམས་ཅད་དང་ལྷ་མོའི་ཞལ་ཐམས་ཅད་ནས་སྔགས་འདོན་པར་མོས་པར་བྱའོ། །འདི་ཉིད་ནི། ལྷ་མོ་ཐམས་ཅད་ཀྱི་ 3-2-370a བཟླས་པ་ལས་ལྷ་རང་ཉིད་ཀྱིས་བཟླས་པ་བརྒྱད་འགྱུར་དུ་བྱས་པར་འགྱུར་རོ། །ཞེས་གསུངས་སོ། །དེ་ལྟར་ན་ཡབ་ཡུམ་གྱི་ཞལ་ནས་འཁོར་བ་ལ་དམིགས་པའི་བཟླས་པ་དང་སྔགས་ལས་ལྷ་སྤྲོ་བ་དང་བསྡུ་བ་ལ་ དམིགས་ནས་ཟློ་བའི་དམིགས་པ་གསུམ་དང༌། ཤཱནྟི་པ་དང་དམ་ཚིག་རྡོ་རྗེས། ཀྱཻ་རྡོར་སྒྲུབ་ཐབས་ལས་བཤད་པ་བཞིན་དུ་ཐུགས་ཀའི་ས་བོན་ལ་སྔགས་རྣམས་མགོ་གྱེན་བསྟན་ཟླུམ་པོར་བསྐོར་བ་མར་མེའི་ཕྲེང་བ་བཞིན་དུ་འབར་བ་ཡིད་ཀྱིས་ བཀོད་ལ་སེམས་ཀྱིས་བྲིས་པ་བཞིན་དུ་ཟློ་བ་དང༌། ཞལ་ཐམས་ཅད་དང་ལྷ་ཐམས་ཅད་ཀྱིས་བཏོན་པར་དམིགས་ནས་ཟློ་བ་གཉིས་ཏེ་ལྔའོ། །དེའི་སྔ་མ་ལ་གོང་བུའི་བཟླས་པ་དང་ཕྱི་མ་ལ་དམ་ཚིག་གི་བཟླས་པ་ཞེས་ཛ་ལན་དྷ་རི་པས་བཤད་དོ། །འདི་དག་ གི་སྐབས་སུ་རླུང་ལ་དམིགས་ནས་ཡི་གེ་གསུམ་གྱི་རྡོར་བཟླས་བྱེད་པའང་མན་སྙེ་དང་པྲཛྙཱ་རཀྵི་ཏ་ལ་སོགས་པ་མང་པོས་བཤད་ཀྱང་མ་བྲིས་སོ། །དེ་ལྟར་ཐུན་ངོ་བོ་ལ་བཟླས་པའི་སྐྱོན་དང་བྲལ་བའི་སེམས་རྩེ་གཅིག་པས་བཟླས་པ་རྣམས་གྲངས་སུ་གཞུག་ པར་བྱ་ཡི་ཐུན་ངོ་བོ་བཏང་ནས་ཐུན་མཚམས་སུ་གང་བྱུང་བཟླས་པ་ནི། གྲངས་སུ་མི་འཇུག་ཀྱང་བཟླས་པ་ལ་འགལ་བ་མེད་དེ། མི་བསྐྱོད་རྡོ་རྗེས། ལངས་ནས་ཀྱང་གསང་སྔགས་སྐུ་ལ་དམིགས་ཤིང་གྲངས་ལ་ཕན་མི་འདོགས་པ་བཟླས་པར་བྱའོ། །ཞེས་དགྲ་ ནག་གི་སྒྲུབ་ཐབས་ལས་གསུངས་པ་བཞིན་ནོ། །སྔགས་ཀྱི་ཁ་དོག་ནི། ལས་ཀྱི་ཁ་དོག་གིས་དབྱེ་བར་མཚོ་སྐྱེས་ཀྱིས་བཤད་པ་ནི་ཞི་རྒྱས་དབང་དྲག་ལ་དཀར་སེར་དམར་ནག་གོ། །སྔོན་དུ་བསྙེན་པའི་སྐབས་སུ་ལྷ་རྣམས་ཁ་དོག་སྒྱུར་མི་དགོས་པ་བཞིན་དུ་སྔགས་ཀྱི་ཁ་ 3-2-370b དོག་ཀྱང་ལྷ་དང་མཐུན་པར་སྣ་ཚོགས་བྱ་བའམ་ཡང་ན་བོད་ཀྱི་བླ་མ་དག་ལྷ་དབང་དུ་སྡུད་པས་དམར་པོར་བྱ་གསུངས་པ་ལྟར་བྱའོ། །སྐལ་བཟང་རྡོ་རྗེས། བཟླས་པའི་དུས་སུ་ཐབས་ནི། མགལ་མེ་བསྐོར་བ་ལྟ་བུའམ་ཐག་མདུང་འཕེན་པ་ལྟ་བུའམ་ སྒྲོའི་ཆུན་པོ་ལྟ་བུའམ་ཐེ་གུ་བསྒྲིལ་བ་ལྟ་བུའམ་ལྕགས་སྒྲོག་སྦྲེལ་བ་ལྟ་བུ་སྟེ་སྐབས་ཀྱི་སྟོབས་ཀྱིས་ཤེས་པར་བྱའོ། །ཞེས་བཤད་པ་ལ་བོད་ཀྱི་བླ་མ་དག་དང་པོ་ཞི་བ་དང་གཉིས་པ་དྲག་པོ་དང་གསུམ་པ་རྒྱས་པ་དང་ཐ་མ་གཉིས་དབང་ལ་ སྦྱར་ནས་སྔགས་ཀྱི་ཡི་གེ་དང་འོད་ཟེར་གཉིས་ཀྱི་རྣམ་པ་ལ་འཆད་མོད་ཀྱང་གཞན་གྱིས་གསལ་བར་བཤད་པ་མ་མཐོང་ལ། ཞལ་ནས་ཞལ་དུ་འཁོར་བ་མགལ་མེ་ལྟ་བུར་འཁོར་བ་ལ་མཚོ་སྐྱེས་ཀྱིས་ལས་བཞི་ཁའི་ཁ་དོག་གིས་དབྱེ་ བར་གསུངས་ཤིང་པྲཛྙཱ་ཨིནྟྲ་རུ་ཙིས་ཀྱང༌། དེ་ནས་མཁས་པས་སྔགས་བཟླས་ཏེ། །ཡབ་ཡུམ་ཞལ་ནས་མགལ་མེ་ཡི། །འཁོར་ལོ་བཞིན་དུ་བསྐོར་བར་བྱ། །ཁ་དོག་ལས་ཀྱི་དབྱེ་བས་དབྱེ། །ཞེས་རིན་ཆེན་འབར་བ་ལས་གསུངས་པའི་ ཕྱིར། དེ་ལ་ལས་བཞི་ཁ་ཡོད་དོ། །དེ་ལྟར་ན་ཡེ་ཤེས་པ་གཞུག་པ་ནས་བཟླས་པའི་བར་ནི། བསྐྱེད་པའི་ལྷ་རྣམས་ཀྱི་རྫོགས་བྱེད་ཀྱི་ཡན་ལག་ཡིན་ལ། དག་པ་དྲན་པ་ནི། ཕལ་ཆེར་མི་ཐུབ་ཟླ་བས་གསུངས་པ་བཞིན་དུ་བསམ་གཏན་མི་ནུས་ན་དག་ པ་དྲན་པར་གསུངས་པས་ལྷའི་རྣལ་འབྱོར་གྱིས་སྐྱོ་བའི་ཚེ་བྱ་ལ། དེ་ཡང་ཤནྟི་པ་དང་མི་ཐུབ་ཟླ་བ་དང་ཌྃ་བི་པས་བཤད་པ་བཞིན་དུ་ཐུན་གྱི་དངོས་གཞིའི་སྐབས་སུ་བཤད་པ་མང་བར་སྣང་ངོ༌། །མཚོ་སྐྱེས་དང་ཛ་ཡ་སེ་ནས་གཏོར་མའི་རྗེས་སུ་ 3-2-371a དག་པ་དྲན་པ་བཤད་དེ། དེའི་ལྟར་ན་ཐུན་མཚམས་སུ་བྱེད་དོ། །ལོ་ཨཱི་པའི་སྒྲུབ་ཐབས་ཀྱི་དགོངས་པ་པྲཛྙཱ་རཀྵི་ཏ་ལ་སོགས་པས་བཀྲལ་བ་དང༌། མཚོ་སྐྱེས་ཀྱི་སྒྲུབ་ཐབས་ལས་བཤད་པ་བཞིན་དུ་རིམ་གྱིས་འོད་ གསལ་དུ་སྡུད་པ་རིམ་ལྔ་ལས་གསུངས་པའི་རྗེས་གཞིག་གི་དོན་དུ་བཞེད་པ་ཤིན་ཏུ་མང་པོ་སྣང་བས། དེ་བྱེད་ན་ནི་དེའི་ཚེ་ལྟ་བ་དྲན་པར་བྱས་ནས་བསྐྱང་ངོ༌། །ཕྲ་ཐིག་ཀྱང་རང་རང་གི་སྐབས་གང་དུ་སྒོམ་པར་བཤད་པའི་སྐབས་སུ་བསྒོམ་ཞིང་། ཁྱད་ པར་དུ་དེ་ལ་དམིགས་པའི་སེམས་གནས་བརྟན་པོ་སྒྲུབ་པའི་བྱིང་རྒོད་འགོག་ལུགས་དང་དྲན་པ་དང་ཤེས་བཞིན་གྱི་སྐྱོང་ལུགས་དང༌། ཞི་གནས་རྙེད་པའི་ཚད་ལ་སོགས་པ་ནི། སྔགས་ཕར་ཕྱིན་གཉིས་ཐུན་མོང་བ་ཡིན་པས་ཐེག་པ་ཐུན་མོང་བའི་ལམ་ གྱི་རིམ་པར་རྒྱས་པར་བཤད་ཟིན་པ་ལས་ངེས་པར་ཤེས་དགོས་པས་དེར་བལྟ་བར་བྱའོ། །ལྷ་དང་སྟོང་ཉིད་སྒོམ་པའི་སྐབས་ནི། དེ་བཞིན་གཤེགས་པའི་རྡོ་རྗེས། འདི་ལ་ཡང་སྔ་དྲོའི་ཐུན་ནས་མཚན་མོའི་ཕྱེད་ཀྱི་ཐུན་གྱི་བར་དུ་ལྷ་ཁོ་ན་བསྒོམ་ ཞིང་གནས་པར་བྱའོ། །དེ་ནས་སྟོང་ཉིད་བསྒོམ་པར་བྱ་སྟེ། ཞེས་བཤད་དེ་སྟོང་ཉིད་ལོགས་སུ་སྒོམ་པའི་དབང་དུ་བྱས་སོ། །གསུམ་པ་ལ་གཉིས། ལུས་བརྟས་ཞིང་གཏོར་མ་སྐྱེད་པའི་ཆོ་ག་དང༌། མགྲོན་བསྐྱེད་ཅིང་དབུལ་བའི་ཆོ་གའོ། །དང་པོ་ ནི། དེ་ལྟར་བསྒོམས་པས་ལུས་སེམས་དུབ་ན་རྟས་པར་བྱེད་པའི་ཆོ་ག་ནི་མར་མེ་མཛད་བཟང་པོས། སྤྱི་བོར་ཟླ་བ་ཨོཾ་རླན་ཅན། །དམ་པའི་སེམས་ཀྱི་ཆུ་འཛག་པས། །སྐུ་གསུང་ཐུགས་ནི་ཚིམ་བྱེད་པ། །ཆོ་ག་བཞིན་དུ་དབབ་པར་བྱ། །ཞེས་འདུས་པའི་ 3-2-371b རྒྱུད་ལས་གསུངས་པའི་ཐབས་དེས་ངལ་བསོའོ། །དེའི་ཚུལ་ནི་སྤྱི་བོར་མཐོ་གང་ཙམ་གྱི་བར་སྣང་ལ་ཟླ་བའི་དཀྱིལ་འཁོར་ཨོཾ་གྱིས་མཚན་པ་བསམས་ལ། དེ་ལས་བདུད་རྩི་བབས་པ་དེས་རང་གི་ལུས་ཀྱི་རྐང་པའི་བར་དུ་རྡུལ་ཕྲ་རབ་རེ་རེ་ནས་ བརླན་པར་བྱའོ། །དེ་ཡང་འབྱུང་འཇུག་གི་རླུང་གི་འོད་ཟེར་གྱིས་བདུད་རྩི་བཀུག་ནས་སྤྱི་བོར་བབས་པ་ལས་འཛག་པར་བསམ་པར་དཔལ་འབྲས་རྡོ་རྗེས་བཤད་དོ། །ཤཱནྟི་པས། ཨོཾ་གྱི་འོད་ཟེར་གྱིས་ཕྱོགས་བཅུ་ནས་དྲངས་ཏེ་སྲོག་དང་རྩོལ་ བས་ཀྱང་ནང་དུ་ཆུད་པར་བྱས་ལ་རྩའི་ཚོགས་ལ་རྒྱུ་བས་ལུས་ལ་ཁྱབ་པར་བྱའོ། །ཞེས་འཆད་དེ་སྲོག་རྩོལ་ཏེ། འབྱུང་འཇུག་གི་རླུང་གིས་ནང་དུ་འབེབས་པའི་ལུགས་སོ། །དེས་ངལ་བསོས་པ་ན་ཡང་བཟླས་བསྒོམ་གྱི་འཕྲོ་བྱ་བར་བཤད་པས་ ནམ་ངལ་བའི་ཚེ་བྱས་པས་ཆོག་གི་མཇུག་ཁོ་ནར་མ་ངེས་སོ། །དེ་ནས་ཐུན་གཏོང་བར་འདོད་ན་དཀྱིལ་འཁོར་ལ་སླར་ཡང་མཆོད་བསྟོད་དང་བདུད་རྩི་མྱང་བ་བྱས་ནས་དཀྱིལ་འཁོར་གཤེགས་སུ་གསོལ་བར་སྒྲུབ་ཐབས་ཀུན་བཟང་ རྩ་འགྲེལ་ལས་བཤད་དེ། དཀྱིལ་འཁོར་བའི་ལྷ་རྣམས་གཙོ་བོ་ལ་བསྡུས་པའི་གཤེགས་གསོལ་ཡིན་གྱི་གཞན་དུ་གཤེགས་པ་མིན་ནོ། །འདིར་གྲུབ་ན་ཐུན་བཞི་གའི་མཐར་གཏོར་མ་བྱ་སྟེ་མངོན་བརྗོད་བླ་མ་ལས། ཆོ་ག་འདི་ ཡི་རིམ་པ་ཡིས། །ཐུན་མཚམས་བཞི་རུ་སྦྱིན་པར་བྱ། །ཞེས་གསུངས་ཏེ་གཞན་ལའང་འདྲའོ། །མ་གྲུབ་ན་ཐུན་ཐ་མའི་མཐར་གཏོར་མ་སྦྱིན་པར་བྱའོ། །དེ་ཡང་དཀྱིལ་འཁོར་པ་རང་ལ་ཉེ་བར་བསྡུས་པའི་འོག་ཏུ་བྱེད་པ་མཚོ་སྐྱེས་ཀྱིས་ 3-2-372a བཤད་ལ། གཏོར་མ་བྱས་ནས་དཀྱིལ་འཁོར་པ་རང་ལ་སྡུད་པ་ཡང་མན་སྙེ་ལས་བཤད་པས། ཐུན་ཕྱི་མའི་མཐའ་ཉིད་དུའམ་ཐུན་མཚམས་གང་བདེ་ལ་བྱའོ། །གཏོར་མའི་ཆོ་ག་ལ་སྣ་ཚོགས་པ་ཞིག་ཡོད་ཀྱང་ཁ་སྦྱོར་ དང་གདན་བཞི་དང་རྡོ་རྗེ་མཁའ་འགྲོའི་དགོངས་པ་རྣམས་ཕལ་ཆེར་འདྲ་ལ། ཁ་སྦྱོར་གྱི་དགོངས་པ་མན་སྙེ་ལས་གསུངས་པ་བཞིན་དུ་བཤད་པར་བྱའོ། །གཏོར་མ་ནི། རྒྱུད་རྣམས་ལས་བགེགས་ཉེ་བར་ཞི་བ་དང་དངོས་གྲུབ་སྒྲུབ་པའི་ཕྱིར་དུ་ཐོག་ མ་དང་ཐ་མར་གལ་ཆེ་བར་གསུངས་པས་བྱ་དགོས་ལ། དེའི་དུས་ནི་ཁ་སྦྱོར་གྱི་བརྟག་པ་དགུ་པ་ལས། ཟླ་བ་མར་ངོའི་བཅུ་བཞི་དང༌། །ཁྱད་པར་དུ་ནི་བརྒྱད་པ་དང༌། །ཡར་གྱི་ངོ་ཡི་བཅུ་པ་ལ། །ཞེས་གསུངས་པ་ནི་ཁྱད་པར་གྱི་དུས་ཡིན་ལ། གཞན་ནི་ཉི་མ་རེ་རེ་ཞིང་གཏང་བར་གསུངས་སོ། །གཏོང་བ་པོའི་ལྷའི་རྣལ་འབྱོར་ནི་གསང་འདུས་མི་བསྐྱོད་པ་ལ་མངོན་རྟོགས་རྫོགས་པའམ་ཡན་ལག་བཞིའི་ཆོ་གས་རིམ་གྱིས་སམ་སྐད་ཅིག་གིས་རྡོ་རྗེ་སེམས་དཔར་སྐྱེད་པ་གདམ་ང་ ཅན་དུ་གསུངས་ཏེ་དེས་གཞན་ལའང་ཤེས་པར་བྱའོ། །དེས་གཏོར་མའི་ཆོ་ག་སྒྲུབ་པ་ལ་གསུམ་ལས་རྒྱས་པ་ལ་བདུད་རྩི་སྒྲུབ་པའི་གཏོར་མའི་སྣོད་ནི། ཁ་སྦྱོར་ལས། པདྨའི་སྣོད་ཅེས་གསུངས་པ་ལྟར་ཐོད་པའི་སྣོད་དང་མན་སྙེ་ལས་གཞོང་ པ་ལ་སོགས་པའི་སྣོད་ཀྱང་རུང་བར་གསུངས་ཏེ། གཤེད་དམར་གྱི་རྒྱུད་ལས་ཀྱང་ཁྱོགས་སམ་ཟངས་གཞོང་གི་སྣོད་དུ་བྱ་བར་བཤད་ལ། ཕྲེང་བར་ཁམ་ཕོར་དང་ཁྱོར་བར་ཡང་སྦྱིན་པར་བཤད་པས་ཅི་རིགས་པའོ། །གཏོར་མའི་རྫས་ནི་ཟན་དང་ 3-2-372b སྲན་མ་དང་ཤ་དང་ཉ་ཤ་དང་ཆན་ཐུག་དང་འཁུར་བ་དང་ཆང་དང་ཆུ་དང་བཙོང་དང་སྒོག་སྐྱ་དང་འོ་མ་ལ་སོགས་པའམ་མ་འབྱོར་ན་ཟན་དང་ཆུ་ལ་སོགས་པ་ཙམ་ཡང་རུང་བར་ཕྲེང་བ་དང་མན་སྙེ་ལས་བཤད་དོ། །གཏོར་མ་དང་མཆོད་རྫས་ རྣམས་བཤམ་ཚུལ་ནི། ཁ་སྦྱོར་ལས། མཆོད་ཡོན་མཆོད་སོགས་རིམ་འགྲོ་དང༌། །ཉ་དང་ཤ་སོགས་བཟའ་བ་དང༌། །ཆང་དང་མྱོས་བྱེད་སྤྲོ་བ་ཡང༌། །གཡོན་དུ་ཉེ་བར་དགོས་པ་ཀུན། །གཡས་པ་དག་ཏུ་ཆུ་ཡི་སྣོད། །མདུན་དུ་མཆོད་ཡོན་ དག་གི་སྣོད། །རྫས་ནི་འདི་དག་ཐམས་ཅད་རྣམས། །བདུད་རྩི་ལྔ་ཡིས་སྦྱང་བར་བྱ། །ཞེས་གསུངས་ཏེ་རྐང་པ་གསུམ་པ་ལ། ཆང་ནི་དགའ་བྱེད་འདོད་པ་སྟེ། །ཞེས་འགྲེལ་པར་འབྱུང་ངོ༌། །ཤ་དང་ཉ་ཤ་སོགས་ལས་བྱས་པའི་གཏོར་མ་ གཉིས་ཡོད་ན་རང་གི་གཡས་གཡོན་དུ་ཤོམ་པར་གསུངས་ལ། བདུད་རྩི་ལྔས་སྦྱོང་བ་ནི། བདུད་རྩི་རིལ་བུ་བཏབ་ནས་སམ་ཡང་ན་བསྒོམས་ནས་སྦྱང་བར་མན་སྙེ་ལས་གསུངས་སོ། །གཏོར་མའི་སྐྱེད་ཆོག་ནི། ཕྲེང་བར་བཤད་པ་ཁ་སྦྱོར་གྱི་དགོངས་ པ་ཡིན་པར་མན་སྙེར་ཡང་བཀྲལ་ལ། སྐྱེད་ཆོག་དེ་ཉིད་ཕྲེང་བ་ལས་གསང་འདུས་དང་བདེ་དགྱེས་གསུམ་ལ་འདྲ་བར་མཛད་དོ། །དེ་ཡང༌། ཡྃ་ལས་བྱུང་བའི་རླུང་གི་སྟེང་དུ་རྃ་ལས་སྐྱེས་པའི་མེ་ལ་ཨཿལས་སྐྱེས་པའི་ཐོད་པ་དཀར་པོ་འབྲུ་གསུམ་ ལས་སྐྱེས་པའི་མགོ་བོ་གསུམ་ལ་གནས་པ་དེར། ཧཱུྃ་ལ་སོགས་པའི་ས་བོན་བཅུ་ལས་སྐྱེས་པའི་བདུད་རྩི་ལྔ་དང་ཤ་ལྔ་ས་བོན་དེ་དག་གིས་བྱིན་གྱིས་བརླབས་པ་སྟེ་མཚན་པར་བསྐྱེད་དོ། །ས་བོན་ནི། ཧཱུྃ་བྲུྃ་ཨཱྃཿཧྲཱིཿཁྃ་དང༌། བྲུྃ་ཧཱུྃ་ཧྲཱིཿཏྃ་མོ། །ཕྲེང་བ་དང་ 3-2-373a མན་སྙེ་གཉིས་ཀར་ཕྱོགས་མཚམས་གང་དུ་སྐྱེད་མི་གསལ་ཞིང༌། ཁ་སྦྱོར་དང་གདན་བཞི་དང་སྡོམ་འབྱུང་ལས་ཀྱང་གསལ་བར་མ་བྱུང་ངོ༌། །གཤེད་དམར་གྱི་རྒྱུད་ལས་གོ་ཀུ་ད་ཧ་ནའི་མིང་ཅན་གྱི་ཤ་ལྔ་རིམ་ པ་བཞིན་དུ་རྣམ་སྣང་ལ་སོགས་པའི་རང་བཞིན་དུ་བྱས་ནས་ཤར་ནས་རིམ་པ་བཞིན་དུ་དབུས་ཀྱི་བར་དུ་འགོད་དེ། བྲུྃ་ཨྃ་ཛིྃ་ཁྃ་ཧཱུྃ་གི་ཡི་གེ་ལས་བྱུང་བའོ། །བི་ར་ཤུ་མ་མུའི་མིང་ཅན་གྱི་བདུད་རྩི་ལྔ་རིམ་པ་བཞིན་སྤྱན་མ་ལ་སོགས་པའི་ རང་བཞིན་མེ་ནས་བརྩམས་ཏེ་དབུས་ཀྱི་བར་དུ་འགོད་དེ། ལྃ་མྃ་པྃ་ཏྃ་བྃ་གྱི་ཡི་གེ་ལས་བྱུང་ཞིང་དེ་དག་གིས་མཚན་པར་བཤད་དོ། །ཕྲེང་བ་དང་མན་སྙེར་བདུད་རྩི་ལྔ་དང་སྒྲོན་མ་ལྔ་ཞེས་གོ་རིམས་དེ་ལྟར་འབྱུང་ཡང་མན་སྙེ་ལས། རྣམ་པ་དེ་ ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་དེ་བཞིན་གཤེགས་པ་ལྔ་ཉིད་དུ་མོས་པ་རྣམས་ནི། སྒྲོན་མ་ལྔ་རྣམས་དང་ལྕགས་ཀྱུ་ལྔ་རྣམས་སོ། །ཞེས་སྒྲོན་མ་ལྔ་དང་ལྕགས་ཀྱུ་ལྔ་དེ་བཞིན་གཤེགས་པ་ལྔར་བཤད་ལ། མི་བསྐྱོད་པ་དང་རྣམ་སྣང་དང་རིན་འབྱུང་ དང་སྣང་མཐའ་དང་དོན་གྲུབ་རྣམས་ལྕགས་ཀྱུ་ལྔ་ཞེས་གོ་རིམས་ཀྱང་དེ་ལྟར་འབྱུང་བས་ས་བོན་དང་པོ་ལྔ་ལས་ཤ་ལྔར་སྐྱེད་པར་མངོན་ཏེ། དེ་ལྟར་ན་དབུས་ནས་གཡས་སྐོར་དུ་ཕྱོགས་བཞིར་རིམ་པ་བཞིན་དུ། ཧཱུྃ་ལ་སོགས་པ་ལས་ཤ་ཆེན་སོགས་ཡི་གེ་དེ་དག་ གིས་མཚན་པ་བསྐྱེད་ལ། མེ་ནས་དབང་ལྡན་གྱི་བར་དུ་རིམ་པ་བཞིན་དུ། བྲུྃ་ལ་སོགས་པ་ལས་དྲི་ཆེན་སོགས་ཡི་གེ་དེ་དག་གིས་མཚན་པ་བསྐྱེད་དེ། ཤ་ཆེན་ནི་ཐུན་མོང་བ་ཡིན་པས་བཞི་ལས་མ་སྨོས་པའོ། །བདུད་རྩི་དེ་བཞིན་གཤེགས་པ་ལྔར་ 3-2-373b བཤད་པའང་ཡོད་དེ། ཕྱག་ཆེན་ཐིག་ལེ་ལས། རིན་ཆེན་དབང་པོ་ཁྲག་ཅེས་བཤད། །སྣང་བ་མཐའ་ཡས་ཁུ་བར་བརྗོད། །དོན་ཡོད་གྲུབ་པ་ཤ་ཆེན་ཏེ། །མི་བསྐྱོད་པ་ནི་དྲི་ཡི་ཆུ། །རྣམ་པར་སྣང་མཛད་རྟུག་པར་བཤད། །འདི་རྣམས་བདུད་རྩི་ལྔ་མཆོག་ གོ། ཞེས་གསུངས་སོ། །དེ་ལྟར་བྱས་པ་ནི། དྲིལ་བུ་པའི་བདེ་མཆོག་ལྷ་ལྔའི་སྒྲུབ་ཐབས་སུའང་བཤད་དོ། །ཧཱུྃ་ཨོཾ་ཁྃ་ཨཱྃཿཏྲཱྃ། དྲི་ཆུ་དྲི་ཆེན་ཤ་ཆེན་པོ། །བྱང་ཆུབ་སེམས་རང་འབྱུང་མེ་ཏོག །ལྃ་མྃ་པྃ་ཏྃ། བ་ལང་ཁྱི་དང་གླང་པོ་ཆེ། །རྟ་སྒྲོན་ཀུན་ལ་ས་ བོན་ལྡན། །ཞེས་བཤད་ལ། ལྭ་བ་པས་ཀྱང་དེ་ཇི་བཞིན་དུ་གསུངས་ཏེ་ཕྱོགས་གཡོན་སྐོར་དང་མཚམས་གཡས་སྐོར་གྱི་ལུགས་སོ། །ས་བོན་གྱི་ཁ་དོག་ཀྱང་དབུས་དང་ཕྱོགས་བཞི་ནི། སྔོ་དཀར་སེར་དམར་ལྗང་དང་མཚམས་བཞིའི་ཁ་དོག་དཀར་སྔོ་ དམར་ལྗང་དུ་ཕྱི་མས་བཤད་ལ། རླུང་ལ་བ་དན་དང་མེ་ལ་འབར་བས་མཚན་ཞིང་ཐོད་པ་དུམ་བུ་གཅིག་པ་ནང་དམར་པོར་བཤད་དོ། །དེ་གཉིས་ཀྱིས་བདུད་རྩི་ལ་དེ་བཞིན་གཤེགས་པ་དང་ཤ་རྣམས་ཡུམ་གྱི་ངོ་བོར་མཛད་པ་ཡིན་ཏེ་ས་བོན་ལས་ཤེས་སོ། ། རྒྱ་གཞུང་གི་གཏོར་མའི་སྐྱེད་ཆོག་ཕལ་ཆེ་བ་ལས་རིགས་ལྔ་དང་ཡུམ་རྣམས་ཀྱི་ས་བོན་ལས་རྫས་བཅུ་སྐྱེད་པ་མང་ངོ༌། །རྫས་བཅུ་པོ་རང་རང་གི་མིང་ཡིག་དང་པོ་ལས་སྐྱེད་པ་ཡང་དགྲ་ནག་གི་འགྲེལ་པ་རིན་ཆེན་སྒྲོན་མེ་དང་ཇོ་བོས་མཛད་པའི་ལོ་ཨཱི་ པའི་འགྲེལ་པ་དང་ཛ་ཡ་སེ་ནས་བཤད་ལ། ཕྱི་མས་ཤར་ལྷོ་ནས་གཡས་སྐོར་གྱིས་དབུས་བར་དུ་རིམ་པ་བཞིན་གོ་ཀུ་ད་ཧ་ན་དཀར་སྔོ་དམར་ལྗང་སྔོ་བ་རྣམས་ལས་བ་ལང་ཁྱི་གླང་པོ་ཆེ་རྟ་མིའི་ཤ་ལ་དེ་དག་གིས་མཚན་པ་དང༌། ཤར་ནས་གཡོན་སྐོར་དུ་ 3-2-374a དབུས་ཀྱི་བར་དུ་བི་མུ་མ་ར་ཨཿ་དཀར་ལྗང་དམར་སེར་དཀར་པོ་ལས་དྲི་ཆེན་དྲི་ཆུ་ཤ་ཆེན་རཀྟ་ཁུ་བ་རྣམས་དེ་དག་གིས་མཚན་པར་བྱེད་དོ། །སྔ་མ་གཉིས་ཀྱིས་རིགས་ལྔའི་ས་བོན་ཀྱང་དེ་དག་གི་སྟེང་དུ་འགོད་དེ་རང་གི་ མིང་ཡིག་ལས་སྐྱེད་པའི་ལུགས་ལ་དེ་ལེགས་སོ། །མདོར་ན་གཏོར་སྣོད་ཀ་པཱ་ལ་དང་གཏོར་རྫས་རྣམས་རྫས་བཅུར་སྐྱེད་ལ། དེ་ལ་ས་བོན་གྱི་སྒོ་ནས་ཕྱེ་ན་རིགས་ལྔ་དང་ཡུམ་རྣམས་ཀྱི་ས་བོན་ལས་སྐྱེད་པ་དང་རང་གི་མིང་ཡིག་དང་པོ་ལས་ སྐྱེད་པ་གཉིས་དང༌། གང་དུ་སྐྱེད་པའི་གནས་ཀྱི་སྒོ་ནས་ཕྱེ་ན་དགྲ་ནག་གི་འགྲེལ་པ་རིན་ཆེན་སྒྲོན་མེ་ལས་བཤད་པ་ལྟར་དབུས་དང་ཕྱོགས་བཞི་སྟེ་ལྔ་ཁོ་ནར་རྫས་བཅུ་དང་རིགས་ལྔའི་ས་བོན་འགོད་པ་དང༌། ཕྱོགས་དང་མཚམས་གཉིས་ཀར་ བྱེད་པ་གཉིས་སོ། །ཕྱི་མ་ལ་དབུས་དང་ཕྱོགས་བཞིར་ཤ་དང་མཚམས་བཞིར་བདུད་རྩི་སྐྱེད་པ་དང་དེ་ལས་བཟློག་ནས་སྐྱེད་པ་གཉིས་དང༌། ཤ་གཤེགས་པ་དང་བདུད་རྩི་གཤེགས་མར་བྱས་པ་དང༌། དེ་ལས་བཟློག་ནས་བྱས་པ་གཉིས་རྣམས་ཏེ་གཙོ་ ཆེར་མི་བསྐྱོད་པ་དབུས་ན་ཡོད་པའི་ལུགས་སུ་མཛད་དོ། །བདུད་རྩི་ལྔ་ལ་དྲི་ཆེན་དྲི་ཆུ་ཁམས་དཀར་དམར་བཞི་འདྲ་ལ། ལྔ་པ་ལ་བཤད་པ་མང་སྟེ། ནཱ་རོ་པ་དང་སྨན་ཞབས་ལ་སོགས་པས་ཤ་ཆེན་ལ་བཤད་གདན་བཞིའི་འགྲེལ་པར་བྷཱ་བ་བྷ་དྲས་ ལུད་སྐམ་དང་ངར་སྣབས་བཤད་ལ། སྡོམ་འབྱུང་ལས་ཤ་ལས་སྐྱེས་པའི་ཚིལ་དང་སྦུབས་ལས་སྐྱེས་པའི་རྐང་མར་དང་གཞུངས་པ་དང༌མགོ་ལས་སྐྱེས་པའི་ཀླད་པ་སྟེ། ཐ་འབྲིང་རབ་གསུམ་དུ་བཤད་དོ། །ཤ་ལྔ་ལ་ལྕགས་ཀྱུ་ལྔ་དང་སྒྲོན་ 3-2-374b མ་ལྔ་ཞེས་ཀྱང་གསུངས་ཏེ་དངོས་གྲུབ་འགུགས་པ་དང་གསལ་བར་བྱེད་པའི་ཕྱིར་རོ། །དེ་ནས་གཏོར་མའི་ནང་དུ་ཧ་ཧོ་ཧྲཱིཿབསམས་ལ་རིམ་པ་བཞིན་དུ་ཐ་མལ་པའི་ཁ་དོག་དང་དྲི་དང་ནུས་པ་བསལ་ནས་ཁ་དོག་ལ་སོགས་པ་ཕུན་སུམ་ཚོགས་པར་ བསམ་མོ། །མན་སྙེ་དང་ཕྲེང་བར་གཏོར་མའི་སྐྱེད་ཆོག་ལ་ལྷ་གསུམ་སྐྱེད་པ་མ་བཤད་ལ། ཁ་སྦྱོར་དང་གདན་བཞི་ལས་ཧ་ལས་སྣང་མཐའ་དང་ཧོ་ལས་རྣམ་སྣང་དང་ཧྲཱིཿལས་མི་བསྐྱོད་པ་སྒོམ་པར་གསུངས་པ་བྱེད་ན་ཧ་ཧོ་ཧྲཱིཿལན་གསུམ་བརྗོད་ ནས། སྐྱོན་བསལ་བའི་ཁ་དོག་དྲི་རོ་གསུམ་ལྷ་གསུམ་དུ་སྐྱེད་པར་གདན་བཞིའི་འགྲེལ་པ་ལས་བཤད་དོ། །རླུང་གིས་བསྐྱོད་པའི་མེ་འབར་བས་གདུངས་པས་ཡི་གེ་ལ་སོགས་པ་ཞུ་བ་ཉི་མ་འཆར་ཁའི་མདོག་ཅན་གྱི་ཁུ་བའི་ལྦུ་བ་ཅན་དུ་བལྟའོ། །དེའི་ རླངས་པ་ལས་ཡོངས་སུ་གྱུར་པའི་ཧཱུྃ་ཡིག་ལས་སྐྱེས་པའི་རྡོ་རྗེས་མཚན་པའི་ཁ་ཊྭཱྃ་གཞུ་ནས་དེར་ལན་གསུམ་དུ་ཕབ་པས་བདུད་རྩིར་གྱུར་པ་དེའི་སྟེང་དུ། ཨོཾ་ལས་བྱུང་བའི་ཟླ་བ་ལ་གནས་པའི་ཨོཾ་ཨཱཿཧཱུྃ་གི་ཡི་གེ་སྟེང་ནས་སྟེང་དུ་གནས་པ་ ལས་འཕྲོས་པའི་འོད་ཟེར་གྱིས་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་རྣམས་ཀྱི་བྱང་ཆུབ་སེམས་ཀྱི་བདུད་རྩི་དང་རྒྱ་མཚོ་ལ་སོགས་པར་གནས་པའི་བདུད་རྩི་བཀུག་ནས་ཡི་གེ་གསུམ་དང་ཟླ་བར་བཅུག་སྟེ་ཡི་གེ་གསུམ་ཟླ་བ་དང་བཅས་པ་ དེར་ཐིམ་པར་བསམ་མོ། །དེ་ནས་ཡི་གེ་གསུམ་ལན་གསུམ་བརྗོད་པས་དངུལ་ཆུའི་རང་བཞིན་དང་བར་བྱིན་གྱིས་བརླབ་བོ། །ཕྲེང་བར་དེ་བཞིན་དུ་བཤད་ལ། མན་སྙེ་ལས། ཨཱ་ལི་དང་ཀཱ་ལི་ལས་འབྲུ་གསུམ་དུ་གྱུར་པར་བཤད་དེ་ལྭ་བ་པ་དང་ 3-2-375a དྲིལ་བུ་པས་ཀྱང་སྔར་བཞིན་གསུངས་པ་ནི་སྡོམ་འབྱུང་གི་དགོངས་པའོ། །བདུད་རྩི་མྱང་བའི་ཆོ་ག་ཡང་ལྭ་བ་པ་དང་དྲིལ་བུ་པ་ལ་སོགས་པས་དེ་ལྟར་བཤད་པས་དེ་བཞིན་དུ་བསྐྱེད་ལ། ལྷ་རྣམས་ཀྱི་ལྗགས་ལ་ཧཱུྃ་ ལས་སྐྱེས་པའི་རྡོ་རྗེ་དཀར་པོ་ནས་འབྲུ་ཙམ་བསམས་ལ། དེའི་འོད་ཟེར་གྱི་སྦུ་གུས་དྲངས་ནས་བདུད་རྩི་གསོལ་བས་ཚིམ་པར་བསམས་ལ། མཐེབ་སྲིན་གྱི་འཐོར་ནས་དབུལ་ཏེ། ལྕེ་རྩེ་དང་སྨིན་མཚམས་དང་སྤྱི་བོའི་གནས་གསུམ་དུ་འཐོར་བར་ གདན་བཞིའི་འགྲེལ་པར་བཤད་དོ། །གཉིས་པ་ནི། ཁ་སྦྱོར་ལ་སོགས་པའི་རྒྱུད་གསུམ་གར་གྲུ་གསུམ་ཕྱི་དཀར་པོ་དང་ནང་དམར་པོ་ཁྲུ་གང་བ་བྱ་བར་གསུངས་པ་ནི། འགྲེལ་པ་དག་གིས་གུར་ཀུམ་དང་ཙནྡན་དམར་པོས་ནང་དམར་ པོར་བྱ་བར་གསུངས་པས་ཕྱི་ཡང་ཙནྡན་དཀར་པོ་སོགས་ཀྱིས་བྱ་བའམ་ཡང་ན་ཚོན་གྱིས་ཀྱང་དེ་ལྟར་བྱའོ། །དེའི་དབུས་སུ་ཐིག་བཞི་བཏབ་པས་ལེའུ་ཚེ་དགུའོ། །ལེའུ་ཚེ་དབུས་མ་ལ་དཀྱིལ་འཁོར་པའི་ལྷ་ཚོགས་གང་ཡིན་ཡུད་ ཙམ་གྱིས་བསྐྱེད་དོ། །ཕྲེང་བར་གསང་འདུས་ཀྱི་གཏོར་ཆོག་ལ་ཡང་དྲིའི་དཀྱིལ་འཁོར་བྱ་བར་གསུངས་པས་གསང་འདུས་ལ་ཡང་སྦྱར་བར་བྱའོ། །ལེའུ་ཚེ་གཞན་བརྒྱད་ལ་ཕྱོགས་སྐྱོང་མ་མོའི་འཁོར་གྱིས་བསྐོར་བ་མན་སྙེར་བཤད་ཀྱང་ འདིར་ཕྱོགས་སྐྱོང་རྣམས་བཤད་པར་བྱ་སྟེ། ཤར་དུ་ཛུྃ་ལས་དབང་པོ་སེར་པོ་མིག་སྟོང་པ་ས་སྲུང་དཀར་པོ་ལ་ཞོན་པ་རྡོ་རྗེ་འཛིན་པ། ལྷོར་ཀྃ་ལས་གཤིན་རྗེ་ནག་པོ་མ་ཧེའི་གདན་ལ་གཡས་བརྐྱངས་ཀྱིས་བཞུགས་པ་སྐྲ་གྱེན་དུ་འབར་ 3-2-375b ཞིང་ཁྲོས་པ་དབྱུག་པ་དང་སྡིགས་མཛུབ་འཛིན་པ། ནུབ་ཏུ་བྃ་ལས་ཆུ་ལྷ་དཀར་པོ་གདེངས་ཀ་བདུན་དང་ལྡན་པ་སྦྲུལ་ཞགས་འཛིན་པ། བྱང་དུ་བྷཻ་ལས་ལུས་ངན་སེར་པོ་མི་ལ་གནས་ཤིང་སྦོམ་པ་ནེའུ་ལེ་དང་བི་ཛ་བཱུ་ར་འཛིན་པ། མེར་རྃ་ལས་མེ་ལྷ་དམར་པོ་ སྨིན་མ་དང་རལ་པའི་ཐོད་དང་སྨ་ར་འབར་ཞིང་འཁྲུག་པ་ཤིན་ཏུ་ཚོ་བ་ར་ལ་གནས་པ་སྐྱབས་སྦྱིན་དང་བགྲང་ཕྲེང་དང་རིལ་བ་དང་དབྱུག་གུ་འཛིན་པ། བདེན་བྲལ་དུ་ཡུྃ་ལས་བདེན་བྲལ་ནག་པོ་རོ་ལ་གནས་པ་གཅེར་བུ་མི་རུས་ཀྱིས་བརྒྱན་ཅིང་མཆེ་བ་གཙིགས་ པ་གྲི་གུག་དང་ཐོད་པ་འཛིན་པ། རླུང་དུ་ཡྃ་ལས་རླུང་ལྷ་ལྗང་ཁུ་ཨེ་ཎ་ཡ་སེར་པོ་ལ་གནས་པ་རླུང་རས་འཛིན་པ། དབང་ལྡན་དུ་ཨཱཿལས་དབང་ལྡན་དཀར་པོ་ཁྱུ་མཆོག་ལ་གནས་པ་རལ་པའི་ཐོར་ཚུགས་དང་རུས་པའི་རྒྱན་དང་ལྡན་པ་རྩེ་གསུམ་པས་ མཚན་པའི་ཁ་ཊྭཱྃ་ག་དང་ཅང་ཏེའུ་འཛིན་པ། དབང་པོའི་གཡས་སུ་ཧཱུཾ་ལས་ཉེ་དབང་ཁྱབ་འཇུག་ནག་པོ་མཁའ་ལྡིང་ལ་གནས་པ་འཁོར་ལོ་དང་དབྱུག་ཏོ་དང་དུང་དང་ཀཽ་སྟུ་པ་འཛིན་པ། ལུས་ངན་གྱི་གཡས་སུ་ཤོ་ལས་ཚོགས་བདག་དཀར་ པོ་གླང་པོ་ཆེའི་གདོང་པ་ཅན་བྱི་བ་ལ་གནས་པ། ལ་ཕུག་དང་དབྱུག་པ་ལ་དུ་དང་ཕྲེང་བ་འཛིན་པ། སྟེང་དུ་ཨཱཿལས་ཉི་མ་དམར་པོ་ཤིང་རྟ་ལ་གནས་པ་བཟོད་པར་དཀའ་བའི་འོད་ཟེར་ཅན་པདྨ་འཛིན་པ། དེའི་གཡོན་དུ་ཨྃ་ལས་ཟླ་བ་དཀར་པོ་ འཁོར་ལོ་ལ་གནས་པ་ཀུ་མུ་ཏ་དང་བགྲང་ཕྲེང་འཛིན་པ། ཨོཾ་ལས་ཚངས་པ་སེར་པོ་ངང་པ་ལ་གནས་པ་པདྨ་དང་སྐྱབས་སྦྱིན་དང་བགྲང་ཕྲེང་དང་དབྱུག་པ་འཛིན་པ། འོག་ཏུ་པྃ་ལས་ཐགས་བཟང་རིས་ནག་པོ་ཤིང་རྟ་ལ་གནས་པ་རལ་གྲི་ 3-2-376a འཛིན་པ། ལྃ་ལས་སའི་ལྷ་མོ་སེར་མོ་པདྨ་ལ་གནས་པ་པདྨ་འཛིན་པ། རྒྱན་ལ་སོགས་པའི་ཁྱད་པར་བཤད་པ་མ་གཏོགས་པ་ཐམས་ཅད་ཀྱང་རིན་པོ་ཆེའི་ཅོད་པན་དང་ལྡན་ཞིང་སྒེག་པའི་ཉམས་ཅན་ནོ། །དབང་པོ་ཆུ་བདག་རླུང་ ལྷ་ཚོགས་བདག་གནོད་སྦྱིན་ཟླ་བ་ཚགས་པ་སའི་ལྷ་མོ་རྣམས་ལ་ཟླ་བའི་གདན་དང་ལྷག་མ་རྣམས་ཉི་མའི་གདན་ལ་གནས་པའོ། །ཚངས་པ་དང་སའི་ལྷ་མོ་སྐུའི་རིགས་དང་ཉི་མ་རིན་པོ་ཆེའི་རིགས་དང་ལུས་ངན་དང་དབང་ལྡན་དང་ཆུ་ བདག་རྣམས་གསུང་གི་རིགས་དང་རླུང་ལྷ་དོན་ཡོད་གྲུབ་པའི་རིགས་ཡིན་ལ་ལྷག་མ་རྣམས་མི་བསྐྱོད་པའི་རིགས་སོ། །དབང་པོ་ལ་སོགས་པ་ཐམས་ཅད་ཀྱང་རང་དང་འདྲ་བའི་ཤེས་རབ་མ་དང་བཅས་པ་སྟེ། སའི་ལྷ་མོ་ནི་རང་དང་འདྲ་བའི་ ཐབས་དང་བཅས་པར་སོ་སོའི་ཕྱག་མཚན་ལས་ཀྱང་བསྐྱེད་དོ། །དེ་དག་གི་ཕྱི་རོལ་ཏུ་ཀླུའི་དབང་པོ་ལ་སོགས་པ་དང་སེམས་ཅན་ཐམས་ཅད་ཀྱང་བསམ་མོ། །དེ་ནས་རང་རང་གི་སྐབས་ཀྱི་སྤྱན་འདྲེན་པའི་ཆོ་གས་འཇིག་རྟེན་ལས་འདས་པ་ དང་འཇིག་རྟེན་པ་རྣམས་སྤྱན་དྲངས་ཏེ་དམ་ཚིག་པ་དང་གཅིག་ཏུ་བྱའོ། །དེ་ནས་མཆོད་ཡོན་དང་ཞབས་བསིལ་ལ་སོགས་པ་སྔོན་དུ་འགྲོ་བས་ཡང་དག་པར་མཆོད་དེ་གཏོར་མ་ཕུལ་བའི་མཐར་དཀྱིལ་འཁོར་པ་རྣམས་མཉེས་པའི་དོན་ དང༌། ཆད་ལྷག་གི་སྐྱོན་ཞི་བའི་ཆེད་དང་བྱ་བ་ཐམས་ཅད་འགྲུབ་པའི་དོན་དུ་དྲིལ་བུ་དཀྲོལ་བ་སྔོན་དུ་འགྲོ་བས་ཡི་གེ་བརྒྱ་པ་གདོན་པར་བྱའོ། །དེ་ནས་པད་ཀོར་གྱི་ཕྱག་རྒྱས་མཉེས་པར་བྱས་ཏེ་ཕྱག་རྒྱ་སྡུད་པ་ན་འཁྱུད་པའི་ཚུལ་བྱས་ཏེ་ལག་པ་ 3-2-376b གཡོན་པའི་རྡོ་རྗེ་ཁུ་ཚུར་སྙིང་གར་གཞག་ཅིང་གཡས་པ་བརྐྱངས་ནས་རེའུ་མིག་གི་ས་ལ་བཞག་ནས་ལྷ་རྣམས་ཀྱི་ཞབས་ལ་འཇུས་པར་མོས་པས་བྱ་བ་སྒྲུབ་པ་ལྷུར་ལེན་པའི་ཡེ་ཤེས་པ་འཁོར་བཅས་རྣམས། ཨོཾ་ཨཱཏྨ་ཏིཥྛ་ཧཱུཾ་སྭཱ་ཧཱ་ཞེས་བརྗོད་ཅིང་ རེའུ་མིག་ནས་བཞེངས་སུ་གསོལ་ལོ། །དེའི་རྗེས་སུ་འཇུག་པའི་དབུགས་ཀྱིས་བཅུག་སྟེ་རང་དང་རོ་གཅིག་ཏུ་བྱས་ནས་མཆོད་པར་བྱའོ། །དེ་ནས་འཁྱུད་པའི་ཕྱག་རྒྱས་སེ་གོལ་གསུམ་བྱ་ཞིང༌། ཨོཾ་སརྦ་དུཥྛ་གྲྀཧྞ་གྲྀཧྞ་གཙྪ་ཧཱུཾ་ཕཊ་ཅེས་བརྗོད་ཅིང་ ཕྱོགས་སྐྱོང་ལ་སོགས་པ་རྣམས་གནས་ཇི་ལྟ་བར་གཤེགས་སུ་གསོལ་ཏེ་དེ་ནི་གཏོར་མ་རྒྱས་པའོ། །རེའུ་མིག་ཏུ་དམ་ཚིག་པ་བསྐྱེད་པ་མེད་པར་ཡེ་ཤེས་པ་སྤྱན་དྲངས་ནས་གཞན་སྔར་བཞིན་འབུལ་བ་ནི་འབྲིང་པོའོ། །ཕྱོགས་སྐྱོང་སོགས་ ཀྱང་རང་གི་ལྷའི་གཟུགས་སུ་མོས་ནས་གནས་ཇི་ལྟ་བར་གནས་པ་ལ་རང་གི་འདོད་པའི་ལྷའི་གཏོར་མ་སྦྱིན་པ་ནི་བསྡུས་པ་སྟེ། དེའི་ཚེ་ནི་གྲུ་གསུམ་ལ་སོགས་པའི་དཀྱིལ་འཁོར་དང་དམ་ཚིག་པ་སྐྱེད་པ་དང་ཡེ་ཤེས་པ་དགུག་པ་སོགས་ཀྱང་མི་དགོས་ སོ། །དེ་ནི་བསྐྱེད་རིམ་པའི་གཏོར་མའི་ཆོ་ག་ཡིན་ལ་རྫོགས་རིམ་པ་ལ་ནི། ཤེས་རབ་དང་ཐབས་ལས་མ་གཡོས་པའི་སེམས་ཀྱིས་བསམས་པ་ཙམ་གྱིས་སྤྱན་དྲངས་པའི་ཤེས་རབ་དང་ཐབས་ཀྱི་ངོ་བོ་ཁོ་ནའི་རང་གི་འདོད་པའི་ལྷ་དང་བཅས་ པའི་དབང་པོ་ལ་སོགས་པ་རྣམས་ལ་ཡེ་ཤེས་ཀྱི་རོ་ལས་ཐ་མི་དད་པའི་གཏོར་མ་འབུལ་བའོ། །གཏོར་མའི་རྗེས་སམ་མཆོད་བསྟོད་ཀྱི་མཐར་བཟང་པོ་སྤྱོད་པ་ལ་སོགས་པའི་སྨོན་ལམ་གདབ་པར་ཤཱནྟི་པས་བཤད་ཅིང་། ཐུན་གྱི་མཐར་ཡི་གེ་བརྒྱ་ 3-2-377a པ་གདོན་པར་མཁས་པ་དུ་མས་བཤད་པ་ལྟར་བྱ་སྟེ། ཐུན་དང་པོའི་རིམ་པའོ། །དེ་ལ་ཐུན་བཞིར་བྱ་བར་ཀྱཻ་རྡོར་དང་མངོན་བརྗོད་བླ་མ་སོགས་ཀྱི་རྒྱུད་མང་པོ་དང་མདོ་བསྲེ་སོགས་ཀྱི་བསྟན་བཅོས་མང་པོ་ལས་གསུངས་ལ་ཐུན་ བཞི་ནི། ཛ་ལན་དྷ་ར་པས། ཐུན་བཞིར་བྱིན་གྱིས་བརླབས་པའི་རིམ་པ་ཞེས་བྱ་བ་ནི། ཐོ་རངས་དང་ཉི་མ་གུང་དང་ཕྱི་དྲོ་དང་མཚན་མོ་སྟེ་བསྒོམ་པའི་རིམ་པའོ། །ཞེས་བཤད་པ་ལྟར་སྨན་ཞབས་ཀྱིས་ཀྱང་བཤད་པས་ཐུན་བཞིའི་བྱེད་ཚུལ་དེ་ལྟར་རོ། །ཐུན་དང་ པོ་ཐོ་རངས་ཀྱི་ཐུན་ལ་སྔར་བཤད་པ་ལྟར་བྱས་ནས་ཐུན་གཞན་གསུམ་པ་རྒྱས་བསྡུས་ཁྱད་མེད་པར་བྱའམ་མི་བྱ་སྙམ་ན། ལྭ་བ་པས་ཐུབ་དང་པོ་ལ་ཆོ་ག་ཐམས་ཅད་སྤྱད་ནས་གུང་དང་ཕྱི་དྲོའི་ཐུན་མཚམས་ལ་རང་ཉིད་འོད་དུ་གྱུར་པ་ཧཱུཾ་དུ་གྱུར་ཏེ་དེ་ཡོངས་ སུ་གྱུར་པ་ལས་རྟེན་དང་བརྟེན་པའི་དཀྱིལ་འཁོར་གསལ་བར་དམིགས་ནས་དབང་བསྐུར་བ་ཕྱིན་ཆད་ཚང་བར་དང༌། ཐུན་ཐ་མ་ལ་ཆོ་ག་ཐམས་ཅད་བྱེད་དེ་དྲིལ་བུ་པས་ཀྱང་དེ་བཞིན་དུ་བཤད་དོ། །མུ་ཏིག་ཕྲེང་བ་ལས་ཐུན་གཞན་ལ་རང་ཉིད་བདག་མེད་མར་ བསྒོམས་ནས་སྙིང་གའི་ས་བོན་ལས་འཁོར་གྱི་ལྷ་མོ་བཅུ་བཞི་ཕྱུང་སྟེ་གནས་སུ་བཀོད་ནས། རྣམ་དག་དང་སྐུ་གསུང་ཐུགས་བྱིན་བརླབ་དང་དབང་བསྐུར་བ་མན་ཆད་རྣམས་རྫོགས་པར་བྱེད་པར་བཤད་པ་བཞིན་དུ་ནག་པོ་སྤྱོད་པ་དང་དམ་ཚིག་རྡོ་རྗེས་ཀྱང་ཐུན་ གཞན་ལ་སྙིང་གའི་ས་བོན་ལས་འཁོར་ལོ་སྤྲོས་ཏེ་འགོད་པ་དང་ཡེ་ཤེས་པ་གཞུག་པ་དང་དབང་བསྐུར་བ་མན་ཆད་རྫོགས་པར་བྱེད་པར་བཤད་དེ། དེ་དག་གི་བཞེད་པས་གཞལ་ཡས་ཁང་མ་བསྡུས་པར་ཡོད་པས་དེའི་སྐྱེད་ཆོག་དང་བསྲུང་འཁོར་དང་ཚོགས་ 3-2-377b གསོག་བཞག་ནས་དང་པོ་སྦྱོར་བ་དྲན་རྫོགས་བྱས་དཀྱིལ་འཁོར་རྒྱལ་མཆོག་ཐུགས་ཀ་ནས་སྤྲོ་པ་ཙམ་བྱས་པའི་ལུགས་སོ། །ཕྱེད་བཅས་བཞི་བརྒྱ་པའི་འགྲེལ་པ་ལས་ཀྱང༌། ཐུན་མཚམས་སུ་ཡང་ཞེས་བྱ་བ་ནི། ཉི་མ་གུང་དང་ཉི་མའི་མཐའ་དང་མཚན་ཕྱེད་ ལ་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་ཡུད་ཙམ་གྱིས་མངོན་དུ་བྱས་ལ། མཆོད་པ་དང་བསྟོད་པ་ལ་སོགས་པ་ཡང་སྔ་མ་བཞིན་བྱས་ནས་གཉིད་ལྡོག་པའི་དུས་སུ་ཉལ་བར་བྱའོ། །ཞེས་གསང་འདུས་ལ་ཡང་དེ་ལྟར་བྱ་བར་གསུངས་ཏེ་སྔ་མ་དང་འདྲའོ། །སྙེ་མ་ བཅུ་གཉིས་པ་ལས། བྲེལ་བས་ནི་ཐུན་གཞན་གྱི་ཆོ་ག་རྗེས་སུ་བསྒྲུབ་བོ། །སྐབས་ཡོད་ན་ནི་མཐའ་དག་བསྒྲུབ་བོ། །ཞེས་ཐུན་དང་པོ་ལ་དལ་ན་ཆོ་ག་ཐམས་ཅད་དང་བྲེལ་ན་ཐུན་གཞན་གྱི་ཆོ་ག་སྟེ་ཆོ་ག་བསྡུས་པ་བྱ་བར་བཤད་ལ། སྨན་པའི་ཞབས་ཀྱིས་བྲེལ་ན་ཐུན་ དང་པོ་ལ་ཚང་བར་བསྒོམས་ནས་ཐུན་གཞན་ལ་རང་གི་གདན་ལ་ལྷའི་ང་རྒྱལ་གྱིས་གནས་ཏེ། ཡི་གེ་གསུམ་གྱིས་དཀྱིལ་འཁོར་གྱི་ལྷ་སྤྲོས་ནས་དབང་བསྐུར་མཆོད་བསྟོད་བདུད་རྩི་མྱང་བ་བྱ་ཞིང་ཕྲ་ཐིག་གང་རུང་ལ་གནས་ནས་བཟླས་པ་བྱས་ཏེ་བསྡུས་ ནས་སྔ་མ་ལྟར་བྱ་བར་གསུངས་ཏེ་དམ་ཚིག་རྡོ་རྗེས་བཤད་པ་ལྟར་ཡེ་ཤེས་པ་གཞུག་དགོས་པ་འདྲའོ། །དེ་ལྟར་ན་ཐུན་ཐོག་མཐའ་གཉིས་རྒྱས་ལ་བར་པ་གཉིས་བསྡུས་པའི་ལུགས་གཅིག་དང་དང་པོ་རྒྱས་ལ་གཞན་གསུམ་བསྡུས་པ་ནི་དལ་བྲེལ་ གྱིས་མ་ཡིན་གྱི་རྒྱུན་པའི་བྱེད་ལུགས་སོ། །བྲེལ་བས་ཀྱང་དང་པོ་རྒྱས་པ་དང་ཐ་མ་གསུམ་བསྡུས་ཏེ་བྱེད་པ་དང་ཐུན་དང་པོ་ལ་ཡང་དལ་བྲེལ་གཉིས་ཀྱི་དབང་གིས་རྒྱས་བསྡུས་གཉིས་བྱེད་ལ་གཞན་གསུམ་བསྡུས་ཏེ་བྱེད་པ་མན་སྙེའི་ལུགས་རྣམས་ལས་ 3-2-378a གང་རུང་བྱ་ལ་དལ་ན་ལྭ་བ་པ་ལ་སོགས་པའི་ལུགས་སུ་བྱས་ན་ལྷ་སྒོམ་པའི་ཡུན་རིང་བ་ལ་ཁྱད་ཆེ་ཞིང་སྦྱང་གཞི་སྦྱོང་བའི་བསྐྱེད་རིམ་གྱི་གནད་རྣམས་ཀྱང་མི་འཆད་པར་སྣང་ངོ༌། །གཉིས་པ་ནི། དེ་ལྟར་ཐུན་སྔ་མ་བཏང་ནས་ ཕྱི་མ་མ་ཟུག་པའི་བར་སྐབས་རྣམས་ཀྱང་དགེ་བའི་བྱ་བས་འདའ་དགོས་པས། དེའི་ཚུལ་ལ་ལོངས་སྤྱོད་ཡོངས་སུ་དག་པའི་རྣལ་འབྱོར་ནི། རང་ཉིད་གཙོ་བོ་གང་ཡིན་གྱི་ང་རྒྱལ་དྲན་པར་བྱས་ལ། དབང་པོ་རྣམས་ཡུལ་ལ་འཇུག་པ་ན་ཡུལ་རྣམས་ལྷའི་ རང་བཞིན་དུ་བལྟས་ནས་དེ་དག་གིས་མཆོད་པར་མོས་པའོ། །དེ་ཡང་སྤྱིའི་རྣམ་དག་གི་དབང་དུ་བྱས་ན་ཐམས་ཅད་ཀྱང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་རྡོ་རྗེ་འཆང་གི་རྣམ་པར་བལྟ་བར་བྱའོ། །སོ་སོའི་རྣམ་དག་ནི། གཟུགས་རྣམ་སྣང་སྒྲ་མི་བསྐྱོད་ པ་དྲི་རིན་འབྱུང་རོ་འོད་དཔག་མེད་རེག་དོན་གྲུབ་ཏུ་བལྟ་སྟེ་ཐབས་ཀྱི་དག་པའོ། །ཤེས་རབ་ཀྱི་དག་པའི་དབང་དུ་བྱས་ན་ཡུལ་ལྔ་རྣམས་གཟུགས་རྡོ་རྗེ་ལ་སོགས་པའི་ལྷ་མོ་ལྔར་བལྟས་ལ་མཆོད་པར་བྱའོ། །དེ་ཡང་འཁོར་གསུམ་མི་དམིགས་ པའི་ཤེས་རབ་ཀྱིས་ཟིན་པར་བྱས་ནས་དུས་ཀུན་ཏུ་དྲན་པ་བསྟེན་ན་ཚོགས་གཉིས་བདེ་བླག་ཏུ་རྫོགས་པའི་ཐབས་ཡིན་ཏེ། སྒྲུབ་ཐབས་ཀུན་བཟང་ལས། ཕྱིན་ཅི་ལོག་གི་རྟོག་པ་སྤངས་པ་ཡིས། །བྱ་བ་མ་ལུས་པ་ནི་རྫོགས་པར་བྱ། །དེ་ཡིས་ཐུབ་པའི་ འཁོར་ལོ་མ་ལུས་པ། །མཆོད་པ་འདི་ནི་ཀུན་ཏུ་མཆོག་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་ཤེས་ནས་རང་གང་ལ་ལོངས་སྤྱོད་པ་དང་གཞན་ལ་སྦྱིན་པ་ལ་སོགས་པ་ཡང་དེའི་སྒོ་ནས་བྱའོ། །ལས་རྣམ་པར་དག་པའི་རྣལ་འབྱོར་ནི་རང་གཙོ་ 3-2-378b བོར་གསལ་བའི་དྲན་པ་ན་རེ་བསྟེན་ནས་འགྲོ་བ་དང་འདུག་པ་དང་འཆག་པ་ལ་སོགས་པའི་ལུས་ཀྱི་ལས་དང༌། སྨྲ་བའི་ངག་གི་ལས་བྱས་པ་ཐམས་ཅད་ཕྱག་རྒྱ་དང་སྔགས་སུ་འགྱུར་བའི་ཚོགས་གསོག་པ་ཡིན་ཏེ། སྒྲུབ་ཐབས་ཀུན་བཟང་ལས། ལུས་ལ་སོགས་པའི་ ལས་རྣམས་དེ་དང་དེ། །རྟག་ཏུ་ལེགས་པར་མཉམ་པར་གཞག་རྟོགས་བྱ། །རྣམ་པ་དེ་འདྲའི་སེམས་ལྡན་ལུས་དང་ནི། །ངག་ཡིད་ལས་རྣམས་གང་ཡང་རུང་བ་དག །ཕྱག་རྒྱ་དང་ནི་སྔགས་ཀྱི་རྣམ་པ་རུ། །རྫོགས་པའི་སངས་རྒྱས་ཀུན་གྱིས་དེ་གསུངས་ སོ། །ཞེས་དང་། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་ཀྱང༌། མཉམ་པ་ཉིད་ཀྱི་གནས་འདུག་ན། །ལུས་ཀྱིས་ཅི་ཙམ་བསྐྱོད་པ་དང༌། །ཚིག་ཏུ་རབ་ཏུ་འཕྲོ་བའི་རྣམས། །དེ་དག་སྔགས་དང་ཕྱག་རྒྱར་འགྱུར། །ཞེས་གསུངས་སོ། །དེ་ཡང་ཐོག་མར་ལུང་མ་བསྟན་དུ་ འགྲོ་བའི་ལུས་ངག་གི་ཀུན་སྤྱོད་རྣམས་དགེ་བར་སྒྱུར་ནུས་ལ། དེ་ནས་རིམ་གྱིས་སྟོབས་རྒྱས་པ་ན་གཞན་ལ་མི་དགེ་བར་འགྱུར་བ་རྣམས་ཀྱང་ཆོ་གས་ཆེན་པོ་འཕེལ་བའི་ཐབས་སུ་འགྱུར་རོ། །དམ་ཚིག་ཉམས་ན་དག་པར་བྱ་བའི་རྣལ་འབྱོར་ནི། སྒྲུབ་ ཐབས་ཀུན་བཟང་ལས། དམ་ཚིག་ཉམས་ལ་སྙིང་གའི་ཟླ་བར་ནི། །སྙིང་པོ་སྣ་ཚོགས་རྡོ་རྗེ་ཇི་བཞིན་བསམ། །དཔལ་ལྡན་དམ་ཚིག་རྡོ་རྗེའི་རྣལ་འབྱོར་པས། །འགྲོ་བ་རང་བཞིན་གྱིས་དག་རྣམས་བསམས་ལ། །སྣ་ཚོགས་པདྨ་འདབ་མའི་དབུས་སུ་ནི། ། སྔར་གྱི་རིམ་པས་དབང་སྐུར་ཀུན་ཏུ་བླང༌། །ཞེས་གསུངས་སོ། །དེའི་དོན་ནི། དཔལ་འབྲས་རྡོ་རྗེས་རང་གི་སྙིང་གར་དབང་ཆེན་གྱི་དཀྱིལ་འཁོར་གྱི་སྟེང་དུ་སྣ་ཚོགས་པདྨ་ལ་གནས་པའི་ཟླ་བའི་དབུས་སུ། ཧཱུྃ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེའི་གདན་གྱི་སྟེང་ 3-2-379a དུ། ཁཾ་ལས་རལ་གྲི་དེ་ཡོངས་སུ་གྱུར་པ་ལས་དོན་ཡོད་གྲུབ་པ་ཐབས་དང་ཤེས་རབ་ཀྱི་བདག་ཉིད་བསྒོམ་པར་བྱའོ། །དེ་ནས་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པར་བསམས་ལ་ཡེ་ཤེས་སེམས་དཔའི་ཐུགས་ ཀའི་ས་བོན་གྱི་འོད་ཟེར་གྱིས་བསྐུལ་བའི་ནམ་མཁའ་ལ་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་འོད་ཟེར་ལས་བྱུང་བའི་སྤྱན་ལ་སོགས་པའི་ལྷ་མོ་ཕྱག་ན་བདུད་རྩི་གང་བའི་བུམ་པ་བསྣམས་པ་རྣམས་ཀྱིས་བདག་ཉིད་ཀྱི་ཕྲ་རབ་རྣམས་བརླན་ ཞིང་དབང་བསྐུར་བར་བསམ་མོ། །འདི་ནི་ལྷ་སྒོམ་པ་སྔོན་དུ་འགྲོ་བས་བདུད་རྩི་ལྔ་སྟེན་པ་ལ་སོགས་པ་རྒྱུད་ལས་གསུངས་པའི་གསང་སྔགས་ཀྱི་སྤྱོད་པ་སྐྱོང་བའི་དམ་ཚིག་ཉམས་པའི་གཉེན་པོ་ཡིན་ནོ་ཞེས་རང་གི་ལུགས་བཀོད་ཅིང༌། བདག་ ཉིད་ཞུ་བ་ལས་དོན་གྲུབ་ཏུ་དམ་ཚིག་པའི་རྣམ་པར་བསྐྱེད་ནས་དབང་བསྐུར་བར་བྱའོ་ཞེས་འདོད་པའི་གཞན་ལུགས་བཀག་གོ། །བཞི་བརྒྱ་ལྔ་བཅུ་པ་ལས། དམ་ཚིག་ཉམས་ལས་བསླང་བ་ནི། །དོན་ཡོད་རྡོ་རྗེའི་འཁོར་ལོ་བཟང༌། །སྙིང་གར་ལས་ ཀྱི་རྡོ་རྗེ་ཁཾ། །བསམས་ནས་ཐམས་ཅད་བདག་དབང་བསྐུར། །ཞེས་གསུངས་པའི་འགྲེལ་པར་ཤཱནྟི་པས་བདག་ཉིད་དོན་གྲུབ་ཏུ་བསྐྱེད་པ་དཀྱིལ་འཁོར་གྱི་གཙོ་བོར་བྱས་པའི་ཐུགས་ཀར་སྣ་ཚོགས་རྡོ་རྗེ་ལ་ཡི་གེ་ཁཾ་བསམས་ནས་རང་ཉིད་དབང་བསྐུར་ བར་གསུངས་པས་དེ་གཉིས་གང་རུང་གིས་བྱ་སྟེ། བླ་མ་ལ་བརྙས་པ་ལ་སོགས་པའི་ཉེས་པ་སྦྱོང་བ་ལ་ཉེ་བར་མཁོ་བ་ཡིན་ནོ། །ཟས་ཀྱི་རྣལ་འབྱོར་ནི། བཏུང་བ་སོགས་ཀྱི་ཁ་ཟས་བསྟེན་པའི་ཚེ་ནའང་རང་ཉིད་ལྷར་དྲན་ཅིང་ཁ་ཟས་བདུད་རྩི་ལྟར་བྱིན་ 3-2-379b གྱིས་བརླབས་ནས་ལྷ་མཆོད་པའི་བསམ་པས་ལོངས་སྤྱད་པར་བྱའོ། །ཁྲུས་ཀྱི་རྣལ་འབྱོར་ནི། དབང་བསྐུར་བའི་སྐབས་ལྟར་བྱའོ། །ཉལ་བའི་རྣལ་འབྱོར་ནི། སྟོང་པ་ཉིད་ཀྱི་རང་བཞིན་ལྷན་ཅིག་སྐྱེས་དགའི་ངོ་བོར་བདག་ཉིད་ཀྱང་འོད་གསལ་བའི་རང་བཞིན་དུ་ ལྷག་པར་མོས་ནས་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱིས་ཉལ་བར་བྱའོ། །ཞེས་མན་སྙེ་ལས་གསུངས་པ་ལྟར་བཤད་པ་ཤིན་ཏུ་མང་བས་དེ་བཞིན་དུ་བྱའོ། །ལྡང་བའི་རྣལ་འབྱོར་ནི། ཌཱ་མ་རུའི་སྒྲ་གྲག་པའི་རྣམ་པའམ་ལྷ་མོའི་གླུས་བསྐུལ་ནས་ ལྡང་བར་བྱའོ། །གསུམ་པ་ནི། བློ་རང་གི་དེ་ཁོ་ན་ཉིད་ལ་ཞུགས་པའི་གོམས་པ་འཕེལ་ནས་མ་རིག་པ་ཐམས་ཅད་ཟད་པ་ན་སེམས་ཀྱི་དེ་ཁོ་ན་ཉིད་ཀྱི་ཆོས་ཅན་གཟུགས་ལ་སོགས་པའི་ཕུང་པོའི་འཁྲུལ་སྣང་རྣམས་ལོག་ནས་སངས་རྒྱས་ཀྱི་སྐུར་ འགྱུར་བས་ན། ཆོས་ཅན་ཐ་མལ་པའི་ལུས་ནི། འཁྲུལ་རྒྱུས་བསླད་པའི་གློ་བུར་བའི་ཆོས་ཅན་ཡིན་ལ། སངས་རྒྱས་ཀྱི་སྐུ་ནི་ནམ་མཁའ་ཇི་སྲིད་པར་གནས་པས་འབྲལ་མི་རུང་གི་ཆོས་ཅན་ནོ། །ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ཀྱི་ལུང་ཞལ་ལུང་གི་འགྲེལ་ པར་དྲངས་པ་ལས་ཀྱང༌། གསང་བ་པའི་བདག་པོ་ཐག་པའི་སྦྲུལ་གང་ཡིན་པ་དེ་ནི་ཡོད་པ་མ་ཡིན་ནོ། །འོན་ཀྱང་རབ་རིབ་ཀྱིས་དེ་ལྟར་སྣང་བ་ཡིན་ནོ། །སྐྱེས་བུ་གང་གིས་རབ་རིབ་སྤངས་ཏེ་བརྟགས་ན་ཐག་པར་མཐོང་ཞིང་དོན་གཞན་མེད་དོ། །གསང་བའི་ བདག་པོ་དེ་བཞིན་དུ་རྟག་པ་ལ་སོགས་པ་ལ་གཟུགས་ལ་སོགས་པར་འཁྲུལ་བ་དེ་ནི་ཡོད་པ་མ་ཡིན་ནོ། །འོན་ཀྱང་གཟུགས་ལ་སོགས་པར་ཞེན་པའི་བག་ཆགས་ཀྱི་ཕྱིར་རོ། །སྐྱེས་བུ་གང་གིས་ངེས་པར་བསྟན་པའི་ལམ་ལ་གཞོལ་ཞིང་། ཀུན་བརྟགས་དེ་ 3-2-380a བཟློག་ན་རྟག་པ་ལ་སོགས་པར་མཐོང་ཞིང་དོན་གཞན་མེད་དོ། །ཞེས་གསུངས་ཏེ། རྟག་པ་ནི་རྣམ་སྣང་གི་མཚན་གྱི་རྣམ་གྲངས་སོ། །གྲོལ་བའི་ཐིག་ལེ་ལས་ཀྱང༌། རབ་རིབ་སྤངས་པས་ཐག་པ་ལ། །གཞན་ནི་ཅུང་ཟད་རྙེད་ མི་འགྱུར། །དེ་བཞིན་སྤྲོས་སྤངས་དཀྱིལ་འཁོར་ལ། །འཁོར་བ་ཅུང་ཟད་རྙེད་མི་འགྱུར། །དེས་ན་ཟབ་གསལ་དཀྱིལ་འཁོར་པས། །ང་ནི་རྟག་ཏུ་མྱ་ངན་འདས། །ཞེས་གསུངས་སོ། །དེས་ན་ཐ་མལ་པའི་ཕུང་པོ་སེམས་ཀྱི་དེ་ཁོ་ན་ཉིད་ཀྱི་ཆོས་ཅན་ ཡིན་པ་ནི། མ་རིག་པས་བསླད་པ་ཁོ་ནའི་དབང་གིས་ཡིན་པས་ཐུགས་དེ་ཁོ་ན་ཉིད་ལ་དུས་ཀུན་ཏུ་ཞུགས་པའི་གཉིས་སུ་མེད་པའི་ཡེ་ཤེས་སུ་སོང་བ་ན་ལུས་ཐ་མལ་པ་གཏན་ལོག་ནས་དེའི་རྟེན་དུ་མི་རུང་བར་མཚན་དཔེའི་སྐུས་དེའི་རྟེན་བྱེད་པ་ ཡིན་ནོ། །དེའི་ཕྱིར་མ་རིག་པས་མ་བསླད་པའི་ཆོས་ཅན་ནི་རྣམ་སྣང་ལ་སོགས་པའི་སྐུ་རྣམས་ཡིན་པས། ཆོས་ཐམས་ཅད་སྟོང་པ་ཉིད་དུ་གཏན་ལ་ཕེབས་པའི་བློས་སྭ་བྷཱ་བ་ལ་སོགས་པའི་སྔགས་དོན་བསྒོམས་ནས་ལུས་ཀྱི་རྣམ་པར་ལྡང་བ་ནི་ རྣམ་སྣང་ལ་སོགས་པའི་སྐུར་ལྡང་བ་ཡིན་ནོ། །དེ་ལྟར་མ་བསླད་པའི་ཆོས་ཅན་དང་ཆོས་ཉིད་ཀྱི་ངང་ཚུལ་ཇི་ལྟར་ཡིན་པའི་རྗེས་སུ་འབྲངས་ནས་སྔགས་པས་ལམ་སྒོམ་པའི་ལྷའི་འཁོར་ལོ་དེ་ཉིད་རྒྱ་ཆེ་བར་ཡང་འཇོག་སྟེ། ཕྱེད་བཅས་བཞི་ བརྒྱ་པ་ལས། སྦྱིན་བྱ་ལ་སོགས་མི་དམིགས་ཀྱང༌། །སྦྱིན་སོགས་ཐ་མལ་བདག་ཉིད་ཅན། །བདག་མེད་ཐ་མལ་མི་འཇོམས་ཀྱི། །འཁོར་ལོ་མཆོག་ལ་དེ་ཡོད་མིན། །ཞེས་གསུངས་ཤིང་། དེའི་འགྲེལ་པར་ཤཱནྟི་པས་ཀྱང༌། སྦྱིན་པར་བྱ་བ་ལ་སོགས་ 3-2-380b པ་མི་དམིགས་སུ་ཟིན་ཀྱང་སྦྱིན་པ་ལ་སོགས་པ་དེ་དག་ཐ་མལ་པའི་བདག་ཉིད་ཅན་ཡིན་ཏེ། ཡུལ་དང་དུས་ཀྱི་རྣམ་པ་ཡོངས་སུ་གཅོད་པའི་ཕྱིར་བདག་མེད་པས་ཚད་ཅན་འཇོམས་པར་མི་བྱེད་ཀྱི། ཞེས་དང༌། ཕྱོགས་དང་དུས་ཡོངས་སུ་བཅད་པ་མེད་པ་ གང་ཡིན་པ་དེ་ནི་ཆེན་པོ་ཡིན་པས་རྒྱ་ཆེ་བ་ཡིན་ལ། གང་རང་གི་ཡུལ་དང་དུས་ཀྱི་རྣམ་པ་ངེས་པའི་བདག་ཉིད་ཅན་དེ་ནི། ཆུང་བ་ཉིད་ཡིན་པའི་ཕྱིར་ཐ་མལ་པ་ཞེས་བཤད་དོ། །ཞེས་ཕར་ཕྱིན་གྱི་ཐེག་པ་ལ་བདག་མེད་རྟོགས་པའི་ཟབ་མོ་ཡོད་ཀྱང་ཐ་ མལ་པའི་སྣང་བ་དང་རྣམ་པ་འགལ་བའི་ལྷའི་འཁོར་ལོ་མེད་པས་རྒྱ་ཆུང་ལ། སྔགས་ལ་དེ་ཡོད་པས་རྒྱ་ཆེ་བར་གསུངས་སོ། །འོ་ན་ཡུལ་དུས་ཚད་ཅན་ཡིན་མིན་གྱིས་རྒྱ་ཆེ་ཆུང་དུ་འཇོག་པའི་དོན་དེ་གང་ཡིན་སྙམ་ན། ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ རོ་གཅིག་པ་དང་དེའི་ཆོས་ཅན་མ་བསླད་པའི་དབང་དུ་བྱས་ནས་ལྷའི་རྣལ་འབྱོར་སྒོམ་པ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཟུགས་ཀྱི་སྐུ་ལ་སོགས་པའི་ཡོན་ཏན་ཡུལ་དུས་ཕྱོགས་རེ་བའི་སྒོ་ནས་རྒྱ་ཡོངས་སུ་ཆད་པ་མེད་པས་ཐམས་ཅད་ཀྱི་དབང་ དུ་བྱས་ནས་སྒོམ་པས་ན་རྒྱ་ཆེ་བ་ཡིན་ལ། དེ་འདྲ་བའི་ལྷའི་རྣལ་འབྱོར་མེད་ན་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཐ་མི་དད་པའི་ཟབ་མོའི་རྣལ་འབྱོར་ཡོད་ཀྱང་ཆོས་ཅན་གྱི་ངོས་ནས་རྒྱ་མ་ཆད་པར་སྒོམ་པ་མེད་པས་རྒྱ་ཆུང་བ་ཡིན་ནོ། །དེ་ལྟར་ཡང་ཤཱནྟི་པས། བདག་ཉིད་ཀྱི་དངོས་པོ་ཤིན་ཏུ་རྣམ་པར་དག་པའི་ས་དང་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཅན་དུ་བསྒོམས་པ་དེའི་སྟོབས་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པས་བདག་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་སེམས་ཀྱི་སྐད་ཅིག་མ་ཐམས་ 3-2-381a ཅད་ལ་ཡོངས་སུ་རྫོགས་པར་བྱེད་པ་དང་། བདག་དང་གཞན་ལ་མཆོད་པས་ཀྱང་སངས་རྒྱས་ཐམས་ཅད་ལ་མཆོད་པར་འགྱུར་བ་དང༌། དངོས་པོ་དམན་པ་རྣམས་ཀྱིས་ཀྱང་ཕུལ་དུ་བྱུང་བའི་མཆོད་པ་བྱེད་པས་བྱང་ཆུབ་རྙེད་པར་ སླ་བ་ཡིན་པས། འདི་ནི་བྱང་ཆུབ་ཀྱི་ལམ་གྱི་རང་བཞིན་དུ་གྱུར་པ་ཡིན་ནོ། །དེ་བས་ཞེས་བྱ་བ་འདིས་ནི། ཤིན་ཏུ་མྱུར་བ་ཁོ་ནར་བྱང་ཆུབ་འཐོབ་པར་བྱེད་པའི་ཁྱད་པར་བསྟན་པ་ཡིན་ཏེ། རྣལ་འབྱོར་དག་ནི་འདི་ཉིད་ཀྱིས། །མྱུར་དུ་སངས་རྒྱས་ཉིད་ཐོབ་འགྱུར། ། ཞེས་ཇི་སྐད་བཤད་པ་ལྟ་བུའོ། །ཞེས་གསུངས་སོ། །འདི་ཡང་སྔར་བཤད་པ་ལྟ་བུའི་སྦྱང་གཞི་སྦྱོང་ལུགས་དང་སངས་རྒྱས་ཀྱི་ཆོས་མཐའ་ཡས་པའི་ངོ་བོར་མོས་ནས་སྒོམ་ཞིང་རྫོགས་པའི་རིམ་པ་མཐའ་དག་སྐྱེ་བའི་དགེ་རྩ་སྨིན་བྱེད་ཡིན་ པས་རྒྱུད་སྡེ་འོག་མ་གསུམ་ལའང་སྟོང་པ་དང་ལྷ་སྐུ་ཙམ་ཞིག་སྒོམ་པ་ཡོད་ཀྱང་ཁྱད་པར་ཤིན་ཏུ་ཆེ་བས་དེ་དག་དང་མི་འདྲའོ། །འདིའི་སྒོ་ནས་རྒྱ་ཆེ་བ་ཕུལ་དུ་བྱུང་བ་ནི། རྫོགས་རིམ་གྱི་སྐབས་སུ་ཡོད་དོ། །ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་ཆོས་སྐུ་དང་ རྗེས་སུ་མཐུན་པའི་ལམ་སྒོམ་པ་ཡོད་ཀྱང་ཐ་མལ་པའི་ལུས་ཀྱི་སྣང་བ་དང་རྣམ་པ་འགལ་བའི་གཟུགས་སྐུ་དང་རྗེས་སུ་མཐུན་པའི་ལམ་སྒོམ་པ་མེད་པས་གཟུགས་སྐུའི་རྒྱུའི་ཚོགས་རྫོགས་པ་དུས་ཤིན་ཏུ་རིང་ངོ༌། །སྔགས་ཀྱི་ཐེག་པ་ལ་དེ་རྣམས་ ཡོད་པས་ཚོགས་རྫོགས་པར་སླ་བར་གསུངས་པས་མ་བསླད་པའི་ཆོས་དང་ཆོས་ཅན་གྱི་དབང་དུ་བྱས་ནས། ཟབ་གསལ་གཉིས་སུ་མེད་པའི་དོན་སྒོམ་པར་འགྲོ་བའི་འགྲོ་ལུགས་ལེགས་པར་ཤེས་ན་སེམས་ཀྱི་སྐད་ཅིག་རེ་རེ་ཞིང་ཚོགས་དཔག་མེད་ 3-2-381b རྫོགས་པ་ལ་སོགས་པ་བཤད་པ་རྣམས་འབྱུང་ངོ༌། །ཐེག་པ་གཞན་ནས་གྲངས་མེད་བསྐལ་པ་ཡིས། །རླབས་ཆེན་བསོད་ནམས་ཚོགས་རྣམས་རྫོགས་དགོས་པའི། །གཟུགས་སྐུའི་རྒྱུ་རྣམས་འབད་པ་ཆུང་ངུ་ཡིས། །ཡོངས་སུ་རྫོགས་པར་བྱེད་པའི་ཐབས་ མཁས་མཆོག །བསྐྱེད་པའི་རིམ་པས་སྦྱང་གཞི་སྦྱོང་ཚུལ་དང༌། །རྒྱུད་ལ་ཇི་ལྟར་སྐྱེད་པའི་རིམ་པ་རྣམས། །དྲི་མེད་ལུང་དང་རིགས་པའི་རྗེས་འབྲངས་ནས། །རང་བཟོས་མ་བསླད་ཤིན་ཏུ་གསལ་བར་བཤད། །རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་གསང་བ་ ཀུན་གྱི་གནད་རྣམ་པར་ཕྱེ་བ་ལས། བསྐྱེད་པའི་རིམ་པ་བསྟན་པ་སྟེ་ལེའུ་བཅུ་གཉིས་པའོ།། ༈ །།གཉིས་པ་རྫོགས་པའི་རིམ་པ་ལ་བསླབ་པ་ལ་གཉིས། རྫོགས་རིམ་སྤྱིའི་རྣམ་གཞག་དང༌། ཐོག་མར་སྒོམ་པའི་རྫོགས་རིམ་ངོས་གཟུང་བའོ། །དང་ པོ་ནི། བླ་མེད་ཀྱི་ལམ་རིམ་པ་གཉིས་ལས་གཙོ་བོ་ནི་རྫོགས་རིམ་ཡིན་ལ། དེའི་ཚུལ་ཤིང་རྟ་ཆེན་པོ་རྣམས་ཀྱིས་བཤད་པའི་སྲོལ་བཟང་པོ་མི་འདྲ་བ་རྣམས་ལ་ལམ་བགྲོད་ལུགས་ཀྱི་གོ་བ་ཆགས་ན་རྒྱུད་དོན་ལ་གཏིང་ཚུགས་པའི་ངེས་པ་རྙེད་ནས་ལམ་ལྟར་ སྣང་གིས་བཀྲི་མི་ནུས་ཤིང་། ལུགས་བཟང་པོ་དེ་དག་རིང་དུ་གནས་པའི་རྐྱེན་དུ་ཡང་འགྱུར་བས་དམིགས་པ་ཞིབ་མོའི་སྒོ་ནས་འཁྲིད་པའི་རིམ་པ་སླ་བས་འདིར་སྤྱིའི་གོ་བ་འཆགས་པའི་ཐབས་བརྗོད་པར་བྱའོ། །འདི་ལ་གཉིས། ཕ་རྒྱུད་པའི་རྫོགས་རིམ་གྱི་རྣམ་ གཞག་དང༌། མ་རྒྱུད་པའི་རྫོགས་རིམ་གྱི་རྣམ་གཞག་གོ། །དང་པོ་ལ་གཉིས། འཕགས་ལུགས་པའི་རྫོགས་རིམ་གྱི་རྣམ་གཞག་དང༌། ཡེ་ཤེས་ཞབས་ལུགས་ཀྱི་རྫོགས་རིམ་གྱི་རྣམ་གཞག་གོ། །དང་པོ་ལ་གཉིས། དབྱེ་བ་དང་བདེན་པ་གཉིས་ཀྱི་རྫོགས་ 3-2-382a རིམ་བསྟན་པ་དང༌། དབེན་པ་གསུམ་གྱི་རྫོགས་རིམ་བསྟན་པའོ། །དང་པོ་ནི། རྫོགས་རིམ་གྱི་ལམ་ཡོངས་སུ་རྫོགས་པར་བགྲོད་པ་ལ་བསྐྱེད་རིམ་ཤིན་ཏུ་བརྟན་པ་ཞིག་དགོས་པ་ནི་ཐམས་ཅད་ལ་ཤེས་དགོས་ཏེ་སྔར་ བཤད་ཟིན་ཏོ། །འདི་ལ་འདུས་པའི་རྩ་རྒྱུད་ཀྱི་བཅུ་གཉིས་པ་ལས། བསྙེན་པ་ཡེ་ཤེས་ཉིད་བདུད་རྩི། །ཐམས་ཅད་དུ་ནི་བརྟག་པར་བྱ། །འདི་ནི་སྔགས་རྣམས་ཐམས་ཅད་ཀྱི། །སྔགས་ཀྱི་དེ་ཉིད་དོན་སྒྲུབ་པའོ། །ཞེས་གསུངས་པའི་དོན་མཆོག་ གི་བསྙེན་པ་ཡན་ལག་དྲུག་གི་བདུད་རྩིས་བསྒྲུབ་དགོས་པར་སྒྲོན་གསལ་ལས་གསུངས་ལ། དེ་ཡང་རྒྱུད་ཕྱི་མ་ལས། རྣལ་འབྱོར་ཡན་ལག་དྲུག་གིས་ནི། །བསྙེན་པར་བྱས་ནས་བསྒྲུབ་པ་མཆོག །བསྒྲུབ་པར་བྱ་སྟེ་གཞན་དུ་ན། །དངོས་གྲུབ་ མཆོག་ནི་ཐོབ་མི་འགྱུར། །ཞེས་གསུངས་པའི་དོན་ནོ། །ཡན་ལག་དྲུག་པོ་དེ་ཉིད་དང་རིམ་པ་ལྔ་ནི་དོན་ལ་མི་འདྲ་བ་མེད་པས། མགོན་པོ་ཀླུ་སྒྲུབ་ཀྱིས། རླུང་གི་དེ་ཉིད་རིམས་ཀྱིས་ནི། །སྔགས་ཀྱི་དེ་ཉིད་ཡང་དག་འཇུག །སྔགས་ཀྱི་དམིགས་པ་ རྟོགས་ནས་ནི། །རྡོ་རྗེ་བཟླས་པ་རྣམས་ལ་སློབ། །རྡོ་རྗེ་བཟླས་གནས་རྣལ་འབྱོར་པ། །སེམས་ལ་དམིགས་པ་ཐོབ་པར་འགྱུར། །སྒྱུ་མ་ལྟ་བུའི་ཏིང་འཛིན་གནས། །ཡང་དག་མཐས་ནི་རྣམ་པར་སྦྱང༌། །ཡང་དག་མཐའ་ལས་ལངས་ནས་ནི། ། གཉིས་མེད་ཡེ་ཤེས་ཐོབ་པར་འགྱུར། །ཟུང་འཇུག་ཏིང་འཛིན་ལ་གནས་ནས། །སླར་ཞིང་གང་ལའང་མི་སློབ་བོ། །ཞེས་གསུངས་ཏེ། རྡོ་རྗེ་བཟླས་པའམ་ངག་དབེན་དང་། སེམས་ལ་དམིགས་པའམ་སེམས་དབེན་དང༌། བདག་བྱིན་གྱིས་བརླབ་ 3-2-382b པ་སྒྱུ་ལུས་སམ་ཀུན་རྫོབ་བདེན་པ་དང་། ཡང་དག་པའི་མཐའ་འོད་གསལ་ལམ་མངོན་པར་བྱང་ཆུབ་པ་དང༌། གཉིས་སུ་མེད་པའི་ཡེ་ཤེས་སམ་ཟུང་འཇུག་སྟེ་རྣམ་པ་ལྔར་འགྱུར་རོ། །སྤྱོད་བསྡུས་སུ་ལུས་དབེན་ཀྱང་བཤད་ནས་བསྐྱེད་རིམ་ནས་ ཟུང་འཇུག་གི་བར་སྔ་མ་སྔ་མ་ལ་ལོབས་ནས་ཕྱི་མ་ཕྱི་མ་ལ་སློབ་པ་དང༌། ལུས་དབེན་སོགས་སྔ་མ་མེད་ན་ཕྱི་མ་མི་སྐྱེ་བའི་གོ་རིམས་ངེས་པ་ཡང་མཛད་དོ། །དེ་ལྟར་ན་དབེན་གསུམ་དང་བདེན་པ་གཉིས་སོ་སོ་བ་དང་ཟུང་དུ་འཇུག་པའི་རྫོགས་ རིམ་གསུམ་མོ། །དེ་ལ་སྤྱིར་ཐུན་མོང་མ་ཡིན་པའི་འབྲས་བུ་བསྒྲུབ་བྱ་དེ་ཅི་འདྲ་བ་ཞིག་ཡིན་པ་ངོས་མ་ཟིན་ན་བསྐྱེད་རྫོགས་ཀྱི་ལམ་རྣམས་འཆུག་ལ། ངོས་ཟིན་ན་དེ་ལ་དཔེས་ནས་དེ་སྒྲུབ་པའི་ལམ་ཤེས་པ་ཡིན་ནོ། །དེས་ན་ཟུང་འཇུག་ལ་རིམ་ ལྔ་ལས། སློབ་བཞིན་པ་ཡི་རྣལ་འབྱོར་ཆེ། །ཟུང་དུ་འཇུག་པ་བསྒོམས་གྱུར་པས། །ཞེས་གསུངས་པ་ལྟར་སློབ་པའི་ཟུང་འཇུག་ཀྱང་ཡོད་ལ་མི་སློབ་པའི་ཟུང་འཇུག་ཀྱང་ཡོད་མོད་ཀྱང༌། དེ་གཉིས་རིགས་གཅིག་པས་ཐུན་མོང་དུ་ངོས་བཟུང་ན་ ཟུང་དུ་འཇུག་རྒྱུ་ལ་མང་དུ་བཤད་ཀྱང་གཙོ་བོ་ནི་ཀུན་རྫོབ་དང་དོན་དམ་པ་གཉིས་ཡིན་ཏེ། རིམ་ལྔ་ལས། ཀུན་རྫོབ་དང་ནི་དོན་དམ་དག །སོ་སོའི་ཆ་ནི་ཤེས་གྱུར་པ། །གང་དུ་ཡང་དག་འདྲེས་གྱུར་པ། །ཟུང་དུ་འཇུག་པར་དེ་བཤད་དོ། །ཞེས་སོ། ། ཟུང་དུ་འཇུག་ཚུལ་ནི། རིམ་ལྔ་ལས། དེ་ཉིད་ཤེས་པས་རིམ་པ་བཞིན། །རང་འབྱིན་བརླབ་དང་འོད་གསལ་ཤེས། །དེ་དག་ཁོ་ན་འདུས་པ་གང༌། །འདི་ནི་ཟུང་འཇུག་རིམ་པའོ། །ཞེས་གསུངས་པས། ལུས་རང་བྱིན་བརླབ་དག་པའི་འཇའ་ལུས་སུ་སྣང་ 3-2-383a བ་དང་སེམས་དོན་དམ་པའི་དེ་ཁོ་ན་ཉིད་ལ་རོ་གཅིག་ཏུ་ཞུགས་པའི་ཐུགས་གཉིས་གཅིག་ཡོད་པའི་ཚེ་ཅིག་ཤོས་མེད་པའི་རེས་འཇོག་མ་ཡིན་པར་དུས་གཅིག་ཏུ་ཚོགས་པའི་ཡེ་ཤེས་ཀྱི་སྐུ་ཐོབ་པའོ། །དེ་ལ་མི་ སློབ་པའི་སྐབས་སུ་ནི་ཐུགས་ཀྱང་དེ་ཁོ་ན་ཉིད་ལ་རྟག་ཏུ་བཞུགས་ཤིང་། སྐུ་ཡང་མཚན་དཔེ་མཐར་ཐུག་པའི་སྐུ་ཡིན་ལ། སློབ་པའི་ཟུང་འཇུག་གི་སྐབས་སུ་ནི་དེ་ལས་བཟློག་པའོ། །དེ་གཉིས་ཀའང་སེམས་སྣང་བ་གསུམ་དང་རླུང་འོད་ཟེར་ལྔ་ ལས་བསྒྲུབས་པའི་སྐུ་ཡིན་གྱི། རྣམ་སྨིན་གྱི་ལུས་སྦྱངས་པས་དེར་སོང་བ་ནི་མ་ཡིན་ནོ། །འོན་ཀྱང་རྣམ་སྨིན་གྱི་ལུས་ད་དུང་རེ་ཞིག་ལ་འཛིན་པའི་ཚུལ་དང་འདི་དང་སྒྱུ་ལུས་ཀྱི་ཁྱད་པར་ལ་སོགས་པ་ཞིབ་པའི་མཐའ་གཅོད་རྣམས་ནི་འདིར་ མངས་སུ་དོགས་པ་དང་གཞན་དུ་འཆད་པར་འདོད་པས་རེ་ཤིག་བཞག་གོ། །དེ་འདྲ་བའི་སློབ་པའི་ཟུང་འཇུག་གི་ཐུགས་དང་སྐུ་ནི་སངས་རྒྱས་ཀྱི་ཐུགས་དང་སྐུའི་ཉེར་ལེན་མཆོག་ཏུ་གྱུར་པ་ཡིན་པས་རྫོགས་རིམ་གྱི་བཟང་ཤོས་ཡིན་ནོ། །དེས་ ན་གཞན་རྣམས་ལའང་འདི་དང་དོན་གཅིག་པའམ་འདི་དང་རིགས་འདྲ་བའི་རྫོགས་རིམ་མཆོག་ཏུ་གྱུར་པ་ཞིག་འབྲས་བུ་ལ་ཉེ་བར་སླེབས་པའི་སྐབས་སུ་མ་གྲུབ་ན་ཐོབ་བྱ་མཐར་ཐུག་པར་བགྲོད་མི་ནུས་སོ། །དེ་ལྟར་སློབ་པའི་ཟུང་འཇུག་གི་གོ་ འཕང་དེ་ཡང་སོ་སོར་ཆ་ནི་ཤེས་གྱུར་ཅེས་གསུངས་པ་བཞིན་དུ་སྔོན་དུ་བདེན་གཉིས་རེ་རེ་བའི་རྫོགས་རིམ་མེད་ན་ཡ་མེད་པའི་ཟུང་མི་འོང་བས་སྒྱུ་མ་དང་འོད་གསལ་གཉིས་སོ་སོར་སྒྲུབ་དགོས་སོ། །དེ་ཡང་སྒྱུ་ལུས་ནི། སྟོང་པ་གསུམ་གྱི་ 3-2-383b མཐར་འགྲུབ་ལ། ཟུང་འཇུག་ནི། སྟོང་པ་བཞིའི་མཐར་ལུགས་བཟློག་ཏུ་ཤར་བའི་རླུང་སེམས་ཙམ་ལས་འགྲུབ་པ་ཡིན་ཏེ། རིམ་ལྔ་ལས། རང་བཞིན་བཅས་འོད་དེ་དང་དེ། །རྣམ་ཤེས་དྲུག་དང་ལྡན་པ་ཡི། །བདག་བྱིན་བརླབ་པའི་རིམ་གྱིས་ཀྱང༌། །སེམས་ཅན་ དོན་དུའང་ལན་འགའ་འགྱུར། །ཇི་ལྟར་དང་པའི་ཆུ་ཀླུང་ལས། །ཉ་དག་མྱུར་དུ་ལྡང་བར་འགྱུར། །དེ་བཞིན་ཐམས་ཅད་སྟོང་པ་ལས། །སྒྱུ་འཕྲུལ་དྲ་བ་འབྱུང་བར་བཤད། །ཅེས་གསུངས་པ་ལྟར། སྤྱོད་བསྡུས་དང་སྒྲོན་གསལ་ལས་ཀྱང་ཡང་ཡང་གསུངས་ སོ། །དེས་ན་དེའི་སྔོན་དུ་སྟོང་པ་བཞིའི་མཐར་གཉིས་སྣང་ཕྲ་མོ་ཡང་དག་པའི་འོད་གསལ་དུ་ཞུགས་པ་དགོས་ཏེ། དེར་འཇུག་པ་ལ་སེམས་གསུམ་གྱི་སྣང་བ་དག་དགོས་པར་ཡང་ཡང་བཤད་པས་མངོན་སུམ་དུ་རྟོགས་པ་དགོས་སོ། །དེ་འགྲུབ་པ་ལ་ སྔོན་དུ་རང་བྱིན་བརླབ་སྒྱུ་མའི་ལུས་ཀུན་རྫོབ་ཀྱི་བདེན་པ་ཞེས་པ་དེ་ཐོབ་དགོས་ཏེ། རིམ་ལྔ་ལས། བདག་བྱིན་བརླབ་པའི་ཏིང་འཛིན་དང༌། །དེ་བཞིན་འོད་གསལ་བ་ཡི་གནས། །རྒྱུ་དང་འབྲས་བུའི་ཁྱད་པར་གྱིས། །བདེན་པ་གཉིས་སུ་བསྟན་པ་ཡིན། །བདག་བྱིན་ བརླབ་པའི་རིམ་གྱིས་ནི། །འོད་གསལ་བ་ནི་ཐོབ་པར་འགྱུར། །དེ་བས་རྡོ་རྗེ་སློབ་དཔོན་གྱིས། །དང་པོར་བདག་ལ་བྱིན་བརླབ་བསྟན། །ཞེས་སོ། །སྒྱུ་ལུས་ནི། སྟོང་པ་གསུམ་གྱི་མཐར་ལུགས་བཟློག་ཏུ་ཤར་བའི་སེམས་གསུམ་རླུང་དང་བཅས་པའི་རླུང་སེམས་ ཙམ་ལས་རང་ཉིད་རྡོ་རྗེ་སེམས་དཔར་ཤར་བའི་སྐུ་ཡིན་ཏེ། རིམ་ལྔ་ལས། དེ་ཉིད་རླུང་དང་ཡང་དག་ལྡན། །རྣམ་ཤེས་གསུམ་པོ་སླར་ཡང་ནི། །རྣལ་འབྱོར་པ་ཡི་ལུས་སུ་འབྱུང༌། །སྒྱུ་མའི་ལུས་ཞེས་དེ་ལ་བཤད། །ཅེས་གསུངས་སོ། །འདི་རྨི་ལམ་གྱི་ཡིད་ལུས་ 3-2-384a དང་འདྲ་བ་ཞིག་ཏུ་སྤྱོད་བསྡུས་ལས་གསུངས་པས་རྣལ་འབྱོར་པའི་བསམ་ངོ་ན་དེ་འདྲ་བའི་སྐུ་ཐོབ་པར་སྣང་བའི་ཡེ་ཤེས་ཀྱི་སྐུ་ཡིན་གྱི། དངོས་པོ་ལ་དེ་ལྟ་བུ་ཐོབ་པ་མིན་པས། དངོས་པོ་ལ་གནས་པའི་སློབ་པའི་ཟུང་འཇུག་གི་སྐུ་ དང་རླུང་སེམས་ལས་བསྒྲུབས་པའི་སྐུར་འདྲ་ཡང་ཁྱད་པར་ཆེ་སྟེ། རྨི་ལམ་གྱི་ལུས་དང་འདྲ་བའི་འདྲ་ལུགས་ཤེས་དགོས་པ་ནི་གཞན་དུ་བཤད་པར་འདོད་དོ། །དེས་ན་རིམ་ལྔ་ལས། མེ་ལོང་ནང་གི་གཟུགས་བརྙན་གྱིས། །སྒྱུ་མའི་ལུས་ནི་ཤེས་པར་ བྱ། །ཁ་དོག་རྣམས་ནི་འཇའ་ལྟ་བུ། །ཁྱབ་པ་ཆུ་ཡི་ཟླ་བས་སོ། །ཞེས་གསུངས་པ་ནི། སྔར་ལྟར་རླུང་སེམས་ཙམ་ལས་རྡོ་རྗེ་སེམས་དཔའི་སྐུར་རང་ཉིད་སྣང་བའི་ལུས་དེ་དཔེ་དེ་དག་དང་འདྲ་བར་ཤེས་པར་བྱ་བའི་དོན་ཡིན་གྱི། ཤ་རུས་ལ་སོགས་པའི་ རྡོས་བཅས་ཀྱི་སྐུ་མིན་པར་ཆུ་ནང་གི་ཟླ་བ་ལ་སོགས་པ་བཞིན་དུ་དང་ཞིང་ཐོགས་པ་མེད་པའི་སྐུར་རང་ཉིད་ཤིན་ཏུ་གསལ་བར་སྣང་བ་ཙམ་ལ་མི་བྱ་སྟེ། བསྐྱེད་རིམ་ཡང་དེ་ལྟར་སྒོམ་པར་གསུངས་པས་བསྐྱེད་རིམ་བརྟན་པོར་མ་སོང་བ་ལ་ཡང་ མིག་གིས་མཐོང་བ་ལས་ཀྱང་ལྷག་པའི་གསལ་སྣང་དང་དེ་ཡང་དང་ཞིང་ཐོགས་པ་མེད་པ་འཇའ་ཚོན་བཞིན་དུ་སྣང་བ་དུ་མ་ཡོད་པའི་ཕྱིར་དང༌། སྒྱུ་ལུས་ནི། བསྐྱེད་རིམ་ནས་བཟུངས་ཏེ་དབེན་གསུམ་གྱི་བར་དུ་ཡང་མེད་པར་སྤྱོད་བསྡུས་ལས་ གསུངས་པའི་ཕྱིར་རོ། །དེས་ན་བསྐྱེད་རིམ་མཐར་ཕྱིན་པ་ན་ཡུངས་འབྲུ་ཙམ་རེའི་ནང་དུ་ཡང་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་ཆེས་ཤིན་ཏུ་གསལ་བ་བརྟན་པོ་འབྱུང་བར་ཕྲ་ཐིག་གི་སྐབས་སུ་བཤད་ཀྱང་སྒྱུ་ལུས་མི་འཐོབ་ 3-2-384b པས་ན་དེ་འདྲའི་རིགས་ལ་སྒྱུ་ལུས་ཀྱི་དོན་མེད་དོ། །དེ་བཞིན་དུ་ལྷ་སྐུ་འཇའ་ཚོན་བཞིན་དུ་དང་ཞིང་ཐོགས་པ་མེད་པའི་སྐུར་སྣང་བའི་ཚེ་ལྟ་བ་དྲན་པར་བྱས་ནས་རང་བཞིན་མེད་བཞིན་དུ་སྣང་བའི་སྒྱུ་མ་ལྟ་བུའི་རྣམ་པར་ཤར་བ་ལ་ཡང་སྒྱུ་ལུས་ཀྱི་དོན་ མེད་དེ། སྤྱོད་བསྡུས་སུ་བསྐྱེད་རིམ་པས་སྒྱུ་མ་ལ་སོགས་པའི་དཔེས་ཆོས་ཐམས་ཅད་སྒྱུ་མ་བཞིན་དུ་མོས་པར་བྱེད་ཀྱང་བདག་བྱིན་གྱིས་བརླབ་པ་མི་ཤེས་ཞེས་དེ་ལ་སྒྱུ་ལུས་སུ་འཛིན་པ་ལ་སྒོས་སུ་དགག་པ་མཛད་པའི་ཕྱིར་ཏེ། ལུང་དེ་ནི་སྔར་དྲངས་ཟིན་ ནོ། །གཞན་ཡང་བསྐྱེད་རིམ་གྱི་སྐབས་སུ་སྣོད་བཅུད་རིམ་གྱིས་བསྡུས་ནས་སྟོང་ཉིད་དུ་བཅུག་པའི་ཚེ་ཁ་དོག་ལ་སོགས་པའི་ཡུལ་སྣང་རགས་པ་ཐམས་ཅད་ཞི་ནས་སེམས་གསལ་ཙམ་ཞིག་གནས་པའི་མཐར་དེ་ལས་ལྡང་བ་ན་བློ་སྔོན་དུ་སོང་ བ་མེད་པར་ཡང་ལྷའི་སྐུར་འཆར་ལ། དེ་ཡང་དང་ཞིང་ཐོགས་པ་མེད་པར་སྣང་བ་ཡོད་ཀྱང་དེ་དག་ལ་ཡང་སྒྱུ་ལུས་ཀྱི་དོན་མེད་དེ། སྒྱུ་ལུས་ནི། རིམ་པ་དང་པོ་ལུས་དབེན་དང་བཅས་པ་མཐར་ཕྱིན། ངག་དབེན་གྱིས་རླུང་ལ་དབང་ཐོབ་པར་བྱས་ནས་སེམས་ དབེན་བསྒོམས་ཏེ་སྟོང་པ་གསུམ་གྱི་ཡེ་ཤེས་བསྐྱེད་པའི་མཐར་སྐྱེད་དགོས་པའི་ཕྱིར་རོ། །འདི་པའི་ལུགས་ཀྱི་སྒྱུ་ལུས་འགྲུབ་ལུགས་ནི་ཤིན་ཏུ་དཀའ་བར་ཡོད་ལ་སེམས་དབེན་གྱི་སྟོང་པ་གསུམ་གྱི་མཐར་སྒྱུ་ལུས་འགྲུབ་ལུགས་མ་ཤེས་ན་འོད་ གསལ་དང་དེའི་མཐར་ཟུང་འཇུག་གི་སྐུ་འགྲུབ་ཚུལ་གཏན་མི་ཤེས་པས་དེ་དག་རྟོགས་པ་ལ་འབད་པས་བྱའོ། །སྒྱུ་མའི་ལུས་འོད་གསལ་དུ་འཇུག་པའི་ཐབས་སུ་རིལ་འཛིན་དང་རྗེས་གཞིག་གི་བསམ་གཏན་གྱིས་ཅིག་ཅར་དུ་སྣང་བ་རྣམས་ 3-2-385a འོད་གསལ་དུ་སྡུད་པ་དང༌། རིམ་ཅན་དུ་སྡུད་པའི་ཚུལ་གཉིས་གསུངས་སོ། །འོད་གསལ་དུ་འཇུག་པ་ལ་སྒྱུ་ལུས་དགོས་པའི་རྒྱུ་མཚན་ལ། ཁ་ཅིག་ཆོས་ཅན་སྒྱུ་མ་ལྟ་བུའི་དོན་མ་རྟོགས་པར་ཆོས་ཉིད་འོད་གསལ་མངོན་དུ་ བྱེད་མི་ནུས་གསུང་པ་དང༌། གཞན་དག་སྒྱུ་ལུས་པ་ལ་སྒྱུ་འཛིན་གྱི་དྲི་མ་ཞིག་ཡོད་པ་འོད་གསལ་གྱིས་སྦྱོང་བས་སྒྱུ་མ་འོད་གསལ་དུ་འཇུག་དགོས་པ་ཡིན་ཞེས་སྨྲ་བ་ནི། སྒྱུ་ལུས་ངོས་མ་ཟིན་པའི་གཏམ་ཡིན་ཏེ། རང་བཞིན་མེད་བཞིན་དུ་སྣང་བ་ ནི། སྒྱུ་མ་ལྟ་བུའི་དོན་ཡིན་མོད་ཀྱང་སྒྱུ་ལུས་ཀྱི་ཕྱོགས་ནའང་མེད་དེ། འཕགས་པ་ལྷས་ཕར་ཕྱིན་གྱི་ཐེག་པ་དང་བསྐྱེད་རིམ་པས་དེ་ལྟར་གཏན་ལ་ཕབ་ནས་སྒོམ་ཡང་རང་བྱིན་བརླབ་ཀྱི་དོན་མི་ཤེས་ཞེས་དེ་ལ་སྒྱུ་ལུས་སུ་འཛིན་པ་བཀག་པའི་ ཕྱིར་དང༌། སྒྱུ་ལུས་འོད་གསལ་དུ་འཇུག་པའི་ཐབས་ཐུན་མོང་མ་ཡིན་པར་མཐོང་ནས་ཆེད་དུ་བསྐྱེད་པ་ཡིན་གྱི། སྒྱུ་ལུས་སྒྱུ་འཛིན་གྱི་དྲི་མ་ཡང་མིན་ལ་སྒྱུ་ལུས་ཀྱི་དབང་གིས་སྒྱུ་འཛིན་གྱི་དྲི་མ་དྲངས་པའང་མིན་པའི་ཕྱིར་རོ། །དེས་ན་སྒྱུ་ལུས་ནི། སྟོང་པ་གསུམ་གྱི་མཐར་རླུང་སེམས་ལས་གྲུབ་པའི་སྐུ་ཡིན་ལ། སྟོང་པ་གསུམ་གྱི་ཡེ་ཤེས་མངོན་དུ་མ་བྱས་པར་ནི་སྟོང་པ་བཞི་པ་ལ་འཇུག་མི་ནུས་ཤིང༌། སྟོང་པ་གསུམ་གྱི་མཐར་རླུང་སེམས་ལས་གྲུབ་པའི་སྐུ་སྒྲུབ་མ་ནུས་ན་སྟོང་པ་ བཞིའི་མཐར་ཡང་སྐུ་དེ་སྒྲུབ་མི་ནུས་པས་སྟོང་པ་གསུམ་སྒྱུ་ལུས་དང་བཅས་པ་འོད་གསལ་གྱི་སྔོན་དུ་འགྲོ་དགོས་པ་ནི། ཟུང་འཇུག་དང་གཉིས་ཀ་ལ་དགོས་པའི་དབང་དུ་མཛད་ཀྱི་འོད་གསལ་གཅིག་པུའི་ཆེད་མིན་ནོ། །གཉིས་པ་ནི། དེ་ལྟ་བུའི་ 3-2-385b སྒྱུ་ལུས་འགྲུབ་པ་ལ་སེམས་དབེན་སྟོང་པ་གསུམ་གྱི་ཡེ་ཤེས་བསྐྱེད་དགོས་ལ། དེ་ཡང་ཕྱག་ཆེན་ཐིག་ལེའི་ལྔ་པ་ལས། གང་ཕྱིར་དགའ་བ་དེ་སྣང་བ། །སྣང་བ་མཆེད་པ་མཆོག་ཏུ་བཤད། །ཁྱད་དགའ་ཉེ་བར་ཐོབ་པར་ཤེས། །ལྷན་ཅིག་སྐྱེས་དེ་འོད་ གསལ་བའོ། །ཞེས་གསུངས་ཏེ་མན་སྙེར་འདི་བཞིན་དུ་བསྒྱུར་བ་ལེགས་སོ། །དེ་ལྟར་དགའ་བ་བཞི་དང་སྟོང་པ་བཞི་དོན་གཅིག་ཏུ་བཤད་པ་ནི་སྤྱིའི་དབང་དུ་བྱས་པ་ཡིན་ཏེ། དཔེར་ན་ལྷག་མོས་སྟོང་ཉིད་དུ་བསྡུས་པ་ལ་འོད་གསལ་དུ་བསྡུས་པར་ བཤད་པ་བཞིན་ནོ། །དེས་ན་འོད་གསལ་སྒོམ་པ་ཙམ་དང་རིམ་ལྔའི་ཡ་གྱལ་གྱི་འོད་གསལ་ཁྱད་ཤིན་ཏུ་ཆེ་བ་ལྟར་སྤྱིར་སྣང་བ་གསུམ་དང་སེམས་དབེན་གྱི་སྣང་བ་གསུམ་ཡང་ཁྱད་ཤིན་ཏུ་ཆེ་སྟེ། འདི་ནི་རིམ་པ་དང་པོ་དང་ལུས་དབེན་མཐར་ཕྱིན་ ཅིང་ངག་དབེན་རླུང་འབྱོངས་པའི་མཐར་སྐྱེ་བའི་སྣང་བ་གསུམ་ཡིན་པའི་ཕྱིར་ཏེ། སྤྱོད་བསྡུས་ལས། ལུས་དབེན་ལ་སོགས་པ་དྲུག་སྔ་མ་མེད་པར་ཕྱི་མ་མི་འབྱུང་བར་གསུངས་པའི་ཕྱིར་རོ། །སེམས་དབེན་གྱི་ཡེ་ཤེས་དེ་ཡང་ཕྱིའི་རྐྱེན་ནི། སྒྱུ་མ་དག་ནི་ ཐམས་ཅད་ལས། །ཞེས་སོགས་སྔར་དྲངས་པ་ལྟར་རིག་མ་ལ་བརྟེན་ནས་སྐྱེ་མོད་ཀྱང་དེའི་སྔོན་དུ་ནང་གི་རྐྱེན་རྩ་དང་ཐིག་ལེ་ལས་རུང་དུ་སྒྲུབ་པའི་ཐབས་ཁྱད་པར་ཅན་བསྟེན་དགོས་ལ། དེ་ཡང་རྒྱུད་སྡེ་རྣམས་ལས་དུ་མ་ཞིག་གསུངས་ཀྱང་འཕགས་ པ་ཡབ་སྲས་ཀྱི་བཞེད་པས་རླུང་ལས་རུང་དུ་སྒྲུབ་པ་ཉིད་གནད་དམ་པ་ཡིན་པས་གཏུམ་མོ་དང་ཐིག་ལེའི་རྣལ་འབྱོར་ལ་སོགས་པའི་དམིགས་པ་རིམ་པ་མང་པོ་མ་མཛད་པར་རླུང་གི་རྣལ་འབྱོར་ཉིད་གསུངས་སོ། །དེ་ཡང་རིམ་ལྔ་ལས། 3-2-386a སེམས་ཅན་ཀུན་གྱི་སྲོག་གྱུར་པ། །རླུང་ཞེས་བྱ་བ་ལས་ཀུན་བྱེད། །འདི་ནི་རྣམ་ཤེས་བཞོན་པ་སྟེ། །ལྔ་ཡི་བདག་ཉིད་བཅུ་ཡང་ཡིན། །ཞེས་གསུངས་པ་ལྟར་གཞི་དུས་སུ་ཡང་རླུང་གིས་འགྲོ་བ་ལ་དབང་བྱེད་ལ། དེའི་ཕྱིར་དེ་དབང་དུ་འདུས་ན་ལམ་གྱི་ཡོན་ཏན་རྣམས་བདེ་བླག་ཏུ་སྐྱེད་ནུས་པས་དེ་ལ་དགོངས་སོ། །རླུང་དབང་དུ་བྱེད་པའི་རྣལ་འབྱོར་ཡང་རྒྱུད་དག་ལས་མི་འདྲ་བ་མང་པོ་གསུངས་ཀྱང་རྡོ་རྗེའི་བཟླས་པ་ཉིད་ལ་མཛད་དེ། དེའི་དགོངས་པ་ནི་སྔགས་ ཀྱི་ཐེག་པར་སྒྲུབ་པ་པོས་རང་གི་སྒོ་གསུམ་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་དང་དབྱེར་མི་ཕྱེད་པར་བྱས་ནས་ལམ་སྒྲུབ་དགོས་པར་ལན་དུ་མར་གསུངས་པས། རང་གི་ལུས་ལ་ཐ་མལ་པའི་ང་རྒྱལ་བསལ་ནས་རྒྱལ་བའི་སྐུར་སྒྲུབ་པ་ནི་ རིམ་པ་དང་པོ་དང་ལུས་དབེན་གཉིས་ཀྱིས་བྱེད་ཅིང༌། དེ་ཡང་ས་བོན་ལ་སོགས་པ་ལས་ལྷའི་སྐུར་བསྐྱེད་ནས་སྒྲུབ་པ་ནི་རིམ་པ་དང་པོས་བྱེད་དོ། །ཆོས་རྣམས་ཀྱི་རང་བཞིན་གྱིས་སྟོང་པའི་དེ་ཁོ་ན་ཉིད་དབྱེར་མི་ཕྱེད་པའི་རོ་གཅིག་ཏུ་རྟོགས་ནས་དེ་དང་ གཉིས་སུ་མེད་པར་ཞུགས་པའི་ཡེ་ཤེས་ཉིད་ལྷར་ཤར་བའི་སྐུ་གསང་ཆེན་རྡོ་རྗེ་འཆང་གི་རིགས་གཅིག་དང༌། དེ་ལས་སྐུ་གསུང་ཐུགས་རྡོ་རྗེའི་རིགས་གསུམ་དང་དེ་ལས་རིགས་ལྔ་དང་དེ་ལས་རིགས་བརྒྱར་འགྱུར་བའི་ལུས་རྣམ་པར་དབེན་ པའི་ཏིང་ངེ་འཛིན་གྱིས་ཐ་མལ་པའི་ང་རྒྱལ་སྦྱངས་ཏེ་ལྷའི་སྐུ་སྒྲུབ་པ་ནི་ལུས་དབེན་ནོ། །དེ་ལ་དགོངས་ནས་ལུས་དབེན་ལ་སྐུ་རྡོ་རྗེའི་ཏིང་ངེ་འཛིན་དུ་གསུངས་སོ། །འདི་དང་བསྐྱེད་རིམ་གཉིས་སྤང་བྱ་ཐ་མལ་གྱི་ང་རྒྱལ་དུ་འདྲ་ཡང་སྦྱོང་བྱེད་ལ་ 3-2-386b ཁྱད་པར་ཤིན་ཏུ་ཆེའོ། །དེ་ལྟ་བུ་བསྒོམ་བྱ་ལྷའི་སྐུར་སྒོམ་པའི་ཏིང་ངེ་འཛིན་མཐའ་ཡས་ཀྱང་མཐར་གཏུགས་ན་གསང་ཆེན་རྡོ་རྗེ་འཆང་གི་རིགས་གཅིག་ལ་ཐུག་པ་བཞིན་དུ། བཟླ་བྱའི་སྔགས་མཐའ་ཡས་ཤིང་བཟླས་པའི་ཕན་ཡོན་ཡང་དུ་མ་ཅིག་ བཤད་པའི་སྔགས་ལ་དྲང་ངེས་གཉིས་སུ་བཤད་པ་ན་ངེས་དོན་གྱི་བཟླས་པ་ནི་རྡོར་བཟླས་ཉིད་དུ་གསུངས་པས་ངག་གི་རྩ་བ་རླུང་དབང་དུ་སྡུད་པ་ཡང་རྡོ་རྗེའི་བཟླས་པ་ཉིད་བསྔགས་པར་དགོངས་པ་ཡིན་ནོ། །དེའི་ཕྱིར་དེ་ལ་གསུངས་ རྡོ་རྗེའི་ཏིང་ངེ་འཛིན་དུ་གསུངས་ཤིང་བཟླས་པ་ཐམས་ཅད་མཐར་དེ་ལ་གཏུགས་ལུགས་ནི་སྤྱོད་བསྡུས་ལས་གསུངས་སོ། །དེ་ལྟར་བསྐྱེད་རིམ་ནས་ལུས་དབེན་གྱི་བར་གྱིས་སྐུ་གྲུབ་པས་སྔགས་ཟློས་པ་པོ་མཐར་ཕྱིན་པར་གྲུབ་ལ་དེས་བཟླས་པའི་མཐར་ཐུག་པ་ལ་བཟླས་པ་བྱས་པས་ལས་ ཀུན་བྱེད་པའི་རླུང་དབང་དུ་འདུས་པ་ན། ཁམས་འཛིན་པ་དང་འདྲེན་པ་ལ་སོགས་པ་ཐམས་ཅད་རླུང་གི་མཐུས་ནུས་པས་ཕྱིའི་ཕྱག་རྒྱ་དང་སྦྱར་བས་གཏུམ་མོའི་མེ་འབར་ནས་བྱང་སེམས་ཞུ་བ་ཕྱིར་མི་འཕོ་བར་བཟུང་བ་ལས་རང་བཞིན་བརྒྱད་ཅུའི་རྣམ་རྟོག་འགགས་ ནས་སྟོང་པ་གསུམ་གྱི་ཡེ་ཤེས་བསྐྱེད་དེ་ཐུགས་རྡོ་རྗེའི་ཏིང་ངེ་འཛིན་མངོན་དུ་བྱེད་ལ། དེའི་མཐར་སྒྱུ་མའི་སྐུར་ལྡང་བ་ཡིན་ནོ། །སྟོང་པ་ཆེན་པོའི་ཡེ་ཤེས་རྫོགས་པར་བསྐྱེད་པའི་མཐུས་ཐམས་ཅད་སྟོང་པ་འོད་གསལ་དུ་འཇུག་ནུས་ལ་སྟོང་ཆེན་གྱི་མཐར་ རླུང་སེམས་ཙམ་ལས་སྒྱུ་མའི་སྐུར་ལྡང་བ་རྫོགས་པའི་མཐུས་ཐམས་ཅད་སྟོང་པའི་མཐར་ཟུང་འཇུག་གི་སྐུ་མངོན་དུ་བྱེད་ནུས་སོ། །དེ་ནས་ཟུང་འཇུག་གི་དོན་གོམས་པར་བྱས་པས་དེའི་རིགས་འདྲ་ཉིད་ཀྱིས་སངས་རྒྱས་ཀྱི་སར་བགྲོད་པ་འདི་ནི་འཕགས་པ་ 3-2-387a ཡབ་སྲས་ཀྱི་གཞུང་གི་གནད་དམ་པའོ། །འདི་དག་ཀྱང་རིམ་པ་གཉིས་ཀའི་སྦྱང་གཞི་སྐྱེ་ཤི་བར་དོ་གསུམ་ལ་བྱས་ནས་དེ་གསུམ་སྐུ་གསུམ་དུ་འཆར་བའི་ཚུལ་ལ་ངེས་པ་རྣམ་དག་རྙེད་དགོས་པར་ཡོད་པས། རིམ་པ་དང་ པོའི་སྦྱང་གཞི་དང་སྦྱོང་བྱེད་ངོ་སྤྲོད་ལུགས་རྒྱས་པར་རྣམ་གཞག་རིམ་པའི་རྣམ་བཤད་དུ་བཤད་ཟིན་པས་མ་སྤྲོས་སོ། །འཕགས་ལུགས་ཀྱི་གཞུང་ཤིན་ཏུ་བརླིང་བས་གསལ་པོར་ཐོན་དཀའ་བར་སྣང་ནའང་གོ་ཡུལ་དང་ཉམས་མྱོང་ཕྲན་ ཚེགས་ཀྱིས་ཆོག་ཤེས་མ་བྱས་པར་ལྷ་དང་བླ་མ་ལ་གསོལ་བ་རིང་དུ་བཏབ་ནས་ཤིན་ཏུ་མཁས་པའི་གཞུང་ལ་བརྟེན་ཏེ་སྦྱངས་ན་གཞུང་གདམས་ངག་ཏུ་འཆར་ཐུབ་པ་ཡིན་ནོ། །དེ་ལྟར་ན་ཚུལ་འདིར་ཞུགས་ནས་སྒྲུབ་པ་སྙིང་པོར་བྱེད་ན་རིམ་པ་དང་ པོ་ལ་འབད་ནས་ལུས་དབེན་བསྐྱེད་དེ། སྲོག་རྩོལ་རྡོ་རྗེ་བཟླས་པའི་གནད་ལ་མཁས་པར་བྱས་ནས་རླུང་ཉིད་ལ་སྦྱོང་བ་གནད་ཡིན་ཏེ། རྩ་རླུང་ཐིག་ལེའི་རྣལ་འབྱོར་གཞན་རྣམས་ཀྱིའང་དགོས་པ་འདིས་འགྲུབ་པར་དགོངས་པའོ། །གཉིས་པ་ནི། རྗེ་བཙུན་ འཇམ་པའི་དབྱངས་ཀྱིས་སློབ་དཔོན་ཆེན་པོ་ཡེ་ཤེས་ཞབས་དངོས་སུ་རྗེས་སུ་བཟུངས་ནས་གདམས་པའི་བདུད་རྩི་སྩལ་བ་འཇམ་དཔལ་གྱི་ཞལ་གྱི་ལུང་དང༌། གསུང་གི་གནང་བ་བྱུང་བ་ལ་བརྟེན་ནས་སློབ་དཔོན་དེས་མཛད་པའི་གྲོལ་བའི་ཐིག་ ལེ་གཉིས་ཀྱིས་ནི། རྫོགས་པའི་རིམ་པ་གཏན་ལ་འབེབས་སོ། །ལུགས་འདི་ལ་འཕགས་ཡུལ་དུ་པཎ་གྲུབ་ཀྱི་རྗེས་འབྲང་དུ་མ་ཞིག་བྱུང་ཞིང་ཉི་ཟླ་ལྟར་གྲགས་པའི་ཤིང་རྟ་ཆེན་པོའི་སྲོལ་དུ་སྣང་བས་དེའི་ལུགས་ཀྱི་རྫོགས་རིམ་གྱི་རྣམ་གཞག་མདོ་ཙམ་དུ་ 3-2-387b བརྗོད་ན། གྲོལ་བའི་ཐིག་ལེ་ལས། དེས་ན་ཟབ་གསལ་བྱང་ཆུབ་ནི། །གཉིས་མེད་རྟོགས་པས་དེ་གྲོལ་ལོ། །ཟབ་མོ་ཁོ་ན་རྟོགས་པས་མིན། །གསལ་བ་དག་ཀྱང་དེ་བཞིན་ནོ། །དེ་བཞིན་ཐལ་བྱུང་ཟབ་མོ་ཡིས། །གྲོལ་འདོད་དེ་ལ་ང་མ་དད། །དེ་བས་གཉིས་ མེད་རང་བཞིན་དུ། །རྟོགས་པས་ཚེ་འདིར་འབྲས་ཐོབ་ངེས། །རྣམ་པར་རྟོག་པ་ཀུན་བྲལ་བས། །བསམ་བརྗོད་ཡུལ་ལས་ཤིན་ཏུ་འདས། །མཁའ་བཞིན་དྲི་མེད་ཀུན་འབྱུང་བ། །བརྟགས་བྲལ་ཟབ་མོ་ཉིད་ཅེས་བྱ། །ཕྱག་རྒྱ་ཆེན་པོའི་གཟུགས་འཆང་བ། ། སྒྱུ་མ་འཇའ་ཚོན་ལྟ་བུ་རུ། །རང་དང་གཞན་གྱི་རྒྱུད་སྦྱོང་བས། །ཡང་དག་གསལ་བ་ཞེས་བྱའོ། །ཞེས་སྒྱུ་མ་ལྟ་བུའི་ལྷ་སྐུ་ཕྱག་རྒྱ་ཆེན་པོའི་ལུས་དང་དེ་ཁོ་ན་ཉིད་ལ་ཞུགས་པའི་ཐུགས་གཉིས་ངོ་བོ་དབྱེར་མེད་དུ་སྦྱོར་བའི་ཟབ་གསལ་གཉིས་སུ་མེད་ པའི་ཡེ་ཤེས་ནི་རྫོགས་རིམ་གྱི་གཙོ་བོའོ། །བསྐྱེད་རིམ་པའི་ལྷ་སྐུ་ནི། སྔགས་ཀྱི་སྐུ་དང་རྫོགས་རིམ་པའི་ལྷ་སྐུ་ནི། ཡེ་ཤེས་ཀྱི་སྐུ་ཡིན་ལ། དེ་ལ་ཡང་ཡེ་ཤེས་དང་དག་པའི་སྐུ་གཉིས་ཡོད་དེ། དེ་ཉིད་ལས། རིམ་པ་གཉིས་ཀྱི་བྱེ་བྲག་གིས། །སྔགས་ཀྱི་སྐུ་ དང་ཡེ་ཤེས་སྐུ། །ཡེ་ཤེས་སྐུ་ལ་ཡེ་ཤེས་དང༌། །རྣམ་པར་དག་པའི་སྐུ་གཉིས་སོ། །ཞེས་སོ། །དེའི་འགྲེལ་པས་ཡེ་ཤེས་ནི། ཡེ་ཤེས་ལ་ཅུང་ཟད་དབང་ཐོབ་པའི་རྣལ་འབྱོར་པས་རྟོགས་པའི་ཅུང་ཟད་དག་པའི་སྒྱུ་མ་ལྟ་བུའི་སྐུ་དང་དག་པ་ལ་མཚན་ཉིད་གྱི་ ཚུལ་དུ་གནས་པ་མི་སླུ་བའི་སྐུ་དང༌། དེ་ཇི་བཞིན་པའི་འབྲས་བུའི་སྐུ་གཉིས་སུ་བཤད་དེ། སྔ་མ་ནི་སྒྱུ་ལུས་དང་། གཉིས་པ་ནི་སློབ་པའི་ཟུང་འཇུག་དང་། གསུམ་པ་ནི་མི་སློབ་པའི་ཟུང་འཇུག་དང་འདྲ་བའོ། །དེ་དག་ཀྱང་ཞལ་ལུང་ལས། ཆོས་རྣམས་གཟུགས་ལ་ 3-2-388a སོགས་པ་ཡི། །ཀུན་མཁྱེན་བར་གྱི་རང་བཞིན་ནི། །ནམ་མཁའི་དཀྱིལ་ལྟར་རྣམ་དག་པའི། །ཟབ་གསལ་གཉིས་མེད་ཡེ་ཤེས་ཏེ། །ཞེས་དང༌། རྟོག་པ་ཀུན་ལས་རབ་དབེན་པ། །ཕུན་སུམ་ཚོགས་རྒྱུ་དཔག་དཀའ་ བ། །ཕྱག་རྒྱ་ཆེན་པོ་རབ་སྣང་བ། །ཟེར་གྱིས་རང་གཞན་སྨིན་བྱེད་པའི། །དེ་གཉིས་མེད་པའི་རང་བཞིན་མཆོག །ཅེས་རྟོག་པ་ཞེས་པའི་རྐང་པ་གཉིས་ཀྱིས་ཟབ་པ་དང་དེ་ནས་གཉིས་ཀྱིས་གསལ་བ་བསྟན་པའི་དགོངས་པའོ། །དེས་ན་རྫོགས་ རིམ་གྱི་གནད་མཐར་གཏུགས་པ་ན་བདེན་གཉིས་དབྱེར་མེད་དམ་ཟབ་གསལ་གཉིས་མེད་དམ་བདེ་སྟོང་གཉིས་མེད་ཅེས་གསུངས་པའི་དོན་དབྱེར་མེད་ལུགས་སྔར་བཤད་པ་འདྲ་བ་ཞིག་གིས་སངས་རྒྱས་ཀྱི་ཉེ་རྒྱུ་བྱེད་པ་འདི་ཤིང་རྟ་ཆེན་ པོའི་རྫོགས་རིམ་ཐམས་ཅད་ལ་གོ་དགོས་སོ། །དེའི་གནད་ཀྱིས་བསྐྱེད་རིམ་གྱི་སྐབས་སུ་ཡང་སྭ་བྷཱ་བ་ལ་སོགས་པས་སྟོང་ཉིད་དུ་ཞུགས་པའི་ངང་ནས་ལྷའི་སྐུར་ལྡང་བའི་རིམ་པ་བཤད་པ་ཡིན་ལ་རྫོགས་རིམ་གཞན་རྣམས་ཀྱིས་ཀྱང་ ཟུང་དུ་འཇུག་པའི་ཡེ་ཤེས་ཀྱི་སྐུ་དེ་བསྒྲུབ་དགོས་པས་དེ་སྒྲུབ་པའི་ཐབས་སུ་ཇི་ལྟར་འགྱུར་ཚུལ་བསམས་ནས་རྫོགས་རིམ་གྱི་གནད་རྣམས་ཟིན་པར་བྱའོ། །སྔགས་དང་ཡེ་ཤེས་ཀྱི་སྐུའི་རྣམ་གཞག་དེ་བཞིན་དུ་འཕགས་ལུགས་པས་ ཀྱང་བཞེད་དོ། །དེ་འདྲ་བའི་མཐའི་རྫོགས་རིམ་དེ་སྒྲུབ་པ་ལ་བསྐྱེད་པའི་རིམ་པ་ཕྲ་ཐིག་གི་རྣལ་འབྱོར་གྱི་བར་མཐར་ཕྱིན་པ་རྣལ་འབྱོར་གསུམ་པ་ཡེ་ཤེས་ལ་ཅུང་ཟད་དབང་ཐོབ་པའི་རྣལ་འབྱོར་པས་རྫོགས་རིམ་བསྒོམས་ནས་བྱེད་པ་ཡིན་ 3-2-388b ནོ། །དེས་བསྒོམ་པར་བྱ་བའི་རྫོགས་རིམ་ནི། དགའ་བ་བཞིའི་སྒོ་ནས་དོན་ཚན་བཞིར་བསྡུས་པའི་ལམ་ཞིག་གོ། དེ་ལ་ལྷན་སྐྱེས་ཀྱི་དགའ་བའི་དབང་དུ་བྱས་པའི་རྫོགས་རིམ་ནི། སྙིང་གའི་ཡེ་ཤེས་སེམས་དཔའི་མཚན་མའི་དབུས་སུ་དཀྱིལ་འཁོར་ ཡོངས་རྫོགས་སྒོམ་པ་སྔར་བསྐྱེད་རིམ་དུ་བསྟན་པ་བཞིན་དུ་བྱས་པའི་གཙོ་བོ་དེའི་ཐུགས་ཀའི་མི་ཤིགས་པའི་ཐིག་ལེ་ལས་སྐྱེས་པའི་འོད་ཟེར་གྱིས་སྣོད་བཅུད་དང་དཀྱིལ་འཁོར་པ་རྣམས་རིམ་གྱིས་བསྡུས་པའི་མཐར་ཐིག་ལེ་ལ་སེམས་ནུས་ ཚད་དུ་འཛིན་ཅིང༌། སྔར་བསྡུས་པའི་རིམ་པ་བཞིན་དུ་སླར་ཡང་དེ་དག་གསལ་བཏབ་ནས་སྣང་ཕྱོགས་ཀྱི་ཏིང་ངེ་འཛིན་སྒོམ་པར་བྱེད་པའི་ཚུལ་གཉིས་ལ་ཡང་དང་ཡང་དུ་གོམས་པས་ས་ཆུ་ལ་ཐིམ་པ་ལ་སོགས་པའི་རྟགས་ལྔ་འཆར་ཞིང༌། དེ་དག་ གི་མཐར་ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་འགྲུབ་ལ། དེ་ནས་སྤྱོད་པ་བྱས་ཏེ་འཚང་རྒྱ་བར་ཞལ་ལུས་ལས་གསུངས་སོ། །འོད་གསལ་དུ་འཇུག་ཚུལ་ལ་རིམ་ལྔ་ལས། མགོ་བོ་ནས་ནི་རྐང་པའི་བར། །ཇི་སྲིད་སྙིང་གར་ཕྱིན་གྱི་བར། ། རྣལ་འབྱོར་ཡང་དག་མཐའ་ལ་འཇུག །རིལ་པོར་འཛིན་པ་ཞེས་བཤད་དོ། །རྒྱུ་བ་དང་ནི་མི་རྒྱུ་ཉིད། །དང་པོ་འོད་གསལ་བར་བྱས་ཏེ། །ཕྱི་ནས་དེ་བཞིན་བདག་ཉིད་བྱེད། །རྗེས་སུ་གཞིག་པའི་རིམ་པ་ཡིན། །དབུགས་ཀྱི་རླུང་ནི་མེ་ལོང་ལ། །ཇི་ལྟར་ ཀུན་ནས་ཐིམ་འགྱུར་བ། །དེ་བཞིན་རྣལ་འབྱོར་ཡང་དག་མཐར། །ཡང་དང་ཡང་དུ་འཇུག་པར་བྱེད། །ཅེས་བསམ་གཏན་གཉིས་གསུངས་པའི་རྗེས་གཞིག་གི་རིམ་པ་དང་ཞལ་ལུང་ནས་གསུངས་པ་གཉིས་འདྲའོ། །འོན་ཀྱང་མི་ཤིགས་པའི་ཐིག་ལེའི་ 3-2-389a འོད་ཟེར་གྱིས་སྡུད་ཚུལ་ལ་ཁྱད་པར་མང་པོ་སྣང་ངོ༌། །ཞལ་ལུང་ལས་འོད་གསལ་ལས་སེམས་དང་དེ་ལས་རླུང་མེ་ཆུ་ས་ལ་སོགས་པ་འཁོར་བར་འཇུག་པའི་རིམ་པ་དང་ལྡོག་པ་ནའང་ས་ཆུ་ལ་ཐིམ་པ་ལ་སོགས་ པ་འཕགས་ལུགས་པ་དང་འདྲ་བར་གསུངས་ལ། མི་ཤིགས་པའི་ཐིག་ལེ་ནི། ཞལ་ལུང་གི་འགྲེལ་པ་ལས། གཉིས་མེད་ཡེ་ཤེས་ཞེས་པ་ནི། ཟབ་མོ་དང་གསལ་བ་གཉིས་སུ་མེད་པའི་ཡེ་ཤེས་ནམ་མཁའ་ལྟར་དག་པ་གང་ཡིན་པའོ། །དེ་ ཀུན་རྫོབ་ཀྱི་གཟུགས་སུ་ཇི་ལྟར་གནས་ཤེ་ན། ཐིག་ལེ་ཁ་དོག་ལྔ་པ་ཙ་ན་ཀའི་འབྲུ་ཙམ་དུ་རྣམ་པར་གནས་ཏེ། དེ་བརྟེན་ནས་ཞེས་པ་ནི། དེ་ལས་རླུང་ལ་སོགས་པའི་དཀྱིལ་འཁོར་བྱུང་ནས། ཞེས་འབྱུང་བ་བཞིན་དུ་རྩ་བར་ཡང་བཤད་པས་ རླུང་འོད་ཟེར་ལྔ་དང་དབྱེར་མེད་པར་འཇུག་པའི་སེམས་མཚོན་པའི་ཐིག་ལེ་ཡིན་པས་སྐྱེ་བ་ན་དེ་ལས་རླུང་མེ་ཆུ་ས་སོགས་སྐྱེ་བ་བཞིན་དུ་སྡུད་པ་ནའང་དེ་ལ་འདུ་བས་སྦྱང་གཞི་དང་མཐུན་པར་བྱས་པ་ཡིན་ཏེ། སེམས་དཔའ་སུམ་རྩེགས་བྱས་ནས་ ཏིང་ངེ་འཛིན་སེམས་དཔའི་སྐབས་ཀྱི་འོད་གསལ་དུ་འཇུག་ཚུལ་འཕགས་ལུགས་པས་བཞེད་པ་དང་བསྟུན་ནས་གོ་དགོས་སོ། །འདི་སྣོད་བཅུད་སྐྱེད་པའི་གཞི་ཡིན་པས་རིམ་པ་དང་པོའི་སྐབས་སུ་འདི་ཉིད་ཡི་གེའི་གཟུགས་སུ་གནས་པར་ ཡང་གསུངས་ཏེ། ཞལ་ལུང་ལས་རང་ཉིད་དམ་ཚིག་ཕྱག་རྒྱ་ཡི། །ཐུགས་ཀར་མཚན་མ་ལ་གནས་པ། །དེ་བཞིན་གཤེགས་ཀུན་ཡེ་ཤེས་མཆོག །རིམ་པ་དང་པོ་པ་རྣམས་ལ། །ཡི་གེའི་གཟུགས་སུ་རབ་སྣང་བ། །གཞོམ་དུ་མེད་པ་རང་ལྷ་ 3-2-389b ཡི། །ས་བོན་འོད་ཟེར་ལྔ་འབར་བས། །ཞེས་གསུངས་སོ། །དེས་ན་སྔགས་ཀྱི་ཐེག་པར་རྟེན་དང་བརྟེན་པ་སྐྱེད་པ་ཕལ་ཆེ་བའི་རྒྱུར་ཡི་གེ་རེ་བསྒོམས་ནས་སྐྱེད་པའི་གནད་ཀྱང་འདིས་ཤེས་པར་བྱའོ། །གཞན་གང་གིས་ཀྱང་དེ་མི་ཆོམས་པས་ན་མི་ཤིགས་པ་དང་ མ་སྤྲོས་པས་ན་ཐིག་ལེ་ཞེས་གསུངས་ལ་དེ་ནི་སྙིང་གར་གནས་ཏེ། ཞལ་ལུས་ལས། གང་གིས་ཀྱང་ནི་མི་ཤིགས་པ། །ཇི་སྲིད་དེ་ཡི་ལུས་གནས་པ། །ལས་དང་ལས་མིན་རབ་བྱེད་པས། །ཞེས་གསུངས་པའི་འགྲེལ་པར་ཇི་སྲིད་འདི་ནི་ལུས་གནས་པས་ཞེས་ པ་ནི། བཅུད་ཀྱི་སེམས་ཅན་རྣམས་ཀྱི་སྙིང་གའི་པདྨ་ཁ་སྦྱར་གྱི་དབུས་ན་ཐིག་ལེ་གནས་པའོ། །ཞེས་བཤད་དེ། འདིས་ནི་སྙིང་གར་ཡི་གེའམ་ཐིག་ལེ་བཀོད་ནས་སྒོམ་པ་རྣམས་ཀྱི་གནད་ཀྱང་ཤེས་པར་བྱའོ། །དེ་ལྟར་ན་ཐུན་མོང་མ་ཡིན་པའི་འཁོར་བ་ ལྡོག་འཇུག་གི་རིམ་པ་དང་འཆི་རིམ་བཞིན་དུ་འོད་གསལ་དུ་སྡུད་པའི་སྡུད་ལུགས་དང༌། དེའི་སྤྲོ་བསྡུ་མང་དུ་བྱས་པའི་མཐར་མི་ཤིགས་པའི་ཐིག་ལེའི་དོན་རླུང་འོད་ཟེར་ལྔ་དང་བཅས་པའི་གཞི་ལས་ཟབ་གསལ་གཉིས་མེད་ཀྱི་ཡེ་ཤེས་ཀྱི་སྐུ་བསྒྲུབ་ པས་ན་རྫོགས་རིམ་གྱི་གནད་མཐར་གཏུགས་པ་རྣམས་འཕགས་ལུགས་པ་དང་ཤིན་ཏུ་མཐུན་ནོ། །ཟབ་གསལ་གཉིས་མེད་སྒྲུབ་པའི་ལྷན་སྐྱེས་ཀྱི་དགའ་བའི་རྫོགས་རིམ་དེའི་སྔོན་དུ་སྤྲུལ་པའི་ཐིག་ལེ་སྒོམ་པ་ཡིན་ཏེ་དེ་ནི་རླུང་རྡོ་རྗེའི་ བཟླས་པའོ། །འདི་ལ་ཡང་འཕགས་ལུགས་པ་དང་མི་འདྲ་བའི་ཁྱད་པར་མང་པོ་ཡོད་ལ། དེ་བསྒོམས་པའི་མཐུས་ཆོས་ཐམས་ཅད་སྒྱུ་མ་ལ་སོགས་བ་བཞིན་དུ་རྟོགས་པར་གསུངས་སོ། །དེའི་སྔོན་དུ་གསང་བའི་ཐིག་ལེ་སྒོམ་སྟེ་སྙིང་ཁའི་ 3-2-390a ཐིག་ལེ་གསང་གནས་སུ་ཕབ་ནས་ནོར་བུར་བཟུང་བའི་ནང་དུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་རྫོགས་པར་བསྒོམས་པའི་གཙོ་བོ་ཐུགས་ཀར་ཐིག་ལེ་ལ་སེམས་འཛིན་པ་དང་སྤྲོ་བསྡུ་ཁྱད་པར་ཅན་མང་པོ་ཡོད་པས་དེ་ རྣམས་བྱེད་པའོ། །འདིར་ཡང་རྟགས་ལྔ་འཆར་བར་གསུངས་ལ་རྟགས་ལྔ་ཇི་ལྟར་སྣང་བ་ནི། ཞལ་ལུང་གི་འགྲེལ་པ་ལས། ཐིག་ལེ་དེའི་འོད་ཟེར་གསལ་བ་དང་མི་གསལ་བའི་དཔེ་སྨིག་རྒྱུ་དང་འདྲ་བ་འབྱུང་སྟེ། ཞེས་དང༌། དུ་བ་ལྟ་བུ་ཞེས་པ་ནི་སྨིག་ རྒྱུ་ལས་གསལ་བ་སྟེ་སྔོ་བའམ་དཀར་བ་ལ་སོགས་པ་ནི་མ་ཡིན་ནོ། །ཞེས་སྨིག་རྒྱུ་སོགས་ཀྱི་སྣང་བ་འབྱུང་བ་མ་ཡིན་གྱི་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་གསལ་བའི་དཔེར་བཤད་དོ། །སེམས་དངོས་པོ་མེད་པའི་གནས་སུ་འགྱུར་བ་ནི་གཟུང་བའི་ཡན་ལག་ དང་། དེའི་མཐར་ཕྱག་མཚན་དང་ལྷ་ལ་སོགས་པ་སྤྲོ་བ་ནི་རྗེས་དྲན་གྱི་ཡན་ལག་དང་། ཐིག་ལེ་ལ་སེམས་འཛིན་པ་ཉིད་དབུགས་འགོག་པའི་ཡན་ལག་ཏུ་གསུངས་ཏེ། དེར་སེམས་བཟུངས་པས་རླུང་དབུ་མར་ཚུད་པ་ལ་དགོངས་སོ། །དེའི་སྔོན་དུ་ སྙིང་ཁར་སྔར་བཤད་པ་བཞིན་གྱི་དཀྱིལ་འཁོར་ཡོངས་རྫོགས་ཀྱི་དབུས་སུ་གཙོ་བོའི་ཐུགས་ཀར་མི་ཤིགས་པའི་ཐིག་ལེ་ལས་སྤྲོ་བསྡུ་ཁྱད་པར་ཅན་མང་དུ་བྱས་ནས་ཐིག་ལེ་ལ་སེམས་འཛིན་པར་བཤད་དེ་ལུང་རྣམས་ནི་མངས་སུ་ དོགས་ནས་མ་བྲིས་སོ། །རྫོགས་རིམ་གྱི་སྐབས་སུ་ཡང་སྒོམ་པའི་ཐིག་ལེའི་རྣལ་འབྱོར་རྣམས་ལ་ནི། བསྐྱེད་རིམ་གྱི་ཕྲ་ཐིག་དང་མི་འདྲ་བའི་ཁྱད་པར་ཆེན་པོ་ཡོད་པས་ཡེ་ཤེས་ཞབས་ལུགས་ཀྱིས་གཞན་རྣམས་ཀྱི་རིམ་པ་དང་པོའི་སྐབས་ 3-2-390b ཀྱི་ཕྲ་ཐིག་ལ་རྫོགས་རིམ་དུ་བྱེད་ཅེས་ཟེར་བ་ནི། ལུགས་དེའི་རྒྱུས་ཞིབ་པོ་མེད་བཞིན་དུ་སྨྲ་བའོ། །སྙིང་གར་མི་ཤིགས་པའི་ཐིག་ལེ་དང་ནོར་བུར་གསང་བའི་ཐིག་ལེ་དང་སྟེང་གི་སྣ་རྩེར་སྤྲུལ་པའི་ཐིག་ལེ་སྒོམ་པ་གསུམ་ནི་རིམ་པ་བཞིན་དུ་དགའ་ བ་དང་མཆོག་དགའ་དང་དགའ་བྲལ་གྱི་དགའ་བའི་དབང་དུ་བྱས་ལ། སླར་ཡང་མི་ཤིགས་པའི་ཐིག་ལེ་ཁྱད་པར་ཅན་བསྒོམས་ནས་རྗེས་གཞིག་གི་རིམ་པ་བཞིན་དུ་སྡུད་པ་དང་སྤྲོ་བ་བྱེད་པ་ནི། ལྷན་སྐྱེས་ཀྱི་དགའ་བ་སྒོམ་པའོ། །དོན་བསྡུ་ན་ དང་པོ་གཉིས་ཀྱིས་ཐིག་ལེའི་རྣལ་འབྱོར་དང་གསུམ་པས་རླུང་གི་རྣལ་འབྱོར་སྦྱངས་ནས་རླུང་དང་ཐིག་ལེ་ལས་རུང་དུ་བྱས་པའི་དབང་གིས་འོད་གསལ་དུ་ལུགས་འབྱུང་གིས་སྡུད་པ་དང་ལུགས་བཟློག་ཏུ་ལྡང་བ་ཡང་ཡང་གོམས་པས་ཟབ་གསལ་ གཉིས་མེད་ཀྱི་དག་པའི་ཡེ་ཤེས་ཀྱི་སྐུ་བསྒྲུབས་ཏེ། དེའི་རིགས་འདྲ་ཉིད་ཀྱིས་འབྲས་བུ་ལ་ཉེ་བར་སྦྱོར་བ་ཡིན་ནོ། །གཉིས་པ་ལ་གཉིས། དུས་འཁོར་པའི་ལུགས་ཀྱི་རྫོགས་རིམ་དང༌། སློབ་དཔོན་གཞན་གྱི་མ་རྒྱུད་ཀྱི་རྫོགས་རིམ་མོ། །དང་པོ་ལ་ གསུམ། ཐོབ་བྱའི་བདེ་སྟོང་དབྱེར་མེད་ངོས་གཟུང་བ་དང༌། དེ་སྒྲུབ་པའི་ལམ་གྱི་གྲངས་དང་གོ་རིམས་ངེས་པ་དང༌། མི་འགྱུར་བའི་བདེ་བ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ཐོབ་བྱ་མཐར་ཐུག་གི་བདེ་སྟོང་དབྱེར་མེད་ཀྱི་གོ་འཕང་ནི། སྔར་དབང་བཞི་ པའི་སྐབས་སུ་བཤད་པ་བཞིན་དུ་བདེ་བ་ཐུགས་དང་སྟོང་པ་གཟུགས་ཀྱི་སྐུར་བྱས་ཤིང་དེ་གཉིས་ངོ་བོ་དབྱེར་མེད་པའི་གཉིས་སུ་མེད་པའི་ཡེ་ཤེས་དྲི་མ་ཐམས་ཅད་ཟད་པ་ཡིན་ནོ། །འདི་ཡང་ལེའུ་ལྔ་པའི་འགྲེལ་ཆེན་ལས་བརྒལ་ལན་མང་ 3-2-391a པོ་མཛད་ནས་བསྒྲུབས་པ་ལས་ཤེས་དགོས་པས་དེ་ཉིད་ལས། ཕུང་པོ་དང་ཁམས་དང་སྐྱེ་མཆེད་མེད་ན་དབང་པོ་གཉིས་ཀྱི་སྦྱོར་བ་དང་བྲལ་བ་ནི། ཤེས་རབ་ཡེ་ཤེས་རང་རིག་པར་མི་འགྱུར་ཏེ་འཕོ་བ་མེད་པ་ཉིད་ཀྱི་ཕྱིར་རོ། ། ཞེས་དེ་བཞིན་གཤེགས་པས་གསུངས་པ་མ་ཡིན་ནམ། ཇི་ལྟར་རྣལ་འབྱོར་པས་རང་གི་སེམས་ཀྱི་སྣང་བ་ལ་རང་གི་སེམས་ཀྱིས་རྗེས་སུ་ཆགས་པར་བྱས་ནས་རང་གི་སེམས་སྒྲིབ་པ་མེད་པར་བྱེད་ཅིང་མི་འགྱུར་བའི་བདེ་བ་ཆེན་པོའི་ ཡེ་ཤེས་ལོངས་སྤྱོད་པར་བྱེད་དེ། རྡུལ་ཕྲ་རབ་ཚོགས་པའི་ལུས་མེད་པའི་ཕྱིར་རོ། །འདི་ཉིད་ནི་ཤིན་ཏུ་ཕྱིན་ཅི་ལོག་པ་སྟེ་ལྷས་བྱིན་བདག་ཉིད་ཀྱི་ཕྲག་པར་ཞོན་ནས་གྲོང་དུ་འགྲོའོ་ཞེས་པའི་ངག་བཞིན་ནོ་ཞེས་འགའ་ཞིག་གི་བསམ་ པ་འབྱུང་བར་འགྱུར་ཏེ། ཞེས་རྩོད་པ་བཀོད་པས་རེ་ཞིག་ཕྱོགས་སྔ་མ་བཤད་པར་བྱའོ། །དེ་ཡང་གོང་དུ་དངུལ་ཆུའི་དཔེས་བྱང་ཆུབ་ཀྱི་སེམས་བཅིངས་པས་ཕུང་པོ་ལ་སོགས་པའི་སྒྲིབ་པ་མེད་པར་བྱེད་པ་དང་དེ་ཡང་རང་གི་སེམས་ཀྱི་ སྣང་བ་ཙམ་གྱི་སྟོང་གཟུགས་ཀྱི་ཕྱག་རྒྱ་བསྒོམས་པས་འགྲུབ་པར་གསུངས་པ་ལ་རྒོལ་བ་ཡིན་ཏེ། ཕྱག་རྒྱ་ཆེན་མོ་བསྒོམས་ནས་རྡུལ་ཕྲ་རབ་ཚོགས་པའི་ཕུང་པོ་ཚོགས་པ་མེད་པར་བྱེད་ན་རྣལ་འབྱོར་པས་རང་གི་སེམས་ ཀྱི་སྣང་བའི་སྟོང་གཟུགས་ཀྱི་ཡུམ་དང་སྙོམས་པར་ཞུགས་ནས་མི་འགྱུར་བའི་བདེ་བ་ཆེན་པོའི་ཡེ་ཤེས་ལོངས་སྤྱོད་པར་མི་རིགས་ཏེ། རྡུལ་ཕྲན་ཚོགས་པའི་ལུས་མེད་པའི་ཕྱིར་རོ། །དེའི་ཁྱབ་པ་སྒྲུབ་པ་ནི། དེ་བཞིན་གཤེགས་པས་གསུངས་ 3-2-391b པ་མ་ཡིན་ནམ་ཞེས་སོགས་ཀྱི་ལུང་གིས་སྟོན་ཏེ། རྡུལ་ཚོགས་པའི་ཕུང་སོགས་མེད་ན་ཕོ་མོའི་དབང་པོ་གཉིས་སྦྱོར་བ་མེད་པས་ཁམས་འཛག་པའམ་འཕོ་བ་མི་རུང་ལ་ཁམས་མ་བབས་ན་ཤེས་རབ་ཡེ་ཤེས་ཀྱིས་རང་གི་ཡུལ་རིག་པ་མེད་པར་དེ་ བཞིན་གཤེགས་པས་གསུངས་པས་སོ་སྙམ་པའོ། །རྟགས་སྔར་ཕུང་པོ་ལ་སོགས་པ་སྒྲིབ་པ་མེད་པར་བྱེད་ཅེས་པའི་སྐབས་སུ་རྡུལ་ཕྲ་རབ་ཚོགས་པའི་ལུས་འབྲས་བུའི་སྐབས་སུ་ལྡོག་པར་བཤད་པས་དེར་ཁས་བླངས་པའོ། །མདོར་བསྡུ་ན་ རྡུལ་ཕྲ་རབ་ཚོགས་པའི་ལུས་མེད་ན་སྟོང་གཟུགས་ཀྱི་ལྷ་ཡབ་ཡུམ་དུ་སྣང་བ་དེ་མི་འགྱུར་བའི་བདེ་བ་ལོངས་སྤྱོད་པ་འགལ་སྙམ་དུ་རྩོད་པ་ཡིན་ལ། འགྲེལ་པས་ཀྱང་འདོད་ལན་དང་རྟགས་མ་གྲུབ་ཀྱི་ལན་མ་བཏབ་ཀྱི་ཁྱབ་མ་གྲུབ་ཀྱི་ལན་ བཏབ་པས་ན་འབྲས་བུའི་སྐབས་ལ་རྩོད་པ་ཡིན་ཏེ། འབྲས་བུའི་བདེ་སྟོང་མ་ཐོབ་བར་དུ་ཕུང་ཁམས་སྐྱེ་མཆེད་ཀྱི་བེམས་པོའི་ཁམས་ཟད་པར་མི་ནུས་པའི་ཕྱིར་རོ། །རང་གིས་རང་གི་ཕྲག་པ་ལ་ཞོན་ནས་འགྲོ་བ་དང་ཁྱེད་ཀྱི་ངག་འདི་འདྲའོ་ཞེས་པ་ནི། སེམས་ལ་སྟོང་གཟུགས་སུ་སྣང་བའི་སྣང་བ་དེ་སྣང་མཁན་གྱི་སེམས་དེའི་བདག་ཉིད་དུ་བཤད་པ་ལ་རྩོད་པ་ཡིན་ཏེ། རྩོད་པ་དེའི་གོང་དུ་ཡང་མེ་ལོང་གི་གཟུགས་བརྙན་གྱི་དཔེས་གསུངས་ལ་རྒྱུད་དང་འགྲེལ་པའི་དབུ་ཞབས་ཐམས་ཅད་དུ། ཤེས་དང་ ཤེས་བྱ་གཅིག་པའི་སྐུ། །ཞེས་སོགས་ཀྱིས་ལན་དུ་མར་དེ་གཉིས་ངོ་བོ་གཅིག་ཏུ་གསུངས་སོ། །རྡུལ་ཕྲ་རབ་ཚོགས་པའི་ལུས་ཟད་པའི་ཚེ་སྟོང་གཟུགས་ཀྱི་ཐབས་ལ་སྟོང་གཟུགས་ཀྱི་རིག་མས་འཁྱུད་ཅིང་དེ་གཉིས་ངོ་བོ་གཅིག་ཏུ་འདོད་ན་ལྷས་བྱིན་ 3-2-392a ཁོ་རང་གི་ཕྲག་པ་ལ་ཁོ་རང་གིས་ཞོན་ནས་འགྲོ་ཞེས་པ་ཡང་སྐྱོན་མེད་པར་འགྱུར་རོ་ཞེས་མགོ་མཚུངས་བྱེད་པའོ། །དེའི་ལན་ཡང༌། འགྲེལ་ཆེན་ལས། འདིར་རྡུལ་ཕྲ་རབ་ཚོགས་པའི་བདག་ཉིད་ཀྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་མ་གཏོགས་པ་སེམས་ཙམ་ གྱིས་ཤེས་རབ་ཡེ་ཤེས་རང་རིག་པར་མི་འགྱུར་བ་རྨོངས་པ་རྣམས་ཀྱིས་བརྗོད་པར་བྱ་བ་གང་ཡིན་པ་དེ་ནི་མ་ཡིན་ཏེ། གང་གི་ཕྱིར་གློ་བུར་བའི་སེམས་ཀྱི་བག་ཆགས་ཀྱི་དབང་གིས་སོ། །འདིར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཅེས་བྱ་བ་ནི་གློ་བུར་ བའི་སེམས་ཀྱི་བག་ཆགས་སོ། །དེའི་དྲིན་གྱིས་སེམས་ལ་བདེ་བ་དང་སྡུག་བསྔལ་གྱི་ཚོར་བ་རབ་ཏུ་འཇུག་སྟེ་དོན་དམ་པར་དཔྱད་ན་ལུས་འདིའི་ཉེ་བར་འཚེ་བ་ཕྲན་ཚེགས་ཀྱིས་ནི་མ་ཡིན་ནོ། །ཞེས་སོགས་རྒྱས་པར་གསུངས་སོ། །དེའི་དོན་ནི། རྡུལ་ཕྲ་རབ་ཚོགས་པའི་ཕུང་སོགས་མེད་པར་སེམས་ཙམ་གྱིས་བདེ་བ་མྱོང་བར་མི་འགྱུར་ཞེས་བརྗོད་པ་དེ་མི་རིགས་ཏེ། སེམས་ཀྱི་བག་ཆགས་ཀྱི་དབང་ཙམ་གྱིས་བདེ་སྡུག་མྱོང་བའི་ཕྱིར་ཅེས་པའི་དོན་ཏོ། །རྡུལ་ཚོགས་པའི་བདག་ཉིད་ཀྱི་ཕུང་ ཁམས་ཞེས་གསུངས་པས་སྔར་ཕུང་ཁམས་སྐྱེ་མཆེད་མེད་ན་ཞེས་སྤྱིར་བཤད་ཀྱང་ཁྱད་པར་དེ་སྦྱར་དགོས་ལ་རྡུལ་ཚོགས་པའི་ལུས་མེད་ན་ཤེས་རབ་ཡེ་ཤེས་མི་མྱོང་ངོ་ཞེས་གསུངས་ཀྱང་རྡུལ་ཚོགས་པའི་ལུས་མེད་པ་དང་བདེ་སྡུག་མྱོང་བ་གཉིས་མི་འགལ་བར་བསྟན་ པས་ཆོག་གོ། ཕུང་ཁམས་སྐྱེ་མཆེད་སེམས་ཀྱི་བག་ཆགས་སུ་བཞེད་པ་མིན་གྱི། ལུང་སྔ་མས་བཤད་པ་ལྟར་སེམས་ཀྱི་བག་ཆགས་ཀྱི་དབང་གིས་ཕུང་སོགས་འགྲུབ་ཅེས་པའི་དོན་ནོ། །དོན་དམ་པར་དཔྱད་ན་ཞེས་པ་ཡང་བདེན་པ་གཉིས་ཀྱི་དོན་དམ་ལ་ 3-2-392b བྱས་ན་རྩོད་ལན་མི་འབྲེལ་བས་རིགས་པས་དཔྱད་པ་ཙམ་གྱི་དོན་ནོ། །རྨི་ལམ་གྱི་སྐབས་སུ་རྡུལ་ཚོགས་པའི་ལུས་མལ་ན་གནས་པ་ལ་ཕན་གནོད་ཅི་ཡང་མ་བྱས་ཀྱང་རྨི་ལམ་གྱི་ལུས་ཡུལ་གཞན་དུ་ཕྱིན་པར་སྣང་བ་ལ་ཕན་གནོད་འབྱུང་བར་ སྣང་བ་ན་བདེ་སྡུག་སྐྱེ་བར་མཐོང་བས་བདེ་སྡུག་མྱོང་བ་ལ་རྡུལ་ཕྲན་ཚོགས་པ་མི་དགོས་སོ་ཞེས་རྣམ་པ་དུ་མས་བསྒྲུབས་སོ། །སྤྱིར་བདེ་བ་མྱོང་བ་ལ་རྡུལ་ཚོགས་པའི་ལུས་མི་དགོས་པར་གྲུབ་ན་བྱེ་བྲག་ཏུ་མི་འགྱུར་བའི་བདེ་བ་མྱོང་བ་ལ་ཡང་དེ་མི་ དགོས་པ་འགྲུབ་པའི་དོན་ནོ། །དེ་ལྟར་འབད་པ་དུ་མས་བསྒྲུབས་པའི་དགོས་པ་ནི། འབྲས་བུའི་དུས་སུ་བེམས་པོའི་ཁམས་མ་ལུས་པར་ཟད་ཀྱང་མཆོག་མི་འགྱུར་གྱི་བདེ་བ་མྱོང་བའི་རྟེན་གྱི་ལུས་ནི། སྟོང་གཟུགས་ཀྱི་སྐུས་བྱེད་པ་འགྲུབ་པའི་དོན་ཡིན་ནོ། ། འགྲེལ་པ་སྐོར་གསུམ་དུ་ལན་ཅིག་མ་ཡིན་པར་སྟོང་གཟུགས་སྒྲུབ་པ་ལ་བསྔགས་པ་མཛད་ལ། དེས་ཅི་ཞིག་བྱེད་འདོད་ནས་དེ་ལྟར་གསུངས་པའི་དགོངས་པ་ནི་དེ་ཡིན་པར་ཤེས་པར་བྱོས་ཤིག །སྟོང་གཟུགས་ཀྱང་རང་གི་སེམས་ཙམ་དུ་བསྟན་ པས་སེམས་ལས་དོན་གཞན་པའི་རྟག་པར་འདོད་པ་ནི་མུན་སྤྲུལ་ལོ། །དེ་ལྟར་ཡང་རྒྱུད་ཀྱི་ལེའུ་ལྔ་པ་ལས། ལུས་ནི་དང་ཞིང་རྡུལ་ཕྲན་ཉམས་པ་ནམ་མཁའ་དང་མཚུངས་མཚན་ལ་སོགས་པ་རྣམས་ཀྱིས་རབ་རྫོགས་འགྱུར། ། སྣ་ཚོགས་འཇིག་རྟེན་གསུམ་པོ་ཉིད་ནི་དང་ཞིང་སྒྲིབ་པ་རྣམ་པར་བྲལ་བ་རྨི་ལམ་བཞིན་དུ་སྣང༌། །སྐད་ནི་ཀུན་ནས་ཆད་པ་མེད་ཅིང་དུ་མའི་སྐད་གཞན་དག་གིས་གཞན་གྱི་སྙིང་ལ་འཇུག་པ་སྟེ། །སེམས་ནི་དམ་པའི་བདེ་བས་གང་ཞིང་མི་གཡོ་ཐམས་ 3-2-393a ཅད་དུས་སུ་ལྷན་ཅིག་སྐྱེས་པས་འཁྱུད་པའོ། །ཞེས་སྐུ་གསུང་ཐུགས་ངོས་བཟུང་བ་ན་རྡུལ་ཕྲ་རབ་ཚོགས་པ་ཉམས་པ་སྟེ་ཟད་ཅིང་དང་ཞིང་ཐོགས་པ་མེད་པས་ནམ་མཁའ་དང་འདྲ་བའི་སྟོང་གཟུགས་མཚན་ དཔེས་སྤྲས་པ་སྐུ་དང་མི་འགྱུར་བའི་བདེ་བ་ཐུགས་སུ་བཤད་དོ། །དེས་ན་དུ་བ་ལ་སོགས་པའི་སྟོང་གཟུགས་གཞན་རྣམས་ཀྱང་གོང་ནས་གོང་དུ་གནས་གྱུར་ཏེ་མཐར་ཡེ་ཤེས་ཀྱི་སྐུ་དེ་སྒྲུབ་པར་ཡང་ལེའུ་དེ་ལས་གསུངས་ཏེ། ས་ནི་ཆུ་ལ་རབ་ཏུ་ འཇུག་ཅིང་ཆུ་ཡང་འབར་བྱེད་ལ་སྟེ་གཙང་བར་བྱེད་པ་རླུང་ལའོ། །རླུང་ནི་སྟོང་པ་ལ་སྟེ་སྟོང་པ་ངེས་པར་མཚན་མ་རྣམ་པ་བཅུ་རུ་འགྱུར་ཞིང་མཚན་མ་ནི། །རྣམ་པ་ཐམས་ཅད་པ་རུ་འགྱུར་ཏེ་མི་ཟད་མཆོག་གི་བདེ་བ་གཞོམ་དུ་མེད་པ་ཡེ་ཤེས་སྐུ། ། ཡེ་ཤེས་ལས་ནི་རྫུ་འཕྲུལ་དངོས་གྲུབ་ཏུ་འགྱུར་མི་བདག་སྐྱེས་བུ་རྣམས་ཀྱིས་སྐྱེ་བ་འདི་ཉིད་ལའོ། །ཞེས་གསུངས་སོ། །དེས་ན་གསང་འདུས་འཕགས་ལུགས་པས་བདག་བྱིན་བརླབ་དང་སྒྱུ་ལུས་དང་ཀུན་རྫོབ་བདེན་པ་ཞེས་པ་རྣམས་ཟུང་ འཇུག་གི་འཇའ་ལུས་ཀྱི་སྐུའི་རྒྱུ་ཐུན་མོང་མ་ཡིན་པར་འདོད་ཅིང་། དེ་ལ་བསྔགས་པ་ཆེ་བ་བཞིན་དུ་འགྲེལ་པ་སྐོར་གསུམ་ནས་སྟོང་གཟུགས་ལ་བསྔགས་པ་ཡང་དེའི་དོད་ཡིན་ཏེ། བདེ་མཆོག་སྟོད་འགྲེལ་ལས། སླར་ཡང་རང་བྱིན་བརླབ་པ་སྟེ། ། རྗེས་མཐུན་ཆོ་གའི་རིམ་པ་ཡིས། །ཕྱི་ནས་མཚན་མ་མཚོན་པར་བྱ། །ཞེས་གུར་ལས་གསུངས་པའི་དོན་བཀྲལ་བ་ན་འདིར་རང་བྱིན་གྱིས་བརླབ་པ་ཞེས་བྱ་བ་ནི། སོ་སོར་སྡུད་པས་ཀུན་རྫོབ་ཀྱི་བདེན་པ་མཐོང་བའོ། །མཚན་མ་ཞེས་བྱ་བ་ 3-2-393b ནི། སྤྲིན་དང་དུ་བ་ལ་སོགས་པ་ལྟར་རབ་ཏུ་སྣང་བ་སྟེ་དེ་ཡང་སྒྲོན་མའི་མཐར་ཐུག་པར་དང་པོ་མཐོང་བའོ། །ཞེས་རང་བྱིན་བརླབ་དང་ཀུན་རྫོབ་བདེན་པར་གསུངས་ལ། ནཱ་རོ་པས་ཀྱང༌། གང་ཞིག་བསྒོམ་བྱ་ནི། སོ་སོར་སྡུད་དང་བསམ་གཏན་གྱི་ཡན་ལག་ གིས་བརྟན་པར་བྱས་པ་ཁམས་གསུམ་པ་རབ་ཏུ་གསལ་བའི་བདག་ཉིད་ཀུན་རྫོབ་ཀྱི་བདེན་པ་སྟེ། རྗེས་དྲན་པས་དེའི་རྣལ་འབྱོར་ཡང་དག་སྤྲོ། དེའི་རྣལ་འབྱོར་ནི། ཀུན་རྫོབ་ཀྱི་བདེན་པའི་རྣལ་འབྱོར་ཏེ། ཡང་དག་སྤྲོ་ནི་ནམ་མཁའི་མཐིལ་མཐའ་དག་ ཁྱབ་པར་བལྟ་བར་བྱའོ། །ཞེས་གསུངས་པ་བཞིན་དུ། སྟོང་གཟུགས་ནི་མཐར་མཚན་དཔེས་སྤྲས་པའི་སྐུར་འགྱུར་ལ། དེའི་ཕྱིར་སྟོང་གཟུགས་ཀྱི་རང་བཞིན་མེད་པའི་སྟོང་པ་དོན་དམ་བདེན་པ་ཡིན་ཡང་། སྟོང་གཟུགས་ནི་ཀུན་རྫོབ་ཀྱི་བདེན་པ་ཉིད་ ཡིན་པས། སྒྲུབ་པ་རང་དབང་བའི་རྟག་པར་སྨྲ་བ་ནི། སྟོང་གཟུགས་བསྒྲུབས་པས་ཅི་ཞིག་བྱེད་པ་མ་ཤེས་པའི་བབ་ཅོལ་ལོ། །དེ་ཡང་སྔར་བཤད་པ་ལྟར་དུ་བ་ལ་སོགས་པའི་སྟོང་གཟུགས་རྣམས་གོང་ནས་གོང་དུ་གནས་གྱུར་ཏེ། ཡན་ལག་དྲུག་ པའི་སྐབས་ཀྱི་སྟོང་གཟུགས་ཀྱི་འདོད་ལྷ་ཡབ་ཡུམ་དུ་སྣང་བ་ནི། འབྲས་བུའི་རྡོ་རྗེའི་སྐུའི་ཐུན་མོང་མ་ཡིན་པའི་ཉེ་རྒྱུ་ཡིན་ལ། དེའི་ཚེ་ན་དེ་ལྟར་སྣང་བ་ཙམ་ཡིན་གྱི། ལུས་དངོས་པོ་ལ་སྟོང་གཟུགས་ཀྱི་སྐུར་སོང་བ་མེད་དེ། བེམས་པོའི་ཁམས་རྣམས་མ་ཟད་པའི་ ཕྱིར་རོ། །དེས་ན་སྐུ་དེ་འགྲུབ་པ་ལ་རྡུལ་ཕྲ་རབ་ཚོགས་པའི་ལུས་ཉམས་པར་བྱ་དགོས་པས་དེ་ནི། གསེར་འགྱུར་གྱི་རྩིས་ལྕགས་གསེར་དུ་སྒྱུར་བ་བཞིན་དུ་ལུས་ལ་བྱང་ཆུབ་ཀྱི་སེམས་འཛག་མེད་དུ་བཅིངས་པས་བེམས་པོའི་ཁམས་རྣམས་ཟད་པར་བྱེད་ 3-2-394a དེ་ལེའུ་ལྔ་པའི་འགྲེལ་ཆེན་ལས། ཇི་ལྟར་མེ་ཡིས་དངུལ་ཆུ་བཅིངས་པས་ལྕགས་ཐམས་ཅད་གསེར་དུ་བྱེད་དོ། །དེ་བཞིན་དུ་ཆོས་འབྱུང་གི་སྦྱོར་བས་བྱང་ཆུབ་ཀྱི་སེམས་བཅིངས་པས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་ པ་སྒྲིབ་པ་མེད་པར་བྱེད་དོ། །ཞེས་དང༌། ཇི་ལྟར་དངུལ་ཆུ་བསྐོལ་བ་ནི། ལྕགས་དང་རིན་པོ་ཆེ་རྣམས་ཟོས་ཤིང་དེ་རྣམས་ཀྱི་ཚོན་ཆེན་པོ་བཟུངས་ནས་གནས་ཏེ་བེམས་པོའི་ཁམས་ཉིད་ནི་མ་ཡིན་ནོ། །ཚོན་ཆེན་པོ་དེས་ལྕགས་གང་ལ་རེག་པའི་ལྕགས་ དེ་ནི་དྲི་མ་དང་བྲལ་བར་འགྱུར་ཞིང་རྡོ་རྣམས་རིན་པོ་ཆེར་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་བསྒོམས་པ་ནི། ཕུང་པོ་དང་ཁམས་དང་སྐྱེ་མཆེད་སྲོག་དང་བཅས་པ་རྣམས་ཟོས་ཤིང་དེ་རྣམས་ཀྱི་ཚོན་ཆེན་པོ་བཟུངས་ནས་གནས་ཏེ་བེམས་པོ་ཉིད་ནི་ མ་ཡིན་ནོ། །ཞེས་གསུངས་སོ། །འཕགས་ལུགས་པས་སེམས་འོད་གསལ་ལ་བཤད་པའི་དོན་ནི། མི་འགྱུར་བའི་བདེ་བ་ཡིན་ནོ། །བདེ་སྟོང་ཁྱད་པར་བའི་སྟོང་པ་ཀུན་རྫོབ་པའི་སྐུ་དང་བདེ་བ་དོན་དམ་པ་ལ་ཞུགས་པའི་ཡེ་ཤེས་ཡིན་པས་ གཞུང་གཞན་ནས་བཤད་པའི་བདེ་སྟོང་གི་ངོས་འཛིན་དང་ཅུང་མི་འདྲའོ། །བྱང་ཆུབ་ཀྱི་སེམས་ལུས་ལ་འཛག་མེད་དུ་བཅིངས་པས་མི་འགྱུར་བའི་བདེ་བ་རྫོགས་པ་ན་བེམས་པོའི་ཁམས་ཐམས་ཅད་ཟད་པར་འགྱུར་བས་ཁུ་བ་ཉིད་ཀྱང་མི་གནས་ ཏེ། དེའི་ཚེ་ཁུ་བ་བདེ་བའི་རྟེན་དང་བདེ་བ་དེ་ལ་བརྟེན་པའི་འབྲེལ་བ་འཇིག་དགོས་པའི་ཕྱིར་ཏེ། དབང་མདོར་བསྟན་ལས། རྟེན་དང་བརྟེན་པའི་འབྲེལ་བ་ནི། །ཇི་སྲིད་མི་འགྱུར་ཉིད་དུ་འགྱུར། །སེམས་ཀྱིས་མི་འགྱུར་ཉིད་ཐོབ་ན། །རྟེན་དང་བརྟེན་པའི་འབྲེལ་ 3-2-394b བ་མེད། །ཅེས་གསུངས་ཏེ། གཙུག་ཏོར་དུ་ཁུ་བ་མ་རྫོགས་ཀྱི་བར་དུ་རྟེན་དང་བརྟེན་པའི་འབྲེལ་བ་ཡོད་ལ། རྫོགས་ནས་འགྱུར་མེད་ཐོབ་པའི་ཚེ་མེད་པའོ། །དེས་ན་སྟོང་གཟུགས་ཀྱི་རྡོ་རྗེའི་སྐུར་འཇའ་ཚོན་བཞིན་དུ་སོང་བ་ལ་གྲོད་པའོ་མས་བཀང་ པ་བཞིན་དུ་མ་འཛིན་ཅིག །གཉིས་པ་ནི། ཅིའི་ཕྱིར་རྫོགས་རིམ་ལ་ཡན་ལག་དྲུག་ཏུ་བཞག་གི་མང་བ་དང་ཉུང་བར་མ་བཞག་སྙམ་ན། ཐོབ་བྱ་སངས་རྒྱས་ལ་སྐུ་གསུང་ཐུགས་གསུམ་ཡོད་པས་དེ་སྒྲུབ་བྱེད་ཀྱི་རྫོགས་རིམ་ཡང་ཡན་ལག་དྲུག་ ཏུ་ངེས་ཏེ། སོར་བསམ་གཉིས་ཀྱིས་མ་གྲུབ་པ་སྒྲུབ་ཅིང་གྲུབ་ཟིན་བརྟན་པར་བྱས་པའི་སྟོང་གཟུགས་ཀྱིས་སྔར་བཤད་པ་ལྟར་རྒྱལ་བའི་མཚན་དཔེའི་སྐུ་སྒྲུབ་ལ། སྲོག་འཛིན་གཉིས་ཀྱིས་ངག་གི་རྩ་བ་རླུང་ལ་དབང་ཐོབ་པར་བྱས་ནས་རྒྱལ་ བའི་རྣམ་པ་ཐམས་ཅད་པའི་གསུང་སྒྲུབ་ཅིང༌། རྗེས་དྲན་ནི། མི་འགྱུར་བའི་བདེ་བའི་ཉེ་རྒྱུ་དང་ཏིང་ངེ་འཛིན་མི་འགྱུར་བའི་བདེ་བའི་ངོ་བོ་ཡིན་པས་རྒྱལ་བའི་ཐུགས་སྒྲུབ་བྱེད་ཡིན་པའི་ཕྱིར་རོ། །དེས་ན་གཉིས་ཚན་དེ་དག་རེ་རེ་ལ་རིམ་པ་བཞིན་ དུ་སྐུ་རྡོ་རྗེ་དང་གསུང་རྡོ་རྗེ་དང་ཐུགས་རྡོ་རྗེའི་ཏིང་ངེ་འཛིན་དུ་ཡང་གསུངས་སོ། །སློབ་པའི་སྐབས་སུ་རྡོ་རྗེ་གསུམ་གྱི་ཏིང་ངེ་འཛིན་ཁྱད་པར་བ་དུས་གཅིག་ཏུ་ཚོགས་པ་ནི། ཏིང་ངེ་འཛིན་གྱི་ཡན་ལག་ཐོབ་ནས་འོང་ངོ༌། །ཡན་ལག་དྲུག་གི་གྲངས་ ངེས་པ་དེ་ལྟར་ཡིན་ན་གོ་རིམས་ངེས་པའི་རྒྱུ་མཚན་ཇི་ལྟར་ཡིན་སྙམ་ན། སྔར་བཤད་པའི་འབྲས་བུའི་བདེ་སྟོང་དབྱེར་མེད་ནི། རང་དང་རྗེས་སུ་མཐུན་པའི་རྒྱུས་སྒྲུབ་དགོས་ལ་དེ་ཡང་རང་ཉིད་སྟོང་གཟུགས་ཀྱི་འདོད་ལྷ་ཡབ་ཡུམ་དུ་སྣང་བའི་ཡུམ་ལ་ 3-2-395a རྗེས་སུ་ཆགས་པ་ལས་རང་གི་སེམས་གཟུང་འཛིན་གྱིས་སྟོང་པའི་དེ་ཁོ་ན་ཉིད་ལ་ཞུགས་པའི་མི་འགྱུར་བའི་བདེ་བ་ཐོབ་པ་གཉིས་ཟུང་དུ་སྦྲེལ་ནུས་པའི་ཏིང་ངེ་འཛིན་གྱི་ཡན་ལག་ཡིན་ཏེ། བདེ་མཆོག་སྟོད་འགྲེལ་ ལས། ཏིང་ངེ་འཛིན་ཞེས་བྱ་བ་ནི། འདོད་པའི་ལྷ་ལ་རྗེས་སུ་ཆགས་པ་ལས་གང་ཞིག་འགྱུར་བ་མེད་པའི་བདེ་བ་ཐོབ་པ་སྟེ། དེ་ལ་གཅིག་ཏུ་འགྱུར་བའི་སེམས་གཟུང་བ་དང་འཛིན་པ་དང་བྲལ་བ་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཏིང་ངེ་ འཛིན་གྱི་ཡན་ལག་ཏུ་བརྗོད་དོ། །ཞེས་གསུངས་སོ། །དེ་སྐྱེ་བ་ནི་རྗེས་དྲན་ལ་རག་ལས་ཏེ། རྗེས་དྲན་གྱི་སྐབས་ཀྱི་གཏུམ་མོས་བཞུས་པའི་བྱང་སེམས་སྤྱི་བོ་ནས་ནོར་བུའི་བར་དུ་འོངས་པ་ལས་དགའ་བ་བཞི་སྐྱེ་བའི་བཞི་པ་ལྷན་ཅིག་སྐྱེས་ དགའ་ནི། མི་འགྱུར་བའི་བདེ་བ་ཏིང་ངེ་འཛིན་གྱི་ཡན་ལག་ཡིན་པའི་ཕྱིར་རོ། །དེའི་ཚེ་ཡང་མ་བརྟགས་པའི་སྟོང་གཟུགས་ཀྱི་ལྷར་སྣང་བ་འབྱུང་སྟེ། བདེ་མཆོག་སྟོད་འགྲེལ་ལས། དེ་ནས་ལྷའི་གཟུགས་བརྙན་སྒྲུབ་པ་ལ་ཞེས་པ་འཛིན་པའི་སྟོབས་ ཀྱིས་ལྟེ་བའི་གནས་སུ་གཏུམ་མོ་འབར་བ་རྣལ་འབྱོར་པས་མཐོང་སྟེ། སྒྲིབ་པ་ཐམས་ཅད་དང་བྲལ་བ་པྲ་ཕབ་པ་ལྟ་བུ་ཕྱག་རྒྱ་ཆེན་པོ་སངས་རྒྱས་ཀྱི་འོད་ཟེར་གྱི་སྤྲིན་མཐའ་ཡས་པ་སྤྲོ་བར་བྱེད་པ་འོད་ཀྱི་དཀྱིལ་འཁོར་གྱིས་རྣམ་པར་སྤྲས་པ་དེའི་ རྗེས་སུ་དྲན་པའི་ཡན་ལག་སྒྲུབ་པར་བརྗོད་དོ། །ཞེས་གསུངས་སོ། །རྗེས་དྲན་གྱི་སྐབས་སུ་སྒྲུབ་ཐབས་ལེའུ་ལས། གང་ཞིག་མཁའ་ཡི་ཤེས་རབ་ལ་འཁྱུད་ལྷན་སྐྱེས་བདེ་བར་གནས་པའི་རང་སེམས་དེ་ནི་ཐར་པ་སྟེར། །ཞེས་གསུངས་ཤིང་ 3-2-395b གཙོ་བོའི་སྒྲུབ་ཐབས་དབང་པོའི་སྒོ་ནས་གསུམ་དུ་ཕྱེ་བའི་ཕྱག་རྒྱ་ཆེན་མོ་ནི་སྟོང་གཟུགས་གང་བྱུང་མིན་གྱི། སྣ་ཚོགས་ཡུམ་ལྟ་བུའི་རིག་མར་ཤར་བ་དགོས་ལ། འོན་ཀྱང་དེས་བདེ་བ་སྤེལ་མ་ནུས་ན་ཐབས་གཞན་གྱིས་ཀྱང་བྱ་དགོས་ཏེ། འགྲེལ་ཆེན་ལས། ཅི་སྟེ་གཟུགས་ཀྱི་སྒོ་ནས་དགའ་བར་མ་གྱུར་ན་དེའི་ཚེ་པདྨར་རྡོ་རྗེ་དག་གི་སྒྲའམ་ཞེས་པ་དལ་བུ་དག་གིས་བྱའོ། །ཞེས་གསུངས་པ་བཞིན་ནོ། །དེ་འདྲ་བའི་རྗེས་དྲན་སྐྱེ་བ་ནི། འཛིན་པས་དབུ་མའི་ནང་དུ་རླུང་གཡོ་མེད་དུ་འཛིན་པ་ལ་རག་ལས་ཏེ་དེའི་ མཐུས་གཏུམ་མོ་སྦར་ནས་ཁམས་བཞུ་དགོས་པའི་ཕྱིར་རོ། །འཛིན་པ་དེ་ཡང་སྲོག་རྩོལ་གྱི་རྣལ་འབྱོར་གྱིས་རོ་རྐྱང་གི་རླུང་དབུ་མར་ཚུད་པ་ལ་བལྟོས་ཏེ་དེར་མ་ཚུད་ན་དེའི་ནང་དུ་གཟུང་བར་མི་ནུས་པའི་ཕྱིར་རོ། །གཡས་གཡོན་གྱི་རླུང་དབུ་མར་ ཚུད་པ་ཡང་སོར་བསམ་གྱིས་དབུ་མ་སྦྱངས་པ་ལ་བལྟོས་ཏེ་དེའི་ཕྱིར་གོ་རིམས་ངེས་སོ། །དབུ་མ་སྦྱངས་པའི་གོ་བ་ནི། སོར་སྡུད་ཀྱིས་རྟགས་བཅུ་གཅིག་པོ་བསྒྲུབས་པ་བསམ་གཏན་གྱིས་བརྟན་པར་བྱས་པས་རླུང་ཅུང་ཟད་ལས་སུ་རུང་ནས་གཡས་ གཡོན་གྱི་རླུང་རང་ཤུགས་ཀྱིས་དབུ་མར་འགྲོ་བ་རྩོམ་པ་ཡིན་ལ། མཚམས་དེ་ནས་གཡས་གཡོན་གྱི་རྒྱུ་བ་འགོག་པའི་སྦྱོར་བ་བྱས་ན་གནད་དུ་འགྲོ་ཡི། དེའི་གོང་དུ་བྱས་ཀྱང་མི་འགྲོ་བས་ཡན་ལག་དང་པོ་གཉིས་ནི་སྲོག་རྩོལ་སྒོམ་པའི་ཚད་ འཛིན་ནོ། །དེའི་ཕྱིར་རྟགས་བཅུ་གཅིག་པོ་མ་བྱུང་བའམ་བྱུང་ཡང་མི་བརྟན་ན་ཡན་ལག་དང་པོ་གཉིས་ལ་འབད་དགོས་ཀྱི། བྱུང་ནས་བརྟན་ན་དེ་ཉིད་ཀྱིས་ནུས་པ་རྫོགས་པས་མཚམས་དེ་ནས་སྲོག་རྩོལ་བསྒོམ་དགོས་པ་ཡིན་གྱི་སླར་ཡང་དེ་ཙམ་ 3-2-396a ཞིག་ལ་གོམས་པར་བྱེད་ནས་ཚིགས་མ་ཕྱེད་པ་ཡིན་ནོ། །དེ་བཞིན་དུ་གཡས་གཡོན་གྱི་རླུང་གི་རྒྱུ་བ་བཀག་ནས་དབུ་མར་ཚུད་པ་བརྟན་པོ་ཞིག་བྱུང་ན་སྲོག་རྩོལ་གྱི་ནུས་པ་དེས་རྫོགས་པས་དེ་ནས་འཛིན་པ་སྒོམ་དགོས་ ཏེ་དབུ་མའི་ནང་དུ་བརྟན་པར་གནས་པ་ནི་སྲོག་རྩོལ་གྱི་ལག་རྗེས་མིན་གྱི། འཛིན་པས་བསྒྲུབ་དགོས་པའི་ཕྱིར་རོ། །དེ་ནས་རླུང་དབུ་མར་ཚུད་པ་དང་བཙུད་པ་དེར་གནས་པ་བྱུང་བ་ན་རྗེས་དྲན་གྱི་གཏུམ་མོའི་རྣལ་འབྱོར་གྱི་མཐུས་གཏུམ་མོ་འབར་ ནས་ཁམས་ཞུ་བ་རྡོ་རྗེའི་རྩེ་མོའི་བར་དུ་འོངས་ནས་ཕྱིར་མ་འཕོས་པ་ན་ལྷན་སྐྱེས་མི་འགྱུར་བའི་བདེ་བ་འགྲུབ་བོ། །དེ་དག་གི་དོན་བསྡུ་ན་ཡན་ལག་དང་པོ་གཉིས་ཀྱིས་རྡོ་རྗེའི་སྐུའི་རྒྱུ་གཟུགས་བསྒྲུབས་པའི་སྒོ་ནས་དབུ་མ་སྦྱངས་གསུམ་པས་ སྦྱངས་པའི་དབུ་མའི་ནང་དུ་གཡས་གཡོན་གྱི་རླུང་གཉིས་བཅུག །བཞི་པས་བཅུག་པ་དེ་དེར་ཕྱི་ནང་དུ་འབྱུང་འཇུག་མི་བྱེད་པར་བཟུངས། ལྔ་པས་བཟུངས་པ་དེ་ལ་བརྟེན་ནས་ཕྱག་རྒྱ་གསུམ་གང་རུང་བསྒོམས་པས་བྱང་སེམས་བཞུས་ནས་ཕབ་པ་ཕྱིར་ མ་འཕོས་པར་བཟུངས་པས་འགྱུར་མེད་ཀྱི་བདེ་བ་བསྒྲུབས། དྲུག་པས་ཡན་ལག་སྔ་མ་གཉིས་ཀྱིས་བསྒྲུབས་པའི་གཟུགས་དེ་ལས་རང་འདོད་ལྷ་ཡབ་ཡུམ་གྱི་སྟོང་གཟུགས་ཀྱི་སྐུར་བྱས་ཏེ་ཕྱག་ཆེན་ལ་རྗེས་སུ་ཆགས་ནས། མི་འགྱུར་བའི་བདེ་ བ་ཐོབ་པ་དེ་གོང་ནས་གོང་དུ་སྤེལ་བས་མཐར་བེམས་པོའི་ཕུང་སོགས་ཐམས་ཅད་ཟད་དེ། ལུས་སྟོང་གཟུགས་རྡོ་རྗེའི་སྐུ་དང་ཐུགས་དངོས་པོའི་དེ་ཁོ་ན་ཉིད་ལ་དུས་ཀུན་ཏུ་མཉམ་པར་བཞག་པའི་མི་འགྱུར་བའི་བདེ་བ་གཉིས་ཟུང་དུ་འཇུག་ 3-2-396b པའི་སྐུ་འཐོབ་པ་འདི་འགྲེལ་པ་སྐོར་གསུམ་གྱི་གནད་བསྡུས་པའི་སྙིང་པོར་ཤེས་པར་གྱིས་ཤིག །སྔར་བཤད་པ་ལྟར་འདིའི་སྟོང་གཟུགས་ཀྱི་སྐུ་དང་མི་འགྱུར་བའི་བདེ་བ་གཉིས་དང་འཕགས་ལུགས་པའི་སྒྱུ་ལུས་དང༌འོད་གསལ་གཉིས་ཕན་ ཚུན་དུ་དོད་རྩི་ན་རུང་གི། འདིའི་སོར་སྡུད་ཀྱི་མཐོང་སྣང་དང་འཕགས་ལུགས་པའི་སྒྱུ་ལུས་གཉིས་དོན་གཅིག་ཏུ་འདོད་པ་མི་འཐད་དེ། འདིའི་སོར་སྡུད་ནི་རླུང་གི་རྣལ་འབྱོར་གྱི་སྔོན་འགྲོ་ཡིན་ལ། སྒྱུ་ལུས་ནི་ངག་དབེན་གྱིས་རླུང་ལ་དབང་ཐོབ་ནས་ སྟོང་པ་གསུམ་གྱི་མཐར་རླུང་སེམས་ལས་གྲུབ་པའི་སྐུ་ཡིན་པས་ངོ་བོ་དང་གནས་སྐབས་གཉིས་གང་ཡང་དོན་མི་གཅིག་པའི་ཕྱིར་རོ། །དེ་བཞིན་དུ་འདིའི་མི་འགྱུར་བའི་བདེ་བ་ཡང་མཐོང་ལམ་གྱི་སྔོན་དུ་འཐོབ་ལ། འོད་གསལ་ནི་བདེན་པ་མངོན་ སུམ་དུ་རྟོགས་པ་ནས་འཇོག་པའི་ཕྱིར་ཏེ། སེམས་གསུམ་དག་པར་བཤད་པས་གཉིས་སྣང་ཕྲ་མོ་ཡང་དག་པའི་ཕྱིར་རོ། །རྒྱུད་ཀྱི་རྡོ་རྗེའི་ཚིག་རེ་རེ་ལ་ཡང་བཤད་པ་མི་འདྲ་བ་དུ་མ་ཡོད་པས་དོན་གཅིག་ཏུ་བཤད་དགོས་པ་ཡང་མིན་ལ་ཕན་ ཚུན་འགལ་བ་ཡང་མིན་ནོ། །དེའི་ཕྱིར་ནཱ་རོ་པས་ཀྱང་དབང་མདོར་བསྟན་གྱི་འགྲེལ་པར་འདུས་པའི་རྒྱུད་ཕྱི་མའི་སྦྱོར་དྲུག་རྣམས་དུས་འཁོར་ཇི་བཞིན་དུ་བཤད་ལ། འདུས་པའི་རྒྱུད་ཕྱི་མའི་འགྲེལ་པར་ནི་སྒྲོན་གསལ་ཇི་བཞིན་དུ་བཤད་དོ། ། གསུམ་པ་ལ་གཉིས། མི་འགྱུར་བའི་བདེ་བས་བདག་མེད་རྟོགས་པའི་ཚུལ་དང༌། ཅིར་ཡང་མི་འཛིན་པའི་བསམ་མེད་དུས་འཁོར་བའི་ལུགས་ཡིན་པ་དགག་པའོ། །དང་པོ་ནི། མི་འགྱུར་བའི་བདེ་བ་ཞེས་གསུངས་པའི་མི་འགྱུར་བ་ནི་རྒྱུ་རྐྱེན་གྱིས་ 