2-1-1a ༄༅། །རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པའི་བཀའ་འབུམ་ཁ་པའི་དཀར་ཆག་བཞུགས་སོ།། 2-1-1b ༄༅༅། །སྭསྟི། མ་སྨད་སྙིང་སྟོབས་ལྷོ་ལམ་ལས་འོངས་པའི། །དཔྱད་བཟོད་གཏམ་གྱི་དྲི་བསུང་ཡོངས་རྫོགས་པ། །ལུང་རིགས་མགྱོགས་འགྲོའི་ཤུགས་ཀྱིས་འཛམ་གླིང་ཁྱོན། །ཀུན་ཁྱབ་འཇམ་ མགོན་ཡབ་སྲས་ཞིང་འདིའི་དཔལ། །གང་དེའི་བཞེད་སྲོལ་ཛམཱུའི་གསེར་བཞུན་རྒྱུན། །དབྱིག་ལྡན་སྒེག་མོའི་ལྟོ་བར་ཡུལ་འཁྱིལ་སླད། །དགའ་ལྡན་སྐུ་བཅར་དར་ཧན་མཁན་པོ་ཡིས། །འཛད་མེད་ བར་གྱི་ཆོས་སྦྱིན་སྤེལ་བ་ལས། །སྔོན་རབས་མཁས་སྙེམས་མེས་རྒན་རྣམ་དཔྱད་ཀྱིས། །མ་ལྕིགས་ཁུངས་ལྡན་མདོ་རྒྱུད་དཀའ་གནད་གཟུགས། །རྫོགས་པའི་ལེགས་བཤད་ཀུན་མཐོང་པུསྟ་ཀཿ ཁ་བའི་ཆོས་ཆན་གྲངས་རིམ་འདི་ན་བསྟར། ༼ ཁ ༽ པར་འདུལ་བ་མདོ་རྩ་བའི་དཀའ་གནད་ཀྱི་ཟིན་བྲིས་རྗེ་ཉིད་ཀྱི་ཕྱག་དྲིས་སུ་མཛད་པ་ལ། ༩༨ རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོའི་བཀའ་འབུམ་ཐོར་བུ་བར། ༢༧༣ རྡོ་རྗེ་རྩེ་མོའི་ཟིན་དྲིས་ལ། ༡༦ ཡེ་ཤེས་མཁའ་འགྲོའི་སྒྲུབ་ཐབས་འཕོ་བ་བཀའ་བསྒོ་བཅས་པ། ༤ སྒྲ་མི་སྙན་གྱི་ཚེ་སྒྲུབ་ལ། ༤ སྡོམ་པ་གོང་མ་གཉིས་ཀྱི་ཕྱིར་བཅོས་བྱེད་ཚུལ་རྗེའི་ཕྱག་ལེན་བཞིན་བཀོད་པ་ ལ། ༥ གཏོར་མ་བརྒྱ་རྩའི་རིམ་པ་མཚུངས་མེད་ཆོས་ཀྱི་རྗེ་བློ་བཟང་གྲགས་པའི་ཕྱག་ལེན་ལ། ༩ དཀར་ཆག་ལ ༡ བཅས་བསྡོམས་ཤོག་གྲངས་ ༤༡༠ བཞུགས།། །། 2-2-1a ༄༅། །འདུལ་བ་མདོ་རྩ་བའི་ཟིན་བྲིས་བཞུགས། 2-2-1b ༄༅༅། །རྟེན་གྱི་གང་ཟག་བསྟན་ནས་དེས་བསླབ་པར་བྱ་བ་ལ་གཉིས་ལས། ལྡོག་པའི་ཚུལ་ཁྲིམས་སྟོན་ནོ། །དེ་ལ་སོ་སོ་བ་དང༌། སྤྱིར་བསྟན་པ་གཉིས་ལས། སོ་སོ་བ་ལ་ཡང་རྣམ་འབྱེད་གཉིས་ལས། དང་པོ་ སྟོན་པ་ལ། བསླབ་པ་འབུལ་བའི་ཆོ་ག་དང༌། ལྟུང་བ་རྣམས་ཀྱི་མཚན་ཉིད་བསྟན་པ་གཉིས་སོ། །དང་པོ་ལ་གཉིས་ལས། སྤྱིའི་དོན་ནི། ལྟུང་བ་སྡེ་ལྔ་བསྐྱེད་པ་ལ་བསྙེན་པར་རྫོགས་པ་དང༌། རྫོགས་ནས་མ་བཏང་བ་ཞིག་ དགོས་ན། དང་པོ་ནི། རབ་ཏུ་འབྱུང་བའི་གཞི་དང༌། གཉིས་པ་ནི། འབུལ་བའི་ལེའུ་དངོས་དང༌། ཤུགས་ལ་བསྟན་ཏོ། །དེས་ན་སྡེ་ལྔའི་དང་པོར་གསུངས་སོ། །གཞན་ཡང་མི་མཐུན་ཕྱོགས་ངོ་ཤེས་པས་བསྲུང་བ་ལ། སྡོམ་ པ་སྤྱི་དང་འགལ་བ་དང༌། སོ་སོ་དང་འགལ་བ་གཉིས་ལས། འདི་སྤྱི་དང་འགལ་བའི་ཕྱིར་བརྗོད་བྱའི་གཙོ་བོ་ཡིན་པས་ཀྱང་དང་པོར་བསྟན་ཟེར་རོ། །འདི་མི་ཚངས་སྤྱོད་ལས་ལེའུ་ལོགས་ཤིག་ཏུ་བྱས་པ་ནི། ལྟུང་བ་གཞན་ཐམས་ཅད་ ལ་ཡང་འདིའི་ལོག་ཕྱོགས་དགོས་པར་རྟོགས་པའི་ཕྱིར་ཏེ། མི་ཚངས་སྤྱོད་དང་གཅིག་ཏུ་བྱས་ན་དེ་ཉིད་ཀྱི་ཆོས་སུ་གོ་བར་འགྱུར་བའི་ཕྱིར་རོ། །འདིས་མཚོན་ནས་གཏོང་རྒྱུ་རྣམས་གཏན་ལ་དབབ་པ་ལ་བཞི་ལས། དབྱེ་ བ་ལ་གཉིས་ལས། ཐུན་མོང་བ་ནི། མཛོད་ལས། བསླབ་པ་ཕུལ་དང་ཤི་འཕོས་དང༌། །མཚན་གཉིས་དག་ནི་འབྱུང་བ་དང༌། །རྩ་བ་ཆད་དང་མཚན་འདས་དང༌། །སོ་སོར་ཐར་པའི་འདུལ་བ་གཏོང༌། །ཞེས་གསུངས་པ་ 2-2-2a ལྔའོ། །ཐུན་མོང་མ་ཡིན་པ་ལ། མཚན་ལན་གསུམ་དུ་གྱུར་པ། མ་ལོན་པ་ལ་དེར་ཤེས། དམ་ཆོས་ནུབ་པ། རྩ་ལྟུང་བྱུང་བ་སྟེ་བཞི་ཟེར་རོ། །མངོན་པ་ནས་བཤད་པ་ལ་ཐུན་མོང་ཡིན་མིན་བྱེད་པ་ནི། རང་གི་ སྡེ་པ་སྤྱིའི་འདོད་པ་དང༌། སོ་སོའི་འདོད་པ་ཡིན་པས། སྔ་མ་ལྔ་པ་མི་མཐུན་པ་མེད་པས་སོ་སོའི་ཐུན་མོང་ངོ༌། །སོ་སོའི་འདོད་པ་ལ། ཁ་ཅིག་ལྟུང་བར་འགྱུར་ལས་སྨྲ། །གཞན་དག་དམ་ཆོས་ནུབ་པ་ལས། །ཁ་ཆེ་རྣམས་ནི་བྱུང་བ་ལ། ། བུ་ལོན་ནོར་ཅན་བཞིན་དུ་འདོད། །ཅེས་གསུངས་པ་གསུམ་མོ། །དེ་ལ་ཕམ་པ་བྱུང་བས་གཏོང་བ་ནི། མདོ་སྡེ་པ་དང་སློབ་དཔོན་འཕགས་པ་སྐུ་མཆེད་ལ་སོགས་པ་ཡང་བཞེད་དོ། །དམ་ཆོས་ནུབ་པས་གོས་དམར་བའི་སྡེ་པས་ འདོད་ཀྱང༌། དེ་སྔར་མེད་ཀྱི་སྡོམ་པ་མི་ཐོབ་པའི་རྒྱུ་མཚན་གྱིས་སྔར་ཡོད་གཏོང་བ་མ་ཡིན་ནོ། །ཞེས་འཕགས་པ་སྐུ་མཆེད་གསུང་ངོ༌། །མཚན་ལན་གསུམ་གྱུར་པ་དང༌། ཉི་ཤུ་མ་ལོན་པ་ལ་དེར་ཤེས་པས་གཏོང་བ་ལ་ནི། མི་མཐུན་པ་མ་མཐོང་ཞིང༌། ཕམ་པའི་ལྟུང་བས་གཏོང་བ་རྩ་འགྲེལ་ཀྱི་ལུགས་མ་ཡིན་པས། སྐབས་འདིར། དེ་དག་གཏོང་རྒྱུ་ཐུན་མོང་མ་ཡིན་པ་ལ་བགྲང་བར་མི་རིགས་སོ། །བསྡུ་བ་ནི། འཕེན་པ་ཟད་པ་དང༌། གཞི་ཆད་པ་ དང༌། རྟེན་ཉམས་པ་དང༌། སྡོམ་པ་དང་འགལ་བའི་རིག་བྱེད་གནས་པ་བཞི་ནི། ཤི་འཕོས་པ་དང༌། མ་ལོན་པ་ལ་དེར་ཤེས་དང༌། མཚན་མོ་འདས་པ་གསུམ་དང༌། ལོག་ལྟ་དང༌། དམ་ཆོས་ནུབ་པ་གཉིས་དང༌། མཚན་གཉིས་པ་དང༌། 2-2-2b མཚན་ལན་གསུམ་དུ་གྱུར་པ་གཉིས་དང༌། བསླབ་པ་ཕུལ་བ་དང༌། ཕམ་པ་བྱུང་བ་གཉིས་དང་གོ་རིམ་བཞིན་ནོ། །ཞེས་ཟེར་བའི་དཔྱད་པ་ཡང་སྔ་མ་ལས་ཤེས་པར་བྱའོ། །ཤི་འཕོས་པ་རྟེན་ཆད་པ་དང༌། ལོག་ལྟ་བསྐྱེད་པ་གཞི་ཆད་པ་དང༌། བསླབ་པ་ འབུལ་བ་ཡང་དག་པར་བླངས་པ་དང་འགལ་བའི་རིག་བྱེད་སྐྱེས་པ་ཡིན་ནོ། །བཏང་བའི་རང་བཞིན་ནི། བྱེ་བྲག་ཏུ་སྨྲ་བ། གང་ཟག་གླང་བུ་ལ་སྡོམ་པ་ཁལ་ལྟ་བུ། ཐོབ་པ་ཐག་པ་ལྟ་བུས་སྦྲེལ་བའི་སྦྲེལ་ཐག་ཆད་པ་ལྟར་འདོད་དོ། །སེམས་ཙམ་པ་ སྤྱིར་མངོན་བྱུང་བཏང་བ་དང༌། ས་བོན་བཏང་བ་དང༌། དབང་གི་རང་བཞིན་བཏང་བ་གསུམ་ལས། དང་པོ་མིན་ཏེ། གཉིད་ལོག་པ་ལ་སོགས་པའི་ཚེ་ཡང༌། སྤོང་སེམས་མངོན་གྱུར་པ་ལོག་པས་སྡོམ་པ་བཏང་བར་ཐལ་བའི་ཕྱིར་རོ། །གཉིས་པ་ཡང་ མིན་ཏེ། ཕུལ་བ་ལ་སླར་མི་སྐྱེ་བར་འགྱུར་བའི་ཕྱིར་རོ། །དེས་ན་གསུམ་པ་ཡིན་ཏེ། དེ་ཡང་ཀུན་གཞི་ལ་མངོན་གྱུར་བྱེད་པ་དང་བཅས་པ་བཏང་ལ། ས་བོན་བྱེད་པ་དང་བཅས་པ་མ་བཏང་བའོ། །ཞེས་ཟེར་རོ། །དེ་ལ་གང་གཏོང་ན་སྡོམ་པ་དབང་གི་ཚུལ་ དུ་ལྡན་པ་བཏང་བ་ཡིན་གྱི། མངོན་གྱུར་དང་ས་བོན་དུ་ལྡན་པ་བཏང་པ་ནི་སྡོམ་པ་བཏང་བའི་དོན་མིན་ནོ། །དེ་ནི་མདོ་སྡེ་པ་ཡན་ཆད་འདྲ་བར་སེམས་སོ། །བྱེ་བྲག་ཏུ་སྨྲ་བ་ནི། སྡོམ་པའི་ཐོབ་པ་ཞིག་པར་འདོད་དོ། །དེ་དག་གི་དོན་ཡང༌། སྡོམ་པ་ཡོད་ པའི་དོན་དགོས་པ་དྲུག་གི་ཆོས་དང༌། ཟང་ཟིང་ལྟུང་དག་ལྟུང་མེད་པར་སོང་བའོ། །འདི་སྨོས་ནས་གཞན་མི་སྨོས་པ་ནི། སྡེ་ལྔ་བསྐྱེད་པ་ལ་མ་ཕུལ་བ་དགོས་པར་བསྟན་པ་བས། ཤི་འཕོས་པ་སོགས་ཀྱིས་ཀྱང་མ་བཏང་བ་ཞིག་དགོས་པར་གོ་ 2-2-3a ནུས་ལ། འདི་གཉེན་པོ་བསྲུང་ནུས་པ་ལྟར་ཤི་འཕོས་པ་སོགས་མི་ནུས་པས་སྨོས་པ་དགོས་པ་མེད་དོ། །ཞེས་ཟེར་རོ། །བྱེ་བྲག་ཏུ་བསླབ་པ་འབུལ་བའི་སྤྱི་དོན་ལ་ལྔ་ལས། གཞི་ལ་གསུམ་ལས། ཡུལ་གང་ལ་འབུལ་བ་ནི། ཐ་སྙད་ལྔ་ལྡན། ལུས་ཐ་མལ་པ། བདག་ལས་ཐ་དད་དེ་གསུམ། དངོས་པོ་ནི་བདག་ཉིད་ཀྱི་བསླབ་པའོ། །རྟེན་ནི་རང་གཞན་དང་ཐ་མལ་བར་གནས་པའོ། །བསམ་པ་ལ་གཉིས་ལས། འདུ་ཤེས་མ་འཁྲུལ་པ་དང༌། ཀུན་སློང་བསམ་པ་ཐག་པ་ནས་ འབུལ་བར་འདོད་པའོ། །སྦྱོར་བ་བསམ་པའི་དོན་ལ་ལུས་ངག་གི་རིག་བྱེད་ཀྱིས་འབུལ་བར་ཞུགས་པའོ། །མཐར་ཐུག་དེའི་རྐྱེན་གྱིས་དོན་གོ་བའོ། །ཕུལ་ཉམས་ཀྱི་ཁྱད་པར་ནི། ལུས་ལ་བསྲུང་བའི་ནུས་པ་ཡོད་ཀྱང་བསམ་པས་བསྲུང་མི་འདོད་ནས་ བཏང་བ་ནི་ཕུལ་བ་ཡིན་ལ། དེ་ལས་བཟློག་པ་ནི་ཉམས་པའོ། །ཞེས་ཁ་ཅིག་ཟེར་རོ། །རིག་བྱེད་གང་གིས་དངོས་སུ་གཏོང་བ་གོ་བར་བྱེད་པ་ནི་ཕུལ་བ་ཡིན་ལ། བརྒྱུད་ནས་གོ་བར་བྱེད་པ་ནི་ཉམས་པར་བྱས་པ་ཡིན་པར་རྣམ་འབྱེད་འགྲེལ་པ་ལས་བཤད་ཟེར་རོ། ། ཡན་ལག་གི་དོན་ལ་བསླབ་པ་འབུལ་བའི་མཚན་ཉིད་བསྟན་པ་ནི། མྱོས་པ་ལ་སོགས་པ་རང་བཞིན་ཉམས་པས་བསླབ་པ་འབུལ་བར་བྱས་པ་ཉིད་ནིའོ། །རང་བཞིན་ཉམས་པ་དེ་ནིའོ། །རྣམ་པ་ཐམས་ཅད་དུ་སྨྲ་མི་ནུས་པའི་ལྐུགས་པའོ། །མ་གོ་བ་ནི་བརྡ་མ་ཕྲད་པ་སྟེ་ གླེན་འོན་སྙོམས་པར་ཞུགས་པ་མཐའ་འཁོབ་པ་ལ་དབུས་པས་ཕུལ་བ་ཡང་བསྡུ་བའོ། །དབེན་པར་དབེན་པའི་འདུ་ཤེས་སམ་མི་དབེན་པའི་འདུ་ཤེས་ཀྱིས་འབུལ་བར་ཞུགས་པའི་དབེན་པ་ཡང་ལྐུགས་པའི་ཡུལ་ལ་ཞུགས་པ་བཞིན་དུ་འགྱུར་ཏེ། སྐྱེ་བོ་ཐམས་ཅད་ 2-2-3b ལ་གྲགས་པའི་འདུ་ཤེས་མེད་པའི་ཕྱིར་རོ། །མི་དབེན་པར་དབེན་པའི་འདུ་ཤེས་ཀྱིས་སམ་རྣམ་པ་ཐམས་ཅད་དུ་དབེན་པའི་འདུ་ཤེས་ཀྱིས་ཕུལ་ན་ཡང་ངོ༌། །འབུལ་བའི་ཚིག་བསྟན་པ་ནི། བསླབ་པ་འབུལ་ལོ་ནི་དངོས་སུ་བརྗོད་པའོ། །རྟེན་བཏང་བ་ནི། སངས་རྒྱས་ ནས་མ་མོའི་བར་རོ། །ཉེ་བར་སྦྱོར་བ་བཏང་བ་ནི། སློབ་དཔོན་ནམ་ཞེས་པ་གཉིས་སོ། །དམན་པའི་ས་བཟུང་བ་ནི། བདག་ཁྱིམ་པ་སོགས་སོ། །མཐུན་པའི་གྲོགས་སྤངས་པ་ནི་བདག་ཚངས་པ་སོགས་སོ། །འདི་ལ་སྐྱབས་འགྲོ་བཏང་ན་སྡོམ་པ་གཏོང་སྟེ། འདི་ལས་འབྱུང་ བས་སོ། །ཞེས་ཟེར་བ་ནི། དྲི་བ་རྒྱ་ཆེར་འགྲེལ་ལས། དགེ་སློང་མ་ནག་མོ་དཔེར་བཞག་ནས་བཀག་གོ། །ཊཱི་ཀྐ་ལས། དབུལ་བའི་ཚིག་དག་ནི་རྣམ་པ་དེ་ལྟ་བུ་དག་དང༌། ཆོ་ག་དེ་ལྟ་བུ་དག་དང༌། རང་བཞིན་དེ་ལྟ་བུ་དག་ཡིན་ནོ། །ཞེས་པ་ནི། བདག་ཚངས་པ་སོགས་ དང༌། བསླབ་པ་སོགས་དང༌། རང་བཞིན་ཉམས་པ་སོགས་དང་རིམ་པ་བཞིན་སྦྱར་ཟེར་རོ། །ཊཱི་ཀྐ་ལས། ངག་དང་ལུས་ཀྱི་རིག་བྱེད་གཉིས་ཀས་གཏོང་བར་གསུངས་སོ། །མི་མཐུན་ཕྱོགས་བྱེ་བྲག་པ་ངོས་བཟུང་བ་ལ་གཉིས་ལས། དགེ་སློང་ཕའི་རྣམ་འབྱེད་ལ་ལྟུང་བ་སྡེ་ལྔ་ལས། དང་པོ་ཕམ་པའི་སྡེ་ནི་བཞིའོ། །དེ་ལ་སྤྱིར་སྡེ་ལྔ་བསྐྱེད་པ་ལ་ཐུན་མོང་དང་ཐུན་མོང་མིན་པའི་ཡན་ལག་གཉིས་སོ། །དང་པོ་ལ་གཉིས་ཏེ། བསླབ་པའི་ཡན་ལག་ནི་བཞི་སྟེ། བསྙེན་པར་རྫོགས་པའི་སྡོམ་པ་གསོར་རུང་བ་དང་ལྡན་པ་དང༌། ཚིགས་གཅིག་པ་དང༌། རྒྱུན་ གཅིག་པ་དང༌། ལས་དང་པོ་མིན་པའོ། །བསམ་པའི་ཡན་ལག་ནི་རང་བཞིན་དུ་གནས་པའོ། །དེ་དག་ནི་ཀུན་གྱི་ཐུན་མོང་ངོ༌། །ཕལ་ཆེ་བའི་ཐུན་མོང་ནི་གཉིས་ལས། ལུས་ཀྱི་ཡན་ལག་ནི་སྲོག་གཅོད་པ་དང༌། ཕམ་ལྷག་དང་པོ་གཉིས་དང༌། བརྐུ་བ་དང་བདུན་མ་གཏོགས་ 2-2-4a པ་ལ། ལུས་དེ་ཉིད་ཀྱི་ཁ་དོག་དང་དབྱིབས་སུ་གནས་པའི་ལུས་ཐ་མལ་པར་གནས་པ་དང༌། མཚན་གྱི་ཡན་ལག་ནི་ཕམ་པ་དང་པོ་སོགས་མཚན་ཉིད་ཇི་འདྲའི་ལྟུང་བ་སྡེ་ལྔ་མ་གཏོགས་པ་ལ་མཚན་ཉིད་དེ་ཉིད་ལ་སྦྱོར་བ་བྱས་ཤིང་མཚན་ཉིད་དེ་ཉིད་ལ་ མཐར་ཐུག་གྲུབ་པའོ། །ཐུན་མོང་མིན་པ་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ལས། གང་ལ་བརྩལ་བའི་ཡུལ་ནི་རྨའི་སྒོ་གསུམ་དང༌། མ་ཉམས་པ་དང༌། དང་པོའི་མཐའ་ཕན་ཆད། རྟེན་དུ་རུང་བའོ། །རྩོལ་བྱེད་ཀྱི་རྟེན་ནི། ནོར་བུ་དང་ལྡན་པ་དང༌། ནད་མེད་པ་ དང༌། ལས་སུ་རུང་བ་དང༌། རྒྱུད་དུ་གཏོགས་པའོ། །འདུ་ཤེས་ནི་འཁྲུལ་མ་འཁྲུལ་འདྲའོ། །ཀུན་སློང་ནི་མི་ཚངས་པར་སྤྱོད་འདོད་རྒྱུན་མ་ཆད་པའོ། །སྦྱོར་བ་ཡན་ལག་གིས་རྨ་ལ་རེག་པར་རྩོམ་པའོ། །མཐར་ཐུག་རེག་པའི་བདེ་བ་རྫོགས་པར་བདག་གིར་བྱས་པའོ། ། ཚིག་གི་དོན་ལ། ལུང་གི་བྱེ་བྲག་བཞི་ལས། རྣམ་འབྱེད་ཀྱི་བརྗོད་པ་ལ་གཉིས་ལས། ལྟུང་བའི་རྣམ་གཞག་ལ་མདོར་བསྟན་པ་ནི། བཅུག་ཅེས་པའི་སྒྲ་གནས་སྒྲུབ་པ་ལ་སྦྱར་ན་ནི་རྨའི་སྒོ་གསུམ་ཡིན་ཏེ། དེར་ཡན་ལག་གི་རྣམ་པ་གཞུག་པར་བྱ་བ་ཡིན་པའི་ཕྱིར་རོ། ། དེ་གསུམ་གྱི་བཅུག་པའི་རེག་པ་ཉམས་སུ་མྱོང་ན་ནི་སྟེན་པར་བྱེད་པའི་དགེ་སློང་ཕ་མ་ལ་བྱེད་པ་པོ་སྒྲུབ་པའི་ཕྱོགས་ལ་ནི་ཕོའི་དབང་པོ་ཡིན་ཏེ། རྨའི་སྒོ་གསུམ་དུ་དེ་འཇུག་པར་བྱ་བའི་ཕྱིར་རོ། །རྨའི་སྒོ་གསུམ་དང་ལྡན་པའི་ཕྱོགས་དེས་རེག་པ་ཉམས་པ་ཉམས་སུ་མྱོང་ན་ནི་ སྟེན་པར་བྱེད་པའི་དགེ་སློང་དང༌། དགེ་སློང་མ་ལ་ཕམ་པའོ། །དེ་ལྟར་མདོའི་བྱེ་བྲག་ཏུ་སྒྲུབ་པ་གཉིས་སོ། །དེས་ནི་ལན་གཉིས་སུ་བཟླས་པས་ཐོབ་བོ། །གཞན་རྒྱལ་བར་བྱེད་དུ་བཅུག་པ་ལ་ཡོད་པའི་ཉེས་པ་ནི་ཕམ་པ་ཡིན་ལ། དེ་བྱེད་པར་འགྱུར་བའི་ 2-2-4b ཕྱིར་ཕམ་པར་འགྱུར་བའོ། །ལུང་ལས་རབ་ཏུ་བྱུང་བ་སྡེ་ལྔ་ག་ལ་བྱེད་པ་པོ་དང་གནས་གང་རུང་གི་སྒོ་ནས་རོ་མྱང་བར་བྱེད་ན་བསྙིལ་དགོས་བར་གསུངས་སོ། །ཟག་བྱེད་དོ་ཞེས་པ་ནི་སྔར་གྱི་བྱེད་པའོ། །དེར་རོ་ནི་གཞན་སྒྲུབ་པའོ། །རྩོལ་བའི་ཟག་བྱེད་ལ་ ཇི་ལྟ་བུ་ལ་ལྟུང་བར་འགྱུར་བ་ནི། མ་ཉམས་པར་རོ། །ཡུལ་གཞན་པ་ནི། ཁའམ་ཞེས་སོ། །མ་ཉམས་པ་ལ་ཕམ་པ་ཡིན་ནོ། །ཉམས་པ་དག་ལ་ཅིར་འགྱུར་ཞེ་ན། ཉམས་པ་ཞེས་ཏེ། ལམ་དང་ཡན་ལག་གཉིས་ཀའོ། །བགྲོད་པར་བྱ་བ་ཕོ་མོ་མ་ནིང་ འཁྲིག་པ་སྤྱད་དུ་མི་རུང་བ་ལ། བགྲོད་པར་བྱེད་པ་པོའི་དབང་པོས་རྩོལ་བར་བྱེད་པ་ལ་ན་སྨད་དེ་གང་ལ་མཐར་སྦོམ་པོར་འགྱུར་བ་ལ་སྦྱོར་བ་ལ་ཉེས་བྱས་དང༌། གང་ལ་མཐར་སྦོམ་པོར་འགྱུར་བའི་རེག་པ་ལ་སོགས་པའི་སྦྱོར་བ་ལ་ཉེས་བྱས་དང༌། ཁྲི་ལས་ལྡང་བ་ལ་སོགས་པའི་སྦྱོར་བའི་སྦྱོར་ བ་ལ་ཉེས་བྱས་ཕྲ་མོའོ། །མི་མ་ཡིན་པ་ཞེས་པ་ནས་རང་གི་བསྟེན་པར་བྱར་རོ། །ཞེས་པའི་བར་ནི་བགྲོད་པར་བྱ་བ་ལ་དོགས་པ་བཅད་པའོ། །སྔར་ཞེས་པ་གཉིས་ནི། བགྲོད་པར་བྱེད་ཚུལ་ལ་དོགས་པ་བཅད་པའོ། །བསླབ་པར་བྱ་བ་ནི། བསྲུངས་པ་ཞེས་ཏེ། ཁ་ཅིག་གཉིས་ སུ་བྱེད་ཀྱང་འགྲེལ་པས་གསུམ་དུ་མཛད་དོ། །ཕྲན་ཚེགས་ཀྱི་བརྗོད་པ་ལ། ཁྱིམ་ལ་སོགས་པ་གང་དུ་བུད་མེད་ཀྱིས་ཚུལ་མ་ཡིན་པའི་བསམ་པས་རྗོད་པ་དང༌། དགོན་པ་ལ་སོགས་པ་གང་དུ་མི་མ་ཡིན་པས་འཁྲིག་པ་བསྟེན་པ་ལ་སོགས་པས་གནོད་པའི་ཕྱིར་ རྩལ་བདེར་ཞེས་སམ། འཛག་སྣོད་ལ་སྦོམ་པོར་གསུངས་པ་ནི། ཉོན་མོངས་པ་ཅན་གྱི་སེམས་ཀྱིས་ཡིན་ལ། འདིར་ནི་ཉོན་མོངས་པ་ཅན་མིན་པའི་ཆ་མ་ཡིན་པས་འཆང་བའོ། །སྐམ་པས་གདབ་ཅིང་བྱི་དོར་བྱ་བ་དང༌། དུས་དུས་སུ་བཀྲུས་སྐམ་པར་བྱའོ། ། 2-2-5a འཛག་སྣོད་ཀྱི་སྐོར་རྣམས་གནང་བའི་བསླབ་བྱར་བྱེད་པ་ཡོད་ཀྱང་བཅས་པ་དེ་དང་འབྲེལ་བའི་དགེ་སློང་ལ་སྒྲུབ་བཅས་སུ་གསལ་ལོ། །ཞུ་བས་བརྗོད་པ་ལ། ཡན་ལག་གི་མཚན་ཉིད་ནི་ཁའི་ཞེས་སོགས་སོ། །ལུས་ཉམས་ཀྱང་རྨ་མི་ ཉམས་པ་བསྟན་པའི་ཕྱིར་བགྲོད་པར་ཞེས་སོ། །དེ་ཡང་ལུས་ཡིན་གྱི། རྨའི་སྒོ་ཆེད་དུ་བཅོས་པ་ནི་མ་ཡིན་ནོ། །སེལ་བ་ཅིར་འགྱུར་དང་བཅས་པ་ནི། མངོན་པ་ཞེས་སོགས་སོ། །སྦོམ་པོའི་དབང་དུ་བྱས་པ་ཞེས་པས་ནི་མཐའ་ཉིད་ཅེས་པ་ཡན་ཆད་འཛིན་ ནོ། །བཙོས་པ་རྨའི་སྒོ་ཉམས་ན་སྤུ་ཡོད་མེད་འདྲ་མོད་ཀྱང༌། སྤུ་མེད་པ་སྨོས་པས་ནི་པགས་པ་མི་དང་འདྲ་བས་ཕམ་པར་འགྱུར་རམ་སྙམ་པའི་དོགས་པ་བསལ་བའི་ཕྱིར། ཤི་བའི་རྨའི་སྒོ་གསུམ་ཆར་ལ་དངོས་གཞིར་བསྟན་པ་ལ་ཁ་ལ་བྱེ་བྲག་སྨྲ་བར་འདོད་ ནས་མགོ་ཞེས་སོ། །དེ་ཡང་ལམ་གཞན་གཉིས་ནི་དངོས་གཞིའོ། །རྨའི་སྒོ་གསུམ་གྱི་གནས་སྐབས་ཀྱི་བྱེ་བྲག་བསྟན་ནས། ཕོའི་དབང་པོའི་སྦོམ་པོ་བསྟན་པའི་ཕྱིར་བསྟེན་པར་ཞེས་སོ། །དེ་ལ་བསྟེན་པར་བྱ་བ་ནི་རྨའི་སྒོ་གསུམ་མོ། །སྟེན་པར་བྱེད་པ་ནི་ ཕོའི་དབང་པོའོ། །གཉིས་ཞེས་པ་ནི་བསྟེན་བྱ་ལུས་ལས་ཐ་དད་དུ་བྱས་ཤིང༌། སྟེན་བྱེད་ཐ་མི་དད་དུ་བྱས་པ་དང༌། དེ་ལས་བཟློག་པའི་ཕྱོགས་གཉིས་སོ། །དང་པོ་ནི། གཞན་གྱི་བསྟེན་བྱ་ལུས་ལས་ཐ་དད་དུ་བྱས་པར་རང་གི་སྟེན་བྱེད་ལུས་ལས་ཐ་དད་དུ་མ་ བྱས་པ་སྦྱོར་བའོ། །འདི་ལ་རང་དང་གཞན་གྱི་བསྟེན་བྱ་ཐ་མི་དད་བྱས་ན་ཕམ་པར་འགྱུར་ཞིང༌། རང་གི་བསྟེན་བྱ་ཐ་དད་པར་བྱས་ན་སྟེན་བྱེད་དང་གཉིས་ཀ་རང་གི་ཕྱོགས་སུ་འགྱུར་བའི་ཕྱིར་རོ། །གཉིས་པ་ལ། དགེ་སློང་གི་དབང་དུ་བྱས་པ་ནི་རང་དང་གཞན་གྱི་ 2-2-5b སྟེན་བྱེད་ཐ་དད་པར་བྱས་པ་རང་གི་བསྟེན་བྱ་ཐ་དད་དུ་མ་བྱས་པར་སྦྱོར་བའོ། །དགེ་སློང་མའི་དབང་དུ་བྱས་པ་ནི། གཞན་ཁོ་ནའི་སྟེན་བྱེད་རང་གི་བསྟེན་བྱ་ཐ་མི་དད་དུ་བྱས་པར་སྦྱོར་བའོ། །དེ་ལྟར་ན་སྔ་མ་ལ་སྦོམ་པོ་གསུམ། བར་པ་ལ་བཞི་འམ་གཉིས། ཐ་མ་ལ་གསུམ་སྟེ། བརྒྱད་དམ་བཅུའོ། །རང་དང་གཞན་གྱི་བསྟེན་བྱ་སྟེན་བྱེད་གང་རུང་གཅིག་ཐ་དད་དུ་བྱས། གཅིག་ཐ་དད་དུ་མ་བྱས་པ་ལས་གཞན། གང་ཟག་གཞན་འབའ་ཞིག་གི་བསྟེན་བྱ་སྟེན་བྱེད་གཉིས་ཀ་ལུས་ལས་ཐ་དད་དུ་བྱས་པ་དང༌། ཐ་མི་དད་གཉིས་ ཀྱང༌ཕན་ཚུན་དུ་དང་གཞན་ཕོ་མོ་མ་ནིང་གི་བསྟེན་བྱ་སྟེན་བྱེད་གཉིས་དང༌ཅི་རིགས་པར། གཞན་དུ་སྟེ། དེ་གཉིས་རིགས་མཐུན་ནང་ལ་མ་ཡིན་གྱི། རིགས་མི་མཐུན་དུ་སྦྱོར་བར་བྱེད་ན་སྦོམ་པོ་སྟེ་འདི་ལས་དྲུག་གོ། །དེ་ལྟར་ན་གཉིས་ཀ་བསྡོམས་པས་བཅུ་བཞིའམ། བཅུ་དྲུག་ཏུ་འགྱུར་རོ། །འདུལ་ བྱེད་ཀྱི་བརྗོད་པ་ལ་གཉིས་ལས། ཐུན་མོང་བ་བསམས་པའི་མཚན་ཉིད་ནི། དགེ་སློང་གི་ཞེས་ཏེ། རྣམ་འབྱེད་ལས། མྱོས་པ། སེམས་འཁྲུགས་པ། ཚོར་བས་གཟིར་བ་རྣམས་ལ་ལྟུང་མེད་དུ་གསུངས་ལ། འདུལ་བྱེད་ལས། དེ་གསུམ་ལ་རྒྱུ་དུ་མཆིས། ངོ་བོ་ ཇི་ལྟ་བུ་ལགས་ཞེས་དྲིས་པའི་ལན་དུ། རྒྱུ་ལྔ་ལྔ་དང༌། ངོ་བོ་དགེ་སློང་དུ་མི་ཤེས་པར་གསུངས་པའི་ཕྱི་མ་འདིར་བསྡུས་པའོ། །དང་པོའི་རྒྱུ་ལྔ་ནི་ནོར་དང༌། ལོངས་སྤྱོད་ཟད་པ་དང༌། ཉེ་དུ་ཟད་པ་དང༌། འབྱུང་བ་ཆ་མ་སྙོམས་པ་དང༌། མི་མ་ཡིན་པའི་སྟོབས་དང༌། སྔོན་གྱི་ལས་ཀྱི་རྣམ་ སྨིན་ནོ། །གཉིས་པའི་རྒྱུ་ལྔ་ནི། མི་མ་ཡིན་པས་བརླམས་པ་དང༌། བཞིན་གྱི་མདངས་ཕྲོགས་པ་དང༌། རྡེག་པ་དང༌། ཁམས་མ་སྙོམས་པ་དང༌། ལས་ཀྱི་རྣམ་སྨིན་ནོ། །གསུམ་པའི་རྒྱུ་ལྔ་ནི། རླུང་དང་བད་ཀན་དང༌མཁྲིས་པ་དང༌། འདུས་པ་ཡོངས་གྱུར་པ་སྟེ། 2-2-6a ལས་ཀྱི་རྣམ་སྨིན་ནོ། །དགེ་སློང་དུ་མི་ཤེས་པས་ནི་བདག་ཉིད་ལ་བརྟན་པར་འཇུག་མི་ནུས་པར་བསྟན་ལ། དེས་ཡུལ་དང་བྱ་བ་ལ་བརྟན་པར་འཇུག་མི་ནུས་པ་ཡང་མཚོན་ནོ། །སྨྱོ་བ་སོགས་གསུམ་གྱི་ཁྱད་པར་ནི། རྒྱུ་སོ་སོས་བསྐྱེད་ པའི་བསམ་པ་འདྲེན་མར་གནས་པ་དང༌། རང་བཞིན་དུ་མི་གནས་པ་ལ་རྒྱུན་དུ་གནས་པ་དང༌། དེའི་སྟེང་དུ་ལུས་ཀྱང་ལས་སུ་མི་རུང་བར་གནས་པའོ། །ཞེས་སྔ་མ་རྣམས་ཟེར་རོ། །ཐུན་མོང་མ་ཡིན་པ་ལ་ལྟུང་བ་རྣམ་དག་གིས་སེལ་བ་ལ་ན་སྨད་པ་ནི་ ཉམས་པ་སོགས་ཏེ་ཕྱིན་ཚུལ་ནི་ནང་ནས་བརྩམས་པའོ། །འཁྲུགས་ཞེས་པ་ནི་བཏང་བ་སྟེ། གང་འཁྲུགས་ན་བཅུ་གཉིས་སྤོང་བྱེད་ཀྱི་དགེ་སློབ་མའི་བསླབ་པ་ཡིན་གྱི། དགེ་ཚུལ་མའི་བསླབ་པ་ནི་མ་ཡིན་ཏེ། དབེན་པ་བ་སྡིག་ཅན་གྱི་ལྷན་ ཅིག་སྦྱར་བའི་གནས་སྐབས་ན་ཉམས་སུ་མ་མྱོང་བའི་ཕྱིར་རོ། །གཞན་དུ་ན་ཕམ་པ་དང་འདྲ་བའི་ཉེས་བྱས་འབྱུང་བས། དེའི་ལུས་ལ་སྐྱེ་བའི་ཆོས་ཉིད་མེད་པར་འགྱུར་རོ། །གང་གིས་ཚེ་འཁྲུགས་ན་རང་ལ་གཞན་གྱིས་བསྟེན་པའི་ཕྱིར་རྗོད་པ་ན་དེ་ལྟ་བུ་རུང་ངོ༌། ། ཞེས་དགེ་སློབ་མས་གཞན་ལ་ཁས་བླངས་པའི་ཕྱིར་ན་མྱོང་བའི་ཕྱིར་ཡིན་གྱི། བཙལ་བའི་དུས་སུ་ནི་མ་ཡིན་ཏེ། མངོན་པར་མི་དགའ་བའི་ཕྱིར་རོ། །ཁས་བླངས་པའི་དུས་ཁོ་ནར་ཉེས་བྱས་བྱུང་ལ། དེ་ཉིད་གཏོང་བའི་རྒྱུ་ཡང་ཡིན་ནོ། །སྐྲག་པ་དང༌། ངོ་ཚ་བས་ཀྱང་ ཞེས་པ་ནི། མཚམས་ལས་འདས་ཀྱང་ཉམས་སུ་མྱོང་བ་བདག་གིར་བྱེད་པ་མེད་པས་མཐར་ཐུག་གི་དེ་ལ་བྱའོ། །འོ་ན་ཀླུ་རང་གི་ལུས་སྦྲུལ་དུ་རྒྱུ་ལྔ་ལས་ཆགས་པའི་སྟོབས་ཀྱི་སྤྲུལ་པ་ཞིག་ལ་ལུས་ཀྱིས་ཉམས་སུ་མྱོང་བ་མིན་ནམ། དེས་ན་བསྟེན་ 2-2-6b གྱིས་ཀྱང་མྱོང་བས་ཕམ་པར་རིགས་སོ་ཞེ་ན། འདི་ལ་ཁ་ཅིག་སྔོན་ལ་ཡུལ་གྱིས་ཉམས་སུ་མྱོང་བ་ཡིན་ཟེར་རོ། །དེ་ལྟར་ན་རྣམ་པར་དག་པ་ལ་སུན་འབྱིན་གྱི་བར་ཆད་མི་སྲིད་པས་དེས་ན་སྦྱོར་བའི་ཆགས་པས་སྤྲུལ་པ་ཞིག་ཟེར་རོ། །བརྡོས་པ་ཞེས་པ་ནི། རེག་པ་ ཉམས་སུ་མྱོང་བར་མི་བྱེད་པའི་དབང་དུ་བྱས་པའོ། །མི་འདོད་བཞིན་དུ་ཞེས་པ་ནི། ཕྱུགས་ཞེས་པ་ལ་ཡང་སྦྱར་རོ། །ཤེས་བཞིན་ཞེས་པ་ནི། འོག་མ་གསུམ་ལ་ཡང་སྦྱར་ཏེ། བུད་མེད་ལ་རེག་པ་སྤང་བའི་ཕྱིར་རོ། །ལེགས་པར་ཞེས་པ་ནི། རབ་ཏུ་བྱུང་འདོད་ ལེགས་པར་སོ་སོར་བརྟག་པ་བྱས་ནས་རབ་ཏུ་བྱུང་བར་བྱའོ། །འདི་རབ་ཏུ་འབྱུང་བའི་གཞིར་དོན་གྱིས་བསྟན་མོད་ཀྱང༌། འདིར་བརྗོད་པ། གལ་ཏེ་བུད་མེད་སྐྱེས་པ་གཞོན་ནུ་འདྲ་བ་རབ་ཏུ་བྱུང་སྟེ། དགེ་སློང་དག་གི་ནང་དུ་བཞག་ན་གནོད་པ་ཆེ་བར་འགྱུར་བས། རབ་ཏུ་འབྱུང་ འདོད་རྟོག་པ་ལ། གུས་པ་ཆེན་པོ་བསྐྱེད་པའི་ཕྱིར་རོ། །འདི་ལྟར་བསླབ་པ་ཐམས་ཅད་ལ་སྦྱོར་བ་ལྷོད་ན་ཉེས་བྱས་སུ་འགྱུར་བས་མི་ལྷོད་པར་བྱ་དགོས་ལ། ལྷག་པར་ཡང་རབ་ཏུ་བྱུང་བ་ལ་བྱ་དགོས་སོ། །ཞེས་ཊཱི་ཀྐ་ལས་སོ། །འདི་ལ་ཁ་ཅིག་དེ་ལྟ་ན་མཚུངས་པའི་ཕྱིར་ གཞིའི་ཆོས་ཀུན་སྨོས་དགོས་པར་འགྱུར་ཞེས་བཀག་ནས། མཚན་གྱི་དབྱིབས་ཐ་དད་པའི་དབྱིབས་དང༌། ཁ་དོག་འདྲ་བ་རབ་ཏུ་འབྱིན་པ་བཀག་སྟེ། ཕམ་པའི་རྒྱུར་འགྱུར་བའི་ཕྱིར་རོ། །ཞེས་རང་ལུགས་འཇོག་པ་ནི་མི་རིགས་ཏེ། ཕྱོགས་སྔ་མར་བྱས་པའི་དོན་ཡང་དེ་ ཉིད་ཡིན་པའི་ཕྱིར་རོ། །རབ་བྱུང་གཞིའི་ཆོས་ཀུན་སྨོས་དགོས་པར་མི་འགྱུར་ཏེ། འདི་དང་གཞིའི་ཆོས་གཞན་ལ་ཕམ་པ་དང་པོའི་རྒྱུར་འགྱུར་བའི་དགག་བྱ་ཡོད་མེད་གཏན་མི་མཚུངས་པའི་ཕྱིར་རོ། །དགེ་སློང་མས་ཞེས་པར་ཡང་གིས་ནི། གྲོགས་མོ་ཡོད་དུ་ཟིན་ཀྱང༌། 2-2-7a དེར་བློས་དབབ་པ་མི་བྱ་བར་སྟོན་ནོ། །མ་བྱིན་པར་ལེན་པ་ལ་་་་་་་། རྣམ་འབྱེད་ཀྱི་བརྗོད་པ་ལ་བཞི་ལས། གཞི་ལ་གཉིས་ཏེ། གང་ལ་རྐུ་བའི་ཡུལ་དང་གང་བརྐུ་བའི་དངོས་པོའོ། །དང་པོ་ནི། མི་ཡིན་ པ། རང་ལ་རྫས་ཀྱི་སྒོ་ནས་ཐ་དད་པ་སྟེ་གཉིས་སོ། །གཉིས་པ་ནི། ཡུལ་དེར་དུས་དེའི་ཚེ་སྦྱོར་བ་གཅིག་གིས་བརྐུ་བྱ་རྐུ་བྱེད་ལ་བལྟོས་པའི་ཀརྵ་པ་ཎ་བཞི་ཆ་ཚང་བ་དང༌། ཡུལ་དེར་དབང་ཞིང་བདག་གིར་བྱས་བ་དང༌། མི་དབང་བ་སྟེ་གསུམ་མོ། །བསམ་པ་ལ་ གཉིས་ལས། འདུ་ཤེས་ནི་ཡིད་གཉིས་ཕན་ཆད་ཀྱིས་རྣམ་པ་མ་དོར་བའི་མ་འཁྲུལ་བ་དང༌། ཀུན་སློང་ནི་གཞན་གྱི་ཡིན་ཏེ། མ་གནང་ཡང༌། བདག་ཉིད་ཀྱི་འཚོ་བའི་ཆེད་དུ་གཏན་དུ་འབྲལ་འདོད་རྒྱུན་མ་ཆད་པའོ། །སྦྱོར་བ་ནི། གང་ལ་བསམ་པ་དེ་ཉིད་ལ། རང་ངམ་ བསྐོས་པས་ལུས་ངག་ཏུ་གྲུབ་པར་བྱས་པའོ། །མཐར་ཐུག་དེའི་རྐྱེན་གྱིས་ཐོབ་བློ་སྐྱེས་པ་ཞེས་ཟེར་རོ། །ཚིག་གི་དོན་ལ་གཉིས་ལས། ལྟུང་བ་རྣམ་གཞག་ལ་གཉིས་ལ་མདོར་བསྟན་པ་ནི། གང་བྱས་ན་མ་བྱིན་པར་ལེན་པའི་ཕམ་པར་འགྱུར་ཞེ་ན། དགེ་སློང་གིས་གང་ལ་བརྐུ་ བའི་ཕྱིར་རང་ཁོ་ནས་བྱ་བ་བྱེད་པས་བརྐུ་བའམ། རང་གིས་བཅོལ་ནས་གཞན་གྱི་རྫས་རྐུ་བར་བྱེད་པའི་བརྐུར་བཅུག་པ་དག་གིས་བརྐུས་ནའོ། །རང་གི་ལུས་ངག་འབའ་ཞིག་ཏུ་ཡང་མ་ཟད་དེ། མངགས་པས་བརྐུ་བའམ། བརྐུར་བཅུག་པ་དག་གིས་ཀྱང་ངོ༌། །རྐུ་བ་ནི་མངགས་པ་ རང་གིས་ལུས་ཀྱིས་བྱེད་པའོ། །བརྐུར་བཅུག་པ་ནི། མངགས་པས་སོང་ལ་རང་གིས་རྐུས་ཤིག་སོང་ལ་རྐུར་ཆུག་ཅིག་ཅེས་བྱེད་དུ་བཅུག་པའོ། །མངགས་པའི་མངགས་པས་བརྐུས་པ་ལ་ཡང་བྱེ་བྲག་མེད་དོ། །ཅི་ཞིག་བརྐུ་བའམ། རྐུར་བཅུག་པ་དང༌། མངགས་པས་ 2-2-7b ཀྱང་ཁ་ན་མ་ཐོ་བ་དེར་འགྱུར་ཞེ་ན། མ་བྱིན་པ་ཞེས་ཏེ། བྱིན་པ་ལ་ཡང་རྐུ་སེམས་ཀྱིས་ལེན་པ་སྲིད་པས་བྱེ་བྲག་ཏུ་བྱའོ། །ཚད་ཅི་ཙམ་ཞེ་ན། མ་ཤ་ཀ་ཞེས་སོ། །སེམས་ཇི་ལྟ་བུས་ཤེ་ན། རྐུ་སེམས་ཀྱིས་སོ་ཅི་མི་མ་ཡིན་པའི་རྒྱུད་ཀྱིས་ཡོངས་ སུ་བཟུང་བའམ་ཞེ་ན། མི་ཡིས་ཞེས་སོ། །དེ་ཡན་ཆད་ལ་མདོ་དང་པོ་གཉིས་སྦྱར་རོ། །མིས་བཟུང་བའི་རྫས་ལ། འགྲོ་བ་གཞན་གྱིས་བཟུང་བའི་འདུ་ཤེས་ཀྱིས་རྐུ་ན་ཁ་ན་མ་ཐོ་བ་དེ་ཉིད་དུ་འགྱུར་རམ་ཞེ་ན། མིའི་རྒྱུད་ཀྱིས་ཡོངས་སུ་བཟུང་བ་དེར་འདུ་ཤེས་པས་སོ། །དེ་ལྟར་ ན་མ་བྱིན་པར་ལེན་པའི་ཕས་ཕམ་པ་ནི། ཡན་ལག་ལྔ་དང་ལྡན་པ་ཡིན་ཏེ། མ་བྱིན་པ། མ་ཤ་ཀ་ལྔ་ལ་སོགས་པ། བརྐུ་སེམས། མིའི་རྒྱུད་གྱིས་བཟུང་བ། དེར་འདུ་ཤེས་པ་སྟེ། ཡན་ལག་གང་ཡང་རུང་བ་མ་ཚང་ན་ན་སྨད་པ་ཁོ་ནར་འགྱུར་རོ། །རྒྱས་པར་བཤད་པ་ལ་ཡན་ ལག་གི་མཚན་ཉིད་ལ་གསུམ་ལས། བདག་པོའི་མཚན་ཉིད་ཀྱི་སྤྱི་དོན་ལ་གསུམ་སྟེ། མཚན་ཉིད་དང༌། དབྱེ་བ་དང༌། འདོམས་ན་གང་གཙོ་བོའི་དོན་ནོ། །དང་པོ་ལ། ཁ་ཅིག །དངོས་པོ་ལ་མི་དེར་དབང་བ། བསམ་པས་བཟུང་བ། གཞན་ལ་མ་བསྔོས་པ་དང༌། གསུམ་ལྡན་དུ་འདོད་ལ། ཁ་ཅིག །རིགས་མ་འཕོས་པ་དང་བཞིར་འདོད་པ་ལ། གཞན་དག་ན་རེ། དེ་དག་བདག་པོ་ཙམ་གྱི་མཚན་ཉིད་དུ་བྱེད་ན། དང་པོ་གཅིག་བུས་ཆོག་པས་ལྷག་མ་དོན་མེད་ཅིང༌། ཕམ་པ་སྐྱེད་ནུས་ཀྱི་བདག་པོའི་མཚན་ཉིད་དུ་བྱེད་ན། དུད་འགྲོ་དང་ མི་མ་ཡིན་ལ་ཧ་ཅང་ཐལ་ལོ། །གཞན་ཡང་གསུམ་པ་སྨོས་མི་དགོས་ཏེ། དང་པོར་འདུས་པའི་ཕྱིར་རོ། །དེས་ན་དངོས་པོ་ལ་དབང་ཞིང་བདག་གིར་བྱས་པའོ། །གཉིས་པ་ལ་དབྱེ་བའི་གཞི་ནི། བདག་པོ་ཙམ་མོ། །དབྱེ་བའི་སྒོ་ནི། མཚན་ཉིད་ཐ་དད་པའི་སྒོ་ནས་བཞི་སྟེ། 2-2-8a བསམ་པ་དང་སྦྱོར་བས་བདག་པོར་གྱུར་པ་དང༌། ཡུལ་གྱི་ཆོས་ཀྱིས་བདག་པོར་གྱུར་པ་དང༌། རིགས་བརྒྱུད་ཀྱིས་བདག་པོར་གྱུར་པ་དང༌། སངས་རྒྱས་བཀའ་སྩལ་གྱི་སྟོབས་ཀྱིས་བདག་པོར་གྱུར་པའོ། །དང་པོ་ལ་གསུམ་སྟེ། སྦྱིན་པ་པོས་ བཏང་ཞིང་ལེན་པ་པོས་བདག་ཏུ་བྱས་པ་དང༌། སྦྱིན་པ་པོས་ཡོངས་སུ་བཏང་བ་ཙམ་གྱིས་བདག་པོར་གྱུར་པ་དང༌། བདག་པོ་མེད་པ་ལ་ལེན་པ་པོས་བསམ་སྦྱོར་གྱིས་བདག་གིར་བྱས་པ་ཙམ་གྱིས་བདག་པོར་གྱུར་པའོ། །གཉིས་པ་ནི། ཤོ་གམ་ནི་སྲུང་བ་པོ་དབང་ བ་ལྟ་བུའོ། །གསུམ་པ་ནི། ཕའི་ནོར་བུ་དབང་བ་ལྟ་བུའོ། །བཞི་པ་ལ་གསུམ་སྟེ། སངས་རྒྱས་ལ་ཕུལ་བ་ནི། དེ་ཁོ་ན་དབང་བ་དང༌། ཆོས་ལ་གཉིས་ལས། དོན་དམ་པའི་ཆོས་ལ་ཕུལ་བ་དེ་ཁོ་ན་དབང་གི། གང་ཟག་གིས་སྤྱད་དུ་མི་རུང་བ་དང༌། བརྡར་བརྟགས་པའི་ཆོས་ལ་ གཉིས་ལས། སྒྲུབ་པའི་ཆོས་ལ་ཕུལ་བ་ནི། དགེ་འདུན་གྱི་རྙེད་པ་སྟེ། དེའི་རྒྱུད་ལ་མངའ་བའི་ཕྱིར་རོ། །ལུང་གི་ཆོས་ལ་ཕུལ་བ་ནི། གཙུག་ལག་གི་ཚིགས་སུ་བཅད་པ་གཅིག་ཡན་ཆད་འཛིན་པར་དབང་ངོ༌། །དགེ་འདུན་ལ་གཉིས་ཏེ། དུས་དང་བློ་བུར་གྱི་རྙེད་པ་ལ་བདག་པོར་ འགྱུར་ཚུལ། ཤི་བའི་ཡོ་བྱེད་ཀྱི་རྙེད་པ་ལ་བདག་པོར་འགྱུར་ཚུལ་ལོ། །དང་པོ་ལ་གཉིས་ལས། དུས་ཀྱི་རྙེད་པ་ལ་བདག་པོར་འགྱུར་ཚུལ་ནི། སྲ་བརྐྱང་གི་རྙེད་པ་དེར་གཏོགས་དབང་བ་དང༌། དབྱར་རྙེད་ལ་ཡུན་རིང་དུ་གནས་པ་བདག་པོར་འགྱུར་བའོ། །གློ་བུར་ དུ་རྙེད་པ་ལ་བཞི་སྟེ། ཁྲིམས་སུ་བྱས་པ་དང༌། མཚམས་ཀྱིས་བསྒྲུབས་པ་དང༌། སོ་སོར་ངེས་པ་དང༌། མངོན་དུ་གྱུར་པ་སྟེ། ཡོན་བདག་གམ་མཆོད་གནས་ཀྱིས་ཇི་ལྟར་དབང་བར་ཁྲིམས་སུ་བྱས་པ་དང༌། དགེ་འདུན་ཙམ་ལ་བྱེ་བྲག་ཏུ་མ་ཕྱེ་བར་ཕུལ་བ་མཚམས་ 2-2-8b གཅིག་གི་ཁོངས་སུ་གཏོགས་པ་རྣམས་དབང་བ་དང༌། སྡེ་པའམ་གང་ཟག་འདི་ལ་འབུལ་ཟེར་ན་དབང་བ་དང༌། སྦྱིན་བདག་གི་མངོན་སུམ་ན་གནས་པ་དེ་ཉིད་དབང་བ་སྟེ་གོ་རིམ་བཞིན་ནོ། །ཤི་བའི་ཡོ་བྱད་ལ་བདག་པོར་གང་འགྱུར་བ་ལ་གཉིས་ཏེ། རབ་བྱུང་དང༌། རྟགས་ ཅན་ཤི་བའི་ཡོ་བྱད་ལ་བདག་པོར་གང་འགྱུར་བའོ། །དང་པོ་ལ་གཉིས་ཏེ། དགེ་འདུན་ལ་དབང་བ་དང༌། མི་དབང་བའི་རྙེད་པའོ། །དེ་ལ་ལྔ་སྟེ། ཤི་བའི་སྔ་རོལ་ཏུ་ངེས་པར་བྱས་པ་དང༌། བུ་ལོན་པའི་རྫས་ཇི་ཙམ་སྤོང་བ་དང༌། སྡེ་ཚན་གྱི་ཡོ་བྱད་དང༌། ནད་གཡོག་གི་ཡོ་བྱད་དང༌། ཁྱིམ་ན་ གནས་པའི་རྙེད་པའོ། །ཕྱི་མ་གཉིས་ནི། ཆོས་ལྔ་དང་ལྡན་པས་དབང་སྟེ། སྡེ་ལྔའི་སྡོམ་པ་གསོ་རུང་ཡན་ཆད་དང་ལྡན་པ་དང༌། ཤི་བ་དང༌། ལྟ་སྤྱོད་ཀྱི་སྒོ་ནས་མཐུན་པ་དང་མཚན་མཐུན་པ་དང༌། གནས་ནས་མ་ཕྱུང་བ་ནི་ཐུན་མོང་ཡིན་ལ། གཡོག་གི་བྱ་བ་བྱས་པ་དང༌། ཡོ་བྱད་ ཀྱིས་འཕོངས་པ་ནི་སོ་སོར་རོ། །ལྷག་མ་ནི་དགེ་འདུན་དབང་བའི་རྙེད་པ་སྟེ། གླེགས་བམ་ལ་སོགས་པ་བཞག་པ་དང༌། གོས་ལ་སོགས་པ་བགོ་བ་དང༌། འབྲུ་ལ་སོགས་པ་བཟའ་བཅར་ཅི་རིགས་སུ་བྱའོ།། རྟགས་ཅན་ཤི་བའི་ཡོ་བྱད་ལ་རིན་པོ་ཆེ་དང་འབྲུ་ལ་སོགས་པ་ལ་དཀོན་ མཆོག་གསུམ་བདག་པོར་འགྱུར་ལ། ཁྱད་པར་དུ། མུ་ཏིག་ནི་སངས་རྒྱས་ལ་དབང་ཞིང༌། གཞན་རྣམས་ནི་ཅི་རིགས་པའོ། །གོ་ཆ་ལ་སོགས་པ་ནི། རྒྱལ་པོ་འཁོར་དང་བཅས་པ་ལ་དབང་ངོ༌། །འདོམས་ན། གང་གཙོ་བོ་ནི། རགས་པར་ནི་ཁྱིམ་པའི་རྫས་ལ་ཡུལ་ཆོས་གཙོ་ཞིང༌། རབ་བྱུང་གི་རྫས་ལ་སངས་རྒྱས་ཀྱིས་ཇི་ལྟར་གསུངས་པ་གཙོ་བོའོ། །ཞིབ་མོར་ནི། དང་པོར་ཤི་བའི་གོང་དུ་ངེས་པར་བྱས་པ་དང༌། དེ་ནས་བུ་ལོན་པ་དང༌། དེ་ནས་ནད་གཡོགས་པ་དང༌། དེ་ནས་མཚན་གྱིས་ཏེ། རིགས་བརྒྱུད་ནི་མི་དབང་ངོ༌། །ཚིག་གི་དོན་ནི་མིའི་རྒྱུད་ཀྱིས་ 2-2-9a བཟུང་བ་ཞེས་སྨྲས་ན། རླུང་ལ་སོགས་པས་ཁྱེར་བ་དེ་བདག་པོ་དང་བྲལ་བ་ཡིན་ནམ་མིན་ཞེ་ན། བཙོ་བླག་མཁན་གྱི་གོས་དང༌། དགེ་སློང་གི་ཡོ་བྱད་རླུང་དང༌། རྐུན་པོ་ལ་སོགས་པ་དག་གིས་ཁྱེར་བ་ཉིད་ན། བདག་པོས་བདག་གི་བའི་བསམ་ པས་བཏང་བ་ནི། དང་པོའི་བདག་པོ་ཉིད་དང་མ་བྲལ་བ་དང་བྲལ་བ་ཉིད་ཡིན་པས། དང་པོ་ལེན་ན་ཕམ་པར་འགྱུར་ཞིང༌། ཕྱི་མ་ལ་ན་སྨད་དོ། །ཕྱི་མ་ལ་བདག་གིར་བྱེད་པའི་བསམ་པ་བཏང་བ་ནི་མ་བྱིན་ལེན་དུ་འགྱུར་རོ། །མིའི་རྒྱུད་ཀྱིས་བཟུང་བ་ཞེས་གསུངས་ན། མིའི་བདག་པོ་དང་བཅས་པའི་དུད་འགྲོའི་རྫས་རྐུ་ན་ཅི་འགྱུར་ཞེ་ན། འཇིག་རྟེན་གྱི་ཐ་སྙད་སྨྲ་མི་ཤེས་པ་དབང་བའི་རྫས་ནི་སྐྱོང་བའི་ཞལ་ཏ་བྱེད་པ་བདག་པོ་ཉིད་ཡིན་ནོ། །གཉིས་ཀ་དབང་ན་འདུ་ཤེས་ཀྱིས་བཞག་སྟེ། བྱ་ལ་བཏགས་པའི་རྒྱན་ལྟ་བུ་ལ། འདི་ནི་མི་ཡི་ ཡིན་གྱི། བྱ་ལ་ག་ལ་ཡོད་སྙམ་ན་རིན་ཐང་བརྩི་བར་བྱ་ཞིང༌། དེ་ལས་ལྡོག་ན་ན་སྨད་དོ། །ཅི་དུད་འགྲོའི་ཟས་སྐོམ་རྐུ་བ་ལ་ཡང་དེ་ཉིད་རྣམ་པར་བཞག་གམ་ཞེ་ན། བཟའ་བཏུང་གི་ཞེས་སོ། །ནགས་མེས་བཏང་བ་ལ་སོགས་པ་དག་གིས་རི་དྭགས་ལ་སོགས་ པ་གསོད་པ་ན་བདག་པོ་གང་ཡིན་ཞེ་ན། ནང་ཞེས་ཏེ། ལིངས་པ་མ་ཡིན་པའི་རྐུ་སེམས་ཀྱིས་ལེན་པར་བྱེད་ན་རྐུན་པོར་འགྱུར་ཏེ། བདག་པོ་གཞན་ཡོད་ཀྱང་དེའི་དུས་ན་ལིངས་པ་ཁོ་ན་དབང་བའི་ཕྱིར་རོ། །རི་དྭགས་ལ་སོགས་པ་སྨོས་པ་ནི་མཚོན་པ་སྟེ། ཕྱུགས་ དང༌། མི་ལིངས་བཏབ་པ་བདག་པོ་དང་བཅས་མ་བཅས་རྣམས་ཀྱང་འདྲའོ། །བདག་པོ་མ་ངེས་པའི་རྫས་ལ་ལྟུང་བ་ཇི་ལྟར་བཞག་ཅེ་ན། འདི་བདག་པོ་དང་བཅས་པ་ཞིག་གམ། འོན་ཏེ་མིན་ཞེས་བྱེ་བྲག་མ་ཕྱེད་པ་གཏེར་ལ་སོགས་པའི་རྫས་གང་ཡང་རུང་ 2-2-9b བ་བརྐུས་པ་ལ་ནི། གཞིའི་ངོ་བོ་ཉིད་ནས་ལྟུང་བ་རྣམ་པར་བཞག་གི། འདུ་ཤེས་ལས་ནི་མིན་ཏེ། བདག་པོ་དང་བཅས་པ་ཞིག་ན་ཡན་ལག་ཚང་ན་ཕམ་པ་དང༌། བདག་པོ་མེད་ན་སྦོམ་པོའོ། །བདག་པོ་མ་ཡིན་པ་ལ་ཡིན་པར་འདུ་ཤེས་པའི་ཆ་ནས་བརྐུས་ན་དེ་ལ་བལྟོས་ པའི་ན་སྨད་པ་རེ་རེར་འགྱུར་ཏེ། དེ་ལ་བརྐུ་སེམས་ཡོད་པའི་ཕྱིར་དང༌། དོན་དང་ཕྲད་པ་མེད་པའི་ཕྱིར་རོ། །གྲངས་ཇི་སྙེད་པའི་ལྟུང་བ་འབྱུང་མི་འབྱུང་ནི། ཐམས་ཅད་ཀྱི་ཡིན་ཡང་སྐུ་སྙམ་པ་བྱུང་མ་བྱུང་གི་སྟེ། སྔ་མ་སྲིད་པ་ཙམ་མོ། །རིན་ཐང་གི་མཚན་ཉིད་ནི། རིན་ ཐང་ཞེས་སོ། །འོ་ན་སྦྱོར་བ་གནས་དང༌། དུས་གཞན་དུ་བྱས་ཤིང་མཐར་ཐུག་གཞན་གྱི་ཚེ་གྲུབ་ན་ཇི་ལྟར་ཞེ་ན། མཐར་ཐུག་གི་གནས་དང་དུས་ཀྱིས་བཞག་སྟེ། བཤིག་སྟེ་ཞེས་བཤིག་པའི་ཚེ་རིན་ཐང་བརྩི་བར་གསུངས་པའི་ཕྱིར་རོ། །དེའི་ཚེ་ལུས་བྱེད་པ་པོ་དང་མི་འགལ་ཏེ། མེད་མི་རུང་གི་སྦྱོར་བ་དེའི་ཚེ་ན་ཡོད་པས་སོ། །དེ་ལ་ལེན་པ་པོས་ཐོབ་ཀྱང་རྫས་བདག་གིས་ཤོར་བ་མེད་པར་མི་རིགས་སོ་ཞེ་ན། མཐར་ཐུག་གི་དུས་ན་བསམ་པ་བཏང་ན་དོགས་པ་མེད་ལ། མ་བཏང་ན་རྫས་དང༌། བདག་པོ་ཡུལ་སོ་སོར་གནས་ཀྱང་ཤོར་བ་ཡོད་དོ། །དེ་ལྟ་ན་ ཡུལ་གཞན་ནས་གཞན་དུ་སྤོགས་བྱས་པའི་སྐྱེད་ལ་ཐོབ་བློ་སྐྱེས་ནའང་ཕམ་པར་ཐལ་ལོ་ཞེ་ན། སྔ་མ་བརྐུས་པའི་སྦྱོར་བ་དེ་ཉིད་ཀྱི་རྐྱེན་གྱིས་རིན་ཐང་ཚང་བ་ཐོབ་ཅིང་ཤོར་བ་ཡིན་ལ། འདི་ནི་སྤོགས་ཀྱིས་སྦྱོར་བ་གཞན་གྱིས་རིན་ཐང་ཚང་བ་ཐོབ་པས་མི་མཚུངས་སོ། །སྦྱོར་ བའི་སར་རིན་ཐང་ཚང་ན་ཐོབ་པ་ལ། རིན་ཐང་མ་ཚང་བའི་སར་ཐོབ་བློ་སྐྱེས་ན་བདག་པོ་དང༌། རྐུན་མའི་གནས་གང་ཉེ་བས་འཇོག་ལ། མཉམ་ན་ནི་རྐུན་མའི་གནས་ཀྱིས་འཇོག་སྟེ། སྒྲ་མི་སྙན་དུ་རྐུ་ན་རྐུན་མའི་ཡུལ་གྱིས་འཇོག་པ་བཞིན་ནོ། །སེལ་བ་ལ་ 2-2-10a སྤྱིའི་དོན་ལ་བཞི་སྟེ། དབྱེ་བ། མཚན་ཉིད་གང་གིས་སེལ་བ་གང་ཡིན་པ། འདས་ན་ཅིར་འགྱུར་ཐ་དད་པ་དང་བཅས་པའོ། །དབྱེ་གཞི་ནི། སེལ་བ་ཙམ་མོ། །དབྱེ་སྒོ་ནི་ཡན་ལག་གི་རྗེས་སུ་འབྲང་ནས་ཡིན་ཏེ། འདི་ལྟར་ཡན་ལག་ལ་ཐུན་མོང་ཡིན་མིན་ གཉིས་ཡོད་པ་དང༌། ཐུན་མོང་བ་ལ་བསླབ་པ། བསམ་པ། ལུས། མཚན་བཞི་ཡོད་པ་ལྟར་དེ་དང་དེའི་སེལ་བའི་གྲངས་ཀྱང་དེ་ལྟར་དང༌། ཐུན་མོང་མིན་པ་ལ་གཞི་ལ་སོགས་པ་བཞི་ཡོད་པ་ལྟར་དུ་སེལ་བའང་དེ་དང་འདྲ་བར་རོ། །གཉིས་པ་ལ་མཚན་གཞི་ནི། དེ་དག་གང་ཡང་རུང་བའོ། །མཚོན་བྱ་ནི་སེལ་བའོ། །མཚན་ཉིད་ནི་རང་རང་གི་དངོས་གཞི་བསྐྱེད་པ་ལ་གེགས་སུ་གནས་པའོ། །རང་རང་གི་ཞེས་པ་ནི། དུད་འགྲོ་གསོད་པ་དེ་ཕམ་པའི་གེགས་སུ་གནས་ཀྱང་ལྟུང་བྱེད་ཀྱི་སེལ་བར་མི་འགྱུར་བས་གང་གི་གེགས་སུ་སོང་བ་དེའི་ སེལ་བར་གོ་བའི་ཆེད་དུའོ། །དངོས་གཞིའི་གེགས་ཞེས་མ་སྨོས་ན་ཡན་ལག་རྣམས་ལའང་རང་རང་གི་མཚན་ཉིད་ཡོད་པ་ཁྱབ་ཆེས་པ་སྤང་བའི་ཕྱིར་རོ་ཞེས་ཟེར་ཏེ། སྦྱོར་བ་གཉིས་དང༌། བསླབ་བྱའི་ཉེས་བྱས་ཀྱི་སེལ་བ་ལ་མ་ཁྱབ་པ་འདྲའོ། །གསུམ་པ་ནི། ཅི་རིགས་སུ་ཤེས་པར་བྱ་བ་སྟེ། སྐབས་འདིར་ནི་མ་བསམ་པ་ཞེས་སོགས་རྐུ་སེམས་ཀྱིས་སེལ་བ་སྟེ། དེ་ཡང་མ་བསམ་པ་ནི་གཞན་གྱི་ཡིན་ཏེ་སྙམ་པ་དང་རྙ་པ་དང༌། ཡིད་གཅུགས་ནི་མ་གནང་ཡང༌། སྙམ་པའི་སེལ་བའོ། །སྔར་ཞེས་དང༌། ནོམ་པ་དང༌། ཕྲི་བ་ ཞེས་དང༌། ཕུར་བ་ཞེས་པ་ནི་སེལ་བ་ལ་གཙོ་བོར་མ་ཞུགས་པར་དོགས་པ་སློང་བ་དང༌། ཡུལ་གྱི་དབྱེ་བ་སྟོན་པ་སྟེ། སྔར་རྐུ་བའི་སྦྱོར་བ་སྒྲུབ་པ་ལ་ཕྱིས་འགྱོད་ན་སྔ་མ་འདག་གམ་སྙམ་པ་སྤང་བ་དང༌། སྦྱོར་བ་ལ་སྦོམ་པོ་དང༌། སྦྱོར་བའི་སྦྱོར་བ་ལ་ཉེས་ 2-2-10b བྱས་སུ་སྨྲས་པའི་མཚམས་གང་ནས་འཛིན་བསྟན་པ་དང༌། ཕུར་པ་ལས་བཀྲོལ་བ་ལ་ནོམ་ཉུག་གི་སྦོམ་པོར་འགྱུར་རོ་སྙམ་པ་སྤང་བའི་ཕྱིར་རོ། །སེལ་བར་བྱེད་ན་ནི། ཀུན་སློང་རྒྱུན་ཆད་པ་དང༌། མཐར་ཐུག་གི་སེལ་བ་སྟེ། དང་པོ་ནི་དང་པོ་དང༌། གཉིས་པ་ནི། བར་པ་གཉིས་ སོ་ཞེས་ཟེར་ཏེ། ཕྱི་མ་ལ་སེལ་བའི་དོན་མེད་དོ་སྙམ་མོ། །དེའི་གཞི་ཞེས་པ་ནི་འདྲ་བའི་ཞར་ལ་འདྲ་བ་བྱུང་བའོ། །བཞི་པ་ལ་བཞི་སྟེ། ན་སྨད་དུ་དང་ཆེས་ན་སྨད་དུ་དང༌། གཞན་དུ་འགྱུར་བ་དང༌། ལྟུང་བ་མེད་པར་འགྱུར་བའོ། །དང་པོ་ནི། ཕམ་ལྷག་གི་སྐབས་སུ་སྦོམ་པོ་ དང༌། དེ་དང་ལྟུང་བྱེད། སོར་བཤགས་གསུམ་གྱི་སྐབས་སུ་ཉེས་བྱས་དང༌། དེའི་སྐབས་སུ་ཉེས་བྱས། མ་མོར་ན་སྨད་དེ། དཔེར་ན་མི་རྫས་རིན་ཐང་ཚང་བ་ལ་ཐོབ་བློ་སྐྱེས་ན་དངོས་གཞི་ལ་ཕམ་པ། སྦྱོར་བ་ལ་སྦོམ་པོ། །སྦྱོར་བའི་སྤྱོར་བ་ལ་ཉེས་བྱས་སོ། །མི་མ་ཡིན་གྱི་ རྫས་རིན་ཐང་ཚང་བ་ལ་ཐོབ་བློ་སྐྱས་ན་དངོས་གཞི་ལ་སྦོམ་པོ། །སྦྱོར་བ་ལ་ཉེས་བྱས། སྦྱོར་བའི་སྦྱོར་བ་ལ་ཉེས་བྱས་ཕྲ་མོ་སྟེ། དེ་བཞིན་དུ་ཕམ་ལྷག་ཀུན་ལ་སྦྱར་རོ། །དགེ་སློང་མ་རྣམ་དག་ལ་འཁྲུར་བཅོལ་ན་དངོས་གཞི་ལ་སྤང་བ་སྦྱོར་བ་དང༌། སྦྱོར་བའི་སྦྱོར་བ་ ལ་སྔར་ལྟར་རོ། །དེ་བཞིན་དུ་སོར་བཤགས་ལ་སྦྱར་རོ། །ཤམ་ཐབས་རུང་བ་ཚད་ལྡན་ཟླུམ་པོར་མ་བགོས་པ་ལ། དངོས་གཞི་ལ་ཉེས་བྱས། སྦྱོར་བ་ལ་ཕྲ་མོ། །སྦྱོར་བའི་སྦྱོར་བ་ལ་ཆེས་ཕྲ་མོ་སྟེ། དེ་བཞིན་དུ་གཞན་ལའང་ཤེས་པར་བྱའོ། །ཞེས་སྔ་མ་རྣམས་ གསུངས་ཏེ། ཕམ་པ་ཞར་བྱུང་དུ་གོ་བར་བྱའོ། །གཉིས་པ་ནི། ཕམ་ལྷག་ལ་དངོས་གཞི་ལ་ལེགས་པ་གསུམ་དུ་ཉེས་བྱས་དང༌། དེ་ཕྲ་མོ་དང༌། ཆེས་ཕྲ་མོ་གསུམ་དང༌། སྤང་བ་ལ་སོགས་པ་གསུམ་ལ་ནི་ཉེས་བྱས་ཕྲ་མོ་ལ་སོགས་པ་གསུམ་དུ་འགྱུར་བ་སྟེ། 2-2-11a དཔེར་ན་ལྷའི་རྫས་རིན་ཐང་མ་ཚང་བ་ལ་དངོས་གཞི་ལ་ཉེས་བྱས་དང༌། སྦྱོར་བ་གཉིས་ལ་ཕྲ་མོ་དང༌། ཆེས་ཕྲ་མོར་འགྱུར་བ་ལྟ་བུ་སྟེ། ཕམ་ལྷག་གཞན་ཀུན་ལའང་དེ་བཞིན་དུ་ཤེས་པར་བྱའོ། །དགེ་སློང་མ་མ་དག་པ། ལྟ་བ་མི་མཐུན་པ་ལ་ འཁྲུར་བཅོལ་བ་ལ་ཡང་སྔ་མ་བཞིན་དུ་འགྱུར་བ་ཡིན་ནོ། །དེའི་ཕྱིར་འདི་ལ་དངོས་གཞི་ལ་ཉེས་བྱས་ཕྲ་མོ་བྱེད་པ་མ་ཡིན་ཏེ། གཞན་ལ་ཡང་དེ་བཞིན་ནོ། །ཤམ་ཐབས་མི་རུང་བ་སོགས་ཟླུམ་པོར་མ་བགོས་པ་ལ་དངོས་གཞི་ལ་ཕྲ་མོ་ལ་སོགས་པར་འགྱུར་རོ། ། འདིར་ཆེས་ཕྲ་མོ་ཟེར་བ་ནི་མ་ཡིན་ནོ། །དེ་བཞིན་དུ་གཞན་ལའང་སྦྱར་རོ། །གསུམ་པ་ལ་གསུམ་སྟེ། སྡེ་ཚན་དང་བཅས་པ་དང༌། གནས་སྐབས་གཞན་དུ་འགྱུར་བའོ། །དང་པོ་ནི། ཕམ་པའི་སྡེ་ནི་ཡན་ལག་ཡིན་ལ། སྡེ་ཚན་བཞི་ནི་སེལ་བ་སྟེ། དཔེར་ན། མི་ གསོད་ཀྱི་སེལ་བ་དུད་འགྲོ་བསད་པ་ནི་ལྟུང་བྱེད་ཀྱི་སྡེར་འགྱུར་བ་བཞིན་ནོ། །གཉིས་པ་ནི། མི་ཚངས་པར་སྤྱོད་པའི་ཕམ་པ་ཡན་ལག་ཡིན་ལ། གཞན་གསུམ་སེལ་བར་འགྱུར་བ་ལྟ་བུ་སྟེ། དཔེར་ན། སྦྱོར་བ་གསལ་བའི་སེལ་བ་མི་གསལ་བས་སྐུར་བ་ལ་ བག་ཙམ་གྱི་བཅས་པ་གཞན་མཛད་པ་ལྟ་བུའོ། །གསུམ་པ་ནི། ཐ་སྙད་གཞན་དུ་བརྗོད་པ་ཙམ་ཡིན་གྱི། དོན་ནི་སྔར་བསྟན་པ་གསུམ་དང༌། ཕྱིས་སྟོན་པ་ལས་ཐ་དད་པ་མེད་དེ། ཕམ་པའི་གནས་སྐབས་ལས་ལྷག་མ་དང༌། ལྟུང་བྱེད་དང༌། སོ་སོར་བཤགས་པ་ དང༌། དངོས་གཞིའི་ཉེས་བྱས་སུ་འགྱུར་ན་ནི། སྡེ་ཚན་ཐ་དད་པར་འགྱུར་ལ། སྦོམ་པོར་འགྱུར་ན་ན་སྨད་དང༌། ཉེས་བྱས་སུ་འགྱུར་ན་ཆེས་ན་སྨད་དང༌། ལྟུང་མེད་ནི་དེ་ལྟར་འགྱུར་བས་བསྟན་པའི་ཕྱིར་རོ། །བཞི་པ་ལ་བཞི་སྟེ། དངོས་གཞིའི་ལྟུང་བ་མེད་པ་དང༌། 2-2-11b ལྟུང་བ་རྣམ་དག་མེད་པ་དང༌། སྐབས་འདིར་གཏོགས་པའི་ལྟུང་བ་མེད་པ་དང༌། ལྟུང་བ་གཏན་མེད་པ་ལ་དགོངས་ཏེ། ལྟུང་མེད་དུ་གསུངས་སོ། །དང་པོ་ནི། ཚེ་དང་ལྡན་པ་དག ཉུང་ངུ་ཉུང་ངུ་ནས་བརྐུས་ན་ལྟུང་བར་མི་འགྱུར་རོ་ཞེས་པ་དང༌། གཞན་ལ་ནི་ལྟུང་བ་མེད་ཅེས་ པ་ལྟ་བུའོ། །ཟེར་ཏེ། སྔ་མ་ཡིད་ཆེས་པའི་ལུང་དུ་མི་རུང་ལ། ཕྱི་མ་ལ་འགྲེལ་པས་རྒྱུན་གཅིག་ལ་ལྟུང་བ་ཡོད་པ་དང༌། ལྡོག་པ་ལ་ལྟུང་བ་མེད་པར་གསུངས་པ་དང་མི་མཐུན་པར་སྣང་ངོ༌། །གཉིས་པ་ནི། ཤོ་གམ་མི་གཅོད་པའི་ས་ནས་རྫས་དང་བཅས་ཏེ་འགྲོ་བ་ དང༌། ཉེ་སྡེ་ལ་ལྟུང་བ་མེད་དོ། །ཞེས་གསུངས་པ་ལྟ་བུའོ། །དེ་ནི་བསླབ་པར་བྱའི་ཉེས་མེད་ནི་མ་ཡིན་ནོ། །གསུམ་པ་ནི། ལས་སུ་མ་བྱས་པ་ཡང་ངོ༌། །ཞེས་པ་ལྟ་བུ་སྟེ། སྐབས་གཞན་དུ་འབྲུ་བརྗེན་པ་ཉིད་བཀག་པས་སོ། །འདི་གསུམ་ལ་དེ་ལྟ་མ་ཡིན་ན་ལྟུང་བ་ གཏན་མེད་དང་ཟློས་པས་ཞེས་ཟེར་ཡང༌། དེ་དག་ཐམས་ཅད་ལྟུང་བ་གཏན་མེད་པས་གཞན་ཡིན་མིན་རྩོད་པའི་གཞིར་གྱུར་པས་གནོད་བྱེད་དུ་མི་རུང་ངོ༌། །བཞི་པ་ལ་གཉིས། བཅས་པར་མཐའ་དག་གི་ལྟུང་མེད། བཅས་པ་འབའ་ཞིག་གི་ལྟུང་མེད་དོ། །དང་པོ་ནི། སྡོམ་པ་མེད་པ། ཡོད་ཀྱང་མ་བཅས་པ། རང་བཞིན་དུ་མི་གནས་པ། རང་རང་གི་ཀུན་སློང་མེད་པ་ཟེར་ཏེ། ཀུན་སློང་ལ་མི་བལྟོས་པ་བྱ་རྒྱུ་མི་བྱེད་པའི་ལྟུང་བ་འགའ་ཞིག་ལ་མ་ཁྱབ་བམ་སྙམ་མོ། །གཉིས་པ་ལ། དགག་བྱ་ཉེས་དམིགས་མེད་པ་དང༌། རྣམ་དག་ བག་ཡངས་དང་འབྲེལ་བ་དང༌། བར་ཆད་ཀྱི་རྐྱེན་དང་ལྡན་པ་དང༌། སྒྲུབ་པར་མི་ནུས་པའི་ཕྱོགས་གཅིག་གིས་ལྟུང་བ་མེད་པར་གྱུར་པའོ། །རང་བཞིན་རྣམ་བཞག་ལ་ལྟུང་མེད་དུ་མི་འགྱུར་བའི་རྒྱུ་མཚན་ནི། ངོ་བོ་ཉིད་ཀྱིས་སྡིག་ཏུ་འགྱུར་བས། དགག་བྱ་མེད་ 2-2-12a པ་མི་སྲིད་པའི་ཕྱིར་དང༌། དེའི་ཕྱིར་བཅས་པ་གཞིག་མི་ནུས་པའི་ཕྱིར་དང༌། བཅས་པ་ཡོད་པས་ལྟུང་བ་ཡོད་ལ། དེ་ལ་ཞུགས་ན་དེ་ལ་ཚུལ་ཁྲིམས་ཀྱི་བར་ཆད་དུ་འགྱུར་བའི་ཕྱིར་དང༌། ཚུལ་ཁྲིམས་ཀྱི་དོན་དུ་སྲོག་ཡལ་བར་འདོར་ དགོས་པར་གསུངས་པའི་ཕྱིར་རོ། །དང་པོ་ནི། རྡོ་བ་ལ་རིམ་པ་ལྷག་པར་བརྩིག་པ་དང༌། བྱེ་མ་བརྐོ་བ་ལ་སོགས་པ་ལ་ལྟུང་བ་མེད་པ་ལྟ་བུ་སྟེ། རྒྱུ་མཚན་ནི་བཅས་པ་མེད་པའི་ཕྱིར་ཏེ། དགག་བྱ་མེད་པའི་ཕྱིར་རོ། །མ་ངེས་པ་ནི་དགག་བྱས་དོན་མེད་པར་ འགྱུར་ཏེ། དགག་བྱ་མི་འགེགས་པའི་ཕྱིར་རོ། །འོ་ན་སྲོག་ཆགས་ལ་མི་གནོད་པའི་ས་བརྐོ་བ་དང༌། མི་བཟི་ཙམ་གྱི་ཆང་འཐུང་བ་ལའང་ལྟུང་མེད་དུ་འགྱུར་ཏེ། དགག་བྱ་མེད་པའི་ཕྱིར་རོ། །ཞེ་ན། དངོས་ཀྱི་དགག་བྱ་མེད་པ་ནི་མ་ངེས་ཏེ། སྐྱོན་སྨྲ་བ་བཞིན་ནོ། ། བརྒྱུད་པའི་དགག་བྱ་མེད་པ་ནི་མ་གྲུབ་སྟེ། ཧ་ཅང་ཐལ་བ་སོགས་ཡོད་པས་སོ། །སྔ་མ་ལ་མི་མཚུངས་ཏེ། དངོས་པོ་ངེས་པ་སོགས་ཀྱིས་མཚམས་ཟིན་པའི་ཕྱིར་རོ། །གཉིས་པ་ནི། གང་ཟག་རླབས་པོ་ཆེ་བསྟན་པ་ལ་གཞུག་པའི་དོན་དང༌། རྐྱེན་དཀའ་བས་འཚོ་བའི་དོན་ དུ་གང་ཟག་མང་པོ་ཚོགས་ཏེ། བག་ཡངས་བྱས་པས་ཉེས་པ་མེད་པའོ། །དེ་ཡང་གཉིས་ཏེ། བག་ཡངས་ཆེན་མོ་དང༌། བག་ཡངས་ཁ་འཐོར་བའོ། །དེ་ལ་ཉེས་པ་མེད་པའི་རྒྱུ་མཚན་ནི། རྟེན་དེ་ལ་ཡུལ་དུས་དེར་བཅས་པ་བཤིག་པའི་ཕྱིར་ཏེ་ཁྲིམས་བཤིག་པ་ བཞིན་ནོ། །དེ་ཡང་ཡུལ་དེར་ཆོ་ག་བྱས་པའི་གནས་སྐབས་ལ་མ་བཅས་པ་ལ་བཤིག་པར་མིང་བཏགས་པ་ཡིན་ལ། གནང་ཡེ་གནང་ཡིན་པའི་ཕྱིར་རོ། །གང་གིས་བཤིག་པ་ཙམ་གྱིས་གཞིག་པར་མི་ནུས་ཏེ། གཞན་དུ་ན་རང་གཞན་ལ་ཐལ་བར་འགྱུར་བའི་ 2-2-12b ཕྱིར་རོ། །ཞེས་ཟེར་བ་ནི། བཀག་པ་ཐམས་ཅད་ཡེ་བཀག་དང༌། གནང་བ་ཐམས་ཅད་ཡེ་གནང་གི་ལུགས་འོངས་པ་ཡིན་ནོ། །གསུམ་པ་ལ་གཉིས། རང་གི་དང༌། གཞན་གྱི་བར་ཆད་ཀྱི་རྐྱེན་དང་ལྡན་པས་ལྟུང་བ་མེད་པའོ། །དང་པོ་ལ་གཉིས། གཙོ་བོའི་དང༌། གཙོ་བོ་མ་ཡིན་ པའི་བར་ཆད་དང་ལྡན་པས་ལྟུང་བ་མེད་པའོ། །དང་པོ་ལ་གསུམ། ཚུལ་ཁྲིམས་ཀྱི་དང༌། དགེ་སྦྱོང་ཚུལ་གྱི་དང༌། སྲོག་གི་བར་ཆད་ཀྱི་དོན་དུ་ལྟུང་བ་མེད་པའོ། །དེ་དག་གི་དོན་དུ་ལྟུང་བ་མེད་པའི་ཚུལ་ནི། ཆང་མ་གཏོགས་པའི་བཅས་རྐྱང་མཐའ་དག་སྲོག་གི་བར་ཆད་ སྤང་བའི་ཕྱིར་གནང་སྟེ། ཕྲན་ཚེགས་ལས། ཆང་མ་གཏོགས་པ་བཅས་པ་མཐའ་དག་གིས་ནད་པ་བསྐྱང་ཞེས་གསུངས་ཤིང༌། རིགས་པས་ཀྱང༌། བཅས་རྐྱང་ལས་དེ་སྤངས་པ་དགོས་པ་ཆེ་བའི་ཕྱིར་རོ། །མ་ངེས་པ་མ་ཡིན་ཏེ། བཅས་པ་མཐའ་དག་དགག་དགོས་ལ་ལྟོས་པའི་ ཕྱིར་རོ། །ཚུལ་ཁྲིམས་ཀྱི་བར་ཆད་ཀྱི་དོན་དུ་ཡང་གནང་བར་འགྱུར་ཏེ། སྲོག་གི་བར་ཆད་ལས་དེའི་བར་ཆད་ཆེ་བའི་ཕྱིར། ཆུ་ཚགས་མེད་པར་འགྲོ་བའི་བྱུང་བའི་མཐའ་བཞིན་ནོ། །དགེ་སྦྱོང་གི་ཚུལ་གྱི་བར་ཆད་ནི། ལམ་ལྔ་ཅི་རིགས་སུ་སྐྱེ་བའི་གེགས་ཏེ། དེ་སྤང་ བའི་ཕྱིར་དུ་ཡང་གནང་བར་འགྱུར་ཏེ། ཚུལ་ཁྲིམས་དག་པར་བྱ་བ་ཉིད་དེའི་དོན་དུ་ཡིན་པའི་ཕྱིར་ཏེ། དགྲ་བཅོམ་པ་ཐོབ་པ་ན་རབ་ཏུ་བྱུང་བའི་བྱ་བ་བྱས་སོ་ཞེས་སྒྲ་སྒྲོག་པའི་ཕྱིར་རོ། །ཞེས་སྔ་མ་རྣམས་ཟེར་རོ། །འོན་ཀྱང་ནད་པ་ལ་མིའི་ཤ་མ་གནང་བའི་དོན་བརྟག་པར་ བྱའོ། །དང་པོ་ལ་གཉིས། དངོས་ཀྱི་དོན་དང༌། ཞར་ལས་བྱུང་བའོ། །དང་པོ་ལ་གཉིས། དེའི་རང་བཞིན་དང༌། ལྟུང་མེད་དུ་འགྱུར་བའི་ཚུལ་ལོ། །དང་པོ་ནི། བཅས་པ་འགའ་ཞིག་བསྲུང་ན། སྡིག་དང་འབྲེལ་བའི་ཕམ་པ་ནས་བསྡམ་བྱ་ཡན་ཆད་འབྱུང་ལ། དེ་བག་ཡངས་ 2-2-13a སུ་བྱས་ན་དེ་དག་མི་འབྱུང་བའོ། །གཉིས་པ་ནི། རང་བཞིན་གྱི་ལྟུང་བ་བསྡམ་བྱ་ཡན་ཆད་ཀྱི་ངོར། ཆང་མ་གཏོགས་པའི་བཅས་རྐྱང་ཕམ་པ་མན་ཆད་ཀྱང་གནང་སྟེ། སྔར་སྨོས་པའི་ལུང་དང༌། རིགས་པ་ཡང་བཅས་རྐྱང་མཐའ་དག་བཅས་པའི་ རྟེན་རྣམས་དངོས་དང༌། བརྒྱུད་པའི་སྒོ་ནས་རང་གཞན་སྤང་བའི་དོན་དུ་བཅས་པའི་ཕྱིར་རོ། །དེ་ལྟར་ཡང་སྨྱུག་ཚལ་ཞེས་སོ། །དཔེས་མཚོན་ན་མངོན་ཚན་ཉོ་ཚོང་ལ་སྤང་བར་འགྱུར་ལ། ཆགས་རྒྱུད་སྦྱང་བའི་དོན་དུ་ཉེས་མེད་དུ་གསུངས་པ་ལྟ་བུའོ། །དེ་ཡང་ཉེས་ པ་མེད་ཙམ་མ་ཡིན་གྱི་མ་བྱས་ན་ལྟུང་བར་འགྱུར་ཏེ། འདི་ལྟར་དེ་མ་བྱས་ན་བུ་ལོན་མི་འཁོར་ལ། དེས་མ་བྱིན་ལེན་གྱི་ཕམ་པར་འགྱུར་བས་ཚུལ་ཁྲིམས་ཀྱི་བར་ཆད་དུ་འགྱུར་ཞིང༌། གཡོ་སྒྱུ་མ་འབྲེལ་བའི་ཉོ་ཚོང་བྱས་པས་ཡུལ་དུས་དང་སྦྱར་བའི་ཁེ་ཐོབ་ ནས་བུ་ལོན་འཁོར་བས་ཚུལ་ཁྲིམས་ཀྱི་བར་ཆད་སྤོང་བའི་དགོས་པ་ཡོད་པའི་ཕྱིར་རོ། །ཡང་ན་ཆོ་ག་བཙན་པོ་ཡོད་བཞིན་དུ་བག་ཡངས་སུ་བྱས་པའི་སྐྱོན་ཡོད་དེ། འདི་ལྟར་དེའི་ཚེ་དེ་གཉིས་དགག་བྱ་ཆེན་པོས་ཟིལ་གྱིས་མནན་པ་དང༌། དེ་གཉིས་བསྲུང་བའི་དགག་བྱ་ཆུང་ བ་བར་ཆད་སྤངས་པའི་དགོས་པ་ཆེན་པོས་ཟིལ་གྱིས་མནན་པས་དགག་དགོས་ཆུང་བ་ཅན་གྱི་ངོར་ཆེ་བ་གནང་བ་ཉེས་མེད་ཡིན་ལ། མ་བྱིན་ལེན་གྱི་ལྟུང་བ་ནི། བསྲུངས་པས་ཉེས་པ་མེད་པའི་ཕྱིར་རོ། །ཉེས་པ་གཉིས་ཀ་མི་འབྱུང་བ་ཐབས་བཟང་པོ་ཡིན་ལ། དེ་བཞག་སྟེ་ཐབས་དམན་ཤོས་དགག་དགོས་ཆུང་བ་ཅན་གྱི་བྱ་བ་བསྲུངས་པའི་ཕྱིར་རོ། །དེ་བཞིན་དུ་ཀུན་ལ་ཤེས་པར་བྱ་སྟེ། རྒྱུ་མཚན་མཚུངས་པའི་ཕྱིར་རོ། །གཉིས་པ་ནི། ཁ་ཅིག །རང་གཞན་ཆེ་ཆུང་འདོམས་ན་ཆེ་བའི་ངོར་ཆུང་བ་གནང་སྟེ། 2-2-13b བཤགས་པས་ཆོག་པའི་ཕྱིར་ཞེས་ཟེར་རོ། །དེ་ནི་མི་རིགས་ཏེ། ངོ་བོ་ཉིད་ཀྱིས་སྡིག་པ་དང་འབྲེལ་བའི་གནང་བ་འགལ་བའི་ཕྱིར་རོ། །སྒྲུབ་པར་མི་ནུས་པའི་ཉེས་པ་ཡང་མེད་དེ། དེའི་ཉེས་པ་མཐར་ཐུག་སྲོག་ལ་གནོད་པ་ཡིན་ལ། དེའི་དོན་དུ་སྲོག་གཏོང་བར་གསུངས་ པའི་ཕྱིར་རོ། །སྲོག་ལ་མ་བལྟོས་པ་རང་གཞན་ཡང་མིན་ཏེ། ཚུལ་ཁྲིམས་དག་པའི་དོན་དུ་སེམས་དཔའ་ཞུགས་ཀྱི། མ་བལྟོས་པ་ལ་མ་ཞུགས་པའི་ཕྱིར་རོ། །རང་གཞན་ལ་གནང་བ་མེད་ན། རྣམ་འབྱེད་ལས། སྨྱོ་བ་སོགས་ལ་ལྟུང་མེད་དུ་གསུངས་པ་དང་ འགལ་ཞེ་ན། དེ་ནི་བཅས་པ་སྒྲུབ་ནུས་ཀྱི་བསམ་པ་ལས་ཉམས་པའི་སྐྱོན་མེད་དོ། །བཅས་པའི་རྟེན་མ་ཡིན་པས་གནང་བའི་ཐ་སྙད་མེད་པར་འདོད་པ་ལ། ནད་པ་ལ་ཕྱི་དྲོའི་ཁ་ཟས་གནང་བས་མ་ངེས་པར་སྨྲ་བའི་ལན་དུ་སྡེ་ལྔའི་བཅས་པ་ཡོད་མེད་སྨྲ་བ་ནི་འཐད་པ་མ་མཐོང་ ངོ༌། །སྒྲུབ་བྱེད་ཀྱང་མི་འཐད་དེ། གནང་ན་བཤགས་པ་མི་དགོས་པའི་ཕྱིར་རོ། །བཅས་རྐྱང་ནང་འདོམས་པ་ལ། ལྟུང་བ་ཆེ་བའི་ངོར་ཆུང་བ་གནང་བའི་ངེས་པ་མེད་དེ། ལག་ཉར་རེག་པའི་ཉེས་བྱས་སྤོང་བའི་དོན་དུ་མེ་ལ་རེག་པའི་ལྟུང་བྱེད་གནང་བའི་ཕྱིར་རོ། །ཁ་ཅིག །ལྟུང་ བྱེད་གནང་བ་མ་ཡིན་ཏེ། དུས་དྲན་པར་བྱས་ནས་རེག་པ་ལ་ལྟུང་བ་མེད་པའི་ཕྱིར་རོ། །ཞེས་ཟེར་རོ། །དེ་ལ་ཁ་ཅིག །དེ་ནི་མི་རིགས་ཏེ། མེ་ལ་རེག་འདོད་ཀྱི་བསམ་པ་རེག་པའི་བྱ་བ་དང་བཅས་པ་ལྟུང་བྱེད་སྐྱེད་པའི་རྒྱུ་ཡིན་ལ། དེ་གནང་བའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ལྟུང་བ་ གནང་བའི་ཐ་སྙད་རྒྱུན་ཆད་པར་འགྱུར་ཏེ། ལྟུང་བའི་ངོ་བོ་ཉིད་དུ་གྲུབ་པ་ལ་གནང་བ་གཅིག་ཀྱང་མེད་པའི་ཕྱིར་རོ། །གཞན་ཡང༌། གནང་ན་ཇི་ལྟ་བུ་གནང༌། གལ་ཏེ་ནད་པ་ལ་ཕྱི་དྲོའི་ཁ་ཟས་ལྟ་བུའོ་ཞེ་ན། དེ་ལ་དང་པོ་ཉིན་ནས་མ་བཅས་པའི་ཕྱིར། ལྟུང་བའི་ཉིད་དུ་ 2-2-14a མ་གྲུབ་སྟེ། གནང་བའི་ཐ་སྙད་རྒྱུན་ཆད་འདོད་ན། ལྟུང་བྱེད་དུ་གྱུར་པ་བག་ཡངས་སུ་གནང་ངོ་ཞེས་པ་དང་འགལ་ལོ། །དེ་ལྟུང་བྱེད་ཀྱི་ཀུན་སློང་ཡིན་པས་སྙམ་ན། འདི་ཡང་མེ་ལ་རེག་འདོད་བཅས་པ་ཡིན་པས་སོ། །དུས་བྱིན་གྱིས་བརླབས་པས་ ལྟུང་བ་མེད་དོ་སྙམ་ན་ཡང༌། སྔ་མ་ལ་ཡང་རང་དགའ་མེད་པས་སོ། །དེས་ན་ཆུང་བའི་ངོར་ཆེ་བ་གནང་བའི་ཐ་སྙད་ཐོབ་པས་མ་ངེས་སོ། །དགག་དགོས་ཆེ་ཆུང་བ་གཞན་ན་ནི། ཆེ་བའི་ངོར་ཆུང་བ་གནང་བའི་ཕྱིར་ཏེ། བཅས་པ་མཐའ་དག་དགོས་པ་ལ་བལྟོས་པའི་ ཕྱིར་རོ། །དགག་དགོས་མཉམ་པ་ལ་བཅས་པ་ཆེ་ཆུང་འདོམས་ན་ཆེ་བའི་ངོར་ཆུང་བ་གནང་བར་ངེས་ཏེ། བཅས་པའི་ཆད་པ་ཆེ་བའི་ཕྱིར་ཏེ། དེ་ཆེ་བའི་དོན་གྱི་འཇོག་བྱེད་ཀྱི་དགག་བྱའང་ཆེ་བར་གྲུབ་པའི་ཕྱིར་རོ། །འོ་ན་བཅས་པ་ཆེ་ཆུང་དང༌། དགག་བྱ་ཆེ་ཆུང་ འབྲེལ་ལམ། མ་འབྲེལ་ཞེ་ན། ཚ་རོང་པ་ན་རེ། མ་འབྲེལ་ཏེ། དབྱེན་དང་ཁྲག་འབྱིན་པ་དགག་བྱ་ཆེ་ཡང༌། བཅས་པ་སྦོམ་པོ་ལས་མེད་ལ། འཆབ་པ་དང་སྤངས་པ་རྗེས་ཕྱོགས་ལ་དེ་ལྟ་བུའི་དགག་བྱ་མེད་ཀྱང་ཕམ་པར་བཅས་པའི་ཕྱིར་རོ། །ཞེས་ ཟེར་རོ། །དེ་ལ་ཁ་ཅིག་དེ་ནི་མ་ཡིན་ཏེ། བྱ་བ་དེ་འབྲེལ་གྱི་དགག་དགོས་ལ་བཅས་པ་གཉིས་འཆའ་བའི་ངེས་པ་མེད་ལ་བཅས་པ་རྣམས་འཇོག་གི་དགག་དགོས་ཡོད་ན། ངེས་པས་འབྲེལ་བ་ཡོད་དེ། འདི་ལྟར་དགག་བྱའི་ཁྱད་པར་གྱིས། མི་དང་ དུད་འགྲོ་བསད་པ་དང༌། མི་དང་འགྲོ་བ་གཞན་ལ་བརྐུས་པ་དང༌། བསྙེན་པར་རྫོགས་པ་དང༌། མ་རྫོགས་པ་ལ་སྐུར་བ་བཏབ་པ་དང༌། དགེ་སློང་ལས་གྱུར་པ་རྣམས་ལ་བྱ་བ་མ་ཡིན་པ་བྱས་པ་ལ་སོགས་པ་བཅས་པ་ཆེ་ཆུང་བཞག་པའི་གཞུང་དུ་མ་ 2-2-14b དང་འགལ་ལོ། །སྒྲུབ་བྱེད་དུ་མི་ཕྱེ་བ་ནི། བྱ་བ་དེ་འབྲེལ་གྱི་སྡིག་ཆེ་ཡང་བཅས་པ་མི་ཕྱེ་བ་ནི། འབྱུང་རིང་བའི་ཕྱིར་ཏེ། དཔེར་ན་བུད་མེད་ཀྱིས་ཡང་ཡང་ཟོས་པ་ལ་མ་དད་པའི་དགག་བྱ་ཡོད་ཀྱང་སྐྱེས་པ་ནས་འབྱུང་རིང་བའི་ཕྱིར། བཅས་པ་ཆུང་བ་བཞིན་ནོ། །འཆབ་ པ་དང་བཟློག་པ་ལ་དགག་བྱ་ཆུང་བར་མ་གྲུབ་སྟེ། བུད་མེད་ལ་འཆབ་པའི་སྲེད་པ་སྟོབས་ཆེ་བས་ལྟུང་བ་ལ་འཛེམ་པ་མེད་པར་འགྱུར་བ་དང༌། རང་རིགས་ཀྱི་དགེ་འདུན་མའི་ཁྲིམས་ལས་འགལ་ཏེ། རང་རིགས་ལ་གནོད་ཚངས་ཆེ་བའི་ཕྱིར་རོ། །འོ་ན་བཅས་པ་ཆེ་བའི་འཆབ་ པའི་དགག་བྱ་གང་ཞེ་ན། ངེས་པ་མེད་དེ། ཁ་ཅིག་འབྱུང་ཉེ་བ་དང༌། ཁ་ཅིག་ལྟུང་བ་གཞན་གྱི་རྒྱུར་འགྲོ་བ་ལ་ལོག་བ་ཅི་རིགས་སོ། །འོ་ན་བཅས་པ་ཆེ་བའི་རིགས་གནང་བར་མ་ངེས་པ་དང༌། དགག་བྱ་ཆེ་བའི་ངོར་གནང་བ་འགལ་ལོ་ཞེ་ན། སྐྱོན་མེད་དེ། གནང་བའི་རྒྱུར་བྱེད་པ་ནི། བྱ་བ་དེ་འབྲེལ་གྱི་དགག་དགོས་ཆེ་བས་ཀྱང་འགྱུར་བའི་ཕྱིར་རོ། །གཉིས་པ་ལ་གཉིས། དེའི་རང་བཞིན་དང༌། ཇི་ལྟར་གནང་བའི་ཚུལ་ལོ། །དང་པོ་ནི། བཅས་པ་འགའ་ཞིག་ཡལ་བར་དོར་ན། ལམ་ལྔ་ཅི་རིགས་པ་རྒྱུད་ལ་སྐྱེ་ལ། བསྲུང་ན་དེ་ལྟ་མ་ཡིན་པའོ། །གཉིས་ པ་ནི། ཆང་མ་གཏོགས་པའི་བཅས་རྐྱང་མཐའ་དག་གནང་སྟེ། དེ་མཐའ་དག་དངོས་སམ། བརྒྱུད་པའི་སྒོ་ནས་ལམ་མཐའ་དག་རྒྱུད་ལ་བསྐྱེད་པའི་དོན་དུ་བཅས་པའི་ཕྱིར་རོ། །ཁ་ཅིག་ན་རེ། གནང་མ་གནང་ལ་དགག་དགོས་མི་གཙོ་ཡི། བཅས་པ་འབའ་ཞིག་གཙོ་བོ་ ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ། དགག་དགོས་ཀྱང་གཞན་ལ་གནས་ལ་བཅས་པའང་གཞན་དུ་འགྱུར་བའི་ཕྱིར་ཞེས་དང༌། རིམ་པ་བཞིན། ཞེས་ཟེར་རོ། །གསུམ་པ་ལ་ཡང་སྔར་ལྟ་བུར་གཉིས་ལས། དང་པོ་ནི། བཅས་པ་འགའ་ཞིག་བསྲུངས་ན་ངེས་པར་འཆི་ལ། 2-2-15a མ་བསྲུངས་ན་དེ་ལྟ་མ་ཡིན་པའོ། །གཉིས་པ་ནི། ཆང་མ་གཏོགས་པ་བཅས་པའི་མཐའ་དག་གནང་སྟེ། ལུང་སྔར་ལྟར་དང༌། རིགས་པ་ནི། སྲོག་གི་བར་ཆད་མ་བསྲུངས་པའི་དགག་བྱ་གཉིས་ཕྱི་མ་ཆེ་བའི་ཕྱིར་རོ། །གཉིས་པ་ལ་གསུམ། ལུས་ཀྱི་ དང༌། དགེ་བའི་དང༌། ལོངས་སྤྱོད་ཀྱི་བར་གཅོད་དེ་དག་གི་ལུས་སྲོག་དང་ཚུལ་ཁྲིམས་དང་དགེ་སྦྱོང་གི་ཚུལ་གཉིས་མི་ཟློས་ཏེ། སྔ་མ་གཉིས་ལ་ཐུག་ཀྱང་ཕྱི་མ་གཉིས་ལ་མི་ཐུག་པའི་ཕྱིར་རོ། །དེ་གསུམ་ལ་ཡང་གཉིས་ལས། རང་བཞིན་ནི་བཅས་པ་འགའ་ཞིག་ བསྲུངས་ན་ལུས་ལ་གནོད་པ་དང༌། དགེ་བའི་སྦྱོར་བ་ཉམས་པས་བསོད་ནམས་མི་ཐུབ་པ་དང༌། ཕྲོགས་པ་ལ་སོགས་པས་ལོངས་སྤྱོད་ལ་གནོད་པ་འབྱུང་བ་མ་བསྲུང་ན་དེ་ལྟ་མ་ཡིན་པའོ། །གནང་བའི་ཚུལ་ནི། གསུམ་གྱི་དགག་དགོས་འགྲན་པའི་ཚེ། དེ་གསུམ་ དགག་དགོས་ཆེ་ན་གནང༌། བཅས་པ་དགག་དགོས་ཆེ་ན་མི་གནང་བས་བཅས་པ་མཐའ་དག་གནང་བའི་ངེས་པ་མེད་དོ། །ལུས་ལ་སོགས་པ་གསུམ་གྱི་དོན་དུ་གནང་བ་ནི། དཔེར་ན་ནད་པར་གནང་བ་ཉལ་བ་དང༌། དཀོན་མཆོག་མཆོད་པའི་དོན་དུ་གླུ་ལེན་པ་དང༌། ཆོམ་རྐུན་པས་འཇིགས་པའི་ཚེ་རིན་པོ་ཆེ་ལ་རེག་ཏུ་རུང་བ་བཞིན་ནོ། །གཞན་གྱི་བར་ཆད་བསྲུངས་པའི་དོན་དུ་ཉེས་པ་མེད་པ་ལ་གཙོ་བོ་ཡིན་མིན་གཉིས་ལས། དང་པོ་ལ། ཚུལ་ཁྲིམས་སོགས་ཀྱི་བར་ཆད་གསུམ་གྱི་རང་བཞིན་སྔར་བཞིན་ཏེ། གཞན་གྱི་ རྒྱུད་ལས་ཞེས་པ་ནི་ཁྱད་པར་རོ། །ཇི་ལྟར་གནང་བའི་ཚུལ་ནི། རང་གི་གཙོ་བོ་གསུམ་དང་མ་འདོམས་པའི་ཚེ། ཆང་མ་གཏོགས་པ་མཐའ་དག་གནང་སྟེ། བར་ཆད་བསྲུངས་པ་ཉིད་དགག་དགོས་ཆེ་བའི་ཕྱིར་རོ། །གཅོ་བོ་གསུམ་ལ་ཁ་ཅིག་ན་རེ། 2-2-15b འདོམས་ན་མི་གནང་སྟེ། དགག་དགོས་ཆེ་བའི་ཕྱིར་རོ། །དེ་ལྟར་རྩ་འགྲེལ་ལས། རང་ལ་མི་གནོད་ན་ཞེས་དང༌། རང་དང་གཞན་བསྲུང་བར་ནུས་ན་ཞེས་འབྱུང་ཞིང༌། རིགས་པ་ཡང་ལས་དང་པོ་ལ་རང་བསྲུང་བ་གཙོ་བའི་ཕྱིར་རོ། །རྒྱ་ན་རེ། གཞན་གྱི་སྲོག་གི་དོན་དུ་རང་གི་ གཙོ་བོ་གསུམ་དང་མ་འདོམས་ཡང༌། ཐམས་ཅད་གནང་བར་མ་ངེས་ཏེ། སྙིང་རྗེ་དང་ལྡན་པའི་ཞེས་དང༌། མའི་རྣམ་འབྱེད་ལས། བུད་མེད་སྐྱོན་གསུམ་ལྡན་རབ་ཏུ་འབྱིན་པ་ལ་ལྷག་མར་གསུངས་པའི་ཕྱིར་རོ། །ཞེས་ཟེར་རོ། །དེ་ནི་མི་རིགས་ཏེ། བཅས་པ་མཐའ་ དག་དགག་དགོས་ལ་ལྟོས་པ་ཡིན་ལ། རང་གི་གཙོ་བོ་གསུམ་དང་མ་འདོམས་ནས་བཅས་པ་བསྲུངས་པ་བས་བར་ཆད་སྤངས་པ་དགོས་པ་ཆེ་བའི་ཕྱིར་རོ། །གཞན་ཡང་རང་གི་སྐབས་སུ་གཙོ་བོ་གསུམ་གནང་བའི་ཚུལ་འདྲ་བས། གཞན་གྱི་ལ་ཡང་གཉིས་པའི་དོན་དུ་ གནང་བར་མཐུན་པས། སྲོག་གི་དོན་དུ་ཡང་གནང་བར་འོངས་ཏེ། གསུམ་པོ་ནང་གི་རྒྱུ་མཚན་མཚུངས་པའི་ཕྱིར་རྒྱུ་མཚན་ལ་ཁྱད་པར་འབྱུང་བར་འགལ་བས་སོ། །ཉེས་བྱས་སུ་གསུངས་པ་ནི། རྐུ་སེམས་ཀྱིས་བྱས་པ་ལ་ཡིན་པས་བཅས་རྐྱང་མ་གནང་བའི་ ཁུངས་སུ་མི་འགྲོ་ཞིང༌། རབ་ཏུ་འབྱིན་པ་ལྷག་མར་གསུངས་པ་ཡང་རབ་ཏུ་ཕྱུང་ཡང༌། བར་ཆད་མི་སྤོང་ཞིང༌། བསྟན་པ་ལ་རྨ་འབྱིན་པ་དགོངས་པ་ཡིན་ཏེ། མའི་རྣམ་འབྱེད་ལས་སོ། །ཁ་ཅིག་ན་རེ། རིགས་པ་ཡང་བཙུན་མོ་འཕྲེང་ལྡན་མ་ལ་སྐྱབས་སུ་སོང་བར་གསུངས་ པའི་ཕྱིར་དང༌། དེ་ལྟ་མ་ཡིན་ན་རེག་པ་གནང་ལ་འདི་མ་གནང་བར་འགལ་ཏེ། ལྷག་མར་མཚུངས་པས་སོ། །ཟེར་བའི་ཕྱི་མའི་རྒྱུ་མཚན་ནི་མི་འཐད་དེ་རེག་པ་གནང་བ་ལ་ལྷག་མའི་ཀུན་སློང་མེད་པའི་ཕྱིར། གཞན་གྱི་དབང་དུ་བྱས་པའི་བར་ཆད་གསུམ་པའི་ཚེ། རང་གི་གཙོ་བོ་ 2-2-16a གསུམ་དང་མ་འདོམས་པ་ན་གནང་བའི་དཔེ་ནི། དཔལ་ཡོན་ཅན་ལ་བདེན་པ་མཐོང་བའི་ཕྱིར་དུ་བསྟན་པ་དང༌། ནུབ་ལྷག་པར་ཉལ་བ་ལ་གསུངས་པ་དང༌། རེག་པ་ལ་གསུངས་པ་གསུམ་དང༌། རིམ་པ་བཞིན་ནོ་ཞེས་ཟེར། དཔལ་ཡོན་ ཅན་ནི་དཔལ་ལྡན་མ་ཡིན་མིན་བརྟག་གོ། །གཙོ་བོ་མ་ཡིན་པའི་བར་ཆད་གསུམ་ནི། རང་གཞན་གྱི་ཁྱད་པར་མ་གཏོགས་པ་སྔར་དང་འདྲ་ལ། གནང་བའི་དཔེ་ནི། ནད་གཡོག་ལ་ནུབ་ལྷག་པར་ཉལ་བར་གནང་བ་དང༌། དྲི་ཕུལ་བ་ལུས་ལ་འཇུག་པར་གནང་བ་ དང༌། གཞན་གྱི་རིན་པོ་ཆེ་ལ་རེག་པ་ལ་ཉེས་པ་མེད་པར་གསུངས་པ་ལྟ་བུའོ། །སྒྲུབ་པར་མི་ནུས་པས་ལྟུང་བ་མེད་པ་ལ་གསུམ་ལས། ཤེས་པ་ལ་རང་དབང་མེད་པའི་ལྟུང་བ་མེད་པ་ནི་བཤད་ཟིན་ཏོ། །བཅས་པ་ནང་འདོམས་པས་ལྟུང་བ་མེད་པ་གཞན་སྔར་ བཤད་པ་ལྟར་ཡིན་ལ། དགག་དགོས་མཉམ་པའི་བཅས་པ་འདོམས་ན་གང་རུང་གནང་སྟེ། གཞན་དུ་ན་བསྒྲུབ་པར་མི་ནུས་པར་འགྱུར་བས་སོ། །བྱ་དཀའ་བས་བསྒྲུབ་མ་ནུས་པའི་ལྟུང་མེད་ནི། མཐའ་འཁོབ་ཏུ་ལྔའི་ཚོགས་ཀྱིས་བྱ་བར་གསུངས་པ་ལྟ་ བུའོ། །ཚིག་གི་དོན་ལ་གསུམ་ལས། གཙོ་བོའི་སེལ་བ་པོ་ལྟུང་བ་མེད་པ་ནི། མ་བསམ་པ་བརྐུས་ན་ཅི་ཞིག་ཏུ་བཞག་ཅེ་ན། མ་བསམས་པ་ཞེས་ཏེ། འཁྲུལ་བས་རྐུ་སེམས་མེད་པ་སྟེ། གདང་གི་ཞར་ལ་ཆོས་གོས་བླངས་པ་ལྟ་བུའོ། །རྐུ་སེམས་ཀྱིས་སོ་ ཞེས་སྨྲས་ན། སེམས་གཞན་གྱིས་ཅིར་འགྱུར་ཞེ་ན། རང་དང་ཞེས་སོ། །རང་གི་རྫས་ལ་རྐུ་སེམས་མེད་པ་སྨོས་པ་དང༌། གཞན་ཞེས་པ་ལ་འདི་བདག་གི་བསྐུར་རོ་ཞེས་གསུངས་ཀྱི། གཞན་ལ་གོ་བར་བྱའོ་ཞེས་མ་གསུངས་པ་ཅི་ཞེ་ན། རང་གི་རྫས་སུ་ཤེས་ཀྱང་ 2-2-16b རྐུ་སེམས་སྲིད་པ་དང༌། གཞུང་ལས། གཞན་ལ་གོ་བར་བྱའོ་ཞེས་འབྱུང་བས་ཉེས་པ་མེད་དེ། །སྔ་མ་གསུམ་ལས་གཞན་པའི་རྐུ་སེམས་མེད་པས་བླངས་པ་ལ་ཡང་ཉེས་པ་མེད་དོ། དཔེར་ན། དགེ་སློང་གིས་དགེ་སློང་ལ་སོང་ལ་ཆེ་གེ་མོའི་ཡོ་བྱད་ རྐུས་ཤིག་ཅེས་བསྒོ་བ་ན། དེས་རྐུ་སེམས་ཀྱིས་རྐུ་བར་བྱེད་ན་ནི་གཉིས་ཀ་ལ་འདྲ་བར་ལྟུང་བར་འགྱུར་ལ། འདི་ནི་དེའི་འོ་སྙམ་ན་ལེན་པ་པོ་ལ་མི་འགྱུར་ལ། རྐུར་འཇུག་ནོས་ལ་འགྱུར་རོ། །ཞེས་ཞུས་པ་ལས་གསུངས་པ་ལྟ་བུའོ། །སྙིང་རྗེ་སྔོན་དུ་བཏང་བའི་སེམས་ ནི། བསྒོམ་པ་ལས་བྱུང་བ་ཡིན་པས་འོག་མ་དང་མི་འདྲའོ། །གཙོ་བོ་མ་ཡིན་པའི་སེལ་བ་ནི། ཐམས་ཅད་དུ་ཞེས་པ་གཉིས་ཏེ། སྤྱིར་བཏང་དང་དམིགས་བསལ་ཏེ། རིན་ཐང་གི་སེལ་བ་ནི། མ་ཤ་ཀ་ལྔ་ལ་སོགས་པ་བརྐུས་སམ། རྐུར་བཅུག་པ་དག་གིས་ ཕམ་པར་འགྱུར་བར་བསྟན་ན་མ་ཆོག་པའི་བརྗོད་པར་བྱ་བ་བསྟན་པའི་ཕྱིར་མ་ཆོག་པ་ཞེས་ཏེའོ། །ཞེས་པ་ནི། འདི་ནས་སྙིང་རྗེ་དང་ཞེས་པ་ཡན་ཆད་སྦོམ་པོའི་དབང་དུ་བྱས་པར་སྟོན་པའོ། །འདི་ནི་མ་བྱིན་པ་སོགས་བཞི་ཡོད་ཀྱང་རིན་ཐང་དུ་མ་ཆོག་པ་བརྐུས་ སམ། རྐུར་བཅུག་པ་དང༌། མངགས་པས་ཀྱང་སྦོམ་པོར་འགྱུར་བའོ། །འདིར་ཊཱི་ཀྐ་ལས་ཁ་ཅིག་ཏུ་ནི། ཡན་ལག་གསུམ་མམ་གཉིས་མ་ཚང་བ་ལ་ཉེས་བྱས་སུ་འདོད་དེ། འདི་ལྟ་སྟེ། མི་མ་ཡིན་པའི་རྒྱུད་ཀྱིས་ཡོངས་སུ་བཟུང་བ་ལ། དེར་འདུ་ཤེས་པའམ། མིའི་རྒྱུད་ཀྱིས་ཡོངས་སུ་བཟུང་བར་འདུ་ཤེས་པ་དང༌། མ་ཆོག་པ་བརྐུས་པ་ནི་ཉེས་བྱས་ཏེ། ཡན་ལག་རྣམས་མ་ཚང་བའི་ཕྱིར་རོ། །དེ་བཞིན་དུ་བདག་པོ་གང་ཡང་རུང་བས་ཡོངས་སུ་མ་བཟུང་བ་དང༌། མ་ཆོག་པ་དང༌། མི་མ་ཡིན་པའི་རྒྱུད་ཀྱིས་ཡོངས་སུ་བཟུང་བ་དང༌། ། 2-2-17a དེར་འདུ་ཤེས་མེད་པ་ལ་ཉེས་བྱས་ཁོ་ནའོ། །རྐུ་སེམས་མེད་ན་ནི་ལྟུང་བ་མེད་པའི་ཕྱིར། དེ་ནི་དངོས་གཞིའི་ཡན་ལག་ཡིན་ལ། ལྷག་མ་རྣམས་ནི་དེའི་བྱེ་བྲག་གོ་ཞེས་བཤད་དེ། གསུམ་མམ་གཉིས་མ་ཚང་བ་ནི། ཕམ་པའི་ ཡན་ལག་ལྔའི་སྟེང་ནས་བརྩི། སྦོམ་པོའི་ཡན་ལག་ལྔའི་སྟེང་ནས་མིན་ཏེ། མ་ཆོག་པ་མ་ཚང་བར་མི་རུང་བའི་ཕྱིར་རོ། །དེ་ལྟར་ན་མི་མ་ཡིན་གྱིས་བཟུང་བ་ལ་དེར་འདུ་ཤེས་ནས་མ་ཆོག་པ་བརྐུ་བ་ནི། གཉིས་མ་ཚང་བའི་ཉེས་བྱས་དང༌། མིའི་རྒྱུད་ ཀྱིས་བཟུང་བར་ཤེས་ནས་མ་ཆོག་པ་རྐུ་བ་ནི་གསུམ་མ་ཚང་ངོ༌། །བདག་པོ་གང་རུང་གིས་མ་བཟུང་བ་དང༌། མི་མ་ཡིན་གྱིས་བཟུང་བ་གཉིས་གཞི་གཅིག་ལ་མི་འདུ་བས་སྔ་མ་དང་མ་ཆོག་པ་སྦྱར་ཞིང༌། ཕྱི་མ་དང་དེར་འདུ་ཤེས་མེད་པ་གཉིས་སྦྱར་ཏེ། ཉེས་བྱས་རེ་རེར་བྱའོ། །སྔར་མི་མ་ཡིན་གྱི་བཟུང་བ་ལ་ཉེས་བྱས་སུ་བཤད་པ་དང་མི་ཟློས་ཏེ། འདིར་རིན་ཐང་ཆང་ཡང་འདུ་ཤེས་འཁྲུལ་བའི་གཉིས་མ་ཚང་གི་ཉེས་བྱས་ཡིན་པའི་ཕྱིར་རོ། །བདག་གིར་བྱས་པས་སེལ་བ་ནི། བདག་པོ་ཞེས་ཏེ། དོན་ལ་དབང་ཞིང༌། བློས་བདག་གིར་མ་བྱས་པས་བརྐུས་པ་ལ་སྦོམ་པོ་སྟེ། ནད་པས་ནད་གཡོག་ལ་དགེ་འདུན་ལ་བསྔོས་པའི་ཟོང་ཕོག་པ་ནད་གཡོག་གིས་བརྐུས་པ་ལ་སྦོམ་པོར་གསུངས་ཏེ། ཕུལ་བའི་དགེ་འདུན་ལ་བདག་གིར་བྱ་བའི་བློ་མ་སྐྱེས་པས་ཕམ་པ་མེད་དོ། ། དོན་རྟོགས་མ་རྟོགས་ཀྱི་བདག་པོ་གཉིས་ཀ་མེད་པའི་གཏེར་ལ་ཇི་ལྟར་འགྱུར་ཞེ་ན། སྒྲ་མི་སྙན་གྱི་རྫས་དང་འདྲ་བར་རྐུ་སེམས་མེད་ན་བདག་གི་བ་མེད་པའི་ཕྱིར་ལྟུང་བ་མེད་ལ། རྐུ་སེམས་ཀྱིས་ལེན་ན་སྦོམ་པོའོ། །བདག་པོས་དོན་མ་རྟོགས་པས་གཏེར་ 2-2-17b དེ་ཉིད་མ་ཤ་ཀ་ལྔ་ལ་སོགས་པས་ཉུང་ལ། བདག་པོ་མེད་པའི་ཕྱིར། དེ་དང་བཅས་པར་རམ། བདག་པོ་མིའམ། མི་མ་ཡིན་པས་ཡོངས་སུ་བཟུང་བར་ཤེས་ནས་རྐུ་བ་ཉེས་བྱས་ཏེ། སྦོམ་པོའི་ཡན་ལག་ལས་ཉུང་བའི་ཕྱིར་རོ། །གཞན་གྱི་བརྐུས་ན་དངོས་གཞིར་འགྱུར་ན། རང་གི་ལ་ཅིར་འགྱུར་ཞེ་ན། རང་གི་རྫས་རིན་ཐང་ཚང་ལ་དེར་འདུ་ཤེས་པ་དང༌། རྐུ་སེམས་ཀྱིས་བརྐུ་བའམ། རྐུར་བཅུག་པ་དང༌། མངགས་པས་ཀྱང་སྦོམ་པོའོ། །འདིར་ཊཱི་ཀྐ་ལས། རང་གི་ལ་གཞན་གྱིས་ཡོངསུ་བཟུང་བར་འདུ་ཤེས་པ་ལ་ཡང་སྤོམ་པོ་ཁོ་ན་སྟེ། རང་གིས་འདུ་ཤེས་པ་དང༌། ཡོངསུ་མ་བཟུང་བར་འདུ་ཤེས་པར་བྱས་པ་ནི་ལྟུང་བ་ལ་འདྲ་བའི་ཕྱིར་རོ། །དེ་བཞིན་དུ་ཡོངསུ་མ་བཟུང་བ་ལ་ཡོངསུ་མ་བཟུང་བར་འདུ་ཤེས་པའམ། ཡོངསུ་བཟུང་བ་དང་བཅས་པར་འདུ་ཤེས་པ་ཡང་སྤོམ་པོ་ཁོ་ནའོ། །ཞེས་གསུངས། དེའི་དོན་ནི་རང་དབང་བའི་རྫས་ལ་རང་གིར་འདུ་ཤེས་ནས་རྐུ་བ་ནི་བསྟན་པ་ལྟར་རོ། །གཞན་གྱིར་འདུ་ཤེས་ནས་རྐུ་བ་ལ་རྫས་དེ་གཞན་གྱིས་ཡོངསུ་བཟུང་བ་དང༌། མ་བཟུང་བ་གཉིས་ལ་དེར་འདུ་ཤེས་པ་དང༌། གཞན་དུ་འདུ་ཤེས་ན་བརྐུས་པའི་སྦོམ་པོ་བཞི་ཡིན་པ་ འདྲའོ། །རང་གི་རྫས་ལ་མི་ལས་འགྲོ་བ་གཞན་གྱིར་འདུ་ཤེས་ན་བརྐུ་བ་སྦོམ་པོ་སྟེ། གཞུང་ནི། བྱའི་རྐུའི་མིའི་ནི་མ་ཡིན་ནོ། །སྙམ་ན་ཞེས་པ་ལ་སོགས་པའོ། །འགྲོ་བ་གཞན་གྱི་རྫས་ལ་མིའི་འགྲོ་བའི་རྫསུ་དང༌། ཡོངསུ་མ་བཟུང་བར་འདུ་ཤེས་ནའང་སྦོམ་པོ་ཁོ་ ནའོ། །བདག་ཉིད་ཀྱིས་བདག་གིར་བྱ་བར་བརྐུས་ན་ཕམ་པར་བསྟན་ན་བདག་པོ་དང་བྲལ་བའི་སེམས་འབའ་ཞིག་གིས་ན་ཅིར་འགྱུར་ཞེ་ན། བདག་གིར་ཞེས་ཏེ། སོགས་པ་ནི། བཅིང་བ་དང༌། དྲལ་བ་དང༌། བསྐྱོད་པ་དང༌། བསད་པ་ལ་སོགས་པ་བསྡུའོ། །འདིར་རྐུའམ་ 