3-2-397a བསྐྱེད་པར་མི་ནུས་པ་མིན་གྱི། ཁམས་ཕྱི་རོལ་ཏུ་འཕོ་བ་ནི་འགྱུར་བར་ལན་མང་པོར་གསུངས་པས། ཁམས་འཛག་མེད་དུ་བཅིངས་པ་ནི་མི་འགྱུར་བའོ། །དེ་ལས་སྐྱེས་པའི་བདེ་བ་ཡང་ཐིག་ལེ་ལུས་ལ་བཅིངས་པའི་ཚེ་ ལུས་ཀྱི་ནང་གི་རེག་བྱ་ཡིད་དུ་འོང་བ་ལས་ལུས་ཚོར་བདེ་བ་དང༌། དེས་དེ་མ་ཐག་རྐྱེན་བྱས་པས་ཡིད་ཚོར་སིམ་པ་མྱོང་བའི་ཚོར་བའི་བདེ་བ་ཙམ་དང་ཚོར་བའི་བདེ་བ་རྒྱུར་བྱས་པ་ལ་བརྟེན་ནས་སྐྱེས་པའི་མི་རྟོག་པ་ཙམ་གྱི་ཏིང་ངེ་འཛིན་མིན་གྱི། ཆོས་རྣམས་ལ་རང་བཞིན་མེད་པར་ཕུ་ཐག་ཆོད་པའི་ལྟ་བས་ཉེར་ལེན་གྱི་རྒྱུ་བྱས་ཁམས་འཛག་མེད་དུ་བཅིངས་པས་ལྷན་ཅིག་བྱེད་པའི་རྐྱེན་བྱས་པ་ལས་སྐྱེས་པའི་དེ་ཁོ་ན་ཉིད་ཀྱི་དོན་རྟོགས་པའི་བདེ་བ་ཡིན་ནོ། །དེའི་ཕྱིར་རྒྱུད་འདིར་བདེ་བ་ ལ་དམིགས་མེད་དུ་གསུངས་ཤིང་སྟོང་གཟུགས་དམིགས་བཅས་སུ་གསུངས་ལ་ལེའུ་ལྔ་པའི་འགྲེལ་ཆེན་ལས་ཀྱང༌། སྟོང་པ་ནི་ཆོས་རྣམས་ལ་སྐྱེ་བ་དང་འགག་པ་མེད་པའི་རང་གི་སེམས་ཀྱི་སྣང་བའོ། །ཡེ་ཤེས་ནི་དེ་རབ་ཏུ་རྟོགས་པ་ མི་འགྱུར་བའི་བདེ་བའོ། །ཞེས་སྟོང་གཟུགས་དེ་ཁོ་ནར་སྐྱེ་འགག་གི་ངོ་བོས་སྟོང་པའི་རང་བཞིན་མེད་པའི་ཆོས་ཉིད་རྟོགས་པ་ལ་མི་འགྱུར་བའི་བདེ་བར་གསུངས་སོ། །གཞན་ཡང་ཤིང་རྟ་ཆེན་པོའི་ལུགས་གང་ལའང་དོན་གང་རྟོགས་ནས་ གོམས་པར་བྱས་པས། འཁོར་བར་འཆིང་བའི་རྩ་བ་བག་ཆགས་དང་བཅས་པ་མ་ལུས་པར་དག་པར་བྱེད་ནུས་པའི་རྟོགས་བྱའི་དོན་དེ་རྟོགས་པ་ལ་ཟབ་དོན་དང་དམིགས་མེད་ཀྱི་དོན་རྟོགས་པར་འཇོག་པ་ཡིན་ལ། འདི་པའི་ལུགས་ཀྱིས་ཀྱང་ 3-2-397b འཁོར་བར་འཆིང་བའི་རྩ་བ་བདག་འཛིན་དུ་བཞེད་པས། དེས་བཟུངས་བའི་བདག་མེད་པའི་དོན་རྟོགས་པ་ཉིད་ཀྱིས་འཁོར་བའི་འཆིང་བ་བག་ཆགས་དང་བཅས་པ་དག་པར་བྱ་དགོས་པའི་ཕྱིར་རོ། །དེ་ལྟར་ཡང་ལེའུ་ལྔ་པའི་འགྲེལ་ཆེན་ལས་འདོད་ཆགས་ཀྱི་ འཕོ་བའི་བག་ཆགས་ཀྱི་དབང་གིས་འཁོར་བར་འཁོར་ན་མ་རིག་པའི་དབང་གིས་འཁོར་བར་གསུངས་པ་འགལ་ལོ་ཞེས་པའི་ལན་དུ། མ་རིག་པ་ནི། འདིར་སེམས་ཅན་རྣམས་ཀྱི་ཐོག་མ་མེད་པའི་འདོད་ཆགས་ཀྱི་བག་ཆགས་སོ། །ཞེས་གསུང་རབ་གཞན་ ནས་མ་རིག་པ་དང་རྒྱུད་འདིར་འདོད་ཆགས་ཀྱི་འཕོ་བའི་བག་ཆགས་འཁོར་བའི་རྩ་བར་བཤད་པ་གཉིས་དོན་གཅིག་ཏུ་གསུངས་ལ། ལེའུ་གཉིས་པར་སྒྱུ་མས་རྨོངས་པར་བྱས་པའི་མཐའ་དག་འགྲོ་བ་འདི་ནི་སྡུག་བསྔལ་དག་ལས་སྡུག་བསྔལ་འཛིན་པར་ བྱེད། ཅེས་གསུངས་པའི་འགྲེལ་ཆེན་ལས། འདིར་འཁོར་བའི་སྒྱུ་མ་ངར་འཛིན་པ་དང་ང་ཡིར་འཛིན་པའི་བདག་ཉིད་ཅན་གྱིས་རྨོངས་པར་བྱས་པ་ནི། དམྱལ་བ་དང་ཡི་དྭགས་དང་དུད་འགྲོའི་སྡུག་བསྔལ་དག་ལས་སྡུག་བསྔལ་འཛིན་པར་བྱེད་པའོ། ། ཞེས་བདག་དང་བདག་གིར་འཛིན་པས་རྨོངས་པར་བྱས་པར་གསུངས་པས་འཇིག་ལྟ་ལ་བཞེད་པ་ཡིན་ཏེ། དེ་ཉིད་སྲེད་པའི་ས་བོན་ཡིན་པས་འདོད་ཆགས་ཀྱི་བག་ཆགས་སུ་ཡང་གསུངས་སོ། །འཁོར་བའི་རྩ་བ་བདག་འཛིན་ཡིན་པ་འདི་ཐེག་པ་ཆེ་ ཆུང་སྔགས་མཚན་ཉིད་ཐམས་ཅད་ཀྱི་ལུགས་ཡིན་པས། བདག་མེད་རྟོགས་པའི་ཤེས་རབ་ནི་འཁོར་བར་འཆིང་བའི་རྩ་བ་གཅོད་བྱེད་དུ་ཆེས་ཤིན་ཏུ་གསལ་བ་ཡིན་ནོ། །དེ་བས་ན་ལེའུ་བཞི་པའི་འགྲེལ་ཆེན་ལས། དེ་ནས་རྩ་བ་གསུམ་དྲན་པར་བྱ་སྟེ་ 3-2-398a བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་བསམ་པ་རྣམ་པར་དག་པ་དང་བདག་ཏུ་འཛིན་པ་དང་བདག་གིར་འཛིན་པ་ཡོངས་སུ་སྤོང་བའོ། །ཞེས་བདག་འཛིན་སྤོང་བའི་ལམ་བདག་མེད་རྟོགས་པའི་ཤེས་རབ་ལམ་གྱི་རྩ་བར་གསུངས་ལ། དབུ་མ་པ་རྣམས་ཀྱིས་འགྱུར་བ་མེད་པའི་གཉིས་སུ་མེད་པའི་ཡེ་ཤེས་སྒོམ་པ་ན་བདག་མེད་པ་གཉིས་ཀྱི་སྒོ་ནས་སྒོམ་པར་ཡང་གསུངས་ཏེ། ལེའུ་ལྔ་པའི་འགྲེལ་ཆེན་ལས། དབུ་མ་པ་རྣམས་ལ་རྨི་ལམ་ལྟ་བུར་འགྱུར་བ་མེད་ཅིང་གཉིས་སུ་མེད་པའི་ ཡེ་ཤེས་སྒོམ་པ་སྟེ། དེ་ལྟར་གང་ཟག་ལ་བདག་མེད་པ་དང་ཆོས་ལ་བདག་མེད་པའོ། །ཞེས་གསུངས་སོ། །གང་ཟག་གི་བདག་འགོག་པ་ནི། ལེའུ་གཉིས་པ་ལས་གསུངས་ཤིང་། ཆོས་བདག་འགོག་པའི་རིགས་པ་ཡང་ལེའུ་གཉིས་པའི་འགྲེལ་ཆེན་ ལས། དེའི་ཕྱིར་དབུ་མ་པས་སྨྲས་པ། །རྣམ་པར་ཤེས་པ་དོན་དམ་ཡོད། །དེ་ཡང་མཁས་རྣམས་མི་འདོད་དེ། །གཅིག་དང་དུ་མའི་རང་བཞིན་དང༌། །བྲལ་བས་ནམ་མཁའི་པདྨོ་བཞིན། །ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་མིན་ པའང་མིན། །མཐའ་བཞི་རྣམ་པར་གྲོལ་བ་ཡི། །དེ་ཉིད་དབུ་མ་པ་ཡིས་རིག །ཅེས་གཅིག་དུ་བྲལ་གྱི་རིགས་པ་དང༌། དེའི་ཕྱིར་འབྲས་བུ་ནི། རང་ལས་མ་ཡིན་གཞན་ལས་མ་ཡིན་གཉིས་ཀ་ལས་མ་ཡིན་རྒྱུ་མེད་པ་ཅན་ཡང་མ་ཡིན་ནོ། །ཞེས་རྡོ་རྗེ་ གཟེགས་མའི་རིགས་པ་ལ་སོགས་པ་དབུ་མའི་གཞུང་རྣམས་ནས་འབྱུང་བ་བཞིན་དུ་གསུངས་ལ། རྒྱུད་དང་འགྲེལ་པར་བདག་མེད་མདོར་བསྡུས་ནས་གསུངས་པས་གཞུང་གཞན་ལས་ཤེས་དགོས་པར་ཡང་གསུངས་ཏེ། ལེའུ་གཉིས་པའི་འགྲེལ་ 3-2-398b ཆེན་ལས། བདག་མེད་པ་ལ་སོགས་པ་གྲུབ་པའོ། །འདི་ནི་མདོར་བསྡུས་པས་གསུངས་པ་སྟེ་རྒྱས་པར་ལུང་རྒྱ་ཆེན་པོ་ལས་ཤེས་པར་བྱའོ། །ཞེས་གསུངས་སོ། །གཞན་ཡང་འགྲེལ་ཆེན་ལས། རྡོ་རྗེ་ནི་མི་ཕྱེད་པ་དང་མི་ཆོད་པ་ཆེན་པོ་ཡིན་ལ་དེ་ཉིད་ ཐེག་པ་ཡིན་པ་ནི་རྡོ་རྗེ་ཐེག་པ་སྟེ། སྔགས་ཀྱི་ཚུལ་དང་ཕ་རོལ་ཏུ་ཕྱིན་པའི་ཚུལ་འབྲས་བུ་དང་རྒྱུའི་བདག་ཉིད་གཅིག་ཏུ་འདྲེས་པར་གྱུར་པའོ་ཞེས་གསུངས་ལ། དབང་མདོར་བསྟན་སྔར་དྲངས་པ་ལྟར་སྔགས་ཀྱི་ཚུལ་འབྲས་བུ་ནི་མི་འགྱུར་བའི་ བདེ་བ་ཡིན་ལ། ཕ་རོལ་ཏུ་ཕྱིན་པའི་ཚུལ་ནི། སྣང་ལ་རང་བཞིན་མེད་པ་ངེས་པའི་སྟོང་པ་ཡིན་པས། དུས་འཁོར་པའི་ལུགས་ཀྱིས་རིགས་པས་གཏན་ལ་ཕབ་པའི་སྟོང་ཉིད་མི་འདོད་ཅེས་པ་དང་དབུ་མའི་རིགས་ཚོགས་དང་མཐུན་པའི་ལྟ་བ་མི་འདོད་ཅེས་ པ་ནི་རྒྱུད་འགྲེལ་གྱི་དོན་ལོག་པར་འཆད་པ་ཡིན་ནོ། །དེའི་ཕྱིར་ཤེས་རབ་ཅན་གྱིས་ནི། སྟོང་གཟུགས་ཡོད་མེད་དང་རྟག་ཆད་ཀྱི་མཐའ་དང་བྲལ་བ་དང་སྒྱུ་མ་དང་རྨི་ལམ་ལ་སོགས་པ་བཞིན་དུ་ལན་ཅིག་མ་ཡིན་པར་གསུངས་པ་རྣམས་ཀྱི་དོན་འཕགས་ པ་ཡབ་སྲས་ཀྱི་དབུ་མའི་གཞུང་ནས་འབྱུང་བ་བཞིན་དུ། དོན་དམ་པར་མཐའ་ཐམས་ཅད་དང་བྲལ་བ་དང་ཐ་སྙད་དུ་རང་བཞིན་མེད་པ་ལ་བཅིངས་གྲོལ་ལ་སོགས་པའི་བྱ་བྱེད་ཐམས་ཅད་འཐད་པ་སྒྱུ་མ་ལྟ་བུའི་ཚུལ་གྱིས་མཐར་འཛིན་གྱི་འཆིང་བ་ བཅད་ནས་ཐར་པར་བགྲོད་པར་བྱའི་ཆོས་ཀྱི་བདག་ཏུ་འཛིན་པའི་བདེན་འཛིན་བརྟན་དུ་མི་གཏོང་ངོ༌། །གཉིས་པ་ནི། དེ་ལྟར་བདག་མེད་པའི་གོ་བ་བཙལ་ནས་ལྟ་བས་གཏན་ལ་ཕབ་པའི་དོན་ངེས་པའི་ངེས་ཤེས་ཀྱི་རྒྱུན་སྐྱོང་རྒྱུ་མེད་པར། གང་དུ་བཟུངས་ 3-2-399a ཀྱང་རྟོག་པའི་འཛིན་སྟངས་ཡིན་པས་ཅིར་ཡང་མི་བསམ་པ་ནི་དུས་འཁོར་བའི་ལུགས་ཡིན་ནོ་ཞེས་སྨྲ་བ་ནི། རྒྱུད་འགྲེལ་གྱི་དོན་ལོག་པར་འཆད་པ་ཡིན་ཏེ། ལྔ་པའི་འགྲེལ་ཆེན་ལས་དེ་ལ་སྒོས་སུ་དགག་པ་མཛད་པའི་ ཕྱིར་རོ། །དེ་ཡང་ཐོག་མར་འདོད་པ་དེའི་ཕྱོགས་སྔ་གསུངས་པ་ནི། ཇི་སྐད་དུ། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་དེ་བཞིན་གཤེགས་པའི་ཡེ་ཤེས་བསམ་པ་མེད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཐོབ་པའི་སླད་དུ་བཅོམ་ ལྡན་འདས་ཀྱིས་གསུངས་པའོ། །བསམ་པ་ནི་མ་ཡིན་ཏེ་གང་གི་ཕྱིར་ཆགས་པ་དང་ཆགས་པ་དང་བྲལ་བའི་རང་བཞིན་གྱི་ཕྱིར་རོ། །འདིར་གང་གི་ཚེ་སེམས་ཅན་རྣམས་ཀྱི་བསམ་པ་རབ་ཏུ་འཇུག་པ་དེའི་ཚེ་མཆོག་ཏུ་འདོད་པའི་དངོས་པོ་རྣམས་ ལ་ཆགས་པ་དང་མི་འདོད་པའི་དངོས་པོ་རྣམས་ལ་ཆགས་པ་དང་བྲལ་བར་འགྱུར་ཏེ་དེ་དག་གིས་འཁོར་བའོ། །གང་གི་ཚེ་བསམ་པ་མེད་པར་རབ་ཏུ་འཇུག་པ་དེའི་ཚེ་འདོད་པའི་དངོས་པོ་རྣམས་ལ་ཆགས་པ་མེད་ཅིང་མི་འདོད་པའི་དངོས་པོ་རྣམས་ལ་ ཆགས་པ་དང་བྲལ་བ་མེད་དེ། དེ་ལྟར་ཆགས་པ་དང་ཆགས་པ་དང་བྲལ་བ་མེད་དོ། །དེ་དག་མེད་པའི་ཕྱིར་འཁོར་བ་མེད་པ་ཉིད་དོ། །འཁོར་བ་མེད་པའི་ཕྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དུ་འགྱུར་རོ། །དེའི་ཕྱིར་སངས་རྒྱས་སྒྲུབ་པར་བྱེད་པ་ནི་ དེ་བཞིན་གཤེགས་པའི་ཡེ་ཤེས་བསམ་པ་མེད་པ་སྟེ། གཞན་རྣམ་པར་རྟོག་པའི་ཏིང་ངེ་འཛིན་ནི་མ་ཡིན་ནོ། །ཞེས་གསུངས་པའོ། །དེ་ལ་གསུངས་སོ་ཞེས་དྲང་ངོ༌། །གང་གིས་ན་བཅོམ་ལྡན་འདས་ཀྱིས་སོ། །གང་ན་དེ་བཞིན་གཤེགས་པའི་ 3-2-399b ཡེ་ཤེས་བསམ་པ་མེད་པ་སྒོམ་པ་ནིའོ། །གང་གི་དོན་དུ་ན་སངས་རྒྱས་ཐོབ་པའི་དོན་དུའོ། །གང་ལས་ན་ཤེར་ཕྱིན་གྱི་མདོ་ལས་ཏེ། ཡོད་མེད་དང་སྟོང་མི་སྟོང་སོགས་གང་དུ་སྤྱོད་ཀྱང་མཚན་མ་ལ་སྤྱོད་ཀྱི་ཤེར་ཕྱིན་ལ་མི་སྤྱོད་ཅེས་གསུངས་པའི་ཚིག་ཙམ་ལ་ འཁྲུལ་བའོ། །བསམ་རྒྱུ་ཡོད་པ་ནི། སངས་རྒྱས་འཐོབ་པའི་ལམ་ཟབ་མོ་སྒོམ་པ་མ་ཡིན་ཏེ་གང་གི་ཕྱིར་ན་བསམས་ཕན་ཆད་རྟོག་པ་ཡིན་ལ། རྟོག་པ་ནི་ཡང་ན་འདོད་པའི་རྣམ་པར་འཇུག་ཅིང་ཡང་ན་མི་འདོད་པའི་རྣམ་པར་འཇུག་པས་ཆགས་པ་དང་ཆགས་བྲལ་ ཏེ་སྡང་བ་སྐྱེད་ལ་དེས་འཁོར་བར་འཆིང་བའི་ཕྱིར་རོ། །དེས་ན་ཅི་ཡང་མ་བསམས་པ་ལས་འདོད་མི་འདོད་ཀྱི་རྣམ་པར་འཇུག་པའི་རྣམ་རྟོག་ལྡོག་ལ་དེ་ལོག་ན་འཁོར་བ་ལྡོག་པས་འཚང་རྒྱའོ། །དེའི་ཕྱིར་སངས་རྒྱས་སྒྲུབ་པའི་ལམ་ནི་ཅི་ཡང་མི་སེམས་པའི་ བསམ་པ་མེད་པ་ཡིན་ལ། དེ་ལས་གཞན་པའི་རྣམ་རྟོག་གི་ཏིང་ངེ་འཛིན་ནི་མ་ཡིན་ནོ། །ཞེས་དོན་བསྡུས་སོ། །འདིར་དེ་བཞིན་གཤེགས་པའི་ཡེ་ཤེས་ཞེས་གསུངས་པ་ནི་སངས་རྒྱས་སྒྲུབ་པའི་ལམ་ལ་གསལ་བར་བཤད་པས་འབྲས་བུའི་སྐབས་མིན་གྱི། དེ་བཞིན་གཤེགས་ པའི་ཡེ་ཤེས་སྒྲུབ་བྱེད་ལ་དེའི་མིང་གིས་བཏགས་པ་ཡིན་ནོ། །འགྲེལ་ཆེན་ལས་དེ་འགོག་པ་དང་བཀག་པ་ལ་རྩོད་སྤང་གཉིས་གསུངས་པའི་དང་པོ་ལ་གཉིས་ལས་རིགས་པའི་འགོག་པ་ནི། དེ་ཉིད་ལས། འདིར་གལ་ཏེ་བསམ་པ་མེད་པའི་ཡེ་ཤེས་སངས་རྒྱས་ ཉིད་སྟེར་བར་བྱེད་པ་ཡིན་ན་དེའི་ཚེ་སེམས་ཅན་ཐམས་ཅད་སངས་རྒྱས་སུ་ཅིའི་ཕྱིར་མ་གྱུར། འདི་རྣམས་ཀྱིའང་གཉིད་འཐུག་པོ་ལ་བསམ་པ་མེད་པའི་ཡེ་ཤེས་རབ་ཏུ་འཇུག་ཅིང་འདོད་པའི་དངོས་པོ་རྣམས་ལ་ཆགས་པ་མེད་ལ། མི་འདོད་པའི་དངོས་པོ་རྣམས་ལ་ཆགས་ 3-2-400a པ་དང་བྲལ་བ་མེད་དོ། །ཞེས་པའོ། །དེའི་དོན་ནི། ཅིར་ཡང་མི་སེམས་པར་འཇོག་པའི་སྒོམ་གྱིས་འཚང་རྒྱ་ན་གཉིད་འཐུག་པོར་ནམ་སོང་བ་ན་དེ་འབྱུང་ལ་དེ་ཡང་འཁོར་བ་ཐོག་མ་མེད་པ་ནས་ཡོད་པའི་ཕྱིར་སེམས་ཅན་ཐམས་ཅད་ སངས་རྒྱས་པར་འགྱུར་རོ་ཞེས་པའོ། །མདོར་ན་ལྟ་བས་གཏན་ལ་ཕབ་པའི་བདག་མེད་ཀྱི་དོན་སྐྱོང་རྒྱུ་མེད་པར་མཐའ་གང་དུའང་མ་བཟུངས་པར་བཞག་པ་ཙམ་སངས་རྒྱས་འཐོབ་བྱེད་ཀྱི་མི་རྟོག་པ་ཡིན་ན་གཉིད་འཐུག་ལ་ཡང་མཚུངས་ཏེ། མཐའ་ གང་དུའང་མི་འཛིན་པ་ཙམ་ཞིག་ནི་གཉིད་འཐུག་ལའང་ཡོད་ལ། ལྟ་ཐོག་ཏུ་བཞག་པ་ནི་ཅིག་ཤོས་ལའང་མེད་པའི་ཕྱིར་རོ་སྙམ་དུ་དགོངས་པ་སྟེ། མཐར་མ་བཟུངས་པ་དང་མཐའ་བྲལ་རྟོགས་པ་གཉིས་མི་གཅིག་པའི་གནད་ཀྱིས་སྐྱོན་བརྗོད་པ་ འཇུག་པ་ཡིན་ཏེ། ཀ་མ་ལ་ཤཱི་ལས་ཀྱང་ཧྭ་ཤང་འགོག་པ་ན། ཕྱོགས་སྔ་ཡང་དེ་ལྟར་བླངས་ཤིང་དེ་འགོག་པ་ཡང་བརྒྱལ་བའི་མི་རྟོག་པས་མཛད་དེ་འདྲའོ། །ལུང་གིས་དགག་པ་ནི། འདིར་གལ་ཏེ་རིན་ཆེན་སྒྲོན་མ་བསམ་པའམ་རབ་ཏུ་སྣང་བ་ མེད་པ་ཡིན་ན་དེའི་ཚེ་རིན་ཆེན་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་དུ་ཇི་ལྟར་འགྱུར། དེ་བཞིན་དུ་ཏིང་ངེ་འཛིན་གཞན་རྣམས་ཀྱང་བསམ་པ་མེད་པར་མི་འགྱུར་ཏེ་རང་རིག་པའི་མཚན་ཉིད་ཀྱི་ཕྱིར་དང་བེམས་པོ་དང་སྟོང་པ་ཉིད་མ་ཡིན་པའི་ཕྱིར་རོ། ། ཞེས་ཡུམ་གྱི་མདོ་ཉིད་དྲངས་ནས་བཀག་གོ། གལ་ཏེ་གཞུང་འདིས་རང་ལུགས་ཀྱི་ཏིང་ངེ་འཛིན་ལ་སྣང་བ་ཡོད་པར་གསུངས་པས་སྣང་བ་འཆར་རྒྱུ་མེད་པའི་མི་རྟོག་པ་བཀག་གི། སྟོང་གཟུགས་ཀྱི་སྣང་བ་ཤར་ནས་ཅིར་ཡང་མི་འཛིན་ན་བདག་མེད་ཀྱི་ 3-2-400b དོན་གཏན་ལ་ཕབ་པའི་ལྟ་བའི་ངེས་པ་མ་བསྐྱངས་ཀྱང་ཟབ་དོན་སྒོམ་པ་ཡིན་ནོ་སྙམ་ན་དེ་ནི་རིགས་པ་མ་ཡིན་ཏེ། ཕྱོགས་སྔས་ནི་ཅིར་ཡང་མི་འཛིན་པར་སེམས་འཇོག་པའི་མི་རྟོག་པ་སྒོམ་དགོས་པར་འདོད་ལ། དེ་ལྟར་བཞག་ན་ཉི་མ་གཅིག་ཚུན་ཆད་ལ་སྟོང་གཟུགས་འཆར་ བར་འགྲེལ་ཆེན་ལས་གསུངས་ཤིང་། ཁྱེད་རང་ཡང་འདོད་ལ་མྱོང་བས་ཀྱང་གྲུབ་པས། ཕྱོགས་སྔས་འདོད་པའི་སྒོམ་དེ་ཡང་ཟབ་དོན་སྒོམ་པར་འགྱུར་རོ། །དེས་ན་འགྲེལ་པའི་དགོངས་པ་དེ་མིན་པ་ནི་རྩོད་སྤོང་གིས་ཤིན་ཏུ་གསལ་བར་གསུངས་ཏེ། ལུང་གིས་བཀག་པའི་ མཇུག་ཉིད་དུ། ཅི་སྟེ་བྱིས་པ་རྣམས་ཀྱི་ཚིག་འདི་ནི། གལ་ཏེ་དེ་བཞིན་གཤེགས་པའི་ཡེ་ཤེས་རང་རིག་པ་ཡིན་ན་ཇི་ལྟར་ཆོས་ཐམས་ཅད་རང་བཞིན་མེད་པར་དེ་བཞིན་གཤེགས་པས་གསུངས་ཤེ་ན། འདི་ལ་བརྗོད་པར་བྱ་སྟེ་འདིར་དེ་བཞིན་གཤེགས་པའི་ཡེ་ཤེས་ནི། ཆོས་ཐམས་ཅད་ཀྱི་རང་བཞིན་མེད་པ་ཉིད་རྟོགས་པར་བྱེད་པ་སྟེ། དངོས་པོ་མེད་པའི་མཚན་ཉིད་ཤིན་ཏུ་གཉིད་ལོག་པའི་སེམས་ནི་མ་ཡིན་ནོ། །ཞེས་རྩོད་སྤང་གསུངས་སོ། །དེ་ལ་སྔར་བསམ་མེད་མིན་པའི་རྒྱུ་མཚན་དུ་རང་རིག་པའི་མཚན་ཉིད་ཀྱི་ཕྱིར་དང་ཞེས་ གསུངས་པ་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་རང་རིག་པ་ཡིན་ན་ཆོས་ཐམས་ཅད་རང་བཞིན་མེད་པར་གསུངས་པ་དང་འགལ་སྒྲིག་པ་སྟེ་དེ་བཞིན་གཤེགས་པའི་ཡེ་ཤེས་ནི་སངས་རྒྱས་སྒྲུབ་པའི་ཟབ་དོན་སྒོམ་པ་ལ་སྔར་བཤད་པ་བཞིན་ནོ། །རང་རིག་ པའི་མཚན་ཉིད་ཅེས་པའི་དོན་ནི་རིག་ཙམ་དང་རང་གི་ངོ་བོ་རིག་པ་ལ་བྱེད་ན་ཅིར་ཡང་མི་སེམས་པ་མ་ཡིན་པའི་རྒྱུ་མཚན་དུ་བཤད་དུ་མི་རུང་བས་བསྒོམ་བྱའི་དོན་ངེས་པའི་རིག་རྒྱུ་ཡོད་པའོ། །དེ་འདྲ་བའི་རིག་རྒྱུ་ཡོད་ན་རང་བཞིན་མེད་པ་འགལ་ཞེས་ཟེར་བ་ནི། 3-2-401a བསྒོམ་བྱའི་དོན་དེ་རང་བཞིན་མེད་ན་ཅིར་ཡང་མ་གྲུབ་པས་འདིའོ་སྙམ་དུ་གཟུང་ས་མེད་ལ་དེ་ལྟ་ན་བསྒོམ་བྱའི་ཟབ་དོན་བློས་རིག་རྒྱུ་མེད་སྙམ་ནས་རྩོད་པའོ། །དེའི་ལན་དུ་རང་བཞིན་མེད་པའི་དོན་ནི། དངོས་པོ་ཐམས་ཅད་མེད་པའི་ མཚན་ཉིད་མ་ཡིན་ནོ་ཞེས་གསུངས་ཏེ། རང་བཞིན་མེད་ན་དངོས་མེད་དུ་འདོད་པའི་ལུགས་སྟོང་པ་དང་རྟེན་འབྲེལ་འགལ་བར་འཛིན་པའི་ཆད་སྟོང་འགོག་པས། རང་ལུགས་ནི། རང་བཞིན་མེད་ཀྱང་བཅིངས་གྲོལ་གྱི་དོན་བྱེད་པའི་དངོས་པོའི་བྱ་བྱེད་ཐམས་ཅད་ འཐད་པ་དབུ་མ་པའི་ལུགས་སོ། །ཟབ་དོན་སྒོམ་པའི་ཡེ་ཤེས་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་མེད་པ་རྟོགས་པ་ཡིན་གྱི། ཤིན་ཏུ་གཉིད་ལོག་པའི་སེམས་ནི་མ་ཡིན་ནོ། །ཞེས་གསུངས་པས། རང་བཞིན་མེད་པ་ཡང་མི་འཛིན་པ་གཉིད་ལོག་པ་ལྟ་བུའི་ སེམས་ལ་ཟབ་དོན་སྒོམ་པར་མི་འཇོག་ཅེས་པའོ། །དེས་ན་རང་བཞིན་མེད་པའི་དོན་ངེས་པའི་ལྟ་བ་སྐྱོང་རྒྱུ་མེད་པར་སྟོང་གཟུགས་ཤར་བ་ཙམ་ལ་ཅིར་ཡང་མི་སེམས་པར་འཇོག་པ་ཟབ་དོན་སྒོམ་པར་འདོད་པ་དང༌། རང་གི་བློ་གྲོས་ངན་པས་རང་བཞིན་ མེད་པ་ལ་མེད་པའི་ཁྱབ་པ་བཅས་ནས་ཡོད་ན་བདེན་པར་ཡོད་སྙམ་དུ་བཟུང་སྟེ། ཁ་ཅིག་གང་དུའང་གཟུང་ས་མེད་པར་སྨྲ་ལ། གཞན་དག་ཆོས་ཀྱི་འཁོར་ལོ་བསྐོར་བའི་དོན་དུ་ཡོད་ཅེས་སོགས་ཡོད་ཅེས་གསུངས་པ་ཐམས་ཅད་ཀྱི་དོན་བདེན་པར་ཡོད་པ་ཡིན་ནོ་ཞེས་ སྒྲོག་ཅིང་དབུ་མ་རིགས་ཚོགས་ལ་སོགས་པས་ནི། ཆད་སྟོང་བསྟན་ཏོ་ཞེས་འདོད་པ་རྣམས་ནི། དུས་ཀྱི་འཁོར་ལོའི་ལུགས་ལས་ཕྱི་རོལ་ཏུ་གྱུར་ཅིང་དྲི་མ་མེད་པའི་གཞུང་རྣམས་ལ་སྐུར་པ་འདེབས་པའོ། །གལ་ཏེ་རང་བཞིན་མེད་པར་ལུང་རིགས་ཀྱིས་གཏན་ 3-2-401b ལ་ཕབ་པའི་དོན་ངེས་པའི་ལྟ་བ་སྐྱོང་བ་ཟབ་དོན་སྒོམ་པ་ཡིན་ན་རང་གི་ལྟ་བའི་འདོད་པ་མདོར་བསྟན་པ་ལས། ཕུང་པོ་རྣམ་དཔྱད་སྟོང་པ་ཉིད། །ཆུ་ཤིང་ཇི་བཞིན་སྙིང་པོ་མེད། །རྣམ་པ་ཐམས་ཅད་མཆོག་ལྡན་པའི། །སྟོང་ཉིད་དེ་ལྟར་འགྱུར་མ་ཡིན། །ཞེས་ གསུངས་པ་ཇི་ལྟར་དྲངས་སྙམ་ན། ལུང་རིགས་ཀྱིས་གཏན་ལ་ཕབ་སྟེ་སྒྲོ་འདོགས་ལེགས་པར་བཅད་པའི་དོན་སྒོམ་ན་སྙིང་པོ་མེད་པའི་སྒོམ་དུ་འདོད་པ་ཁྱོད་ནི་སྔོན་མེད་པ་ཞིག་གོ། དེས་ན་ལུང་དེས་ནི། ཕུང་པོ་རང་བཞིན་མེད་པར་དཔྱད་པའི་སྟོང་ཉིད་བསྒོམ་ དུ་མི་རུང་བར་སྟོན་པ་མིན་ཏེ། དེ་ལྟ་མ་ཡིན་ན་ཆོས་ཐམས་ཅད་ཀྱི་རང་བཞིན་མེད་པ་རྟོགས་ནས་སྒོམ་པར་ནི་གསུངས་ལ། ཆོས་ཐམས་ཅད་རང་བཞིན་མེད་པའི་ངེས་པ་ལུང་རིགས་ཀྱིས་དཔྱད་ནས་མ་བཙལ་ན་དམ་བཅའ་ཙམ་གྱིས་སྒོམ་པ་བླུན་པོའི་འཇུག་ པ་ཡིན་པའི་ཕྱིར་དང༌། གཅིག་ཏུ་བྲལ་གྱི་རྟགས་དང་ནམ་མཁའི་མེ་ཏོག་གི་དཔེས་རྣམ་ཤེས་ཀྱི་ཕུང་པོ་རང་བཞིན་མེད་པར་དཔྱད་པའི་སྒོ་ནས་དབུ་མ་པས་དེ་ཁོ་ན་ཉིད་རིག་པར་གསུངས་པ་དང་འགལ་བའི་ཕྱིར་རོ། །འོ་ན་ལུང་དེའི་དོན་གང་ཡིན་སྙམ་ན། ཆོས་ རྣམས་རང་གི་ངོ་བོས་སྟོང་པའི་རང་བཞིན་མེད་པའི་སྟོང་ཉིད་ནི། ཆོས་ཅན་ཐམས་ཅད་ལ་ཁྱད་པར་མེད་ཀྱང་དེ་གང་དང་སྦྲེལ་ནས་སྒོམ་པའི་ཆོས་ཅན་ནི། རྡུལ་ཕྲན་ཚོགས་པའི་ཕུང་པོ་ལ་མི་བྱེད་ཀྱི། སྟོང་གཟུགས་ཀྱི་སྣང་བ་ལ་བྱེད་དེ། དེའི་རྒྱུ་མཚན་ནི། སྟོང་ཉིད་ངེས་པའི་ བློ་དང་དེའི་སྣང་བ་སྟོང་གཟུགས་གཉིས་སྐུ་དང་ཐུགས་སུ་དབྱེར་མེད་བྱས་ན་ཡེ་ཤེས་ཀྱི་སྐུ་འགྲུབ་ཀྱི། རྡུལ་ཕྲ་རབ་ཚོགས་པའི་ལུས་ཡེ་ཤེས་ཀྱི་སྐུར་མི་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ་དཔྱད་པའི་སྟོང་པ་གང་ཡིན་ལ་མི་བྱེད་ཀྱི། དཔྱོད་ལུགས་མ་ལེགས་ 3-2-402a པས་ཐམས་ཅད་དངོས་མེད་དུ་གོ་བའི་ཆད་སྟོང་འགོག་པ་ཡིན་ནོ། །དེ་ལྟར་ཡང༌། ལེའུ་ལྔ་པའི་འགྲེལ་ཆེན་ལས། རྡུལ་ཕྲ་རབ་ཚོགས་པའི་བདག་ཉིད་ཀྱི་ཆོས་རྣམ་པར་དཔྱད་པའི་སྟོང་པ་ཆད་པའི་སྟོང་པ་ལས་རིང་དུ་བྱས་པ། ཞེས་ ཕུང་པོ་ཡང་བྱེ་བྲག་པ་དང་དཔྱད་པའི་སྟོང་པ་ཡང་བྱེ་བྲག་པ་ལ་གསུངས་སོ། །དེ་ལྟར་ན་བདག་མེད་པའི་དོན་གཏན་ལ་ཕབ་པའི་ལྟ་བ་སྐྱོང་མི་སྐྱོང་གིས་མ་ཕྱེ་ན་ཕྱོགས་སྔའི་ལུགས་དེ་ཟབ་དོན་སྒོམ་པ་ཡིན་པ་ཁེགས་པ་མི་སྲིད་དོ། །མདོར་ན་བདག་འཛིན་ ཅུང་ཟད་ཀྱང་ཁ་མ་བྲི་བའི་བདག་མེད་མངོན་སུམ་དུ་རྟོགས་པ་འདོད་པ་ནི། མཁས་པའི་བཞད་གད་ཀྱི་གནས་ཡིན་པས་སོ་སོ་སྐྱེ་བོ་ལ་བདག་མེད་ལྐོག་གྱུར་ཡིན་ལ། དེའི་ཚེ་བདག་མེད་དོན་སྤྱིའི་སྒོ་ནས་ངེས་པ་ཡང་མི་འདོད་ན་ལམ་དེས་བདག་འཛིན་ལ་ ཅི་གནོད་སོམས་ཤིག །ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་ཆེན་པོ་པས་རང་བཞིན་མེད་པའི་དོན། དོན་སྤྱིའི་སྒོ་ནས་ངེས་པ་ཁས་ལེན་ཞིང་ད་ལྟའི་ལས་དང་པོ་པས་བདག་མེད་པའི་ངེས་ཤེས་ཀྱི་འཛིན་སྟངས་བསྐྱེད་ནས་བསྒོམས་ན་རྟོག་པའི་འཛིན་སྟངས་ སུ་སོང་བས་དེ་ཁོ་ན་ཉིད་སྒོམ་པ་མིན་ནོ་ཞེས་སྨྲ་བ་ནི། སེམས་རྣལ་དུ་མི་གནས་པའི་གཏམ་མོ། །གལ་ཏེ་དབུ་མ་ལ་སོགས་པའི་གཞུང་ནས་མི་རྟོག་པའི་ཡེ་ཤེས་ཀྱི་དོན་གཉིས་སྣང་ཐམས་ཅད་དག་ནས་འགྲོ་བར་བཤད་ལ། རྒྱུད་དང་འགྲེལ་པ་ འདིར་མི་རྟོག་པ་སྒོམ་པའི་ཏིང་ངེ་འཛིན་གྱི་ངོ་ན་སྣ་ཚོགས་པའི་སྟོང་གཟུགས་ཀྱི་སྣང་བ་འཆར་བར་གསུངས་པས་དེ་དག་འགལ་ལོ་སྙམ་ན། དེ་ཡང་འཐད་པ་མ་ཡིན་ཏེ། སྟོང་གཟུགས་ཀྱི་སྣང་བ་དང་དེ་རང་བཞིན་མེད་པར་རྟོགས་པའི་ཤེས་པ་གཉིས་ངོ་བོ་དབྱེར་ 3-2-402b མེད་ཡིན་པས་ཡུལ་ཡུལ་ཅན་སོ་སོ་བར་སྣང་བ་ནི། སྣང་ཚུལ་དང་ཡིན་ཚུལ་ཇི་ལྟ་བ་བཞིན་མཐུན་པ་མ་ཡིན་ནོ། །དེས་ན་སོ་སོ་སྐྱེ་བོའི་ས་ལ་ཡུལ་སྣང་དང་ཤེས་པ་དེ་གཉིས་ལོགས་ཤིག་ན་སོ་སོར་སྣང་བས་ཤེས་པ་དང་ཤེས་བྱ་སོ་སོ་བའི་འབྲེལ་བ་ཅན་ཡིན་ ལ། རང་བཞིན་མེད་པའི་དོན་མངོན་སུམ་དུ་རྟོགས་པ་ན་དེ་འདྲ་བའི་འབྲེལ་བ་ཞིག་ནས་རོ་མཉམ་དུ་འགྲོ་བ་ཡིན་ཏེ། ལེའུ་ལྔ་པའི་འགྲེལ་ཆེན་ལས། སྐྱེ་བ་དང་འཇིག་པ་མེད་པའི་རང་གི་སེམས་ཀྱི་སྣང་བ་དེ་ལ་ཡེ་ཤེས་རྣམ་པར་བསྲེས་པའོ། །རང་གི་སེམས་ ཀྱི་སྣང་བ་ལ་རོ་མཉམ་པ་གཅིག་ཏུ་གྱུར་པ་སྟེ་ཤེས་པ་དང་ཤེས་བྱའི་འབྲེལ་བས་ནི་མ་ཡིན་ནོ། །ཞེས་གསལ་བར་གསུངས་སོ། །དེ་ཡང་འཕགས་པའི་མི་རྟོག་ཡེ་ཤེས་ཀྱི་ཤེས་ངོ་དེ་ན་སྟོང་གཟུགས་ཀྱི་སྣང་བ་མི་འཆར་བ་ཡིན་གྱི། དེའི་དུས་ན་སྟོང་ གཟུགས་མེད་པ་མིན་ཏེ། དཔེར་ན་གསང་འདུས་པའི་ལུགས་ལ། ཡང་དག་མཐའ་ལས་ལངས་ནས་ནི། །གཉིས་མེད་ཡེ་ཤེས་ཐོབ་པར་འགྱུར། །ཞེས་གསུངས་པས་ཟུང་འཇུག་གི་སྐུ་འཇའ་ཚོན་ལྟ་བུ་དང་ཐུགས་འོད་གསལ་དུ་ཞུགས་པ་གཉིས་ངོ་བོ་གཉིས་སུ་ དབྱེར་མེད་པ་ཡིན་ལ། འོད་གསལ་དུ་ཞུགས་པའི་ཤེས་ངོ་དེར་སྣང་བ་གསུམ་རྣམ་པར་དག་པར་བཤད་པས་གཉིས་སྣང་མེད་ཀྱང་དེ་དུས་སུ་སྐུའི་སྣང་བ་མི་ལྡོག་པ་བཞིན་ནོ། །དེ་ལྟ་མ་ཡིན་ན་སྟོང་གཟུགས་དམིགས་བཅས་དང་མི་འགྱུར་བའི་བདེ་ བ་དམིགས་མེད་དུ་གསུངས་པ་མི་རིགས་ཏེ། སྣ་ཚོགས་པའི་སྣང་བ་ཡོད་པས་དམིགས་བཅས་སུ་གསུངས་པ་ཡིན་པའི་ཕྱིར་དང་། འཕགས་རྒྱུད་ཀྱི་མི་འགྱུར་བའི་བདེ་བའི་ངོར་ཡང་སྣ་ཚོགས་པའི་སྣང་བ་འཆར་དགོས་པའི་ཕྱིར་རོ། །དེས་ན་མི་རྟགས་ 3-2-403a ཡེ་ཤེས་ཀྱི་ངོ་ན་མེད་པ་དང་དེའི་དུས་ན་ཡོད་པ་གཉིས་མི་འགལ་བར་ཤེས་པར་བྱོས་ཤིག །འདི་དག་ལ་ལོག་རྟོག་ཤིན་ཏུ་མང་པོ་སྣང་བས་རྒྱུད་དང་འགྲེལ་པའི་ཁུངས་རྣམས་དྲངས་ནས་བརྒལ་ལན་ཞིབ་མོས་གཏན་ལ་དབབ་དགོས་ པར་སྣང་ནའང་མངས་བས་འཇིགས་ནས་དེ་ཙམ་ལས་མ་སྤྲོས་སོ། །རྣལ་འབྱོར་རྒྱུད་དང་རྣལ་འབྱོར་མའི་རྒྱུད་གཉིས་ཐབས་ཤེས་གཉིས་མེད་ཀྱི་རྒྱུད་དང་འགལ་བར་འདོད་པ་ནི། ལྔ་པའི་འགྲེལ་ཆེན་ལས་བཀག་ལ་དུས་འཁོར་མ་རྒྱུད་ཡིན་པར་ནང་གི་ ལེའུ་ལས་དབུ་མའི་ལོ་གསུམ་གྱི་ཞག་གིས་རྣལ་འབྱོར་མའི་རྒྱུད་ཀྱི་ལྷ་གྲངས་བསྟན་པའི་སྐབས་སུ་འགྲེལ་ཆེན་ལས། ལོ་གསུམ་གྱི་དབྱེ་བས་རྣལ་འབྱོར་མའི་རྒྱུད་ཀྱི་ངེས་པའོ། །ཞེས་སོགས་ཀྱིས་གསལ་བར་གསུངས་སོ། །མདོར་ན་ཚུལ་འདིར་ ཞུགས་ནས་སྒྲུབ་པ་སྙིང་པོར་བྱེད་ན་ནི། དམ་ཚིག་དང་སྡོམ་པ་སྲུང་བ་གཞིར་བྱས་ཏེ་ཐུགས་ཀྱི་དཀྱིལ་འཁོར་ཙམ་ཞིག་གི་བསྐྱེད་རིམ་བརྟན་པར་བྱས་ནས། ཡན་ལག་དྲུག་སྔར་བཤད་པ་བཞིན་རིམ་གྱིས་བསྐྱེད་དགོས་ལ། འགྲེལ་ཆེན་ལས་ལམ་གྱི་རྩ་བ་ གསུམ་དུ་བཤད་པ་ལྟར་བདག་མེད་ཀྱི་གོ་བ་རྣམ་པར་དག་པ་ཞིག་དང༌། བྱང་ཆུབ་ཀྱི་སེམས་ཀྱི་མྱོང་བ་བརྟན་པར་བྱ་བ་ཞིག་མེད་ཐབས་མེད་པས་དེ་གཉིས་དང་ལྡན་པར་བྱས་ནས་བསྒྲུབ་དགོས་སོ། །གཉིས་པ་ལ་གཉིས། བདེ་མཆོག་གི་རྫོགས་རིམ་དང་། ཀྱཻ་རྡོ་རྗེའི་རྫོགས་རིམ་གྱི་རྣམ་གཞག་གོ། །དང་པོ་ནི། གྲུབ་ཆེན་ལཱུ་ཨི་པས། ཨཱ་ལི་ཀཱ་ལི་མདུན་བསམས་ནས། །རྣལ་འབྱོར་ཆེན་པོ་ངལ་བསོ་སྟེ། །ཟླ་བའི་དཀྱིལ་འཁོར་རྫོགས་པ་ནི། །ལྟེ་བའི་རྩ་བར་གནས་པར་བསྒོམ། །ཡི་གེ་མཆོག་གི་གནས་ 3-2-403b གྱུར་པ། །དེ་ཡི་དབུས་སུ་རྣམ་པར་བསྒོམ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །ལྷ་ཡི་སྐུ་ནི་བསྒོམ་པར་བྱ། །དེ་ནི་གཟུགས་ལས་འདས་པ་སྟེ། །དངོས་པོ་མེད་པའི་ཆོས་ཉིད་ཡིན། །དེ་ཡང་བསམ་གྱིས་མི་ཁྱབ་བསམ། །སེམས་ཉིད་བརྟག་པར་མི་བྱའོ། །བསམ་ གྱིས་མི་ཁྱབ་དེ་བསམས་ན། །དེ་ལས་གཟུངས་ནི་ཐོབ་པར་འགྱུར། །ཁ་ཊྭཱྃ་ག་ནི་ལྷ་ཡི་སྐུ། །ཤེས་རབ་ཌ་མ་རུ་ཡི་སྒྲ། །ཉིན་མོ་བཅོམ་ལྡན་རྡོ་རྗེ་ཅན། །རྣལ་འབྱོར་མ་ནི་མཚན་མོར་བཤད། །མྱ་ངན་འདས་བྱུང་དཔའ་བོ་རྣམས། །དྲུག་པ་སེམས་ཀྱི་སྤྲུལ་པ་སྟེ། ། དག་པ་ཆོས་ཀྱི་སྤྲུལ་པ་ནི། །ཕག་མོའི་གཟུགས་སུ་བསྟན་པ་ཡིན། །ཤྲཱི་ཡིག་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་རྣམ་པར་སྤངས། །རུ་ཡིག་ཚོགས་དང་བྲལ་བ་ཉིད། །ཀ་ནི་གང་དུའང་མི་གནས་པའོ། །ཞེས་སོ། །འདི་ལ་མངོན་རྟོགས་ཀྱི་གཞུང་ནས་ བསྐྱེད་རྫོགས་གང་ཡིན་གསལ་བར་མ་བྱུང་ཡང༌། ལྭ་བ་པས། དེ་ལྟར་གུས་པ་དང་བཅས་པས་སེམས་བརྟན་པར་གྱུར་པ་དང་རྫོགས་པའི་རིམ་པའི་ཏིང་ངེ་འཛིན་བསྒོམ་པར་བྱའོ། །རྣལ་འབྱོར་ཆེན་པོ་ངལ་བསོ་བ། །ཨཱ་ལི་ཀཱ་ལི་སྔོན་བསམས་ནས། །ཞེས་ པ་ནས། དེ་ལས་གཟུངས་ནི་ཐོབ་པར་འགྱུར། །དང་པོ་རི་དྭགས་སྲེད་བཞིན་སྣང་བ་སྟེ། །མཚན་མ་གཉིས་པ་དུད་ཁའི་རྣམ་པ་ཅན། །གསུམ་པ་སྲིན་བུ་མེ་ཁྱེར་སྣང་འདྲ་བ། །བཞི་པ་སྒྲོན་མ་འབར་བ་ལྟ་བུར་གསལ། །མཚན་མ་ལྔ་པ་རྣམ་པར་མ་བརྟགས་པར། ། སྤྲིན་བྲལ་ནམ་མཁའ་ལྟ་བུར་སྣང་བ་ཡིན། །དེ་ལྟ་བུ་ཡི་མཚན་མ་ཐོབ་ནས་ནི། །ཕྱག་རྒྱ་ཆེན་པོ་ཐོབ་པར་འགྱུར་བ་ཡིན། །ཤྲཱི་ནི་ཞེས་པ་ནས་མི་གནས་པའོ། །ཞེས་པའི་བར་དུ་གསུངས་པ་དང༌། ནག་པོ་སྤྱོད་པས་ཀྱང༌། དེ་ནས་རྫོགས་པའི་རིམ་པའི་ཏིང་ངེ་འཛིན་ 3-2-404a གྱིས་སེམས་བརྟན་པར་འདོད་པས། ཨཱ་ལི་ཀཱ་ལི་སྔོན་བསམས་ནས། །ཞེས་པ་ནས། དེ་ལས་གཟུངས་ནི་ཐོབ་པར་འགྱུར། །ཞེས་གསུངས་པས་བསྐྱེད་རིམ་བརྟན་པའི་འོག་ཏུ་རྫོགས་རིམ་སྒོམ་པ་ལ་ཡང་ངེས་པར་སྦྱར་དགོས་སོ། ། ཇོ་བོ་ཆེན་པོའི་འགྲེལ་པར་ཡང༌། ཨཱ་ལི་ཀཱ་ལི་ཞེས་པའི་གོང་ཡན་ཆད་ཀྱིས་བསྐྱེད་རིམ་རྫོགས་པར་བྱས་ནས། དེ་ཕྱིན་ཆད་ཀྱིས་རྫོགས་རིམ་སྟོན་པར་བཤད་དོ། །པྲཛྙཱ་རཀྵི་ཏ་དང་དེ་བཞིན་གཤེགས་པའི་རྡོ་རྗེའི་འགྲེལ་པར་བསྐྱེད་རྫོགས་གང་ཡིན་མི་གསལ་ ལ། ལོ་ཨཱི་པའི་སྒྲུབ་ཐབས་ཀྱི་འགྲེལ་པའི་ཊཱི་ཀ་ཁྱད་པར་གསལ་བྱེད་དུ་དེ་བཞིན་གཤེགས་པའི་རྡོ་རྗེས་རྫོགས་རིམ་ལ་སྦྱར་ཞིང་། དེ་ཡང་བསྐྱེད་རིམ་ཐུན་བཞིའི་ཐུན་ཐ་མའི་དུས་སུ་སྒོམ་པར་བཤད་དོ། །གཞུང་དེ་དག་གིས་བསྟན་པའི་དོན་ནི་རྗེས་གཞིག་གི་རིམ་ པ་ཡིན་ལ་དེ་ནི་རིམ་པ་གཉིས་ཀའི་སྐབས་སུ་སྒོམ་པ་ཡོད་ཀྱང་འདིར་བསྐྱེད་རིམ་བརྟན་ནས་རྫོགས་རིམ་གྱི་སྐབས་སུ་སྒོམ་པར་ལྭ་བ་པས་བཤད་པ་བཞིན་བྱའོ། །དེ་ལ་བདེ་མཆོག་གི་རྫོགས་རིམ་ལ་དྲིལ་བུ་ཞབས་ཀྱིས་རིམ་པ་ལྔ་མཛད་པའི་ལྔ་པ་ བསམ་གྱིས་མི་ཁྱབ་པའི་རིམ་པ་ནི། གཞུང་འདི་དག་གིས་སྟོན་པས་འདི་རྫོགས་རིམ་གྱི་གཙོ་བོ་ཡིན་ནོ། །དེའི་དོན་ཇོ་བོ་ཆེན་པོས་འདི་ལྟར་བཤད་དེ། ཟླ་བ་ནི་རྡོ་རྗེ་སེམས་དཔའི་གདན་ནོ། །ཡི་གེ་མཆོག་ནི། ཏིང་ངེ་འཛིན་སེམས་དཔའོ། །སྐུ་གསུང་ཐུགས་ཀྱི་ རྡོ་རྗེ་ཅན་ནི། ཡེ་ཤེས་སེམས་དཔའོ། །གཟུགས་ལས་འདས་པ་ནི། སེམས་སྣང་བ་གསུམ་རིམ་གྱིས་ཐིམ་པ་སྟེ་དེའི་མཚན་ཉིད་ནི། དངོས་པོ་མེད་ཅེས་པའོ། །བསམ་མི་ཁྱབ་བསམ་པ་ནི། འོད་གསལ་སྒོམ་པ་དང་། སེམས་ཉིད་མི་བརྟག་པ་ནི་སེམས་གཞག་ 3-2-404b ཐབས་སོ། །དེའི་མན་ངག་ནི། རྒྱུ་ཀུན་རྫོབ་འབྲས་བུ་དོན་དམ་ལ་གཞུག་པའི་ཕྱིར་ཏིང་ངེ་འཛིན་སེམས་དཔའ་ལས་འོད་ཟེར་འཕྲོས་པས་འདུས་བྱས་ཐམས་ཅད་འོད་ལྔར་བཞུས། དེ་བསྲུང་འཁོར་དང་གཞལ་ཡས་ཁང་དང་སྒོ་མཚམས་མ་བརྒྱད་དང་སྐུ་དང་གསུང་ དང་ཐུགས་འཁོར་དང༌། ལྷ་མོ་བཞི་དང་གཙོ་བོའི་ཞལ་བཞི་ལ་སྔ་མ་སྔ་མ་རྣམས་ཕྱི་མ་ཕྱི་མ་ལ་ཐིམ་ནས་གཙོ་བོ་ཡབ་ཡུམ་དང་ཡེ་ཤེས་སེམས་དཔའ་དང་ཏིང་ངེ་འཛིན་སེམས་དཔའ་ཡང་དེ་བཞིན་དུ་ཐིམ་ནས་དེ་ཡང་ཇེ་ཕྲ་ཇེ་ཕྲར་བསམས་ལ། དེ་ལ་སེམས་ བསྒྲིམས་ནས་ཕྲ་བ་ལ་སེམས་གཏད་དེ་བསྒོམ་པར་བྱའོ། །སེམས་དེ་ཡང་རྣམ་པར་ཤེས་པ་གསུམ་དང་བྲལ་བའི་འོད་གསལ་བ་ལ་གཞག་གོ། གཉིས་མེད་ཀྱི་ཟུང་འཇུག་ནི། དེ་ལྟར་བསམ་མི་ཁྱབ་འོད་གསལ་གྱི་ངང་ལས་སྒྱུ་མའི་སྐུར་ལངས་པ་ནི། གཟུངས་ཐོབ་པ་སྟེ་སྒྱུ་མ་ལྟ་བུའི་ལྷའི་སྐུའི་དྲན་པ་ཐོབ་པས་སོ། །ཁ་ཊྭཱཾ་ག་ཞེས་པ་བཞི་ནི། སྤྱོད་པའི་མན་ངག་གོ། སྔ་མ་རྒྱས་པར་བཤད་པ་ནི། མྱ་ངན་འདས་པ་ནི། འོད་གསལ་ཡིན་ལ། དེ་ལས་བྱུང་བ་ནི་དཔའ་བོ་ཉེར་ལྔའོ། །ཡན་ལག་ནི། ཤེས་རབ་ཀྱི་ལྷ་རྣམས་ ཏེ་ཐབས་ཤེས་ཀྱི་ལྷ་རེ་གཉིས་སོ། །དེ་དག་ནི། སེམས་གསུམ་རླུང་དང་བཅས་པ་ལས་སྤྲུལ་པའོ། །ཡན་ལག་སེམས་ཀྱི་སྤྲུལ་པ་ཞེས་འདོན་ནོ། །དེ་ཡང་དག་པའི་ཆོས་དོན་དམ་བདེན་པའི་སྤྲུལ་པ་ནི་ཕག་མོའི་གཟུགས་སུ་བསྟན་ལ། ཀུན་རྫོབ་བདེན་པའི་སྤྲུལ་ པ་ནི་གཙོ་བོ་ལ་སོགས་པའོ། །དེ་གཉིས་མེད་དུ་སྟོན་པ་ནི། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཞེས་པ་སྟེ་ཟུང་འཇུག་གོ། རྒྱུ་སོགས་ནི་བདག་གཞན་གཉིས་ཀ་རྒྱུ་མེད་ལས་སྐྱེ་བ་སྤངས་པའོ། །ཚོགས་ནི་གནས་པ་འཇིག་པའི་ཚོགས་དང་བྲལ་བའོ། །གང་དུའང་མི་ 3-2-405a གནས་པ་ནི་ཕྱག་ཆེན་ཟུང་འཇུག་གོ། མན་ངག་ནི་ནུས་ཚད་ཀྱིས་འོད་གསལ་ལ་སེམས་གཏད་དེ་བསྒོམས་ལ་དེའི་ངང་ལས་སྐད་ཅིག་གིས་སྒྱུ་མ་ལྟ་བུའི་ལྷར་ལངས་ལ་དེ་ལ་ཤེས་རབ་ཀྱིས་དཔྱད་ཅིང་བསྒོམ་པར་བྱའོ་ཞེས་ གསུངས་ཏེ། རྐང་པ་དང་པོ་གཉིས་ལ་བཤད་པ་མ་མཛད་དོ། །འདི་ལ་པྲཛྙཱ་རཀྵི་ཏས་ཨཱ་ལི་ཀཱ་ལིའི་ཕྲེང་བ་འོད་ཟེར་ལྔ་དང་ལྡན་པ་འཁོར་ལོ་གསུམ་གྱི་ལྷ་རྣམས་འཕྲོ་བ་ཅན་བརྗོད་ཅིང་གཡས་པའི་རླུང་དང་འགྲོགས་ནས་བྱུང་སྟེ་འགྲོ་བ་འཁོར་ལོ་གསུམ་ གྱི་བདག་ཉིད་དུ་བྱས་ནས་ཐོག་མེད་ནས་གྲུབ་པའི་དཔའ་བོ་དང་དཔའ་མོ་རྣམས་དང་རོ་གཅིག་ཏུ་གྱུར་ཏེ། སྣ་བུག་གཡོན་ནས་ཞུགས་ལྟེ་བར་ཟླ་བའི་དཀྱིལ་འཁོར་དུ་གྱུར་པར་བསམ། མདུན་ནི་ཐོག་མའོ། །ཟླ་བ་དེའི་དབུས་སུ་མཆོག་གི་གནས་ རྡོ་རྗེ་འཛིན་པའི་ས་བོན་ཧཱུཾ་ལས་རྡོ་རྗེ་ཅན་གྱི་ལྷ་བདེ་མཆོག་དཀར་པོ་གཡས་བརྐྱངས་པ་ཞལ་གཅིག་ཕྱག་གཉིས་པ་རྡོར་དྲིལ་བསྣམས་པ་འཇའ་ཚོན་ལྟ་བུ། རྡོ་རྗེ་ཕག་མོ་དམར་པོ་ཞལ་གཅིག་མ་ཕྱག་གཉིས་ཀྱིས་རྡོ་རྗེ་དང་ཐོད་པ་འཛིན་པ་དང་ སྙོམས་པར་ཞུགས་པའི་སྒྱུ་མའི་སྒྲས་བཀུག་ནས། ཁམས་གསུམ་པ་རྣམས་དུར་ཁྲོད་དང་དེ་ཕྱིའི་འཁོར་ལོ་དང་དེ་སྐུ་དང་དེ་གསུང་དང་དེ་ཐུགས་འཁོར་ལོ་བསྡུའོ། །ཐུགས་འཁོར་གྱི་ཕྱོགས་ན་གནས་པ་རྣམས་མཁའ་འགྲོ་མ་ལ་སོགས་པ་དང་མཚམས་ན་ གནས་པ་རྣམས་གཟུགས་ཅན་མ་ལ་སོགས་པ་དང་དེ་བཞི་ཡང་ཞལ་བཞི་ལ་དང༌། གཙོ་བོ་ཡབ་ཡུམ་ཞལ་གཅིག་ཕྱག་གཉིས་མ་ཤེས་རབ་མ་དང་བཅས་པ་དེ་དག་ཀྱང་ཆགས་པ་ཆེན་པོས་ཞུ་བ་ལས་སིནྡྷུ་ར་དང་མུ་ཏིག་དམར་པོའི་མདོག་ 3-2-405b ལྟ་བུའི་ཧཱུཾ་ཡིག་གོ། དེའི་ཨཱུ་ནི་ཧ་དང་ཧ་ནི་མགོ་བོ་དང་མགོ་བོ་ཟླ་ཕྱེད་དང་དེ་ཐིག་ལེ་དང་དེ་ནཱ་ད་དང་ནཱ་ད་ནི་སྐྲ་རྩེ་བརྒྱ་སྟོང་དུ་བགོས་པའི་ཆ་རུ་བལྟ་སྟེ་གཟུགས་འདས་སོ་ཞེས་པའི་དོན་ཏོ། །དབང་པོ་རྣོན་པོས་དེ་ཡང་མི་དམིགས་པ་ནི། དངོས་མེད་སེམས་ཉིད་དོ། ། བསམ་གྱིས་མི་ཁྱབ་པ་ནི། སྔ་མ་ངེས་པས་བསྟན་ཏོ། །སེམས་ཉིད་མི་བརྟག་པ་ནི། བསམ་མི་ཁྱབ་ཏུ་ཡང་མི་བརྟག་པའོ། །དེ་བརྟག་པ་ནི། བསམ་གྱིས་མི་ཁྱབ་པ་དེ་བསམས་ན་ཞེས་པའོ། །གཟུངས་ནི། ཕྱག་ཆེན་གྱི་དངོས་གྲུབ་བོ། །ལྷའི་སྐུ་ནི། ཧེ་རུ་ཀའི་འོ། ། ཡང་ན་སྒལ་ཚིགས་ཁ་ཊྭཱཾ་གའི་རང་བཞིན་དུ་བལྟའོ། །ཤེས་རབ་སྟོང་པ་ཉིད་ཌ་མ་རུའི་སྒྲ་བྲག་ཆ་ལྟ་བུར་རྟོགས་པར་བྱའོ། །དམིགས་པས་ཉིན་མོའོ། །མི་དམིགས་པས་མཚན་མོའོ། །མྱ་ངན་འདས་པ་ནི། ཤི་བའོ། །དེ་ལས་བྱུང་བ་ནི་བར་སྲིད་མངོན་ ཤེས་དང་མཚན་གྱིས་བརྒྱན་པའི་ཡེ་ཤེས་ཀྱི་ལུས་ཅན་ནོ། །དཔའ་བོ་ནི། བཅོམ་ལྡན་འདས་ཏེ་དེའི་གཟུགས་སུ་བསྒོམ་མོ། །ཡང་ན་མྱང་འདས་ཆོས་དབྱིངས་ལས་བྱུང་བའི་སེམས་ཅན་གྱི་དོན་མཛད་པའི་ཡེ་ཤེས་ཀྱི་སྐུ་དྲུག་པ་སྟེ། ཆོས་ཀྱི་དབྱིངས་ འཇལ་ཞིང་གཅོད་པའི་སེམས་གདུལ་བྱའི་སེམས་ཅན་ལ་བལྟོས་ནས་དེ་བཞིན་དུ་སོ་སོར་སྣང་བས་ན་སེམས་ཀྱི་སྤྲུལ་པའོ། །དག་པ་ཞེས་པ་གཉིས་ནི་སྔར་བཞིན་ནོ། །འོད་གསལ་དུ་ཞུགས་པས་སྐྱོ་ན་ལྷའི་སྐུར་ལངས་ནས་རྡོ་རྗེའི་བཟླས་པ་སོགས་ བྱེད་པར་བཤད་དེ། དེ་བཞིན་གཤེགས་པའི་རྡོ་རྗེ་ཡང་དེ་དང་འདྲའོ། །དེ་ལ་ཨཱ་ལི་ཀཱ་ལི་ཞེས་པ་ནས། གཟུངས་ནི་ཐོབ་པར་འགྱུར་ཞེས་པའི་བར་ནི། ཀུན་སྤྱོད་ཀྱི་བཅུ་གཉིས་པ་དང༌། ཁ་ཊྭཱཾ་ག་ནི་ཞེས་པ་བཞི་ནི། དེའི་བཅོ་ལྔ་པ་དང༌། ཤྲཱི་ནི་ཞེས་པ་བཞི་ནི། 3-2-406a དེའི་དགུ་པ་དང་། མྱ་ངན་འདས་བྱུང་ཞེས་པ་བཞི་ནི། དེའི་བཅུ་བདུན་པ་ལས་འབྱུང་ངོ༌། །ཕྱི་མ་ལ་ཀུན་སྤྱོད་ལས། དེ་ནས་ཧེ་རུ་ཀ་དཔལ་རྒྱུ། །སེམས་ནི་དྲི་མེད་ཡིན་པས་བཤད། །དག་པའི་ཆོས་ཞེས་སོགས་གསུངས་ཏེ་དོན་འདྲའོ། ། ནག་པོ་སྤྱོད་པ་དང་ལྭ་བ་པས་བསྐྱེད་རིམ་རྫོགས་པའི་འོག་ཏུ་སྔར་ལྟར་བཤད་ཅིང་དྲིལ་བུ་པ་དང་ལྭ་བ་པ་གཉིས་ཀས་བསྐྱེད་རིམ་གྱི་ཐུན་ཐ་མ་ལ་རིམ་པ་བཞིན་དུ་སྡུད་པ་བཤད་ཀྱང་དེ་འདྲ་བའི་བསྐྱེད་རིམ་བརྟན་ནས་ཚོགས་རིམ་བསྒོམ་པར་བྱའོ། །ཞེས་ ཟུར་དུ་གསུངས་པས་བསྐྱེད་རིམ་གྱི་སྐབས་སུ་སྡུད་པའི་རིམ་པ་སྒོམ་པ་དང་རྫོགས་རིམ་གྱི་སྡུད་རིམ་གཉིས་རིགས་འདྲ་ཡང་སྔ་མ་རྫོགས་རིམ་དུ་འདོད་པ་མི་འཐད་དོ། །དྲིལ་བུ་པས་སྡུད་པའི་རིམ་པ་ཅན་གྱི་ཀུན་སྤྱོད་ཀྱི་གཞུང་དེ་དག་མ་དྲངས་ཀྱང་དོན་ ནི། དེ་ལྟར་བྱེད་དེ་དེའི་ལྷན་སྐྱེས་ཀྱི་སྒྲུབ་ཐབས་ལས། དེས་ནི་རྒྱ་ཆེན་ཡིད་ལ་བྱེད། །འདུས་བྱས་སྤྲོས་པའི་རྒྱུན་འདི་ནི། །འདི་ལྟར་རྟག་ཏུ་སྒོམ་པ་པོས། །འོད་གསལ་རྗེས་སུ་དྲན་པར་བྱ། །སྣ་ཚོགས་པདྨ་ཉི་མ་དང༌། །འཇིགས་བྱེད་དང་ནི་དུས་མཚན་ མོ། །སྡུག་མ་བདག་མོ་མཁའ་ནོར་བུ། །དེ་བཞིན་གཤེགས་པ་ལྔ་ཡི་འོག །སྐུ་དང་ཡན་ལག་མཆོག་དང་ནི། །ཟླ་བ་ཐིག་ལེ་ནཱ་ད་རྣམས། །འདི་རྣམས་རིམ་གྱིས་མི་སྣང་གཞུག །ཇི་ལྟར་མེ་ལོང་དབུགས་ཀྱི་རླུང༌། །ཐམས་ཅད་ཐིམ་པར་གྱུར་པ་ ལྟར། །ཡང་དག་མཐའ་རུ་ཡང་ནས་ཡང༌། །དེ་བཞིན་རྣལ་འབྱོར་རབ་ཏུ་གཞུག །ཅེས་གསུངས་པས་རྒྱ་ཆེ་བའི་ལྷ་སྐུ་རྗེས་གཞིག་གི་རིམ་པས་འོད་གསལ་དུ་འཇུག་ཅིང་། དེ་ཡང་གསང་འདུས་རིམ་ལྔའི་གཞུང་བཞིན་དུ་མཛད་དོ། །དེར་བྱིན་ 3-2-406b གྱིས་བརླབས་པ་དང་རབ་ཏུ་བརྟགས་པ་དང་བསམ་གྱིས་མི་ཁྱབ་པའི་གཟུགས་རྫོགས་པའི་རྣལ་འབྱོར་གསུམ་སངས་རྒྱས་ཀྱིས་གསུངས་པའི་རྣམ་དབྱེ་མཛད་ནས་ས་བོན་ལ་མི་བལྟོས་པར་སྐད་ཅིག་གིས་རྫོགས་པའི་བདེ་མཆོག་ལྷན་སྐྱེས་འོད་གསལ་ དུ་འཇུག་པའི་རྟེན་དུ་བསྟན་པ་ནི། བསྐྱེད་རིམ་མིན་གྱི་རྫོགས་རིམ་གྱི་ལྷ་སྐུ་ཡིན་ལ། དེའི་ཕྱིར་རིམ་པ་ལྔ་པ་བསམ་མི་ཁྱབ་ཀྱི་རིམ་པ་ལ། དེ་ཉིད་ལྔ་པ་རྫོགས་རིམ་ནི། །ཟད་མེད་ལྷན་ཅིག་སྐྱེས་པ་ནི། །ཞེས་གསུངས་པ་ཡང་འོད་གསལ་ཁོ་ན་སྒོམ་ པ་ལ་མི་བྱ་སྟེ་དེའི་རིམ་ལྔ་ལས་ཀྱང༌། གཟུགས་སོགས་རྣམས་ཀྱིས་དྲངས་གྱུར་ཏེ། །ངོ་བོ་ཉིད་ཀྱིས་གང་གཡོ་བའི། །སེམས་ནི་སྙིང་གར་བརྟན་བྱས་ནས། །བློ་དང་ལྷན་ཅིག་དབང་དུ་བྱ། །གཟུང་འཛིན་དང་ནི་བྲལ་བས་ན། །དམིགས་པ་ཀུན་དང་བྲལ་བའི་ སེམས། །བསམ་དུ་མེད་པའི་རང་བཞིན་ཕྱིར། །ཅི་ཡང་བསམ་པར་མི་བྱའོ། །སེམས་ནི་སྟོང་པ་ལ་གཞུག་ཅིང༌། །སྟོང་པ་སེམས་སུ་རྣམ་གཞུག་བྱ། །ཞེས་གསུངས་པས་སེམས་སྟོང་པ་ལ་འཇུག་པ་ནི་སྔར་བཤད་པའི་སྡུད་རིམ་ཡིན་ལ། སྟོང་པ་སེམས་ སུ་འཇུག་པ་ནི་དེ་ནས་སླར་ལྡང་བའི་རིམ་པའོ། །ཡེ་ཤེས་སེམས་དཔའ་ཡབ་ཡུམ་སྒོམ་ས་ནི། ལྟེ་བ་དང་སྙིང་ག་གདམ་ང་ཅན་དུ་ཨ་བྷྱས་ལོ་ཨཱི་པའི་རྗེས་སུ་འཇུག་པའི་བདེ་མཆོག་གི་སྒྲུབ་ཐབས་སུ་བཤད་ལ་དྲིལ་བུ་པ་དང་ལྭ་བ་པའི་སྒྲུབ་ཐབས་སུ་ ཡང་སྙིང་ག་ནས་སྤྲོས་པའི་འོད་ཟེར་གྱིས་རིམ་པ་བཞིན་བསྡུས་པའི་མཐར་དེར་སྡུད་པར་བཤད་པས། སེམས་ནི་སྙིང་གར་བརྟན་བྱས་ནས། །ཞེས་པ་དང་མི་འགལ་ལོ། །དེ་ལྟར་བསྡུས་ནས་འོད་གསལ་དུ་བཅུག་སྟེ་སེམས་བཟུང་བ་ནས་ཆུ་ལ་ཐིམ་ 3-2-407a པ་སོགས་ཀྱི་རྟགས་ལྔ་འབྱུང་བར་བཤད་པ་ནི། ལྭ་བ་པས། དང་པོར་རི་དྭགས་སྲེད་བཞིན་སྣང་བ་སྟེ། །ཞེས་སོགས་གསུངས་པའི་དོན་ཡིན་ནོ། །མདོར་ན་རྗེས་གཞིག་གི་བསམ་གཏན་གྱིས་དག་མ་དག་གི་སྣོད་བཅུད་རྣམས་ རིམ་གྱིས་བསྡུས་ནས་འོད་གསལ་དུ་འཇུག་ལྡང་ཡང་ཡང་གོམས་པར་བྱས་ནས་ཟུང་འཇུག་གི་སྐུ་སྒྲུབ་པ་ནི། ལོ་ཨཱི་པ་དང་དྲིལ་བུ་པ་དང་ལྭ་བ་པ་དང་ནག་པོ་སྤྱོད་པ་རྣམས་ཀྱི་བཞེད་པ་ཡིན་པས་འོད་གསལ་དུ་འཇུག་ཚུལ་དང་དེ་ལས་ལྡང་བ་ན་སེམས་ གསུམ་རླུང་དང་བཅས་པ་ལས་གྲུབ་པའི་ལྷའི་སྐུ་སྐྱེད་པ་དང༌། ཤྲཱི་ཡིག་གི་དོན་གཉིས་སུ་མེད་པའི་ཡེ་ཤེས་ཟུང་འཇུག་ལ་ཇོ་བོ་ཆེན་པོས་བཤད་པ་རྣམས་ལེགས་པར་རྟོགས་སོ། །འོ་ན་དེ་འདྲ་བའི་རྫོགས་རིམ་དེ་བསྐྱེད་རིམ་བརྟན་མ་ཐག་ ནས་བྱེད་དམ་བར་དུ་གཞན་འགའ་ཞིག་བརྒྱུད་དགོས་སྙམ་ན། རྗེས་གཞིག་གི་རིམ་པས་སྒོམ་པ་ནི། དང་པོར་བསྐྱེད་རིམ་སྒོམ་པའི་དུས་སུ་ཡང་བྱེད་པར་སྔར་བཤད་ཟིན་ལ་འོན་ཀྱང་དེ་འདྲ་བ་དེ་རྫོགས་རིམ་གྱི་སྐབས་སུ་བྱེད་པ་ནི་བསྐྱེད་རིམ་བརྟན་ མ་ཐག་ནས་མ་ཡིན་གྱི་བར་དུ་རྫོགས་རིམ་གཞན་སྒོམ་དགོས་ཏེ། དེ་ནི་བསམ་མི་ཁྱབ་ཀྱི་རིམ་པ་ཡིན་པའི་ཕྱིར་རོ། །དེ་ཡང་དྲིལ་བུ་པས་དེའི་སྔོན་དུ་རིམ་པ་བཞི་བཤད་ལ་ནག་པོ་སྤྱོད་པས་ཀྱང་སྔགས་ཀྱི་རིམ་པ་ལ་སོགས་པ་བཤད་དོ། །བདེ་མཆོག་ རིམ་ལྔའི་འགྲེལ་པ་དཔེ་ཁ་ཅིག་ལས་དྲིལ་བུ་པས་མཛད་ཟེར་བ་དེར། རང་བྱིན་བརླབ་ཀྱི་རིམ་པ་ནས། བདེ་མཆོག་ལྷ་ལྔ་ཐིག་ལེ་ལྔ་ལས་བསྐྱེད་པ་རིམ་གྱིས་འོད་གསལ་དུ་འཇུག་པ་དང༌། སྣ་ཚོགས་རྡོ་རྗེའི་རིམ་པའི་སྐབས་སུ། ཧཱུྃ་ལས་བདེ་མཆོག་སྐྱེད་ 3-2-407b པ་སོགས་བཤད་པ་ནི། དྲིལ་བུ་པས་ས་བོན་ལ་མི་བལྟོས་པར་སྐད་ཅིག་གིས་སྒོམ་པ་དང་དེ་འོད་གསལ་དུ་འཇུག་པའི་ཚུལ་ནི། བསམ་མི་ཁྱབ་ཀྱི་རིམ་པར་བཤད་པ་དང་འགལ་ལ། རིམ་ལྔ་རེ་རེ་ལ་བསྐྱེད་རིམ་དེ་སྒོམ་པར་བཤད་པ་ཡང་དྲིལ་བུ་པས་ ལྷ་ལྔའི་སྒྲུབ་ཐབས་སུ་བསྐྱེད་རིམ་བརྟན་ནས་རྫོགས་རིམ་སྒོམ་པར་བཤད་ཅིང་རྡོ་རྗེ་མཁའ་འགྲོ་ལས་གཟིངས་ཀྱི་དཔེས་རྫོགས་རིམ་བརྟན་པ་ནས་བསྐྱེད་རིམ་མི་བྱེད་པར་གསུངས་པ་དང་འགལ་ལོ། །དེ་ལྟར་འདོད་པ་ནི། ལྷ་སྒོམ་པ་ཐམས་ཅད་ བསྐྱེད་རིམ་ཡིན་སྙམ་དུ་བཟུངས་ནས་རིམ་གཉིས་ཀྱི་ལྷ་སྒོམ་ཚུལ་མ་བྱེད་པའི་སྐྱོན་ནོ། །ཡང་དེར་སོ་ཐར་གྱི་སྡོམ་ལྡན་གྱིས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ན་སྡོམ་པ་དེ་བྱང་སེམས་ཀྱི་ཚུལ་ཁྲིམས་སུ་གནས་གྱུར་ཏེ་གནས་པ་དང་སྔགས་ཀྱི་དམ་ཚིག་ཉམས་ན་ སྡོམ་པ་གསུམ་ཀ་འཇིག་ཅེས་འདོད་པ་ཡང་མི་འཐད་དེ། སྡོམ་པ་ཕྱི་མ་བླངས་པའི་ཚེ་སྔ་མ་གནས་གྱུར་དགོས་ན་སྡོམ་པ་གསུམ་ཅིག་ཅར་དུ་ལྡན་པ་མི་སྲིད་པ་དང་སྔགས་སྡོམ་བླངས་པ་དེའི་རྟེན་ལ་སྡོམ་པ་གཞན་གཉིས་གནས་གྱུར་པས་ན་སྔགས་ ཀྱི་རྩ་ལྟུང་གཞན་གཉིས་ཀྱི་འཇིག་རྒྱུར་འདོད་པ་རང་གི་ཁས་བླངས་པ་དང་འགལ་ཞིང་སྡོམ་པ་རྣམས་ཀྱི་ཐོབ་པ་དང་གཏོང་བའི་རྒྱུ་སོ་སོ་བ་ཡིན་པའི་ཕྱིར་རོ། །དེས་ན་དཔེ་ཁ་ཅིག་ལས་འདི་དོན་ཡོད་རྡོ་རྗེ་ཞེས་པ་ཞིག་གིས་བྱས་ཞེས་འབྱུང་བ་དག་གོ། །རྫོགས་ རིམ་པའི་སྐབས་ཀྱི་བསམ་གཏན་གཉིས་སྒོམ་པ་ལ་ནི། གསང་འདུས་ལུགས་གཉིས་ནས་བཤད་པ་བཞིན་དུ་རླུང་དང་ཐིག་ལེའི་རྣལ་འབྱོར་མང་པོ་ཞིག་ལ་ནུས་པ་ཐོན་པའི་སྐབས་སུ་བྱེད་པ་ཡིན་ཏེ། རླུང་དང་ཐིག་ལེ་ལས་རུང་སྔོན་དུ་མ་བཏང་ན་སྣོད་བཅུད་ 3-2-408a འོད་གསལ་དུ་སྡུད་པ་བསྐྱེད་རིམ་པའི་སྐབས་སུ་བྱེད་པ་དེ་ལས་ནུས་པ་ལྷག་པོ་ཅི་ཡང་མི་ཐོན་པའི་ཕྱིར་དང་མོས་པ་ཡིད་བྱེད་ཀྱིས་དེ་ལྟར་སྦྱོང་བ་ནི། བསྐྱེད་རིམ་གྱི་སྐབས་སུ་བཤད་ཟིན་པའི་ཕྱིར་རོ། །དེས་ན་རང་བྱིན་གྱིས་བརླབ་པའི་ རིམ་པ་དང་སྣ་ཚོགས་རྡོ་རྗེའི་རིམ་པ་དང་ནོར་བུ་འགེངས་པའི་རིམ་པ་དང་ཛ་ལན་དྷཱ་རའི་རིམ་པ་སྟེ་བཞི་ནི། རླུང་དང་ཐིག་ལེ་དང་གཏུམ་མོའི་རྣལ་འབྱོར་གྱིས་རྩ་རླུང་ཐིག་ལེ་རྣམས་ཤིན་ཏུ་དུལ་བར་བྱས་ནས་འོད་གསལ་དུ་འཇུག་པའི་ཐབས་སོ། །དེ་ལ་ རྗེས་གཞིག་གིས་རིམ་གྱིས་སྣོད་བཅུད་འོད་གསལ་དུ་ཡང་ཡང་སྡུད་པའི་དམིགས་པ་བྱས་པའི་སྒོ་ནས་འཆི་རིམ་བཞིན་དུ་འོད་གསལ་དུ་འཇུག་ནུས་པ་ལ་གཡས་གཡོན་གྱི་སྲོག་གི་རླུང་དབུ་མར་བཅིངས་ནས་གཏུམ་མོ་འབར་བའི་དབང་གིས་བྱང་ སེམས་ཞུ་བ་ལ་བརྟེན་པའི་དགའ་བཞི་བསྐྱེད་དགོས་ལ། དེ་ནི་ཛ་ལན་དྷཱ་རའི་རིམ་པས་བྱེད་དེ་དྲིལ་བུ་པས། ལྟེ་བ་ཆུ་སོའི་མཚམས་སུ་ནི། །མདོག་ལྔར་ལྡན་པའི་ཐིག་ལེ་ནི། །སངས་རྒྱས་ལྔ་རྣམས་ཀྱིས་མཚོན་པ། །འཁོར་ལོ་གྲུ་གསུམ་དཀར་དམར་ ནི། །སྲོག་འགོག་པ་དང་ལྡན་བསྒོམས་ནས། །སྐད་ཅིག་དེ་ལ་འབར་འགྱུར་བས། །ཞེས་གསུངས་ཏེ། འདིས་གཏུམ་མོ་འབར་བར་བྱེད་པས་འབར་བ་འཛིན་ཞེས་པ་དང༌། ཡང་དེ་ཉིད་ལས། བུ་ག་གཞན་ནས་འབྱུང་འགྱུར་ཞིང༌། །ཁམས་གཞན་ནས་ནི་ མྱུར་དུ་འཇུག །ཅེས་གསུངས་པས་སངས་རྒྱས་རྣམས་ཀྱི་བདུད་རྩི་བཀུག་པ་སྤྱི་གཙུག་ནས་འཇུག་པས། ཛ་ལན་དྷཱ་རའི་རིམ་པའོ། །སྤྱི་གཙུག་གི་ཁུང་བུ་ནི། རྩ་སྟོང་ཕྲག་དོན་གཉིས་ཀྱི་དྲ་བ་འབྱུང་བའི་གནས་སུ་སྒྲོན་མ་བཞིའི་འགྲེལ་པ་ལས་བཤད་དེ། 3-2-408b དེའི་ལྟར་ན་དྲ་བ་འཛིན་པའི་དོན་ནོ། །དེ་ལ་སྔོན་དུ་ཕྱག་རྒྱ་ལ་བརྟེན་པའི་དགའ་བཞི་སྐྱེད་པ་ནི་ནོར་བུ་འགེངས་པའི་རིམ་པ་ཡིན་ལ། དེ་ལ་ཕྱག་རྒྱ་བཞི་གསུངས་པའི་དམ་ཚིག་གི་ཕྱག་རྒྱ་ནི། བསྒོམས་པའི་ཡེ་རྒྱ་ལ་བརྟེན་ནས་དགའ་བ་སྐྱེད་པས་སྔོན་ འགྲོ་དང་ལས་ཀྱི་ཕྱག་རྒྱ་ནི། རིག་མ་དངོས་ལ་བརྟེན་ནས་བདེ་བ་སྐྱེད་པ་དངོས་གཞི་དང༌། ཆོས་ཀྱི་ཕྱག་རྒྱ་ནི། ཇི་ལྟར་མྱོང་བ་དྲན་པར་བྱས་ནས་བདེ་བ་སྐྱོང་བས་རྗེས་དང་། ཕྱག་རྒྱ་ཆེན་པོ་ནི། དེ་དག་ལ་བརྟེན་ནས་དེ་ཁོ་ན་ཉིད་ཀྱིས་དོན་སྒོམ་པའོ། །དེའི་སྔོན་དུ་འགྲོ་ བའི་སྣ་ཚོགས་རྡོ་རྗེའི་རིམ་པ་གཉིས་ནི་ཐིག་ལེའི་རྣལ་འབྱོར་ཡིན་ལ། དེའི་སྔོན་དུ་འགྲོ་བའི་ས་བོན་མེད་པའི་རང་བྱིན་བརླབ་ནི་རླུང་གི་རྣལ་འབྱོར་ཡིན་ཏེ། འདི་གཉིས་ཀྱིས་རླུང་དང་ཐིག་ལེ་ལས་སུ་རུང་བ་ན་ཕྱག་རྒྱ་དང་སྦྱོར་བར་ནུས་པའི་ཕྱིར་རོ། །ས་བོན་ དང་བཅས་པའི་རང་བྱིན་བརླབ་ནི། སྙིང་ག་སོགས་ཀྱི་ཐིག་ལེ་ལ་སེམས་བཙན་ཐབས་སུ་གཟུང་བའི་ཐབས་སོ། །དེ་ལྟར་ན་དང་པོར་བསྐྱེད་རིམ་བརྟན་པར་བྱས་ནས་ཡུལ་ལྔ་ལ་གཡོ་བའི་སེམས་སྙིང་གའི་ཐིག་ལེ་ལ་བཀུག་ནས་བཟུང་དེ་བརྟན་པ་ ན་སྣ་རྩེར་རླུང་འགྲོ་འོང་ལ་དམིགས་པའི་རླུང་གི་རྣལ་འབྱོར་བྱས། དེ་ནས་འཁོར་ལོ་བཞིའི་ལྟེ་བར་ཐིག་ལེའི་རྣལ་འབྱོར་བརྟན་པར་བྱས། དེ་ནས་ཕྱི་ནང་གི་ཕྱག་རྒྱ་གཉིས་ལ་བརྟེན་ནས་བྱང་སེམས་ཞུ་བའི་དགའ་བཞི་ལ་སྦྱངས་པའི་མཐར་སྣོད་བཅུད་ རིམ་གྱིས་འོད་གསལ་དུ་སྡུད་པ་དང༌། དེ་ལས་ལྡང་བའི་རྣལ་འབྱོར་མང་དུ་བྱས་པའི་མཐུས་སྔར་བཤད་པ་ལྟར་གྱི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་འགྲུབ་ཅིང་དེའི་རྒྱུན་ཉིད་ཀྱིས་འབྲས་བུ་ལ་ཉེ་བར་སྦྱོར་བའོ། །དྲིལ་བུ་པའི་རིམ་ལྔ་དང་ནག་པོ་སྤྱོད་ 3-2-409a པའི་དེ་ཁོ་ན་ཉིད་ཀྱི་སྒྲོན་མེ་དང་དཔྱིད་ཀྱི་ཐིག་ལེ་གཉིས་སུ་རྫོགས་རིམ་མང་དུ་གསུངས་པའི་དོན་རྣམས་རིམ་པ་བཞིར་བསྡུས་པ་གཉིས་ལ་ངེས་པ་རྙེད་ན་བདེ་མཆོག་གི་རྫོགས་རིམ་མཁས་གྲུབ་ཀྱིས་མཛད་པ་མཐའ་དག་ གི་གནད་རྟོགས་པར་འགྱུར་རོ། །ཁུངས་རྣམས་དྲངས་ནས་རྒྱས་པར་བཤད་པ་ནི་མངས་པས་འཇིགས་ནས་མ་བྲིས་སོ། །གཉིས་པ་ནི། ཀྱཻ་རྡོ་རྗེའི་རྫོགས་རིམ་དབང་གསུམ་གྱི་ལམ་དུ་བསྡུས་ནས་ཉམས་སུ་ལེན་པའི་ཚུལ་རྣལ་འབྱོར་གྱི་དབང་ ཕྱུག་བིར་ཝ་པའི་གདམས་པ་ལམ་འབྲས་བུ་དང་བཅས་པའི་གནད་རྣམས་ནི། གདམས་པ་དེ་འཛིན་པའི་མཁས་པའི་སྐྱེ་བོ་རིམ་པར་བྱོན་པ་རྣམས་ཀྱིས་ཤིན་ཏུ་གསལ་བར་བཤད་ཟིན་པ་ལས་ཤེས་པར་བྱ་སྟེ། འདིར་ནི་ཆེན་པོ་དག་གི་གཞུང་ལས་ འབྱུང་བའི་རྫོགས་རིམ་གྱི་སྤྱིའི་འགྲོས་ཤིན་ཏུ་མི་གསལ་བ་གསལ་བ་དང༌། ལོག་རྟོག་མང་དུ་སྣང་བ་རྣམས་བསལ་བར་འདོད་པ་ཡིན་ལ། གདམས་པ་དེ་ལ་ནི་དེ་གཉིས་ཀ་མི་དགོས་པར་སྣང་བའི་ཕྱིར་རོ། །གྲུབ་ཆེན་ཌོཾ་བི་པས་མཛད་པའི་བདུད་རྩི་འོད་ཀྱི་ སྒྲུབ་ཐབས་སུ་དཔྱིད་ཀྱི་ཐིག་ལེའི་རྫོགས་རིམ་གཏུམ་མོའི་རྣལ་འབྱོར་གསུངས་ལ། དེའི་སློབ་མ་མི་ཐུབ་ཟླ་བས། དངོས་གྲུབ་འདི་ནི་ཉེ་བ་ཡི། །ཡན་ལག་དྲུག་གིས་བསྐྱེད་པ་ནི། །དང་པོ་སྤྲིན་དང་འདྲ་བར་མཐོང༌། །གཉིས་པ་དུ་བ་འདྲ་བ་སྟེ། ། གསུམ་པ་གློག་གི་རྣམ་པའོ། །བཞི་པ་མར་མེ་འབར་བ་དང༌། །ལྔ་པ་ཐམས་ཅད་སྣང་བ་སྟེ། །སྤྲིན་མེད་ནམ་མཁའ་འདྲ་བའོ། །ཕྱིས་ནི་སྒྱུ་མའི་རྣམ་པ་མཚུངས། །རྨི་ལས་རྣམ་པ་སྐད་ཅིག་གོ། ལྟེ་བར་གཏུམ་མོ་འབར་བ་ཡིས། །དེ་ 3-2-409b བཞིན་གཤེགས་པ་ལྔ་བསྲེགས་ཏེ། །སྤྱན་ལ་སོགས་པ་ཡང་བསྲེགས་པ། །བསྲེགས་པས་ཧ་ལས་རི་བོང་འབྱུང༌། །ཞེས་གསུངས་སོ། །དེ་ལ་ཡན་ལག་དྲུག་བསྒོམས་པས་སྤྲིན་དང་འདྲ་བ་སོགས་སྐྱེད་པར་བཤད་པའི་ཡན་ལག་དྲུག་ནི་ཕོ་ བྲང་སྐྱེད་པའི་ཡན་ལག་སོགས་མིན་གྱི། བདུད་རྩི་འོད་ཀྱི་སྒྲུབ་ཐབས་ལས་གསུངས་པའི་ཡན་ལག་དྲུག་གོ། དེ་ཡང་དེ་ཉིད་ལས། དང་པོར་ནག་པོ་བསྒོམ་པར་བྱ། །གཉིས་པ་དམར་པོ་བསྒོམ་པར་བྱ། །གསུམ་པ་ལ་ནི་སེར་པོར་བསྒོམ། །དེ་ བཞིན་བཞི་པར་ལྗང་ཁུ་སྟེ། །ལྔ་པ་ཁ་དོག་སྔོན་པོ་ཉིད། །དྲུག་པ་དཀར་པོའི་ཚུལ་ཅན་ཏེ། །ཡན་ལག་དྲུག་བསྒོམ་རྣལ་འབྱོར་པས། །ཕྱི་ནས་ཁ་དོག་རྣམ་པར་སྤང༌། །ཞེས་གསུངས་པ་ལྟར་རོ། །ཤཱནྟི་པའི་འཁྲུལ་སྤོང་ལས་ཀྱང༌། དེ་ནས་ ཡན་ལག་དྲུག་གི་རྣལ་འབྱོར་གྱིས་མཉམ་པ་ཉིད་བསྒོམ་པར་བྱ་སྟེ། ནག་པོ་དམར་པོ་དེ་ནས་སེར། །ལྗང་སྔོ་དཀར་པོ་རིམ་པ་ལས། །ལྷན་ཅིག་སྐྱེས་དགའ་ཙམ་དུ་ནི། །འཁོར་ལོ་གཙོ་བཅས་བསམ་པར་བྱ། །ཞེས་གསུངས་སོ། །སྒོམ་ཚུལ་ནི། མཚོ་སྐྱེས་ཀྱི་སྒྲུབ་ཐབས་ཀྱི་འགྲེལ་པ་ཛ་ལན་དྷཱ་རི་པས་མཛད་པ་ལས་གཙོ་བོའི་ཐུགས་ཀའི་ཧཱུཾ་ཡིག་ནག་པོ་དང་དེ་གྱུར་པ་ལས་ཐིག་ལེའོ། །དེའི་འོད་ཟེར་གཙོ་བོའི་བ་སྤུའི་བུ་ག་ལས་འཐོན་ནས་རྟེན་བརྟེན་པ་ཐམས་ཅད་ནག་པོར་བྱས་པར་སེམས་ ཤིང་དེ་བཞིན་དུ་ཁ་དོག་གཞན་ལའང་བྱེད་པར་བཤད་དེ་གཞུང་ན་དངོས་སུ་མི་སྣང་ཡང་འགྲེལ་པས་ཡན་ལག་དྲུག་སྒོམ་པ་ཁ་བསྐངས་སོ། །ཁ་དོག་བཤིག་ཚུལ་གཉིས་ཡོད་ཀྱང་འོད་གསལ་དུ་འཇུག་པའི་ཐབས་བརྗོད་པ་ཡིན་ཞེས་བཤད་ 3-2-410a པས་ཁ་དོག་དྲུག་དང་མཐར་འོད་གསལ་དུ་འཇུག་ཐབས་བྱས་ཏེ་སེམས་བཟུང་ན། སྤྲིན་དང་འདྲ་བ་སོགས་ཀྱི་རྟགས་འབྱུང་བ་ཡིན་ནོ། །ཁ་དོག་བཤིག་ནས་འོད་གསལ་དུ་འཇུག་ཐབས་ནི་མཚོ་སྐྱེས་ཀྱི་སྒྲུབ་ཐབས་ལས། དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀ་ན་གནས་པའི་ཟླ་བ་དང་ཉི་མའི་དབུས་ཀྱི་ཧཱུཾ་ལས་འཕྲོས་པའི་ཨཱ་ལི་ཀཱ་ལིའི་འོད་ཟེར་གྱི་ཚོགས་འབྱུང་བ་དང་འཇུག་པའི་དབུགས་ཀྱིས་སྤྲོ་བ་དང་བསྡུ་བས་རང་གི་དེ་ཉིད་དུ་ཞུགས་ནས་གཅིག་ཏུ་གྱུར་ཏེ་ཟླ་ བ་དང་ཉི་མའི་ཁ་སྦྱོར་བའི་ནང་ས་བོན་གྱི་ལུས་ཀྱིས་གནས་པ་དེའི་ཚེ་འདི་ལྟར་བསམ་མོ། །ཐོག་མ་ཐ་མ་མེད་པ་ཡི། །འཁོར་མིན་མྱ་ངན་འདས་མ་ཡིན། །གཞན་མིན་བདག་ཉིད་མ་ཡིན་པ། །འདི་ནི་མཆོག་ཏུ་བདེ་ཆེན་ཡིན། །དེ་བཞིན་དུ་ས་བོན་ཡི་ གེ་དང་ཟླ་བ་དང་ཉི་མ་འདྲེས་པར་འགྱུར་བའི་བདུད་རྩིའི་རང་བཞིན་གྱི་འོད་ཀྱི་གོང་བུའི་རྣམ་པ་དང་མར་མེའི་རྩེ་མོ་ལྟ་བུའི་རིམ་པས་ཇི་སྲིད་མི་དམིགས་ཀྱི་བར་དུ་བྱའོ། །ཞེས་གསུངས་པ་འདིས་བསྟན་པར་འགྲེལ་པར་བཤད་དོ། །དེའི་དོན་ཡང་འགྲེལ་པ་ལས་རང་ གི་དབུགས་འབྱུང་བའི་ལམ་ནས། ཨཱ་ལི་ཀཱ་ལི་འཐོན་ནས་དེའི་འོད་ཟེར་གྱིས་འཇིག་རྟེན་གསུམ་པོ་གཅིག་ཏུ་བྱས་ཏེ་དཀྱིལ་འཁོར་ལ་བསྡུས་ཤིང་རིམ་པ་བཞིན་དུ་དཀྱིལ་འཁོར་གྱི་ལྷ་མོ་བརྒྱད་ཞལ་བརྒྱད་དང་ཡུམ་ཡང་ཡབ་ལ་བསྡུས་པའི་མཐར་ཉི་ ཟླ་ཁ་སྦྱོར་གྱི་བར་གྱི་ས་བོན་གནས་པའི་ཚེ། ཐོག་མ་ཐ་མ་ཞེས་སོགས་ཀྱི་དོན་རིག་པར་བྱས་ནས། གཙོ་བོ་ཡང་འོད་གསལ་དུ་འཇུག་སྟེ་ཡི་གེ་དང་ཟླ་ཉི་གསུམ་འདྲེས་པ་ནི། སྣང་མཆེད་ཐོབ་གསུམ་གྱི་ཡེ་ཤེས་དག་པའོ། །བདུད་རྩིའི་རང་བཞིན་ནི། འོད་གསལ་ 3-2-410b དང་མར་མེའི་རྩེ་མོ་ནུབ་ནས་འགྲོ་བ་བཞིན་དུ་འོད་ཟེར་གྱི་ཕུང་པོའི་རྣམ་པ་རྣམས་གཅིག་ལ་གཅིག་ཐིམ་ནས་མཐར་རྣམ་ཤེས་ནམ་མཁའ་དང་འདྲ་བའི་འོད་གསལ་ལ་ཐིམ་ཞིང་དེ་ནས་སླར་ཡང་ལྡང་བའི་རིམ་པ་བཤད་དོ། །འགྲེལ་པ་ལས་བྱང་ཆུབ་མ་ཐོབ་ ཀྱི་བར་དུ་ལྡང་འཇུག་དེ་ལྟར་བྱ་བར་བཤད་པ་ལྟར་རྫོགས་རིམ་གྱི་སྐབས་སུ་ཡང་འོད་གསལ་དུ་འཇུག་པ་དང་ལྡང་བའི་རིམ་པ་དེ་བཞིན་དུ་བྱས་ནས། སྔར་བདེ་མཆོག་པ་དང་ཡེ་ཤེས་ཞབས་ལུགས་ཀྱི་སྐབས་སུ་བཤད་པ་བཞིན་དུ་དེར་སེམས་བཟུངས་པའི་ཚེ་སྤྲིན་ དང་འདྲ་བ་སོགས་ཀྱི་རྟགས་རྣམས་འཆར་བ། ཌོཾ་བི་པ་དང་མི་ཐུབ་ཟླ་བའི་ཡང་བཞེད་པར་སྣང་ངོ༌། །དེ་ཡང་ཌོཾ་བི་པའི་ལུང་སྔར་དྲངས་པ་བཞིན་དུ་བསྐྱེད་རིམ་བརྟན་པ་སྔོན་དུ་བཏང་ནས་མཐར་རྫོགས་རིམ་ཟུང་འཇུག་སྒྲུབ་པའི་སྐབས་སུ་རྗེས་གཞིག་གི་རིམ་པས་སྒྲུབ་ པ་ཡིན་ནོ། །དེའི་སྔོན་དུ་སྒོམ་པའི་རྫོགས་རིམ་ནི། གཏུམ་མོ་དཔྱིད་ཀྱི་ཐིག་ལེ་སྒོམ་པ་ལ་བཤད་པས་ན་རིམ་པ་དང་པོ་དང་གཏུམ་མོ་གཉིས་ལ་དྲིལ་ནས་བསྐྱེད་རིམ་བརྟན་པ་དང་རླུང་དང་ཐིག་ལེ་ལས་སུ་རུང་བ་ན་ཁ་དོག་བཤིག་པ་ཞེས་པའམ་གཟུགས་ལས་ འདས་པ་ཞེས་པའི་རིམ་པ་རྗེས་གཞིག་གིས་འོད་གསལ་དུ་འཇུག་ལྡང་བྱེད་པའི་ལུགས་སོ། །དེ་ལྟར་ན་གསང་འདུས་གཉིས་དང་བདེ་དགྱེས་ཀྱི་རྫོགས་རིམ་ལ་མཐར་ཟུང་འཇུག་གི་ཡེ་ཤེས་ཀྱི་སྐུ་བསམ་གཏན་གཉིས་གང་རུང་གིས་སྣོད་བཅུད་འོད་གསལ་དུ་ བསྡུས་ནས་འཇུག་ལྡང་བྱེད་པའི་རིམ་པས་སྒྲུབ་པ་དང༌། དང་པོ་བསྐྱེད་རིམ་མཐར་དབྱུང་དགོས་པ་ལ་འདྲ་ཞིང་རླུང་དང་ཐིག་ལེ་ལས་རུང་དུ་བྱས་ནས་འོད་གསལ་དུ་འཇུག་ལྡང་བྱ་དགོས་པ་ཡང་འདྲ་མོད་ཀྱང༌། རླུང་དང་ཐིག་ལེ་ལས་རུང་དུ་སྒྲུབ་ལུགས་ལ་ 3-2-411a སྒོ་མང་པོ་བཤད་དེ། འཕགས་ལུགས་པས་ནི་རྡོར་བཟླས་ཉིད་ལ་འདྲིལ་ཞིང༌། ཡེ་ཤེས་ཞབས་ལུགས་པ་དང་བདེ་མཆོག་པས་ཐིག་ལེའི་རྣལ་འབྱོར་མང་པོ་དང་གཏུམ་མོ་དང་རླུང་གི་རྣལ་འབྱོར་གྱིས་སྒྲུབ་ལ། ཌོཾ་བི་པ་ལ་སོགས་པས་ གཏུམ་མོ་ལ་གནད་དུ་བསྣུན་པར་སྣང་ངོ༌། །རྫོགས་པའི་རིམ་པ་གཞན་ཡང་མང་དུ་ཡོད་མོད་ཀྱང་སྔར་བཤད་པ་རྣམས་ལ་ངེས་པ་རྙེད་ན་གོ་བར་ནུས་པས་མ་བྲིས་སོ། །འདིར་སྨྲས་པ། དཔལ་ལྡན་འདུས་པ་དུས་ཀྱི་འཁོར་ལོ་དང༌། །འཁོར་ལོ་སྡོམ་ པ་དགྱེས་པ་རྡོ་རྗེ་ཡི། །རྫོགས་རིམ་ལམ་གྱིས་ཇི་ལྟར་བགྲོད་པའི་ཚུལ། །སྤྱི་ཡི་རྣམ་གཞག་ཚིག་སྤྱིར་མ་ལས་ཤིང༌། །ལུང་དོན་རིགས་པ་ཕྲ་མོས་ལེགས་དཔྱད་ནས། །དོན་གྱི་ཁོག་རྣམས་ལེགས་པར་དཔྱིས་ཕྱིན་པར། །ཚིག་ཟུར་ཕྱིན་ པར་གསལ་བར་བཤད་པ་ལ། །གནས་གསུམ་མཁའ་འགྲོས་བརྩེ་བས་བཟོད་པ་མཛོད། །རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་གསང་བ་ཀུན་གྱི་གནད་རྣམ་པར་ཕྱེ་བ་ལས། རྫོགས་རིམ་སྤྱིའི་རྣམ་གཞག་བསྟན་པ་སྟེ་ལེའུ་བཅུ་གསུམ་ པའོ། ། ༈ ། །གཉིས་པ་ཐོག་མར་སྒོམ་པའི་རྫོགས་རིམ་ངོས་གཟུང་བ་ལ་གསུམ། སྒོམ་པའི་རྟེན་རྩ་དང་རླུང་ལ་སོགས་བསྟན་པ་དང༌། དེ་ལ་ཇི་ལྟར་གནད་དུ་བསྣུན་པ་དང༌། དེ་ལ་བརྟེན་ནས་སྟོང་ཉིད་སྒོམ་པའི་ཚུལ་ལོ། །དང་པོ་ལ་ གཉིས། རྩ་བཤད་པ་དང༌། རླུང་བཤད་པའོ། །དང་པོ་ནི། ལུས་ལ་རྩ་བདུན་ཁྲི་ཉིས་སྟོང་གནས་ལ་དེའི་ནང་ནས་གཙོ་བོ་བརྒྱ་ཉི་ཤུ། དེའི་ནང་ནས་གཙོ་བོ་ཉེར་བཞི་དེ་ལས་ཀྱང་གཙོ་བོ་གསུམ་ཡིན་ཏེ། སྡོམ་འབྱུང་གི་བདུན་པ་ལས། བདུན་ཅུ་ 3-2-411b གཉིས་ཀྱི་སྟོང་ཕྲག་རྣམས། །ལུས་ཀྱི་རྗེས་འགྲོ་རྩ་རུ་འགྱུར། །རྩ་དང་ཉེ་བའི་རྩ་རྣམས་ཏེ། །དེ་རྣམས་གནས་ན་བརྟེན་པའོ། །ཉི་ཤུས་ལྷག་པའི་བརྒྱ་ཡིས་ནི། །རྩ་ཡི་གཙོ་བོ་བརྗོད་པར་བྱ། །རྩ་ཡི་གནས་དང་ཡུལ་རྣམས་ནི། །ཉི་ཤུ་རྩ་བཞིའི་གྲངས་ ཡིན་ཏེ། །དེ་རྣམས་དབུས་ན་རྩ་གསུམ་ནི། །རྟེན་དང་ཀུན་ཏུ་འགྲོ་བའོ། །ཞེས་སོ། །དེའི་འགྲེལ་པར་རླུང་གི་བཞོན་པ་དང་རྣམ་ཤེས་ཀྱི་རྟེན་བྱེད་པའི་རྩའི་གཙོ་བོ་ནི། སྙིང་གི་ཆོས་དང་མགྲིན་པ་ལོངས་སྤྱོད་དང་སྤྱི་བོ་བདེ་ཆེན་དང་ལྟེ་བ་སྤྲུལ་པའི་འཁོར་ ལོའི་རྩ་བརྒྱད་དང་བཅུ་དྲུག་དང་སོ་གཉིས་དང་རེ་བཞི་ཡིན་ལ། དེ་རྣམས་ལས་ཀྱང་སེན་མོ་དང་སོ་ལ་སོགས་པ་ལུས་ཀྱི་ཁམས་ཉེར་བཞི་རྒྱས་པ་དང་གནས་པའི་རྒྱུ་བྱེད་པས་སྤྱི་བོ་ལ་སོགས་པའི་གནས་ཉེར་བཞིའི་རྩ་རྣམས་གཙོ་བོ་ཡིན་པར་ བཤད་དོ། །སྡོམ་འབྱུང་གི་ལེའུ་དེ་ཉིད་ལས། ལ་ལ་ནཱ་ལ་སོགས་པའི་རྩ། །རྩ་རྣམས་ཀུན་གྱི་གཙོ་བོ་སྟེ། །དེ་ཉིད་ཕྱིར་ན་གཞན་གྱི་རྟེན། །གངྒཱ་སིནྡྷུ་ར་གཞན་འཇུག་བཞིན། །ཞེས་རྩ་གསུམ་གཙོ་བོ་ཡིན་པའི་ཚུལ་གསུངས་སོ། །དེ་ལ་ཁ་ སྦྱོར་གྱི་བརྟག་པ་དྲུག་པ་ལས། སྙིང་གི་ནང་སོན་པདྨ་ནི། །འདབ་མ་བརྒྱད་པ་སྙིང་པོར་བཅས། །ཞེས་དང༌། འདབ་མ་རྣམས་ཀྱི་བཞི་ལ་ཡང༌། །འབྱུང་བ་བཞི་ཡི་རྩ་རྣམས་ནི། །མར་མེའི་རང་བཞིན་ལྟ་བུར་ནི། །ཕྱོགས་བཞི་ལ་ནི་རྣམ་པར་གནས། ། རྩ་རྣམས་བཞི་ཡང་མཚམས་རྣམས་སུ། །རྣམ་པར་གནས་ཤིང་དེར་སོན་པ། །བདུད་རྩི་ལྔ་ནི་འབབ་པ་སྟེ། །དེ་མཆོད་རང་གི་གཟུགས་གནས་པས། །དེ་ཡི་དངོས་པོའི་ངོ་བོ་ལས། །མཆོད་པ་བཞི་ནི་རྣམ་པར་བཤད། །ལུས་ཀྱི་སྙིང་གི་ནང་དུ་ནི། །རྩ་རྣམས་ 3-2-412a ལྔ་ནི་རྣམ་པར་གནས། །སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །ཉི་ཤུ་རྩ་བཞིར་ཉེ་བར་བརྗོད། །ཅེས་སྙིང་གའི་རྩ་འདབ་བརྒྱད་ཀྱི་ཕྱོགས་བཞི་ལ་འབྱུང་བཞིའི་རྩ་དང་མཚམས་བཞི་ལ་མཆོད་པ་བཞིའི་རྩ་གནས་པར་བཤད་ དོ། །དེ་ལ་མངལ་དུ་རྩ་འཆགས་པའི་རིམ་པ་ནི། མན་སྙེ་ལས། མངལ་གྱི་གནས་སྐབས་སུ་དང་པོར་སྙིང་གི་རྩ་ལྔ་རྣམས་སྐྱེའོ། །དེའི་རྗེས་སུ་སྐྱེས་པ་གསུམ་རྣམས་སོ་ཞེས་པ་བརྒྱད་རྣམས་སོ། །ཞེས་གསུངས་པའི་དོན་སུམ་སྐོར་མ་ལ་ སོགས་པ་ལྔ་དང་པོར་ཆགས་ནས་གཙོ་བོ་གསུམ་རྗེས་སུ་སྐྱེ་བར་སྟོན་པ་མིན་ཏེ། སྡོམ་འབྱུང་ལས་དེ་གསུམ་རྩ་གཞན་ཐམས་ཅད་ཀྱི་རྟེན་དུ་གསུངས་པས་སོ། །དེས་ན་སྙིང་གར་གཙོ་མོ་གསུམ་དང་བཅས་པའི་ལྔ་གྲུབ་པའི་རྗེས་སུ་ཁྱིམ་མ་ལ་ སོགས་པ་འཆགས་པར་བྱ་དགོས་སོ། །རྩ་སོ་གཉིས་ཀྱི་སུམ་སྐོར་མ་ལ་སོགས་པ་ཐ་མ་ལྔ་དང་རོ་རྐྱང་དབུ་མ་གསུམ་སྟེ་བརྒྱད་མ་གཏོགས་པ་ཉི་ཤུ་རྩ་བཞི་ནི། སྤྱི་བོ་ལ་སོགས་པའི་གནས་ཉེར་བཞིའི་སྐུ་གསུང་ཐུགས་ཀྱི་རྩ་ཡིན་པས་བརྒྱད་རྣམས་ སོ་ཞེས་པ་ནི། ལྷག་མ་བརྒྱད་པོའོ། །བདུད་དྲལ་མ་ནི། ཨ་བ་དྷཱུ་ཏཱི་དང་འདྲེས་པས་དབུས་ན་གནས་ཏེ། མན་སྙེ་ལས། སུམ་ཅུ་གཉིས་པ་བདུད་དྲལ་མ་ནི། ཨ་བ་དྷཱུ་ཏཱི་དང་འདྲེས་པ་ཁོ་ན་སྟེ། ལྕེའི་རྩེ་མོ་ཇི་སྲིད་པར་ལྟེ་བ་ནས་ལངས་པ་དུས་ཀྱི་རྩ་རྣལ་འབྱོར་མ་ རྣམས་ཀྱི་འགོག་པའི་མཚན་ཉིད་ཅན་གྱི་ཆོས་འབབ་བོ། །ཞེས་སོ། །ཡང་མན་སྙེ་ལས། སུམ་སྐོར་མ་ནི་གཟུགས་སོ། །འདོད་པ་མ་ནི་སྒྲའོ། །ཁྱིམ་མ་ནི་དྲིའོ། །གཏུམ་མོ་ནི་རོའོ། །བདུད་དྲལ་མ་ནི་ཆོས་སོ། །ཞེས་དང་། དེ་ལ་འདབ་མ་ 3-2-412b རྣམས་ཀྱི་བཞི་ཡིས་འབྱུང་བའི་རྩ་རྣམས་རྣམ་པར་གཞག་གོ། ཕྱོགས་རྣམས་སུ་བཞི་རྣམས་ནི། འབྱུང་བ་བཞི་རྣམས་དང་དེའི་རང་བཞིན་རྣམས་འབབ་བོ་ཞེས་བྱས་ནས་སོ། །ཞེས་གསུངས་ལ་སྡོམ་འབྱུང་འགྲེལ་པ་ལས། ལྔ་པོ་འདི་རྣམས་ནི་ཆོས་ཀྱི་འཁོར་ ལོར་རིམ་པས་ས་ལ་སོགས་པའི་ཁམས་ཀྱི་རང་བཞིན་ནོ། །དེའི་ཕྱིར་དཀྱིལ་འཁོར་ལས་དཀྱིལ་འཁོར་གཞན་དུ་འཕོ་བར་མཚོན་པར་བྱའོ་ཞེས་པའོ། །ཞེས་བཤད་དེ། བདུད་དྲལ་མ་ནི། དེར་ཡང་རྩ་དབུ་མ་ལ་བརྟེན་པར་བཤད་པས་སུམ་སྐོར་མ་ལ་སོགས་ པ་བཞི་ཕྱོགས་བཞིའི་རྩའོ། །སྙིང་གའི་མཚམས་ཀྱི་རྩ་བཞི་ནི། མན་སྙེ་ལས། མཚམས་སུ་བཞི་རྣམས་ནི། སོ་སོར་བཤང་པ་དང་གཅི་བ་དང་བད་ཀན་དང་ཁྲག་དང་ཁུ་བ་རྣམས་འབབ་པ་འབྱུང་བའི་རྩ་རྣམས་ཀྱི་ལྷན་ཅིག་བྱེད་པ་གཟུགས་དང་དྲི་དང་རོ་ དང་རེག་བྱ་རྣམས་འབབ་པའི་ཕྱིར་མཆོད་པའི་རང་བཞིན་ཏེ། དེའི་རང་བཞིན་ཡང་དངོས་པོར་ན་འབྱུང་བ་དང་འབྱུང་བ་ལས་གྱུར་པ་ཐ་དད་མེད་པའི་ཕྱིར་རོ། །ཞེས་འབྱུང་བ་དང་འབྱུང་འགྱུར་དངོས་པོ་ལ་ཐ་དད་མེད་པར་གསུངས་པས་ཕྱོགས་ཀྱི་འབྱུང་བའི་ རྩ་བཞི་དང་མཚམས་ཀྱི་མཆོད་པའི་རྩ་བཞི་ག་ནས་འབྱུང་བའམ་གཟུགས་ལ་སོགས་པ་འབབ་པ་འདྲ་བར་བཞེད་པའོ། །སུམ་སྐོར་མ་ལ་སོགས་པ་བཞི་པོ་རེ་རེ་གཉིས་གཉིས་སུ་གྱེས་པས་རྩ་བརྒྱད་དོ། །དེ་ནས་རྩ་བརྒྱད་ལས་རྩ་ཉེར་ བཞིར་འགྱུར་ཏེ། མན་སྙེ་ལས། འདི་ལྟར་ཨ་བ་དྷཱུ་ཏཱི་དང་ལྷན་ཅིག་རྩ་ལྔ་རྣམས་དང་པོ་སྟེ། དེའི་རྗེས་སུ་གསུམ་དང་དེ་ནས་ཉི་ཤུ་རྩ་བཞི་ཞེས་པའོ། །ཞེས་གསུངས་སོ། །མུ་ཏིག་ཕྲེང་བ་ལས་སྙིང་གའི་པདྨའི་ལྟེ་བ་དང་ཕྱོགས་ཀྱི་ 3-2-413a འདབ་མ་རྣམས་ལ་གོ་རིམས་བཞིན་དུ། འཁྲིས་གསུམ་འདོད་མ་ཁྱིམ་མ་དང༌། །གཏུམ་མོ་དང་ནི་བདུད་མ་མོ། །ཞེས་བཤད་ཅིང་། དེ་ལྔ་ལ་སྙིང་གའི་རྩ་ལྔར་བཤད་པ་ཡང་ཕྱོགས་བཞི་དང་དབུས་ལ་གྲངས་ བཞིན་དུ་མཛད་དམ་བརྟག་གོ། ཀུ་མུ་ཊི་ལས་ཀྱང་རྩ་ལྔ་གཟུགས་སོགས་དང་སྦྱར་ལ་བྷཱ་བ་བྷ་དྲས་བདུད་རྩི་ལྔ་འབབ་པར་བཤད་པས། དེ་དག་འབབ་པ་ནི། རྩ་བརྒྱད་ཀ་ལ་འདྲ་བར་མངོན་ནོ། །རྩ་སོ་གཉིས་ལས་བྱང་སེམས་སོ་གཉིས་ འབབ་པར་གསུངས་པ་སྤྱིའི་ཡིན་ལ། སོ་དང་སེན་མོ་སོགས་འབབ་པ་ནི་སོ་སོའི་དབང་དུ་བྱས་པའོ། །འོན་ཀྱང་བདུད་དྲལ་མར་མི་འབབ་པས། ཀྱཻ་རྡོ་རྗེར། འབད་པས་ཀུན་གྱི་ལྷག་མ་སྤང༌། །ཞེས་རྩ་རྣལ་འབྱོར་མའི་ངོ་བོར་སྟོན་པའི་སྐབས་སུ་དེ་ སྤོང་བར་གསུངས་ལ། རྩ་དེའི་དབང་གིས་འཇིག་རྟེན་བདེ་བའི་རང་བཞིན་དུ་སྐྱེས་ཀྱང་དེའི་དཀྱིལ་འཁོར་མི་མཐོང་ཞིང་འཆི་བར་ཡང་བྱེད་དོ། །དེ་ཡང་སྒྲིབ་བཅས་ཀྱི་སྐབས་སུ་ཡིན་གྱི་སྒྲིབ་བྲལ་གྱི་ཚེ་དེ་ཡང་བྱང་ཆུབ་ཀྱི་སེམས་ཀྱིས་གང་ངོ༌ཞེས་ མན་སྙེ་ལས་བཤད་དོ། །མུ་ཏིག་ཕྲེང་བ་ལས། དེར་པདྨའི་འདབ་མ་ལ་བརྟེན་པའི་གྲངས་བརྗོད་པར་འདོད་པ་ནི་མ་ཡིན་ཏེ། འདབ་མ་ལ་བརྟེན་པའི་གྲངས་སུ་འགྲོ་བའི་ཚིག་མེད་པའི་ཕྱིར་དང༌། སྙིང་གའི་པདྨའི་དབུས་ཀྱི་རྩར་བརྗོད་པའི་ཡང་ཕྱིར་རོ། ། ཞེས་ཁ་སྦྱོར་ལས། བྱང་ཆུབ་སེམས་ཀྱི་རང་བཞིན་རྩ། །སུམ་ཅུ་རྩ་གཉིས་དམ་པ་ཡིན། །ཞེས་གསུངས་པའི་རྩ་སོ་གཉིས་སྤྱི་བོའི་རྩ་འདབ་ཡིན་པ་བཀག་པའི་རྒྱུ་མཚན་དུ་རྒྱུད་དེར་སོ་གཉིས་པོ་རྩ་འདབ་ཀྱི་གྲངས་སུ་སྟོན་པའི་ཚིག་མེད་པའི་ 3-2-413b ཕྱིར་དང་། སྙིང་གའི་པདྨའི་དབུས་ཀྱི་རྩར་བཤད་པའི་ཕྱིར་ཅེས་པའི་ཕྱི་མ་ནི། ཁ་སྦྱོར་ལས་སྔར་དྲངས་པ་ལྟར་སྙིང་གའི་རྩ་བརྒྱད་བཤད་པའི་འོག་ཏུ་སྐུ་གསུང་ཐུགས་ཀྱི་དབྱེ་བས་རྩ་ཉེར་བཞིར་བརྗོད་ཅེས་གསུངས་པའི་བརྒྱད་ཚན་བཞི་ནི་རྩ་སོ་གཉིས་ཡིན་ ལ། བརྒྱད་ཚན་དང་པོ་སྙིང་གའི་འདབ་མ་ལ་བཤད་པས་ན་སྤྱི་བོའི་འདབ་མ་མིན་ནོ་སྙམ་དུ་དགོངས་སོ། །དེས་ན་ལུང་དེའི་འཕྲོ་ནས། གནས་སོགས་དབྱེ་བ་ལ་གནས་ནས། །གནས་དང་གནས་ལ་རྣམ་པར་གནས། །སྤྱི་བོར་ཡང་དག་འབྱུང་བ་ཡི། །རྩ་ནི་སྤྱི་ བོར་སྐྱེས་ཞེས་བརྗོད། །ཅེས་གསུངས་པས་ཀྱང་སྤྱི་བོའི་རྩ་འདབ་སྟོན་པ་མིན་ཏེ། གཞན་དུ་ན་གནས་དང་ཉེ་བའི་གནས་ལ་སོགས་པའི་རྩ་ཉེར་བཞི་པོ་ཐམས་ཅད་སྤྱི་བོའི་རྩ་འདབ་ཏུ་འགྱུར་བས་རྩའི་རྒྱུད་གཅིག་པ་ལ་དགོངས་སོ། །རྩ་གསུམ་ཇི་ ཙམ་ཞིག་ཏུ་དང་ཇི་ལྟར་གནས་པ་ནི། མན་སྙེ་ལས། རྩ་ནི་ཨ་བ་དྷཱུ་ཏཱི་སྟེ་གཙུག་ཏོར་ནས་ནོར་བུའི་མཐའ་དང་རྐང་མཐིལ་གྱི་མཐའ་ཇི་སྲིད་པར་གནས་པའོ། །འོན་ཀྱང་གཙུག་ཏོར་དང་སྤྱི་བོ་དང་མགྲིན་པ་དང་སྙིང་ག་དང་ལྟེ་བ་དང་གསང་བ་དང་ ནོར་བུའི་དབུས་སུ་ཆུད་པའི་རིམ་པ་ཇི་ལྟ་བར་བཞི་དང་སུམ་ཅུ་རྩ་གཉིས་དང་བཅུ་དྲུག་དང་བརྒྱད་དང་དྲུག་ཅུ་རྩ་བཞི་དང་སུམ་ཅུ་རྩ་གཉིས་དང་བརྒྱད་ཀྱི་གྲངས་ཅན་པདྨ་ཉིད་དང་བྷ་ག་ཉིད་དང་འཁོར་ལོ་ཉིད་དུ་བསྟན་པར་བྱ་བ་རྣམས་ཀྱི་དབུས་སུ་མདུད་ པའི་གཟུགས་སོ། །ཞེས་དང༌། ལ་ལ་ནཱ་དང་ར་ས་ནཱའི་རྩ་དག་ནི། མགོ་བོའི་འཁོར་ལོ་ནས་གསང་བའི་འཁོར་ལོ་ཇི་སྲིད་པར་མདུད་པ་རྣམས་སུ་ལྕགས་སྒྲོག་གི་རྣམ་པས་ཨ་བ་དྷཱུ་ཏཱི་ལ་འཁྱུད་ནས་གནས་པ་དག་གོ། ཞེས་འཁོར་ལོ་དྲུག་གི་ལྟེ་ 3-2-414a བར་ཨ་བ་དྷཱུ་ཏཱི་ལ་འཁྱུད་ནས་གནས་ཏེ་དེ་ཡང་མགོ་བོ་ནས་ནོར་བུའི་རྩེ་དང་རྐང་མཐིལ་གྱི་བར་དུ་གནས་པར་བཤད་དོ། །དེས་ན་ཁ་སྦྱོར་ལས། མགྲིན་པ་ནས་བརྩམས་གཡོན་པའི་རྩར། །ལོངས་སྤྱོད་རྫོགས་པའི་སྐུ་ ཅན་མ། །ལྟེ་བའི་ནང་དུ་ངལ་བསོས་ཤིང༌། །ཁ་ནི་འོག་ཏུ་མྱོས་བྱེད་འབབ། །གང་ཞིག་ལྟེ་བ་ལས་སྟེང་རྩ། །དེ་བཞིན་ཁ་ནི་སྟེང་དུ་འབབ། །མགྲིན་པའི་ནང་དུ་ངལ་བསོས་ཤིང༌། །ཁྲག་འབབ་པར་ནི་རབ་ཏུ་གྲགས། །མྱོས་བྱེད་ཟླ་བ་ཞེས་བྱར་ བཤད། །ཁྲག་ནི་ཉི་མ་ཞེས་སུ་གསུངས། །ཞེས་ལྟེ་བ་དང་མགྲིན་པའི་ནང་དུ་ངལ་བསོ་བར་གསུངས་པ་ནི། དེ་ཕན་ཆད་དུ་རྩ་དེ་དག་མི་འགྲོ་བ་མིན་ཏེ་འགྲེལ་པ་ལས་བཤད་དོ། །རྐྱང་མ་ནི། ཁྲག་དང་ཅུང་ཟད་འདྲེས་ཤིང་ཤས་ཆེར་ལུས་དང་ སྙིང་སྟོབས་དང་ཟླ་བ་འབབ་པའི་ཕྱིར་ལུས་ཀྱི་དང་སྙིང་སྟོབས་ཀྱི་དང་ཟླ་བའི་དང་ཐབས་ཀྱི་རྩ་ཞེས་ཐ་སྙད་བྱ་སྟེ། དེ་དག་གི་ལམ་ཞེས་ཀྱང་བྱའོ། །རོ་མ་ནི། ཁུ་བ་ཅུང་ཟད་དང་ཤས་ཆེར་དག་དང་རྡུལ་དང་ཉི་མ་འབབ་པས་ངག་གི་དང་རྡུལ་གྱི་དང་ ཉི་མའི་དང་ཤེས་རབ་ཀྱི་རྩ་ཞེས་བྱ་སྟེ་ཕལ་ཆེ་བའི་དབང་དུ་བྱས་སོ། །དབུ་མ་ནི། ཤས་ཆེར་ཁུ་ཁྲག་དང་སེམས་དང་མུན་པ་དང་སྒྲ་གཅན་འབབ་པའི་ཕྱིར་སེམས་ཀྱི་དང་མུན་པའི་དང་སྒྲ་གཅན་གྱི་དང་མ་ནིང་གི་རྩ་ཞེས་བྱས་བར་མན་སྙེ་ལས་གསུངས་སོ། ། ཁ་སྦྱོར་ལས་ཀྱང༌། རྩ་གཉིས་སྐྱེ་གནས་དབུས་སུ་ནི། །གཡོན་དང་གཡས་སུ་དེ་བཞིན་དུ། །གཡོན་དུ་ཁུ་བ་རྣམ་ཤེས་བྱ། །གཡས་པ་ནས་ནི་ཁྲག་ཉིད་དེ། །དེ་ཡི་ཕན་ཚུན་བསྡུ་བ་ཡང༌། །ཆོས་ཀྱི་དབྱིངས་ཉིད་སྡུད་པ་ཡིན། །སྙིང་སྟོབས་སྐུ་དང་རྡུལ་ 3-2-414b དག་བཅས། །མུན་པ་སེམས་ཀྱི་རང་བཞིན་ལས། །སྙིང་སྟོབས་ཁུ་བ་རིན་ཆེན་རྡུལ། །མུན་པ་སྐྱེད་པར་བྱེད་པ་ཉིད། །ཅེས་གསུངས་སོ། །ལྟེ་བའི་འོག་ཏུ་ནི། རྐྱང་མ་བཤང་བ་དང་རོ་མ་གཅི་བ་དང་དབུ་མ་ཁུ་བ་འབབ་པར་མན་སྙེ་ལས་གསུངས་སོ། །དེ་ཡང་གཡས་ སུ་ཁུ་བ་གཡོན་དུ་དྲི་ཆུ་དབུས་སུ་དྲི་ཆེན་འབབ་པའོ། །རོ་རྐྱང་གཉིས་ཀ་ལ་སྟེང་འོག་གི་བུག་པའི་སྒོ་གཉིས་གཉིས་ཡོད་པར་འདྲ་བ་ལ་རྐྱང་མ་ཁ་འཐུར་ལྟ་དང་། རོ་མ་ཁ་གྱེན་ལྟར་བཤད་པའི་རྒྱུ་མཚན་ནི། སྡོམ་འབྱུང་གི་འགྲེལ་པ་ལས། འོག་གི་ཁ་ཞེས་པ་གལ་ ཏེ་ཡང་འདིའི་བུ་ག་གཉིས་ཀ་ཡང་ཁ་ཡིན་པ་དེ་ལྟ་ནའང་བླང་བ་དང་དོར་བར་བྱེད་པ་ཉིད་ཀྱིས་འོག་གི་ལྟེ་བའི་རྩ་ནི། ཁ་བཞིན་དུ་འདིའི་ཁའོ་ཞེས་པ་འོག་གི་ཁའོ། །དེ་བཞིན་དུ་སྟེང་གི་ཁ་ཡང་ངོ་ཞེས་ཁུ་ཁྲག་འཕེན་འཛིན་བྱེད་མི་བྱེད་ཀྱི་སྒོ་ནས་གསུངས་སོ། ། དེ་བཞིན་དུ་སྡོམ་འབྱུང་ལས། རབ་ཏུ་འཇུག་པ་རྩ་གཡོན་ནས། །གཡས་པ་འབྱུང་བའི་ལམ་ཡིན་ནོ། །ཞེས་རྩ་གཡོན་པ་འཇུག་པའི་ལམ་དང་གཡས་པ་འབྱུང་བའི་ལམ་དུ་གསུངས་པ་ནི། དེའི་འགྲེལ་པ་ལས། རབ་ཏུ་འཇུག་པ་ཞེས་པ་གཡས་ནས་འཐོན་ཏེ་ ཡུལ་བཟུངས་ནས་དེ་མ་ཐག་རླུང་ལ་ཞོན་པའི་རྣམ་པར་ཤེས་པ། ལ་ལ་ནཱ་ནས་འཇུག་པའི་ཕྱིར་རོ། །ཞེས་གསུངས་པ་བཞིན་དུ་ཤེས་པར་བྱའོ། །མངལ་དུ་ཁུ་ཁྲག་གཉིས་ཡོངས་སུ་གྱུར་པ་ལས་ལུས་འདི་འགྲུབ་པས་ན་ལུས་གཞན་རྣམས་དེའི་རྣམ་འགྱུར་ དུ་གསུངས་པས་བྱང་སེམས་དཀར་དམར་གཉིས་ལུས་ཀྱི་ཁམས་ཀྱི་གཙོ་བོ་ཡིན་ལ། དེ་ཡང་སྤྱི་བོའི་པདྨ་དཀར་པོ་ཤས་ཆེ་ཞིང་དམར་པོ་ཆུང་ལ་ལྟེ་བར་བཟློག་ནས་གནས་ཏེ། མན་སྙེ་ལས། འོན་ཀྱང་བར་གྱི་གནས་སྐབས་སུ་མགོ་བོའི་ཆུ་སྐྱེས་སུ་ཁུ་བ་ 3-2-415a ཤས་ཆེ་བ་རྡུལ་ཤས་ཆུང་བ་སྟེ་གསང་བའི་ཆུ་སྐྱེས་སུ་བཟློག་པའོ། །ཞེས་གསུངས་ཏེ་གསང་བ་ནི། ལྟེ་བ་ལ་གོ་དགོས་པ་མང་དུ་ཡོད་དོ། །ཁམས་དཀར་པོ་ནི། འཁོར་ལོ་གཞན་དུ་རེས་འགའ་གནས་ཀྱི་དུས་ཐམས་ ཅད་དུ་གནས་པ་བདེ་ཆེན་གྱི་འཁོར་ལོའི་དབུས་ཡིན་ཏེ། མན་སྙེ་ལས། རྟག་ཏུ་ཞེས་པ་ཐམས་ཅད་ཀྱི་ཚེ་སྟེ་འཁོར་ལོ་གཞན་དུ་རེས་འགའ་གནས་ཀྱི་དུས་ཐམས་ཅད་དུ་མ་ཡིན་ནོ་ཞེས་དགོངས་པའོ་ཞེས་གསུངས་ཏེ་འདིའི་རིགས་པ་ནི་ལྟེ་ བའི་དམར་ཆ་ལའང་མཚུངས་སོ། །དེའི་ཕྱིར་འབར་འཛག་གི་དམིགས་པ་གནས་དེ་གཉིས་སུ་གཏོད་པ་ཡིན་ནོ། །རོ་རྐྱང་གི་རྩ་གཉིས་ཀྱང་དབུ་མ་དང་ཁོག་འབྲེལ་བར་བླ་མ་ཁ་ཅིག་བཞེད་དེ་གཡས་གཡོན་གྱི་རླུང་དང་ཐིག་ལེ་དབུ་མར་འཇུག་པ་ སོགས་ལ་དེ་བདེའོ། །མན་སྙེ་ལས་འབྱུང་བ་བཞི་རིམ་གྱིས་ཐིམ་པའི་མཐར་རླུང་སྣང་བ་ལ་དེ་སྣང་བ་མཆེད་པ་ལ་དེ་སྣང་བ་ཉེར་ཐོབ་ལ་དེ་འོད་གསལ་དུ་ཐིམ་པ་ནི་ཐམས་ཅད་སྟོང་པ་འོད་གསལ་ཏེ་ཤི་བའོ། །དེ་ལས་སྟོང་ཆེན་ཉེར་ཐོབ་སྟེ་དྲི་ ཟའི་སེམས་སོ། །དེ་ལས་ཐབས་སྣང་བ་མཆེད་པ་འདོད་པ་ཉེ་བར་ལེན་པའི་སེམས་སོ། །དེ་ལས་ཤེས་རབ་སྣང་བ་སྟེ་སྐྱེ་བ་གཟུང་བའི་སེམས་སོ། །དེ་ནས་བར་དོ་སྒོ་གསུམ་གང་རུང་ནས་ཞུགས་ནས་མའི་སྐྱེ་གནས་སུ་ཉིང་མཚམས་སྦྱར་བ་ལས་རླུང་ དེ་ལས་མེ་དེ་ལས་ཆུ་དེ་ལས་ས་དེ་ལས་ཕུང་པོ་སོགས་འགྲུབ་པའི་ཤེས་བྱེད་དུ། ཕྱག་ཆེན་ཐིག་ལེ་ལས། རྣམ་ཤེས་ངོ་བོ་ལ་བརྟེན་ནས། །དང་པོར་འབྱུང་བ་བཞི་པོ་ལ། །རང་བཞིན་ངེས་པར་སྐྲུན་པ་ཡིས། །དེ་ཚེ་རང་གི་གནས་ནས་ཐིམ། ། 3-2-415b རྣམ་ཤེས་ལས་ནི་རླུང་སྐྱེ་སྟེ། །དེ་ལས་མེ་ནི་ཡང་དག་འབྱུང༌། །འདི་ལས་ཆུ་རྣམས་ཡང་དག་འབྱུང༌། །དེ་ལས་ས་ནི་ཡང་དག་འབྱུང༌། །འདི་རྣམས་ལས་ཀྱང་ཕུང་པོ་འབྱུང༌། །དེ་ལས་སྐྱེ་མཆེད་རྣམས་ཀྱང་ངོ༌། །དེ་ལས་ཤེས་པའི་རང་བཞིན་ཅན། ། དྲུག་ཅུ་ལྷག་པའི་བརྒྱ་རིམ་པས། །ཇི་ལྟར་སྐྱེས་པ་དེ་ལྟར་འདིར། །ཐིམ་པར་འགྱུར་རོ་རང་བཞིན་ལས། །ཞེས་པ་དང་། འཕགས་པ་ལྷས། ས་ལ་སོགས་པ་བཞི་རྣམས་དང༌། །དེ་བཞིན་སྟོང་པ་རྣམ་པ་བཞི། །དངོས་པོ་བརྒྱད་དུ་ཤེས་པར་བྱ། །འཇིག་དང་ སྐྱེ་བའི་རྒྱུ་རྣམས་སོ། །འོད་གསལ་བ་ལས་སྟོང་པ་ཆེ། །སྟོང་པ་ལས་ཀྱང་ཐབས་འབྱུང་ཞིང༌། །དེ་ལས་ཤེས་རབ་སྐྱེ་བར་བྱེད། །དེ་ལས་རླུང་ནི་ཡང་དག་འབྱུང༌། །རླུང་ལས་མེ་ནི་ཡང་དག་འབྱུང༌། །མེ་ལས་ཆུ་ནི་ཡང་དག་འབྱུང༌། །ཆུ་ལས་ཀྱང་ནི་ས་ སྐྱེ་སྟེ། །སེམས་ཅན་རྣམས་ཀྱི་འབྱུང་བ་འདིའོ། །ས་ཡི་ཁམས་ནི་ཆུ་ལ་ཐིམ། །ཆུ་ནི་མེ་ལ་ཐིམ་པའོ། །མེ་ཡང་ཕྲ་བའི་ཁམས་ལའོ། །རླུང་ནི་སེམས་ལ་རྣམ་པར་ཐིམ། །སེམས་ནི་སེམས་ལས་བྱུང་ལ་ཐིམ། །མ་རིག་པ་ལས་སེམས་བྱུང་ངོ༌། །དེ་ཡང་ འོད་གསལ་བ་ལ་འགྲོ། །འདི་ནི་སྲིད་གསུམ་འགོག་པའོ། །ཐོག་མ་མེད་པའི་དུས་ཅན་གྱི། །སྲིད་པའི་འཁོར་ལོ་འདི་འཇུག་སྟེ། །ཇི་སྲིད་སྒྱུ་ལྟའི་ཏིང་འཛིན་གྱི། །བདག་ཉིད་མ་མཐོང་བར་དུའོ། །ཞེས་གསུངས་པ་རྣམས་དྲངས་ནས་དེ་ཟློག་པ་ལ་རིམ་ གཉིས་ཀྱིས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་སྐྱེད་པར་བཤད་དོ། །དེ་ལྟར་ན་རྩ་ལ་སོགས་པའི་སྒོ་ནས་ལུས་འཆགས་ཚུལ་བརྗོད་པའི་འགག་མདོར་བསྡུ་ན་འདི་ཡིན་ཏེ། འཕགས་པ་ཐོགས་མེད་ཀྱིས་བར་དོའི་ཤེས་པ་དང་པོ་གང་དུ་ཞུགས་པའི་གནས་དེ་ 3-2-416a ཉིད་སྙིང་གར་གསུངས་པས། ཁམས་དཀར་དམར་གྱི་དབུས་སུ་རྣམ་ཤེས་ཞུགས་པ་དེ་ལས་ཕུང་པོ་ལ་སོགས་པ་རྫོགས་པར་འགྱུར་ཞིང་། མཐར་འཆི་བའི་ཚེ་ཡང་རིམ་གྱིས་བསྡུས་ནས་དེར་ཐིམ་སྟེ་འཆི་བ་བཞིན་དུ། ལམ་ གྱི་སྐབས་སུ་ཡང་སྙིང་གའི་ཏིང་ངེ་འཛིན་སེམས་དཔའ་འམ་དེའི་དོད་ཐིག་ལེའི་འོད་ཀྱིས་སྣོད་བཅུད་བསྡུས་ཏེ་མཐར་ཤི་བའི་འོད་གསལ་དང་འདྲ་བའི་འོད་གསལ་དུ་རིམ་གྱིས་བསྡུས་པ་ནས་ཆུ་ལ་ཐིམ་པ་སོགས་ཀྱི་རྟགས་རྣམས་བྱུང་ནས་འོད་ གསལ་དུ་ཆུ་ལ་ཆུ་བཞག་པ་བཞིན་དུ་འཇུག་པར་འགྱུར་ལ། དེ་ནས་བར་དོ་རླུང་སེམས་ཙམ་གྱི་ལུས་འགྲུབ་པ་དང་འདྲ་བའི་འཇའ་ལུས་འགྲུབ་པ་དགོས་ཏེ་འདི་རྣལ་འབྱོར་རྒྱུད་ནས་ཤིན་ཏུ་མང་བར་བཤད་ལ་མ་རྒྱུད་ཕྱག་ཆེན་ཐིག་ལེ་ལས་ཀྱང་ གསུངས་ཤིང་། སྔར་བཤད་པ་ལྟར་མ་རྒྱུད་པའི་རྫོགས་རིམ་རྗེས་གཞིག་གི་བསམ་གཏན་བཤད་པ་རྣམས་ལ་གལ་ཆེ་སྟེ་དགོངས་པ་གཅིག་གོ། དགོས་པ་གཉིས་པ་ནི། རྩ་གསུམ་གྱི་ཆགས་ཚུལ་དང་དེ་དག་གི་གནས་སྟོད་སྨད་ན་བྱང་སེམས་དཀར་དམར་ ཡོད་ཚུལ་ཤེས་པ་ན་ཇི་ལྟར་འཆི་བ་ལ་ཉེ་བའི་ཚེ་དམར་ཆ་གྱེན་དུ་དང་དཀར་ཆ་ཐུར་དུ་འོངས་པའི་འདུ་འཕྲོད་ལས་སྣང་བ་རྣམས་རིམ་གྱིས་སྡུད་པའི་འཆི་རིམ་འབྱུང་བ་བཞིན་དུ་རྣལ་འབྱོར་པས་ཀྱང་དམར་ཆའི་མེ་འཕེལ་བར་བྱས་པས་དཀར་ཆ་ཐུར་ དུ་འདྲེན་པའི་འདུ་འཕྲོད་ལ་བརྟེན་ནས་སྣང་བ་རྣམས་རིམ་གྱིས་འོད་གསལ་དུ་སྡུད་པའི་རྫོགས་རིམ་བསྐྱེད་ནས་དེའི་མཐར་སྒྱུ་མའི་སྐུར་ལྡང་བ་ཤེས་པའི་གནད་ཆེན་པོ་ཡོད་དོ། །གཉིས་པ་ནི། རྒྱུད་རྡོར་ཕྲེང་ལས་རླུང་བརྒྱ་རྩ་བརྒྱད་བཤད་ཀྱང་དགོངས་ 3-2-416b པ་ལུང་སྟོན་ལས། སྲོག་དང་ཐུར་སེལ་གྱེན་རྒྱུ་དང༌། །ཁྱབ་དང་མཉམ་གནས་ཞེས་བཤད་དང༌། །ཀླུ་དང་རུས་སྦལ་རྩངས་པ་དང༌། །ལྷས་བྱིན་དང་ནི་གཞུ་ལས་རྒྱལ། །ཞེས་བཅུར་གསུངས་ལ་རྡོ་རྗེ་སྒོའི་རྒྱུད་ལས་ནི། སྲོག་འཛིན་སོགས་ལྔ་དང་རྒྱུ་བ་དང་རྣམ་ པར་རྒྱུ་བ་དང་ཡང་དག་པར་རྒྱུ་བ་དང་རབ་ཏུ་རྒྱུ་བ་དང་ངེས་པར་རྒྱུ་བ་ཞེས་བཅུར་གསུངས་པས་ཀླུ་དང་རུས་སྦལ་སོགས་ནི། རྒྱུ་བ་ལ་སོགས་པའི་མིང་གིས་གསུངས་སོ། །དེ་དག་གི་གནས་ནི། སྤྱོད་བསྡུས་ལས། སྙིང་ག་དང་འདོམས་དང་ལྐོག་མ་དང་ལྟེ་བ་དང་ ལུས་ཀྱི་ཚིགས་ཐམས་ཅད་ནི། རིམ་པ་བཞིན་དུ་སྲོག་འཛིན་དང་ཐུར་སེལ་དང་གྱེན་རྒྱུ་དང་མེ་མཉམ་དང་ཁྱབ་བྱེད་ཀྱི་གནས་དང་། མིག་སོགས་ལྔ་ནི་རྒྱུ་བ་སོགས་ཀྱི་རླུང་ལྔའི་གནས་སུ་བཤད་དོ། །དེའི་བྱེད་ལས་ལ་གཉིས་ཡོད་པའི་སོ་སོའི་བྱེད་ལས་ནི། དབང་ པོའི་སྒོ་ཡི་རྒྱུན་ལས་ནི། །སྲོག་དང་རྩོལ་བར་རྒྱུ་བ་དང༌། །རྟག་པའི་དུས་སུ་རྒྱུ་བ་ནི། །སྲོག་ཅེས་བྱ་བ་ཡིན་པས་བཤད། །རླུང་དང་གཅིན་དང་ཕྱི་ས་དང༌། །དེ་བཞིན་དུ་ནི་ཁུ་བ་རྣམས། །འོག་འདྲེན་འདི་ནི་ཐུར་སེལ་བར། །རྟག་ཏུ་རྣལ་འབྱོར་པས་ཤེས་བྱ། ། མྱང་དང་ཟ་དང་བལྡག་པ་དང༌། །ཀུན་ཏུ་འཐུང་དང་འཇིབ་པར་ནི། །གང་ཞིག་རྟག་ཏུ་མཉམ་གནས་པ། །མཉམ་དུ་གནས་ཤེས་བྱ་བ་ཡིན། །གྱེན་དུ་འགྲོ་ཞིང་སྡུད་པ་དང༌། །བཟའ་དང་མྱང་སོགས་ཟ་བ་ནི། །ཤེས་དང་ལྷན་ཅིག་འབྱོར་པ་དག །གྱེན་རྒྱུའི་ལས་ སུ་ཤེས་པར་བྱ། །ཁྱབ་དང་འཛིན་པ་ཉིད་དང་ནི། །འགྲོ་དང་དེ་བཞིན་ལྡོག་པ་དང༌། །ཚིགས་རྣམས་ཀུན་ཏུ་ཁྱབ་པས་ན། །ཁྱབ་བྱེད་ཅེས་ནི་བྱ་བར་བཤད། །ཅེས་སྤྱོད་བསྡུས་སུ་དྲངས་པ་ནི། རྩ་བའི་རླུང་ལྔའི་ལས་སོ། །མན་སྙེར་སྲོག་སེམས་དང་ 3-2-417a རྩོལ་བ་རིང་དུ་བྱེད་ཅིང་རྒྱས་པར་བྱེད་པ་དང་སྲོག་ཏུ་བྱེད་དབུགས་སུ་བྱེད་པས་སྲོག་སྟེ་རླུང་རྣམ་པ་བཅུར་འགྱུར་རོ་ཞེས་དང༌། ལྟེ་གནས་བཟའ་བཏུང་ལ་སོགས་རྣམས། །མཉམ་པར་འདྲེན་ཕྱིར་མཉམ་གནས་སོ། །ཞེས་དང་། གྱེན་དུ་འགྲོ་བ་སྣ་བུག་ལ་སོགས་པ་ནས་གྱེན་དུ་འགྲོ་བ་དང་སྡུད་པ་ནང་དུ་འཇུག་པ་དང་། ཤེས་པ་དང་འབྱོར་བ་ནི་རླུང་བཅུ་པོ་འབབ་པར་བྱེད་པ་ལ་བཤད་དོ། །ཡན་ལག་གི་རླུང་ལྔའི་བྱེད་ལས་ནི། མན་སྙེ་ལས་མིག་ལ་བརྟེན་ནས་གཟུགས་ཀྱི་རྣམ་ཤེས་ སྐྱེད་པ་རྒྱུ་བའི་ལས་དང་གཞན་བཞི་ཡང་དེ་བཞིན་དུ་བཤད་དེ། འདི་ནི་རིམ་ལྔ་ལས། རླུང་རྣམས་ཕྲ་བའི་གཟུགས་ཀྱིས་ནི། །ཤེས་དང་ཡང་དག་འདྲེས་གྱུར་ནས། །དབང་པོའི་ལམ་ནས་བྱུང་ནས་ནི། །ཡུལ་རྣམས་ལ་ནི་དམིགས་པར་བྱེད། །ཅེས་ གསུངས་པ་དང་མཐུན་པས་སྤྱོད་བསྡུས་སུ་ཡན་ལག་གི་རླུང་ལྔ་ཡུལ་ལྔར་བཤད་པའི་དགོངས་པ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །རིམ་ལྔ་ལས། སེམས་ཅན་ཀུན་གྱི་སྲོག་གྱུར་པ། །རླུང་ཞེས་བྱ་བ་ལས་ཀུན་བྱེད། །འདི་ནི་རྣམ་ཤེས་ བཞོན་པ་སྟེ། །ལྔ་ཡི་བདག་ཉིད་བཅུ་ཡང་ཡིན། །ཞེས་གསུངས་པ་ལྟར་རླུང་གིས་ལས་ཀུན་བྱེད་པའི་བྱེད་ལུགས་ལ་ངེས་པ་ཐོབ་པར་བྱས་ནས་དེ་ནས་རླུང་དབང་དུ་བྱེད་པའི་རྣལ་འབྱོར་བྱ་དགོས་པས་རླུང་དང་ཡི་གེ་གསུམ་གྱི་བྱེད་ལས་ཐུན་མོང་ བ་དང་ཐུན་མོང་མ་ཡིན་པ་རྣམས་སྤྱོད་བསྡུས་ལས་ཤེས་པར་བྱའོ། །ལྔ་ཡི་བདག་ཉིད་བཅུ་ཡང་ཡིན། །ཞེས་གསུངས་པས་ངོ་བོའི་སྒོ་ནས་རྩ་བའི་རླུང་ལྔ་ལས་མེད་པས་ཡན་ལག་གི་རླུང་ནི་དེ་དག་གི་གནས་སྐབས་སོ། །དེ་ཡང་སྔར་དྲངས་ 3-2-417b པ་ལྟར་སྲོག་འཛིན་གྱི་རླུང་དབང་པོའི་སྒོ་རྣམས་སུ་རྒྱུ་བར་གསུངས་པས་ཕལ་ཆེར་དེའོ། །དེ་ལྟར་ན་རྩ་བའི་རླུང་ལྔར་བསྡུས་ཏེ། དེ་ལ་ཡང་སྟེང་གི་སྣ་ནས་རྒྱུ་བའི་རླུང་བཞི་དང་འཆི་བའི་དུས་མ་གཏོགས་པ་སྟེང་གི་སྣ་སྒོར་མི་རྒྱུ་བའི་རླུང་དང་། སྣ་བུག་གཡས་ གཡོན་རེ་རེ་ནས་རྒྱུ་བ་གཉིས་དང་གཉིས་ཀ་ནས་རྒྱུ་བ་གཉིས་དང་དེ་དག་རིགས་ལྔ་དང་སྦྱོར་ཚུལ་ནི། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། སངས་རྒྱས་ལྔ་ཡི་རིགས་གནས་པ། །སྣ་རྩེའི་བུ་ག་ལས་བྱུང་བ། །རླུང་ལྔ་སྟེང་དུ་ཡང་དག་རྒྱུ། །ལུས་ལ་རྟག་ཏུ་ རྒྱུ་བར་འགྱུར། །ཀུན་རྫོབ་སྣར་ནི་སྤྱོད་པ་ཡི། །སྒོ་དེ་ལས་ནི་རྣམ་པར་བྱུང༌། །གཡོན་དང་གཡས་དང་གཉིས་ཀ་དང༌། །དལ་བར་རྒྱུ་དང་རྣམ་པ་བཞི། །གཡས་པ་ནས་ནི་འབྱུང་བའི་ཁམས། །མེ་ཡི་དཀྱིལ་འཁོར་ཉིད་ཡིན་ཏེ། །ཁ་དོག་དམར་ བའི་མཆོག་འདི་ནི། །པདྨ་མགོན་པོ་རྒྱུ་བའོ། །གཡོན་པ་ནས་ནི་འབྱུང་བའི་ཁམས། །རླུང་གི་དཀྱིལ་འཁོར་བྱུང་བ་དག །ལྗང་སེར་དག་ཏུ་སྣང་བ་སྟེ། །ལས་ཀྱི་མགོན་པོ་རྒྱུ་བའོ། །གཉིས་ཀ་ལས་ནི་འབྱུང་བའི་ཁམས། །གསེར་གྱི་ མདོག་ཏུ་སྣང་བ་སྟེ། །དབང་ཆེན་གྱི་ནི་དཀྱིལ་འཁོར་ཉིད། །རིན་ཆེན་མགོན་པོ་རྒྱུ་བའོ། །དལ་ཞིང་རྒྱུ་བ་མེད་པའི་ཁམས། །དག་པ་ཤེལ་ལྟར་སྣང་བ་སྟེ། །སྐད་ཅིག་ཆུ་ཡི་དཀྱིལ་འཁོར་ཏེ། །རྡོ་རྗེ་མགོན་པོ་རྒྱུ་བའོ། །ཁམས་ཀུན་ཡང་དག་ འབྱུང་བ་ནི། །རྟེན་དང་བརྟེན་པར་གཟུང་བ་ནི། །རྣམ་སྣང་མཛད་ཆེན་སྐུ་ཡིན་ཏེ། །འཆི་བའི་མཐར་ནི་འབྱུང་བར་འགྱུར། །ཞེས་གསལ་བར་གསུངས་སོ། །དེ་ལ་སྣ་རྩེའི་བུ་ག་ལས་བྱུང་བ་ཞེས་པའི་རྐང་པ་གཉིས་ཀྱི་དོན་ནི། སྐྱེས་པའི་རྡོ་རྗེ་དང་བུད་ 3-2-418a མེད་ཀྱི་པདྨའི་སྣ་རྩེ་ལས་རླུང་གི་འོད་ཟེར་རྣམས་བྱུང་ནས་སྟེང་དུ་སོང་སྟེ། སྟེང་གི་སྣ་སྒོ་ལས་འབྱུང་བའི་དོན་དུ་སྤྱོད་བསྡུས་ལས་གསུངས་སོ། །རླུང་གི་ཁམས་ཀྱི་རང་བཞིན་སྒྲོལ་མའི་ཡབ་ཉིད་ཀྱིས་དོན་གྲུབ་ ཀྱི་རླུང་ཐོག་མར་བཤད་རིགས་པ་ལ་འོད་དཔག་མེད་ཀྱི་རླུང་ཐོག་མར་བཤད་པའི་རྒྱུ་མཚན་ནི། རྡོར་བཟླས་གསུང་རྡོ་རྗེའི་དབང་དུ་བྱས་ནས་ཡིན་ཞེས་སྡོམ་འབྱུང་འགྲེལ་པར་བཤད་དེ། འདི་སྒོམ་པའི་རིམ་པ་ལ་དགོས་སོ། །སྡོམ་འབྱུང་ལས་ ཀྱང་རླུང་བཞིའི་རྒྱུ་བ་རྡོར་ཕྲེང་ཇི་བཞིན་དུ་བཤད་དོ། །དེ་ལ་གཡས་གཡོན་དང་གཉིས་ཀའི་རྒྱུ་བ་ནི། བོད་ཀྱི་བླ་མ་ཁ་ཅིག་སྣ་བུག་རེ་རེའི་གཡས་གཡོན་སོགས་ལ་འདོད་པ་ནི་མི་འཐད་དེ། སྤྱོད་བསྡུས་ལས་སྣ་གཡོན་པ་དང་སྣ་གཡས་པ་དང་སྣ་ གཉིས་ཀ་ལས་རྒྱུ་བའི་རླུང་ལ་བཤད་པའི་ཕྱིར་རོ། །སྣ་གཡས་ལས་རྒྱུ་བ་ནི་གྱེན་རྒྱུ་དང་གཡོན་ནས་རྒྱུ་བ་ནི་མཉམ་གནས་ཡིན་ལ། དེའི་ཁ་དོག་ནི། སྤྱོད་བསྡུས་ལས་ལྗང་སེར་འོད་ཟེར་ནག་པོའི་ངོ་བོ་ཅན་དུ་བཤད་དོ། །སྣ་གཉིས་ཀ་ནས་རྒྱུ་བའི་སེར་པོ་ ནི། ཐུར་སེལ་ལོ། །དལ་ཞིང་རྒྱུ་བ་མེད་པ་ནི། རྒྱུ་བ་དལ་བ་ལ་སྤྱོད་བསྡུས་སུ་བཤད་དེ་སྡོམ་འབྱུང་ལས་ཀྱང་དེ་ལྟར་རོ། །ཁ་སྦྱོར་ལས། མེ་ཉིད་གང་དང་རླུང་དང་ནི། །དབང་ཆེན་དང་ནི་དེ་བཞིན་ཆུ། །འཁོར་ལོར་སེམས་ཀྱི་ཀུན་སྤྱོད་པ། །སྟེང་དང་ངོས་ དང་དྲང་འོག་འགྲོ། །ཞེས་གསུངས་པས་མེ་སྟེང་དང་རླུང་བསེགས་དང་ས་ཐད་ཀར་དང་ཆུ་འོག་ཏུ་འགྲོའོ། །སྤྱོད་བསྡུས་ལས། ཁྱབ་བྱེད་ཀྱི་ནི་ཁམས་ཀྱི་དཀྱིལ་འཁོར་བཞི་ཆར་ལ་ཁྱབ་པའི་རླུང་སྟེ་མི་འབྱུང་ཞིང་ཁྱབ་པའི་འོད་ཟེར་ཅན་ནི་དེ་ 3-2-418b བཞིན་གཤེགས་པ་དཔལ་རྣམ་པར་སྣང་མཛད་དེ་མན་མཁའ་དང་མཉམ་པའི་ངོ་བོ་ཉིད་དོ། །དེ་ལྟ་མོད་ཀྱི་འོད་ཟེར་རེ་རེ་འབྱུང་བ་ནའང་འོད་ཟེར་ལྔ་ལྔ་ངེས་པར་འབྱུང་སྟེ་ཁམས་ཀྱི་དཀྱིལ་འཁོར་གཅིག་གིས་ཀྱང་ཁམས་བཞི་ལ་ཁྱབ་པར་བྱེད་པ་ ཡིན་ནོ། །ཞེས་ཁྱབ་བྱེད་ཀྱི་རླུང་ད་ལྟ་སྣ་སྒོར་མི་རྒྱུ་བ་དང་དཀྱིལ་འཁོར་བཞི་ལ་ཁྱབ་པ་ནམ་མཁའི་རླུང་དུ་གསུངས་སོ། །ཁྱབ་པ་ནི། སྣ་སྒོར་རྒྱུ་བའི་དུས་ཀྱི་རླུང་ལ་མ་ཁྱབ་ཀྱང་ལུས་ཀྱི་ནང་ན་གནས་པའི་དཀྱིལ་འཁོར་བཞི་ལ་ཁྱབ་པ་མི་འགལ་ལོ། ། འབྱུང་བ་ལྔ་པ་ནམ་མཁའི་ཁམས་ཀྱི་རླུང་ནི། དཀྱིལ་འཁོར་བཞི་པོ་རྒྱུ་བའི་ཚེ་ན་རྒྱུ་བས་རྒྱུད་དུ་ལོགས་སུ་མ་གསུངས་པ་དང་། དེ་ཡང་བདེ་བ་སྐྱེད་པའི་རླུང་ལ་བཞེད་ཅིང་དབུ་མ་ནས་རྒྱུ་བའི་རླུང་ཡང་དཀྱིལ་འཁོར་བཞིའི་རླུང་ལས་ལོགས་སུ་མེད་པར་ མན་སྙེར་བཤད་དོ། །ཡང་མན་སྙེ་ལས་དགོངས་པ་ལུང་སྟོན་ནས་ཐུན་ཕྱེད་པ་ཉེར་བཞི་བཤད་པའི་ཚེ་ཡང་ནམ་མཁའི་རླུང་ལོགས་སུ་མ་གསུངས་ལ། རྡོ་རྗེ་ཕྲེང་བ་ལས་ཀྱང་ནམ་མཁའི་རླུང་ནང་དུ་འདུས་པ་ཁོ་ནས་དཀྱིལ་འཁོར་བཞི་ཁོ་ན་བཤད་པ་དང༌། གཉིས་མེད་རྣམ་རྒྱལ་དུ་ཡང་དཀྱིལ་འཁོར་བཞི་ལ་རང་རང་གི་གཙོ་བོའི་ལས་རེ་དང་ལས་གཞན་གསུམ་ཕལ་པ་སྟེ་གཉིས་འགྲུབ་པར་གསུངས་ནས་ནམ་མཁའི་རླུང་ལ་ལས་འདི་འགྲུབ་ལོགས་པ་མ་གསུངས་པས་ནམ་མཁའི་རླུང་ལོགས་པ་མེད་ལ། དུས་འཁོར་ནས་ལོགས་པ་གསུངས་པ་ནི། མུ་སྟེགས་གཞུག་པའི་ཕྱིར་ཡིན་ནོ་ཞེས་འཆད་དོ། །སྡོམ་འབྱུང་དང་ཁ་སྦྱོར་དང་རྡོ་རྗེ་ཕྲེང་བ་དང་གཉིས་མེད་རྣམ་རྒྱལ་དང་དགོངས་པ་ལུང་སྟོན་རྣམས་དཀྱིལ་འཁོར་བཞིའི་རླུང་ལས་གཞན་པ་དཀྱིལ་འཁོར་གྱི་རླུང་ 3-2-419a དུ་མི་རྒྱུ་བ་ལ་འདྲ་བར་སྣང་ངོ༌། །དེ་ལ་ཐབས་མགོན་པོ་བཞི་རེ་རེའི་རླུང་ལ་ཤེས་རབ་ལྷ་མོ་བཞི་རེ་རེའི་རླུང་ཉིས་བརྒྱ་ཉི་ཤུ་རྩ་ལྔ་རེ་ཡོད་ལ་དེ་རྫོགས་པ་ན་འཕོ་བ་རེ་རེ་བྱེད་དེ་རླུང་དགུ་བརྒྱ་རེས་འཕོ་བ་བྱེད་པའི་ལུགས་ཡིན་ཏེ། དགོངས་པ་ལུང་སྟོན་ལས། གོས་དཀར་ལ་སོགས་བཟླས་བཤད་པ། །བརྒྱ་ཕྲག་གཉིས་དང་ཉི་ཤུ་ལྔ། །བཞི་པོ་ལེགས་པར་བསྒྲེས་པ་ཡིས། །སྦྱོར་བཞིས་བསྡུས་པས་བརྒྱ་ཕྲག་དགུ། །དགུ་བརྒྱ་དག་ཏུ་གང་བསྟན་པ། །ཉི་ཤུ་རྩ་བཞི་རིམ་གྱིས་ནི། །དེ་ནི་སོ་ སོར་འབྱུང་བ་ལས། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའོ། །ཞེས་སོ། །གོས་དཀར་ལ་སོགས་ཞེས་པ་ནི། པདྨ་མགོན་པོའི་རླུང་ལ་མེའི་མེ་གོས་དཀར་མོ་དང་མེའི་རླུང་སྒྲོལ་མ་དང་མེའི་ས་སྤྱན་མ་དང་མེའི་ཆུ་མཱ་མ་ཀཱིའི་རླུང་ཉིས་བརྒྱ་ཉེར་ལྔ་རེ་ཡོད་པའི་དབང་དུ་བྱས་ལ་ དེས་གཞན་གསུམ་ཡང་ཤེས་པར་བྱའོ། །འདི་ལ་ཐུན་ཕྱེད་པ་ཉེར་བཞི་ཞེས་མན་སྙེ་ལས་གསུངས་སོ། །དེ་ལྟར་ཐབས་ཀྱི་འབྱུང་བ་བཞིའི་རླུང་རེ་རེ་ལ་ཤེས་རབ་ཀྱི་འབྱུང་བ་བཞིའི་རླུང་བཞི་བཞིའི་སྒོ་ནས་གྲངས་ཇི་ཙམ་རྒྱུ་བཤད་པའི་སྒོ་ནས་ཞག་གཅིག་ ལ་ཉི་ཁྲི་དང་གཅིག་སྟོང་དྲུག་བརྒྱའི་རླུང་རྒྱུ་ཚུལ་རྣལ་འབྱོར་རྒྱུད་ནས་གསུངས་ཀྱི་རྩ་འཁོར་རྣམས་ཀྱི་གང་ནས་རྒྱུ་གསལ་བར་མ་མཛད་དོ། །རྣལ་འབྱོར་མའི་རྒྱུད་ལས་ནི། རྩ་འཁོར་བཞིའི་རྩ་འདབ་ཀྱི་ནང་ནས་ཞག་རེའི་རླུང་ཇི་ཙམ་རྒྱུ་བའི་ཚུལ་གསུངས་ཏེ་སྡོམ་ འབྱུང་ལས། མེལ་ཚེ་ཐུན་དུ་བརྗོད་པར་བྱ། །ཐུན་བཞི་ཉིན་མོར་རིག་བྱ་སྟེ། །དེ་བཞིན་མཚན་མོའང་ཐུན་བཞིའོ། །འཕོ་བའི་ཡན་ལག་བཅུ་དྲུག་གི། རླུང་ནི་ཉིན་ཞག་གཅིག་གིས་འགྱུར། །སྣ་ཡི་བུ་ག་ལ་རྟག་ཏུ། །ཐུན་ནི་ཕྱེད་ཕྱེད་ཡང་དག་རྒྱུ། ། 3-2-419b ཞེས་དང༌། རྩ་ནི་སུམ་ཅུ་གཉིས་ཞེས་བྱ། །ཐུན་གཅིག་གི་ནི་བཞི་ཆ་རྣམས། །རྩ་དང་ཆུ་ཚོད་ཅེས་ཀྱང་བརྗོད། །ཉིན་དང་མཚན་མོས་དབྱུ་གུའི་ཚད། །དྲུག་ཅུ་རྩ་བཞི་དག་ཏུ་འགྱུར། །རྩ་ཕྱེད་ཆུ་ཚོད་ཕྱེད་དབྱུ་གུ། །ཐུན་ནི་བརྒྱད་ཆ་ཞེས་པར་ གྲག །རླུང་ནི་སྣ་སྒོར་འབྱུང་འཇུག་ལ། །དབུགས་སུ་ཡོངས་སུ་གྲགས་པ་སྟེ། །ཞེས་གསུངས་ཏེ་འབྱུང་འཇུག་གཉིས་ལ་དབུགས་གཅིག་ཏུ་བྱས་པའི་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཞག་གཅིག་ལ་རྒྱུ་བའི་ཚེ་ལྟེ་བའི་རྩ་འདབ་རེ་བཞི་རེ་རེ་ལ་དབུགས་ སུམ་བརྒྱ་དང་སུམ་ཅུ་སོ་ཕྱེད་དང་བརྒྱད་རེ་རྒྱུ་སྟེ་དབྱུ་གུ་རེའི་དབུགས་སོ། །སྤྱི་བོའི་རྩ་འདབ་སོ་གཉིས་ཀྱི་རེ་རེ་ལ་ནི། དབྱུ་གུ་རེའི་དབུགས་ཉིས་འགྱུར་རྒྱུ་སྟེ་ཆུ་ཚོད་རེའི་དབུགས་སོ། །མགྲིན་པའི་རྩ་འདབ་བཅུ་དྲུག་གི་རེ་རེ་ལ་ཆུ་ཚོད་རེ་རེའི་དབུགས་ ཉིས་འགྱུར་རྒྱུ་སྟེ་འཕོ་བ་རེའི་དབུགས་སོ། །སྙིང་གའི་རྩ་འདབ་བརྒྱད་ཀྱི་རེ་རེ་ལ་ནི། འཕོ་བ་རེའི་དབུགས་ཉིས་འགྱུར་རྒྱུ་སྟེ་ཐུན་ཚོད་རེའི་དབུགས་སོ། །འདི་ཀྱཻ་རྡོ་རྗེའི་ལུགས་དང་འདྲ་བར་སྡོམ་འབྱུང་འགྲེལ་པ་ལས་བཤད་དེ་འཕོ་བ་བཅུ་དྲུག་གི་ ལུགས་སོ། །དུས་འཁོར་ལས་འཕོ་བ་བཅུ་གཉིས་སུ་ཡང་གསུངས་སོ། །མན་སྙེ་ལས་ཐམས་ཅད་འདོད་པ་ནི། རྩ་གསུམ་རྣམས་སུ་ཉིན་མཚན་གྱིས་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་གི་དབུགས་རྣམས་སུ་འགྱུར་རོ་ཞེས་པའོ། །ཞེས་ གསུངས་པ་ལྟར་ཁམས་མཉམ་པ་རྣམས་ལ་ཞག་རེ་ལ་རྩ་གསུམ་གྱི་སྒོ་ནས་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བ་ནི། ཐུན་མོང་གི་འདོད་པའོ། །གཉིས་པ་ལ་གཉིས། རླུང་གི་རྣལ་འབྱོར་དང༌། གཏུམ་མོའི་རྣལ་འབྱོར་རོ། །དང་པོ་ནི། ཁ་སྦྱོར་དང་ 3-2-420a སྡོམ་འབྱུང་ལས་དཀྱིལ་འཁོར་བཞིའི་རླུང་གི་རྒྱུ་བའི་ཚུལ་དང་དབྱེ་བ་ཙམ་གསུངས་ཀྱི་རྡོ་རྗེའི་བཟླས་པ་ཇི་ལྟར་བྱ་བ་གསལ་བར་མ་བསྟན་ཀྱང་འགྲེལ་པ་དག་གིས་རྡོར་བཟླས་བྱ་བར་བཤད་ལ། རྣལ་འབྱོར་གྱི་རྒྱུད་རྣམས་ ལས་ནི། རྡོ་རྗེའི་བཟླས་པ་གསལ་བར་གསུངས་ཏེ། རྒྱུད་རྡོ་རྗེ་ཕྲེང་བ་ལས། དཀྱིལ་འཁོར་བཞི་པོ་འདི་དག་ནི། །མཉམ་པར་བཞག་པས་རྟག་ཏུ་ཟློས། །སྔགས་པ་བཟླས་པའི་གྲངས་ཀྱིས་ནི། །ཉིན་དང་མཚན་དུ་རྟག་པར་ཟློས། །ཞེས་དང༌། དགོངས་པ་ ལུང་སྟོན་ལས་ཀྱང་རླུང་ལ་བཟླས་པ་བྱ་བར་གསུངས་སོ། །དེ་ཡང་སྤྱོད་བསྡུས་ལས། འདི་ཉིད་ཀྱིས་རྫོགས་པའི་རིམ་པ་བཤད་པ་ནི། ཨཱ་ལི་ཀཱ་ལི་རྣམས་ཀྱིས་བུད་མེད་དང་སྐྱེས་པ་དང་མ་ནིང་གི་ཚུལ་གྱིས་ཡི་གེ་གསུམ་སྐྱེད་ལ་ཡི་གེ་གསུམ་ཡང་ འཇུག་པ་དང་གནས་པ་དང་ལྡང་བར་ངེས་པར་སྦྱར་ལ་དཀྱིལ་འཁོར་བཞིའི་རིམ་གྱིས་སྲོག་དང་རྩོལ་བའི་བདག་ཉིད་ཅན་གྱི་རྡོ་རྗེའི་བཟླས་པ་བྱའོ། །ཞེས་དང༌། དེ་ལ་སྦྲུལ་ལ་སོགས་པའི་སྔགས་རྣམས་ནི། ཨཱ་ལི་ཀཱ་ལི་ལས་ཡང་དག་པར་བྱུང་བ་ རྣམས་སོ། །དེ་རྣམས་ཀྱི་དེ་ཁོ་ན་ཉིད་ནི། མི་ཤིགས་པ་ལས་བྱུང་བའི་ཡི་གེ་གསུམ་སྟེ། ཞེས་སྔགས་ཀྱི་དེ་ཁོ་ན་ཉིད་བཤད་ལ། མི་ཤིགས་པ་ཡང་དེ་ཉིད་ལས། ལྷན་ཅིག་སྐྱེས་པའི་ཡི་གེ་ཡིན་པར་གསུངས་ཏེ། རྡོ་རྗེ་དཀྱིལ་འཁོར་རྒྱན་ཞེས་བྱ་བའི་ རྒྱུད་ལས་ཨ་གསལ་བར་བསྟན་པའི་ཕྱིར། སྙིང་གི་དབུས་ན་མི་ཤིགས་པ། །གསལ་ཞིང་མར་མེ་དག་དང་མཚུངས། །མི་འགྱུར་མཆོག་ཏུ་ཕྲ་བ་སྟེ། །ཨ་ནི་གཙོ་བོ་དམ་པའོ། །ཞེས་གསུངས་སོ། །ཞེས་བཤད་དོ། །དེ་ལྟར་རྡོར་བཟླས་ཀྱི་གནད་ཤེས་ 3-2-420b ནས་དེའི་རྣལ་འབྱོར་བྱ་དགོས་ལ་དེ་ཡང་སྔགས་ཐམས་ཅད་ཀྱི་བདག་པོ་ཡི་གེ་གསུམ་དུ་འགྲོ་ཚུལ་དང་དེ་གསུམ་མི་ཤིགས་པ་ལས་འབྱུང་བའི་དོན་དང༌། དེ་གསུམ་རླུང་དང་སྦྱོར་བ་ངོ་བོ་ཉིད་ཀྱིས་གནས་པའི་གྲུབ་ཟིན་གསལ་འདེབས་པའི་རྣམ་པ་ཅན་དུ་བསླབ་ ཚུལ་ལ་སོགས་པ་རྣམས་མཐའ་དག་པར་ཤེས་དགོས་པར་ཡོད་ཅིང༌། རྡོར་བཟླས་ཀྱི་རྣམ་གཞག་ཙམ་རེ་བཤད་པ་མང་ཡང་གནད་རྣམས་བཤད་པ་སྤྱོད་བསྡུས་ལས་འབྱུང་ཡང་ཚིག་ཤིན་ཏུ་བརླིང་བར་ཡོད་པས་བླ་མས་དེའི་གནད་རྣམས་རྒྱས་པར་སློབ་མ་ ལ་བཤད་པར་བྱའོ། །བཟླས་པ་འདིས་རླུང་དང་ཐིག་ལེ་ལས་རུང་དུ་སྒྲུབ་ལུགས་ནི། མན་སྙེ་ལས། རྡོར་བཟླས་བརྟན་པ་ན་གཡས་གཡོན་གྱི་རླུང་གི་རྒྱུ་བ་འགགས་ནས་དབུ་མར་ཚུད་ལ། དེའི་ཚེ་གཏུམ་མོ་རང་བཞིན་གྱིས་འབར་ནས་ཁམས་བཞུས་ ཏེ་བདེ་ཆེན་གྱི་དཀྱིལ་འཁོར་མངོན་དུ་འགྱུར་བར་བཤད་དོ། །འཕགས་པ་ཡབ་སྲས་ཀྱི་གཞུང་ལས་འབྱུང་བའི་དགོས་པ་གཞན་ནི་གཞན་དུ་ཤེས་པར་བྱའོ། །དབུགས་བགྲང་བའི་བཟླས་པ་ནི། དུས་མ་ཡིན་པའི་འཆི་བ་འཇོམས་པར་ཡང་ གསུངས་ཏེ། སྡོམ་འབྱུང་ལས། མཉམ་པར་གཞག་པའི་རྣལ་འབྱོར་པས། །ཇི་སྲིད་འབུམ་ལ་སོགས་པའི་གྲངས། །འདི་ནི་སྒྲ་མེད་རྟག་ཏུ་བཟླས། །སྒྲ་མེད་བཟླས་པ་འབུམ་ཕྲག་ནི། །ཡོངས་སུ་རྫོགས་པས་སྒྲུབ་པ་པོ། །ཚེ་ཟད་པ་ཡང་ལོ་ལྔ་རུ། །འཚོ་བ་འདི་ ལ་ཐེ་ཚོམ་མེད། །རྟག་ཏུ་ཐོ་རངས་ལངས་ནས་རླུང༌། །སྟོང་ཕྲག་གཅིག་ནི་བགྲང་བྱ་སྟེ། །དེ་ཕྱིར་རླུང་གི་རྣལ་འབྱོར་གྱིས། །རྟག་ཏུ་མཉམ་གཞག་གནས་པར་བྱ། །ཞེས་གསུངས་ཏེ། ལྷའི་རྣལ་འབྱོར་སྔོན་དུ་བཏང་ནས་ཐོ་རངས་སྟོང་ཕྲག་རེ་མ་ཆག་པར་ 3-2-421a བྱས་ན་དུས་མ་ཡིན་པའི་འཆི་བ་འཇོམས་སོ། །བུམ་པ་ཅན་རབ་འབྲིང་ཐ་གསུམ་གྱིས་ཀྱང་འཆི་བ་བླུ་བར་གསུངས་ཏེ། དེ་ཉིད་ལས། ཡང་ན་བུམ་པ་ཅན་སྦྱོར་བས། །ཐམས་ཅད་དུ་ནི་འཆི་ལས་རྒྱལ། །བདག་ ཉིད་རིག་པས་རྐང་མཐིལ་བར། །ཐམས་ཅད་རླུང་གིས་ཀུན་བཀང་སྟེ། །བུམ་པ་ཅན་ལ་བརྟེན་བྱས་ནས། །དབྱེ་བ་གསུམ་གྱིས་གཞོམ་པར་བཤད། །ཐ་མ་སུམ་ཅུ་རྩ་དྲུག་ཙམ། །དེ་ལས་ཉིས་འགྱུར་འབྲིང་ཡིན་ཏེ། །སུམ་འགྱུར་མཆོག་ཏུ་ཤེས་ པར་བྱ། །བུམ་པ་ཅན་དེ་རྒྱལ་བར་འགྱུར། །བུམ་པ་ཅན་སྔར་ཤེས་བྱས་ནས། །བདག་ཉིད་སྐྱིལ་མོ་ཀྲུང་བཅས་ཏེ། །ལག་པ་ལན་གསུམ་མཉེས་ནས་ནི། །དེ་ནས་ལན་དྲུག་སེ་གོལ་བརྡབ། །ཇི་སྲིད་སུམ་ཅུ་རྩ་དྲུག་ཙམ། །དེ་སྲིད་བུམ་པ་ཅན་ བྱ་སྟེ། །སུམ་འགྱུར་མཆོག་གིས་གཞོམ་པར་ནི། །བརྒྱད་ལྷག་པ་ཡི་བརྒྱ་ཙམ་མོ། །ཞེས་སོ། །འདི་ལ་ཡང་ལྷའི་རྣལ་འབྱོར་སྔོན་དུ་འགྲོ་བས་བྱ་སྟེ། འདི་ནི་ཡོན་ཏན་སྐྱེད་པའི་རླུང་གི་རྣལ་འབྱོར་ཆེན་པོར་རྒྱུད་གཞན་དུ་ཡང་གསུངས་སོ། ། ལྷའི་རྣལ་འབྱོར་སྔོན་དུ་འགྲོ་བས་སྙིང་གར་པདྨའི་ལྟེ་བར་ཟླ་གདན་ལ་གནས་པའི་ཧཱུཾ་ཡིག་དཀར་པོ་ལ་སེམས་བརྟན་པར་བྱས་ཏེ་སྟེང་འོག་གི་རླུང་ཁ་སྦྱོར་བསྒོམས་ནའང་འཆི་བ་བླུ་སྟེ། སྡོམ་འབྱུང་ལས། སྙིང་གའི་ཆུ་སྐྱེས་སོན་ པའི་རླུང༌། །ཧཱུཾ་ཡིག་དཀར་པོ་དང་མཚུངས་པ། །བསམ་བྱ་མཉམ་པར་བཞག་པ་གང༌། །དེ་ལས་ཡུལ་སོགས་ཀྱིས་མི་འཆིང༌། །འཁོར་བའི་སྟེང་དུ་འགྲོ་བའི་རླུང༌། །མྱ་ངན་འདས་པའི་འོག་ཏུ་བགྲོད། །རབ་ཏུ་མི་གནས་མྱ་ངན་འདས། ། 3-2-421b སྙིང་གའི་ཆུ་སྐྱེས་ཟེའུ་འབྲུར་གནས། །སྟེང་དང་འོག་ཏུ་འགྲོ་བའི་རླུང༌། །ཡིད་ཀྱིས་ཁ་སྦྱོར་དུ་བྱ་སྟེ། །དེ་ཡིས་རྣལ་འབྱོར་གོམས་པ་ཡིས། །དེ་ནི་བརྟན་པའི་གོ་འཕང་འཐོབ། །ཅེས་སོ། །དེ་གསུམ་ནི། དབང་པོ་རྟུལ་འབྲིང་རྣོན་པོའི་དབྱེ་བས་འཆི་ བ་བླུ་བའི་ཐབས་སུ་འགྲེལ་པར་གསུངས་ཏེ། འཆི་བླུ་ཁོ་ནར་མ་ཟད་ཀྱི་ཡོན་ཏན་སྐྱེད་པའི་རླུང་གི་རྣལ་འབྱོར་ཁྱད་པར་བ་ཡིན་པས་བསྒོམ་པར་བྱའོ། །དེ་ལྟར་ཡང་སྡོམ་འབྱུང་ལས། རླུང་གི་རྣལ་འབྱོར་མི་ཤེས་དང༌། །གང་ཞིག་ཤེས་ཀྱང་མི་བྱེད་ པ། །དེ་ནི་སྡུག་བསྔལ་སྣ་ཚོགས་ཀྱིས། །ཉེར་འཚེ་འཁོར་བའི་སྲིན་བུར་འགྱུར། །ཞེས་སོ། །དེ་དག་ཀྱང་བླ་མས་སློབ་མ་ལ་ཞིབ་ཏུ་བཤད་པར་བྱའོ། །གཉིས་པ་ནི། ཁ་སྦྱོར་ལས་སྔར་དྲངས་པའི། འདབ་མ་བརྒྱད་པ་སྙིང་པོར་བཅས། །ཞེས་པ་དེའི་མཇུག་ ཏུ། དེ་ཡི་ནང་དུ་སོན་པའི་རྩ། །མར་མེའི་རང་གི་ངོ་བོ་ཅན། །ཆུ་ཤིང་གི་ནི་མེ་ཏོག་ལྟར། །བརྐྱངས་ཤིང་ཁ་ནི་འོག་ཏུའོ། །དེ་ཡི་ནང་གནས་དཔའ་བོ་ནི། །ཡུངས་ཀར་གྱི་ནི་སྦོམ་ཕྲ་ཙམ། །མི་ཤིགས་ཧཱུཾ་གི་ས་བོན་ནི། །ཁ་བ་ལྟ་བུར་འཛག་པ་ཉིད། ། ལུས་ཅན་རྣམས་ཀྱི་སྙིང་དགའ་བ། །དཔྱིད་ཅེས་བྱ་བར་རྣམ་པར་བཤད། །རྒོད་མའི་མེ་ཡི་གཟུགས་ཀྱིས་ནི། །བདག་མེད་མ་ནི་ཐིག་ལེར་བརྗོད། །ལས་ཀྱི་རླུང་གིས་བསྐུལ་བ་ཡིས། །ལྟེ་བའི་དཀྱིལ་འཁོར་དུ་ནི་འབར། །དཔྱིད་ཐོབ་པ་ཡིས་ཆོག་ཤེས་ པས། །སྙོམས་པར་འཇུག་པས་རྣམ་པར་གནས། །དཔའ་བོ་ཤྲཱི་ནི་ཧེ་རུ་ཀ །འདི་ནི་དཔྱིད་དང་ཐིག་ལེར་བརྗོད། །ཅེས་དཔྱིད་ཀྱི་ཐིག་ལེ་མདོར་བསྟན་པ་དང་རྒྱས་པར་བཤད་པ་གཉིས་ཀྱིས་གསུངས་པ་ནི། གཏུམ་མོའི་རྣལ་འབྱོར་གྱི་གཞུང་གི་ 3-2-422a རྩ་བ་ཡིན་ནོ། །དེ་ལ་རྐང་པ་དང་པོ་བཞིས་ནི་རྩ་དབུ་མ་སྟོན་ལ། དེ་ཡང་སྙིང་གའི་རྩ་འདབ་ཀྱི་པདྨ་དེའི་ནང་ངམ་དབུས་སུ་སོན་པ་ཞེས་པ་ནི་གནས་སོ། །ཁ་དོག་ནི། གཏུམ་མོ་འབར་བའི་དུས་ན་ཏིལ་མར་ གྱི་མར་མེའི་ངོ་བོ་དང་འདྲ་བར་འོད་ཟེར་གྱི་རང་བཞིན་ཅན་ཡིན་ལ། དབྱིབས་ནི་ཆུ་ཤིང་གི་མེ་ཏོག་ལྟར་ཅུང་ཟད་ཁ་ཕྱེ་ཞིང་རྩ་མདུད་ཀྱི་ནང་དུ་སོན་པའི་ཆ་ལ་བལྟོས་ནས་བཞག་པའི་ཁ་ནི་འོག་ཏུ་བརྐྱངས་པའང་འཕྱང་བའོ། །དེ་ནས་བཞིས་ནི། རྩ་དབུ་མའི་ནང་གི་ཡི་གེ་སྟོན་པས་དབུ་མ་དེའི་ནང་ན་གནས་པ་མི་མཐུན་པའི་རྟོག་པ་འཇོམས་པས་ན་དཔའ་བོ་ནི་ཧཱུཾ་ཡིག་གོ། དེའི་ཚད་ནི་ཡུངས་ཀར་ཞེས་པའོ། །མི་ཤིགས་པ་ནི། མངོན་པར་འདོད་པའི་དོན་སྒྲུབ་པ་ལ་གཞན་གྱིས་ གཞོམ་དུ་མེད་པའོ། །དེ་ནི་གཏུམ་མོ་ལ་བརྟེན་ནས་བདེ་བ་སྐྱེ་བའི་ས་བོན་ནོ། །ཁ་བ་བཞིན་དུ་བསིལ་བའི་འོད་ཅན་གྱི་བདུད་རྩིའི་འོད་འཛག་པའོ། །དེ་ནི་ལུས་ཅན་རྣམས་ཀྱི་བདེ་བའི་དགའ་སྟོན་འབར་བར་བྱེད་པས་ན་དཔྱིད་ཅེས་བྱ་སྟེ། དེ་དང་འདྲ་བས་དེར་བཏགས་པའོ། །དེ་ནས་གཉིས་ཀྱིས་ཐིག་ལེ་སྟོན་པ་དེ་ཡང་དཔེར་ན་རྒོད་མཁའི་མེས་རྒྱ་མཚོའི་མ་ལུས་པའི་ཆུ་ཟ་བར་བྱེད་པ་དེ་ལྟར་ཕུང་པོ་ལ་སོགས་པའི་བུད་ཤིང་མ་ལུས་པ་སྲེག་པར་བྱེད་པའི་ལྟེ་བའི་ མེའི་གཟུགས་བདག་མེད་མ་སྤྲོས་པ་ཐམས་ཅད་ལས་ལྡོག་པའི་ཐིག་ལེའོ། །དེ་ནི་ལྟེ་བའི་འོག་གི་རླུང་གིས་བསྐྱོད་ཅིང་རྒྱས་པར་བྱས་པས་ལྟེ་བའི་དཀྱིལ་འཁོར་དུ་འབར་བར་འགྱུར་རོ། །ལས་ནི། གཏུམ་མོ་བསྒོམས་པ་ལས་ 3-2-422b བྱུང་བའི་སེམས་ཀྱི་བྱ་བ་སྟེ། དེས་རླུང་དེ་བསྐུལ་བའི་མཐུ་ལས་སོ། །འགྲེལ་པར་ལས་ཀྱིས་བསྐུལ་བའི་རླུང་གིས་བསྐྱོད་པའི་འབྲུ་སྣོན་མཛད་དོ། །དཔྱིད་བྱང་སེམས་འཛག་པ་ཐོབ་པས་ཆོག་ཤེས་པ་སྟེ། ཚིམ་པའི་དགའ་བ་བསྐྱེད་པའི་ཕྱིར་དུ་དེ་གཉིས་ འཁྱུད་པ་ནི་སྙོམས་པར་ཞུགས་པ་ཡིན་ལ། དེ་ནི་དཔྱིད་དང་ཐིག་ལེ་གཉིས་ཀར་བརྗོད་དེ་བ་སནྟ་དང་ཏི་ལ་ཀཱར་ཡང་ངོ༌། །དེ་རྒྱས་པར་བཤད་པ་ནི་ཁ་སྦྱོར་ལས། ལྟེ་བར་ཨ་ཡི་གཟུགས་ཀྱིས་ནི། །ཐུང་ངུ་རུ་ནི་རབ་ཏུ་གྲགས། །སྙིང་ལའང་ནི་ ཧཱུཾ་ཉིད་ནི། །རིང་པོ་མ་མོ་གཉིས་དང་གནས། །མགྲིན་པར་ཨོཾ་གྱི་གཟུགས་ཀྱིས་ནི། །མ་མོ་གསུམ་བརྗོད་བླུ་ཏ། །དཔྲལ་བར་ཧྃ་གི་རྣམ་པ་འདི། །སྒྲ་དང་ཐིག་ལེ་མི་ཤིགས་པ། །ཞེས་སོགས་ལ། དཔྱིད་ཐིག་ལས། སྙིང་ག་ལ་ནི་ཡི་གེ་ཧཱུཾ། ། རིང་པོ་ཚད་ནི་གཉིས་དང་བཅས། །མགྲིན་པར་ཨོཾ་ཡིག་གཟུགས་ཀྱིས་ཏེ། །ཚད་ནི་གསུམ་དུ་བརྗོད་པ་ཡིན། །ཞེས་བསྒྱུར་བས་ཐུང་ངུ་དང་རིང་པོ་དང་བླུ་ཏ་སྟེ་ཤིན་ཏུ་རིང་པོ་གསུམ་ལ་ཐུང་ངུ་གཅིག་དང་གཉིས་དང་གསུམ་གྱི་ཡུན་ཡོད་པའོ། ། དེ་ཡང་ནང་གི་བརྗོད་པའི་དུས་གསལ་བར་བྱས་ཀྱི་ངག་གི་བརྗོད་པ་མིན་ཏེ་གཏུམ་མོ་སྒོམ་པ་ལ་དེ་མེད་པའི་ཕྱིར་རོ། །ཡི་གེ་བཞི་བྲིས་པ་རྫོགས་རིམ་ལ་འཇུག་པའི་ཐབས་བསྐྱེད་རིམ་སྒོམ་པའི་ཡིན་གྱི། རྫོགས་རིམ་ལ་ནི་ཨ་ཐུང་ རྡུལ་གྱི་རི་མོ་ཕྲ་མོའི་ངོ་བོ་དང་ཧཱུཾ་ནི་སེམས་དང༌། ཨོཾ་ནི་ངག་དང༌། ཧཾ་ནི་ཧཾ་གི་དབྱིབས་ཅན་གྱི་རྩ་དང་འབྲེལ་བའི་བྱང་སེམས་ཡིན་པར་མན་སྙེ་ལས་བཤད་དོ། །ཡི་གེ་ཐོག་མཐའ་གཉིས་ཀྱིས་ཁུ་རྡུལ་མཚོན་པས་ལུས་ཡིན་ལ། གཞན་གཉིས་དང་ 3-2-423a བཅས་པས་ལུས་ངག་ཡིད་གསུམ་ནི། ཡི་གེ་བཞིའི་མཚོན་དོན་ནོ། །ཁ་སྦྱོར་ལས། བདུད་རྩིའི་གཟུགས་ཀྱིས་འཛག་པར་ནི། །ཉིན་དང་མཚན་དུ་རྣམ་པར་གནས། །དེ་ཉིད་ཀྱིས་ནི་སྒྲ་འབྱེད་ཅིང༌། །མེ་ནི་དགའ་ བར་བྱེད་པ་སྟེ། །ཞེས་གསུངས་པའི་དོན་འགྲེལ་པས། ཧཾ་ཡིག་ནི། གསལ་བ་དང་མི་གསལ་བའི་ངོ་བོ་གང་ཡང་རུང་བའི་གཏུམ་མོས་གུས་པ་དང་བཅས་པར་བར་མ་ཆད་པར་གོམས་པ་ནི། ཆུང་ངུ་གོམས་པ་ན་བདུད་རྩི་འཛག་པའོ། །བར་ མ་ན་ཆེར་འཛག་གོ། ཆེན་པོར་ན་རྒྱུན་མི་འཆད་པར་ཆེས་ཆེར་འཛག་གོ། ཐབས་ཀྱི་རྒྱུད་ཀྱི་ངོ་བོའི་རྫོགས་པའི་རིམ་པའི་དཀྱིལ་འཁོར་སྒོམ་པས་ནི། ཡིད་བརྟན་པ་ན་གཏུམ་མོ་ངེས་པར་སྤྲོ་བ་ལས་འབར་ཞིང་དེས་གདུངས་པའི་ རི་བོང་ཅན་ཡང་འཛག་གོ། དེའི་ཚེ་ཡང་དེ་ཁོ་ན་སྟེ། ཧྃ་ཡིག་འཛག་པ་ཅན་གྱི་ནཱ་ད་གཏུམ་མོ་རྡུལ་གྱི་རི་མོ་འབྱེད་ཅིང་ཁྱད་པར་དུ་འཕགས་པར་བྱེད་དོ། །ཞེས་གསུངས་པ་ལྟར་རྫོགས་རིམ་གྱི་སྐབས་སུ་ལམ་བགྲོད་པ་ནི་གཏུམ་ མོའི་མེས་ཧྃ་ཡིག་ཞུ་བའི་བདེ་བ་ལམ་དུ་བྱས་པ་ལ་བརྟེན་ནས་བྱེད་པ་ནི་ཐམས་ཅད་ལ་འདྲའོ། །དེ་ལ་རིམ་པ་མི་འདྲ་བ་མང་པོ་ཡོད་ཀྱང་འདིར་ཁ་སྦྱོར་གྱི་འགྲེལ་པའི་རྗེས་སུ་འབྲངས་ནས་གང་ཟག་གི་དབང་གིས་བཞི་དང་གཉིས་སུ་ཤེས་ པར་བྱའོ། །དེ་ལ་དང་པོ་ནི། སྔར་ཕྲ་ཐིག་གི་སྐབས་སུ་བཤད་པ་བཞིན་དུ་སེམས་ཤིན་ཏུ་བརྟན་པར་བསྒོམས་པའི་དབང་གིས་ལྷན་སྐྱེས་ཀྱི་ཤེས་རབ་གཏུམ་མོ་རྡུལ་གྱི་རི་མོ་རང་བཞིན་གྱིས་འབར་ནས་སྐྲའི་རྩེ་མོ་བརྒྱ་སྟོང་གི་ལུས་ 3-2-423b ཡན་ལག་རྣམས་དང་འདྲ་བའི་གློག་གི་འོད་ལྟ་བུ་རྣམས་ཀྱིས་ཡོངས་སུ་སྦྱངས་པའི་རྩ་རྣམས་བྱང་སེམས་ཞུ་བས་གང་བར་བྱེད་དེ། ཁ་སྦྱོར་ལས། དེ་ཡི་ཤེས་རབ་ལྷན་ཅིག་སྐྱེས། །དེ་ཕྱིར་གནས་པའི་གཟུགས་ཅན་མ། །ལས་ཀྱི་རླུང་གིས་བསྐུལ་བ་ ཡིས། །ལྟེ་བའི་དཀྱིལ་འཁོར་དུ་ནི་འབར། །བདག་མེད་མ་ཞེས་རྣམ་པར་བཤད། །དཔྱིད་ཀྱི་ཐིག་ལེ་ཉིད་དུ་བརྗོད། །སྐྲ་ཡི་རྩེ་མོ་བརྒྱ་སྟོང་ལུས། །གློག་གི་ཟེར་མ་མཉམ་པའི་འོད། །ཅེས་གསུངས་སོ། །དེ་ལ་མི་མོས་པས་ནི། རྡོ་རྗེའི་བཟླས་པས་སྲོག་རྩོལ་ གྱི་རླུང་བརྟན་པར་བྱས་ནས་ཐུར་སེལ་གྱི་རླུང་ལྟེ་བར་འཐེན་ནས་ལྟེ་བར་ཕྱག་རྒྱ་ཆེན་པོ་ལ་དམིགས་ནས་རླུང་བཟློག་པ་ན་གཏུམ་མོ་འབར་ཞིང་། དེ་ལས་ཀྱང་བདེ་བ་ཆེན་པོ་གསལ་བར་འགྱུར་རོ། །དེ་ལྟར་མི་ནུས་པས་ནི། དབུགས་གྱེན་དུ་འགྲོ་བ་ན་རྡུལ་ གྱི་རི་མོ་དྲང་པོ་འབར་བ་དང་རླུང་ནང་དུ་འཇུག་པ་ན་ཧྃ་ཡིག་ཟླ་བ་འཛག་པ་ཐིག་ལེའི་གཟུགས་ཀྱིས་ལྟེ་བར་འོང་བར་བསམ་སྟེ། དེ་ཡང་གཡས་གཡོན་གྱི་རླུང་ཕྱི་ནང་དུ་རྒྱུ་བ་ལོག་པའི་བར་དུ་ཡང་ཡང་བྱའོ། །རླུང་འབྱུང་འཇུག་དེ་ལྟར་སྒོམ་ པར་མི་ནུས་པས་ནི། ལྷག་པར་མོས་པ་ཙམ་ཁོ་ནས་འབར་འཛག་གི་དམིགས་པ་བྱའོ། །ཡི་གེ་སྒོམ་པ་ལ་ལྷག་པར་མོས་པ་ལ་གཉིས་ལས། བསྡུས་པ་ལ་དགའ་ན་ལྟེ་བ་ནས་མགོ་བོའི་འཁོར་ལོའི་བར་བཞིའི་ལྟེ་བ་ལ། ཨོཾ་དམར་པོ་ གྱེན་དང༌། ཧཱུྃ་ནག་པོ་འཐུར་དང༌། ཨོཾ་དམར་པོ་གྱེན་དང་ཧྃ་དཀར་པོ་འཐུར་དུ་བསྟན་པ་རྣམས་བསྒོམ་ལ། ཨྃ་གི་ངོ་བོ་བཅོམ་ལྡན་འདས་མ་གཏུམ་མོ་འབར་དུ་གཞུག་གོ། དེས་ཀྱང་ཡི་གེ་གོང་མ་གཉིས་གདུངས་ཏེ། ཧྃ་ཞུ་བར་བྱས་པ་འོག་ཏུ་འཛགས་ 3-2-424a པ་ཡི་གེ་བར་པ་གཉིས་དང་རོ་མཉམ་པ་སྔར་བཤད་པ་བཞིན་དུ་ལྟེ་བར་གནས་པར་བྱའོ། །རྒྱས་པ་ལ་དགའ་བས་ནི། ལྟེ་བར་སྟེང་དུ་ཁ་ཕྱོགས་པའི་པདྨ་དམར་པོའི་ལྟེ་བར་ཟླ་བ་ལ་ཨྃ་ངོ༌། །ཤར་ལ་ སོགས་པའི་ཕྱོགས་ཀྱི་འདབ་མ་རྣམས་ལ་གཡས་སྐོར་དུ་རིམ་པ་བཞིན། ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་སྟེ་སྡེ་ཚན་བརྒྱད་དོ། །ཁ་ཅིག་ཏུ་ཡི་གེ་བརྒྱད་དགོད་པར་གསུངས་པ་ནི། གདུལ་བྱའི་ངོར་ཡིན་ནོ། །ལྟེ་བའི་ནང་སྐོར་ལ་བཞི། དེ་ནས་བརྒྱད་དེ་ནས་ བཅུ་དྲུག །དེ་ནས་རེ་བཞི་ཡོད་པར་བཤད་དོ། །སྙིང་གར་ཁ་འོག་ཏུ་ཕྱོགས་པའི་པདྨ་དཀར་པོའི་ལྟེ་བ་ལ་ཟླ་བར་ཧཱུཾ་ངོ༌། །ཤར་ལ་སོགས་པའི་འདབ་མ་རྣམས་ལ། ཨ་ཨི་ཨུ་ཨེ་བཞི་དང་། དབང་ལྡན་ལ་སོགས་པའི་མཚམས་བཞིར། ཡ་ར་ལ་ཝ་རྣམས་སོ། །མགྲིན་པར་གྱེན་དུ་ཕྱོགས་པའི་ཆུ་སྐྱེས་དམར་པོའི་ལྟེ་བར་ཟླ་བ་ལ་ཨོཾ་མོ། །ཤར་ལ་སོགས་པའི་ཕྱོགས་སུ། ཨཱ་ཨཱི་ཨཱུ་ཨཱཻ་དང༌། དབང་ལྡན་ལ་སོགས་པའི་མཚམས་སུ། ཡཱ་རཱ་ལཱ་ཝྭ་རྣམས་སོ། །མགོ་བོར་འོག་ ཏུ་ཁ་ཕྱོགས་པའི་རྩ་འདབ་སོ་གཉིས་པའི་སྣ་ཚོགས་པདྨའི་ལྟེ་བའི་ཟླ་བར་ཧྃ་ངོ༌། །ཤར་ལ་སོགས་པའི་འདབ་མ་རེ་རེས་བར་དུ་ཆོད་པ་རྣམས་ལ་རིམ་པ་བཞིན་དུ་དབྱངས་བཅུ་དྲུག་གོ། ཨ་དང་ཀ་ལ་སོགས་པའི་ཡི་གེ་ཐམས་ཅད་ ཀྱང་ཟླ་ཕྱེད་དང་ཐིག་ལེ་དང་ནཱ་ད་དང་བཅས་པ་བ་མོ་འཛག་པ་རྣམས་སུ་བསྒོམ་ཞིང༌། ཨྃ་གི་ངོ་བོ་གཏུམ་མོའི་མེ་འབར་དུ་གཞུག་གོ། དེ་ཡང་གྱེན་དུ་འགྲོ་ཞིང་ཡི་གེ་ཐམས་ཅད་ཞུ་བར་བྱེད་ཞུ་བ་དང་རོ་གཅིག་པ་འོག་ཏུ་སོན་པ་ནི་ལྟེ་ 3-2-424b བར་སྔར་བཞིན་དུ་ངལ་བསོའོ། །བསྐྱེད་རིམ་པས་ཀྱང་སྔར་བཤད་པ་བཞི་པོ་གང་རུང་ལ་དམིགས་ནས་རྣལ་འབྱོར་མའི་འཁོར་ལོ་མཐའ་དག་གི་རང་བཞིན་གཏུམ་མོའི་ངོ་བོ་འབར་དུ་གཞུག་གོ། དེ་འབར་བ་ཡང་དབུ་མ་ནས་སོང་སྟེ་བ་སྤུའི་བུ་ག་དང་རྩེ་ མོ་དང་དཔྲལ་བའི་མཚམས་རྣམས་ཁྱབ་པར་བྱས་ཤིང༌། འཁོར་ལོ་གསུམ་དང་ཕུང་པོ་ལ་སོགས་པ་རྣམས་གདུངས་ནས་སྣ་བུག་གཡས་དང་མཛོད་སྤུའི་ཁུང་བུ་ལས་བྱུང་ངོ༌། །དེ་ནས་གློག་གི་འོད་གཞིན་དུ་ཕྱོགས་བཅུར་ཁྱབ་ནས་འཁོར་བ་པ་དང་ཉན་ རང་དང་བྱང་སེམས་རྣམས་ལ་རེག་པས་སངས་རྒྱས་སུ་བྱས་ཏེ། དེ་རྣམས་དང་རང་བཞིན་གྱིས་གྲུབ་པའི་སངས་རྒྱས་རྣམས་ཀྱི་སྣ་བུག་གཡོན་ནས་ཞུགས་ནས་བདེ་ཆེན་གྱི་འཁོར་ལོ་གདུངས་ཏེ། དེ་ཐམས་ཅད་འདོད་ཆགས་ཆེན་པོའི་མེའི་འོད་ཀྱིས་ བསྐུལ་ཞིང༌། རང་གི་སྨིན་མཚམས་ཀྱི་མཛོད་སྤུའི་བུ་ག་ནས་ཞུགས་ནས་བདེ་ཆེན་གྱི་འཁོར་ལོར་གནས་པ་ན་བྱང་སེམས་དང་ལྷན་ཅིག་ཞུ་བར་བྱས་ནས་དེ་ཞུ་བ་དང་རོ་གཅིག་པ་འོག་ཏུ་འཛགས་པ་ཐབས་ཤེས་རོ་གཅིག་པའི་བདེ་བ་ཆེན་པོའི་ངོ་བོར་ལྟེ་ བར་གནས་པར་བལྟའོ། །དེ་ལྟར་བྱས་པས་སངས་རྒྱས་ཀྱི་བྱིན་རླབས་ཕུན་སུམ་ཚོགས་པར་འགྱུར་རོ། །མན་སྙེར་འདི་བསྐྱེད་པའི་རིམ་པ་ལ་སྦྱར་ལ་སློབ་དཔོན་གཞན་གྱིས་རྫོགས་རིམ་གྱི་སྐབས་སུ་སྦྱོར་རོ། །གཏུམ་མོའི་རྣལ་འབྱོར་འདི་དག་ལ་རླུང་ ཁ་སྦྱོར་བཟུངས་ནས་བྱེད་པ་མ་བཤད་པར་དམིགས་པ་ཤིན་ཏུ་བརྟན་པར་གནས་ནས་མེ་སྦོར་བའི་ལུགས་སུ་བཤད་ལ། གདམས་པ་གཞན་ལས་བུམ་པ་ཅན་བཟུང་བ་དང་སྦྲེལ་ནས་བྱེད་དོ། །གཏུམ་མོའི་རྣལ་འབྱོར་གྱི་གཙོ་བོ་དེ་དག་ནི། མན་ངག་གིས་ 3-2-425a རེ་རེ་གཉིས་གཉིས་ཁ་བསྐང་བ་ཙམ་མ་གཏོགས་པ་ཁ་སྦྱོར་དང་རྡོ་རྗེ་མཁའ་འགྲོ་སོགས་ཀྱི་རྒྱུད་ན་གསལ་བར་བཞུགས་ཤིང་། ནག་པོ་སྤྱོད་པ་ལ་སོགས་པའི་གྲུབ་ཐོབ་ཀྱི་རྒྱ་གཞུང་མང་པོ་ནའང་གསལ་བར་ཡོད་ པས་ཤིན་ཏུ་ཡིད་ཆེས་པའི་གནས་སུ་གཟུང་བར་བྱའོ། །དེ་ལྟར་རླུང་དང་གཏུམ་མོའི་རྣལ་འབྱོར་ལས་སུ་རུང་བ་ན་གཏུམ་མོ་སྦར་བས་བྱང་སེམས་བཞུས་པ་འཆིངས་པ་ལ་བརྟེན་ནས་ཡས་བབས་དང་མས་བརྟན་གྱི་དགའ་བཞིའི་རྟོགས་པ་བསྐྱེད་ ནས། དེ་དག་གི་མཐར་རང་རང་གི་ལྷའི་སྐུར་ལྡང་དགོས་ཏེ། སྟོང་པའི་ངང་ནས་ལྷའི་སྐུར་ལྡང་བ་ནི་སྤྱིར་རིམ་པ་གཉིས་ཀ་དང་ཁྱད་པར་དུ་རྫོགས་རིམ་ལ་གནད་ཆེ་བའི་ཕྱིར་རོ། །དེ་དག་ཀྱང་བླ་མས་སློབ་མ་ལ་ཞིབ་ཏུ་བསྟན་པར་བྱའོ། །གསུམ་པ་ ནི། དེ་ལྟར་རྩ་རླུང་དང་ཐིག་ལེའི་ཆགས་ཚུལ་གྱི་གནད་ཤེས་ནས་དེ་དག་ལ་གནད་དུ་བསྣུན་པའི་རྣལ་འབྱོར་གྱིས་རླུང་དང་ཐིག་ལེ་ལས་རུང་དུ་བྱ་བར་ནུས་པ་ན། ཁམས་དབབ་ཟློག་ལ་བརྟེན་པའི་དགའ་བཞིའི་ཏིང་ངེ་འཛིན་བདེ་གསལ་མི་རྟོག་ པས་བརྒྱན་པ་སྐྱེད་ནུས་མོད་ཀྱང༌དེ་ཙམ་ཞིག་སྒོམ་པ་མིན་གྱི། བདག་མེད་པའི་དོན་གཏན་ལ་ཕབ་པའི་ལྟ་བ་རྣམ་པར་དག་པ་བསྐྱེད་པ་དེ་ཐབས་དེ་དག་ལ་བརྟེན་ནས་སྐྱོང་དགོས་ཏེ། གཞན་དུ་ན་དེ་འདྲ་བའི་ཏིང་ངེ་འཛིན་གྱིས་སྲིད་པ་ལས་ རྒལ་བར་མི་ནུས་པའི་ཕྱིར་རོ། །དེ་ལྟར་ཡང་བྱང་ཆུབ་སེམས་འགྲེལ་ལས། གང་དག་སྟོང་ཉིད་མི་ཤེས་པ། །དེ་དག་ཐར་པ་རྟེན་མ་ཡིན། །འགྲོ་དྲུག་སྲིད་པའི་བཙོན་རར་ནི། །རྨོངས་པ་དེ་དག་འཁོར་བར་འགྱུར། །ཞེས་གསུངས་པ་ལྟར་རོ། །དེས་ 3-2-425b ན་བསམ་གཏན་གྱི་ཁང་བུར་ཞུགས་ནས་བདག་མེད་པའི་དོན་སྒོམ་དགོས་ཏེ། ཁ་སྦྱོར་ལས། དེ་ནས་བསམ་གཏན་གནས་འདུག་ནས། །ཆོས་རྣམས་ཐམས་ཅད་བདག་མེད་པ། །ཡང་དག་རྗེས་སུ་བལྟ་བར་བྱ། །ཞེས་དང༌། དེའི་རྒྱུད་ཕྱི་མ་ལས་ཀྱང༌། ཡང་ འདིར་སྟོང་པ་ཉིད་གང་ཞེ་ན། ཆོས་དང་གང་ཟག་གི་དོན་དངོས་པོ་མེད་པ་སྟོང་པ་ཉིད་དེ། ཞེས་བསྒོམ་པར་བྱ་བའི་སྟོང་ཉིད་ནི། བདག་མེད་པ་གཉིས་སུ་བསྡུས་ནས་གསུངས་ལ། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་ཀྱང༌། རྣལ་འབྱོར་གཅིག་གཅིག་ཤེས་ བྱས་ནས། །དབེན་པར་སོང་སྟེ་རབ་འབད་ན། །སྡིག་དག་ཚེ་འདིར་སངས་རྒྱས་འགྲུབ། །ཆོས་བདག་མེད་པར་རབ་བསྒོམས་པས། །ཐམས་ཅད་མཁྱེན་པ་ཁོང་དུ་ཆུད། །ཅེས་དབེན་པར་སོང་ནས་རྣལ་འབྱོར་གཅིག་ལ་འབད་ན་འཚང་རྒྱ་བའི་རྣལ་འབྱོར་ནི་ཆོས་ རྣམས་བདག་མེད་པར་སྒོམ་པ་ལ་གསུངས་ཏེ། དེ་འདྲ་བ་རྒྱུད་ལས་གསུངས་པ་མཐའ་ཡས་ཤིག་ཡོད་དོ། །དེ་ལྟ་བུའི་ལྟ་བ་རྒྱུད་ལ་སྐྱེད་ཚུལ་ཡང་ལུང་དང་རིགས་པ་ལ་བརྟེན་པའི་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་ནས་བསྐྱེད་དགོས་པར་གསུངས་ ཏེ་བྱང་ཆུབ་སེམས་འགྲེལ་ལས། བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པ་རྣམས་ཀྱིས་དེ་ལྟར་ཀུན་རྫོབ་ཀྱི་རྣམ་པས་བྱང་ཆུབ་ཀྱི་སེམས་སྨོན་པའི་རང་བཞིན་ཅན་བསྐྱེད་ནས། དོན་དམ་པའི་བྱང་ཆུབ་ཀྱི་སེམས་བསྒོམས་པའི་ སྟོབས་ཀྱིས་བསྐྱེད་པར་བྱ་བ་ཡིན་ཏེ། དེའི་ཕྱིར་དེའི་རང་བཞིན་བརྗོད་པར་བྱའོ། །ཞེས་གསུངས་ནས་དེའི་འོག་ཏུ་གཞན་སྡེ་འདོད་པའི་གང་ཟག་གི་བདག་དང་རང་སྡེ་གཉིས་ཀྱིས་འདོད་པའི་ཆོས་ཀྱི་བདག་རིགས་པས་བཀག་ནས་བདག་མེད་གཏན་ 3-2-426a ལ་ཕབ་སྟེ། དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམས་སྟོབས་ཀྱིས་སྐྱེད་པ་ལ་སྔོན་དུ་བདག་མེད་པའི་ལྟ་བ་འཚོལ་ལུགས་དེ་ལྟར་མཛད་དོ། །འདི་གསང་འདུས་སུ། དེ་བཞིན་གཤེགས་པ་དྲུག་གིས་བྱང་ཆུབ་ཀྱི་སེམས་རེ་རེ་ གསུངས་པའི་ནང་ནས་རྣམ་སྣང་གིས། དངོས་པོ་ཐམས་ཅད་དང་བྲལ་བ། །ཕུང་པོ་ཁམས་དང་སྐྱེ་མཆེད་དང༌། །གཟུང་དང་འཛིན་པ་རྣམས་སྤངས་པ། །ཆོས་བདག་མེད་པ་མཉམ་ཉིད་པས། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ ནོ། །ཞེས་གསུངས་པ་དྲངས་ནས་དེའི་དོན་བཀྲལ་བས་ན་བྱང་ཆུབ་སེམས་ཀྱི་འགྲེལ་པ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་མགོན་པོ་ཀླུ་སྒྲུབ་ཀྱིས་བདག་གཉིས་རིགས་པས་ལེགས་པར་བཀག་སྟེ་བདག་མེད་ངེས་པའི་ལྟ་བ་བསྐྱངས་ནས་དོན་དམ་བྱང་ ཆུབ་ཀྱི་སེམས་སྒོམ་པ་དེ་གསང་སྔགས་ཀྱི་སྒོ་ནས་སྤྱད་པ་སྤྱོད་པའི་བྱང་ཆུབ་སེམས་དཔས་བྱེད་པར་གསུངས་པས་ན། སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱོད་པའི་ལྟ་བ་སྐྱོང་བ་ཕར་ཕྱིན་ཐེག་པའི་ལུགས་ཡིན་གྱི། སྔགས་ཀྱི་ལུགས་མ་ཡིན་ནོ་ཞེས་ སྨྲ་བ་ནི་ལེགས་པར་བཀག་པ་ཡིན་ནོ། །རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་ཀྱང༌། སེམས་ཀྱིས་རྡུལ་ཕྲན་ཆ་དྲུག་རྣམས། །ཕྱོགས་བཅུ་དག་ཏུ་ཕྱེ་ནས་སུ། །ཆོས་ཀྱི་དོན་རྣམས་དེས་གསལ་ནས། །ཤིན་ཏུ་དྲི་མེད་སེམས་དག་པ། །འདས་དང་མ་ འོངས་པ་ཡི་སེམས། །ད་ལྟར་ཡང་ནི་དམིགས་སུ་མེད། །གཉིས་མེད་དེ་ལ་གཉིས་མེད་མེད། །ནམ་མཁའ་ཞེས་པའང་གནས་པ་མེད། །དེ་ལྟར་ཀུན་ཏུ་བརྟགས་ནས་སུ། །འགྲོ་བ་ཐམས་ཅད་ཤིན་ཏུ་སྟོང༌། །དྲི་མེད་རྣལ་འབྱོར་ཉིད་ཀྱི་ཡིན། །དངོས་ 3-2-426b པོ་མེད་པར་རང་སེམས་བསམ། །ཞེས་རྡུལ་ལ་ཕྱོགས་བཅུའི་ཆའི་དཔྱད་པ་བྱས་ནས་སྟོང་ཉིད་སྒོམ་པར་གསུངས་ལ། བྷཱ་བ་བྷ་དྲས་ཀྱང་རྡོ་རྗེ་མཁའ་འགྲོའི་འགྲེལ་པར་དབུ་མ་རྒྱན་ནས་རྡུལ་ལ་ཕྱོགས་བཅུའི་དཔྱད་པ་བྱས་ནས་སྟོང་ཉིད་གཏན་པ་ཕབ་པ་ བཞིན་དུ་མཛད་དོ། །གྲུབ་ཐོབ་དཔལ་འཛིན་གྱིས་ཀྱང༌། དངོས་པོ་ཐམས་ཅད་བདེན་པ་མིན། །ཐོག་མ་བར་དང་མཐའ་སྤངས་པ། །འདི་ལྟར་དཔྱད་ན་འཁོར་ལོ་ལ། །དམ་པ་ཡང་དག་རྟོག་པ་སྤངས། །ཕུང་པོ་ཁམས་ནི་བདག་མེད་པ། །བསྒོམ་བྱ་བདེ་ བ་དམ་པའི་གཟུགས། །ཞེས་ཐོག་མཐའ་བར་གསུམ་གྱི་དུས་ཀྱི་ཆ་སོ་སོར་ཕྱེ་ནས་གཏན་ལ་ཕབ་པའི་བདག་མེད་སྒོམ་པར་གསུངས་ཏེ། རིན་ཆེན་ཕྲེང་བ་ལས། ཇི་ལྟར་སྐད་ཅིག་མཐའ་ཡོད་པ། །དེ་བཞིན་ཐོག་མཐའ་དབུས་བརྟག་དགོས། །དེ་ལྟར་ སྐད་ཅིག་གསུམ་བདག་ཕྱིར། །འཇིག་རྟེན་སྐད་ཅིག་གནས་པ་མིན། །ཐོག་མ་དབུས་དང་ཐ་མ་ཡང༌། །སྐད་ཅིག་བཞིན་དུ་བསམས་བྱས་ན། །ཐོག་མ་དབུས་དང་ཐ་མ་ཉིད། །རང་བཞིན་ལས་ཀྱང་མ་ཡིན་ནོ། །ཞེས་གསུངས་པ་དང་འདྲའོ། །ཚུལ་དེ་ ཡང༌། ཡེ་ཤེས་ཞབས་སོགས་མཆོག་རྣམས་ཀྱིས། །འདི་དག་ཉིད་ནི་གསལ་བར་བཤད། །ཅེས་གསུངས་པས་ཡེ་ཤེས་ཞབས་ཀྱིས་ཀྱང༌། སྒྲུབ་ཐབས་ཀུན་བཟང་དང་བདག་སྒྲུབ་པའི་ཐབས་ལ་འཇུག་པ་རྣམས་སུ་གཅིག་དང་དུ་བྲལ་ལ་སོགས་ པའི་རིགས་པས་དབུ་མ་ནས་འབྱུང་བ་བཞིན་དུ་སྔགས་སུ་ཡང་གཏན་པ་ཕབ་བོ། །རྒྱུད་སྡེ་འོག་མ་གསུམ་ནས་ཀྱང་ཚུལ་དེ་ལྟར་རྒྱུད་ལ་སྐྱེད་པ་སྔར་མང་དུ་བརྗོད་ཟིན་ཏོ། །དེའི་ཕྱིར་རྡོ་རྗེ་ཐེག་པ་པས་བདག་མེད་པའི་ལྟ་བའི་གོ་བ་རྒྱུད་ལ་སྐྱེད་པ་ 3-2-427a ནི། མཚན་ཉིད་ཀྱི་ཐེག་པ་བཞིན་དུ་བྱ་དགོས་སོ། །ལྟ་བ་དེས་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཁོང་དུ་ཆུད་ཀྱང་ཐོག་མ་མེད་པ་ནས་བདག་ཏུ་འཛིན་པ་གཉིས་ཀྱིས་བསླད་པས། ཡུལ་དེ་ལ་ཡུལ་ཅན་དེ་ཚུ་ལ་ཆུ་བཞག་པ་བཞིན་དུ་རོ་ མཉམ་དུ་འཇུག་མི་ནུས་པར་གཉིས་སྣང་གིས་སོ་སོ་བར་རིང་དུ་རྒྱང་ཆད་པར་བྱེད་པས་དེས་ན་གཏུམ་མོའི་མེས་བྱང་སེམས་བཞུས་པ་ཕྱིར་མ་འཕོས་པར་བཟུངས་པ་ན་དེའི་མཐུས་གཉིས་སྣང་རགས་པ་རྣམས་བསྡུས་ནས་ཞི་བར་འགྱུར་ལ། དེའི་ཚེ་ལྟ་ བ་དྲན་པར་བྱས་ནས་ལྟ་ཐོག་ཏུ་བཞག་ནས་བསྐྱངས་པ་ན་ཤེས་རབ་དེ། དེ་ཁོ་ན་ཉིད་ལ་ཇེ་ཉེར་སོང་ནས་ཡུལ་དང་ཡུལ་ཅན་རོ་གཅིག་ཏུ་འགྱུར་བ་ཡིན་ནོ། །འདི་ཡང་བདག་མེད་ལ་བློ་ཁ་མ་ཕྱོགས་ན་བདག་མེད་དམ་གནས་ལུགས་ཀྱི་དོན་ སྒོམ་པར་མི་འགྱུར་ལ། བློ་ཁ་ཕྱོགས་ན་ནི་མངོན་གྱུར་དང་ལྐོག་གྱུར་གྱི་སྒོ་ནས་ཕྱོགས་པ་གཉིས་ལས་མི་འདའོ། །སོ་སོ་སྐྱེ་བོས་བདག་མེད་མངོན་གྱུར་དུ་རྟོགས་པར་སྨྲ་བ་ནི། གཟུ་ལུམ་ཡིན་པས་ལྐོག་གྱུར་རོ། །དེའི་ཚེ་དེ་དག་གིས་བདག་ མེད་རྟོགས་པ་ནི་དོན་སྤྱིའི་སྒོ་ནས་རྟོགས་དགོས་པས་སོ་སོ་སྐྱེ་བོས་རྟོག་བྲལ་གྱི་ཤེས་པས་དེ་ཁོ་ན་ཉིད་སྒོམ་པར་འདོད་པ་འཐད་པ་མ་ཡིན་ནོ། །དེ་ཡང་མི་རྟོག་ཡེ་ཤེས་ཀྱི་རྗེས་སུ་མཐུན་པའི་རྒྱུ་དམ་པ་ཡིན་པས་དེ་ཁོ་ན་ཉིད་ལ་མ་ ཞུགས་པའི་རྟོག་པ་ཡང་མིན་ལ། བདག་མེད་པའི་དོན་ལ་དོན་སྤྱིའི་སྒོ་ནས་དཔྱོད་པས་ན་ཅིར་ཡང་མི་རྟོག་པ་ཡང་མིན་ནོ། །གསང་འདུས་ཀྱི་འགྲེལ་པ་སྙིམ་པའི་མེ་ཏོག་ལས། ཡང་དག་པ་ལ་སོ་སོར་རྟོག་པ་ཡང་རྣམ་པར་རྟོག་པ་ 3-2-427b མ་ཡིན་ཞིང་རྣམ་པར་མི་རྟོག་པ་མ་ཡིན་ནོ། །ཅིའི་ཕྱིར་རྣམ་པར་རྟོག་པ་མ་ཡིན་ཞེ་ན། རྣམ་པར་མི་རྟོག་པ་སྐྱེད་པ་དང་རྗེས་སུ་མཐུན་པ་ཉིད་ཀྱི་ཕྱིར་རོ། །ཅིའི་ཕྱིར་རྣམ་པར་མི་རྟོག་པ་མ་ཡིན་ཞེ་ན། ཡང་དག་པའི་དོན་ལ་རྣམ་པར་རྟོག་པའི་ཕྱིར་ རོ། །རྣམ་པར་མི་རྟོག་པ་ཉིད་ལས་རྣམ་པར་མི་རྟོག་པ་སྐྱེ་བ་མ་ཡིན་ཏེ། བྱིས་པ་རྣམས་ལ་དེ་མེད་པའི་ཕྱིར་རོ། །རང་བཞིན་གྱི་རྣམ་པར་རྟོག་པ་ལས་ཀྱང་སྐྱེ་བ་མ་ཡིན་ཏེ། དེ་ནི་དེའི་གཉེན་པོ་ཉིད་ཡིན་པའི་ཕྱིར་རོ། །འོན་ཀྱང་ཡང་དག་པའི་དོན་ཉིད་ ལ་མཉམ་པར་འཇོག་པའི་སོ་སོར་རྟོག་པ་རྣམས་ཏེ། སྒོམ་པའི་རྗེས་སུ་འགྲོ་བས་འབད་རྩོལ་མེད་པར་ཆོས་ཀྱི་དབྱིངས་སྤྲོས་པ་མེད་པ་ལ་སེམས་མཉམ་པར་བཞག་པར་འགྱུར་རོ། །དེ་ལ་སྤྲོས་པ་མེད་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ ཞེས་བྱའོ། །དེ་སྐད་དུ་ཡང༌། རྣམ་པར་མི་རྟོག་པར་འཇུག་པའི་གཟུངས་ལས། དེ་ཡང་ཡང་དག་པར་སྦྱོར་བ་དེ་བསྟེན་པས་རྗེས་སུ་འགྲོའོ། །བསྒོམས་པས་རྗེས་སུ་འགྲོའོ། །མང་དུ་བྱས་པས་རྗེས་འགྲོའོ། །ཡང་དག་པའི་ཡིད་ལ་བྱེད་པས་རྗེས་ སུ་འགྲོ་བས་ན་མངོན་པར་འདུ་བྱེད་པ་མེད་ཅིང་ལྷུན་གྱིས་གྲུབ་པས་རྣམ་པར་མི་རྟོག་པའི་དབྱིངས་ལ་རེག་སྟེ་ཞེས་གསུངས་པ་དང༌། ཚད་མ་རྣམ་པར་ངེས་པ་ལས་ཀྱང༌། བསམ་པའི་རང་བཞིན་ཅན་གྱི་ཤེས་རབ་ལ་གོམས་པར་བྱས་ན་དོན་ དམ་པའི་ཡེ་ཤེས་འཁྲུལ་བས་དབེན་པ་དྲི་མ་མེད་པ་འཇིག་པ་མེད་པ་མངོན་སུམ་དུ་བྱེད་པར་འགྱུར་རོ་ཞེས་བཤད་དོ། །དེ་བས་ན་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཡང་དག་པ་ལ་སོ་སོར་རྟོག་པ་ཉིད་རྣམ་པར་མི་རྟོག་པ་བྱང་ཆུབ་ 3-2-428a རྟོགས་པར་འདོད་པ་རྣམས་ཀྱིས་བསྟེན་པར་བྱའོ་ཞེས་བྱ་བ་ནི་གྲུབ་པའི་མཐའ་ཡིན་ནོ། །ཞེས་མི་རྟོག་ཡེ་ཤེས་ཀྱི་རྒྱུར་མི་རྟོག་པ་རིགས་མཐུན་དགོས་ན་བྱིས་པ་ལ་དེ་མེད་པའི་གནོད་པ་བརྗོད་ཅིང་བསམ་བྱུང་གི་ སོ་སོར་རྟོག་པའི་ཤེས་རབ་གོམས་པ་ལས་མི་རྟོག་ཡེ་ཤེས་སྐྱེ་བར་ཆོས་ཀྱི་གྲགས་པས་བསྒྲུབས་པ་ཡང་དྲངས་ནས་ཤཱནྟི་པས་བཤད་དོ། །མན་ངག་སྙེ་མ་ལས་ཀྱང་སོ་སོར་རྟོག་པ་རྟོག་པ་ཡིན་ཀྱང་མི་རྟོག་ཡེ་ཤེས་ཀྱི་རྗེས་སུ་མཐུན་པར་བཤད་ དེ། རྗེས་སུ་མཐུན་པ་ནི་དེའི་ཉེར་ལེན་གྱི་རྒྱུའོ། །བརྟག་གཉིས་ལས་ཀྱང༌། རྣམ་རྟོག་ལས་ནི་རྣམ་རྟོག་དང༌། །སྲིད་པ་ཉིད་ཀྱིས་སྲིད་པ་དག །ཅེས་གསུངས་ཏེ། དེའི་དོན་ནི། ཤཱནྟི་པས་ཡང་དག་པའི་དོན་ལ་སོ་སོར་རྟོག་པའི་རྣམ་རྟོག་ཉིད་སྒོམ་པའི་སྟོབས་ བསྐྱེད་པ་བརྒྱུད་པས་མི་རྟོག་ཡེ་ཤེས་སྐྱེད་པ་དང་དྲན་པ་ཉེར་གཞག་སོགས་འཇིག་རྟེན་པའི་ལམ་ཁོ་ནས་བྱང་ཆུབ་ཡན་ལག་སོགས་འཇིག་རྟེན་ལས་འདས་པའི་ལམ་སྐྱེད་པས། རྣམ་རྟོག་གིས་རྣམ་རྟོག་དང་སྲིད་པས་སྲིད་པ་ཟད་པར་ བྱེད་ཅེས་བཤད་ཅིང་། ནམ་སྙེ་ལས་ཀྱང་དེ་ལྟར་བཤད་དོ། །སོ་སོར་རྟོག་པ་གོམས་པ་ལས་མི་རྟོག་པ་སྐྱེད་པ་ནི། འོད་སྲུངས་ཀྱིས་ཞུས་པ་ལས་ཀྱང་ཤིང་གཉིས་དྲག་ཏུ་དྲུད་པ་ན་མེ་འབྱུང་བས་ཤིང་དེ་ཉིད་སྲེག་པའི་དཔེས་གསལ་བར་གསུངས་ སོ། །ཡང་མན་སྙེ་ལས། གང་ཤེས་རབ་ཀྱི་མིག་གིས་ངེས་པར་དཔྱད་པ་ལས་ཡང་དག་པའི་ཡེ་ཤེས་ཀྱི་སྣང་བ་སྐྱེས་པ་ན་ཆོས་རྣམས་ཐམས་ཅད་མ་མཐོང་བའོ། །དེའི་ཕྱིར་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པ་སྤྱོད་ལམ་ཐམས་ཅད་ལ་གནས་ 3-2-428b པ་རྣམས་ཀྱིས་ཆོས་རྣམས་ཐམས་ཅད་མཐོང་ཡང་མཐོང་བ་མེད་པའོ། །འདི་འདྲ་བ་ཁོ་ན་མཐོང་བ་མེད་པར་མངོན་པར་དགོངས་ཀྱི་གཉིད་ལོག་པ་དང་མིག་བཙུམ་པ་དག་གིས་བཞིན་དུ་གང་ཡིད་ལ་མི་བྱེད་པས་ནི་མ་ཡིན་ནོ། །ཐེ་ཚོམ་གྱི་ས་བོན་དང་བྲལ་བ་ ཁོ་ན་ལས་གཟུགས་ལ་སོགས་པར་མངོན་པར་ཞེན་པ་བསལ་བར་བྱ་ཡི། ཚེར་མ་འདོན་པར་བྱ་བ་བཞིན་དུ་ནི་མ་ཡིན་ནོ་ཞེས་པ་ངེས་པའོ། །ཞེས་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་ནས་སྤྲོས་པའི་ཆོས་ཅི་ཡང་མ་རྙེད་པའི་དོན་ལ་འཇོག་པ་དགོས་ ཀྱི། ཡིད་བྱེད་བསྡུས་པའི་མི་རྟོག་པ་ཙམ་དེ་ཁོ་ན་ཉིད་སྒོམ་པ་མིན་པ་དང༌། བློའི་སྐྱོན་ལྡོག་པ་ནི། ཕྱིའི་ཚེར་མ་འདོན་པ་བཞིན་བྱར་མེད་ཀྱི་འཛིན་སྟངས་ཀྱི་བཟློག་ཕྱོགས་བཟུངས་པས་སྒྲོ་འདོགས་དང་ཐེ་ཚོམ་ལྡོག་དགོས་པར་བཤད་དོ། །སྒོམ་རིམ་དུ་ཀ་མ་ ལ་ཤཱི་ལས་གསུངས་པ་དེ་དང་ཁྱད་མེད་དོ། །དེས་ན་སྔགས་ཀྱི་གདུལ་བྱ་དང་ཕར་ཕྱིན་གྱི་ཐེག་པའི་གདུལ་བྱ་ལ་འཁོར་བར་འཆིང་བའི་རྒྱུ་སོ་སོ་བ་མེད་ལ། འཆིང་བྱེད་ཀྱི་གཙོ་བོ་བདག་འཛིན་ཡང་བཟློག་ཕྱོགས་བདག་མེད་བཟུངས་པའི་སྒོ་ནས་ལྡོག་ དགོས་ཏེ། རིགས་པའི་རྒྱལ་པོས། འདི་ཡུལ་སུན་ཕྱུང་མེད་པར་ནི། །དེ་སྤོང་བར་ནི་ནུས་མ་ཡིན། །ཡོན་ཏན་སྐྱོན་དང་རྗེས་འབྲེལ་བའི། །འདོད་དང་སྡང་སོགས་སྤོང་བ་ནི། །དེ་དག་ཡུལ་ལ་མ་མཐོང་བས། །ཡིན་གྱི་ཕྱི་ཚུལ་དག་གིས་མིན། །ཞེས་དང་། འཕགས་པ་ལྷས། ཡུལ་ལ་བདག་མེད་མཐོང་ན་ནི། །སྲིད་པའི་ས་བོན་འགག་པར་འགྱུར། །ཞེས་གསུངས་སོ། །འོ་ན་ཁ་སྦྱོར་ལས། སྟོང་པ་བསྒོམ་པར་མི་བྱ་སྟེ། །སྟོང་མིན་བསྒོམ་པར་མི་བྱའོ། །སྟོང་པ་མི་སྤང་རྣལ་འབྱོར་པས། །སྟོང་མིན་ 3-2-429a ཡོངས་སུ་མི་སྤང་ངོ༌། །སྟོང་དང་སྟོང་མིན་བཟུངས་པ་ལ། །རྟོག་པ་ཉུང་མིན་སྐྱེ་བར་འགྱུར། །ཞེས་དང༌། བྱང་ཆུབ་སེམས་འགྲེལ་ལས། སྐྱེ་མེད་དང་ནི་སྟོང་ཉིད་དང༌། །བདག་ཅེས་བྱ་བར་སྟོང་པ་ཉིད། །བདག་ཉིད་ དམན་པར་གང་སྒོམ་པ། །དེ་དེ་སྒོམ་པར་བྱེད་པ་མིན། །ཞེས་སྟོང་མི་སྟོང་གང་དུ་ཡང་མི་འཛིན་པར་གསུངས་པ་ཇི་ལྟར་ཡིན་སྙམ་ན། སྐྱོན་མེད་དེ་ལུང་སྔ་མ་ནི། ཀུན་རྫོབ་ཏུ་ཡང་མ་གྲུབ་པའི་ཆད་སྟོང་དང་དོན་དམ་པར་མི་སྟོང་པའི་རྟག་ པ་གཉིས་སྒོམ་པ་བཀག་པ་ཡིན་གྱི་རང་བཞིན་མེད་པའི་སྟོང་ཉིད་དུ་ཡང་གཟུང་དུ་མི་རུང་བར་སྟོན་པ་མིན་ཏེ། ལུང་དེའི་གོང་ཉིད་དུ། ཆོས་དབྱིངས་ཤིན་ཏུ་མཉམ་པ་ཉིད། །ཆུ་ཤིང་ལྟ་བུར་ཡོངས་སུ་གཟུང༌། །ཞེས་སྙིང་པོའམ་རང་བཞིན་ མེད་པ་ཉིད་དུ་གཟུང་བར་གསུངས་པའི་ཕྱིར་དང་། དེའི་འགྲེལ་པ་ལས་ཀྱང༌། ཆུ་ཤིང་ལྟ་བུར་ཞེས་པ་མ་རིག་པས་སྒྲོ་བཏགས་པའི་དོན་དམ་པར་ཡོད་པའི་རང་བཞིན་མེད་པའི་ཕྱིར་སྙིང་པོ་མེད་པ་ཉིད་དུ་རྟོགས་ཀྱི་ཀུན་རྫོབ་ཏུ་ཡང་མེད་ པར་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན་གང་གི་ཕྱིར་ཆོས་ཀྱི་དབྱིངས་དང་རང་བཞིན་མེད་པ་ཉིད་དུ་མཉམ་ཞིང་མཚུངས་པའི་རང་གི་ངོ་བོ་ཅན་གཟུགས་ལ་སོགས་པ་རྣམས་ཏེ། དེ་རྣམས་ཀྱི་མཚན་ཉིད་ཐ་དད་པ་དངོས་པོ་བ་ནི་མ་ཡིན་ནོ། ། མི་མཉམ་པ་རྣམས་ཀྱང་སྟེ། ཀུན་རྫོབ་ཏུ་སོ་སོར་ཐ་དད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཆད་པ་དང་རྟག་པའི་རང་གི་ངོ་བོ་དག་དང་མི་ལྡན་པའི་ཕྱིར་སྟོང་པ་དང་མི་སྟོང་པར་སྒོམ་པ་བཀག་སྟེ། ཞེས་བཤད་པའི་ཕྱིར་རོ། །ཀུན་རྫོབ་ཏུ་ 3-2-429b མེད་པ་དང་དོན་དམ་དུ་ཡོད་པའི་རྟག་ཆད་གཉིས་བསྒོམ་བྱ་ཡིན་པ་བཀག་པ་ན་དོན་དམ་པར་རང་བཞིན་མེད་པའི་སྟོང་པ་དང༌། དེ་ཉིད་ཐ་སྙད་དུ་གཟུགས་ལ་སོགས་པར་ཡོད་པའི་མི་སྟོང་པ་གཉིས་མི་སྤོང་བ་ཡིན་ཏེ། མན་སྙེ་ལས། དོན་དམ་ པར་རང་བཞིན་མེད་པ་དེ་ཉིད་ཁོ་ན་ཀུན་རྫོབ་ཏུ་ཡོད་པའི་གཟུགས་ལ་སོགས་པའི་རང་བཞིན་ཞེས་པས་སྟོང་པ་དང་མི་སྟོང་པའི་རང་གི་ངོ་བོ་སྤོང་བ་རིགས་པ་མ་ཡིན་ནོ། །ཞེས་བཤད་དེ་རྣམ་རྟོག་མང་པོ་སྐྱེ་བར་འགྱུར་བའི་སྟོང་པ་དང་སྟོང་ མིན་དུ་བཟུངས་པ་ནི། རྟག་ཆད་ཀྱི་མཐར་འཛིན་པའི་རྣམ་རྟོག་ཡིན་པས་རྣམ་རྟོག་གང་ཡིན་ཐམས་ཅད་ལ་བྱེད་པ་མིན་ནོ། །དེ་ལྟ་མ་ཡིན་པར་སྟོང་པ་མི་སྒོམ་ཞེས་པའི་ཚིག་ཙམ་ལ་བརྟེན་ནས་སྨྲ་ན་ནི། རྒྱུད་དེ་དང་རྒྱུད་གཞན་དུ་སྟོང་ཉིད་སྒོམ་ པ་དུ་མ་ཞིག་གསུངས་པ་དང་འགལ་བར་འགྱུར་ལ། རྫོགས་རིམ་གྱི་མཐོན་པོའི་སྐབས་སུ་ཡང་བསམ་གཏན་གཉིས་ཀྱི་སྒོ་ནས་རྟོག་པའི་སྤྲོ་བསྡུ་དུ་མ་ཞིག་བྱས་ནས་འོད་གསལ་དུ་འཇུག་པར་མགོན་པོ་ཀླུ་སྒྲུབ་སོགས་དུ་མས་གསུངས་པ་དང་ཡང་འགལ་ བར་འགྱུར་ཏེ། ཁྱེད་ལྟར་ན་སོ་སོར་རྟོག་པའི་སྒོམ་ཐམས་ཅད་འོད་གསལ་མངོན་དུ་བྱེད་པའི་གེགས་ཡིན་པའི་ཕྱིར་རོ། །ལུང་གཉིས་པའི་དོན་ནི། འཇིག་རྟེན་ལས་འདས་པར་བསྟོད་པ་ལས། ཀུན་རྟོག་ཐམས་ཅད་བསལ་བའི་ཕྱིར། །སྟོང་ ཉིད་བདུད་རྩི་སྟོན་མཛད་ན། །གང་ཞིག་དེ་ལ་ཞེན་གྱུར་པ། །དེ་ཉིད་ཁྱོད་ཀྱིས་ཤིན་ཏུ་སྨད། །ཅེས་གསུངས་པ་ལྟར་སྟོང་ཉིད་བདག་མེད་པའི་དོན་ལ་བདེན་པར་འཛིན་ན་མི་རུང་བར་སྟོན་པ་ཡིན་གྱི། རང་བཞིན་མེད་དོ་སྙམ་དུ་ཡང་གཟུང་དུ་ 3-2-430a མི་རུང་བར་སྟོན་པ་གཏན་མིན་ཏེ། རང་བཞིན་མེད་པར་གཟུང་དུ་མི་རུང་ན་ཆོས་རྣམས་རང་བཞིན་མེད་པ་ཡིན་པ་དགག་དགོས་ལ། དེ་བཀག་ན་རང་བཞིན་གྱིས་གྲུབ་པར་འགྱུར་བར་རྩོད་ཟློག་ལས། རང་བཞིན་ མེད་པ་ཉིད་ལོག་ན། །རང་བཞིན་ཉིད་དུ་གྲུབ་པར་འགྱུར། །ཞེས་གསུངས་པས་སོ། །མདོར་ན་རང་བཞིན་མེད་པར་འཛིན་པ་དོན་དམ་པར་འགོག་ན་ནི། དེ་མི་འདོད་པས་འགོག་པ་དོན་མེད་ལ་ཐ་སྙད་དུ་ཡང་རང་བཞིན་མེད་པ་དང་བདག་མེད་པ་ བློས་ངེས་སུ་མི་རུང་བས་དེ་དག་ཏུ་མི་འཛིན་ནོ་ཞེས་སྨྲ་ན་ནི། དེ་ཁོ་ན་ཉིད་རྟོགས་པ་མི་སྲིད་པར་འདོད་དགོས་པས་ཐར་པ་དང་ཐམས་ཅད་མཁྱེན་པ་ཐམས་ཅད་ལ་སྐུར་པ་གདབ་དགོས་སོ། །དེ་འདྲ་བའི་ལོག་རྟོག་ནི། དབུ་མའི་རྟགས་ཀྱི་དགག་བྱ་ཇི་ལྟར་ ཡིན་མ་ཕྱེད་པས་རྟོག་པའི་འཛིན་སྟངས་ཐམས་ཅད་བདེན་འཛིན་དུ་འདོད་པའི་ལུགས་ཡིན་ལ། དེ་དགག་པ་ནི་རྒྱས་པར་གཞན་དུ་བརྗོད་ཟིན་ཏོ། །དེས་ན་ཤེས་རབ་ཅན་གྱིས་ནི། རྡོ་རྗེ་ཐེག་པར་ཡང་ཐོས་བསམ་གྱིས་བདག་མེད་པ་གཉིས་ཀྱི་ལྟ་ བ་དབུ་མའི་གཞུང་བཞིན་དུ་བཙལ་ལ། མ་ནོར་བའི་ལྟ་བ་རྙེད་ནས་ཀྱང་རང་བཞིན་མེད་པའི་དོན་ངེས་པའི་ངེས་ཤེས་ཀྱི་རྒྱུན་བསྐྱང་བར་བྱ་སྟེ། ངེས་ཤེས་དང་སྒྲོ་འདོགས་གཉིས་གནོད་བྱ་གནོད་བྱེད་དུ་འགྲོའི་བདག་མེད་པར་ཡང་མི་འཛིན་ པ་ནི། བདག་མེད་ལ་བློ་ཁ་མ་ཕྱོགས་པས་བདག་འཛིན་ལ་ཅི་ཡང་མི་གནོད་པའི་ཕྱིར་རོ། །དེ་ལ་དགོངས་ནས། མི་གཡོ་བའི་རྟོག་པ་ལས། བྱང་ཆུབ་སེམས་ནི་བརྟན་བྱས་ནས། །སྔགས་ཀྱི་དངོས་གྲུབ་གསུངས་པ་སྟེ། །གཞན་དུ་སྔགས་ 3-2-430b གྲུབ་ཆོ་ག་ཡི། །བྱ་བ་ཐམས་ཅད་འབྲས་བུ་མེད། །དངོས་པོ་ཐམས་ཅད་མདོར་བསྡུས་པས། །རང་བཞིན་མེད་ཉིད་བསམས་པ་ལས། །བྱང་ཆུབ་སེམས་ནི་ངེས་པར་འཐོབ། །གཞན་དུ་འབའ་ཞིག་འགྱུར་བ་མིན། །ཞེས་གསུངས་ཏེ། འདི་མན་སྙེར་དྲངས་སོ། ། གསུམ་པ་ནི། སྤྱོད་པ་ནི། འདོད་པའི་ཡོན་ཏན་ལ་རང་བཞིན་ཡོངས་སུ་ཤེས་པའི་སྒོ་ནས་ཐབས་མཁས་ཀྱིས་སྤྱོད་པ་ཡིན་ལ། དེ་ཙམ་ཞིག་ནི་སྔགས་པ་ལས་དང་པོ་པ་ནས་ཀྱང་ཡོད་མོད་ཀྱང་། འདིར་ནི་རིམ་གཉིས་ལ་བོགས་འབྱིན་པའི་ཁྱད་པར་ ཅན་གྱི་སྤྱོད་པ་སྟེ་སྤྲོས་བཅས་དང་སྤྲོས་མེད་དང་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་གསུམ་ཡིན་ནོ། །འདི་གསུམ་ནི། རིམ་པ་དང་པོ་བརྟན་པའི་མཐར་ཡང་བྱེད་པ་ཡོད་དེ་སྒྲོན་གསལ་ལས། སྒྲུབ་པ་མཆོག་དང་ཐ་མལ་པ་ལ་གནས་ཤིང་སྤྲོས་པ་དང་ བཅས་པ་ལ་སོགས་པའི་སྤྱོད་པ་གསུམ་ལ་གོམས་པ་ཉམས་འོག་ཏུ་ཆུད་པའི་རྣལ་འབྱོར་པས། ཞེས་གསུངས་པའི་ཕྱིར་རོ། །དེ་ནི་ཐུན་མོང་གི་དངོས་གྲུབ་ཆེན་པོ་རྣམས་སྒྲུབ་ན་རིམ་པ་དང་པོའི་སྐབས་སུ་བྱེད་པ་ཡིན་པར་བླ་མ་རྣམས་ གསུང་ངོ༌། །མཆོག་སྒྲུབ་པས་ནི། རྫོགས་རིམ་གྱི་སྐབས་སུ་བྱེད་ལ་དེ་ཡང་སེམས་དབེན་ཐོབ་ནས་བྱེད་པ་དང་སྒྱུ་ལུས་ཐོབ་ནས་བྱེད་པ་དང་སློབ་པའི་ཟུང་འཇུག་ཐོབ་ནས་བྱེད་པ་སྟེ་སྐབས་གསུམ་དུ་འདོད་པའི་ལུགས་ཡོད་དོ། །དེ་ལ་སྤྲོས་ བཅས་ནི། གནས་ཁྱད་པར་ཅན་དུ་རིག་མ་ཉི་ཤུ་དང་ལྷན་ཅིག་ཏུ་ལག་པའི་ཕྱག་རྒྱ་དང་གླུའི་མཆོད་པ་དང་གར་ལ་སོགས་པའི་སྦྱོར་བས་ཉིན་དང་མཚན་དུ་རོལ་ནས་ཕྱག་རྒྱ་ཆེན་པོའི་གོ་འཕང་སྒྲུབ་པ་སྟེ། རྒྱལ་པོ་ཨིནྟྲ་བྷཱུ་ཏིས་འདི་ལ་བརྟེན་ 3-2-431a ནས་ཕྱག་རྒྱ་ཆེན་པོ་གྲུབ་པར་སྤྱོད་བསྡུས་ལས་གསུངས་སོ། །སྤྲོས་པ་མེད་པ་ནི། རིག་མ་ལྔའམ་ཡང་ན་གཅིག་དང་ཡང་རུང་སྟེ། དེ་དག་ལ་བརྟེན་ནས་འདོད་ཡོན་ལམ་དུ་བྱས་པས་ཕྱག་རྒྱ་ཆེན་པོའི་དངོས་ གྲུབ་སྒྲུབ་པའོ། །ཤིན་ཏུ་སྤྲོས་པ་མེད་པ་ནི། སྙིང་གར་གནས་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་དང་ལྷན་ཅིག་སྙོམས་པར་ཞུགས་ནས་ཕྱག་རྒྱ་ཆེན་པོའི་གོ་འཕང་རྫོགས་པར་བྱེད་པའོ། །དེ་གསུམ་ནི། ཤེས་རབ་དང་ཡོ་བྱད་དང་ན་ཚོད་ཀྱི་སྒོ་ནས་ བྱེད་དེ་ཟླ་བ་དྲུག་ལ་སོགས་པར་རྒྱུན་མ་ཆད་དུ་སྤྱོད་པ་སྤྱད་པས་དབང་ཕྱུག་གི་ཡོན་ཏན་སྔོན་དུ་གྲུབ་ནས་དེ་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འགྲུབ་པ་ཡིན་ཏེ། སྤྱོད་བསྡུས་ལས། དེ་ལྟར་ཆུང་ངུ་དང་འབྲིང་དང་ཆེན་པོའི་དབྱེ་བ་དང་ན་ ཚོད་དང་རྗེས་སུ་མཐུན་པར་སྤྱོད་པ་རྣམ་པ་གསུམ་ཟླ་བ་ཕྱེད་དམ་ཟླ་བ་གཅིག་གམ་ཟླ་བ་དྲུག་བསླབས་པར་གྱུར་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པའི་མཚན་མ་ཉེ་བར་འབྱུང་བར་འགྱུར་ཏེ། དེ་ལ་མཚན་མ་ནི་འདི་དག་ཡིན་ ནོ། །གཟུགས་ཕྲ་བ་དང་རེག་པ་ཡང་བ་དང་ཁྱབ་པ་དང་ཡང་དག་པར་ཐོབ་པ་ཉིད་དང་རབ་ཏུ་སྣང་བ་ཉིད་དང་བརྟན་པ་དང་དབང་དུ་གྱུར་པ་དང་འདོད་དགུར་སྒྱུར་བ་ཞེས་བྱའོ། །ཞེས་གསུངས་སོ། །ཚེ་འདི་ལ་མཆོག་སྒྲུབ་ན་ནི། གདོན་མི་ཟ་ བར་འདི་གསུམ་གང་རུང་གིས་ལམ་ལ་བོགས་བཏོན་ནས་བྱ་དགོས་པར་གསུངས་ཏེ། རྒྱས་པར་སྤྱོད་བསྡུས་ལས་ཤེས་པར་བྱའོ། །བཞི་པ་ནི། དེ་ལྟར་རྣལ་འབྱོར་བླ་མེད་ཀྱི་ལམ་ཐམས་ཅད་གདུལ་བྱས་འབྲས་བུ་འགྲུབ་པའི་ 3-2-431b རིམ་པ་དང་བསྟུན་ན་གསུམ་དུ་འདུ་སྟེ། མཆོག་ཚེ་འདི་ལ་འཆང་རྒྱ་བ་དང༌། འབྲིང་གཞན་ལ་བར་དོ་འགྲུབ་པའི་དུས་སུ་འཚང་རྒྱ་བ་དང༌། ཐ་མ་སྐྱེ་བ་བརྒྱུད་ནས་འཚང་རྒྱ་བའི་ལམ་མོ། །དེ་ལ་ལམ་ཐུན་མོང་བ་ལ་སྦྱངས་པ་དང་དབང་ རྣམ་པར་དག་པ་བསྐུར་ཞིང་དམ་ཚིག་སྲུང་བ་ནི་ཐམས་ཅད་ལ་འདྲའོ། །ཁྱད་པར་ནི། དང་པོས་རིམ་གཉིས་སྤྱོད་པ་དང་བཅས་པ་ལ་སློབ་ནུས་པ་ཡིན་ལ། དེ་ཡང་སྒྱུ་ལུས་ཐོབ་ན་ཚེ་དེ་ལ་འཚང་རྒྱ་བར་ངེས་ཏེ། རིམ་ལྔ་ལས། བདག་ལ་བྱིན་ གྱིས་བརླབ་པའི་རིམ། །གང་གིས་རྙེད་པར་མ་གྱུར་པ། །མདོ་སྡེ་རྒྱུད་དང་རྟོག་པ་ལ། །དེ་ཡི་ངལ་བ་དོན་མེད་འགྱུར། །བདག་ལ་བྱིན་བརླབ་རིམ་ཐོབ་པའི། །གཙོ་བོ་སངས་རྒྱས་ཀུན་བདག་ཉིད། །ཚེ་འདི་ཉིད་དུ་སངས་རྒྱས་ནི། །ཐེ་ཚོམ་ མེད་པར་ཐོབ་པར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ནི། བསྐྱེད་རིམ་མཐར་ཕྱིན་ཅིང་རྫོགས་རིམ་སེམས་དབེན་གྱི་བར་ཐོབ་པ་ཅིག་གིས་ཚེ་དེ་ལ་སྤྱོད་པ་གསུམ་གང་རུང་བྱེད་རྒྱུ་མ་བྱུང་ན་འཆི་བའི་དུས་སུ་འཆི་བ་འོད་གསལ་ དོན་དམ་པའི་བདེན་པ་མངོན་དུ་བྱ་ལ། ཤི་བའི་མཐར་སྒྱུ་མའི་སྐུར་ལྡང་བར་བྱའོ་སྙམ་པའི་འཕེན་པ་བཏང་ནས་ཤི་ན། འཆི་བའི་རིམ་པ་རྣམས་འོད་གསལ་དུ་འཇུག་པའི་རིམ་པར་བྱས་ནས་འཆི་བ་འོད་གསལ་དུ་འཆར་བར་འགྱུར་ལ། དེའི་ མཐུས་གཞན་ལ་བར་དོ་འགྲུབ་པའི་ཚེ་བར་དོའི་དོད་ལ་སྒྱུ་ལུས་འགྲུབ་པར་འགྱུར་ཏེ། སྤྱོད་བསྡུས་ལས། གལ་ཏེ་སྒྲུབ་པ་པོ་བདེན་པ་མཐོང་ཡང་སྔོན་གྱི་བག་ཆགས་ལ་གོམས་པའི་སྟོབས་ཀྱིས་ཞིང་ལས་དང་ཚོང་དང་བསྙེན་བཀུར་བ་ལ་སོགས་ 3-2-432a པས་གཡེངས་པས་སྤྱོད་པ་རྣམ་པ་གསུམ་སྤྱོད་པར་མི་བྱེད་པ་དང༌། སྒྲུབ་པ་པོ་གཞན་དག་འབྱོར་པ་མ་ཚང་བ་རྒྱུད་ལས་ཇི་སྐད་གསུངས་པའི་ཆོ་ག་རྫོགས་པར་བྱེད་མི་ནུས་པའི་ཕྱིར་མི་སྤྱོད་པ་དེ་དག་ནི། འཆི་ བའི་དུས་བྱས་ན་ཡང་སྲིད་པ་གཞན་དུ་འགྲོ་བར་འགྱུར་རམ་ཡང་ན་རྡོ་རྗེ་འཆང་བ་ཉིད་ཐོབ་པར་འགྱུར། ཞེས་དྲིས་པའི་ལན་དུ། རྫོགས་པའི་རིམ་པ་རྟོགས་པར་གྱུར་པས་ཀྱང་ཐམས་ཅད་བྱས་ནས་འཇིག་རྟེན་དུ་མྱ་ངན་ལས་འདའ་བར་ འགྱུར་བ་འདི་ལ་སོམ་ཉི་མི་བྱའོ། །དེ་བས་ན་དེ་ཁོ་ན་ཉིད་ཤེས་པ་ནི། རྐྱེན་མ་ཚང་བས་ཇི་སྐད་དུ་བཤད་པའི་སྤྱོད་པ་གལ་ཏེ་མ་སྤྱད་དུ་ཟིན་ཀྱང་ལྟ་བ་ཐམས་ཅད་རྣམ་པར་སྤངས་ནས། འཆི་བར་འགྱུར་བ་ནི། དོན་དམ་པའི་བདེན་པ་ ཡིན་ལ། སྐྱེ་བ་ནི་ཀུན་རྫོབ་ཀྱི་བདེན་པའོ། །ཞེས་ཡང་དག་པར་མངོན་པར་རྟོགས་ནས་བརྒྱ་ལམ་ན་འོད་གསལ་བར་ཞུགས་ནས་ཐ་མལ་པའི་ཕུང་པོ་བོར་ནས་བདག་ལ་བྱིན་གྱིས་བརླབ་པའི་རིམ་གྱིས་ལྡང་བར་བྱའོ་ཞེས་བརྟན་ པའི་སེམས་བསྐྱེད་དེ། དེ་ཡིད་ལ་བྱེད་པས་གནས་པར་བྱེད་ན་དེ་སྐྱེ་བ་གཞན་དུ་ཡིད་ལ་བྱེད་པ་དེ་དོར་བར་མི་འགྱུར་རོ། །དེ་བས་ན་ཐམས་ཅད་མཁྱེན་པར་འགྱུར་རོ། །ཞེས་གསུངས་སོ། །སྒྱུ་ལུས་ཐོབ་ན་ཚེ་དེ་ལ་ངེས་པར་ འཚང་རྒྱ་བར་གསུངས་པས་འདིས་སྒྱུ་ལུས་མ་ཐོབ་ལ་འོད་གསལ་མངོན་སུམ་དུ་རྟོགས་ན། རྒྱུད་བླ་མ་ལས། འཕགས་པས་འཆི་དང་རྒ་བ་དང༌། །ན་བའི་སྡུག་བསྔལ་རྩད་ནས་སྤངས། །ལས་དང་ཉོན་མོངས་དབང་གིས་སྐྱེ། །དེ་ལ་ 3-2-432b དེ་མེད་ཕྱིར་དེ་མེད། །ཅེས་ཐེག་ཆེན་འཕགས་པ་རྣམས་ཀྱིས་ལས་ཀྱིས་དབང་གིས་འཆི་བ་སྤངས་པར་གསུངས་པ་དང༌། བྱང་སར་ས་ཐོབ་ནས་ཡོ་བྱད་ཀྱིས་ཕོངས་པ་མི་སྲིད་པར་གསུངས་ལ། འདིར་ལས་དབང་གིས་འཆི་བ་མ་སྤངས་ཤིང་ཡོ་བྱད་མ་ ཚང་བས་དེ་ལྟར་བྱེད་པར་གསུངས་པས་སྒྱུ་ལུས་མ་ཐོབ་པའི་སོ་སོ་སྐྱེ་བོ་ཡིན་ནོ། །འདིས་ཤི་བའི་འོག་ཏུ་སྒྱུ་ལུས་ཐོབ་པ་དེ་དེ་ཐོབ་པའི་དང་པོ་ཡིན་ལ། འདི་པའི་འོད་གསལ་མངོན་སུམ་དུ་རྟོགས་པ་ལ་སྒྱུ་ལུས་ཐོབ་པ་སྔོན་དུ་འགྲོ་དགོས་པས་ འཆི་བའི་དུས་སུ་འོད་གསལ་མངོན་དུ་བྱས་པ་ཡང་མངོན་སུམ་དུ་རྟོགས་པའི་མངོན་དུ་བྱས་པ་མིན་ནོ། །ཤི་བའི་མཐར་བར་དོ་འགྲུབ་པའི་དོད་སྒྱུ་ལུས་འགྲུབ་པ་ཡིན་པས་རླུང་སེམས་ལས་གྲུབ་པའི་རྡོ་རྗེ་སེམས་དཔའི་རྣམ་པ་ཅན་གྱི་སྐུ་ཞིག་འགྲུབ་པ་ ཡིན་གྱི། བར་དོ་རང་དགའ་བ་ཞིག་གྲུབ་ནས་དེའི་རྟེན་ལ་སྒྱུ་ལུས་ད་གཟོད་སྒྲུབ་དགོས་པ་མིན་ནོ། །འདིས་སྒྱུ་མའི་ལུས་དེ་ཐོབ་ནས་ལམ་ལྷག་མ་སྦྱངས་ཏེ་རྟེན་དེ་ལ་སངས་རྒྱ་བ་ཡིན་ནོ། །ཞལ་ལུང་ལས་ཀྱང༌། ཚེ་འདི་ལ་འཚང་རྒྱ་བའི་ལམ་བཤད་ ནས། ད་ནི་རང་ཉིད་བྱིན་བརླབ་པའི། །རིམ་པ་འདི་ནི་རྣལ་འབྱོར་པ། །བྱ་བས་བསྐལ་བ་འགའ་ཞིག་ལ། །ཡང་དག་ཏུ་ནི་བཤད་པར་བྱ། །ཞེས་གསུངས་པའི་མཐར། བདག་སེམས་དབྱིངས་སུ་ཞུགས་པའི་ཚེ། །གསལ་ཞིང་རབ་དགའ་མཁའ་ འདྲ་རྟོགས། །དེ་ནས་རྫུ་འཕྲུལ་ཤུགས་ལྡན་པའི། །ལོ་ལྔ་ལོན་པའི་བྱིས་པའི་གཟུགས། །འགྲུབ་ཚེ་དཔེ་མེད་བདེ་རྫོགས་རྟོགས། །དེ་ལས་སྐྱེ་གནས་གཞན་དུ་ནི། །འཕེན་པར་བྱེད་ཚེ་སྤྲུལ་པའི་གཟུགས། །ཡང་དག་ཏུ་ནི་རབ་རྟོགས་ 3-2-433a འགྱུར། །ཞེས་གསུངས་པ་ཡང་སྤྱོད་བསྡུས་དང་འདྲ་བར་ཡོད་པས་དེའི་བར་དོ་འགྲུབ་པའི་དཔེ་མེད་བདེ་རྫོགས་ཏེ་ལོངས་སྐུ་འགྲུབ་པར་གསུངས་པ་ཡང་ལམ་དུས་ཀྱི་སྐུ་གསུམ་དང་སྦྱར་ཏེ་རིམ་ལྔ་ལས་སྒྱུ་ལུས་ལ་ ལོངས་སྐུར་བཤད་པའི་ཕྱིར་དང༌། དེར་མ་ཟད་རིམ་པ་དང་པོའི་སྐབས་སུ་ཡང་འགྲེལ་པས་འོད་གསལ་དུ་བསྡུས་པ་ཆོས་སྐུ་དང་དང་པོའི་མགོན་པོ་ལ་ལོངས་སྐུ་སོགས་སུ་གསུངས་པའི་ཕྱིར་རོ། །དེས་ན་མཐའི་སྐུ་གསུམ་མིན་ནོ། །ཞལ་ ལུང་ལས་འཕོ་བས་དེ་ལྟར་འགྱུར་བར་གསུངས་ཀྱང་འཕོ་བས་དེ་ལྟར་འགྲུབ་མི་འགྲུབ་གཉིས་གསུངས་པས་འགྲུབ་པ་ནི། ལོ་ལྔ་ལོན་པའི་བྱིས་པའི་གཟུགས། །འགྲུབ་ཚེ། ཞེས་གསུངས་པས་བར་དོ་འགྲུབ་པའི་ས་ཚིགས་དེར་སྒྱུ་མའི་ ལྷ་སྐུར་ལྡང་ནུས་པ་ཡིན་གྱི། བར་དོ་གྲུབ་ནས་དེ་ནས་སྒྱུ་ལུས་འགྲུབ་པ་མིན་ནོ། །དེས་ན་སྤྱོད་བསྡུས་སུ་གསུངས་པ་ལྟར་གྱི་རྟོགས་པ་ཚེ་འདིར་ཐོབ་པ་དགོས་ཤིང་དེ་གྲུབ་ན་ལམ་ལྷག་མ་བགྲོད་པ་ཡང་སྔར་བཤད་པ་བཞིན་ནོ། །གལ་ ཏེ་དེ་འདྲ་བའི་སྐུ་གསུམ་མ་གྲུབ་ན་རིག་འཛིན་གྱི་གཙོ་བོར་སྐྱེས་ནས་རིམ་གྱིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འགྲུབ་པར་གསུངས་ཏེ། ཞལ་ལུང་ལས། གལ་ཏེ་སྐུ་གསུམ་མ་གྲུབ་ན། །རིག་པ་འཛིན་པའི་གཙོར་གྱུར་ཏེ། །རིམ་གྱིས་ཕྱག་རྒྱ་ ཆེན་པོ་འགྲུབ། །དེ་ལྟར་རྣམ་པ་གསུམ་གྱིས་ནི། །དངོས་གྲུབ་དེ་ནི་འགྲུབ་པར་བཤད། །ཅེས་ཚེ་འདི་དང་བར་དོ་དང་སྐྱེ་བ་བརྒྱུད་ནས་འཚང་རྒྱ་བ་གསུམ་བཤད་ལ་བར་དོར་འཚང་རྒྱ་བ་ནི། སྔར་བཤད་པ་བཞིན་དུ་ཐབས་དང་བྲལ་ན་བར་དོར་འོང་ 3-2-433b རྒྱུ་དེ་ཐབས་མཁས་པའི་མན་ངག་ཅན་ལ་རྡོ་རྗེ་སེམས་དཔའི་རྣམ་པ་ཅན་གྱི་ལྷ་སྐུར་ཤར་བ་གྲུབ་ནས་རྟེན་དེ་ལ་འཚང་རྒྱ་བ་ལ་བྱེད་དོ། །དེ་ལྟར་ན་ཚེ་འདིར་འཚང་རྒྱ་བ་དང་བར་དོར་འཚང་རྒྱ་བ་གཉིས་སྤྱོད་པ་བྱེད་པ་བྱུང་མ་བྱུང་གི་དབང་ གིས་འབྲས་བུ་ལ་ཉེ་རིང་བྱུང་བ་མ་གཏོགས་པ་ལམ་རྣམས་འདྲ་ལ། སྐྱེ་བ་བརྒྱུད་ནས་འཚང་རྒྱ་བ་ནི། དབང་ཐོབ་ནས་དམ་ཚིག་དང་སྡོམ་པ་སྲུང་བ་ཙམ་ཞིག་བྱས་ཀྱི་ལམ་ཆེར་མ་བསྒོམས་པ་དང་། བསྒོམས་ པ་ལའང་བསྐྱེད་རིམ་མན་ཆད་དང༌། སེམས་དབེན་གྱི་རྟོགས་པ་མ་ཐོབ་ཚུན་ཆད་ཀྱི་རྫོགས་རིམ་ཐོབ་པ་ཡོད་དེ་འདིས་མཚོན་ནས་གཞན་གྱི་ལམ་རྣམས་ལའང་ཤེས་པར་བྱའོ། །འཕོ་བ་ནི། ཚི་འདི་ལ་འཚང་རྒྱ་བའི་ལམ་མིན་གྱི། ཞལ་ལུང་ལས་བར་དོར་འཚང་རྒྱ་བ་དང་སྐྱེ་བ་བརྒྱུད་ནས་འཚང་རྒྱ་བ་གཉིས་ཀའི་ཐུན་མོང་གི་ལམ་དུ་གསུངས་སོ། །འཕགས་ལུགས་དང་ཡེ་ཤེས་ཞབས་ལུགས་ཀྱི་གཞུང་ནས་བར་དོ་ལོངས་སྐུའི་རྣམ་པ་ཅན་དུ་འཆར་བ་ལ་སྔར་ བཤད་པའི་ལམ་གྱིས་སྒྲུབ་པ་མ་གཏོགས་པ་གཞན་མ་གསུངས་ཤིང༌། ལོངས་སྐུའི་རྣམ་པ་ཅན་དུ་གྲུབ་པའི་རྟེན་དེས་ལམ་ལྷག་མ་བགྲོད་ཚུལ་གསལ་བར་མ་བཤད་ཀྱང་ཚེ་འདི་ལ་འཚང་རྒྱ་བའི་ལམ་གྱི་སྐབས་ནས་སྒྱུ་ ལུས་ཐོབ་ནས་འོད་གསལ་མངོན་དུ་བྱེད་ཚུལ་གྱི་གདམས་པ་བཤད་པ་རྣམས་ལ་བརྟེན་ནས་གོ་བར་ནུས་པ་ལ་དགོངས་སོ། །གཞན་ཡང་འཆི་བའི་དུས་སུ་འཆི་བའི་འོད་གསལ་ངོས་ཟིན་ནས་དེ་དང་བསྲེ་ནུས་པ་དང་བར་དོའི་ 3-2-434a དུས་སུ་བར་དོར་ངོ་ཤེས་ནས་དེར་བར་དོའི་གདམས་ངག་སྐྱོང་ནུས་པ་དང༌། སྐྱེ་བ་ལེན་པའི་དུས་སུ་ཕོ་མོ་སྦྱོར་བ་བྱེད་པ་ལ་ཆགས་སྡང་སྐྱེ་བ་བཀག་ནས་གནས་བཟང་པོར་སྐྱེ་ནུས་པའི་ཕྱིར་དུ་ད་ལྟ་སྟོང་ཉིད་ ཀྱི་ལྟ་བ་ཕུ་ཐག་ཆོད་པ་བསྐྱེད་ནས་ལམ་གྱི་འོད་གསལ་ལ་སྦྱོང་བ་དང༌། བསྐྱེད་རིམ་ལྷའི་སྐུ་ལ་དམིགས་པ་གསལ་ཤིང་བརྟན་པར་བྱས་ནས་སྒྱུ་མའི་གདམས་ངག་སྦྱོང་བ་དང༌། གྲོལ་ལམ་པས་གཏུམ་མོ་དང་ཆགས་ལམ་པས་ལས་རྒྱ་ལ་ བརྟེན་ནས་བདེ་སྟོང་གི་ཉམས་དང་མི་འབྲལ་བར་བྱེད་པ་རྗེ་མར་པའི་ཐུགས་ཀྱི་བཅུད་ཕྱུང་བའི་གདམས་པ་ཡིན་ཞེས་རྗེ་བཙུན་མིད་ལ་གསུང་ངོ༌། །ད་གཟོད་འཆི་བའི་འོད་གསལ་ངོས་ཟིན་པའི་དོན་དུ་ད་ལྟ་འཆི་རིམ་དང་ཤིན་ཏུ་མཐུན་པའི་ གཉིད་ཀྱི་འོད་གསལ་ལ་སྦྱོང་བ་ནི། ཐབས་ལ་མཁས་པ་ཡིན་པས་དེའི་ས་མཚམས་ཀྱི་གནད་ནི་སྣང་བ་རིམ་གྱིས་བསྡུས་ཏེ་ཇེ་ཕྲར་སོང་ནས་གཉིད་དུ་ཐིམ་གྱིས་སོང་སྟེ་དྲན་རྒྱུ་མེད་པའི་མི་རྟོག་པ་འཐུག་པོ་ཞིག་འབྱུང་བ་ནི་ཉེར་ཐོབ་ཡིན་ལ། དེ་ལ་དཔགས་ ནས་སྣང་མཆེད་གཉིས་ངོས་གཟུང་ངོ༌། །དེ་ནས་དྲན་མེད་ཀྱི་མི་རྟོག་པ་འཐུག་པོ་སངས་ཤིང་། རྨི་ལམ་གྱི་སྣང་བ་མ་ཤར་བའི་བར་སྐབས་སྤྲིན་མེད་པའི་མན་མཁའ་ལྟར་སྣང་བའི་དུས་དེ་གཉིད་ཀྱི་འོད་གསལ་གཞི་ཡིན་ཏེ། སྤྱོད་བསྡུས་ལས། དེ་ནས་སྐྱེ་བ་གཅིག་ནས་གཅིག་ཏུ་གོམས་པས་བདག་མེད་པའི་ཆོས་ལ་བསླབས་པས་རྣམ་པར་དག་པའི་སྦྱོར་བ་ཁོང་དུ་ཆུད་ནས་རང་བཞིན་གྱི་སྣང་བ་དང་གཅིག་ཏུ་འདྲེ་བར་བྱ་སྟེ། རིམ་པ་འདིས་དོན་དམ་པའི་བདེན་པ་ལ་དམིགས་པར་བྱའོ། །དེའི་རིམ་ 3-2-434b པ་ནི་འདི་ཡིན་ཏེ་ཕུང་པོ་ལ་སོགས་པ་ནི་ཁམས་ཕྲ་བ་ལ་གཞུག་གོ། ཁམས་ཕྲ་བ་ནི། ཡང་སེམས་ལ་གཞུག་གོ། སེམས་ནི། ཡང་སེམས་པ་ལ་གཞུག་གོ། སེམས་པ་ནི། ཡང་མ་རིག་པ་ལ་གཞུག་སྟེ་དེ་ལྟར་སྦྱར་ནས་གཉིད་ལོག་པར་བྱེད་དོ། ། དེ་ལ་དུས་འདིར་ནི། སེམས་དང་སེམས་པ་མ་རིག་པ་ལ་རབ་ཏུ་ཞུགས་པའི་སྐད་ཅིག་ལ་དྲན་པ་བརྗེད་པའོ། །ཕྱིས་ནི། བརྗེད་པ་ཡང་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ནི་འོད་གསལ་བའོ། །ཡང་གྲོལ་བ་ན་རླུང་གི་རང་བཞིན་རྙེད་དེ་གང་གི་ཚེ་རྨི་ལམ་གཞན་ དག་འབྱུང་བ་ན་ཇི་སྲིད་དུ་རྣམ་པར་ཤེས་པ་མི་གཡོ་བ་དེ་སྲིད་དུ་གཉིད་ལོག་ནས་འོད་གསལ་བ་ལ་བལྟ་སྟེ། དེ་ནི། སོ་སོར་རང་གིས་རིག་པ་ལུས་དང་ངག་དང་བྲལ་བའི་དོན་དམ་པའི་བདེན་པ་ནང་གི་མངོན་པར་བྱས་ཆུབ་པ་ཞེས་བྱའོ། །ཞེས་གསུངས་ཏེ། གཉིད་ཀྱི་འོད་གསལ་དངོས་གཞིའི་ས་ཚིགས་འདི་བཞིན་དུ་མ་ཤེས་ན་མི་ཕྱེད་པ་ཡིན་ཏེ། དྲན་མེད་དུ་སོང་བའི་མི་རྟོག་པ་འཐུག་པོ་བྱུང་བ་ལ་གཉིད་འཐུག་གི་འོད་གསལ་དུ་འདོད་པ་དང་རྨི་ལམ་གྱི་སྐབས་སུ་མི་རྟོག་པ་སྐྱོང་བའི་ཏིང་ངེ་འཛིན་ལ་ གཉིས་ཀྱི་འོད་གསལ་དུ་འདོད་པ་མང་པོ་སྣང་བའི་ཕྱིར་རོ། །འདི་རིམ་པ་དང་པོ་མཐར་ཕྱིན་པ་དང་དབེན་པ་གསུམ་ལ་སོགས་པའི་རྫོགས་རིམ་སྟོབས་ལྡན་གྲུབ་ནས་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་བྱེད་པའི་སྐབས་སུ་གསུངས་པ་ཡིན་མོད་ཀྱང་། དེ་ ཙམ་དུ་མ་སླེབས་པ་ལ་ཡང་དེ་དང་རྗེས་སུ་མཐུན་པ་སྐྱོང་དུ་རུང་ངོ༌། །གཉིད་ཀྱི་འོད་གསལ་དངོས་གཞི་དེ་ཡང་རླུང་གིས་མ་གཡོས་བར་དུ་འབྱུང་གི། རླུང་གིས་གཡོས་ནས་རྨི་ལམ་དུ་འགྲོ་བས་དེ་ཟིན་པའི་ཚེ་རྨི་ལམ་ལ་མི་འཆོར་བར་དེ་ཉིད་ལ་ 3-2-435a འཛིན་པའི་འཕེན་པ་དྲག་པོ་བཏང་ནས་སྐབས་དེ་ཉིད་དུ་སེམས་གཟུང་དགོས་པ་ནི། ཇི་སྲིད་དུ་ཞེས་སོགས་ཀྱི་དོན་ཏོ། །དེ་ཡང་དེའི་ཚེ་ལྟ་བ་དྲན་པར་བྱས་ནས་ལྟ་བའི་ངེས་པ་སྐྱོང་དགོས་ཀྱི། སྤྲིན་མེད་པའི་ནམ་མཁའ་འདྲ་བའི་ ཉམས་དེ་གཅིག་པུ་སྐྱོང་བ་མིན་ནོ། །དེ་ནས་ཏིང་ངེ་འཛིན་དེ་ལ་གནས་མི་ནུས་པར་ལྡང་དགོས་པའི་ཚེ་ནི་དེའི་མཐར་རྨི་ལམ་རང་དགའ་བར་མ་ཤོར་བར་བྱས་ནས་རྡོ་རྗེ་སེམས་དཔའི་སྐུར་ལྡང་བ་ལ་འབད་དགོས་ཏེ། རིམ་པ་དང་པོའི་སྐབས་སུ་སྟོང་པའི་ མཐར་ལྷ་སྐུར་ལྡང་བ་དུ་མ་ཞིག་འབྱུང་བ་དང་རྫོགས་རིམ་གྱི་སྐབས་སུ་ཡང་དེ་ལྟར་བཤད་པའི་གནད་ཀྱིས་སོ། །དེས་སྣང་བ་རིམ་གྱིས་བསྡུས་ནས་སྤྲིན་མེད་པའི་ནམ་མཁའ་བཞིན་དུ་སྣང་བ་ནི། འཆི་བ་དང་རྗེས་སུ་མཐུན་ལ་དེའི་ཕྱིར་དེ་ལས་ ལངས་པ་བར་དོ་དང་ཤིན་ཏུ་འདྲ་བས་འཆི་བ་ཆོས་སྐུར་འཁྱེར་ན་བར་དོ་ལོངས་སྐུར་ངེས་པར་འཁྱེར་དགོས་པའི་ཕྱིར་རོ། །འདི་གཉིད་ཀྱི་འོད་གསལ་འཛིན་པའི་གདམས་ངག་གཞན་ལ་མ་བརྟེན་ཀྱང་རྨི་ལམ་ཟིན་ན་བྱར་ཡོད་ལ། དེ་འདྲ་བའི་ འོད་གསལ་དང་རྨི་ལམ་གྱི་ལུས་སུ་ལྡང་ལུགས་ནི། འཆི་བའི་འོད་གསལ་དང་བར་དོ་དང་བསྲེ་བའི་གདམས་པའི་སྙིང་པོ་ཡིན་ཏེ། ཞིབ་ཏུ་བླ་མས་བཤད་པར་བྱའོ། །བཞི་པ་ནི། དེ་ལྟར་རིམ་གཉིས་སྤྱོད་པ་དང་བཅས་པ་ཉམས་སུ་བླངས་པའི་འབྲས་ བུ་ནི། རབ་སངས་རྒྱས་ཀྱི་གོ་འཕང་དང་འབྲིང་གྲུབ་པ་བརྒྱད་དང་ཐ་མ་ཞི་རྒྱས་དབང་དྲག་གི་འཕྲིན་ལས་འགྲུབ་པ་གསུམ་ཡིན་ཏེ། སྒྲོན་གསལ་ལས། དགོས་པ་ཡང་ནི་བཤད་བྱ་སྟེ། །ཞི་སོགས་བྱ་བའི་ཆོ་ག་དང༌། །དེ་བཞིན་གྲུབ་པ་བརྒྱད་དང་ 3-2-435b ནི། །སངས་རྒྱས་ཀྱང་ནི་མཆོག་ཡིན་ནོ། །ཞེས་སོ། །དེ་ལ་བསྐྱེད་རིམ་ཤིན་ཏུ་བརྟན་པས་དངོས་གྲུབ་དང་པོ་གཉིས་སྒྲུབ་པར་གསུངས་པ་ནི། དེ་དག་ཇི་ལྟ་བ་བཞིན་འགྲུབ་ནུས་པ་ལ་དགོངས་པས་ཇི་བཞིན་པ་སྒྲུབ་པ་ནུས་ཀྱང༌། ལས་དང་པོ་པའི་སྔགས་ པས་ཀྱང་བསྒྲུབས་ན་ཆ་མཐུན་འགྲུབ་པ་མང་དུ་ཡོད་ཅིང་། དམིགས་པ་དང་བཟླས་པ་དང་རྫས་ལ་བརྟེན་པ་དང་སྦྱིན་སྲེག་གིས་སྒྲུབ་པའི་སྒོ་མང་པོ་ཡོད་པས་ནུས་པ་དང་སྐབས་ཀྱི་དགོས་པ་དང་བསྟུན་ནས་བསྒྲུབ་པར་བྱའོ། །དཀྱིལ་འཁོར་གྱི་འཁོར་ལོ་ གཅིག་ལ་བཟླས་པ་དང་བསྒོམ་པ་ཚད་དུ་སོང་ན། དེ་ནས་ལྷའི་རྣལ་འབྱོར་དེ་ཉིད་ལ་སྒྱུར་ལུགས་རེ་བྱས་པས་ནད་དང་བགེགས་ཞི་བ་དང་ཚེ་དང་ཤེས་རབ་འཕེལ་བ་དང་བསྟན་པ་ལ་མི་དད་པ་ལ་སོགས་པ་དབང་དུ་བྱ་བ་དང༌། དྲག་པོ་མིན་པས་མི་འདུལ་བ་ རྣམས་མངོན་སྤྱོད་ཀྱིས་ཚར་གཅོད་པ་ལ་སོགས་པ་གང་ཡང་བྱས་པས་ཆོག་པས། ཚེ་སྒྲུབ་དང་བློ་འཕེལ་སོགས་ཀྱི་གདམས་པ་རྣམས་ཟུར་ནས་བཙལ་མི་དགོས་སོ། །མཆོག་འགྲུབ་ལུགས་ལ་སའི་རྣམ་གཞག་ནི། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། ཀུན་ཏུ་ འོད་དང་བདུད་རྩི་འོད་དང་ནམ་མཁའ་འོད་དང་རྡོ་རྗེའི་འོད་དང་རིན་ཆེན་འོད་དང་པདྨོ་འཆང་དང༌། ལས་ཀྱི་འོད་དང་དཔེ་མེད་པ་དང་དཔེ་དང་བྲལ་བ་དང་ཤེས་རབ་འོད་དང་ཐམས་ཅད་མཁྱེན་པ་དང་སོ་སོའི་བདག་ཉིད་རིག་པའི་ས་སྟེ་ས་བཅུ་གཉིས་སུ་བཤད་ལ། མངོན་བརྗོད་བླ་མ་ལས་རབ་དགའ་སོགས་བཅུའི་སྟེང་དུ། དཔེ་མེད་པ་དང་ཡེ་ཤེས་ལྡན། །རྡོ་རྗེའི་ས་སྟེ་བཅུ་གསུམ་པ། །ཞེས་ས་བཅུ་གསུམ་དུ་བཤད་དོ། །ས་བཅུ་གསུམ་ལ་འཇོག་ཚུལ་གཉིས་མན་སྙེར་བཤད་དེ། དེ་ལྟར་ན་ས་བཅུ་གཅིག་རྣམས་ཏེ་ 3-2-436a མོས་པས་སྤྱོད་པའི་ས་དང་ལྷན་ཅིག་བཅུ་གཉིས་དང་ལས་དང་པོ་པའི་ས་དང་ལྷན་ཅིག་བཅུ་གསུམ་རྣམས་སོ། །ཡང་ན་ཁྱད་པར་གྱི་ལམ་གྱི་ངོ་བོ་དཔེ་མེད་པའི་ས་དང་ལྷན་ཅིག་བཅུ་གཉིས་ཏེ། སངས་རྒྱས་ཀྱི་སའི་ བར་ཆད་མེད་པའི་ལམ་གྱི་བདག་ཉིད་ཡེ་ཤེས་ལྡན་པའི་ས་དང་ལྷན་ཅིག་བཅུ་གསུམ་མོ། །ཞེས་གསུངས་ཏེ། ཕྱི་མ་ནི་ས་བཅུ་པ་ལ་བཅུ་པ་ཙམ་དང་ཁྱད་པར་གྱི་ལམ་དང་རྒྱུན་མཐའི་ལམ་གསུམ་དུ་ཕྱེ་ནས་མངོན་བརྗོད་བླ་མའི་དགོངས་ པ་བཀྲལ་བའོ། །ཡོངས་སུ་གྲགས་པའི་བཅུ་གཅིག་གི་སྟེང་དུ་སོ་སོ་སྐྱེ་བོའི་ས་གཅིག་བསྣན་པ་ནི། ཀྱཻ་རྡོར་ལས། འདི་དག་ས་ནི་བཅུ་གཉིས་སོ། །ཞེས་པའི་དོན་དུ་ཤཱནྟི་པས་བཤད་པས། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ཀྱི་ས་བཅུ་གཉིས་ཀྱང་དེ་དང་འདྲའོ། ། དེ་བཞིན་དུ་བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས་སྔར་དྲངས་པ་ལྟར་ས་བཅུ་བཞིར་ཡང་བཤད་མོད་ཀྱང་ཡོངས་སུ་གྲགས་པའི་རབ་དགའ་སོགས་བཅུ་དང་སོ་སྐྱེའི་ས་ལ་དབྱེ་བསྡུ་བྱས་པ་ཡིན་གྱི། ཕར་ཕྱིན་གྱི་ཐེག་པ་ནས་བཤད་པའི་བཅུ་གཅིག་ཀུན་ཏུ་ འོད་ཀྱི་ས་ལས་ཁྱད་པར་དུ་འཕགས་པའི་ས་སྟོན་པ་མིན་ནོ། །ས་དེ་དག་རིམ་གྱིས་བགྲོད་ནས་འཚང་རྒྱ་ཚུལ་ལ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ནས་གཟུགས་ཁམས་སུ་ལྷའི་རྟེན་ལ་འཚང་རྒྱ་བ་དང་འདོད་ཁམས་སུ་མིའི་རྟེན་ལ་འཚང་རྒྱ་བའི་ ཚུལ་གཉིས་བཤད་ལ། ཉན་ཐོས་སྡེ་པ་དག་སྔ་མ་མི་འདོད་ཅིང་ཕྱི་མ་ལ་སྲིད་པ་ཐ་མ་པའི་དུས་དང་པོའི་ཚེ་སོ་སོ་སྐྱེ་བོར་འདོད་དེ། མཛོད་ལས། འཕགས་པ་མིན་ཡང་ཕ་མ་དང༌། །ནད་པ་དང་ནི་ཆོས་སྨྲ་དང༌། །སྐྱེ་མཐའི་བྱང་ཆུབ་སེམས་དཔའ་ 3-2-436b ལ། །ཡོན་ནི་གཞལ་དུ་མེད་པ་ཡིན། །ཞེས་གསུངས་པ་ལྟར་རོ། །རྒྱ་ཆེར་རོལ་པའི་དཀའ་བ་སྤྱད་པའི་ལེའུ་ལས་ཀྱང༌། ས་འདི་རྣམ་བརྒྱར་འཐོར་བར་འགྱུར་ཡང་སྲིད། །རིན་ཆེན་རྩེ་མོ་ལྷུན་པོ་ཆུར་འཕྱོ་སྲིད། །ཉི་ཟླ་སྐར་སོགས་ས་ལ་ལྟུང་འགྱུར་ སྲིད། །སོ་སོའི་སྐྱེ་བོ་ཡིན་ཡང་ང་མི་འཆི། །ཞེས་གསུངས་པས་ཐེག་པ་ཆེན་པོའི་མདོ་སྡེ་ནས་ཀྱང་བྱང་སེམས་སྲིད་པ་ཐ་མ་པའི་སྐབས་སུ་སོ་སོ་སྐྱེ་བོ་དང་། གཞན་ནས་ས་བཅུ་པའི་བྱང་སེམས་སུ་གསུངས་པ་ཡོད་ཅིང་དེ་དག་ལ་བརྟེན་ནས་རྒྱ་གར་པ་ལ་ འདོད་ཚུལ་མང་པོ་སྣང་མོད་ཀྱང་འདི་དག་ནི། སྤྲུལ་པ་ཡིན་པར་ཚད་ལྡན་དུ་མས་རྒྱལ་བའི་དགོངས་པ་བཀྲལ་བས་སྒྲ་ཇི་བཞིན་པ་མ་ཡིན་ཏེ། རྒྱུད་བླ་མ་ལས། ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་ནི། །ཆོས་ཀྱི་སྐུ་ལས་མ་ གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང༌། །དགའ་ལྡན་གནས་ནས་འཕོ་བ་དང༌། །ཞེས་དགའ་ལྡན་དུ་སྐྱེས་པ་སོགས་སྔོན་སངས་རྒྱས་ཟིན་པའི་མཛད་པར་གསུངས་ལ། རྟོག་གེ་འབར་བར་མདོ་དྲངས་པ་ལས་ཀྱང༌། རྫོགས་སངས་རྒྱས་རྣམས་འོག་མིན་གྱི། །ཕོ་བྲང་དགྱེས་པ་སྡིག་པ་ཀུན། །རྣམ་སྤངས་དེར་ནི་འཚང་རྒྱ་ཞིང༌། །སྤྲུལ་པ་དག་གིས་འདིར་འཚང་རྒྱ། །ཞེས་གསུངས་པ་ལྟར་རོ། །དེས་ན་བྱང་སེམས་འཚང་རྒྱ་བའི་རྟེན་ནི། ཕར་ཕྱིན་གྱི་ཐེག་པ་ལྟར་ན་འོག་མིན་ གྱི་ལྷའི་རྟེན་ཁོ་ནར་བཞེད་དེ། འཇུག་འགྲེལ་ལས། ཐུགས་བསྐྱེད་པ་བཅུ་པ་བརྙེས་པས་རང་ཉིད་སངས་རྒྱས་ཀྱི་ཆོས་བརྙེས་ནུས་པར་མཁྱེན་ནས་དུས་ཕྱིས་སངས་རྒྱས་ཀྱི་ས་ལ་འབད་པ་བརྩམས་པར་གྱུར་ལ། གང་གི་དོན་དུ་འབད་པ་འདི་བརྩམས་ 3-2-437a པ་བླ་ན་མེད་པའི་ཡེ་ཤེས་དེ་ཡང་བཅོམ་ལྡན་འདས་ཀྱིས་འོག་མིན་གྱི་གནས་ཁོ་ནར་བརྙེས་སོ། །ཞེས་གསུངས་ཏེ། འདིའི་ཁུངས་མང་ངོ༌། །སའི་དངོས་གཞི་ལས་གཙང་མའི་གནས་རྣམས་ལས་འདས་པ་ ན་དབང་ཕྱུག་ཆེན་པོའི་གནས་ཡོད་པར་གསུངས་པ་ཡང་ཉན་ཐོས་འཕགས་པ་རྣམས་སྐྱེ་བར་ནུས་པའི་འོག་མིན་ལས་འདས་པའི་འོག་མིན་གཉིས་པའོ། །བཅོམ་ལྡན་འདས་ཀྱིས་སྐད་ཅིག་མ་གཅིག་ཁོ་ན་ལ་ཐམས་ཅད་མཁྱེན་པའི་ཡེ་ ཤེས་བརྙེས་པའི་ཚུལ་ནི། འཇུག་པ་ལས། ཇི་ལྟར་སྣོད་ཀྱི་དབྱེ་བས་མཁའ་ལ་དབྱེ་བ་མེད་དེ་ལྟར། །དངོས་བྱས་དབྱེ་བ་འགའ་ཡང་དེ་ཉིད་ལ་མེད་དེ་ཡི་ཕྱིར། །རོ་མཉམ་ཉིད་དུ་ཡང་དག་ཐུགས་སུ་ཆུད་པར་མཛད་གྱུར་ནས། །མཁྱེན་བཟང་ཁྱོད་ ཀྱིས་སྐད་ཅིག་གིས་ནི་ཤེས་བྱ་ཐུགས་སུ་ཆུད། །ཅེས་གསུངས་པ་ལྟར་ཏེ། གཉིས་སུ་སྣང་བའི་འཁྲུལ་བའི་བག་ཆགས་ཐམས་ཅད་དྲུངས་ཕྱུང་བས་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རོ་གཅིག་པ་དང༌། ཡེ་ཤེས་གཉིས་དབྱེར་མི་ཕྱེད་པར་ཞུགས་ནས་ཆོས་ ཀྱི་སྐུ་དེ་ལས་ནམ་ཡང་གཡོ་བ་མེད་པར་བཞུགས་པའོ། །དུས་དེ་ཉིད་ཀྱི་ཚེ་ལུས་གང་ལ་གནས་ནས་དེ་མངོན་དུ་བྱས་པའི་ལུས་དེ་ལོངས་སྐུར་འགྱུར་བ་ཡིན་ཏེ། འཇུག་འགྲེལ་ལས། དེ་བཞིན་གཤེགས་པ་རྣམས་ནི། གཟུགས་ཀྱི་སྐུ་གང་ལས་ བཞུགས་ནས་ཆོས་ཀྱི་དབྱིངས་མངོན་སུམ་དུ་མཛད་པའི་སྐུ་བསོད་ནམས་བརྒྱས་ཟིན་པ་བསམ་གྱིས་མི་ཁྱབ་པ་སྣ་ཚོགས་པ་མངའ་བ་དེ་ནི། ངོ་བོ་དེ་དང་དེར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཀྱི་ལོངས་སྤྱོད་ཀྱི་རྒྱུ་ཉིད་དུ་ཡོངས་སུ་འགྱུར་ 3-2-437b བ་ཡིན་ཏེ། ཞེས་གསུངས་ཤིང༌། རྟོག་གེ་འབར་བར་མགོན་པོ་ཀླུ་སྒྲུབ་ཀྱི་བཞེད་པ་བཀོད་པ་དང་ཡང་མཐུན་ནོ། །སྐུ་དེ་འཕགས་པ་རྡོ་རྗེ་སྡེས་རྣམ་སྨིན་གྱི་སྐུར་བཤད་ལ་འཕགས་པ་ཐོགས་མེད་ཀྱིས་དེ་ལོངས་སྐུ་དང༌། སྟོབས་ལ་སོགས་པའི་ ཆོས་ཀྱི་གཞིར་གྱུར་པ་ཆོས་སྐུ་དང་འཛམ་བུའི་གླིང་དུ་བྱང་ཆུབ་པ་སྤྲུལ་སྐུར་བསྟན་ཏོ་ཞེས་རྟོག་གེ་འབར་བར་བཤད་དེ་ལུགས་འདི་ཆེན་པོ་དུ་མས་བཞེད་དོ། །རྣལ་འབྱོར་བླ་ན་མེད་པའི་ལུགས་ཀྱིས་ཚེ་གཅིག་གིས་འཚང་རྒྱ་བའི་རྟེན་དེ་མིའི་ རྟེན་ཡིན་པར་གསུངས་ཏེ། དྲི་མེད་འོད་ལས། སྐྱེ་བ་འདི་ལ་སངས་རྒྱས་ཉིད་ཀྱི་འབྲས་བུ་རབ་ཏུ་སྟེར། །ཅེས་པ་ནི། སྐྱེ་བ་འདི་མིའི་སྐྱེ་བ་ལ་སངས་རྒྱས་ཉིད་ཀྱི་འབྲས་བུ་རབ་ཏུ་སྟེར་བ་རྒྱུད་ཀྱི་རྒྱལ་པོའོ། །ལྷ་ལ་སོགས་པ་འགྲོ་བ་ལྔའི་སྐྱེ་བ་ལ་ནི་མ་ཡིན་ ནོ། །ཞེས་དང༌། རྡོ་རྗེ་སྙིང་འགྲེལ་ལས། སྐྱེ་བ་འདི་ཉིད་ལ་སངས་རྒྱས་ཉིད་སྟེར་བ་ཞེས་བྱ་བ་ནི། ཡང་དང་ཡང་དུ་མིའི་སྐྱེ་བ་བླངས་ནས་འགྲུབ་པ་ལ་བྱ་ཡི་ལྷ་དང་ལྷ་མ་ཡིན་ལ་སོགས་པ་ནི་མ་ཡིན་ནོ། །ཞེས་གསུངས་ལ། རྣམ་གཞག་རིམ་པར་ཡང་ འཛམ་བུ་གླིང་པའི་མིའི་རྟེན་ལ་བཤད་དོ། །འོན་ཀྱང་སྔར་བཤད་པ་བཞིན་དུ་གང་ཟག་འབྲིང་པོ་འཚང་རྒྱ་བའི་རྟེན་ཁྱད་པར་ཅན་དེ་འདྲ་ཡང་དམིགས་བསལ་ལ་ཡོད་དེ། དེ་ཡང་སྔོན་མིའི་རྟེན་ལ་ལམ་བགྲོད་པའི་དབང་གིས་ཡིན་ནོ། །སྔགས་ཀྱི་ལམ་ གྱིས་ཚེ་གཅིག་དང་བར་དོར་འཚང་རྒྱ་བའི་རྟེན་དེ་ལྟར་ཡིན་གྱི། སྔགས་ནས་བཤད་པའི་སངས་རྒྱས་ལ་དེའི་ངེས་པ་མེད་དེ། འོག་མིན་གྱི་རྟེན་ལ་འཚང་རྒྱ་བ་ཡང་སྔགས་ནས་གསུངས་པས་སོ། །དེའི་འཚང་རྒྱ་ཚུལ་ནི། ལམ་བསྒོམས་པའི་མཐར་ 3-2-438a ལུས་གཟུགས་ཀྱི་སྐུ་དང་སེམས་ཆོས་ཀྱི་སྐུ་ལ་རྟག་ཏུ་བཞུགས་པའི་ཟུང་འཇུག་ཏུ་འགྱུར་ཚུལ་སྔར་མང་དུ་བཤད་ཟིན་ཏོ། །བདག་ཅག་གི་སྟོན་པ་འདི་ནི། སྔོན་དུ་སངས་རྒྱས་ཟིན་ཟིན་པ་འདིར་འཚང་རྒྱ་བའི་ཚུལ་བསྟན་པར་ ཐུན་མོང་མ་ཡིན་པའི་གསང་བའི་རྒྱུད་དང་དྲི་མེད་འོད་ལས་ཀྱང་གསུངས་ལ། སྔགས་གཞན་ནས་བཤད་པ་ཡང་མང་བས་དེ་འདྲ་རྣམས་གསར་དུ་འཚང་རྒྱ་བ་མིན་པར་སྤྲུལ་པ་ཡིན་པར་བཞེད་པ་ནི། སྔགས་དང་ཕར་ཕྱིན་གྱི་ཐེག་པ་ གཉིས་འདྲའོ། །སྟོན་པ་འདིའི་བསྟན་པ་ལ་རྒྱལ་པོ་ཨིནྟྲ་བྷཱུ་ཏིས་བྱང་ཆུབ་བརྙེས་པ་ལྟ་བུ་བྱུང་ཡང་བསྟན་པ་གཅིག་ལ་སྟོན་པ་གཉིས་སུ་འགྱུར་བའི་སྐྱོན་མེད་དེ། དེ་དག་དངོས་པོ་ལ་སངས་རྒྱས་ཀྱང་སངས་རྒྱས་པའི་མཛད་པ་གདུལ་བྱ་ རྣམས་ལ་ཐུན་མོང་དུ་མི་སྟོན་པས་མི་འགལ་བའི་ཕྱིར་ཏེ། ཞིང་འདིར་སྟོན་པའི་འཁོར་དུ་བྱོན་པའི་བྱམས་པ་ལ་སོགས་པ་བཞིན་ནོ། །སྤྱོད་བསྡུས་ལས། འདིར་སྒྲུབ་པ་པོ་ནི། ཀུན་རྫོབ་ཀྱི་བདེན་པ་རྟོགས་པའོ། །སྒྲུབ་པ་ནི། དོན་དམ་པའི་བདེན་ པའོ། །བསྒྲུབ་པར་བྱ་བ་ནི། གཉིས་སུ་མེད་པའི་ཡེ་ཤེས་སོ། །དེ་རྒྱུ་དང་འབྲས་བུ་དག་གཉིས་སུ་མེད་པར་བྱ་བ་ཡོངས་སུ་ཤེས་པ་ནི། འདིར་བསྒོམ་པ་ཉིད་དུ་བཤད་དོ། །ཇི་སྐད་དུ། ཐམས་ཅད་གསང་བའི་རྒྱུད་ལས། འབྲས་བུ་རྒྱུས་ནི་རྒྱས་ གདབ་ཅིང༌། །རྒྱུ་ཡང་འབྲས་བུས་རྒྱས་བཏབ་པར། །བསྒོམ་གྱི་གཞན་དུ་དངོས་གྲུབ་ནི། །བསྐལ་པ་བྱེ་བར་འགྲུབ་མི་འགྱུར། །ཞེས་གསུངས་པས་སོ། །ཞེས་ཀུན་རྫོབ་སྒྱུ་མ་དང་དོན་དམ་འོད་གསལ་དང་གཉིས་མེད་ཟུང་འཇུག་གི་རྫོགས་རིམ་ 3-2-438b མེད་ན་བསྐལ་བ་བྱེ་བ་བརྒྱར་ཡང་མི་འགྲུབ་པའི་ཁུངས་དྲངས་པ་དང་འདུས་པ་ཕྱི་མ་ལས་ཀྱང་སྔར་དྲངས་པ་ལྟར་ཡན་ལག་དྲུག་གི་རྫོགས་རིམ་མེད་ན་མཆོག་མི་འགྲུབ་པར་གསུངས་ཤིང༌། གཞན་ཡང་རྒྱུད་དང་དགོངས་འགྲེལ་གྱི་བསྟན་བཅོས་ དུ་མ་ནས་རྫོགས་རིམ་གྱི་གནད་རྣམས་མེད་ན་བསྐྱེད་རིམ་གྱིས་མཆོག་མི་འགྲུབ་པར་མཐའ་ཡས་པ་ཞིག་གསུངས་པས་ན། རྒྱུད་སྡེ་འོག་མ་གསུམ་གྱི་ལམ་ཙམ་གྱིས་ཚེ་འདིར་སངས་རྒྱས་མི་འགྲུབ་སྟེ། དེ་དག་ལ་སྔགས་ཀྱི་ཐུན་མོང་མ་ཡིན་པའི་ ལམ་བླ་མེད་ཀྱི་བསྐྱེད་རིམ་ལས་ལྷག་པ་མེད་པའི་ཕྱིར་རོ། །འོ་ན་རྒྱུད་དེ་དག་ལས་ཚེ་གཅིག་ལ་འཚང་རྒྱ་བར་མང་དུ་བཤད་པ་ཅི་ཡིན་སྙམ་ན། རྒྱུད་དེ་དག་ལས་དེ་ལྟར་བཤད་ན་དེར་བསྟན་པའི་ལམ་ལ་ཚེ་གཅིག་ལ་འཚང་རྒྱ་བའི་ལམ་གྱི་ཆ་ཚང་དགོས་པའི་ངེས་ པ་ཅི་ཡང་མེད་དེ། དེ་ལྟ་མ་ཡིན་ན་མདོ་དང་དགོངས་འགྲེལ་ཚད་ལྡན་དག་ལས་ཀྱང་འདི་ལ་བརྟེན་ནས་འཚང་རྒྱའོ་ཞེས་བཤད་ན་དེ་ཉིད་དུ་འཚང་རྒྱ་བའི་ལམ་ཐམས་ཅད་ཚང་བར་བསྟན་དགོས་པར་འགྱུར་རོ། །དེ་བཞིན་དུ་བསྐྱེད་རིམ་དང་རྫོགས་རིམ་གྱི་ཆ་འགའ་རེ་བསྟན་པའི་ སྐབས་སུ་ཡང་འདིས་ཚེ་འདི་ལ་སངས་རྒྱས་སྟེར་རོ་ཞེས་བཤད་ཀྱང་དེ་ཙམ་ཞིག་གིས་ཚེ་གཅིག་གི་སངས་རྒྱས་མི་འགྲུབ་པ་བཞིན་དུ་དེ་དག་ལ་ཡང་ཤེས་པར་བྱའོ། །དེས་ན་དེ་དག་གི་གདུལ་བྱས་གྲངས་མེད་ཀྱི་བསྐལ་པ་ལ་མི་བལྟོས་པར་འཚང་རྒྱ་བ་ལ་ནི། རྣལ་ འབྱོར་བླ་མེད་ཀྱི་སྒོར་འཇུག་དགོས་སོ། །མདོར་ན་སྔགས་ཀྱི་ལུགས་ཀྱིས་སངས་རྒྱས་གསར་དུ་འགྲུབ་པའི་རྟེན་ལ་གཟུགས་ཁམས་ཀྱི་ལྷ་དང་འདོད་པའི་མིའི་རྟེན་གཉིས་དང༌། འདོད་པའི་རྟེན་ལ་སྔོན་སངས་རྒྱས་ཟིན་ཟིན་པ་འཚང་རྒྱ་བའི་ཚུལ་སྟོན་པ་གཅིག་ 3-2-439a སྟེ། འཚང་རྒྱ་བའི་རྣམ་གཞག་གསུམ་ཡོད་ལ། སངས་རྒྱས་པའི་ཚེ་ཡང་སྐུ་ཙམ་དང་ཡེ་ཤེས་ཙམ་དང་དེ་གཉིས་ཀ་ཉེ་བར་ཞི་བ་སོགས་ཀྱི་འདོད་ལུགས་མང་དུ་ངག་དབང་གྲགས་པས་བཤད་པ་ལྟར་མང་པོ་ཡོད་ཀྱང་མཚན་དཔེས་སྤྲས་ པའི་གཟུགས་སྐུ་དང་དེ་ཡང་བེམས་པོ་མིན་པར་ཡེ་ཤེས་ཀྱི་སྐུ་དང༌། དེ་དང་ངོ་བོ་དབྱེར་མེད་པའི་ཇི་ལྟ་བ་དང་ཇི་སྙེད་པའི་ཡེ་ཤེས་རྣམས་ལ་མངའ་འབྱོར་བའི་ཚུལ་གྱིས་འཚང་རྒྱ་བའོ། །འབྲས་བུའི་སྐབས་སུ་བློ་གྲོས་ཅན་ལ་དཔྱད་པའི་སྒོ་ཙམ་བསྟན་གྱི་ དཔྱད་པའི་གནས་མང་དུ་ཡོད་ཀྱང་མངས་པས་འཇིགས་ནས་མ་བྲིས་སོ། །དེ་ལྟར་ན་ཐོག་མར་ལམ་ཐུན་མོང་བ་ལ་སྦྱངས་ནས་རྒྱུད་འོས་སུ་གྱུར་པ་ན་བླ་མ་མཉེས་པར་བྱས་ཏེ་རྣམ་པར་དག་པའི་དབང་ལམ་ཟབ་མོའི་རྟེན་དུ་སྒྲུབ་པར་ནུས་ངོ་ཤེས་པ་བླངས་ ནས་དམ་ཚིག་དང་སྡོམ་པ་གཟུང༌། དེ་ནས་སྐབས་དེ་དང་གཞན་དུ་བླངས་པའི་སྡོམ་པ་གསུམ་ལ་གཅེས་སྤྲས་སུ་བྱས་ཏེ། ཚུལ་བཞིན་དུ་བསྲུང་བ་གཞིར་བཞག་ནས་ཐུན་བཞིའི་རྣལ་འབྱོར་གྱིས་རིམ་པ་དང་པོ་བསྒོམས་ལ་རྫོགས་རིམ་གྱི་རྟོགས་པ་ཁྱད་པར་ ཅན་སྐྱེ་བའི་དགེ་རྩ་སྨིན་པར་བྱ། དེ་ནས་རྫོགས་པའི་རིམ་པ་ཁྱད་པར་ཅན་རིམ་གྱིས་བསྐྱེད་ནས་ཟུང་འཇུག་གི་སྐུ་བསྒྲུབས་ན་མདོ་སྡེ་དང་རྒྱུད་སྡེ་མཐའ་དག་གི་གནད་རྣམས་གང་ཟག་གཅིག་འཚང་རྒྱ་བའི་ཆ་རྐྱེན་དུ་འགྱུར་བ་ལ་ངེས་པ་རྙེད་ནས། ཐུབ་པའི་ བསྟན་པ་ཡོངས་སུ་རྫོགས་པ་རང་གིས་འཛིན་ཅིང་གཞན་ལའང་སྤེལ་ནུས་པ་ཡིན་ནོ། །འདིར་སྨྲས་པ། བཤེས་གཉེན་དམ་པ་རིང་དུ་བསྟེན་པ་ཡིས། །ཕྱོགས་རེས་མ་ཚིམས་གཞུང་ལུགས་གདམས་པར་ཤར། །ལུང་དོན་རིགས་པ་ཕྲ་མོས་འབྱེད་ནུས་ཤིང༌། ། 3-2-439b ཐོས་པའི་དོན་ལ་སྒྲུབ་པ་སྙིང་པོར་བྱེད། །སྨིན་བྱེད་དབང་དང་གྲོལ་བྱེད་ལམ་དང་ནི། །བསྒྲུབས་པའི་འབྲས་བུ་ཀུན་ལ་མ་རྨོངས་པས། །རྡོ་རྗེ་ཐེག་པའི་ལམ་གྱིས་བགྲོད་བྱེད་པ། །དེ་ལ་མཁས་རྣམས་གསང་སྔགས་པ་ཞེས་སྨྲ། །རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་གསང་ བ་ཀུན་གྱི་གནད་རྣམ་པར་ཕྱེ་བ་ལས། ཐོག་མར་སྒོམ་པའི་རྫོགས་རིམ་སྤྱོད་པ་དང་བཅས་པ་དང་ལམ་གྱི་འབྲས་བུ་བསྟན་པའི་རིམ་པ་སྟེ་ལེའུ་བཅུ་བཞི་པའོ།། ༈ །།རྣམ་དཔྱོད་ཡངས་པའི་མཁའ་ལ་རབ་འཕགས་ཏེ། །ལེགས་བཤད་འོད་སྟོང་ཕྱོགས་བཅུར་ སྤྲོས་པ་ཡིས། །རབ་འབྱམས་སྔགས་གཞུང་པད་ཚལ་ཁ་འབྱེད་པའི། །གསང་དོན་ཀུན་གསལ་ཉི་མ་དེང་ནས་ཤར། །རྡོ་རྗེ་ཐེག་པའི་སྦྲང་རྩིའི་བཅུད་བླངས་ནས། །དངོས་གྲུབ་གཉིས་ཀྱི་དགའ་སྟོན་བྱེད་འདོད་པའི། །སྐལ་ལྡན་བློ་གསལ་རྐང་དྲུག་ལྡན་པའི་ཚོགས། །དགའ་ བའི་དར་དིར་ཕྱོགས་བཅུར་ད་སྒྲོགས་ཤིང་། །རྒྱུད་སྡེ་རིན་ཆེན་བཞི་ལས་ལེགས་བསྒྲུབས་ཤིང༌། །སྨིན་བྱེད་དབང་གི་བང་རིམ་བཞི་དང་ལྡན། །རིམ་གཉིས་གཟི་བརྗིད་བལྟ་བས་མི་ངོམས་ལ། །འབྲས་བུ་སྐུ་བཞིའི་ལྕོག་གིས་རབ་མཛེས་པ། །སྣ་ཚོགས་ཁམས་དང་ལྡན་ པའི་གསུང་རབ་མཚོ། །བློ་གྲོས་བརྩོན་པའི་མགྱོགས་འགྲོས་བསྲུབས་པ་ལས། །གངས་ཅན་གསེར་གྱི་ས་གཞིའི་ཁྱོན་ཡངས་སུ། །ཐུབ་བསྟན་རྒྱ་མཚོའི་རྒྱན་དུ་བསྐྲུན་པ་འདི། །མང་དུ་གསན་པའི་ཐོས་པས་རྨོངས་པ་བཅོམ། །ཚུལ་བཞིན་བསྒྲུབས་པའི་རྟོགས་པས་ རང་རྒྱུད་བཏུལ། །ལྷག་བསམ་དག་པའི་ཐུགས་ཀྱིས་བསྟན་ལ་དགོངས། །བསྟན་པའི་རྩ་ལག་དམ་པ་མང་པོ་དང༌། །རླབས་ཆེན་བསོད་ནམས་སྟོབས་ལས་རིགས་མཐོར་འཁྲུངས། །རྨད་བྱུང་མཛད་པ་བཟང་པོས་འགྲོ་བ་སྐྱོང༌། །ཐུབ་བསྟན་རྒྱས་པའི་ཁུར་གྱིས་ 3-2-440a མི་ངལ་བའི། །གསང་སྔགས་འཛིན་པ་དེ་ཡིས་བསྐུལ་ལས་ཡིན། །ལྷག་པའི་ལྷ་ལ་རྟག་ཏུ་གསོལ་བཏབ་ཅིང༌། །ཡོངས་འཛིན་མཁས་པའི་གསུང་གི་རྗེས་ཞུགས་ནས། །རིག་སྔགས་འཆང་གི་གཞུང་ལུགས་རྒྱ་མཚོ་ལ། །ཞིབ་ཏུ་བརྟགས་ ནས་སྦྱར་མོད་དེ་ལྟ་ནའང༌། །བློ་གྲོས་སྦྱངས་པ་དྲན་པའི་སྟོབས་དམན་པས། །ནོངས་པར་གང་གྱུར་རྒྱལ་དང་རྒྱལ་སྲས་ལ། །བསམ་པ་ཐག་པས་སོ་སོར་བདག་འཆགས་པས། །ནོངས་པ་རྒྱུ་བཅས་བྱང་ཞིང་དག་པར་མཛོད། །གསང་ཆེན་ལམ་གྱི་རིམ་པ་འདིར་ འབད་པས། །རླབས་ཆེན་ཚོགས་གཉིས་མང་དུ་བསགས་པ་རྣམས། །མར་གྱུར་འགྲོ་བ་ཀུན་གྱི་རེ་སྐོང་བའི། །ཟུང་འཇུག་རྡོ་རྗེ་འཆང་དབང་ཐོབ་ཕྱིར་བསྔོ། །དེས་ནི་ཚེ་རབས་ཀུན་ཏུ་དངོས་གྲུབ་གཞི། །ཐེག་མཆོག་བཤེས་གཉེན་འབད་པས་མཉེས་བྱས་ནས། ། ཚུལ་བཞིན་བསྐུར་བའི་རྣམ་དག་དབང་བཞི་ཡིས། །ཟབ་མོའི་ལམ་གྱི་སྣོད་དུ་འགྱུར་བར་ཤོག །དེ་ཚེ་བླ་མ་དཔའ་བོ་དཔའ་མོའི་ཚོགས། །དཔང་དུ་བཞག་ནས་ལེགས་པར་ཁས་བླངས་པའི། །བསྲུང་དང་བཟའ་དང་བསྟེན་པའི་དམ་ཚིག་གི། བཅས་པའི་མཚམས་ ལས་འདའ་བར་མ་གྱུར་ཅིག །རིམ་གཉིས་སྤྱོད་དང་བཅས་པའི་རྒྱུད་དོན་ལ། །གཏུགས་པ་མེད་པའི་དྲི་མེད་རིགས་པ་ཡིས། །མ་རྟོགས་ལོགས་རྟོག་ཐེ་ཚོམ་ཀུན་བཅད་ནས། །བརྩོན་པས་སྒྲུབ་པ་སྙིང་པོར་བྱེད་པར་ཤོག །དེ་ལྟར་སློབ་པའི་རླབས་ཆེན་སྤྱོད་པ་ ལ། །མཐུ་ལྡན་རྣམས་ཀྱིས་རྟག་ཏུ་གྲོགས་མཛད་པས། །བར་དུ་གཅོད་པའི་མིང་ཡང་མེད་པ་དང༌། །འདོད་པའི་རྐྱེན་རྣམས་ཡིད་བཞིན་འབྱོར་བར་ཤོག །བསྟན་པ་ཁོ་ན་ལྷར་བཅས་འགྲོ་བ་ཡི། །བདེ་ལེགས་ཀུན་གྱི་རྩ་བར་ཡིད་ཆེས་ནས། །ལུས་སྲོག་ཡལ་ 3-2-440b བར་གྱུར་ཀྱང་མི་གཏོང་བའི། །སྙིང་སྟོབས་ཆེན་པོས་དམ་ཆོས་འཛིན་གྱུར་ཅིག །གསང་དོན་ལེགས་པར་ཕྱེ་བ་འདི་ཡིས་ཀྱང༌། །ཐེག་པ་མཆོག་གིས་བགྲོད་པ་མཐའ་ཡས་ལ། །གཞུང་ལུགས་གདམས་པར་འཆར་བའི་རྐྱེན་བྱས་ནས། །བསྟན་པའི་སྙིང་པོ་རིང་དུ་གསལ་བྱེད་ ཤོག །མཚམས་སྤྲིན་གཞོན་ནུས་འཁྱུད་པའི་གསེར་གྱི་རིས། །ཨིནྡྲ་ནཱི་ལའི་ཐོར་ཅོག་བཅིངས་པ་བཞིན། །དམར་སེར་སྐུ་ཡིས་ཡིད་འཕྲོག་གང་གི་གཙུག །མཐོན་མཐིང་རལ་པའི་ཟུར་ཕུད་ལྔས་མཛེས་པའི། །འཇམ་དབྱངས་དེ་ཡིས་ཚེ་རབས་ཀུན་ཏུ་བདག །དགྱེས་ བཞིན་རྗེས་སུ་བཟུངས་པའི་དྲིན་ལས་ནི། །གཏིང་དཔག་དཀའ་བའི་ཆོས་ཚུལ་རྒྱ་མཚོ་ལ། །བློ་གྲོས་ཐོགས་པ་མེད་པར་འཇུག་པར་ཤོག །ཅེས་རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་གསང་བ་ཀུན་གྱི་གནད་རྣམ་པར་ཕྱེ་བ་ཞེས་བྱ་བ་འདི་ནི། མདོ་སྔགས་ཀྱི་གཞུང་ རབ་འབྱམས་པ་མཁས་པར་སྦྱངས་ཤིང་མང་དུ་ཐོས་པའི་དོན་ལ་ཚུལ་བཞིན་དུ་སྒྲུབ་པ། གཅིག་ཏུ་བསྟན་པ་རིན་པོ་ཆེའི་ཁུར་འཁྱེར་བ་ལ་མི་མཉམ་པའི་བརྟུལ་ཞུགས་ཅན་ཡོངས་སུ་རྫོགས་པའི་བཤེས་གཉེན་ཆེན་པོ་སྐད་གཉིས་སྨྲ་བ་སྐྱབས་མཆོག་ དཔལ་བཟང་པོའི་གསུང་གིས་མང་དུ་བསྐུལ་བའི་བཀའ་སྩལ་དང་དུ་བླངས་ཤིང༌། རྡོ་རྗེ་ཐེག་པའི་ལམ་གྱིས་བགྲོད་པའི་ཚུལ་རྣམས་ལེགས་པར་ཤེས་པ་སྔོན་དུ་འགྲོ་བ་ཅན་གྱི་སྒྲུབ་པ་སྙིང་པོར་བྱེད་འདོད་པའི་དམ་པ་མང་པོས་རྒྱུད་སྡེ་བཞིའི་དབང་དུ་བྱས་ པའི་ལམ་གྱི་བགྲོད་ལུགས་ཀྱི་གནད་རྣམས་རྒྱས་པ་ཞིག་གྱིས་ཞེས་ནན་ཏན་གྱིས་བསྐུལ་བ་དང༌། ཁྱད་པར་དུ་གངས་རིའི་ཁྲོད་ཀྱི་སྒྲུབ་བརྒྱུད་ཀྱི་བསྟན་པ་འཛིན་པ་རྣམས་ཀྱི་གཙུག་ན་རྒྱལ་མཚན་གྱི་ཏོག་ལྟར་མཐོ་བ། འཇིག་རྟེན་མགོན་པོ་དཔལ་ཕལ་ 3-2-441a མོ་གྲུ་པའི་རྒྱལ་ཚབ་རྗེ་སྤྱན་སྔ་རིན་པོ་ཆེའི་གདུང་བརྒྱུད་དུ་འཁྲུངས་ཤིང༌། བསྟན་པ་དང་བསྟན་པ་འཛིན་པ་ལ་མི་ཕྱེད་པའི་དད་པ་བརྟན་པོ་ཅན། རྡོ་རྗེ་ཐེག་པའི་བསྟན་པ་ཕྱོགས་ཀུན་ཏུ་རྒྱས་པའི་ཁུར་ཆེན་པོ་འཛིན་པ་ལ་སོགས་པའི་ ཡོན་ཏན་མང་པོའི་དཔལ་གྱིས་མངོན་པར་མཐོ་བའི་གསང་སྔགས་འཆང་བ་བསོད་ནམས་བཟང་པོའི་གསུང་གིས་རྡོ་རྗེ་ཐེག་པའི་ལམ་གྱི་རིམ་པ་ཤིན་ཏུ་རྒྱས་པ་ཞིག་གྱིས་ཞེས་ཡང་ཡང་བསྐུལ་བའི་དོན་དུ། ལུང་དང་མངོན་པར་རྟོགས་པའི་ཡོན་ ཏན་ཕུལ་དུ་བྱུང་བ་མངའ་བ། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། དོན་གྲུབ་རིན་ཆེན་གྱི་ཞལ་སྔ་ནས་ཀྱི་སྐུ་དྲིན་གྱིས་རྡོ་རྗེ་ཐེག་པའི་སྒོར་ཐོག་མར་སྨིན་པར་མཛད་ཅིང༌། རྒྱལ་བའི་རིང་ལུགས་པ་ཆེན་པོ་གསུང་རབ་རྣམ་པར་འབྱེད་པ་ལ་གཞན་དྲིང་མི་འཇོག་ པའི་མཁྱེན་པ་ཅན་ཆོས་ཀྱི་སྤྱན་ལྡན་ཆེན་པོ་ཀུ་མཱ་ར་མ་ཏི་ལ་སོགས་པའི་རྗེ་བཙུན་དམ་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱི་ཞབས་ཀྱི་རྡུལ་སྤྱི་བོས་ལེན་པ། ཤཱཀྱའི་དགེ་སློང་རྡོ་རྗེ་འཛིན་པ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས། བཤེས་གཉེན་མཁས་པ་རྣམས་ཀྱིས་གསུང་གི་བདུད་རྩི་སྩལ་བ་རྣམས་ལ་བརྟེན་ནས་རྡོ་རྗེ་ཐེག་པའི་གཞུང་རྒྱ་མཚོ་ལྟ་བུ་རྣམས་ཀྱི་དོན་ལ་ཞིབ་ཏུ་དཔྱད་ནས། གངས་ཅན་ཁྲོད་ཀྱི་གངས་རིའི་དབང་པོ་འོ་དེ་གུང་རྒྱལ་གྱི་ལྷ་ཞོལ་བྱམས་པ་གླིང་ མིང་གཞན་གསང་སྔགས་ནང་ཞེས་པར་སྦྱར་བའི་ཡི་གེ་པ་ནི་དཀའ་བཞི་འཛིན་པ་གཡག་སྡེ་པ་བསོད་ནམས་དཔལ་བཟང་ངོ༌། །འདིས་ཀྱང་བསྟན་པ་རིན་པོ་ཆེ་ཕྱོགས་ཀུན་ཏུ་རྒྱས་པར་བྱེད་ནུས་པར་གྱུར་ཅིག། །བཀྲ་ཤིས།། །། 3-2-441b empty page