2-2-18a ཞེས་པའི་ཡན་ལག་གཉིས་མེད་ཀྱང༌། མ་བྱིན་པ། རིན་ཐང་ཚང་བ། མིས་བཟུང་བ། དེར་འདུ་ཤེས་པའི་ཡན་ལག་དང་ལྡན་ན་མངགས་པས་ཀྱང་སྦོམ་པོར་གསུངས་ཏེ། དེ་ལྟར་བྱས་ན། རྫས་ཆུད་གསོན་གྱི་སྦོམ་པོ་ལ་རིན་ཐང་ཚང་དགོས་པར་ གསལ་ལོ། །འདིར་ཊཱི་ཀྐ་ལས། སྦོམ་པོའི་དབང་དུ་བྱས་པའི་ཡན་ལག་དག་ལས་ཆེས་ཉུང་ན་ཉེས་བྱས་སོ། །ཇི་ལྟར་གང་ཡང་རུང་བའི་རྒྱུད་ཀྱིས་ཡོངསུ་བཟུང་བ་གང་ཡང་རུང་བར་འདུ་ཤེས་པས་མ་ཤ་ཀ་ལྔ་ལ་སོགས་པ་ལས་ཉུང་བ་བྲལ་བར་བྱས་ན་ཉེས་བྱས་ ཡིན་པ་དེ་བཞིན་དུ་མིའི་རྒྱུད་ཀྱིས་ཡོངས་སུ་བཟུང་བ་ལ་འགྲོ་བ་གཞན་གྱི་རྒྱུད་ཀྱིས་ཡོངསུ་བཟུང་བར་འདུ་ཤེས་པས་བྲལ་བར་བྱས་པ་ལ་སྦོམ་པོའི་དབང་དུ་བྱས་པ་ལས་ཉུང་བས་ཀྱང་ཉེས་བྱས་སོ། །དེ་བཞིན་དུ་མི་མ་ཡིན་པའི་རྒྱུད་ཀྱིས་ཡོངསུ་བཟུང་བ་ལ་མིའི་ རྒྱུད་ཀྱིས་ཡོངསུ་བཟུང་བར་འདུ་ཤེས་པས་བྲལ་བ་བྱས་ན་ཡང་ཉེས་བྱས་ཁོ་ནའོ། །ཇི་ལྟར་གཞན་དུ་རྐུ་སེམས་ཀྱིས་ལྟུང་བར་བྱས་པ་བཞིན་དུ་འདིར་ནི་བྲལ་བའི་འདུ་ཤེས་ཀྱིས་ལྟུང་བར་བྱས་པ་ཉིད་དོ། །ཡོངསུ་མ་བཟུང་བ་ལ་ཡོངསུ་བཟུང་བ་དང་བཅས་པའམ། ཡོངསུ་མ་བཟུང་བར་འདུ་ཤེས་པ་ལ་ནི་ལྟུང་བ་མེད་དེ། བྲལ་བའི་བསམ་པ་མེད་པའི་ཕྱིར་རོ། །ཞེས་གསུངས་སོ། །དེ་ལ་ཡོངསུ་མ་བཟུང་བ་ནི་བདག་པོ་གཏན་མེད་པ་དང༌། བཟུང་བར་འདུ་ཤེས་པ་ནི་འདུ་ཤེས་འཁྲུལ་པའི་དབང་དུ་བྱས་པ་སྟེ་དེ་ལ་ནི་རང་དང་གཞན་གྱི་ ཕྱིར་བདག་གིར་བྱེད་འདོད་ཀྱི་རྐུ་སེམས་མེད་ན་རྫས་བྲལ་བར་བྱས་པ་ཙམ་ལ་ཉེས་པ་མེད་པ་འདྲ་སྟེ་དཔྱད་དོ། །གནོད་པའི་སེམས་ཀྱིས་བྲལ་བ་ལ་སྦོམ་པོར་སྨྲས་ན། སེམས་གཞན་གྱིས་ཕྲལ་བ་ལ་ཅིར་འགྱུར་ཞེ་ན། སྙིང་རྗེ་དང་ཞེས་སོ། །ཕམ་པའི་སྦྱོར་བ་ལ་ 2-2-18b སྦོམ་པོར་སྨྲས་ན་ཕམ་པ་མ་བྱས་པར་བར་སྐབས་སུ་ཕྱིར་བཟློག་ན་སྦོམ་པོར་མི་འགྱུར་བར་དོགས་པ་བཟློག་པའི་ཕྱིར། ཁྱིམ་དེ་ན་བུད་མེད་ནི་མང༌། སྐྱེས་པ་ནི་ཉུང་ངོ་ཞེས་སྔར་སྦྲན་པ་ལ་སོགས་པ་འབྱུང་བའི་མཐའི་སྦྱོར་བ་བྱས་ན་ཕྱིས་རྐུན་པོ་རྣམས་ཕྱིར་བཟློག་ པའི་ཕྱིར། ཕྱིར་བཅོས་པ་གཉེན་པོ་བྱས་སུ་ཟིན་ཀྱང༌། རྐུན་པོ་དེའི་རྩོམ་པ་དང་པོར་གྱུར་པ་དེ་མ་བྱས་པ་ཉིད་མ་ཡིན་ཏེ་སྦོམ་པོ་ཁོ་ནར་འགྱུར་རོ། །སྦྱོར་བ་ལ་སྦོམ་པོ་དང༌། སྦྱོར་བའི་སྦྱོར་བ་ལ་ཉེས་བྱས་སུ་སྨྲ་ན། ད་ནི་དེ་གཉིས་ཀྱི་ཡུལ་གྱི་དབྱེ་བ་ བསྟན་པའི་ཕྱིར་རྫས་ལ་ནོམ་པའི་སྔ་རོལ་དུ་ཁྲི་ལས་ལྡང་བ་དང༌། ཤམ་ཐབས་ལ་འཛིན་པ་ལ་སོགས་པའི་བྱ་བ་ནི་སྦྱོར་བ་སྦོམ་པོའི་སྦྱོར་བ་ཉིད་དེ་ཉེས་བྱས་དང༌། ནོམ་པ་ནས་གནས་ནས་གནས་སུ་མི་སྦེད་པའི་བར་དུ་སྦོམ་པོའོ། །ནོམ་པ་མང་ པོ་ཡོད་པ་ལ་ཇི་སྲིད་རྐུ་བའི་བསམ་པ་མ་ལོག་པའི་བར་དུ་ནི་སྦོམ་པོ་གཅིག་ཁོ་ན་དང༌། ཕྱིར་བཟློག་པའི་བསམ་པ་བྱུང་ནས་ཀྱང༌། ནོམ་ན་སྦོམ་པོ་གཞན་ནོ། །སྦྱོར་བ་ཐམས་ཅད་ལ་ཉེས་བྱས་སུ་སྨྲ་ན། ཁྲི་ལས་ལྡང་བ་ལ་སོགས་པའི་སྦྱོར་བ་ལ་ཉེས་ བྱས་གཅིག་ཡིན་པ་བཞིན་དུ་ཐམས་ཅད་ལའང་ཡིན་ནམ་ཞེ་ན། དགེ་སློང་ལམ་དུ་ཞུགས་པས་མཁན་སློབ་ལ་སོགས་པའི་ཆོས་གོས་ལག་ཏུ་གཏད་པ་ལ་རྐུ་བར་འདོད་ན་ཁད་ཀྱི་ཁད་ཀྱིས་གོམ་པ་ཕྲི་བའི་གོམ་པ་རེ་རེ་ལ་སྦྱོར་བའི་སྦྱོར་བ་ཉེས་བྱས་ ཐ་དད་པ་རེ་རེ་དང༌། གང་ནས་མི་སྣང་བར་འགྲོ་བའི་རྐང་པ་བཏེག་པ་ལ་ནི་སྦོམ་པོ་དང༌། མིག་སྔར་སྣང་བར་མ་གྱུར་པ་ན་རིན་ཐང་བརྩི་བར་བྱ་ཞིང་ཞེས་སོགས་གསུངས་སོ། །འདི་ལ་བདུན་པ་ལྡོག་མཚམས་ཡོད་པ་དང༌། རྫས་ལ་ནོམ་པ། ཡོད་ཅིང་ཆེ་བའི་སྤྲོ་བ་ 2-2-19a ཤས་ཆེ་བ་དང༌། རྒྱུ་ཚོགས་ཐ་དད་པས་ཐ་དད་མཚན་ཉིད་པའོ། །ཞེས་ལུགས་གསུམ་མོ། །ཁ་ཅིག་དེ་ནི་རང་དགར་ཟད་པས་ཐ་དད་དགོངས་པ་ཅན་ཏེ། དགོངས་གཞི་ནི་གོམས་པ་ཐ་དད་པའོ། །དགོས་པ་ནི་མི་སྔོན་པར་འགྲོ་བའི་གོམས་ པ་སྦྱོར་བར་གསུངས་པས་དེའི་སྔ་མ་ཉིད་སྦྱོར་བའི་སྦྱོར་བ་དང༌། དེའི་སྔ་མ་རྣམས་ལ་ཉེས་པ་མེད་དམ་སྙམ་པའི་དོགས་པ་བསལ་བའི་ཕྱིར་ཏེ། ཉེས་བྱས་སུ་བསྟན་པའང་ཐ་དད་དུ་མ་བསྟན་ན་དོགས་པ་མི་སྤོང་སྟེ། སྔ་མས་རྒྱུ་བྱས་པའི་ཉེས་བྱས་ཡིན་ནམ་སྙམ་ དུ་དོགས་པར་འགྱུར་བའི་ཕྱིར་རོ། །ཐ་དད་དུ་བསྟན་ན་སྤྱོད་སྟེ། ཉེས་བྱས་སྔ་མ་ཕྱི་མའི་རྒྱུར་མི་རུང་བའི་ཕྱིར་རོ་ཞེས་ཟེར་རོ། །དངོས་ལ་གནོད་བྱེད་མེད་པས་ཐ་དད་སྒྲ་ཇི་བཞིན་པར་བྱེད་པ་ལེགས་སོ། །བྱ་བ་གཅིག་པས་ལྟུང་བ་ཡང་གཅིག་གམ་ཐ་དད་ དུ་དོགས་པ་བསལ་བའི་ཕྱིར་དེའི་ཞེས་ཏེ། སེམས་ཅན་དེའི་གཞི་ལ་རྐུ་བ་དང༌། མཚོན་གྱིས་འདེབས་པ་དང༌། གཟས་པ་དང༌། སྐུར་འདེབས་སོགས་བྱེད་པ་ན་སོ་སོ་ལ་བརྟེན་པའི་དངོས་གཞི་དང་སྦྱོར་བའི་ལྟུང་བ་ཐ་དད་པ་སྟེ། དཔེར་ན། དགེ་སློང་གནས་ ནས་སྤོ་བ་ལ་སོགས་པའི་སྦྱོར་བ་གཅིག་གིས་བདག་པོ་མང་པོའི་རྫས་རྐུ་ཞིང༌། རིན་ཐང་ཡང་ཚང་ན་སེམས་ཅན་སོ་སོ་ལས་ཕམ་པར་འགྱུར་ཞིང༌། སྦོམ་པོ་ཞེས་པའི་སྦྱོར་བ་ནི་གཅིག་ཁོ་ནར་འགྱུར་བ་ལྟ་བུའོ། །གང་གི་ཚེ་སེམས་ཅན་སོ་སོ་ལས་རིན་ཐང་མ་ ཚང་ན་ནི་དེའི་ཚེ་སེམས་ཅན་སོ་སོ་ལས་སྦོམ་པོ་ཐ་དད་པར་འགྱུར་ཏེ། དཔེར་ན་དགེ་སློང་གིས་མདའི་སྦྱོར་བ་གཅིག་གིས་མི་མང་པོ་ལ་འཕངས་ན་སྦོམ་པོ་ཐ་དད་པ་དང༌། ཉེས་བྱས་ནི་གཅིག་ཏུ་འགྱུར་བ་ལྟ་བུའོ། །ཞེས་ཊཱི་ཀྐ་ལས་སོ། །འདི་ལ་སྔ་མ་རྣམས་སྦོམ་པོ་གཅིག་ཏུ་ 2-2-19b བཤད་པ་ནི་ལྡོག་མཚུངས་ཀྱིས་གཅིག་ལ་དགོངས་ཏེ། མདའ་གཅིག་གི་སྦྱོར་བས་དུ་མ་བསད་པ་ལ་སྦོམ་པོ་ཐ་དད་དུ་བཤད་པའི་ཕྱིར་དང༌། སྦྱོར་དངོས་རྫས་གཅིག་ཅིང་དངོས་གཞི་ཐ་དད་དུ་བཤད་པའི་ཕྱིར། ཞེས་སྨྲ་བ་ནི་མི་འཐད་དེ། དེ་ལྟར་ན་མཚམས་ སྦྱོར་གྱི་དོན་སྦྱོར་བ་རིགས་གཅིག་པས་དངོས་གཞིའང་རིགས་གཅིག་གམ་སྙམ་པའི་དོགས་པ་བསལ་དགོས་ན། དེ་བསལ་བར་མི་ནུས་པའི་ཕྱིར། མི་མང་པོ་ལ་མདའ་གཅིག་འཕངས་པའི་སྦོམ་པོ། བསད་པ་ལ་བྱེད་ན་ཕམ་པར་ཐལ་བའི་ཕྱིར། དེས་ན་སྲོག་ལ་མ་ གནོད་པའི་མཚོན་གྱིས་བཏབ་པ་ཙམ་མོ། །སྦྱོར་དངོས་ཀྱིས་ལྟུང་བ་རྫས་གཅིག་ན་རྫས་ཐ་དད་པའི་དངོས་པོ་མི་སྲིད་པར་ཡང་ཐལ་བར་འགྱུར་རོ། །ཕྱིར་བཅོས་གཅིག་གིས་འདག་པ་ཡང་སྒྲུབ་བྱེད་དུ་མི་རུང་སྟེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་གཅིག་གིས་ སྤོང་བའི་ཕྱིར། སྡུག་བསྔལ་མཐོང་སྤངས་ཀྱིས་ཕྲ་རྒྱས་བཅུའང་རྫས་གཅིག་ཏུ་ཧ་ཅང་ཐལ་ལོ། །ཕུར་པ་ཞེས་པ་ནི་རྫས་ལ་ནོམ་ཉུག་སྦོམ་པོར་སྨྲས་པས་འདི་ལའང་སྦོམ་པོར་དོགས་པ་བསལ་བའི་ཕྱིར་རོ། །གནས་ནས་གཞན་དུ་སྦེད་པར་བྱེད་ན། རྐུས་པ་ཞེས་ བྱའོ། །ཞེས་སྤྱིར་བཏང་བ་དེའི་དམིགས་བསལ་བྱ་བར་འདོད་ནས་དེ་བྱས་ནས་ཞེས་སོགས་ཀྱིས་མཐར་ཐུག་གི་རབ་དབྱེ་གསུངས་སོ། །འདིའི་མཐར་ཐུག་ལ་རྨ་འཚོ་ནི། གནས་སྤགས་ཡིན་གྱི། ཐོབ་བློ་ནི་མ་ཡིན་ཏེ། རྣམ་བཤད་ལས། གནསུ་སྤགས་ན་ཞེས་དང༌། འགྲེལ་པ་ཆེ་ཆུང་གཉིས་ཀ་ནས་ཀྱང་དེ་ལ་བཤད་ཅིང༌། ཐ་ན་ལྔ་བཅུ་པ་ལས་ཀྱང༌། རང་གི་ཡུལ་ནས་བྱུང་བ་གང༌། ཞེས་དང༌། ཁྱད་པར་དུ་ནོམ་པའི་སྔ་རོལ་ཞེས་པའི་འགྲེལ་པ་ལས། རིམ་པ་ནི་འདི་ཡིན་ཏེ། བསམ་པའི་དབྱེ་བས་བྱ་བ་དབྱེའོ། །བྱ་བའི་དབྱེ་ 2-2-20a བས་ལྟུང་བ་དབྱེའོ། །ཞེས་བྱ་བ་གྲུབ་བོ། །ཞེས་དང༌། ཡང་ཐོབ་བློ་དེ་མ་བྱིན་ལེན་གྱི་བསམ་པ་དང༌། སེམས་པའི་ལས་གང་དུ་མི་གཏོགས་པའི་ཕྱིར་རོ། །ཞེས་ཟེར་རོ། །དེ་ལ་ཁ་ཅིག་ན་རེ། དེ་མི་འཐད་དེ། གཞུང་དང་འགལ་བ་ནི། འགྲེལ་པ་ལས། མིག་གིས་མ་མཐོང་ན་རྐང་པའི་དྲུང་དུ་འོངས་ཀྱང་ཕམ་པར་མི་འགྱུར་ཏེ། གྲུབ་པའི་བློ་མེད་པའི་ཕྱིར། ཞེས་དང་བསྡུ་བ་དང༌། བཏུའོ་སྙམ་པའི་བློ་ཡོད་ཀྱི། རྐུའོ་སྙམ་པའི་བློ་མེད་ཅེས་འབྱུང་ལ། དེ་གཉིས་སྦྱོར་བ་ལ་བལྟོས་པའི་བློ་མེད་པ་ནི་མ་གྲུབ་སྟེ། སྦྱོར་ལྟུང་གསུངས་པ་དང༌། མི་དབང་བ་ལེན་པའི་ཕྱིར་རོ། །དེས་ན་མཐར་ཐུག་ལ་བལྟོས་པ་ཡིན་ལ། དེའང་གྲུབ་བློས་ཁྱད་པར་དུ་བྱས་པའི་ཕྱིར་དང༌། ཞུ་བའི་འབྲེལ་པ་ལས་ཀྱང་འོག་ཏུ་མ་ལྟུང་ན་ཡན་ལག་ལས་འབྲལ་བ་ཙམ་གྱིས་མ་ཡིན་ཏེ། གྲུབ་པའི་ རྣམ་པར་མི་གནས་པས་ཞེས་དང༌། བློ་གྲོས་དུ་མའི་སྐབས་ལས་ཀྱང༌། སོ་སོར་མ་བགོས་པ་ལ་ལྟུང་བར་མི་འགྱུར་ཏེ། གྲུབ་པ་མེད་པས་ཞེས་པ་དང་འགལ་ལོ། །གལ་ཏེ་དེ་རྣམས་གནས་པ་དང་། མཐར་ཐུག་ཏུ་འཇོག་པའི་རྒྱུ་མཚན་ཡིན་གྱི། ཡན་ལག་ནི་མ་ཡིན་ ཏེ། སྲོག་ཆགས་ལ་གནོད་པ་ལ་སོགས་པ་ས་བརྐོའི་ལྟུང་བ་སྐྱེད་པའི་རྒྱུ་མཚན་ཡིན། ཡན་ལག་མ་ཡིན་པ་བཞིན་ནོ་ཞེས་པ། རྒྱུ་མཚན་དེ་གནས་སྤགས་ཐམས་ཅད་ལ་དགོས་ལ་དོན་ལ་གྲུབ་བློས་འཇོག་པར་ཁས་བླངས་པའི། ཚིག་ཙམ་ལ་མི་རྩོད་ལ། ཕལ་ཆེ་བ་ལ་ཡོད་པས་ཆོག་ ན་དུད་འགྲོ་གཞུག་མ་བ་རྐུ་བ་ན་མི་སྣང་བར་སོང་བ་ཐམས་ཅད་ལ་ཕམ་པར་སོང་ཞིང༌། འདོད་ན་འགྲེལ་པ་དང་འགལ་ལོ། །རྒྱུ་མཚན་ཡིན་ཡང་ཡན་ལག་ཡིན་པ་མི་འགལ་ཏེ། རྨ་མ་ཉམས་པ་བཞིན་ནོ། །རིག་པ་དང་འགལ་བ་ནི་གནས་སྤགས་ཀྱི་དོན་རྫས་འདུག་ 2-2-20b པ་ནས་ཕྲལ་བ་ལ་བྱེད་ན་ས་གཞི་དང༌། ཁང་ཁྱིམ་རྐུ་བ་ལ་མ་ཁྱབ་ལ། རེ་བ་མ་ཆད་པའི་གནས་ནས་ཆད་པའི་གནས་སུ་སྤགས་པ་ལྟ་བུ་ལ་བྱེད་ན་ཐོབ་བློའང་གནས་སྤགས་སུ་འགྱུར་བ་མི་འགལ་ལོ། །གོས་བསླང་བ་ལ་སོགས་པའི་མཐར་ཐུག་ཐོབ་བློ་ལ་གསུངས་པ་ མ་བྱིན་ལེན་པའང་མཚུངས་སོ། །བསམ་པའི་དབྱེ་བ་ཞེས་སོགས་ཀྱི་དོན་དུ་འདོད་ན་གཞུང་འདིའི་མཚམས་སྦྱོར་དང་འགལ་ཞིང་སྐབས་འཚོལ་བར་ཡང་འགྱུར་རོ། །ལས་གཉིས་སུ་མ་གཏོགས་ན་སྦྱོར་བ་དང་ཀུན་སློང་དུ་ཁས་བླངས་པ་ལ་གནད་ཀྱི། མཐར་ ཐུག་ཏུ་འདོད་པ་མི་འགལ་ཏེ། རྫུན་གྱི་མཐར་ཐུག་དོན་གོ་བ་ལ་འཇོག་པ་བཞིན་ནོ། །དེས་ན་མཐར་ཐུག་ནི་གྲུབ་བློའམ། ཐོབ་བློ་ཡིན་ལ་དེའང་རང་ལ་གྲུབ་དགོས་སོ། །ཁ་ཅིག་གཞན་ལ་སྐྱེས་ཀྱང་གོ་ཆོད་དེ། གསང་སྔགས་ཀྱི་རྐུ་བའི་སྐབས་སུ་ཟླ་བོས་ཐོང་བ་ ལ་ཕམ་པར་གསུངས་པའི་ཕྱིར་ཞེས་ཟེར་བ་ལ་ལམ་རྒྱུས་གོ་བར་བྱས་ནས་རྐུ་བ་ལ་རང་གི་ཐོབ་དགོས་པར་གསུངས་པ་དང༌། གཞན་གྱི་ཉེས་པས་གཞན་ལ་གོས་པར་མི་འགྱུར་བའི་ཕྱིར་དང༌། ཟླ་བོས་མཐོང་བ་སྦྲན་པ་ལ་དགོངས་པའི་ཕྱིར་མི་རིགས་སོ་ ཞེས་སུན་འབྱིན་ཏེ། འོན་ཀྱང་བསམས་སྦྱོར་མཐུན་པའི་གྲོས་བྱས་པ་ལྟ་བུ་མེད་ན་ཐོབ་པ་དགོས་ཏེ། ལམ་རྒྱུས་ཞེས་དང༌། བློ་གྲོས་དུ་མ་ཉིད་ཅེས་གསུངས་པ་ལྟ་བུའོ། །ཡོད་ན་ནི་རང་ལ་ཐོབ་བློ་མ་སྐྱེས་ཀྱང༌། གྲོགས་ལ་སྐྱེས་ན་ཆོག་པ་འདྲ་སྟེ། གསང་ སྔགས་ཀྱི་རྐུ་བའི་སྐབསུ་གསུངས་པ་བཞིན་ནོ། །དེ་ལྟར་འདོད་པ་ཐ་དད་པ་དུ་མ་ལས་མ་བྱིན་ལེན་གྱི་མཐར་ཐུག་གང་ལ་བྱ་ཞེ་ན། རྩ་བར་རྐུ་བའི་མ་ཞེས་པ་ནས། དེར་འདུ་ཤེས་པས་སོ་ཞེས་པའི་བར་གྱི་ཕམ་པའི་ཡན་ལག་གསུངས་ལ། དེའི་དོན་ཊཱི་ཀྐར། མ་བྱིན་པ་ལ་ 2-2-21a སོགས་པ་ཡན་ལག་ལྔ་དང་ལྡན་པ་ཙམ་གྱིས་ཕམ་པར་འགྱུར་བར་གསུངས་པའི་ཕྱིར་ཡོད་དགོས་ཏེ། གཞན་དུ་ན་ཕམ་པར་མི་འགྱུར་བའི་ཕྱིར་རོ། །མཐར་ཐུག་ཡོད་ཚུལ་ནི། མ་བྱིན་པ་ལ་སོགས་པ་རེ་རེ་བཞིན་རྐུ་ན་ཞེས་པ་དང་སྦྱར་ དགོས་ཏེ། གཞན་དུ་ན་ཚིག་འབྲེལ་བ་མེད་པར་འགྱུར་བས་སོ། །དེའི་ཕྱིར་མཐར་ཐུག་ནི་བརྐུས་པ་ཁོ་ནའོ། །དེའི་དོན་ཡང༌། རྫས་འདི་ནི་རྫས་བདག་མི་དབང་ཞིང༌། ཁོ་བོ་དབང་ངོ་སྙམ་པའི་བློ་སྐྱེས་པའོ། །གལ་ཏེ་མཐར་ཐུག་གི་དུས་དེ་ལ་བྱེད་ན། ཞུ་བར་བརྐུས་ པ་ནའམ་ཞེས་སོགས་མཐར་ཐུག་གི་རབ་དབྱེ་བཤད་པ་དོན་མེད་པར་འགྱུར་ཏེ། སྔར་གྱི་བློ་དེ་སྐྱེས་ན་ནི་ཁུར་དུ་གྲགས་པ་སོགས་མེད་ཀྱང་མཐར་ཐུག་ཚང་ལ། མ་སྐྱེས་ན་ནི་ཁུར་དུ་གྲགས་པ་སོགས་ཡོད་ཀྱང་མཐར་ཐུག་མི་འགྲུབ་པའི་ཕྱིར་རོ། །གཞན་ཡང༌། གཞུང་ལས་ཁུར་དུ་གྲགས་པ་སོགས་ཀྱི་སྒོ་ནས་དངོས་པོའི་ས་མཚམས་བསྟན་གྱི། རང་དབང་བའི་བློ་སྐྱེ་བའི་ས་མཚམས་མ་བསྟན་པའི་ཕྱིར་མཐར་ཐུག་གི་དུས་དེ་མི་འཐད་དོ་ཞེ་ན། རྩོད་པ་སྔ་མ་ལ་ཁ་ཅིག་ན་རེ། གཞུང་ནས་བཤད་པའི་མཐར་ཐུག་ནི་མ་ངེས་ཀྱང༌། ཕལ་ཆེ་ བས་དེར་བཞག་གོ་ཞེས་ལན་འདེབས་མོད་ཀྱང༌། འདིར་ནི། དང་པོ་ལ་མཚོན་ཁུར་དུ་མ་གྲགས་པའི་སྔོན་དུ་གྲུབ་བློ་སྐྱེ་བ་དང༌། གྲགས་པའི་ཚེའང་མི་སྐྱེ་བ་ཡོད་མོད། དེའི་དབང་དུ་མ་བྱས་ཀྱི། འོན་ཀྱང་གོས་རླུང་གིས་གཏོར་བ་ལྟ་བུ་ལ། ཁོ་བོས་རྫས་འདི་བསྡུས་ཏེ་ཁུར་དུ་བྱེད་ ཐུབ་ན་ངེས་པར་ཐོབ་ལ། དེའི་སྔོན་དུ་ནི་མི་ཐོབ་བོ་སྙམ་པའི། ཐེ་ཚོམ་ཟ་ནས་རྐུ་བའི་དགེ་སློང་དེའི་དབང་དུ་བྱས་ནས་གསུངས་པ་སྟེ། འགྲེལ་པར་ཡང༌། སྤྱིར་སྦྱོར་བར་བྱས་པ་དེའི་དམིགས་ཀྱིས་བསལ་བར་བྱ་བར་འདོད་ནས། དེ་བྱས་ནས་ཞེས་བྱ་བ་ནི། ཁུར་དུ་བྱས་པས་གཟོད་རྐུའོ་སྙམ་ 2-2-21b པའོ། །ཞེས་པ་དང༌། བཏུས་ནས་ཞེས་བྱ་བ་ནི། བཏུས་ཟིན་ནས་གཟོད་རྐུའོ་སྙམ་པའོ་ཞེས་སོགས་གསུངས་པའི་ཕྱིར་རོ། །རྩོད་པ་ཕྱི་མའང་མི་འཐད་དེ། ཊཱི་ཀྐ་ལས། གང་གི་ཚེ་རླུང་གིས་གོས་དག་རྣམ་པར་གཏོར་བར་གྱུར་པའམ། རྫས་གཞན་དག་གཏོར་བར་གྱུར་བ་ན། དགེ་སློང་གིས་ དེ་དག་ཁུར་དུ་གྲགས་ཏེ། རྐུའོ་སྙམ་པའི་བསམ་པས། དེས་དེ་དག་སྡུད་པར་བྱེད་ན། འདི་ལྟར་མ་ཤ་ཀ་ལྔ་ལ་སོགས་པའི་རིན་ཐང་གི་ཚད་ཀྱིས་གོས་ལ་སོགས་པ་དག་ཁུར་དུ་གྲགས་པའི་སྔ་རོལ་ཏུ་གནས་ནས་སྤོ་བར་བྱེད་ཀྱང་དེ་ལྟར་ནའང་ཕམ་པར་མི་འགྱུར་ཏེ། དེའི་ཚེ་ ན་དེ་ལ་བསྡུའོ་སྙམ་པའི་བློ་ཡོད་ཀྱི་རྐུའོ་སྙམ་པའི་བློ་མེད་པའི་ཕྱིར་རོ། །འདིར་གཞུང་ནི། འདི་ལྟར་བཙོ་བླག་མཁན་གྱི་གོས་བཏིང་བ་རླུང་གིས་ཁྱེར་ཞིང༌། དགེ་སློང་དེ་ལ་སྦྱོར་བས་ཇི་སྲིད་དུ་ནོམ་པར་མི་བྱེད། ཉུག་པར་མི་བྱེད་པ་དེ་སྲིད་དུ་ཉེས་བྱས་སུ་འགྱུར་རོ། །ནོམ་པར་བྱེད། ཉུག་ པར་བྱེད། གོས་དག་སྡུད་པར་བྱེད། བམ་པོར་བསྒྲེ་བར་བྱེད་ཅིང༌། ཇི་སྲིད་དུ་གནས་ནས་གནས་སུ་སྦེད་པར་བྱེད་ན་ཞེས་གསུངས་པས་གོས་ཐོར་བ་སྡུད་པ་དང༌། མེ་ཏོག་དང་འབྲས་བུ་ཐོགས་པ་གནས་སུ་སྦེད་པར་བྱེད་ན་རྐུས་པར་བརྗོད་པར་བྱ་སྟེ། རིན་ཐང་བརྩི་བར་བྱ་ཞིང་ ཞེས་གསུངས་ཏེ། དེ་བཞིན་དུ་འོག་མར་ཡང་གཞུང་དྲང་ཞིང་དོགས་པ་བཅད་དོ། །དོགས་པ་ནི་ལུང་ལས། ཁུར་དང་ཕུང་པོའི་གསལ་ཁ་མེད་པར་གནས་ནས་གནས་སུ་སྦེད་པར་བྱེད་ན་ཞེས་གསུངས་པ་གོས་ཐོར་བ་སྡུད་པ་དང༌། མེ་ཏོག་དང་འབྲས་བུ་ཐོགས་པའི་ཚེའང་ གནས་སྤགས་ཡོད་པས་རིན་ཐང་རྩི་བའི་དུས་ཡིན་ནམ་སྙམ་པའོ། །དེ་གཅོད་པ་ལ་ཊཱི་ཀྐར། གནས་ནས་སྤོ་བར་བྱེད་ཀྱང་ཕམ་པར་མི་འགྱུར་ཏེ། དེའི་ཚེ་རྐུའོ་སྙམ་པའི་བློ་མེད་པའི་ཕྱིར་ཏེ། ཞེས་གསུངས་པའི་ཤུགས་ལ་ཕམ་པར་འགྱུར་བའི་དུས་སུ་ནི་རྐུའོ་སྙམ་པའི་ 2-2-22a བློ་ཡོད་པར་ཁས་བླངས་པས་མཐར་ཐུག་བསམ་པ་ལ་ལྟོས་པར་གསལ་ཞིང༌། དེ་ཡང་སྔར་བཤད་པ་ལྟར་མཐར་ཐུག་ལ་ལྟོས་པའི་རྐུ་བའི་བསམ་པ་ཡིན་ལ། དེ་ནི་ཐོབ་བློ་ལས་གཞན་དུ་མི་འཐད་པའི་ཕྱིར་རོ། །མདོ་དང་པོ་གཉིས་ལས་མཐར་ཐུག་ གི་དུས་སུ་རྐུ་བའི་བསམ་པས་དགོས་པར་གསུངས་པ་ནི། གཞན་ལའང་མཚོན་པ་ཡིན་ཏེ། རྒྱུ་མཚན་ཁྱད་པར་མེད་པའི་ཕྱིར་རོ། །ཁྱབ་པའི་ཞེས་པས་བཅད་པར་བྱ་བའི་དོགས་པའི་གཞི་ནི་ལུང་ལས། མཚམས་ལས་འདས་ན་ཞེས་སྨོས་ཀྱི། རྫས་ཀྱིས་ ཁྱབ་པའི་ཕྱི་རོལ་གྱི་མཚམས་ཞེས་མི་འཁྱུང་བས། རྫས་ཀྱི་ཁྱབ་པའི་མཚམས་ཡིན་ནམ་སྙམ་པའོ། །ཞེས་སྔ་མ་རྣམས་ཟེར་རོ། །དེའི་མཚན་ཉིད་ཅེས་པ་ལ་མཚམས་གཉིས་ལས་གསལ་བས་བཅད་པའི་མཚམས་ནི། བརྐོས་པ་དང༌། རྩིག་པ་དང༌། ཆུ་ཀླུང་གང་གིས་བཅད་པ་འཇིག་རྟེན་ལ་གྲགས་པའོ། །གཅིག་ཤོས་ནི། རབ་ཏུ་མི་མངོན་པའི་སྤྱད་པ་འཇིག་རྟེན་ལས་ངོ་བོ་བདག་ཉིད་མ་གྲགས་པ་སྟེ། དེའི་མཚན་ཉིད་ནི། ས་ཞག་འདྲ་བར་གྱོང་ཞིང་གྲུགས་བ་ནི་གྱོང་གྲུགས་པའོ། །ཕྱོགས་གཅིག་ཏུ་རལ་བ་ནི་ གས་པའོ། །ཡི་གེར་བྲིས་པ་ནི་བྲིས་པའོ། །ཚོན་ཁ་དོག་གཅིག་ལས་ཁ་དོག་ཐ་དད་ནི་ཁ་དོག་གཞན་ནོ། །སྒོ་གླེགས་དང༌། རེ་ལྡེ་ལ་སོགས་པ་ནི་བར་མཚམས་སོ། །ཞིང་ལོག་པའི་སྣང་རྒལ་ལ་སོགས་ནི་བར་ཆད་དེ། སྣང་རྒལ་གྱི་ངོས་གཉིས་ནི་ཁོངས་སུ་གཏོགས་པ་ མ་ཡིན་ཞིང༌། ངོས་དེ་གཉིས་ན་གནས་པའི་ས་གཞིའི་ཆ་གཉིས་ཀྱི་དབུས་ན་གནས་པའི་ཕྱིར་མཚམས་སོ། །གལ་ཏེ་བརྐོས་པ་དེ་མུ་དང་ཁང་ཆད་དུ་གང་ན་ཆེད་གཅིག་ཏུ་བརྗོད་པར་བྱ་ལ། གལ་ཏེ་མ་གང་སྟེ་དེར་དབྱིག་གུའམ། འབེག་གམ། རེ་ལྡེས་བར་བཅད་པ་ 2-2-22b ནི་ཕྱོགས་སོ་སོར་བརྗོད་པར་བྱའོ། །སྲོག་ཆགས་ཀྱི་ལུས་གཅིག་པས་བར་ཆད་གཅིག་ཡིན་པར་དོགས་པ་བསལ་བའི་ཕྱིར་སྲོག་ཆགས་ཞེས་ཏེ། སོགས་པས་ནི་སོ་དང༌། སྣས་བར་དུ་བཅད་པ་ལ་སོགས་པ་བསྡུས་ཏེ། དེས་ན་རྩིབ་མ་ཞི་གཅིག་གི་ཕྱོགས་ཐ་དད་ པ་རྟག་ཏུ་རུང་བ་གཞན་གྱི་བར་དུ་སྤོས་ན་བརྐུས་པའོ། །ས་ལ་སོགས་པ་རྩྭ་ལ་སོགས་པས་གཡོགས་པ་ལའང༌། ས་ལ་སོགས་པ་དེ་གཞི་ཡིན་པའི་ཕྱིར་གནས་ཡིན་གྱི། གཡོགས་མ་ནི་མ་ཡིན་ནོ་སྙམ་དུ་དོགས་པ་བསལ་བའི་ཕྱིར་གདིང་བ་ཞེས་སོ། །རྩྭ་དང༌། ནགས་ ཚལ་སོགས་པ་འབྱུང་བའི་སྐྱེ་བ་ནི། རྫས་བཞག་པ་བསྐྱོད་པ་ཙམ་ནས་བརྐུས་པ་དང་འདྲ་བར་སྐྱེ་བ་ཡང་གནས་ནས་བསྐྱེད་པ་ཁོ་ནས་བརྐུས་པ་ཞེས་བྱའི། རྩ་བ་ནས་བཏོན་པ་ཙམ་གྱི་མ་ཡིན་ཏེ། རིལ་གྱིས་ཁྱེར་ནའོ། །ཤོ་གམ་རང་གི་གནས་ན་འདུག་པའི་ཕྱིར་ ཇི་ལྟར་བརྐུས་པར་འགྱུར་ཞེ་ན་ཤོ་གམ་ཞེས་སོ། །ཤོ་གམ་གྱི་གནས་སུ་ཕྱིན་ནས་ཕྱིར་ལྡོག་གམ། སྐབས་སུ་གཟུར་ཏེ་འགྲོ་བ་ལ་ནི་ཡུལ་ཆོས་དང་སྦྱར་རོ། །མི་ནི་འགྲོ་འོང་ལ་སོགས་པ་དང་ལྡན་ན། དེ་ཇི་ལྟར་བརྐུས་པར་འགྱུར་ཞེ་ན། མི་ལ་ཞེས་སོ། །བཏགས་པ་ཇི་ལྟར་རྐུས་ པར་བཞག་ཅེ་ན། དུད་འགྲོ་ཞེས་ཏེ། རི་དྭགས་རླུབས་སུ་ཆུད་པ་དང༌། ཉ་དོལ་ལ་ཐོགས་པ་ཕྱུང་བ་ལྟ་བུའོ། །བརྟོད་པ་ནི། དུད་འགྲོའི་ནང་ན་འགྲོ་བ་ཕུར་བ་ལ་སོགས་པ་ལ་བཏགས་པའོ། །དེ་ཡང་བདག་པོ་དང༌། རྫི་བོ་ཕྱི་བཞིན་དུ་འབྲང་ན་དེ་ལས་དང༌། དེ་གཉིས་ ག་ཤེད་ན་འདུག་ན་གནས་དེ་ལས་དང༌། དེ་གཉིས་མེད་ན། ཁྱུ་ལས་མི་སྣང་བ་ན་བརྐུས་པ་ཡིན་ཏེ། དེ་ནི་དུད་འགྲོ་རང་གིས་ངང་གིས་འགྲོ་བའོ། །མཐུས་བཀྲི་དགོས་པའམ་སྒྲ་ཕྱུང་སྟེ་བརྡ་དགོས་ན་ནི། བག་ཚ་བ་མེད་པའི་ཡུལ་དུ་མ་ཕྱིན་ཏམ། དབང་དུ་བྱས་པར་མ་གྱུར་ 2-2-23a གྱི་བར་དུ་བརྐུས་པ་མ་ཡིན་ནོ། །མི་ལ་སོགས་པའང་དེ་བཞིན་ནོ། །བསྔགས་པ་ཞེས་པ་ལ། རྐུན་མ་མང་པོ་ཞིག་ཡོད་པ་ལས་གཅིག་ཁོ་ན་ཞིག་གིས་གལ་ཏེ་མཐོང་ན་ཡང༌། དེའི་ཚེ་ཐམས་ཅད་ཀྱིས་མཐོང་བ་ཁོ་ན་ཡིན་ནོ། ། འདི་ལྟར་གཏེར་ལ་ཁོ་ན་བསྟན་པ་བཞིན་དུ་རྣམ་པ་དེ་ལྟ་བུ་རྐུ་བ་གཞན་དག་ལ་ཡང་དེ་ཁོ་ན་བཞིན་སྒྲུབ་པར་བྱའོ་ཞེས་གསུངས་པས་འདི་དང་འདི་ལྟ་བུའི་སྦྱོར་བ་གྲོས་བྱས་ཐམས་ཅད་ལ་གང་རུང་གཅིག་ལ་གྲུབ་བློ་སྐྱེས་བས་ཆོག་གོ། །ཕྱི་བཞིན་ འབྲང་བ་ནི་ཕྱི་བཞིན་འགྲོ་བའོ། །ནང་བྱན་བྱེད་པ་ནི་ཆོས་གོས་ལ་སོགས་པ་འབུལ་བའོ། །ནུར་བ་ནི་ཕྱི་ནུར་དུ་འགྲོ་བའོ། །འབྱངས་པ་ནི། རྫས་བདག་གིས་མདུན་ནས་རིང་དུ་ཕྱིན་ནུར་ཏེ་སོང་བའོ། །འབྱམས་པ་ནི། གཤོང་ནས་ཐང་ལ་བྱུང་བ་དང༌། མངོན་པར་སྐབས་ཡོད་ནས་ཐེབས་པར་འཇུག་པ་དང༌། གནས་ཁང་ནས་ཁྱིམ་དུ་དང༌། ཡང་ཐོག་ནས་ཡང་ཐོག་གཞན་དུ་འཛེག་པ་དང༌། དེ་དག་ནས་ཟློག་ནི། དང་པོ་ལ་འབབ་པ་དང༌། གཉིས་པ་ལ་འགྲོ་བ་དང༌། བཞི་པ་ལ་འབབ་པ་ཞེས་སྦྱར་རོ། །འཇུག་པ་ནི་ གནས་ཁང་དུའོ། །འཛེག་པ་ནི་ཡང་ཐོག་གཞན་དུའོ། །གཞན་གྱི་ཞེས་པ་ནི། དགེ་སློང་གིས་རང་གི་ལས་ཀྱི་མཐའ་གྲུབ་པར་བྱ་བའི་ཆེད་དུ་གཞན་གྱི་ལས་ཀྱི་མཐའ་དག་ཏུ་ཆུ་དཀོན་པའི་དུས་སུ་འགོག་པའམ། མོད་པའི་དུས་སུ་གཏོང་བ། རང་དང་གཞན་གྱི་ལས་ ཀྱི་མཐའ་གྲུབ་པ་དང༌། ཕུང་བར་བྱ་བའི་བསམ་པས་བྱེད་ལ། རྒྱུ་དེས་དེ་ལྟར་གྱུར་ན་ཞིང་གི་ཡོན་ཏན་ལས་གྱུར་པའི་སྐྱེད་གྲུབ་པ་མ་གཏོགས་པ། ཆུ་གཏོང་འགོག་ལས་གྱུར་པའི་རང་གཞན་གྱི་ལས་ཀྱི་མཐའ་གྲུབ་པ་དང༌། ཕུང་བ་གང་ཡིན་པ་དེ་ 2-2-23b བརྐུས་པའོ། །འོག་གཟུར་ནི། འོག་གཟུར་ཡུལ་མིའི་ནང་དུ་གཤགས་འགྱེད་ན་ཞེས་དང༌། སྦྱོར་བ་མ་བཏང་བའི་རྒྱལ་བ་དེ་ནི་ཞེས་སོ། །བསླབ་བྱ་ལ་གཉིས་ལས། ཤོ་གམ་དང་འབྲེལ་བ་ལ་བརྒྱད་དེ། གང་ནས་གཞལ་བའི་གནས། གང་ལས་ གཞལ་བའི་རྫས། གང་ལ་གཞལ་བའི་བདག་པོ། ཆ་ཅི་ཙམ་གཞལ་བ། དེ་ལས་འདས་པའི་ལྟུང་བ། ལྡོག་མཚམས་ལྟུང་མེད། བརྒྱུད་པའི་བསླབ་བྱ། མཚོན་པའི་དོན་ནོ། །དང་པོ་ནི། གཞན་ལས་འདས་པ་ལ་ལྟུང་བ་མེད་པས་ཤོ་གམ་གྱི་ ས་ཡིན་ཞིང༌། དེ་ཡང་བླངས་བ་དང༌། ནམ་མཁའ་ལས་འདས་པ་ལྟ་བུ་མ་ཡིན་པར་ས་ཁོ་ནས་ཡིན་པ་དང༌། ཡུལ་ཆོས་ཀྱི་གཅོད་ན་གཞལ་གྱིས། བསྲུང་ཡང་མི་གཅོད་ན་གཞལ་མི་དགོས་ཏེ། མཉན་ཡོད་ཀྱི་ལེགས་པར་སྦྱར་བའི་ཤོ་གམ་བཞིན་ ནོ། །གཉིས་པ་ནི། ཉོ་ཚོང་གི་རྒྱུར་བྱེད་པའི་ཟོང་ངོ༌། །ཁ་ཅིག་ན་རེ། ཟོང་མ་ཡིན་པ་ལས་ཀྱང་གཞལ་དགོས་ཏེ། ཕ་མ་དང༌། དཀོན་མཆོག་གི་དོན་དུ་ཁྱེར་བ་ལ་ཡང་བྱིན་པས་ཞེས་དང༌། ཁ་ཚར་བཅད་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། །ཞེས་ ཟེར་རོ། །དེ་ལྟར་ན་སྔོ་མ་ཙམ་ལམ་དུ་མི་འཇུག་པར་འགྱུར་ཏེ། འཚོ་བའི་ཡོ་བྱད་ལའང་ཤོ་གམ་གཅོད་པའི་ཕྱིར་རོ། །མ་ངེས་སོ་ཞེ་ན། ལམ་འཇུག་དེ་གོས་དང་བཅས་ཏེ་འཇུག་ན། ཤོ་གམ་གཞལ་དགོས་དང་བཅས་ཏེ་འཇུག་ན་ཤོ་གམ་གཞལ་ དགོས་དང་བཅས་ཏེ་ལམ་དུ་འཇུག་པར་མི་བྱའོ། །ཞེས་པ་དང་འགལ་ཞིང༌། ཕྱི་མ་ལྟར་རབ་ཏུ་བྱུང་བའི་རྟགས་ཉམས་པར་འགྱུར་རོ། །བྱེ་བྲག་ཏུ་བཤད་པ་ལས་ཀྱང༌། མཆོད་པ་དང༌། ལམ་བརྒྱགས་དང༌། སྐྱེས་དང༌། ཕ་མའི་དོན་དུ་ཁྱེར་བ་ཤོ་གམ་སྦྱིན་པར་མི་བྱ་སྟེ། 2-2-24a ཉོ་ཚོང་གི་རྒྱུར་མི་འཁྱེར་བའི་ཕྱིར་རོ། །ཤོ་གམ་པས་ཀྱང་དེ་ལ་ཟོང་དང་འདྲ་བར་མི་བླང་སྟེ། མ་བྱིན་ལེན་གྱི་སྡིག་པར་འགྱུར་བའི་ཕྱིར་རོ། །ཞེས་གསུངས་པས་འཚོ་བའི་སྤྱོད་པ་ལ་སོགས་པ་ལ་ཡང་ཤོ་གམ་གཞལ་མི་དགོས་སོ། ། ཁ་བསྒྱུར་བ་དང་ཁ་ཚར་གཅོད་པ་སོགས་ནི། དེ་ལྟར་བྱས་ན་ཡུལ་ཆོས་ཀྱི་ཤོ་གམ་མེད་པའི་དབང་དུ་བྱས་པའོ། །ཕ་མ་དང་དཀོན་མཆོག་གི་དོན་དུ་ཁྱེར་བ་ལ་བསྔགས་པ་བརྗོད་ཀྱང་འདོད་ན་སྦྱིན་ཞེས་པ་ནི། དབང་ནས་འཇལ་བ་མ་ཡིན་གྱི། ཁ་མཆུ་ སྤངས་པའི་ཕྱིར་རོ། །གསུམ་པ་ནི། བྱེ་བྲག་ཏུ་བཤད་པ་ལས་ཆོས་བཞིན་དུ་བསྲུང་བ་དང༌། སྐྱོབས་པ་དང༌། སྦེད་པ་དང༌། ཀུན་འགེད་པར་བྱེད་པ་ཞེས་གསུངས་ཏེ། རྒྱལ་པོ་གཞན་གྱི་དམག་གི་དང༌། རང་གི་དང༌། ཚོང་པ་ནང་གི་འཇིགས་པ་ ལས་དང༌། རིགས་ཚོད་དུ་ལེན་པ་དང་། གོ་རིམ་བཞིན་ནོ། །བཞི་པ་ནི། འདུལ་བ་ལས། ཇི་ཙམ་གཞལ་མ་གསུངས་ཀྱང༌། ཡུལ་ཆོས་དང་སྦྱར་ནས་ཟོང་ལ་ཉི་ཤུ་ཆ་ལེགས་པའོ། །ལྔ་པ་ནི། ཡན་ལག་གཞན་ཚང་ན་ཕམ་པ་དང༌། མ་ཚང་ན་སྦོམ་པོ་སོགས་ སོ། །དྲུག་པ་ནི། རྐུ་སེམས་མེད་པའོ། །བདུན་པ་ནི་གཞུང་ལྟར་རོ། །བརྒྱད་པ་ནི། རབ་ཏུ་བྱུང་བ་ལ་གྲུ་བཙས་འབེབས་པའི་ཚེ་དེ་གཞལ་དགོས་པའོ། །ཚིག་གི་དོན་ནི། རྐུ་སེམས་མེད་པ་ཞེས་ཏེ། དགེ་སློང་ལ་ཤོ་གམ་མི་བཅད་པར་མ་གནང་བའི་ཚེ་རྐུ་སེམས་མེད་པས་ རང་གི་རྫས་ཤོ་གམ་གཞལ་དགོས་པ་མི་གཞན་གྱི་ལག་ནས་ཤོ་གམ་གྱི་གནས་ནས་འདའ་བར་བྱེད་པ་དང༌། ཤོ་གམ་མི་བཅད་པར་གནང་བའི་ཚེ་རྐུ་སེམས་མེད་པས་གཞན་གྱི་རྫས་ཤོ་གམ་གཞལ་དགོས་པ་རང་གི་ཤོ་གམ་གྱི་གནས་ནས་འདའ་བར་བྱེད་པ་ 2-2-24b ལ་མ་བྱིན་ལེན་དུ་གཏོགས་པའི་ཉེས་པ་མེད་དོ། །དེ་ལ་དང་པོ་ནི། དགེ་སློང་གིས་ཚོང་པའི་ལག་ཏུ་གཏད་པ་ལ་ལྟུང་བར་མི་འགྱུར་བར་གསུངས་ཏེ། མི་འགྱུར་ལུགས་ནི། དགེ་སློང་འདི་སྙམ་དུ། ཚོང་པ་འདི་དག་ནི་ཤོ་གམ་པ་རྣམས་ཀྱི་སེམས་ལེན་པར་བྱེད་པ་ཡིན་ནོ། ། སྙམ་ན་རྐུ་སེམས་མེད་པར་རིགས་ཀྱི། གཞན་དུ་ནི་མ་ཡིན་ནོ། །གཉིས་པ་ནི། དགེ་སློང་གིས་གཞན་གྱི་ཤོ་གམ་བཟླས་པ་ལ་ལྟུང་བར་མི་འགྱུར་བར་གསུངས་པ་སྟེ། དེ་ཡང་རང་གཞན་གྱི་རྫས་ལ་ཤོ་གམ་གནང་མི་གནང་གི་བྱེ་བྲག་མི་ཤེས་ན་ལྟུང་བར་མི་འགྱུར་ གྱི། ཤེས་པ་ན་ནི་ལས་འབྲས་ཁོ་ནའོ། །དེ་རྣམས་ནི་རྐུ་སེམས་མེད་པ་ཞེས་བྱ་བས་བསྡུས་ཏེ། མདོ་དང་པོ་འདིས་རྣམ་འབྱེད་ལས་ལྟུང་བར་མི་འགྱུར་བའི་ཚིག་སྣང་བ་དེའི་དགོངས་པ་བཤད་དོ། །དེ་ནི་ཤོ་གམ་གྱི་གནས་ནས་གཞལ་དགོས་པའི་སྣོད་འདའ་བར་བྱ་བ་ལ་ གང་གིས་ཤོ་གམ་གཞལ་བར་བྱ་བ་དེ་བསྟན་པའི་ཕྱིར། གང་གིས་ཞེས་ཏེ། ཚོང་པ་ལ་སོགས་པ་གང་གིས་དགེ་སློང་ལས་ཤོ་གམ་གཞལ་དགོས་ཀྱི། སྣོད་བླངས་པ་དེ་ཉིད་ཀྱིས་དེ་ལ་ཤོ་གམ་སྦྱིན་པར་བྱ་ཞིང་དགེ་སློང་གིས་ཀྱང་འདིས་རང་གི་ཤོ་གམ་སྦྱིན་པར་འགྱུར་རོ། །སྙམ་པས་ རང་གཞན་གྱི་ལག་ཏུ་སྣོད་གཏད་པར་བྱའོ། །ཤོ་གམ་མི་བཅད་པར་གནང་བ་ལ་ཚོང་པ་ལ་སོགས་པ་གཞན་གྱི་རྫས་ཤོ་གམ་མི་བཅད་པར་གནང་བས། ཚོང་པ་ལ་སོགས་པ་གཞན་གྱི་ཤོ་གམ་གནང་བའམ། གསུག་བྱིན་པ་ལ་ལོག་པས་མི་བཅད་པར་བྱས་པ་དག་གིས་རང་གི་ རྫས་ཤོ་གམ་གཞལ་དགོས་པ་བཟླ་བར་མི་བྱའོ། །དེ་ནི་ཚོང་པས་དགེ་སློང་གི་རྫས་འདའ་བར་བྱེད་པ་མ་ཡིན་པས་མ་བྱིན་ལེན་དང་འབྲེལ་བ་ནི་མ་ཡིན་ཏེ། ཐབས་དེས་བཟླ་བོ་ལ་ཉེས་པ་མེད་པའི་ཕྱིར་རོ། །འོན་ཀྱང་ཚུལ་མ་ཡིན་པའི་ཕྱིར་བཀག་སྟེ། དགེ་ 2-2-25a སློང་འདི་དག་ནི་སྒྱུ་ཐབས་ཀྱིས་འདའ་བར་བྱེད་པས་ཐབས་ཀྱིས་རྐུའོ་ཞེས་ཁ་ཟེར་བ་དགག་པའི་ཕྱིར་རོ། །ཤོ་གམ་གཞལ་དགོས་པ་དང་བཅས་པ་ཞེས་པ་ལ། རྒྱང་གྲགསུ་སོང་ན་དངོས་གཞིའི་ཉེས་བྱས་རེ་རེ་དང༌། རྒྱང་གྲགས་ཕྱེད་དུ་ནི་ སྦྱོར་བའི་ཉེས་བྱས་ཕྲ་མོ་རེ་རེའོ། །ཚིག་དེ་ནི་འཕོངས་པའི་དུས་སུ་དམིགས་བསལ་དང་བཅས་པ་ཡིན་ཏེ། དེར་དགེ་འདུན་གྱི་ལ་སོགས་པ་གསེར་གྱི་མཐར་ཐུག་པ་བསྐུར་བར་བྱ་བའི་ཕྱིར། ཞེས་བྱ་བའི་ཕྱིར་རོ། །བཏགས་ཟིན་པའི་ཆི་བ་ལ་ལོགས་ཀྱི་ཁ་ཚར་དང༌། དང་ པོ་འཐག་པར་རྩོམ་པའི་སྲོག་ཤིང་གི་སྦུབས་ཀྱི་ཕུན་ཚུན་ཚར་བཅད་པའོ། །གཞན་གྱི་སྤྱོད་པ་ནི་གཞན་གྱི་འཚོ་བའི་ཐབས་སོ། །དེ་བདག་པོ་ལ་སོགས་པ་གཞན་ལ་འདམ་པོ་མི་བྱའོ། །དེ་ཉིད་ནི་ཡིད་གཅུགས་པ་མ་ཡིན་པ་ཉིད་ནའོ། །འོག་མ་སྟེ། མཛའ་བཤེས་ཐ་མ་ ལ་ཡིད་གཅུགས་འབྲིང་དང༌། ཆེན་པོ་མི་བྱ་ཞིང༌། འབྲིང་ལ་ཆེན་པོ་མི་བྱའོ། །ཡིད་གཅུགས་པར་བྱ་བའི་རྣམ་པར་བཞག་པ་དེའི་རྒྱུ་བསྟན་པའི་ཕྱིར། དེ་ནི་ཞེས་ཏེ། སྡུག་པ་ནི་འགྲོགས་བཤེས་སོ། །ཡིད་དུ་འཐད་པ་ནི་སྨོན་འདྲིན་ནོ། །བླ་མ་ནི་མཁན་སློབ་བོ། །སྒྲུབ་ པར་འོས་ནི་ཚུལ་ཁྲིམས་དང༌། ཐོས་པ་དང༌། གཏོང་བ་ལ་སོགས་པའི་ཡོན་ཏན་རྗེས་སུ་དྲན་ཞིང༌། དྲན་ན་ཡོན་ཏན་དེ་དག་སྒྲུབ་པར་བྱེད་པའོ། །སྦྱིན་པ་དང༌། བསྙེན་བཀུར་ལ་སོགས་པས་མཆོད་པར་འོས་པ་དང༌། ཚུལ་ཁྲིམས། ཐོས་པ། གཏོང་བ་ལ་སོགས་པས་ བསྟོད་པར་འོས་པ་དང༌། བླངས་ན་དགའ་བ་ནི་བདག་གིས་དེའི་ཆོས་གོས་དང་ལྷུང་བཟེད་ལ་སོགས་པ་བླངས་ན་དེ་དགའ་འོ་སྙམ་དུ་ཡིད་ཆེས་པ་ཡོད་པ་སྟེ། ལྐུག་པ་ལ་སོགས་པ་དེ་དག་ནི་ཡིད་གཅུགས་པར་བྱ་བ་སྟེ། ཆུང་ངུ༌། འབྲིང་དང༌། ཆེན་པོ་ལ་སོགས་ 2-2-25b པའི་བྱེ་བྲག་གིས་སོ། །ཕྲན་ཚེགས་ཀྱི་བསླབ་བྱ་ལ་ཡོངས་སུ་བཟུང་བ་དང་འབྲེལ་བའི་བསླབ་བྱ་ནི། ཆོམ་རྐུན་དག་གིས་འགྲོན་པོ་བཅོམ་པ་དང༌། ཡོངས་སུ་འཛིན་པ་དང་བཅས་པའི་དུར་ཁྲོད་དང༌། འཇིག་རྟེན་པའི་ལྷ་ཁང་དང༌། སྲོག་ཤིང་གི་དབྱུག་མ་ལ་སོགས་པ་ཡོངས་ སུ་བཟུང་བ་དང་བཅས་པའི་རྫས་བདག་པོས་གནང་བ་ལས་གཞན་པའི་ཐབས་འདི་ཕྱག་དར་ཁྲོད་དོ། །ཞེས་དང༌། འདི་ནི་ངས་འཇིག་རྟེན་པའི་ལྷ་ཁང་བརྩིགས་པ་ལས་བྱུང་བའི་ཕྱིར། ངའི་ཡིན་ནོ་ཞེས་པ་ལ་སོགས་པའི་ཐབས་ཀྱིས་བདག་གིར་མི་བྱ་བ་སྟེ། བདག་ གིས་ཐོབ་པར་མི་བྱའོ། །དགེ་སློང་དང་ཞེས་པ་ནི། རབ་ཏུ་བྱུང་བའི་བར་སྤོང་བ་དང༌། མི་སྤོང་བའི་ལྡོག་པ་ནས་བསྟན་གྱི། མ་བྱིན་ལེན་སྤངས་པའི་ཕྱིར་ནི་མ་ཡིན་ནོ་ཞེས་ཁ་ཅིག་ཟེར་རོ། །ཁ་ཅིག་ནི། དེ་དག་འགྲོ་འདོད་ན་བཟུང་བ་ལ་མ་བྱིན་ལེན་དང༌། མི་འདོད་ན་ལྟུང་བ་མེད་དེ། རྫས་རང་ལ་མོས་པའི་ཕྱིར་རོ། །ཞེས་སྨྲ་བ་ལ་རྫས་མོས་པ་ཙམ་གྱིས་རང་དབང་ན་མི་རྟ་རྐུ་བ་ལ་སོགས་པ་ལ་ཕམ་པ་མི་སྐྱེ་བར་ཐལ་ལོ་ཞེས་ཟེར་རོ། །ཞུས་པས་བརྗོད་པ་ལ་དང་པོའི་སྐབས་ནི། ཀ་ཀ་ནི་ཞེས་སོགས་སོ། །རྐུ་བའི་གནས་དང་ཞེས་དང༌། རྣམ་འབྱེད་གཉིས་ ཀྱི་ཁྱད་པར་ནི། སྔ་མས་ཀཪྵ་པ་ཎའི་བཞི་ཆ་ངོས་འཛིན་ལ། འདིས་མ་ཤ་ཀ་དུ་ལ་ཀཪྵ་པ་ཎར་བྱེད་པ་ངོས་བཟུང་བའོ། །ཆེ་བཞེས་པ་ནི་རིན་ཐང་གི་ཚད་མེད་པས་དེ་བརྐུས་པ་ལ་ཕམ་པར་མི་འགྱུར་རོ། །སྙམ་པ་བཟློག་པའི་ཕྱིར་རོ། །མ་ཤ་ཀ་ལ་སོགས་པ་ཞེས་ པའི་སོགས་ཀྱིས་ནི་དྲུག་ནས་གྲངས་མེད་པའི་བར་འཛིན་ནོ། །ཆུང་བ་ཞེས་པ་ལ་སྦོམ་པོའམ་ཉེས་བྱས་སུ་འགྱུར་རོ་ཞེས་པ་ནི། མི་དང་འགྲོ་བ་གཞན་གྱིས་ཡོངས་སུ་བཟུང་བའོ། །མཆོད་པའི་དོན་དུ་འདི་ནི་བདག་གི་སྟོན་པའོ། །བདག་གིས་འདི་ལ་བཀུར་སྟི་ 2-2-26a བྱའོ་སྙམ་དུ་རྐུ་ན་ཉེས་བྱས་སོ། །གང་ལ་བལྟས་ནས་གཞན་དུ་དཔེ་འབྲི་བར་བྱེད་པ་དེ་ནི་དཔེ་འབྲི་བའོ། །འདི་དང་སྔ་མ་གཉིས་ལ་རྐུ་སེམས་ཡོད་པར་གསུངས་པའི་དགོངས་པ་ཐལ་ལོ། །བདག་པོའི་སྐབས་ནི་དེའི་ཞེས་ཏེ་མདོ་གཉིས་སོ། ། ཕྱི་མ་ལ་ཁ་ཅིག །མྱ་ངན་ལས་མ་འདས་པའི་དུས་ཀྱི་དཀོར་བརྐུས་པ་ལ་ཕམ་པ་དང༌། འདས་པ་ལ་སྦོམ་པོའི་ཞེས་རྨ་འཚོ་འདོད་པ་ལ། གཞན་དག་སོ་ཐར་གྱི་འགྲེལ་པ་ལུང་གི་རྣམ་བཤད་ལས། སངས་རྒྱས་ཀྱི་དཀོར་བརྐུས་ན་མི་ཕམ་སྟེ། ཡོངས་སུ་བཟུང་བ་མེད་པས་ སྦོམ་པོའོ། །ཞེས་དང༌། དེའི་འགྲེལ་ཆུང་ལས། བཅོམ་ལྡན་འདས་དང་ཉན་ཐོས་རང་རྒྱལ་བའི་ནོར་བརྐུས་པ་ནི། ལྷའི་ནོར་བརྐུས་པ་དང་འདྲའོ། །ཞེས་འབྱུང་བ་དང༌། བདག་འཛིན་མེད་པའི་ཕྱིར་སྦོམ་པོའོ། །ཞེས་ཟེར་མོད་ཀྱི། རྩ་འགྲེལ་མཁན་གྱི་ བཞེད་པ་ནི་སྔ་མའོ། །ལྟུང་བའི་ས་ཚིགས་ལ་གསུམ་ལས། སྦོམ་པོ་རང་སྐྱ་བ་ནི། སྙན་པ་ཞེས་སོ། །འདི་ལ་ཁ་ཅིག །རིན་ཐང་མ་ཚང་བའི་སྦོམ་པོར་བྱེད་པ་དང༌། ཁ་ཅིག་རྫས་ལོགསུ་གྲུབ་པ་མེད་པས། ཕམ་པ་མེད་པ་ཡིན་ཞེས་པ་དང༌། ཁ་ཅིག་ མཐར་ཐུག་མ་ཚང་བའི་སྦོམ་པོའོ་ཞེས་དང༌། ཁ་ཅིག་ནི་རྐུ་སེམས་མེད་པས་སྦོམ་པོ་མཚན་ཉིད་པ་མ་ཡིན་ནོ། །ཞེས་ཟེར་མོད་ཀྱི། ཊཱི་ཀྐའི་དགོངས་པ་ནི་སྐབས་གཞན་དུ་རྐུ་སེམས་མེད་པ་ལ་ལྟུང་མེད་དུ་གསུངས་ཤིང༌། འདི་མ་བྱིན་ལེན་གྱི་སྦོམ་ པོ་བསྟན་པའི་ཕྱིར་རྐུ་སེམས་ཡོད་ལ། དངོས་པོ་མ་ཚང་བ་ལ་སྦོམ་པོར་འགྱུར་བ་ནི། འདིར་མ་སྨྲས་ཀྱང༌། སྔར་གྲུབ་པ་ཡིན་ནོ། །དེས་ན་དངོས་པོ་ཚང་ན་ཡང་ཕམ་པ་མེད་དེ། བརྙན་པའི་རྟོག་པའི་དབང་གིས་ཞུགས་པའི་ཕྱིར་རོ། །དེའི་ཕྱིར་སྦོམ་པོ་ཡིན་ 2-2-26b ལ། དེ་ཡང་དངོས་གཞིའི་ཡིན་ཏེ། སྦྱོར་བ་བཞིན་ནོ། །ཞེས་སྨོས་པའི་ཕྱིར་རོ། །དེས་ན་གཏན་དུ་འབྲལ་འདོད་མ་ཚང་བས་རྐུ་སེམས་ཀྱིས་ངོ་བོ་མ་རྫོགས་པ་ཡིན་ཞེས་སྨྲ་བ་ནི་འཐད་པར་སྣང་ངོ༌། །རྟོག་པས་ཀྱང་ངོ༌། །ཞེས་པ་གཉིས་ལས། དང་པོ་ནི། ཁ་ཅིག་གཤགས་འགྱེད་པའི་དུས་ན་ཁྱད་གསོད་ཀྱིས་གསོད་པའི་སྒོ་ནས་ཕ་རོལ་གྱི་ཚིག་གི་སྐབས་མེད་པར་བྱ་བའི་ཕྱིར་ལན་འདེབས་པ་སྟེ། དེ་ལ་ནི་དངོས་གཞི་ཉིད་དུ་འགྱུར་རོ། །གཉིས་པ་ནི། ཁ་ཅིག་རྟོག་པར་བྱེད་པའི་དུས་ཉིད་ན། བསམ་པའི་ དབང་གིས་རང་གི་ཡིན་པའི་འདུ་ཤེས་སྐྱེ་སྟེ། འོན་ཀྱང་དེ་ཉེས་པའི་རྣམ་པའི་ཐེ་ཚོམ་དང་འབྲེལ་བ་ཡིན་པས་དེ་ལ་ནི་དངོས་གཞིའི་རྣམ་པར་འགྱུར་གྱི། དངོས་གཞིར་མི་འགྱུར་ཏེ། དཔེར་ན། འདི་ནི་བདག་གི་ཡིན་སྙམ་པའམ། ཡོངས་སུ་བཟུང་བ་མ་ ཡིན་ནོ་སྙམ་པའམ། ལྷས་བྱིན་ལ་སོགས་པས་བདག་ལ་བྱིན་ནོ་སྙམ་པའམ། དེ་ལྟ་བུ་ལ་སོགས་པར་རྟོག་པ་སྟེ། རྟོག་པ་འདི་ནི་གཞན་གྱིས་ཡོངས་སུ་བཟུང་བ་ལ་སོགས་པའི་འདུ་ཤེས་ཀྱིས་ཉེས་པ་འབྲེལ་བའི་ཕྱིར་དེས་ན་དངོས་གཞིའི་རྣམ་པའོ། །མདོ་ འདིའི་ཡུལ་འདི་ལ་འདུ་ཤེས་བཞིན་དུ་ཡིད་གཉིས་ནི་མེད་དེ། གང་ཡང་རུང་བའོ་སྙམ་པ་དེ་ལྟ་བུའི་ཡུལ་ཅན་ཡིན་པའི་ཕྱིར་རོ། །འདི་ནི་ཁ་ན་མ་ཐོ་བ་དང་བཅས་པ་ཡིན་ནོ་ཞེས་ངེས་པར་བྱས་ནས། དེ་ལྟའང་འཇུག་པར་བྱེད་དེ། དེས་ན་ཡུལ་གཞན་དུ་ཁོ་ན་ ཡིན་ནོ་ཞེས་ཊཱི་ཀྐ་ལས་གསུངས་པའི་དགོངས་པ་བཙལ་བར་བྱའོ། །འདམས་ཏེ་ཞེས་པ་ནི། གང་བཟང་ངན་མེད་པ་རྐུའོ་སྙམ་པ་དེ་ལྟར་འདོད་པ་ཡང་གང་འདམས་པ་ལ་དངོས་གཞིའི་རྣམ་པ་སྟེ་སྦོམ་པོའོ། །འདི་ནི་སྐབས་གཞན་དུ་བརྐུ་བའི་ཕྱིར་སྦོམ་པོར་ 2-2-27a བསྟན་པ་དེ་ལས་ཐ་དད་པའི་སྦོམ་པོ་གཞན་དུ་འགྱུར་རོ་ཞེས་བསྟན་པའི་ཕྱིར་ཡིན་ཏེ། འདམས་ཏེ་ལོགས་ཤིག་ཏུ་བཀར་ཡང་རུང༌། མ་བཀར་ཡང་རུང་སྟེ་སྦོམ་པོའོ། །དེས་ན་འདམས་པ་ན་ཡང་སྦོམ་པོ་གཅིག་དང༌། གདམས་ཏེ་ བརྐུ་བའི་ཆེད་དུ་ནོམ་པ་ནའང་སྦོམ་པོ་གཞན་གཉིས་པར་འགྱུར་རོ། །ལྟུང་བའི་ས་ཚིགས་ནི། བརྒྱན་ལ་ཞེས་སོ། །བརྣོགས་པ་ནི། མི་སྦྱིན་པར་ཐག་བཅད་པའོ། །གང་གི་ཚེ་རྐུ་བའམ། འོན་ཏེ་གཏོང་བ་ཡིད་གཉིས་ཟ་བ་དེའི་ཚེ་ན་ནི་གནས་ནས་སྤོ་ཞིང་ དངོས་པོ་ཚང་ཡང་སྦོམ་པོ་ཡིན་གྱི་ཕམ་པ་མ་ཡིན་ཏེ། རྐུ་བར་ངེས་པ་མེད་པའི་ཕྱིར་རོ། །ཞེས་གསུངས་སོ། །གཏམས་པ་ལ་གཉིས་ལས། བདག་པོས་མི་ཤེས་པར་ཞལ་ཏ་བ་རང་གིས་སྦས་པ་ནི་སྔར་བསྟན་ལ། ཞལ་ཏ་པའི་མངོན་སུམ་དུ་བདག་པོ་རང་གིས་སྦས་ པ་ནི། བརྣོགས་པ་ཙམ་གྱི་བརྐུས་པར་མི་རུང་གིས་གནས་ནས་སྤོ་བ་ནི་བརྐུས་པར་བསྟན་པའི་ཕྱིར་གདམས་པ་ཞེས་སོ། །གཞན་ཉིད་ཅེས་པ་ནི། སྔར་བརྣོགས་པར་བྱེད་ལ། ཕྱིས་བསྙོན་ན་བརྣོགས་པ་དེ། བསྙོན་པས་བར་དུ་ཆོད་པས་བརྣོགས་པ་ནི་སྦྱོར་བ་སྟེ། དངོས་ གཞི་རྣམ་པའི་སྦོམ་པོའོ། །སྔར་བསྙོན་ནས་ཕྱིས་བརྣོགས་པ་ན་བསྙོན་པ་དེ་ནི་བརྣོགས་པས་བར་དུ་ཆོད་པའི་ཕྱིར་སྦྱོར་བ་ཉིད་ཅེས་པ་ནི་ཉེས་བྱས་མ་ཡིན་ཏེ། འདིའི་ཤེས་བྱེད་དུ་དྲངས་པའི་གཞུང་ལས་སྦོམ་པོར་གསུངས་པའི་ཕྱིར། ཡན་ལག་དུ་མའི་སེལ་བ་ནི། སྐྱེས་པ་ཞེས་ཏེ་སྔར་ཆུད་གཟན་པའི་སྤྲོས་པའོ། །མཐར་ཐུག་གི་སྐབས་ནི་ནན་ཁུགས་ཞེས་སོགསོ། །ནན་ཁུགས་ནི་མཐུས་རྐུ་བའོ། །དངན་འཐེན་ནི་རྫས་ཁྱེར་བ་མི་སྟེར་བའོ། །འདིར་གཞུང་ནི། བཙུན་པ་བརྐུ་བ་རྣམ་པ་དུ་མཆིས། ཉེ་བར་འཁོར་དྲུག་སྟེ། ནན་ཁུགས་ཀྱིས་ 2-2-27b བརྐུ་བ་དང༌། སྒྱུ་ཐབས་ཀྱིས་བརྐུ་བ་དང༌། གཏམས་པས་བརྐུ་བ་དང༌། ཕྱིར་བསབ་པས་བརྐུ་བ་དང༌། དངན་འཐེན་གྱིས་བརྐུ་བ་དང༌། ཆོས་བརྐུ་བའོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་བརྐུ་བ་དྲུག་པོ་དེ་དག་བཀའ་སྩལ་ན། དེ་དག་དུ་ཞིག་གིས་མཐའི་ལྟུང་བར་འགྱུར། ཉེ་བར་འཁོར་ཆོས་རྐུ་བ་མ་གཏོགས་པ་གཞན་ཐམས་ཅད་ཀྱིས་མཐའི་ལྟུང་བར་འགྱུར་རོ། །ཞེས་གསུངས་སོ། །དེ་ལ་ཆོས་བརྐུ་བ་ནི། མདོ་སྡེ་ལ་སོགས་པའི་ཆོས་འཛིན་པ་སྟེ། དེ་ལ་རྐུ་སེམས་མེད་པས་ལྟུང་བ་མེད་དོ། །སྒྱུ་ཐབས་ཀྱིས་བརྐུ་བ་ནི་གཉིས་ཏེ། ཆོམ་ རྐུན་གྱི་ལེན་པ་དང༌། དོར་བྱེད་པའོ། །སྔ་མ་ནི་རྐུ་བ་ཡིན་པ་ལ་དོགས་པ་མེད་དོ། །ཕྱི་མ་ནི་རྒྱན་ལ་ཞེས་པར་བཤད་ཟིན་ཏོ། །གཏམས་བརྐུ་བ་ནི། གཏམས་པ་རྣམས་བསྙོན་པ་ནི་སྦྱོར་བའོ། །ཞེས་སོ། །ཕྱིར་བསབ་པ་རྐུ་བ་ནི། བརྙས་པ་དང༌། སྐྱེས་པ་སྔར་འོ།། ནན་ཁུགས་ཀྱིས་རྐུ་བ་ནི། དབང་གིས་གནན་ཞིང་ལེན་པ་ཡིན་པས་རྐུ་བ་མ་ཡིན་པར་དོགས་པ་ཡོད་ལ། དངན་འཐེན་གྱིས་རྐུ་བ་ཡང་མི་སྟེར་བ་ཙམ་དུ་ཟད་ཀྱི། བརྐུས་པ་མ་ཡིན་པར་དོགས་པ་ཡོད་པས། དེ་གཉིས་བསལ་བའི་ཕྱིར་མདོ་འདི་བྱས་སོ། །འདུལ་བྱེད་ཀྱིས་བརྗོད་ པ་ལ་གསུམ་ལས། དོགས་གཅོད་ཀྱི་སྒོ་ནས་བདག་པོ་དང༌། རྐུ་སེམས་ཀྱི་མཚན་ཉིད་དང༌། སེལ་བ་བསྟན་པ་ནི། བླང་པ་ཞེས་སོགསོ། །མཐར་ཐུག་གི་མཚན་ཉིད་ནི། ཡོངསུ་བསྐོར་བ་ཞེསོ། །ཡན་ལག་དུ་མའི་སེལ་བ་གཉིས་ལས། ལྟུང་བ་མེད་པ་ནི། དེ་བདག་ ཉིད་ཅེསོ། །སེལ་བ་ལ་ན་སྨད་པ་ནི། སྦོམ་པོ་ནི་ཞེསོ། །ཡོངསུ་འཛིན་པ་ཞེས་པ་ནི་དུར་ཁྲོད་ཀྱི་ཡོངསུ་འཛིན་པ་དང་བཅས་པ་ནི་གཉིས་ཏེ། བདག་ཉིད་ཀྱིས་བདག་གིར་བྱས་པ་དུར་ཁྲོད་འདི་ཐམས་ཅད་བདག་གིའོ། །ཞེས་བདག་གིར་བྱས་པ་གང་ཡིན་པ་སྟེ་དེ་བརྐུས་ 2-2-28a ན་ནི་ཕམ་པར་འགྱུར་རོ། །གཞན་ཡང་གསོད་པོ་གཤེད་མ་ལ་སོགས་པས་ཐོབ་པ་ཉིད་ཀྱིས་བདག་གིར་བྱས་པ་གང་ཡིན་པ་དེ་བརྐུས་ན་ནི་སྦོམ་པོར་འགྱུར་རོ། །འདི་ལྟར་དུར་ཁྲོད་ཀྱི་རྫས་དེ་དག་ལ་བདག་པོ་ཉིད་མེད་མོད་ཀྱི། འོན་ཀྱང་བཀྲེན་པ་ལ་སོགས་པས་འདིར་བདག་གིས་ཐོབ་སྙམ་དུ་དེ་ལ་བདག་གིར་བྱ་བའི་བློ་སྐྱེ་བ་སྟེ་གལ་ཏེ། དགེ་སློང་གིས་རྐུ་སེམས་ཀྱིས་ལེན་ན་དེའི་ཚེ་སྦོམ་པོར་འགྱུར་བའོ། །ཞེས་ཊཱི་ཀྐ་ལསོ། །དེ་ལ་འོད་ལྡན་ལས། དེ་ལྟར་ཕྱི་མ་ལས་ཀྱང་ཕམ་པ་ རིགས་ཏེ། ཤོ་གམ་དང་འདྲ་བའི་ཕྱིར། ཞེས་འཆད་དོ། །དེ་ལ་ཁ་ཅིག་ན་རེ། ཤོ་གམ་ཐ་སྙད་དུ་བསྐྱིས་པ་དང་འདྲ་བར་ངེས་པར་གཞལ་བར་བྱ་བ་ཡིན་ལ། དུར་ཁྲོད་ཀྱི་རྫས་ནི་ཕོངས་ན་སྦྱིན་པར་བྱ་བ་ཡིན་གྱི། དབང་བ་ནི་མ་ཡིན་པས་མི་མཚུངསོ་ཞེས་སྨྲ་ བ་ལ། གཞན་དག་ན་རེ། དེ་ལྟར་ན་འདུལ་བྱེད་དུ་དུར་ཁྲོད་པའི་རྫས་ལ་ན་སྨད་དུ་བསྟན་པ་དོན་མེད་དེ། རྣམ་འབྱེད་དུ། སྐྱེས་པ། བུད་མེད། མ་ནིང་གིས་བཟུང་བ་ཞེས་ཡན་ལག་དང༌། བདག་པོ་མེད་པའི་གཏེར་ལ་སྦོམ་པོའོ། །ཞེས་སེལ་བའི་ལྡོག་ནས་ བསྟན་པའོ། །དེས་ན་གཡོས་སུ་བྱས་པའི་ཁ་ཟས་དང་འདྲ་བར་རྫས་མི་དམན་སེལ་བར་འཐད་དོ། །ཞེས་ཟེར་ཡང༌། ཊཱི་ཀྐའི་ལུགས་ཉིད་འཐད་དོ། །བདག་པོ་མེད་པའི་གཏེར་ཞེས་པ་དང་ཁྱད་པར་ཡོད་དེ། དེའི་དོན་ནི། བདག་པོ་གཏན་མེད་པ་དང༌། དོན་ལ་དབང་ཡང་བློས་ མ་བཟུང་བ་ཙམ་ཡིན་ལ། འདིར་ནི་དེ་ལས་ལྷག་པའི་བརྗོད་བྱ་ཡོད་པས་སོ། །དགེ་སློང་གི་སྐལ་བ་དགེ་སློང་གཞན་ཞིག་གིས་བླངས་ལ། དེས་ཀྱང་མི་ཤེས་ན་ཡང་རང་གི་དོན་དུ་ལེན་ན། དེ་གཞི་མེད་པ་ཉིད་མ་ཡིན་ནོ། །དེ་བཞིན་དུ་གཞན་གྱི་སྐལ་བ་དགེ་ 2-2-28b སློང་གཞན་གྱིས་བླངས་པ་ལ་ཡང་དེ་ཉིད་ཀྱི་སྐལ་བ་གཞན་གྱིས་ལེན་ན་ཡང་ཉེས་པ་མེད་དོ། །གལ་ཏེ་དགེ་སློང་གིས་བདག་ལ་དགེ་སློང་འགས་ཀྱང་སྐལ་བ་མ་ནོད་པའི་ཕྱིར། ཁོ་བོའི་སྐལ་བ་ཁྱེད་ཀྱིས་ལོངས་ཤིག་ཅེས་མ་བཅོལ་ལ། འོན་ཀྱང་མ་བཅོལ་བའི་ དགེ་སློང་དེས་བདག་པོར་འགྱུར་བའི་དགེ་སློང་དེའི་མི་དབང་བའི་སྐལ་བ་མཚོན་པས་ན་བདག་པོར་འགྱུར་བ་དེ་ལ་ནི་གཞི་མེད་པ་ཉིད་མ་ཡིན་ཏེ། རང་གིས་མ་བླངས་པའི་ཕྱིར་དང༌། གཞན་ལ་ཡང་མ་བཅོལ་བའི་ཕྱིར་རོ། །གཞན་དག་ནི་མ་བཅོལ་བར་དགེ་སློང་ གིས་གཞན་གྱི་དོན་དུ་མི་དབང་བ་ལ་དབང་བའི་བློས་བླངས་ན་དེ་ལ་གཞི་མེད་པ་ཉིད་མ་ཡིན་ནོ་ཞེས་ཟེར་ཏེ། དེ་ལ་ཡང་གཞུང་སྣང་ངོ༌། །མགྲོན་དུ་མ་བོས་པ་ལ་སྦྱིན་བདག་གིས་ཤེས་པ་དང༌། མ་ཤེས་པ་གཉིས་ཀ་དང༌། ཁ་ཟས་དང་ཡོན་བཟང་པོ་ཐེབས་ པ་གཉིས་ཀ་ལའང་ཉེས་བྱས་ཙམ་དུ་ཟད་ཀྱི། ཕམ་པ་དང་སྦོམ་པོར་མི་འགྱུར་ཏེ། ཡ་རབས་ཀྱི་ཚུལ་མ་ཡིན་པའི་ཕྱིར་དང༌། མ་བྱིན་པ་མ་ཡིན་པའི་ཕྱིར་དང༌། རྐུ་སེམས་མེད་པའི་ཕྱིར་རོ། །ཚང་མི་གཞིག་པ་ནི། དགེ་སློང་གི་གནསུ་ན་སྒོ་ང་མེད་པར་ གཞིག་པར་བྱ་བ། གནས་གཞན་དུ་ནི་དེ་ཡང་མི་གཞིག་གོ། །གནད་ལ་བསྒྲེ་བ་ནི་གཡོག་པོ་དང༌། གྱ་གྱུའི་རྣམ་པས་གནོད་པར་བྱེད་པ་སྟེ། དེ་སུ་ལ་ཡང་མི་བྱའོ། །མ་བྱིན་པར་ལེན་པ་ལ་ཡང་འདི་ཡོད་དེ་གནད་ལ་སྒྲེ་བས་གཏོང་བ་དང༌། སྦྱིན་དུ་འཇུག་ན་བརྐུས་ པར་འགྱུར་བའོ།། ༈ གསོད་པའི་ཕམ་པ་ལ་བཞི་ལས། རྣམ་འབྱེད་ཀྱི་བརྗོད་པའི་བསླབ་བྱ་ལ་གསུམ་ལས། ཆོས་བཤད་པ་དང་འབྲེལ་བ་ནི། ནད་པ་ནི་མཚོན་པ་སྟེ། མི་ན་བ་དང༌། གཉིས་ཀ་ལ་ཉེ་བར་སྒྲུབ་པ་གང་གིས་འཆི་བའི་བསམ་པ་སྐྱེ་བར་འགྱུར་ 2-2-29a བ་བསྒྲུབ་པར་མི་བྱའོ། །འདི་ནི་འདི་ཤི་ན་སྙམ་པའི་བསམ་པའི་ཉེས་པ་མེད་པའི་ཉེས་བྱས་ཏེ། གཞན་དུ་ན་དེའི་ཚེ་སྦོམ་པོའོ། །གཡོག་བསྐོ་བ་དང་འབྲེལ་བ་ནི། ནད་གཡོག་མི་ཤེས་པ་གླེན་པ་ལ་ཁྱེད་ཀྱིས་འདི་འཆི་བ་ལ་དགྲ་བོས་གནས་ པར་བྱ་སྟེ། རང་ཉིད་འཆི་བར་འདོད་ན་ཡལ་བར་མི་འདོར་རོ། །གྲོགས་ཀྱང་མ་བྱེད་ཅིག་ཅེས་མ་སྨྲས་པར་རོ། །གནས་ཀྱང་ནད་གཡོག་མཛངས་པ་བཞག་པའི་གནས་ཡོད་ནའོ། །བསམ་ངན་བཟློག་པ་དང་འབྲེལ་བ་ནི་རྫས་ཀྱིས་ཞེས་སོ། །བྱ་བ་མ་ཡིན་པ་མངལ་ ན་གནས་པ་བླུགས་པ་ལ་སོགས་པ་ནི་མཚོན་པ་སྟེ། རབ་ཏུ་བྱུང་བས་བྱར་མི་རུང་བ་ཐམས་ཅད་དང་དུས་གསུམ་དང་འབྲེལ་བར་བླུགས་པ་ལ་ཡིད་རང་བར་མི་བྱ་སྟེ། སེམས་ཀྱིས་ནི་ལུས་ངག་གི་མཚོན་བྱེད་དོ། །ལྟུང་བ་རྣམ་དག་ལ་གཞིའི་ཡན་ལག་ནི་མི་དང༌། གཞན་ ཡིན་པ་གཉིས་སོ། །ཚིག་གི་དོན་ལ་གཉིས་ལས། མདོར་བསྟན་པ་ནི། སྲོག་ཅེས་སོགསོ། །རྒྱས་བཤད་ལ་གཉིས་ལས། དངོས་གཞིའོ། །དེ་ལ་གསུམ་ལས་སྦྱོར་བའི་དབྱེ་བ་ནི། བྱེ་བྲག་ཅེས་ཏེ། རྗེསུ་སྦྱོར་བ་ནི། ཆོས་ལ་སོགས་པས་ཏེ། ཞེས་པ་ལ། མ་རྣམ་འབྱེད་ལས། རི་མོ་འདྲེན་པ་ཡི་དང༌། ཡམ་སྲེག་ཤིང་གི་སྣམ་སྦྱར་འཚེམ་པ་ཡི་དང༌། ཏིལ་དང༌། ཡུངས་ཀར་གྱི་དང༌། འོ་མ་དང༌། ཞོའི་སྦྱོར་བའོ། །ཞེས་འབྱུང་ངོ༌། །ཡུལ་གྱི་མཚན་ཉིད་ནི། སྦྱོར་བ་སྔ་མའི་གཞི་དེས། དེའི་ཚེའམ་གཞན་གྱི་ཚེའོ། །སེལ་བ་ གཉིས་ལས། བསམ་པའི་སེལ་བའོ། །དེ་ལ་གཉིས་ལས། རྒྱུའི་སེལ་བ་ནི་འདུ་བ་ཞེས་སོ། །ངོ་བོའི་སེལ་བ་ནི། རྐུ་ཞེས་ཏེ་མ་བསམ་པ་ཅིག་ཤོས་ཤི་ན་སྦོམ་པོ་སྟེ། གནོད་པ་བྱ་བར་ངེས་པ་ཡོད་པའི་ཕྱིར་རོ། །བསམ་པ་གཅིག་ཤོས་ཤི་ན་ཕམ་པའོ། །གསོད་པར་བྱེད་པ་གསོད་ 2-2-29b པ་ལ་འཇུག་པ་དེ་དང་དུ་ལེན་ན་སྦོམ་པོའོ། །འཇུག་པའི་ཁྱད་པར་ནི། གཞན་གྱིས་གནང་བ་གསོལ་བ་དང་དུ་ལེན་པའི་གཞི་དེ་ལས་འཇུག་པའོ། །འདི་དང་བྱ་བ་མ་ཡིན་པ་ཞེས་པ་གཉིས་མི་ཟློས་པ་ལ་ཁ་ཅིག སྔ་མ་ཁྱབ་ཆེ་ཞིང༌། འདི་སྲོག་གཅོད་འབའ་ཞིག་ཡིན་པས་ཞེས་དང༌། ཡང་ན་འདི་བསད་སེམས་ཀྱིས་དང་དུ་བླངས་བའོ། །ཟེར་མོད་ཀྱི། ཊཱི་ཀྐ་ལས། རྣམ་པ་དེ་ལྟ་བུ་དང་དུ་ལེན་པའི་རྣམ་པ་དེ་ལ་འཇུག་པ་ན་ལུས་འགྱུར་བ་ཡང་གདོན་མི་ཟ་བར་སྐྱེ་ལ། ངག་གིས་འགྱུར་བ་ཁོ་བོ་ནི་འགོག་པར་མི་བྱེད་ལ་བསྐུལ་བར་ཡང་མི་བྱེད་དོ། ཁྱོད་ཉིད་ ཤེས་སོ། །ཞེས་བྱ་བ་ཡང་འབྱུང་བ་དེའི་ཕྱིར་སྡོམ་པོར་བཞག་གོ་ཞེས་གསུངས་པ་ལྟ་བུར་བྱའོ། །ཊཱི་ཀྐར། འདིར་གཞུང་ནི་གཞན་ལས་ཚེ་དང་ལྡན་པ་ཉེ་སྡེའི་དབང་དུ་མཛད་དེ་ཞེས་པ་ལ། བསད་སེམས་དང་བཅས་པའི་དང་དུ་ལེན་པའི་ས་གཞན་བསད་སེམས་ མེད་པའི་དབང་དུ་མཛད་དེ་ཞེས་ཟེར་བ་ནི་དོན་མ་ཡིན་ཏེ། ཉེ་སྡེའི་དབང་དུ་མཛད་དེ་གསུངས་པ་སྔ་མ་ནི་དང་དུ་མ་བླངས་པར་ཡི་རང་ཙམ་བྱས་པ་ཡིན་ལ། ཕྱི་མ་ནི་དང་དུ་བླངས་པ་ཡིན་པར་འབྱུང་བས་སྔ་མ་སྔ་མ་ལ་ཁ་ཅིག་ལས་ཞེས་དང༌། ཕྱི་མ་གཞན་ ལས་ཞེས་གསུངས་པས་ཉེ་སྡེའི་དབང་དུ་མཛད་པར་འདྲ་ཡང༌། གཞུང་མི་འདྲ་བ་གཉིས་ཡོད་པར་བསམ་མོ། །གཞིའི་སེལ་བ་ལ་སྤྲུལ་པ་བསད་པ་ལ་ཡང་སྦོམ་པོའོ། །དེ་ཡང་མི་ལས་གཞན་པའི་འགྲོ་བ་པ་དང༌། དུད་འགྲོ་མ་ཡིན་པའོ། །སྤྲུལ་པ་ལ་གཉིས་ལས། འདིར་ནི་སྲོག་ ཆགས་སུ་གྱུར་པ་གཟུང་གི། སྲོག་ཆགས་མ་ཡིན་པ་མི་གཟུང་སྟེ། དེ་ལ་སྲོག་བཅད་པ་མེད་པའི་ཕྱིར། འདིར་ནི་སྲོག་བཅད་པའི་ལྟུང་བ་ཡིན་པའི་ཕྱིར། སྤྲུལ་པའི་ཕྱི་ནས་ཞེས་པ་ནི། སྤྲུལ་པ་གཉིས་བཤད་པའི་ཕྱི་མ་སྲོག་ཆགས་སུ་མ་གྱུར་པའོ། །བསླབ་པར་བྱ་བ་བཞི་ལས། ནད་པ་ 2-2-30a ལ་སྨན་སྦྱིན་པ་དང༌། འབྲེལ་བ་ཞར་བྱུང་དང་བཅས་པ་ནི། དྲི་བར་བྱ་བ་ཞེས་སོ། །གསོ་བ་ལ་མཁས་པས་ཚངས་པ་མཚུངས་པར་སྤྱོད་པའི་ནད་གཡོག་བྱའོ་ཞེས་གསུངས་པས། འདི་ནི་མཁས་པ་ལ་བཀག་གོ། །ལག་གི་ལས་དང་འབྲེལ་བ་ནི། ཁུར་ཞེས་ཏེ། བདག་དང་གཞན་ལ་གནོད་པར་འགྱུར་བས་སོ། །དེའི་དམིགས་ཀྱིས་བསལ་བ་ནི། གལ་ཏེ་མེ་ཤོར་བ་ལ་སོགས་པའམ། ལ་སོགས་པའི་ལས་སུ་བསྐོས་པ་དེ་ལྟ་བུའི་རྐྱེན་གྱིས་ན་ཁྱིམ་དག་མོད་མོད་ནས་འཛིན་ཅིང་བཏུབ་པ་ཉིད་ལ་གཅིག་པར་འདེཌ་ པར་སྐད་སྦྱར་ཏེ། འདེགས་པའི་གྲོགས་བྱས་ཏེ། དེའང་སྐད་སྦྱར་ཡང་འདེགས་མ་ནུས་ནའོ། །འདི་ལ་བྱའོ་ཞེས་པའི་བྱེད་ཚིག་རྒྱ་དཔེ་ལ་ཐོག་མར་ཡོད་པས་ཅི་དགར་བསྟན་པའོ། །སོ་ཕག་མི་འཕང་བ་ནི། ལག་གི་ལས་དག་བྱེད་པ་ལ་བསྟན་ཡང༌། ཡུལ་ཐམས་ཅད་ལ་རིགས་པས་སྦྱར་བའོ། །རྐུན་པོ་དང་འབྲེལ་བ་ནི། རྐུན་པོ་ཞེས་ཏེ། འདི་ལའང་བྱེད་ཚིག་སྔར་ལྟར་ཡོད་དོ། །རྫི་ཕྱོགས་ཞེས་པ་ནི། རྡུལ་དང་ཐལ་བས་ཕོག་པར་བྱ་བའི་ཕྱིར་ཡིན་ཏེ། གཞན་དུ་ན་མདོ་སྔ་མའི་སོགས་ཀྱིས་བསྡུས་ པས་འདི་དོན་མེད་དོ། །འུར་རྡོ་བཅང་བར་བསྟན་པས་རྐུན་པོ་སྤ་བཀོང་བའི་ཕྱིར་བོང་བ་ལ་སོགས་པ་བཅུག་སྟེ། མི་ཕོག་པར་འཕང་བ་ནི་མ་བསྟན་ཡང་དོན་གྱིས་ཐོབ་བོ། །དགེ་སློང་དང་ངལ་བའི་ཚིག་གཉིས་སྨོས་པ་ནི། དེ་གཉིས་མ་ཡིན་པ་ཕུལ་བ་ལ་ ཡང་ཉེས་བྱས་ཕྲ་མོའོ། །དགེ་སློང་ངལ་བ་དེའི་གྲོགས་བྱ་བ་ནི་མཚོན་པ་སྟེ། ཆོས་འདི་པ་ཐམས་ཅད་ཀྱིའོ། །གྲོགས་ཇི་ལྟ་བུ་བྱ་བ་ནི། ངལ་བསོར་ཞེས་སོགས་སོ། །བྱུག་རིས་བཞག་པ་ནི། ཟས་ཀྱི་བྱ་བ་བྱེད་པའི་བཀང་སར་ཆུས་བྱུགས་ཏེ། རེའུ་ཆུང་ངུས་ 2-2-30b བྲིས་པའོ། །ཕྲན་ཚེགས་ཀྱིས་བརྗོད་པ་ནི་མིའི་ཞེས་སོགསོ། །འདི་ལ་ཁ་ཅིག་གསད་པའི་བསམ་པ་དགོས་ཟེར་བ་ནི་མི་རིགས་པར་སྨྲ་བ་ཡིན་ཏེ། དེ་ལྟ་ན་གཞན་ནས་གསོད་པའི་ཕམ་པའི་སྦྱོར་བ་ལ་སྦོམ་པོར་གསུངས་པ་དང་ཟློས་པའི་ཕྱིར་རོ། །དེས་ན་ལག་པ་ བཅད་པ་ཙམ་གྱིས་བསམ་པས་ཞུགས་པའོ། །འདི་དང་འདུལ་བྱེད་ཀྱི་སྐབས་སུ་སྦོམ་པོར་གསུངས་པ་མང་པོ་ཞིག་སྔ་མ་རྣམས་ལྟུང་བ་རྣམ་གཞག་གི་ཀུན་སློང་མེད་པས་བཏགས་པ་བར་འདོད་པ་ནི་དོན་མ་ཡིན་ནོ། །ནགས་མེས་གཏོང་བ་གསུམ་སྟེ། སྲོག་ཆགས་ ཡོད་པར་ཤེས་པའི་དང༌། དོགས་པའི་དང༌། མེད་པའི་ཕྱོགས་སོ། །དང་པོ་ལ་མང་ཉུང་གཉིས་ལས། སྲོག་ཆགས་ཡོད་པ་གསད་པར་མ་བསམས་ཀྱང༌། སྔར་སྲོག་ཆགས་མང་པོ་ཡོད་པའི་བསམ་པས་མེ་བཏང་ན་སྦོམ་པོ་སྟེ། སྲོག་ཆགས་དུ་མའི་ཡུལ་ལ་མི་བལྟོས་པར་ སྤྱོད་པའི་ཕྱིར་རོ། །སྲོག་ཆགས་ཉུང་དུ་ཡོད་པའི་བློས་མེ་གཏོང་བ་ནི་ཉེས་བྱས་སོ། །དོགས་པའི་ཕྱོགས་ལ་ཡང་དེ་བཞིན་ནོ། །འདི་དག་ནི་མི་ལ་སོགས་པ་གཞན་གསད་པའི་བསམ་པ་མེད་པས་ལྟུང་བ་གཞན་ཏེ། བསམ་པ་དེ་ཡོད་ན་ནི་གཞི་ཇི་ལྟ་བ་བཞིན་དུ་འགྱུར་ཏེ། མི་ དང༌། དུད་འགྲོ་དང༌། འགྲོ་བ་གཞན་བསད་ན་ཕམ་པ་དང༌། ལྟུང་བྱེད་དང་སྦོམ་པོའོ། །ཕྱོགས་གསུམ་པ་ལ་ལྟུང་བ་མེད་པར་གསུངས་ཏེ། འདིར་གཏོགས་ཀྱི་ཡིན་ནམ་སྙམ་མོ། །ཞུ་བས་བརྗོད་པ་ནི། སྟོན་པས་ཞེས་སོགས་ཏེ། དགེ་སློང་གིས་གསད་པའི་བསམ་པས་གསོད་བྱེད་ལ་ འདིར་འགྲོའོ། །དེར་སོང་ངོ་ཞེས་གསད་བྱ་སྟོན་ན། གསད་པའི་ཕྱིར་བསྒོ་བ་བྱས་པ་ཡིན་པས་ཕམ་པར་འགྱུར་ཏེ། སྟོན་པ་ནི་བསྒོ་བའི་རང་བཞིན་ཡིན་པའི་ཕྱིར་རོ། །བསད་སེམས་ཞུགས་པ་བསྟན་པའི་ཕྱིར་མ་བསམ་པ་གཞན་ཡང་ཞར་ལ་སྟོན་ཅིང༌། བསད་ན་སྦོམ་པོ་ 2-2-31a སྟེ། མ་དང་མངལ་ན་གནས་པ་གཉིས་ནི། འདིའི་དཔེའམ་མཚོན་བྱེད་དོ། །སེམས་གྱུར་པ་ཞེས་པ་ནི། བསད་སེམས་མ་བཞག་པར་གཞན་སྟོན་པ་ལྟ་བུ་སྟེ། ཤེས་བཞིན་མ་ཡིན་པར་ཞུགས་པའི་ཕྱིར་རོ། །བསད་པ་ལ་སོགས་པར་ཆེད་ དུ་མ་བསམས་པར་གྲུབ་པ་ནི། བཞད་གད་ཀྱིས་མཚོན་འཕངས་པས་ཤི་བ་ལྟ་བུ་སྟེ། དེ་ལ་ནི་མཚོན་འཕངས་པ་ཁོ་ན་ལས་ཉེས་བྱས་ཡོད་ཀྱི། ཤི་བ་ལ་ནི་མ་ཡིན་ནོ། །ཚེ་རབས་ཞེས་པ་ནི། གསད་བྱ་གསོད་བྱེད་དང་མཉམ་དུའམ། ཕྱི་མའི་རྟིང་ལ་ཤི་བ་ ལ་དངོས་གཞིར་མི་འགྱུར་བའོ། །འདུལ་བྱེད་ཀྱིས་བརྗོད་པ་ནི་སྦོམ་པོ་ཞེས་སོགས་སོ། །འདི་དག་ལ་ལུང་དུ་སྦྱོར་བ་དེའི་རྐྱེན་གྱིས་ཤི་བ་ཁོ་ན་བྱུང་ཡང༌། སྦོམ་པོར་གསུངས་པ་ནི། བསད་པའི་བསམ་པ་མ་བྱུང་བར་ཉོན་མོངས་པ་འབའ་ཞིག་གི་བསམ་པས་ དེ་སྐད་སྨྲས་པའི་ཕྱིར་ཁྲོ་བ་ལྡན་པ་དཔྱད་པའི་སྐབས་ཡིན་པས་སྦོམ་པོ་གཞན་ནོ། །གཡངས་པ་ཞེས་པ་ནི། བདག་ཉིད་གསོད་ན་ཞེས་པའི་སྤྲོས་པའོ། །བསླབ་བྱ་ལ་གཉིས་ལས། ནད་པ་དང་འབྲེལ་བ་ནི། ནད་པ་ཞེས་ཏེ། འཆི་བ་ཚོགས་ཆས་ཞེས་པ་ དང་མི་ཟློས་པ་ནི། སྔར་ནི་ནད་གཡོག་ཉིད་ལ་བཀག་ལ། འདིར་ནི་དེ་མ་ཡིན་པ་ལའང་བཀག་པའི་ཕྱིར་རོ། །ལག་གི་ལས་བྱེད་བའི་ཞལ་ཏ་བྱ་བ་ལ་སོགས་པས་བྱ་བ་དེ་ཤེས་བཞིན་དུ་བྱའོ། །འདི་སྤྱི་ལ་ཡིན་ཡང་བལྟས་པ་ཞེས་པ་ནི། བྱ་བྱེད་མང་བས་ཤེས་ བཞིན་གྱིས་ཟིན་དཀའ་བས་ཞེས་ཁ་ཅིག་ཟེར་རོ། །ལག་གི་ལས་དང་འབྲེལ་བ་ནི། ཤེས་བཞིན་ཁོ་ན་ལ་གནས་པས་ཅི་ནས་མི་ལ་སོགས་པ་གང་ལ་ཡང་གནོད་པར་མི་འགྱུར་བ་དེ་ལྟར་ལེགས་པར་སོ་སོར་བརྟག་པར་བྱ་སྟེ། རྡོ་བ་དང་ཤིང་ལ་སོགས་ 2-2-31b པ་དེ་དག་དིལ་བར་བྱའོ། །དགེ་སློང་མ་བསླབ་པ་གཞན་གྱིས་ཕྱིར་བསླབ་པ་ལ་སྦྱར་བར་མི་བྱའོ། །མཚོན་གྱི་ལས་ལ་སོགས་པས་གཞན་ལ་གནོད་པ་ནུས་པའི་ཕྱིར་རོ། །མི་མཁས་པས་བསླབ་པ་ལ་སྦྱར་བར་མི་བྱའོ། །ཁྱི་འཚོད་པ་དགག་པར་བྱེད་པའོ། ། ཞེས་ཁ་ཅིག་ཟེར་རོ། །སྨྲ་བའི་ཕམ་པ་ལ་གསུམ་ལས། རྣམ་འབྱེད་ཀྱི་བརྗོད་པའི་སྤྱིའི་དོན་ལ། གོ་བྱའི་ཡུལ་ནི། ཐ་སྙད་ལྔ་དང་ལྡན་པ། ལུས་ཐ་མལ་པ། བདག་ལས་ཐ་དད་པ་གསུམ་མོ། །གོ་བར་བྱ་བ་ནི། མིའི་ཆོས་བླ་མའི་ལམ་གཉིས་ཡོན་ཏན་དང་བཅས་ པ་དང༌། ད་ལྟ་བདག་ལ་མི་ལྡན་པའོ། །ཚིག་གི་དོན་གཉིས་ལས། མདོར་བསྟན་པ་ནི། འདུ་ཤེས་ཞེས་སོགསོ། །རྒྱས་བཤད་ལ་གཉིས་ཏེ། དངོས་གཞི་དང༌། སེལ་བ་ལ་ན་སྨད་པ་ཞར་བྱུང་དང་བཅས་པའོ། །དང་པོ་ལ་གསུམ་ལས། དང་པོ་ནི། འབྲས་བུའི་སྒོ་ ནས་སྨྲས་པའོ། །དེ་ལ་གཉིས་ལས་དངོས་གཞིའི་ལྟུང་བ་ལ་མིའི་ཆོས་བླ་མ་དང་ལྡན་པ་ཉིད་དུ་སྨྲ་བ་ནི། མཐོང་ངོ་ཞེས་སོགས་ཏེ། ལྷན་ཅིག་གཏམ་འདྲེ་བར་བྱེད་སོགས་སྦྱར་རོ། །ཅི་མཐོང་ངོ་ཞེས་པ་དེ་ཙམ་གྱིས་ཚིག་ལས་ཕམ་པར་འགྱུར་རམ། འོན་ཀྱང་ ཟླ་བ་བཅིུག་ལ་བལྟོས་ནས་ཡིན། བལྟོས་པ་ལ་ཡང་ཟླ་ལྷག་གང་ཡང་རུང་བའམ། འོན་ཏེ་ཁྱད་པར་ཅན་ཞིག་ཡིན་ཞེ་ན། ལྷ་དང་ཞེས་ཏེ། དེ་དག་ནི་ལྷའི་མིག་མི་ཆོས་བླ་མ་དང་ལྡན་པ་རྣམས་ཀྱིས་མཐོང་བའི་ཕྱིར། དེ་དག་མཐོང་བ་ལོག་པའི་སྒོ་ནས་བདག་ཉིད་མི་ཆོས་བླ་མ་ དང་ལྡན་པར་བསྟན་ནོ། །ལྷ་ནི་བརྒྱ་བྱིན་ལ་སོགས་པ་དང༌། ཀླུ་ནི་དུང་སྐྱོང་ལ་སོགས་པའི་ཀླུ་ཕྲ་མོ་རྣམས་དང༌། གནོད་སྦྱིན་ནི་རྣམ་ཐོས་ཀྱི་འཁོར་དུ་གཏོགས་པའི་རི་རབ་བྱང་ན་གནས་པ་དང༌། དྲི་ཟ་ནི་ལྷའི་ཕྱོགས་གཅིག་གླུ་གླིང་ལ་དགའ་ཞིང༌། མགྲིན་པ་བདེ་བ་ཟས་ 2-2-32a སུ་དྲི་ཟ་བ། མིའམ་ཅི་ནི། དུད་འགྲོའི་ཕྱོགས་གཅིག་འཕྲོག་མ་ལ་སོགས་པ་དང༌། ལྟོ་འཕྱེ་ཆེན་པོ་ནི་དགའ་བོ་ལ་སོགས་པ་ཀླུ་ཆེན་པོ་རྣམས་དང༌། ཡི་དྭགས་ནི་ཕྱོགས་གཅིག་རྐང་པའི་སོར་མོ་ཕྱིར་ལྟ་བ་དང༌། ཤ་ཟ་ནི། ཡི་དྭགས་ཀྱི་ཕྱོགས་གཅིག་ ཟས་སུ་ཤ་ཟ་བ་ནག་པོ་ཆེན་པོ་དང༌། གྲུལ་བུམ་ནི། ཡན་ལག་གི་འབྲས་བུ་བུམ་པ་བཞིན་དུ་གྱུར་པ་བུམ་སྣ་ལ་སོགས་པ་དང༌། ལུས་སྲུལ་པོ་ནི། ཡི་དྭགས་ཀྱི་ཕྱོགས་གཅིག་མིའི་སྲོག་འཕྲོག་པ་ཁ་སྣ་བྲང་ལ་དོད་པ་ཡིན་པར། གཞི་འགྲེལ་ལས་བཤད་ཟེར་རོ། སེལ་བ་ནི། སྦོམ་པོ་ཞེས་ཏེ། མཐོང་བ་སོགས་བཅུའི་ཟླར་སྦྱར་རོ། །ངོ་བོ་ཉིད་ཀྱི་སྒོ་ནས་སྨྲ་བ་ལ་གཉིས་ལས། དངོས་གཞི་ནི། མི་རྟག་པ་ཞེས་སོགསོ། །སེལ་བ་ནི་སྦོམ་པོ་ཞེས་ཏེ། ཞི་གནས་ནི་ཏིང་ངེ་འཛིན་ཏེ། དེ་ལ་གཉིས་ལས། མོས་པ་ཡིད་ལ་བྱེད་ པ་ནི། ཚད་མེད་པ་ལ་སོགས་པའོ། །དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་ནི་མི་རྟག་པ་ལ་སོགས་པའོ། །ཏིང་ངེ་འཛིན་གཉིས་ཀ་ཡང་སྒོམ་བྱུང་མི་ལྕོགས་མེད་ཀྱིས་བསྡུས་པ་ལ་ནི་ཕམ་པ་ཡིན་པས་དེའི་རྒྱུ་མཚན་རང་གི་མཚན་ཉིད་འཛིན་པ་སྟེ། འདོད་པའི་ཐོས་བསམ་ ལས་བྱུང་བའི་ཤེས་པ་ཉོན་མོངས་གནོད་པའི་མི་གནོན་གཉིས་ལས། དང་པོ་ནི། མི་སྡུག་པ་ལ་སོགས་པ་དམིགས་པའོ། །དེའི་ཆོས་ཅན་གྱི་སྒོ་ནས་སྨྲ་བ་ནི། དེ་དང་ལྡན་པ་ཞེས་ཏེ། ཁྱབ་པ་སྤྱིར་བརྗོད་ནས་རྒྱུ་མཚན་རང་ལ་སྦྱོར་བའོ། །སེལ་བ་ལ་ན་སྨད་པ་ནི། དེ་ཡོད་དོ་ཞེས་པའོ། །བསླབ་པར་བྱ་བ་ནི་མ་བསམ་པར་ཞེས་སོ། །ཞུ་བས་བརྗོད་པ་ལ་གཉིས་ལས། བླ་མ་ཞེས་སོགས། །འདི་ལ་ཊཱི་ཀྐར་དགེ་སྦྱོང་གི་འབྲས་བུ་བཞི་ལ་སོགས་པ་ལ་གསུངས་པ་ལ་ཟག་བཅས་ལས་ཉམས་སྲིད་པས་འཇིག་རྟེན་ལས་ 2-2-32b འདས་པ་ཁོ་ནའོ། །ཞེས་ཟེར་ཏེ་བརྟག་གོ། །གལ་ཏེ་མ་ཐོབ་པ་ལས་ཉམས་པ་ལ་བསམ་ཞིང་སྨྲ་ན་ཡོན་ཏན་དུ་ཡིད་ཆེས་འདོད་ཡོད་ན་གཞོགས་ཀྱི་སྦོམ་པོ་དང༌། བསམ་པ་དངོས་ཡིན་ན་ཉེས་མེད་དོ། །སེལ་བ་ནི་བླ་མ་ཞེས་སོགས་གསུངསོ། །འདུལ་བྱེད་ཀྱི་བརྗོད་པ་ལ་གཉིས་ ལས། ཡོན་ཏན་བསྔགས་པ་ལ་དང་དུ་ལེན་པ་ནི། སྦོམ་པོ་ནི། ཞེས་ཏེ། དགྲ་བཅོམ་པ་དང་ཆོས་གོས་ལ་སོགས་པ་མཆོག་འོས་པ་དང༌། བྲམ་ཟེ་སྡིག་པའི་ཆོས་བསལ་བ་སོགས་ལ་མགོར་བཙུན་པ་ནི་ཞེས་དང༌། མཇུག་ཏུ་ཅང་མི་སྨྲ་བ་སོགས་སྦྱར་རོ། །ཤིན་ཏུ་ དུལ་བ་ནི། མི་སྡུག་པ་ལ་སོགས་པ་བསྒོམས་པས་སོ། །སྦས་པ་ནི་ཟག་པ་མེད་པའི་ལམ་སྐྱེས་པའོ། །ཤིན་ཏུ་བསྲུངས་པ་ནི་དྲན་པ་དང༌། ཤེས་བཞིན་དག་གིས་སོ། །ཤིན་ཏུ་བསྒོམ་པ་ནི། ཉོན་མོངས་པ་མེད་པ་ལ་སོགས་པ་མངོན་དུ་གྱུར་པའོ། །དང་དུ་ལེན་པ་ནི་གཉིས་ལས་ ཚིག་གིས་ནི་ཕམ་པར་འགྱུར་བས་ཅང་མི་སྨྲ་བས་སོ། །དེ་ཡང་གཞན་གྱིས་དེའི་དོན་གོ་ན་སྦོམ་པོ་དང༌། མ་གོ་ན་ཉེས་བྱས་སོ། །རིག་བྱེད་དུ་ཐོན་པ་དགོས་པར་འོད་ལྡན་ལས་བཤད་ཟེར་རོ། །བསྙེན་བཀུར་བསྔགས་པ་དང་དུ་ལེན་པ་ནི་བཙུན་པ་ཞེས་སོ། །ལོང་ལ་ཞེས་ བྱ་བ་ནི་བྱིན་ལེན་གྱིས་ཤིག་པའོ། །དེ་བཞིན་དུ་བསྒྲུབ་པ་ནི། ཅང་མི་སྨྲ་བར་བསོད་སྙོམས་ལེན་པ་ལ་སོགས་པའོ། །སྡེ་ཚན་གཉིས་པ། ལྟུང་བ་ལྷག་མ་དགེ་འདུན་གྱིས་གསོ་བར་བྱས་གསོ་བར་བྱ་བས་ན་དགེ་འདུན་ལྷག་མའི་སྡེ་ལ་གསུམ་ལས། འདོད་པ་ ལས་གྱུར་པ་ལ་གཉིས་ལས། ནང་སེམས་ཅན་ལ་ཆགས་པའི་འདོད་པ་ལས་བྱུང་བ་རང་གི་ས་བོན་གྱི་བདེ་བ་ལ་ཆགས་པ་འབྱིན་པའི་ལྷག་མ་ནི། རྨི་ལམ་ནི། གཉིད་ལོག་པའི་སེམས། དེའི་ཡུལ་བུད་མེད་ལྟ་བུ་ཡིན་ལ། དེ་རྫསུ་ཡོད་ཀྱང་འཇིག་རྟེན་གྱི་ཐ་ 2-2-33a སྙད་ལས་འདས་པས། མེད་པ་དང་འདྲ་བའི་རྨི་ལམ། དེའི་འབྲས་བུ་ལུས་ངག་གི་འགྱུར་བ་དང༌། ཁུ་བ་འབྱིན་པ་སོགས་ནི་མ་བྱས་པ་ཉིད་དོ། །གང་བྱས་ན་འབྱིན་པའི་ལྷག་མ་བཞི་འགྱུར་ཞེ་ན། ཕྱུང་ནའོ། །ཀུན་སློང་ནི་འབྱིན་པ་དེར་འདུན་པས་ ཡིན་གྱི། རྒྱུག་པ་ལ་སོགས་པའི་སེམས་ཀྱི་ཕྱུང་བ་ནི་མ་ཡིན་ནོ། །དངོས་པོ་གང་ཕྱུང་ན་ནི། ཁུ་བ་དང༌། རང་གི་དང༌། དང་པོའི་གནས་ན་གནས་པ་དེ་གསུམ་མོ། །བདེ་བ་སོགས་ནི་ཆེད་དུ་བྱ་བ་སྟེ། དེ་དག་ལ་ལྟུང་བར་བྱེ་བྲག་མེད་པའོ། །རྣམ་པ་གང་གིས་འཛིན་པ་ ནི། ཚུལ་མིན་ཡིད་བྱེད་ལ་སོགས་པ་ཙམ་གྱིས་མ་ཡིན་གྱིས་རེག་པ་དང༌། དེ་ཡང་ཕྲད་པ་ཙམ་མ་ཡིན་གྱི་དྲུད་པ་ལ་སོགས་པའི་བརྩལ་བས་སོ། །གང་ལ་རེག་པའི་གཞི་ནི་ལ་སོགས་པའི་བརྩལ་བས་སོ། གང་ལ་རིག་པའི་གཞི་ནི་བརླའི་ཕྱོགས་ལ་སགས་པ་གཞན་གྱི་ ཕྱོགས་མ་ཡིན་གྱི། ཡན་ལག་གི་རྣམ་པ་ཕོའི་དབང་པོ་ལའོ། །རེག་བྱེད་ནི་ནང་གི་ཏང་དང༌། གཞན་གྱི་ལག་པ་ཙམ་དུ་མ་ཟད་ཀྱི་ཕྱི་རོལ་གྱིས་ཀྱང་ངོ༌། །དེ་ལ་ཡང་སེམས་ཅན་དུ་བགྲང་བ་ཤི་བའི་ལུས་དང༌། སེམས་ཅན་དུ་བགྲང་བ་མ་ཡིན་པ་གོས་ལ་སོགས་པ་གཉིས་ ལས། སེམས་ཅན་དུ་བགྲང་བ་སྟེ་ལག་པ་སོགས་བཅད་ནའོ། །ཕྱི་རོལ་ཏུ་བགྲང་བ་ལ་ཡང་སེམས་ཅན་གྱི་རྣམ་པ་མ་ཡིན་པ་སྲིད་པས་དེ་ལས་གར་བའི་ཕྱིར། རང་གི་རྣམ་པ་གང་ཡིན་པ་དེའི་རྣམ་པར་གནས་པ་སྟེ། ཡན་ལག་གང་ཡང་རུང་བ་རང་གིས་རྣམ་པ་ལས་མ་ ཉམས་པས་རེག་སྟེ་ཕྱུང་ན། ལྷག་མར་འགྱུར་གྱི་ལག་པ་ཁོ་ནས་རེག་སྟེ་ཕྱུང་བར་མ་ཟད་དོ། །ལུས་ཀྱི་རྣམ་པ་ལས་ཉམས་པས་ཕྱུང་བ་ནི་སྦོམ་པོ་སྟེ། ཤའི་དུམ་བུས་ནི་སྦོམ་པོའོ། །ཞེས་གསུངས་པའི་ཕྱིར་རོ། །སེམས་ཅན་དུ་བགྲང་བ། དེའི་རྣམ་པར་གནས་པ། 2-2-33b ཕམ་པ་བསྐྱེད་ནུས་པ་རྨའི་སྒོ་ལས་གཞན་ཡིན་པ་སྟེ། གསུམ་པ་ནི། གང་གི་དབྱུང་བའི་དངོས་པོ་སྟེ། བར་བ་ནི་ལག་པ་ལྟ་བུ་ལ་རྩོལ་ན་མཁྲིག་མ་མན་ཆད་ཚང་བ་ཞེས་ཟེར་རོ། །བརྩལ་བས་སོ། །ཞེས་པ་ལ་འཆང་བས་བཅངས་པའི་བརྩལ་པ་འབའ་ཞིག་ཏུ་མ་ཟད་དེ། རིལ་ གྱིས་སོ་ཞེས་སོ། །དེ་གཉིས་སུ་མ་ཟད། བདེ་བ་ཉམས་མྱོང་ཤས་ཆེན་པོ་མེད་ཀྱང་ལྷག་མར་འགྱུར་བ་ནི། བྱེ་བྲག་སོགསོ། །དེ་ལ་དང་པོ་ནི། སྐྱེས་པ་དང་བུད་མེད་དང་པོར་སྤྲད་པའི་གནས་སྐབས་ཀྱི་བདེ་བའོ། །གཉིས་པ་ནི། ཁུ་བ་ཡུས་ཀྱི་དབང་པོ་ལས་འཐོན་ཀའི་བདེ་བའོ། ། གསུམ་པ་ནི། ཁུ་བ་ཕྱུང་ནས་དེའི་མོད་ལ་འདོད་ཆགས་ཀྱིས་གདུངས་པ་དང་བྲལ་བའི་གནས་སྐབས་ཀྱི་བདེ་བའོ། །དང་པོ་འདིར་ཉམས་སུ་མྱོང་བ་མི་སྲིད་པས་དེ་དང་འདྲ་བ་ལ་དོགས་པ་བཅད་པའོ། །འདིར་ཡན་ལག་བཅུར་འགྱུར་ཏེ། ཕྱུང་བ། དེར་འདུན་པ། རང་གི་ཁུ་བ། དང་པོ། །རེག་པ། བརྩལ་བ། ཡན་ལག་གི་རྣམ་པ། ཕྱི་རོལ། སེམས་ཅན་དུ་བགྲང་བ། དེའི་རྣམ་པར་གནས་པའོ། །དེ་ལས་གང་རུང་གཅིག་མ་ཚང་ན་ནི་སྦོམ་པོའོ། །སྦུབསུ་ཞེས་ཏེ་དང་པོའི་དོན་ནོ་ཤུགས་ཀྱི་གནས་སྐབསུ་ལུས་ཀྱི་བརྩལ་བ་བཏང་ན་སྟེ། རེག་ཅིང་ བརྩལ་བ་མ་ཆད་པའི་སེལ་བའོ། །གར་བྱེད་པ་དང༌། ནམ་མཁའ་ནི་རེག་ཅིང་བརྩལ་བའི་སེལ་བའོ། །ཕྱོགས་གཞན་དུ་ནི་ཡན་ལག་གི་རྣམ་པའི་སེལ་བའོ། །རྒྱུན་ལས་དང༌། རྫི་ཕྱོགས་དང༌། མངོན་པར་གསུམ་ནི་ཕྱི་རོལ་སོགས་ཀྱིས་རེག་ཅིང་བརྩལ་བའི་སེལ་བའོ། ། མངོན་པར་ནི་སྔར་བཤད་པའི་གསུམ་གྱི་དང་པོའོ། །སྒྲུབ་པ་ནི་ནན་ཏན་བྱེད་པའོ། །དེས་གཞན་གཉིས་ཀྱང་མཚོན་པ་སྟེ། འདིར་ནི་དེ་གསུམ་གྱི་བདེ་བ་ལ་ཡིད་ཀྱིས་ཀུན་ཏུ་བཏགས་ནས་འབྱིན་པའོ། །སྦུབསུ་ནི་དང་པོའི་སེལ་བའོ། །ཆགས་པའི་སེམས་ལ་དབྱུང་འདོད་ཀྱི་ 2-2-34a ཆགས་སེམས་ཞེས་རྣམ་འབྱེད་འགྲེལ་པ་ལས་བཤད་ཟེར་རོ། །གཞལ་བའི་གཞི་ནི་ཡན་ལག་གི་རྣམ་པར་མ་སྨོས་ཀྱང་འགྲུབ་བོ། །ཆགས་སེམས་ཀྱིས་བལྟ་ནའོ། །རང་དང་གཞན་གྱི་ལ་ཉེས་བྱས་དང༌། དེ་ཕྲ་མོ་ཟེར་རོ། །རྒྱུན་ལ་ ཡང་ཆགས་སེམས་སྦྱར་རོ། །གཡན་པ་འཕྲུག་པ་ནི། ཁྱི་རྔོ་དང༌། འབྲུམ་བུ་ལ་སོགས་པའི་སྡུག་བསྔལ་གྱིས་ཉེན་པའོ། །རེག་བྱ་མ་ཡིན་པ་མྱོང་ནས་ཁུ་བ་བྱུང་བ་ལ། བབ་ཅོལ་དུ་དེའི་དོན་མ་ཡིན་པར་ཞུགས་པ་སྦྱར་རོ། །དྲན་ནས་བྱུང་བ་ལ་ནི་རེག་བྱ་དེ་ལ་ ཡང་ལྟུང་བ་མེད་དོ། །བབ་ཅོལ་སོགས་སྦྱོར་རོ། །དེ་གཉིས་ཀྱང་ཉེ་བར་གནས་པ་ལས་ཕྱུང་བ་ཡིན་གྱི་ཆགས་པར་འགྱུར་བའི་གཟུགས་ལ་ལྟའོ་སྙམ་ནས་དེའི་དོན་མ་ཡིན་པར་ཞུགས་པ་ལས་བྱུང་ན་ནི་ཉེས་བྱས་སོ། །ཞུ་བའི་སྐབས་ནས་འབྱུང་བ་ནི། ཁུ་བ་རང་གི་ གནས་ནས་སྐད་ཅིག་གཉིས་པ་ལ་འཕོ་བ་དང༌། འཕོས་མ་ཐག་པའོ། །གང་དུ་འཕོ་བ་དང༌། འཕོས་པ་ནི་ཡན་ལག་གི་རྣམ་པའི་སྦུབས་ཀྱི་རྩ་བར་རོ། །དབྱུང་བའི་ཆེད་དུ་རྩོམ་པ་བྱས་ཀྱང་བཏང་ན་སྦྱོར་བའོ། །ཤུགས་ཀྱི་སྐབསུ་བཏང་བ་ལ་སྦོམ་པོ་ཡིན་ན་དེའི་སྔ་ རོལ་ལ་ཉེས་བྱས་སུ་དོགས་པ་བསལ་བའི་ཕྱིར་རོ། །སྦྱོར་བ། གཉིད་མ་ལོག་པའི་བརྩལ་བ་མེད་པར་དང༌། བབ་བཅོལ་དུ་བྱུང་བ་ལའོ། །ཅུང་ཟད་དང༌། ཡོངས་སུ་ནི་ཕྱོགས་གཅིག་དང་ཐམས་ཅད་ནས་སོ། །དེ་ཡང་བདག་གིར་བྱེད་པ་ལ་སྦོམ་པོའོ། །ལས་སུ་རུང་ བ་མཚོན་པ་སྟེ། མ་རུང་བ་ལ་ཡང་ཞེས་ཟེར་རོ། །སེམས་ཅན་དུ་བགྲང་བས་རེག་པ་ལ་སྦོམ་པོ་དང་དེ་མ་ཡིན་པས་ནི་ཉེས་བྱས་སོ། །དབྱུང་བའི་ཕྱིར་སྨན་འཐུང་ནས་འབྱིན་ན་འགྱུར་བ་ཡོད་ན་སྦོམ་པོ་དང༌། མེད་ན་ལྕི་བར་འགྱུར་བས་ཉེས་མེད་དོ། ། 2-2-34b གཞན་གྱི་ཡན་ལག་གི་རྣམ་པ་ལས་འབྱིན་ན་འགྱུར་བ་ཡོད་རུང་མེད་རུང་ཉེས་བྱས་ཏེ། ཤིན་ཏུ་སྨྲས་པར་བྱ་བ་ཡིན་པའི་ཕྱིར་རོ། །འདུལ་བྱེད་ཀྱི་སྐབས་ནས་འབྱུང་བ་ནི་ཕྱི་རོལ་དང༌། དེའི་རྣམ་པར་གནས་པའི་སྤྲོས་པ་ནི། རྣམ་པར་བསྔོས་པ་ནས་དངོས་གཞིའི་ བར་རོ། །སོགས་ཀྱིས་ནི་རྣམ་པར་རྣགས་པ། རྣམ་པར་བམ་པ། རྣམ་པར་འབུས་གཞིགས་པ། རྣམ་པར་ཟོས་པ། རྣམ་པར་དམར་བ་རྣམས་བསྡུའོ། །རྣམ་པར་ཞིག་པས་ནི་རྣམ་པར་འཐོར་བ་དག་བསྡུ་སྟེ། ཀླད་པ་བགོ་བ་དང་ཡན་ལག་དང་བྲལ་བ་ནི་རྣམ་པར་ཞིག་ པའོ། །རྨ་ནི་རང་གི་ཡན་ལག་གི་རྣམ་པའི་བུ་ག་སྟེ། །གཞན་གྱི་དེ་འཚིར་ན་ཉེས་བྱས་སོ། །མོའི་དབང་པོར་ལྷག་པར་སྤྱད་པ་རྩོམ་པའི་ཚེ་ལག་པ་ལ་སོགས་པས་དེ་འཚིར་ན་སྦོམ་པོ་ཡིན་གྱི། ལྷག་པར་སྤྱད་པ་ལ་ཞུགས་ཟིན་པ་འཚིར་བ་ནི་མ་ཡིན་ཏེ། དེའི་རྩོམ་པ་གཅིག་ཏུ་གྱུར་པའི་ཕྱིར་ལྟུང་བ་གཅིག་ཉིད་ཀྱིས་ལྷག་པར་སྤྱད་པར་སྤྱད་པ་ཉིད་བསྡུས་པ་ཡིན་ནོ། །མོའི་དབང་པོ་དེར་རོ། །དེ་གཉིས་ནི་མི་ཚངས་སྤྱོད་དུ་གཏོགས་པ་སྟེ། ཕྱི་མ་ནི། དེའི་གཟུགས་བརྙན་ཡིན་པའི་ཕྱིར་རོ། །མཐེ་བོང་དང་མོ་དབང་མཚོན་ པ་སྟེ་བ་སོའི་རིད་པ་ལ་སོགས་པ་དང༌། ཁ་དང་བཤང་ལམ་ཡང་ངོ༌། །ཉེ་བར་འགྲོ་བ་ནི་མི་ཚངས་སྤྱོད་དང༌། ཁུ་བ་དབྱུང་བའི་དོན་དུ་ཡིན་ན། དེ་དག་ཏུ་གཏོགས་པ་དང༌། འཆག་པ་སོགས་ཀྱི་དོན་དུ་ཡིན་ན། ལྟུང་བ་མེད་དོ། །དབྱུང་བའི་དོན་དུ་གནས་ནས་ ཞེས་སོ། །ཚུལ་བཞིན་མིན་པ་ནི་དབྱུང་བའི་དོན་དུ་སྐྲ་དང༌། སེན་མོ་དང༌། སོ་དང༌། རྐེད་པ་དང༌། བརླ་དང་ནུ་མ་སོགས་ཡིད་ལ་བྱེད་པའོ། །འཛིན་པ་ནི་བརྩལ་བ་མེད་པའོ། །འཛག་སྣོད་ལ་དབྱུང་བའི་དོན་མ་ཡིན་པར་ཞུགས་པས། ཁུ་བ་བྱུང་བ་ལ་ལྟུང་བ་མེད་དོ།། 2-2-35a གཞན་གྱི་ལུས་ཀྱི་རེག་བྱ་ལ་ཆགས་པ་ལ་གསུམ་ལས། རྣམ་འབྱེད་ནས་འབྱུང་བ་ནི། འདི་ལ་ཞེས་སོགས་སོ། །འདིར་བུད་མེད་ཡུལ་དུ་དགོས་པའི་ལྟུང་བ་ལྷག་མ་ལ་གསུམ་དང༌། འབའ་ཞིག་པ་ལ་བདུན་ཏེ་བཅུའོ། །འོ་ན་བུད་མེད་ཡུལ་དུ་དགོས་པ་ཐམས་ ཅད་མི་སྡུད་པར་འདི་ཙམ་ཞིག་སྡུད་པ་ཅི་ཞེ་ན། འདི་རྣམས་ལ་དོན་གོ་དང༌། རྟེན་གྱི་ཡན་ལག་གཉིས་པོ་དགོས་ལ། དགེ་སློང་མ་ཡུལ་དུ་དགོས་པའི་ལྟུང་བ་རྣམས་ལ། དེ་གཉིས་མི་དགོས་པར་མ་བཤད་དེ། མདོར་ན་ཡན་ལག་གཉིས་པོ་དགོས་པའི་ བུད་མེད་ཡུལ་དུ་དགོས་པ་རྣམས་བསྡུས་སོ། ཞེས་ཟེར་རོ། །ཁ་ཅིག་ན་རེ། དེ་ལྟ་ན་དགེ་སློང་མ་ལས་གྱུར་པ་རྣམས་ལ་དགག་བྱ་ཆགས་པ་འགེགས་སམ། མི་འགེགས། དང་པོ་ལྟར་ན་མཚན་མི་མཐུན་པ་ཡན་ལག་ཏུ་མི་དགོས་པར་འགྱུར་ཏེ། རྡེག་པ་བཞིན་ ནོ། །མ་ལས་གྱུར་པ་རྣམས་ཕ་ལས་ཀྱང་འབྱུང་བར་འགྱུར་ཏེ། ཆགས་པ་ནི་མི་འགེགས་ལ། གཞན་མཚུངས་པའི་ཕྱིར་རོ། །གཉིས་པ་ལྟར་ན་ཡན་ལག་གཉིས་དགོས་ཏེ། དེ་ལ་ཆགས་པ་རྫོགས་པ་ལྟར་གཞན་ལ་མ་ཡིན་པས་སོ། །གལ་ཏེ་དོན་ལ་དགོས་ ཀྱང་བློས་མི་དགོས་ཏེ། སྡོམ་པ་དག་པ་དང་ལྡན་པའི་ནང་དུ་འདུས་པའི་ཕྱིར་ཏེ། གཞོན་ནུ་མ་ནི་ཉི་ཤུ་དང་ཁྱིམ་སོ་བཟུང་བ་ལོ་བཅིུས་པ་ལ་སྡོམ་པོ་སྟེར་བས་དེས་རྟེན་རུང་གྲུབ་ཅིང༌། ཐ་སྙད་དང་མི་ལྡན་པ་མཛེས་པས་བར་ཆད་ཡིན་པས་དེ་ལ་སྡོམ་པ་སྟེར་བ་བཀག་པས་ཐ་ སྙད་དང་ལྡན་པར་གྲུབ་བོ་ཟེར་ན། མཛེས་པའི་བར་ཆད་ཅན་ལ་བྱིན་ན་སྐྱེ་བ་དང༌། སྐྱེས་ནས་ཀྱང་དེ་ལྟར་འགྱུར་བ་སྲིད་དེ། རྣ་བའི་སྦུབས་དགགས་པ་དང༌། དབུས་པས་མཐའ་འཁོབ་ཏུ་ཕྱིན་པ་ཡང༌། དོན་མི་དགེ་བའི་བྱེ་བྲག་ཏུ་གསུངས་པའི་ཕྱིར་རོ། །དེས་ན་སྡོམ་པ་ 2-2-35b དང་ལྡན་ཡང༌། ཡན་ལག་གཉིས་སྨོས་དགོས་སོ། །གནང་མི་དགོས་པས་མ་བཤད་པ་དེ་ལུང་དུ་ཡིན་ན། ཞུ་བ་ནས། དོན་གོ་དགོས་པར་ཀུན་ལ་སེལ་བའི་ཆ་ནས་བཤད་ལ། རྟེན་རུང་ནི་འགྲེང་བ་ལ་དངོས་སུ་གཞོན་ནུ་མ་ལ་སྨད་པར་བཤད་ཅིང༌། གཞན་ལ་ལུང་ མཐུན་དུ་སྦྱོར་དགོས་པ་དང་འགལ་ལོ། །བསྟན་བཅོས་སུ་ཡིན་ན་སྤྱིར་བསྟན་པ་གཉིས་ཀ་བཤད་པ་དང་འགལ་ལོ། །གཞན་ཡང་བཅུ་པོའི་བདུན་ལ་རྟེན་རུང་དང༌། གསུམ་པ་དོན་གོ་སྨོས་པ་དེ་ཕན་ཚུན་དུ་འཁྲུལ་བའམ། སོ་སོར་ངེས། ཕྱི་མ་ལྟར་ན། རེག་པ་སོཌ་ བདུན་ལ་ཞུས་པ་ནས། སེལ་བའི་ཆ་ནས་ཐ་སྙད་བཤད་པ་དང༌། འཁྲིག་ཚིག་སོགས་གསུམ་ལ་འདུལ་བྱེད་ནས་རྫུ་འཕྲུལ་གྱི་ཆོས་ཅན་མ་ཡིན་པ་ནི་ཞེས་བཤད་པའི་རུང་མཐུན་གྱིས་རྟེན་རུང་དགོས་པར་གསུངས་པ་དང་འགལ་ལོ། །རིགས་པ་ཡང་དགག་ བྱ་ཆགས་པ་འགེགས་སམ། མི་འགེགས། ཕྱི་མ་ལྟར་ན། སྔར་ལྟར་དང༌། སྔ་མ་བཤད་པ་ལྟར་ན། བདུན་ལ་དོན་གོ་དང༌། གསུམ་ལ་རྟེན་རུང་དགོས་ཏེ། དེ་གཉིས་ལ་དགག །བཟློག་པ་མ་ཡིན་པའི་ཕྱིར་རོ། །ཡན་ལག་འཁྲུལ་མ་ཡིན་ན་ངེས་ཅན་དུ་སྨོས་ པའི་ཕྱིར། ལུང་གི་ཐད་ཀའི་དོན་ཙམ་བསྡུས་པས་ཞེ་ན། སྔར་འདི་རྣམས་ཡན་ལག་གཉིས་དགོས་པ་རྣམས་བསྡུས་པར་འདོད་པ་ཉམསོ། །དེས་ན་རང་ལུགས་ནི། ཐད་ཀ་བའི་དོན་ཙམ་བསྡུས་པ་ཡིན་ཞིང༌། ཡན་ལག་གཉིས་ཀྱང་འཁྲུལ་མའོ། །ཞེས་ཟེར་རོ། ། ཁྱིམ་པ་མོ་ལ་སྟོན་པའི་སྐབས་སུ་ཕྱི་རོལ་པའི་རབ་བྱུང་མོ་ལ་ཡང་ཉེས་བྱས་སུ་གསུངསོ། །དེ་ལྟར་ལྟུང་བ་བཅུ་ལ་སྤྱིར་བུད་མེད་དགོས་པ་ཙམ་དུ་འདྲ་བ་ལས། ཡན་ལག་གི་ཁྱད་པར་མ་གསུངས་པ་ནི། ལྔ་ལས། རིག་པའི་སྐྱེས་པ་མེད་པའི་ཡན་ལག་ནི། ལམ་དུ་ 2-2-36a འགྲོ་བ་དང༌། ཆོས་སྟོན་པ་གཉིས་ལ་སྟེ། སྔ་མ་ལ་སོ་ཐར་ལས་མ་སྨོས་ཀྱང་ཆོས་སྟོན་པ་ལ་རིགས་པའི་སྐྱེས་བ་མེད་པ་གསུངས་པའི་གནད་མཚུངས་སྦྱར་བའོ། །སྤྱིར་ཁྲིམས་གྲོགས་ཙམ་དང༌། མཚན་ཉིད་དང་ལྡན་པ་གཉིས་ལས། དང་པོ་ནི། དབེན་པ་ན་འདུག་འགྲེང་ལ་བུད་མེད་ཙམ་དང༌། ཉལ་པོ་བྱེད་པ་ལ་གེགས་བྱེད་པར་ནུས་པ་དང༌། ལྷན་ཅིག་ཉལ་བ་ལ་བསྲུང་ནུས་པ་ཙམ་གྱི་ཁྲིམས་གྲོགས་ཀྱིས་ཆོག་གོ། ཁྲིམས་གྲོགས་མཚན་ཉིད་དང་ལྡན་པ་ནི། ལམ་དུ་འགྲོ་བ་དང༌། ཆོས་སྟོན་པ་ལ་དགོས་པས། མི་སྨྲ་ཤེས་དོན་གོ་བསམ་པ་དང༌། ལུས་རང་བཞིན་དུ་གནས་པ། སྐྱེས་པའི་མཚན་རྐྱང་པ་དང་ལྡན་པ། འགྱུར་བ་མི་སྟོན་པ་དང༌། ལོང་བ་མ་ཡིན་པ། ཐོས་པའི་ཉེ་འཁོར་བ་གནས་པ་དེ། བརྒྱད་དམ་ དགུ་ཟེར་རོ། །དེ་ལ་དོན་གོ་བ་ནི། རིགས་ཏེ་འཁྲིག་པ་ལྡན་པའི་བརྗོད་པ་དང༌། སྤྱོད་པ་ཤེས་པའོ། །འགྱུར་བ་རྟེན་པ་ནི། སྤྱོད་པ་དང༌། མཚན་གྱི་སྒོ་ནས་སོ། །གླིང་གཅིག་པ་ཡང་བསྣན་དགོས་སོ། །མཚན་གྱི་ཡན་ལག་ནི་མཚན་གཉིས་པ་སྐྱེས་ པའི་མཚན་ཤས་ཆེ་བའི་རྣམ་པ་དེ་ལྟ་བུ་ཉིད་ལ་ནི། མཚན་གཅིག་ཤོས་བུད་མེད་ཀྱི་མཚན་དོན་མེད་པ་སྟེ་དེས་སྔ་མ་ལ་གནོད་པའི་ཕྱིར་ཅུང་ཟད་ཀྱང་བྱས་པ་མེད་དོ། །བཟློག་པ་ལ་དེ་ལྟ་རོ། །མདོར་ན་མཚན་གང་ཤས་ཆེ་བ་དེས་དེའི་བྱ་བ་བྱེད་ ནུས་ན་ཆུང་བ་དེ་ཡོད་ཀྱང་མཚན་གཉིས་ལ་བརྟེན་པའི་ལྟུང་བ་རྫོགས་པར་བསྐྱེད་པའི་དོན་ཏེ། འདི་ལྟར་བུད་མེད་ཀྱི་མཚན་ཤས་ཆེ་ན། དགེ་སློང་ལ་བུད་མེད་ཀྱི་སྐབས་ཀྱི་ཁ་ན་མ་ཐོ་བ་རྫོགས་པར་འགྱུར་ལ། སྐྱེས་པའི་མཚན་ཤས་ཆེ་ན། 2-2-36b དགེ་སློང་མ་ལ་སྐྱེས་པའི་སྐབས་ཀྱི་ཁ་ན་མ་ཐོ་བ་རྫོགས་པར་འགྱུར་རོ། །དེའི་ཚེ་རེག་པ་སོགས་བཅུ་ལ་བུད་མེད་ཀྱི་མཚན་རྐྱང་པ་དང༌། དེ་ཤས་ཆེ་བ་གཉིས་ལྟུང་བ་ལ་འདྲའོ། །འོ་ན་སྐྱེས་པའི་མཚན་ཤས་ཆེ་བའི་རིགས་པའི་སྐྱེས་པ་དེ་ཁྲིམས་གྲོགས་ལ་ འདྲའོ་ཞེ་ན། རིགས་པའི་སྐྱེས་པ་མཚན་གཉིས་པ་དང་ལྡན་པས་བུད་མེད་དང་ལམ་དུ་འགྲོ་བ་དང༌། དེ་ལ་ཆོས་སྟོན་ལ་ཕྱེད་ཉིད་དེ་ཉེས་བྱས་སོ། །འདིར་ཞེས་པ་ལ་མཚན་ཅིག་ཤོས་མོའི་མཚན་གྱི་སྐབས་འདིར། ཞེས་གསུངས་པ་ནི། མོའི་མཚན་གྱི་བྱ་བ་ བྱེད་ནུས་པ་ཡན་ལག་ཏུ་དགོས་བླ་ན་སྐབས་འདིར་ཞེས་ཡུལ་ལ་གཟུང་གི། གྲོགས་ལ་མི་གཟུང་ངོ༌། །འདི་ལ་བྱེད་པ་པོ་བུད་མེད་དོ་ཞེས་སྨྲས་ན། བུད་མེད་ཐམས་ཅད་དམ། བྱེ་བྲག་འགའ་ཞིག་ཡོད་ཅེ་ན། འོག་མ་ཞེས་ཏེ། ལེགས་ཉེས་སྨྲས་བའི་སྒྲ་དང༌། དོན་ ཤེས་པའི་མཐུ་ཡོད་ན་དངོས་གཞིའི་བྱེད་པ་པོ་ཡིན་གྱི། བུད་མེད་ཙམ་གྱི་མ་ཡིན་ནོ། །གཞན་ལ་ཞེས་པ་ནི་འབའ་ཞིག་པ་དྲུག་ལ་མཛད་ཀྱང་དེ་མ་ཐག་ཏུ། མཐུ་ཡོད་པའི་བུད་མེད་ལ་ལུས་ཀྱི་རེག་པའི་དགེ་འདུན་ལྷག་མ་གང་ཡིན་པ་དེ་ལ་མཐུ་མེད་ན་ཉེས་པ་ སྦོམ་པོའོ། །ཞེས་གསུངས་པས་རེག་པ་དང་བཅས་པ་བདུན་ལ་ནི། འཁྲིག་པ་བསྟེན་པའི་མཐུ་ཡོད་ན་བུད་མེད་དེ་དངོས་གཞིའི་བྱེད་པ་པོའོ། །འདི་གཉིས་ཡན་ལག་འཁྲུལ་མར་འདོད་ཀྱང་མི་འཐད་པ་འདྲ་སྟེ། རྩ་འགྲེལ་གཉིས་ཀར་ངེས་ཅན་དུ་མཛད་ལ། དོན་ ལ་ཡང༌། གསུམ་པོ་ངག་གི་ཐ་སྙད་ལ་བརྟེན་པའི་དོན་གོ་དགོས་ཀྱང༌གཞན་བདུན་ཏེ་དེ་ལྟར་མ་ཡིན་པའི་ཕྱིར་དང༌། གོང་མ་གསུམ་གྱི་དགག་བྱ་རྫོགས་པ་རྟེན་རུང་ལ་མི་ལྟོས་པའི་ཕྱིར་སྙམ་པ་སྣང་སྟེ་དཔྱད་དོ། །མཐུ་སྟོབས་ཡོད་པ་ལས་གཞན་དུ་མེད་ན་ཚིག་ 2-2-37a འོག་མའི་བྱེད་པ་པོར་འགྱུར་ཏེ། མཐུ་ཡོད་པ་ལ་བར་དུ་བཅད་པའི་ཚེ། རེག་ན་སྦོམ་པོ་ནི་མཐུ་མེད་པ་ལ་ཉེས་བྱས། །མཐུ་ཡོད་པ་དང་ལྷན་ཅིག་ཉལ་བ་སོགས་ལ་ལྟུང་བྱེད་ནི་མེད་པ་ལ་ཉེས་བྱས་སོ། །ཕོ་མོའི་མཚན་གང་ཡང་མེད་ ཀྱང༌། དབྱིབས་ཕོ་མོའི་རྣམ་པ་ཅན་གྱི་མ་ནིང་གཉིས་དང་སེམས་ཅན་དུ་བགྲང་བ་ཁོ་ན་སྔགས་དང་སྨན་ལ་སོགས་པས་བསྒྱུར་བའི་སྤྲུལ་པ་མོ་ཡང་མཐུ་མེད་པ་དང་འདྲ་བས་སྔར་ལྟར་ན་སྨད་དོ། །རེག་པ། འཁྲིག་ཚིག །བསྙེན་བཀུར་བསྔགས་ པ་གསུམ་པོ་འདི་ལ་སྐྱེས་པ་ཡང་མཐུ་མེད་པ་དང་འདྲའོ། །ཀུན་སློང་གི་ཡན་ལག་ནི། དེ་དག་ནི་གསུམ་པོའི་ལྷག་མའི་ཡུལ་ལ་བདེ་བ་གང་ཡོད་པ་ཉམས་སུ་མྱོང་བའི་ཕྱིར་དུ་འདུན་པོའོ། །དེ་ཡང་ཀུན་ཏུ་འདོད་ཆགས་དང་ལྡན་པ་པ་སྟེ། སོ་ཐར་ལས་བྲལ་ཞིང་ གྱུར་པའི་སེམས་ཀྱིས་ཞེས་གསུངས་པའི་བྲལ་བ་ནི་འདོད་ཆགས་མངོན་དུ་གྱུར་པའོ། །གྱུར་པ་ནི་ཆགས་པ་རྒྱུན་རིང་བའོ། །དེ་གཉིས་ཀྱིས་ཁྱད་པར་ཅན་དུ་གྱུར་པའི་ཆགས་པ་ནི་ཀུན་ཏུ་འདོད་ཆགས་སོ། །སྐྱེ་ངོགས་ནི་གསུམ་པོ་འདི་ལ་དང་སྦྱར་བའོ། ། འདི་འདུན་པ་ཡོད་ལ་ཆགས་པ་དང་མི་ལྡན་ན་ན་སྨད་ལ། ཆགས་པ་ཡོད་ལ་འདུན་པ་མེད་པ། གཉེན་པོས་བཟློག་ན་ལྟུང་མེད་དང༌། མ་བཟློག་ན་ན་སྨད་ཟེར་ཏེ་བརྟག་གོ། །ལུས་ཀྱི་རེག་པ་བདག་གིར་བྱེད་ནའོ་ཞེས་པ་ལ། རེག་བྱའི་ཡུལ་ནི། བུད་མེད་ཀྱི་ མཚན་དོན་ཡོད་པ། བསྟེན་དུ་རུང་བ་མི་ཡིན་པ་དང༌། སྨྱོ་བ་སོགས་བཞི་ལས་བཟློག་པའི་ཐ་སྙད་ཕྱེད་དང་གཉིས་དང་ལྡན་པ། ལུས་ཐ་མལ་པ། ལུས་དངོས་ཡིན་པ། མ་ཉམས་པ། ཕམ་པ་སྐྱེད་ནུས་ཀྱི་རྨའི་སྒོ་ལས་གཞན་ཡིན་པ་བདུན་ཟེར་རོ། ། 2-2-37b མིའི་སེལ་བ་དུད་འགྲོ་ལྟ་བུ་ལ་རེག་པ་ཆེས་ན་སྨད་དོ། །རེག་བྱེད་ནི། ལུས་དངོས། མ་ཉམས་པ། ཕམ་པ་སྐྱེད་པའི་ཟག་བྱེད་ལས་གཞན་པ་སྟེ་གསུམ་ཟེར་རོ། །ལན་བུ་ནི། འདུག་པ་ལ་སོགས་པ་ལ་ལྟུང་བ་མེད་པས་དེ་ལས་དགར་བའི་ཕྱིར་འདིར་རོ། །དེ་དང་འབྲེལ་བའི་ གོས་ནི་ལན་བུ་དང་འབྲེལ་བའི་སྐུད་པ་ལ་སོགས་པ་ལན་བུའི་ཡན་ལག་ཏུ་གྱུར་པའོ། །ཅོད་པན་དང་ཁ་ཆུ་ལ་སོགས་པ་ལ་རེག་པ་ནི་སེན་མོ་དང་འདྲ་བར་སྦོམ་པོའོ། །ནོམ་པ་ནི་དང་པོར་ལན་ཅིག་ལུས་ལ་སྦྱོར་བའོ། །ཉུག་པ་ནི་ཡང་དང་ཡང་དུ་སྦྱོར་བའོ། །སྤྲོས་པ་ནི། མཐང་སྦྱར་བའི་བསམ་པས་རང་གི་ལུས་བུད་མེད་ཀྱི་ལུས་དང་བར་དུ་མ་བཅད་པར་སྤྲོས་པའོ། །གོས་ཀྱི་བར་དུ་ཆོད་པ་ལ་རེག་པ་ནི་ཚིགས་འོག་མར་ན་སྨད་དེ། དངོས་གཞིར་འགྱུར་བ་ལ་སྦོམ་པོ་དང༌། སྦོམ་པོར་འགྱུར་བ་ཉེས་བྱས་སོ། །ལུས་ཀྱི་རེག་པ་ཚོར་ བ་ལ་ཡང་ལྟུང་བ་ལ་བྱེ་བྲག་མེད་དེ། ཐམས་ཅད་དུ་ལུས་ཀྱི་རེག་པ་མེད་པའི་ཕྱིར་རོ། །ཞེས་གསུངས་པ་ནི་གོས་ཀྱིས་བར་བཅད་པ་ལ་ཡང་སྲབ་མོས་སོང་བས་ཚོར་ནའང་འོག་མར་ན་སྨད་པ་ཁྱད་པར་མེད་དེ། ཐམས་ཅད་དུ་སྟེ། དངོས་སུ་ལུས་རེག་པ་མེད་པའི་ཕྱིར་ ཞེས་པའི་དོན་ནོ། །འདི་ལ་ཁ་ཅིག་ཉམས་མྱོང་ལ་མི་གནོད་པའི་སྲབ་མོས་བར་ཆོད་པ་དང༌། བར་མ་ཆོད་པར་རེག་པ་གཉིས་ལྟུང་བ་ལ་བྱེ་བྲག་མེད་དེ། ཐམས་ཅད་དུ་ལུས་ཀྱིས་རེག་པ་དང་ཁྱད་པར་མེད་པའི་ཕྱིར་རོ། །ཞེས་ཁ་བསྐང་བར་བྱེད་དེ། ཐམས་ཅད་དུ་ཞེས་ པས་སོ་ཟེར་ཏེ་དེ་གཉིས་ཀ་མ་ཡིན་ནོ། །བསམ་པའི་ཉེས་པ་མེད་ཀྱང༌། དགེ་སློང་མ་སོགས་ལ་མི་རེག་གོ། །སྙིང་བརྩེ་བས་ཞེས་པས་ཆོག་མོད། ཆུར་ཞེས་ཅིའི་ཕྱིར་སྨོས་ཤེ་ན། བདེན་མོད་ཀྱི། འོན་ཀྱང་མ་དང་ཞེས་པའི་ཡུལ་བསྟན་པའི་ཕྱིར། བསྟེན་པར་ 2-2-38a བྱ་བས་ཞེས་པར་ཡང་ཀུན་ཏུ་འདོད་ཆགས་པའི་སེམས་མེད་པར་སྙིང་བརྩེ་བ་ལ་སོགས་པ་སེམས་གཞན་གྱིས་རེག་པ་ལ་ཉེས་པ་མེད་དོ། །ཞེས་སོ། །སེམས་དག་པས་ཞེས་པས་ཡུལ་རྟེན་གཉིས་ཀ་ལ་སྦྱར་རོ།། །།ཞུ་བ་ནས་འབྱུང་ བ་ནི། འཇམ་པ་སོགས་ཀྱི་མཐར་བསམ་པ་སྦྱར་བ་ནི། རེག་པའི་བྱེ་བྲག་ཉམསུ་མྱོང་བར་འདོད་པས་རེག་པ་སྟེ་ཀུན་ཏུ་འདོད་ཆགས་པས་སེལ་བའོ། །འདིར་འཁྲིག་པ་དང་ལྡན་པའི་རོ་མྱང་བའི་བསམ་པས་མ་ཡིན་ན། སྦོམ་པོའོ་ཞེས་གསུངས་པ་ནི་ དཔྱད་པར་བྱའོ། །ཁྱད་པར་ཅན་གྱི་སྤྱོད་པས་རེག་པ་ལ་གསུམ་ལས། སྙིང་བརྩེ་བས་རེག་པ་ནི། མེ་དང་ཆུ་དང༌། གཡང་ས་ལ་སོགས་པའི་སྡུག་བསྔལ་ལས་ཐར་བར་བྱ་བའི་ཕྱིར་སྙིང་བརྩེ་བས་རེག་པ་ལ་ཉོན་མོངས་པ་ཅན་གྱི་སེམས་མེད་པ་དང༌། ཁྱད་པར་ཅན་གྱི་སྤྱོད་པ་ཡིན་པའི་ཕྱིར་ལྟུང་བ་མེད་དོ། །ཉེ་དུ་ཤེས་པ་མཐོང་བས་རེག་པ་ནི། མ་དང་ཞེསོ། །འདིར་ཁ་ཅིག །རེག་པ་ལ་ཉེ་དུ་མ་ཡིན་པ་དགོས་པས་དེའི་སེལ་བའོ། །ཞེས་ཟེར་བ་ལ། དེ་ལྟ་ན་སྔོན་སྤྱད་པ་ལ་ཡང་ཐལ་བར་འགྱུར་རོ། །ཞེས་ཟེར་ བ་ནི་འཐད་དོ། །དེས་ན་འདི་དང་འོག་མ་གཉིས་ཀ་ལ་ཆགས་སེམས་མེད་པའི་རེག་པ་ལ་དགོངས་སོ། །སྔོན་ཀུན་ཏུ་དགའ་བ་ཉམསུ་མྱོང་བས་རེག་པ་ནི་སྔོན་སྤྱད་པ་ཞེས་སོ། །འདི་གཉིས་ཀ་སྔར་བསམ་པའི་ཉེས་པ་མེད་དུ་ཟིན་ཀྱང་དགེ་སློང་མ་དང༌། བུད་མེད་ལ་རེག་ པར་མི་བྱ་བར་གསུངས་པའི་སེལ་བར་འགྲིག་གོ། །འདུལ་བྱེད་ནས་འབྱུང་བ་ནི། ཟས་དང་སོགསོ། །རྐང་པ་དང༌། དེའི་བསྟན་ཞེས་པ་གཉིས་ཀྱིས་རྒོད་བག་གིས་རེག་པར་བྱ་བ་ཁོ་ནས་རེག་པ་བསྟན་པར་མཛད་དེ། སྔ་མ་ཡང་དེའི་བསམ་པས་རེག་པར་བྱ་དགོས་ 2-2-38b པ་འདྲའོ། །སོགས་པས་ནི་རྩིབ་ལོགས་ལ་སོགས་པས་འཕུལ་ནའོ། །རྟེན་ནི་བུད་མེད་དང་བཅས་མ་བཅས་གཉིས་ཀ་སྟེ། ཁྲིའུ་ལ་སོགས་པ་རྣམས་གསུངས་སོ། །ཁྱད་པར་ཅན་གྱི་སྤྱོད་པ་དང་འདྲ་བ་ནི། འགྲེང་པར་འགྱེལ་བའི་བུད་མེད་རང་ལྡང་ནུས་བཞིན་དུ་སློང་ན་ཞེས་ གསུངས་པས་ལྡང་བར་མི་ནུས་ན་ཉེས་པ་མེད་དོ། །བུད་མེད་ཀྱིས་དགེ་སློང་ལ་འཕུལ་བ་སོགས་གསུམ་མི་འདོད་བཞིན་བྱེད་པ་ནི་ལྟུང་བ་མེད་དོ། །བཟུང་བ་ནི་བུད་མེད་ཀྱིས་ཡིན་ལ། དེ་དང་འོག་མ་རྣམས་མི་འདོད་བཞིན་དུ་བྱེད་པ་ལྟུང་བ་མེད་དོ། །སྨྲ་བའི་བདེ་ བ་ལ་ཆགས་པ་འཁྲིག་ཚིག་གི་ལྷག་མ་ལ་གསུམ་ལས། རྣམ་འབྱེད་ལས་འབྱུང་བ་ནི། གང་ལ་སྨྲ་བའི་ཡུལ་ལ། བུད་མེད་ཀྱི་མཚན་དོན་ཡོད་པ། རྟེན་དུ་རུང་བ། ཐ་སྙད་བཞི་ལྡན། ལུས་ཐ་མལ་བ། རྫུ་འཕྲུལ་མ་ཐོབ་པ་སྟེ་ལྔ་ཡིན་ལ། འོག་མ་ལ་ཡང་དེ་ལྟར་ཟེར་ རོ། །གང་བརྗོད་པར་བྱ་བ་ནི། ཡུལ་དུས་དེར་འཁྲིག་ཚིག་གིས་གསལ་པོར་གྲགས་པ་ཟེར་རོ། །སྔར་བཤད་པའི་བུད་མེད་དོན་གོ་བ་ལ། གཉིས་ཀྱིས་གཉིས་སྤྲོད་པའི་འཁྲིག་པ་སྨྲས་ན་དེའི་ལྷག་མའོ། །སྒྲ་ཇི་ལྟ་བུས་སྨྲས་ཞེ་ན། རྒྱ་དང་རྣ་རུ་ཞེས་བྱ་བའི་སྒྲ་གང་རུང་ གཉིས་ཀྱིས་གཉིས་སྤྲོད་པ་བརྗོད་བྱའི་དོན་དུ་ཡོད་པའི་སྒྲས་སོ། །རྒྱ་ལ་སོགས་པའི་དོན་བཞིན་ཉལ་བོ་ཞེས་བྱ་བ་ལ་སོགས་པའི་སྒྲ་ཡང་རྒྱ་ལ་སོགས་པའི་དོན་འགྲེལ་པར། འདིར་དོན་ཞེས་བྱ་བའི་སྒྲ་གཅིག་ཤོས་བྲི་བར་རིགས་པར་བྱ་སྟེ། རྒྱ་ལ་སོགས་པའི་དོན་གྱིས་སོ། །ཞེས་ བྱ་བ་ནི། དེས་སྨྲས་ནའོ་ཞེས་གསུངས་པ་ནི། སྒྲ་གཅིག་ཤོས་ཉལ་པོ་ཞེས་བྱ་བ་ལྟ་བུ་འཁྲིག་པ་ལ་གསལ་བར་མ་གྲགས་པ་ལ་དགོངས་པ་འདྲའོ། །འཁྲིག་པ་གོ་བར་བྱེད་པའི་སྒྲ་ནི་གཉིས་ཏེ། དངོས་དང་ཉེ་བར་འདོགས་པའོ། །དང་པོ་ལ་ནི་འདི་རྣམ་གཞག་གོ། །གཉིས་ 2-2-39a པ་ལ་ནི། གལ་ཏེ་རྒྱ་ལ་སོགས་པའི་དོན་ཡུལ་དང༌། དུས་དེར་ཆགས་པ་དེར་སྨྲས་ན་དངོས་གཞིའོ། །མ་ཆགས་པ། དཔེར་ན། ཕྲད་པ་དང༌། ཉལ་བ་ལ་སོགས་པ་བརྗོད་ན་ནི་སྦོམ་པོའོ། །ཆགས་མ་ཆགས་ནི་དེ་ལ། གྲགས་ མ་གྲགསོ། །བུད་མེད་དེ་སྒྲིན་མོ་ཞིག་ཡིན་པས་ཉེ་བར་འདོགས་པའི་ཚིག་དེ་འཁྲིག་པ་ལ་བརྡ་ཕྲད་དུ་ཟིན་ཀྱང༌། དངོས་གཞིར་མི་འགྱུར་ཏེ། རྒྱ་ལ་སོགས་པའི་དོན་ཆགས་པ་མེད་པས་སོ། །དེ་ལྟར་ཡང་ལུང་ལས། ཁོ་བོ་དང་ལྷན་ཅིག་ཕྲད་པར་གྱིས་ ཤིག་ཅེས་པ་ལ། སྦོམ་པོར་གསུངས་ཏེ། རྒྱ་ལ་སོགས་པའི་དོན་དག་ལ་དངོས་སུ་ཞུགས་པ་མེད་པས་སོ། །དཔེར་ན། ཕ་དང་བུ་ཕྲད་པ་ཞེས་པའི་དོན་བཞིན་ནོ། །འདིར་འགྲེལ་པར། ཉལ་པོ་དང་ལྷག་པར་སྤྱོད་པའི་སྒྲ་ལ་དངོས་གཞིར་བསྟན་པ་ནི། འཁྲིག་ པ་ལ་ཡུལ་དུས་དེར་གསལ་པོར་གྲགས་པ་ལ་དགོངས་སོ། །རྒྱ་ལ་སོགས་པའི་དོན་བྱེད་པའི་ཚིག་མེད་པར་བརྗོད་པ་བྱེད་ཅིང༌། བུད་མེད་ཀྱིས་ཐོས་ནས་བརྡ་ཕྲད་པ་ལ་དངོས་གཞིར་གསུངས་པ་ནི། རང་གི་དོན་བསམ་ཞིང༌། དངོས་སུ་ཚིག་གི་བདག་ཉིད་ལ་སྦྱར་བ་མེད་ པ་ལ་དགོངས་སོ། །གཞན་གྱི་བསམ་པས་སྨྲས་པ་ལ་སྦོམ་པོར་གསུངས་པས་རང་དོན་དུ་སྨྲས་པ་དགོས་སོ། །མཐར་ཐུག་གྲུབ་པའི་དུས་ནི་ཡི་གེ་དང་ཚིག་ལ་དཔེ་ཡོད་ནའང༌། བུད་མེད་ཀྱི་ཚིག་གོ་བའི་ཡི་གེ་དང་ཚིག་གི་དུས་དེར་དངོས་གཞི་བསྐྱེད་པས་ཕྱིས་ བརྗོད་པ་རྣམས་ནི་དེ་ཉིད་ཀྱི་ཁོངས་སུ་གཏོགས་ཏེ། རྩོལ་བའི་རྩོམ་པ་གཅིག་ཏུ་གྱུར་པའི་ཕྱིར་རོ། །རྒྱ་དང་རྣ་རུ་ཚིག་མེད་པར་དངོས་གཞི་དང་འབྲེལ་བའི་དོན། རྨའི་སྒོ་ལ་སོགས་པ་སྨྲས་པ་སྟེ། དཔེར་ན། སྲུ་ཁྱོད་ཀྱི་རྨའི་ཞེས་པ་ལྟ་བུ་སྨྲས་པའོ། ། 2-2-39b རྒྱ་དང་རྣ་རུ་ཞེས་བྱའི་སྒྲ་ལ་ནི། དངོས་གཞི་དང་འབྲེལ་བའི་སྦྱོར་བ་ཡོད་པར་ཐེ་ཚོམ་མི་ཟ་ཡང༌། སྲུ་ཞེས་སོགས་ལ་དངོས་གཞིའི་ཚིག་མེད་ན་ཅིའི་ཕྱིར་སྦྱོར་བར་འགྱུར་སྙམ་དུ་དོགས་པ་བསལ་བའི་ཕྱིར་མདོ་འདི་བྱས་སོ། །བསྔགས་པ་ནི། སྲུའི་རྨའི་སྒོ་ གསུམ་ནི་ལེགས་པར་དོད། གནས་གྱུར་པའོ། །ཞེས་བསྟོད་པའོ། །བསྔགས་པ་མ་ཡིན་པ་ནི་དེ་ལས་བཟློག་པའོ། །གསོལ་བ་ནི། སྲུ་ཚུར་ཤོག །དེ་དང་དེ་བྱའོ་ཞེས་ཟེར་ཞིང༌། རྒྱ་དང་རྣ་རུ་དངོས་སུ་མི་བརྗོད་པའོ། །ཉེ་བར་གསོལ་བ་ནི། བུད་མེད་དང་སྐྱེས་པ་དེ་ དང་དེ་བྱེད་པ་གང་ཡིན་པ་དེ་དང༌། དེ་ནི་དགའ་བ་དང་ཡིད་དུ་འོང་བ་ཡིན་གྱིས། སྲུ་བདག་ཅག་ཀྱང་དེ་དང་དེ་བྱས་ན་དགའ་བ་དང༌། ཡིད་དུ་འོང་བར་འགྱུར་རོ་ཞེས་པའོ། །འདྲི་བ་ནི། སྲུ་སྐྱེས་པ་གང་བུད་མེད་གང་ལ་དེ་དང་དེ་བྱེད་པ་དེ་ནི་དགའ་བ་དང༌། ཡིད་དུ་འོང་བར་འགྱུར་ ན། ཁོ་བོས་ཀྱང་སྲུ་ལ་དེ་དང་དེ་བྱ་ན་སྲུ་ཁོ་བོ་ལ་དགའ་བ་དང༌། ཡིད་དུ་འོང་བར་འགྱུར་རམ། ཞེས་པའམ། །ཡོངས་སུ་འདྲི་བ་ནི། དང་པོ་གསུམ་འདྲི་བའོ། །བརྗོད་པ་ནི་སྲུ་ནི་ཁྱོད་ལ་དགའ་བ་དང༌། ཡིད་དུ་འོང་བ་བདེན་ན། ཁྱོད་དེ་ལ་ཇི་ལྟ་ཞེས་པའོ། །སྨོན་པ་ནི། སྲུ་ནམ་ཞིག་ན་ཁོ་བོ་ཁྱོད་དང་ལྷན་ཅིག་དེ་དང་དེ་བྱེད་ཅིག་གུ་ཞེས་པའོ། །གཤེ་བ་ནི། ཁྱོད་ལ་བོང་བུ་དེ་བྱེད་པར་གྱུར་ཅིག །དེར་མགལ་དུ་མ་ཆུག་ཅིག་ཅེས་བྱ་བ་ལ་སོགས་པའོ། །ཕྱིར་སྨྲ་བ་ནི། བུད་མེད་ཀྱིས་བསྔགས་པ་སོགས་སྨྲ་བ་ན་དགེ་སློང་གིས་ཕྱིར་རྣམ་ པ་དེ་ཉིད་ཀྱིས་ལན་འདེབས་པ་ལ་དངོས་གཞིའི་དབང་དུ་བྱས་པའི་སྦྱོར་བ་ཉིད་ཡིན་པར་བྱེ་བྲག་འགའ་ཡང་མེད་དོ། །བསྙེན་བཀུར་བསྔགས་པ་ལ། འཁྲིག་ཚིག་གསལ་པོས་བསྙེན་བཀུར་བསྔགས་པ་དགོས་པར་འདོད་པ་ལ། དེ་ལྟ་ན་འཁྲིག་ཚིག་གི་ལྷག་མས་ 2-2-40a ཁྱབ་པ་དང༌། དགག་བྱ་དོད་མི་ཐུབ་པར་འགྱུར་ཏེ་རྒྱ་ལ་སོགས་པས་སྨྲ་དགོས་པ་དང༌། འདི་ལ་བདག་ཉིད་དང་སྦྱར་བ་ཡང་དགོས་པའི་ཕྱིར་རོ། །དེས་ན་རྒྱ་ལ་སོགས་པས་བསྔགས་ན་ནི། འགྲེལ་པར་འབྱུང་བ་ལྟར་གཉིས་ཀར་འགྱུར་ལ། འཁྲིག་པ་ཙམ་གྱིས་བསྔགས་ན་ནི་བསྙེན་བཀུར་བསྔགས་པ་ཁོ་ནའོ། །བདག་ལྟ་བུའི་དགེ་སློང་ཚུལ་ཁྲིམས་དང་ལྡན་པ། དགེ་བའི་ཆོས་ཅན། ཚངས་པར་སྤྱོད་པ་ལ་འཁྲིག་པས་བསྙེན་བཀུར་བྱས་ན། བསྙེན་བཀུར་དང་་ཕུལ་དུ་བྱུང་བ། ཁྱད་པར་དུ་འཕགས་ པ། བཟང་བ། མཛེས་པ། དགེ་བ། མཆོད་པར་འོས་པ། བསྟོད་པར་འོས་པ། རྒྱ་ཆེ་བ་ཡིན་ནོ། །ཞེས་པ་དང༌། ཆོས་མཆོག་ལ་སོགས་པ་སྟེ་བཅོ་བརྒྱད་ལུང་ལས་གསུངས་སོ། །འདི་དང་ཡོན་ཏན་གཉིས་གཉིས་སྨོས་ནས་རེ་རེ་མེད་པའི་བཅོ་བརྒྱད་པ་ཕྲག་གསུམ་དང༌། རེ་རེ་ཡོད་ཅིང༌། གཉིས་གཉིས་མེད་པ་ཕྲག་གསུམ་དང༌། གསུམ་ག་མེད་པའི་བཅོ་བརྒྱད་པ་ཕྲག་གཅིག་སྟེ་མུ་བརྒྱད་དོ། །ཚུལ་ཁྲིམས་སོགས་གསུམ་ནི། བསླབ་པ་གསུམ་ལ་ལུང་འགྲེལ་པས་བཤད་ཟེར་རོ། །དེས་བསྔགས་པ་དང༌། ཆེས་ན་སྨད་ལ་ཡང་མུ་བརྒྱད་ བརྒྱད་དང༌། དེ་དང་ཞེས་པ་ལ་མུ་བརྒྱད་ཚན་གཉིས་དང༌། དེས་བསྔགས་པ་ལ་ཡི་རང་བ་ནི། མི་ཆོས་བླ་མ་སོགས་སྦྱོར་བ་དག་གིས་འཇུག་ཅིང༌། མཐར་ཐུག་དོན་གོ་ལ་འཇོག་པ་ཐམས་ཅད་ལ་སྦྱར་ཏེ། རྒྱུ་མཚན་ལ་ཁྱད་པར་མེད་པའི་ཕྱིར་རོ། །ཆོས་སྟོན་པ་དང༌། འདོན་པ་ ལྟ་བུ་ལ་དམིགས་བསལ་ཡིན་ཏེ། ཡན་ལག་གཞན་མ་ཚང་བའི་ཕྱིར། ཞེས་ཟེར་བ་ནི་བརྟག་པར་བྱའོ། །གཞན་འདོད་པ་བསྟེན་དུ་འཇུག་པ་སྨྱོན་བྱེད་པ་ལ་གསུམ་ལས། རྣམ་འབྱེད་ལས་འབྱུང་བ་ལ། གང་སྤྲད་པའི་ཡུལ་ནི། སྐྱེས་པ་དང་བུད་མེད་གཉིས་ 2-2-40b ཀ་མཚན་དོན་བྱེད་ནུས་པ་བསྟེན་དུ་རུང་བ། ཐ་སྙད་བཞི་ལྡན། ལུས་ཐ་མལ་པ་རྫུ་འཕྲུལ་ཅན་མ་ཡིན་པ། རང་ལས་ཐ་དད་ཅིང༌། དེ་གཉིས་ཀྱང་ཐ་དད་པ། ད་ལྟ་མི་མཐུན་པ་སྟེ་བདུན་ལྡན་དང༌། ཕྱི་མ་ནི་མཐུན་པ་གཏན་མ་ཐོབ་པའོ། །ཐོབ་ཀྱང་ཉམས་པ་ཟེར་རོ། །འཕྲིན་ གོ་བར་བྱ་བའི་ཡུལ་ལ། ཐ་སྙད་ལྔ་དང་ལྡན། ལུས་ཐ་མལ་པ། དེ་གཉིས་ལ་དབང་ཆེ་བར་གནས་པ་སྟེ་གསུམ་ཟེར་ཡང༌། དེ་གཉིས་སམ་དེ་གཉིས་ལ་དབང་ཆེ་བ་ཞེས་བྱའོ། །སྔ་མའི་དྲུག་པ་ཡང་དང་པོས་ཆོག་པར་སྣང་ངོ༌། །འདིར་སྦྱོར་བ་ལ་འཕྲིན་གསུམ་ མེད་ན། ན་སྨད་པར་འདོད་པ་ནི་དཔྱད་དོ། །སུ་དང་ཕྲད་པ་ལ་གཞན་དང་པོ། ཞེས་མིའི་འགྲོ་བས། སྟེན་པར་བྱེད་པ་པོའི་དབང་པོ་དང་ལྡན་པ་དང་པོ། སུར་ཕྲད་ན། བདག་ཉིད་དུ་ཕྲད་པ་མ་ཡིན་གྱི། གང་ཟག་གཞན་དུའོ། །གཞན་ཇི་འདྲ་བ་ཞིག་ཏུ་ཞེ་ན། མིའི་ འགྲོ་བ་པོའི་བུད་མེད་ལ་སོགས་པ་བསྟེན་པར་བྱེད་པ་རྨའི་སྒོ་དང་ལྡན་པར་རོ། །འདི་ལ་ཁ་ཅིག །སོགས་ཀྱིས་སྐྱེས་པ་མ་ཡིན་པ་རྐུ་རྒྱུ་མེད་པས་སྐྱེས་པ་ནང་སྤྲད་པ་ལ་ཡང་ལྷག་མར་འགྱུར་ཏེ། འགྲེལ་པ་དགའ་བ་སྐྱེས་པ་ལས་ཀྱང༌། སྐྱེས་པ་དང་བུད་མེད་ སྤྲད་པ་ལ་ཡང་ལྷག་མར་འགྱུར་ན། སྐྱེས་པ་ནང་སྤྲད་པ་ལ་ཆེས་འགྱུར་ཏེ། ཆེས་སྡིག་ལྕི་བས་སོ། །ཞེས་བཤད་པའི་ཕྱིར་རོ། །ཞེས་འདོད་པ་ལ། གཞུང་འགྲེལ་ལས། སྨྱན་གྱི་བྱེད་པ་པོ་སྐྱེས་པ་དང་བུད་མེད་དོ་ཞེས་པ་དང་སོ་ཐར་རྣམ་འབྱེད་རྩ་བ་གསུམ་ལས་ འབྱུང་བས་མི་འཐད་དོ། །རིགས་པ་ཡང༌། འབྱུང་ཉེ་རིང་གི་དགག་བྱ་གནས་སྐབས་ཀྱི་སྒོ་ནས་རྫོགས་མི་རྫོགས་ཡོད་པས་སོ། །དེས་ན་རྣམ་པ་དེ་བཞིན་དུ་ཞེས་བཤད་པས་སོགས་ཀྱིས་མཚན་གཉིས་པ་སྡུད་ཟེར་རོ། །རྒྱུ་གང་གིས་གཞན་དང༌། གཞན་དུ་ 2-2-41a ཕྲད་ན་ལྟུང་བ་འདིར་འགྱུར་ཞེ་ན། སྤྲད་བྱ་གཉིས་མི་མཐུན་པ་སྟེ་གཅུགས་པར་མ་གྱུར་པ་མཐུན་པ་སྟེ། གཅུགས་པར་བསྒྲུབ་པའི་ཕྱིར་དུ་སྤྲད་པར་བྱ་བ་ཞེས་སོ། །བརྗོད་པ་ནི་སྔ་མ་ལ་གོ་བར་བྱས་པའོ། །མཐུན་པར་སྒྲུབ་པ་དེ་གང་གི་ཆེད་ཡིན་ན། ཕྲད་པ་དེའི་དོན་དུའོ། །སྤྲད་བྱ་གཞན་གྱི་འཕྲིན་ལན་ལུས་ཀྱི་རིག་བྱེད་དམ། ངག་གི་རིགས་བྱེད་དམ་ཅང་མི་སྨྲ་བས་འཇུག་པ་ནི་འཇུག་པའོ། །འཕྲིན་མནོས་པ་དང༌། སྐྱེལ་བ་གཉིས་ཀྱི་བར་ན་གནས་པས་བར་མའོ། །འཇུག་པ་བར་མ་དེའི་ཕྱེད་ཡར་ཐོས་པ་ནི། དགེ་སློང་དེའམ། གཞན་ལས་མངོན་སུམ་དུའོ། །མིག་གིས་སམ། རྣ་བས་སམ། ཡིད་ཀྱི་རྣམ་པར་ཤེས་པས་སྤྲད་བྱ་དང་པོ་དེས་རིག་པའོ། །དེས་ནོད་པ་དང་གོ་བར་བྱེད་པ་གཉིས་བྱས་ན་བརྗོད་པ་དགེ་སློང་གིས་མ་བྱས་ཀྱང་ལྷག་མར་འགྱུར་བའོ། །ནོད་པ་དང་གོ་བར་བྱེད་པ་ དང༌། བརྗོད་པའི་ཚིག་གསུམ་པོ་དེ་དག་གིས་བྱ་བ་ནི་སྦྱོར་བ་ཐ་དད་པ་ཡིན་ཏེ། དགེ་སློང་གཉིས་ཀྱིས་སྤྲིང་བ་མནོས་ནས། གཅིག་གིས་ཕར་ཡང་སྐྱེལ། ཚུར་ཡང་སྐྱེལ་བ་ལ་ལྷག་མ་དང༌། གཅིག་གིས་ཕར་ནི་སྐྱེལ་ལ། ཚུར་ནི་མི་སྐྱེལ་ལོ་ཞེས་ཟེར་བ་ ལ་སྦོམ་པོ་གཉིས་དང༌། ཡང་དགེ་སློང་གཉིས་ཀྱིས་སྤྲིང་བ་མནོས་ནས་ཕར་ཚུར་དུ་སྐྱེལ་བ་ལ་སྔར་ལྟར་དང༌། གཅིག་ནི་ཕར་ཡང་མི་སྐྱེལ་ལ་ཚུར་ཡང་མི་སྐྱེལ་ལོ། །ཞེས་ཟེར་བ་ལ་སྦོམ་པོ་གཅིག་གོ། །ཞེས་སོ། །དེ་ལྟ་ན་འཕྲིན་ནོད་པ་ལ་སོགས་ པ་རེ་རེ་དག་ལ་ཕྱི་མ་མེད་ནའང༌། ཚིག་སྔ་མ་ལ་སྦོམ་པོར་གསུངས་པ་འདིར་བསྡུས་པར་གསུངས་སོ། །འདི་ཐ་དད་མཚན་ཉིད་པ་དང༌། བཏགས་པ་བ་དང༌། ཁ་ཅིག་དང་པོ་ཡིན་ཏེ། ཐ་དད་པའི་རྒྱུ་ནི་འདུན་པ་བཟློག་པས་ཟེར་རོ། །ཁ་ཅིག་ནི། ལུང་དང་རྩ་བ་ལས། 2-2-41b ཐ་དད་དུ་གསུངས་ཤིང་རིགས་པས་ཀྱང་གྲུབ་སྟེ། རྒྱུ་ཚོགས་ཐ་དད་པའི་ཕྱིར་རོ། །ཞེས་ཟེར་རོ། །དེ་ལ་གཞན་དག་ན་རེ། འདུན་པ་བཟློག་པ་ལ་ལུང་དང༌། རྩ་འགྲེལ་གང་ནས་ཀྱང་མི་གསལ་ལོ། རྒྱུ་ཚོགས་ཐ་དད་པ་ཡང་མ་གྲུབ་བོ། །དུས་སྔ་ཕྱི་དང༌། ཞེན་པ་ཆེ་ཆུང་ཐ་དད་ དུ་མ་ཡོད་པས་སྙམ་ན། འཕྲིན་རེ་རེ་ལ་ཡང་ངག་དང༌། ལུས་ཀྱི་རེག་བྱེད་དུ་མ་ཡོད་ཅིང་རྒྱུན་ལྡན་གྱི་ལྟུང་བ་ཐམས་ཅད་ལ་ཡང་དེ་ཡོད་པའི་ཕྱིར། ལྟུང་བ་དུ་མར་ཐལ་ལོ། །དེས་ན་སྦོམ་པོ་གཅིག་ཡིན་ནོ། །ཐ་དད་དུ་གསུངས་པའི་དགོངས་གཞི་ནི་འཕྲིན་ཐ་དད་ གསུམ་ལའོ། །དགོས་པ་ནི་འཕྲིན་ཐ་མས་དངོས་སུ་སྤྲད་པས་སྦྱོར་སྦོམ་དུ་འགྱུར་གྱི། དང་པོ་ལ་ཉེས་བྱས་སོ་སྙམ་པ་བསལ་བའི་ཕྱིར་ཏེ། འདི་ལྟར་དང་པོ་གཉིས་ལ་སྦོམ་པོར་བསྟན་ཀྱང༌། ཐ་དད་པར་མ་བསྟན་ན་སྔ་མ་གཉིས་ཀྱིས་རྒྱུ་བྱས་ནས་ཕྱི་མ་ལ་སྦོམ་ པོར་འགྱུར་གྱི། སྔ་མ་ལ་སྦོམ་པོ་མེད་དོ་སྙམ་ནས་དོགས་པ་མི་ཆོད་པར་འགྱུར་བས་སོ། །ཞེས་ཟེར་རོ། །གཞན་ཡང༌། དྲིལ་བསྒྲགས་པའི་འགྲེལ་པ་ལས། འཕྲིན་གསུམ་ག་ལ་སྦོམ་པོ་གཅིག་ཏུ་བསྟན་པས་ཀྱང་གནོད་དེ། མཐུན་པ་ཡེ་མ་ཐོབ་པ་དང༌། ཐོབ་ནས་ཉམས་ པ་ལ་ཁྱད་པར་མེད་པའི་ཕྱིར་རོ། །ཞེས་ཟེར་ཏེ། འགྲེལ་པ་ལས་དེ་ལྟར་བཤད་པ་ནི་མེད་དོ། །ཕྱོགས་སྔ་ཕྱི་དེ་དག་ནི་གཞུང་གི་དོན་མ་ཡིན་ནོ། །འོ་ན་གང་ཞེ་ན། འཕྲིན་ནོད་པ་ལ་སོགས་པ་རེ་རེ་དག་ལ་ཕྱི་མ་མེད་ནའང་ཞེས་གསུངས་པས་འཕྲིན་ཐ་མའི་དངོས་ གཞི་སྐྱེས་པ་ལ་ཕྱོགས་པ་ཙམ་ལ་སྦོམ་པོར་འགྱུར་བ་དང༌། གཉིས་ཀ་མ་ཚང་ན་སྦོམ་པོར་མི་འགྱུར་བ་བསལ་བའི་ཕྱིར། མདོ་འདི་གསུངས་ཏེ་འཕྲིན་དང་པོར་མནོས་པ་ནས་བརྩམས་ཏེ་སྦོམ་པོ་བསྐྱེད་པར་བསྟན་ཅིང༌། དེ་ཡང་ཕྱི་མ་རྣམས་དང་མ་ཚོགས་ཀྱང༌། རེ་རེ་ན་ 2-2-42a སྦོམ་པོར་འགྱུར་བ་ཡིན་ནོ། །དེས་ན་འཕྲིན་གསུམ་མ་ཚོགས་པར་རེ་རེ་ནས་སྦོམ་པོ་སྐྱེ་མི་སྲིད་པར་འདོད་པ་མ་ཡིན་ནོ། །འགྲེལ་པར་གཅིག་གམ། གཉིས་བྱས་ནས་གཞན་མི་བྱེད་པ་ཁུངས་སུ་མཛད་ནས། དེ་བསྡུས་པར་བཞེད་ པས་འཕྲིན་གསུམ་ག་བྱེད་པ་ལྟ་བུ་ལ། འཕྲིན་རེ་རེ་ནས་སྦོམ་པོར་མི་འགྱུར་གྱི། དེ་ལ་གསུམ་ག་ལ་སྦོམ་པོ་གཅིག་བསྐྱེད་པར་བྱ་དགོས་ཏེ། འཐབ་ཚིག་བདུན་གྱི་ཐ་མ་གཉིས་ལ་བསྡུམས་བྱས་པ་ལ་སྦོམ་པོ་རེ་རེ་ལས་མ་གསུངས་པའི་ཕྱིར་རོ། །དེའི་ཕྱིར་ འཕྲིན་གསུམ་པོ་དེ་དག་གི་བྱ་བ་ནི་ཐ་དད་ཅེས་པས་རེ་རེ་ཡང་གཞན་ལ་མ་ལྟོས་པར་སྦོམ་པོ་བསྐྱེད་པ་ཡོད་པར་སྟོན་གྱི། ངེས་པར་སྟོན་པ་མ་ཡིན་ནོ། །མི་ཉིད་ཀྱི་ཟ་མ་དང་མངལ་ན་གནས་པ་དང༌། ཆུང་མ་དམ་པ་གསུམ་པོ་རྡེའུ་གསུམ་གཏོར་བ་དང༌། ཆོ་ག་ བཏང་བ་ལ་འཕྲིན་གསུམ་གྱིས་སྨྱན་བྱས་ན་ཕྲད་པ་མེད་པ་དང༌། མི་མཐུན་པ་མཐུན་པར་བསྒྲུབ་པ་མེད་པའི་ཕྱིར། མཐའ་ལྷག་མའི་བྱེད་པ་པོ་མ་ཡིན་ཀྱང་ངོ༌། །ཞུས་པ་དང་མི་ཟློས་པ་ནི་འདི་དོགས་གཅོད་ལ་གཙོ་བོར་ཞུགས་ལ། འོག་མ་ལྟུང་བའི་ངོ་བོ་སྟོན་པ་ལ་ གཙོ་བོར་ཞུགས་པས་སོ། །ཞེས་སོ། །སྤྲད་བྱ་གཉིས་ཉིད་དགེ་སློང་དུ་མས་སྤྲད་ན་ལྟུང་བ་གཉིས་གྲངས་ཅིར་འགྱུར་ལ་དོགས་པ་བཅད་པ་ནི། འབྲས་བུ་ཞེས་སོ། །འདིར་ཞེས་པ་ནི་འཁྲིག་ཚིག་སོགས་ལས་དགར་བའོ། །དེ་གཉིས་ཀྱི་བདག་པོ་ཞེས་པ་ནི་ཕ་མ་ལ་སོགས་ པ་དེ། ཕ་ནི་བསྒོ་བ་དང༌། བཟློག་པ་ལ་དང༌། མ་ནི་སྦྱིན་པ་དང༌། དབྲོག་པ་ལ་བདག་པོ་ཡིན་པའམ། ཡང་ན་ཡུལ་ཆོས་བཞིན་བྱའོ། །དེ་དག་གི་དོན་ནི་བུ་ལ་ཆུང་མ་ལེན་པར་གོ་བ་དང༌། མི་ལེན་པར་བཟློག་པ་དང༌། བུ་མོ་གཞན་ལ་སྦྱིན་པ་དང༌། སྦྱིན་པ་ལས་དབྲོག་པ་ 2-2-42b ལ་བདག་པོ་ཞེས་ཟེར་རོ། །གཞན་དེ་གཉིས་ཀྱི་བདག་པོ་མ་ཡིན་པ་དེ་གཉིས་དང་མ་འབྲེལ་བའོ། །ཡུལ་ཕྱོགས་ནི་སྐྱེད་མོས་ཚལ་ལ་སོགས་པའི་ས་ཕྱོགསོ། །བརྡ་ནི་སྔ་དྲོ་ལ་སོགས་པའི་དུས་ཀྱི་བྱེ་བྲག་གོ། མཚན་མ་ནི་སྐྲ་དང་ཁ་སྤུ་བྲེགས་ནས་རིང་པོ་མ་ལོན་པའམ། གོས་དམར་སེར་གྱོན་པ་ཉིད་ནའོ་ཞེས་བྱ་བ་ལྟ་བུའོ། །སྨད་འཚོང་མ་ནི་སྐྱེས་པ་ཐམས་ཅད་དང་མཐུན་པར་གྲཌ་པས་དེའི་ཡུལ་ལ་སྤྲིང་བ་ནོད་པ་དང༌། ཕར་སྐྱེལ་ཚུར་སྐྱེལ་སོགས་བྱེད་ན་ལྷག་མར་མི་འགྱུར་རམ་སྙམ་པ་བསལ་བའི་ཕྱིར། སྨད་འཚོང་ཞེས་ཏེ། ཆུ་ ཚིགས་ཀྱིས་བྱིན་པ། རིན་ཆེས་ཉོས་པ། བཙན་ཕྲོགསུ་ཐོབ་པ། དང་བསམ་དུ་འདུས་པ། གོས་ཟས་ཀྱིས་འཚོ་བ། ཁ་དུམ་པ། ཐང་འགའ་ཕྲད་པ་ཞེས་བྱ་བའི་ཆུང་མ་རྣམས་ལས། སྨད་འཚོང་ནི་ཐང་འགའ་ཕྲད་པ་སྟེ། ཡུན་ཐུང་བས་མཚན་མོ་གཅིག་ལ་སོགས་ པའི་མཐའ་ཡིན་པའི་ཕྱིར་སྔོན་དང་ཕྱིས་མི་མཐུན་པ་ཉིད་དུ་འགྱུར་བའི་ཕྱིར་རོ། །བཞི་པ་མན་ཆད་ནི་གསུམ་ཞུགས་པའོ། །བདག་པོ་མ་ཡིན་པ་ནི་བདག་པོར་ཁས་བླངས་པ་མེད་པ། བདག་པོ་དང་བཅས་པ་མེད་པའོ། །རིན་ཆེས་ཉོས་པ་ལ་སོགས་པའི་བདག་པོ་ ཡིན་ན་མ་ཞུགས་ཀྱང་མཐུན་པའོ། །ཞེས་ཟེར་རོ། །རྩུབ་མོ་སྨྲས་པ་དང༌། ཕྱིར་ཡང་རྩུབ་མོ་སྨྲས་པའོ། །ཕྱིར་ཡང་རྩུབ་མོ་སྨྲས་པའི་འཐབས་པ་ཉིད་ན། མཐུན་པ་ཉམསོ། །སུའི་ཞེ་ན། ཆུང་མ་ཐ་མ་བཞི་པོ་དང་སམ་དུ་འདུས་པ་སོགས་སོ། །མ་འཐབས་ ཀྱང་ཕྲ་མ་སོགས་ཀྱིས། མཛའ་གཅུགས་ཉམས་ནའང་དེ་བཞིན་ནོ། །དེས་ན་དེ་དག་གིས་བསྡུམས་འཐབས་པའི་མོད་ལ་སོགས་པར་བྱེད་ན་ལྷག་མའོ། །དེའི་དམིགས་ཀྱིས་བསལ་བ་ནི། རིན་ཆས་ཉོས་པ་ལ་སོགས་སྐྱེས་པ་ལ་རག་ལས་པ། ལམ་པོ་ཆེ་ 2-2-43a ལ་སོགས་པར་འདི་ཁོ་བོའི་ཆུང་མ་དང༌། ཁོ་བོ་ཡང་འདིའི་ཁྱིམ་ཐབ་མིན་ནོ་ཞེས་བསྒྲགས་པའི་ཚེ་ན། མཐུན་པ་ཉམས་ཀྱི། འཐབས་པ་ཙམ་གྱིས་ཉམས་པར་མ་ཟད་དོ། །དེ་བཞིན་དུ་དྲིལ་བསྒྲགས་པ་ཡང་ངོ༌། །སྲོག་དང་ལྡན་པ་ ཉིད་དག་བཞིན་ནོ། །ཞེས་པ་ནི། ཇི་ལྟར་སྤྲད་པར་བྱ་བ་བདུན་ལྟ་བུ་སྨྱན་བྱས་ན། སྤྲད་བྱ་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་ལྟུང་བར་འགྱུར་བ་བཞིན་དུ་ཆུ་ཚིགས་ཀྱིས་བྱིན་པ་ལྟ་བུ་གཅིག་འཐབ་ཚིག་བདུན་དང་ལྡན་པ་ན། འཐབ་ཚིགས་རེ་རེ་ལ་སྨྱན་བྱས་ན་ཡང༌། དེ་སྙེད་ཀྱི་ལྟུང་བ་འབྱུང་ངོ༌། །དང་པོ་ནི། འཐབ་མོའི་རྩོམ་པ་མ་རྫོགས་པ་སྟེ། དེ་ལྟར་འཐབ་པ་ནའོ། །གཉིས་པ་ནི། འཐབ་མོ་མཐར་ཕྱིན་པ་ནའོ། །གསུམ་པ་ནི། དུམ་པ་ཞེས་བྱ་བ་ནི། ཤིང་གི་རྣམ་པ་ཡོད་དོ། །དེ་གཉིས་ཀྱིས་དེ་སྐད་དུ་གཅོད་ཅིང༌། ཇི་ལྟར་ཤིང་དུམ་འདི་གཉིས་ཕན་ཚུན་སྦྱོར་བ་མེད་པ་དེ་བཞིན་དུ་ཡུ་བུ་ཅག་གཉིས་ཀྱང་དེ་བཞིན་ནོ་ཞེས་ཟེར་བའོ། །ཁ་ཅིག །རྩ་བའི་རིགས་ཏི་ལིནྟི་ལ་ཀ་ཞེས་བྱ་བ་དུམ་བུར་བཅད་ནས་ཞེས་ཟེར་རོ། །བཞི་པ་ནི། རྡེའུ་གསུམ་ཕྱོགས་དང༌། མཚམསུ་འཕངས་ ན་སྔར་ལྟར་རོ། །གཞན་དག་རྡེའུ་མང་པོའི་བསྣུན་པ་ཉིད་ཀྱིས་བརྟགས་པའོ། །ཞེས་ཟེར་རོ། །ལྔ་པ་ནི་ཁྱིམ་གྱི་ལས་སམ། ཁྱིམ་ཐབས་ཀྱི་རྐང་པ་བཀྲུ་བ་སོགས་འཕྲལ་གྱི་བྱ་བ་བཏང་བའོ། །དྲུག་པ་ནི་སྔར་ལྟར་རོ། །བདུན་པ་ནི་བདག་པོ་བཏང་བའི་ཕྱིར། ལྷ་ ཁང་ལ་སོགས་པར་དྲིལ་བསྒྲགས་པའོ། །འདི་ཆུང་མ་དམ་པ་གསུམ་གྱི་དབང་དུ་བྱས་པ་སྟེ། དེ་ལ་འཐབ་ཚིག་དང་པོ་གསུམ་དུ་བསྡུམས་བྱེད་ཅིང༌། མཐུན་པར་གྱུར་ན་ཉེས་བྱས་གསུམ་དང༌། དེ་ནས་གཉིས་ལ་སྦོམ་པོ་གཉིས་དང་དེ་ནས་གཉིས་ལ་སྦོམ་ 2-2-43b པོ་གཉིས་དང་ལྷག་མ་གཉིས་སོ། །འདིར་འཐབ་ཚིག་བདུན་བྱས་པའི་བསྡུམས་བྱེད་ཅིང༌། མཐུན་པར་གྱུར་ན་ཉེས་བྱས་གསུམ་དང༌། སྦོམ་པོ་བཞི་དང༌། ལྷག་མ་གཉིས་སུ་འགྱུར་བར་གསུངས་པ་ལ། ཁ་ཅིག །ཆུ་ཚིགས་ཀྱིས་བྱིན་པ་ལྟ་བུ་གཅིག་གིས་འཐབ་ ཚིག་བདུན་བྱས་པ་ལ། འཕྲིན་གསུམ་ལན་ཅིག་བྱས་ནས་ཕྲད་པ་ལ་ལྟུང་བ་བདུན་དུ་འགྱུར་ཏེ། འཐབ་ཚིག་ཐ་དད་པའི་ཕྱིར་རོ། །ཞེས་སྨྲ་བ་ལ། གཞན་དག་ན་རེ། དེ་མ་ཡིན་ཏེ། ལུང་དང་འགལ་བ་ནི་འཐབ་ཚིག་བདུན་ལ་ལྟུང་བ་བདུན་དུ་གསུངས་པ་ནི། སྨྱན་ ལན་བདུན་བྱས་པ་ཡིན་ཞེས་སོགས་ཀྱིས་འགྲེལ་པ་ལུང་གི་རྣམ་འབྱེད་ལས་གསུངས་པ་དང༌། རིགས་པ་ཡང་འཐབ་ཚིག་བདུན་གྱིས་མཐུན་པ་ཐོབ་པ་ལས་ཉམས་ནས་མི་མཐུན་པར་གནས་པ་དང༌། མཐུན་པ་མ་ཐོབ་ནས་མི་མཐུན་པར་གནས་པ་གཉིས་མི་མཐུན་པར་ གནས་པའི་ངོ་བོ་ལ་ཁྱད་པར་མེད་པས་ཕྱི་མ་ལ་འཕྲིན་གསུམ་གྱིས་ཕྲད་པ་ལ་ལྟུང་བ་གཅིག་དང༌། སྔ་མ་ལ་བདུན་དུ་འགྱུར་བ་མི་རིགས་སོ། །སྒྲུབ་བྱེད་དུ་མི་འགྲོ་བ་ནི། འཐབ་ཚིག་ཐ་དད་ཀྱང་ལྟུང་བ་ཐ་མི་དད་པ་མི་འགལ་བའི་ཕྱིར། ནོམ་ཉུག་ཐ་དད་ཀྱང་སྦོམ་ པོ་གཅིག་ཏུ་འགྱུར་བ་བཞིན་ནོ། །གཞུང་ལས་གསུངས་པ་ནི། འཐབ་ཚིགས་རེ་རེ་སྦྱོར་བ་རེ་རེ་བྱས་པ་ལ་དགོངས་ཏེ། དེ་ལྟར་ཡང་ལུང་འགྲེལ་ལས་སོ། །དོགས་པ་ནི། སྤྲད་བྱ་སྐྱེས་པ་དང༌། བུད་མེད་གཅིག་ལས་མེད་པས་ལྟུང་བ་གཅིག་ཏུ་ཟད་དམ་ སྙམ་པ་བསལ་བའི་ཕྱིར་ཞེས་ཟེར་རོ། །འགྲེལ་པའི་དགོངས་པ་ནི། འཐབ་ཚིག་བདུན་བྱས་པའི་བསྡུམས་བྱེད་ཅིང༌། མཐུན་པར་གྱུར་ན་ལྟུང་བ་བདུན་འབྱུང་བའི་ལུང་དྲངས་ནས། དེའི་དོན་བཀྲལ་བ་ནི། དེ་ལྟར་ན་འདིར་ཆུང་མ་དང་པོ་གསུམ་པོ་དག་གི་ཡུལ་ལ་ 2-2-44a ཚིགས་བདུན་ཡོད་པ་ལས་ཚིགས་གསུམ་ནི་ཉེས་བྱས་བྱེད་པ་ཡིན། ཚིགས་གཉིས་ནི་སྦོམ་པོ་བྱེད་པ་ཡིན། ཚིགས་དྲུག་པ་དང་བདུན་པ་ཞེས་བྱ་བ་གཉིས་ནི་དགེ་འདུན་ལྷག་མ་བྱེད་པ་ཡིན་ནོ། །ཞེས་ཚིག་རེ་རེ་ལ་སྨྱན་བྱེད་ཐེབས་ རེ་རེ་ལ་ལྟུང་བ་ཅིར་འགྱུར་བསྟན་ཅིང༌། དེ་ཡང་སྔ་མ་སྔ་མའི་སྟེང་དུ་ཕྱི་མ་ཕྱི་མའི་འཐབ་ཚིག་བསྣན་པར་སྟེ། དང་པོ་གཉིས་ནི་རིམ་པ་ངེས་ལ་ཕྱི་མ་རྣམས་ནི་མ་ངེས་ཏེ། དང་པོ་ནས་དེ་དག་རེ་རེ་བཞིན་བྱས་པས་ཆོག་གོ། །དེའི་ཕྱིར་ལྔ་ངེས་ཅན་དང༌། གཉིས་མ་ངེས་པར་འདོད་པ་དོན་མ་ཡིན་ནོ། །བདུན་པོ་དེས་ཉམས་པར་བྱེད་ཚུལ་ནི། སྔ་མ་གསུམ་གྱིས་ཡིད་དུ་འོང་བ་དང༌། དེ་ནས་གཉིས་ཀྱིས་བྱ་བ་གཅིག་པ་དང༌། དེ་ནས་གཉིས་ཀྱིས་ཕྲད་པ་ལ་ཕྱོགས་པའི་གཅུགས་པ་ལས་ཉམས་པར་རྣམ་འབྱེད་ འགྲེལ་པ་ལས་བཤད་ཟེར་རོ། །ཅིའི་ཕྱིར་ཁྱེའུ་འདི་མི་སྤྲད། ཁྱིམ་མི་དབུ་བ། བུ་མོ་འདི་མི་སྤྲད། གནས་མི་བཙལ། ཅིའི་ཕྱིར་ཁྱེའུ་འདི་གྱོས་པོའི་གན་དུ་མི་འགྲོ། བག་མ་མི་ལེན། བུ་མོ་འདི་གྱོས་པོའི་གན་དུ་མི་བཀྲི་བག་མར་མི་བཏང༌། ཞེས་ ཟེར་བ་ནི་ཉེས་བྱས་སུ་ཞུ་བའི་སྐབས་ནས་འབྱུང་བ་ལ། མེད་པ་ནི་ད་དུང་མངལ་དུ་ཡང་མ་ཆགས་པའོ། །ངེས་པ་ནི་དགེ་སློང་མ་སོགས་བརྟུལ་ཞུགས་ལ་གནས་པ་ཐམས་ཅད་དོ། །མི་བསྟེན་པ་ནི་ཟ་མ་དང་མ་ནིང་ཕོ་མོ་དབང་པོ་མེད་པའོ། །ཉོས་པ་ནི་ རིན་གྱིས་ཐོབ་པའོ། །མཐུན་པ་གསུམ་ལས་ལྷག་པར་ཞུགས་པ་ལྟ་བུ་གཅུགས་པར་གྱུར་པའོ། །གང་གི་སྨྱན་བྱེད་པ་ལ་ཕར་བསྐྱལ་བ་ཙམ་ཡོད་ཀྱི། ནོད་པ་དང༌། ཚུར་བསྐྱལ་བ་མེད་དོ། །ཁས་བླངས་པ་མཐུན་པར་གྱུར་པ་དང་སྤྲད་པའི་ཕྱིར་དེ་ག་གེ་ 2-2-44b མོ་ཞིག་ན་འདུག་གོ་ཞེས་སྐད་སྦྱར་བ་སྟོན་ན་སྦོམ་པོའོ། །ཁྱོད་ཀྱིས་འཐབ་ཀྲོལ་གྱིས་ཤིག་དང༌། ཁོ་བོས་དེ་དབྲོག་པར་བྱའོ། །ཞེས་དེ་སྐད་ཟེར་བའི་སྤྲིང་བ་དགེ་སློང་གིས་མནོས་ཏེ། འཐབ་ཀྲོལ་གྱིས་འཕྲོག་ཏུ་འཇུག་ནའོ། །རྙེད་མོད་ཀྱི་གཞུང་ནི། བཙུན་པ་རེ་ཞིག་ སྐྱེས་པས་བུད་མེད་དང་ལྷན་ཅིག་བརྡ་བགྱིས་པ་ན་དགེ་སློང་དེར་མཆིས་ནས་འདི་སྐད་ཅེས་རྙེད་མོད་ཅེས། མཆིས་ན་ལྟུང་བ་ཅིར་འགྱུར། ཉེས་པ་སྦོམ་པོར་རོ། །ཞེས་སྦོམ་པོར་སྟོན་མོད་ཀྱི། ལུང་གི་ཡི་གེ་ནོར་བ་འདྲ་བས་ཉེས་བྱས་སུ་རིགས་པར་སྣང་ནས། སློབ་ དཔོན་གྱིས་ཉེས་བྱས་སོ། །ཞེས་མདོར་བྱས་སོ། །འདུལ་བྱེད་ནས་འབྱུང་བ་ནི། ཆོས་ཀྱི་ཕུང་པོ་ལས་གཞན་པའི་དོན་དང་ལྡན་འདི་ནི་ཁྱོད་ཀྱི་ཁྱིམ་མོ། །འདི་ནི་ཁྱོད་ཀྱི་མི་སྟེ། ཞེས་བྱ་བ་ལ་སོགས་པ་རྒྱུར་བྱས་ནས་བོས་ཏེ། ཕྲད་ན་སྦོམ་པོའོ། །ཕྱི་ལོངས་སྤྱོད་ལ་ ཆགས་པ་ཁང་པ་ཁང་ཆེན་གྱི་ལྷག་མ་ལ་གཉིས་ལས། རྣམ་འབྱེད་ལས་འབྱུང་བ་ལ་གཉིས་ཀྱི། ཐུན་མོང་བ་ཁང་པ་ལ་མཚོན་པ་ལ། ཉེས་པ་མེད་པའི་གཞིའི་ཚད་ཀྱི་སྐབས་ཀྱི་དོན་ལ་སྦྱར་ན་ནི་འགྲེང་བ་དང༌། འདུག་པ་དང༌། ཉལ་བ་དང༌། འཆག་པའི་སྤྱོད་ལམ་ བཞིའི་སྣོད་མ་ཡིན་པ་ལ་འདི་གཉིསུ་གཏོགས་པའི་ཉེས་པ་གཏན་མེད་དོ། །འདི་གཉིས་ནི་གནས་ཀྱི་ངོ་བོ་ཉིད་དུ་གྲུབ་པའི་ལྟུང་བ་ཡིན་ལ། དེ་ལ་གནས་ཀྱི་ཐ་སྙད་མེད་པའི་ཕྱིར་རོ། །སྤྱོད་ལམ་བཞིའི་སྣོད་ནི། ལུས་མ་བཏུད་པར་འགྲེང་བ་དང༌། རྒྱར་སྐྱིལ་མོ་ཀྲུང་ བཅས་ཏེ་འདུག་པ་དང༌། རྐང་པ་བརྐྱང་བ་ལ་སོགས་པས་ཉལ་བ་དང༌། གོམ་པ་ཐ་མལ་པ་གསུམ་འདོར་བའི་འཆག་པ་བྱར་རུང་བ་སྟེ། དེ་དག་མི་རུང་བ་ནི་སྣོད་མིན་པའོ། །ཞར་ལ་གནས་ལ་བརྟེན་པའི་ལྟུང་བ་རྣམས་སྤྱིར་བསྟན་ལ་དབབ་པ་ནི་གནས་ཀྱི་ཁྱད་བ་ 2-2-45a ནི་ཁང་པ། ཁང་ཆེན། སྐྲོད་པ། ཕྱིས་གནོན་རྩ་བ་འབྱུང་བ་ལ་འདུག་པ། མ་རྫོགས་པ། བུད་མེད་དང་ཉལ་བ། འདུག་གནས་སུ་ཟ་བ། རིམ་པ་ལྷག་པར་བརྩིག་པ། བསྙིལ་བ་དང་ཉལ་བ། དུས་མ་ཡིན་པར་གྲོང་དུ་འགྲོ་བ། གྲོང་རྒྱུ་བ། རྒྱལ་པོའི་ཕོ་བྲང་དུ་འགྲོ་བ། ཟས་ལེན་པ་སྟེ་བཅུ་གསུམ་མམ། བཅུ་བཞིར་བྱེད་དེ། སྤངས་པ་རྗེས་ཕྱོགས་ཀྱང་སྣོན་དགོས་པ་འདྲའོ། །ངོ་བོ་ནི་སྤྱོད་ལམ་བཞི་ཤོང་ཞིང༌། ཕལ་ཆེར་གཡོགས་པ་དང་བསྐོར་བའོ། །སེལ་བ་ནི་མི་ཤོང་བའོ། །ཅིར་འགྱུར་ ནི། ཁང་པ་ཁང་ཆེན་གཉིས་རིམ་ལྷག་དང་གསུམ་ལ་ལྟུང་བ་གཏན་མེད་ལ། གཞན་ལ་ན་སྨད་དུའོ། །སྤྱོད་ལམ་བཞི་ཤོང་ན་ནི། ཁང་པ་མ་གཏོགས་པ་རྣམས་ལ་དངོས་གཞི་རྫོགས་པར་འགྱུར་རོ། །མི་ཤོང་ན་ན་སྨད་དུ་འགྱུར་བ་ནི། ཊཱི་ཀྐ་ལས། ནུབ་ ལྷག་དང༌། བུད་མེད་དང་ཉལ་བའི་སྐབས་སུ། རྩིག་དྲུང་ལ་སོགས་པར་ཉེས་བྱས་སུ་གསུངས་ཤིང༌། འགྲེལ་ཆུང་ལས་ཀྱང༌། དབྱེ་ལ་འདོམ་གང་གི་ཉེ་བར་ཉལ་བ་ལ་ཉེས་བྱས་སུ་འབྱུང་བའི་ཕྱིར་རོ། །གནས་ཡངས་པར་ཆགས་པ་སོཌ་ཀྱི་དགག་ བྱ་ཆེ་བ་ལ་ལྟུང་བ་ན་སྨད། གནས་ཡངས་པར་དེ་ལས་བཟློག་པ་ལ་དངོས་གཞིར་འགྱུར་བ་མི་རིགསོ་སྙམ་ན། དོག་པར་འབྱུང་རིང་ཞིང༌། ཡངས་པར་འབྱུང་ཉེ་བས། དགག་བྱ་གནས་སྐབས་ཀྱི་སྒོ་ནས་རྫོགས་མ་རྫོགས་ཁྱད་པར་ཡོད་དེ་དགེ་སློང་མ་ལ་ ཡང་ཡང་ཟ་བ་བཞིན་ནོ། །ཞེས་ཟེར་རོ། །ཞར་ལ་ནུབ་ལྷག་གི་གནས་ཀྱི་ཚད་བསྟན་པ་ནི། དངོས་གཞིའི་ཚད་དང༌། ཉེས་མེད་ཀྱི་ཚད་དོ། །དང་པོ་ནི། འདོམ་གང་གི་ནང་དགོས་པར་ཐམས་ཅད་མཐུན་ཟེར་རོ། །གཉིས་པ་ལ་ཉེན་ཀོར་དང་བཅས་པ་ནས་གནས་ཁང་ 2-2-45b ཙམ་གྱི་ཕ་རོལ་ན་ཞེས་གསུངས་པ་ལ་མི་མཐུན་པ་དུ་མ་སྟེ། འདི་ལྟར་ཁྲུ་ཕྱེད་དང་བཅོ་ལྔ་དང༌། བཅུ་བཞི་དང༌། ཕྱེད་དང་དགུས་བར་དུ་ཆོད་པར་འདོད་དོ། །དེ་ལ་གནས་ཁང་དང་ཉེན་ཀོར་གཉིས་གསུངས་པའི་ཉེན་ཀོར་ལ་ཁྲུ་བཞི་བྱེད་པ་ལ་ཐམས་ཅད་ མཐུན་ནོ། །འོན་ཀྱང་དང་པོས་ནི། མ་རྫོགས་པ་ཁོ་ནས་ཀྱང་ཉེན་ཀོར་འཆག་པ་ལ་སོགས་པ་མེད་པས་ཁྲུ་བཞི་ཡོད་པ་དེ་རྩི་དགོས་པས་གཉིས་ཀའི་ཉེན་ཀོར་ལ་ཁྲུ་བརྒྱད་དོ། །འགྲེང་བ་དང༌། འདུག་པ་ནི་གནས་ཀྱི་དཔངས་དང༌། ཞེང་ཡིན་པས་དེའི་ ཚད་མི་རྩི་བ་ཡང་ཐམས་ཅད་མཐུན་ནོ། །དེས་ན་གནས་ཁང་ལ་ཉལ་བའི་སྤྱོད་ལམ་ལ་རྐང་པ་བརྐྱང་བ་ལ་སོགས་པའི། སོགས་ཀྱིས་ལག་པ་བརྐྱངས་བ་སྡུད་དགོས་པ་ཡོད་ལ་ཁྲུ་ཕྱེད་ཡོད་པས་ཕྱེད་དང་ལྔའོ། །རྩིག་པ་མེད་པའི་གནས་ཁང་མི་སྲིད་ པས་ཕན་ཚུན་གྱི་རྩིག་ཞེང་ལ་ཁྲུ་རེ་ཡོད་པས། ཕྱེད་དང་བཅོ་ལྔ་ཞེས་རྒྱ་གསུང་ངོ་། །གཉིས་པས་ནི་མ་རྫོགས་པ་དངོས་ཀྱི་ཉེན་ཀོར་མི་བརྩི་བ་མ་གཏོགས་པ་གནས་ཁང་དང་ཉེན་ཀོར་དང༌། རྩིག་ཞེང་སྔར་ལྟར་ཡིན་ལ། འཆག་པ་མི་བརྩི་ན་ལོགས་སུ་སྨོས་པ་ དོན་མེད་དུ་འགྱུར་བས་དེ་ལ་ཁྲུ་ཕྱེད་དང་བཞི་ཡོད་པས་བཅུ་བཞིའོ། །ཞེས་སོགས་གསུངས་སོ། །གསུམ་པས་ནི་ཉེན་ཀོར་དང༌། གནས་ཁང་བཅུ་བཞི་དང་འདྲ་ལ། ཉལ་འཆག་གཉིས་གདམ་ང་ཅན་ཡིན་ཞིང༌། རྩིག་པ་ནི་མ་ངེས་པས་མི་བརྩི་ཞེས་རྨ་ཚོ་ གསུང་ངོ་། །དེ་དག་ཁ་ཅིག་ན་རེ། ཉེན་ཀོར་བསྙེན་པར་རྫོགས་པ་ངོས་ནས་གསུངས་ཀྱི། མ་རྫོགས་པ་ནས་མ་གསུངས་པ་དང༌། དེ་ལ་དངོས་པོ་ལ་ཉེན་ཀོར་ཡོད་ཀྱང་མི་གསུངས་པ་མི་འགལ་ཏེ། འབྲལ་བ་ལ་ཉེན་ཀོར་ཡོད་ཀྱང༌། ལས་ལ་ནི་རྩིག་པ་ 2-2-46a མཚམས་ཡིན་ནོ། །ཞེས་མ་གསུངས་པ་བཞིན་ནོ། །དེ་ལ་ཚ་རོང་པ་འཆག་པའི་སྤྱོད་ལམ་གསུངས་པ་དོན་མེད་དུ་འགྱུར་ཏེ། ཉལ་བ་ལ་སོགས་ཐག་ལོགསུ་མི་འཇལ་བའི་ཕྱིར་ཞེས་སུན་འབྱིན་པ་མི་རིགས་ཏེ། དེ་གཉིས་འགྲེལ་ ཆུང་ལས། ཁང་བུའི་མཆུར་ཉལ་བ་དང༌། འཕྲེས་པ་ཤོང་བའམ། འགྲོ། གོམ་པ་ཐ་མལ་པ་གསུམ་ཤོང་བ། ཞེས་གདམ་ང་ཅན་དུ་གསུངས་པས་སོ། །དེ་ལ་ཁ་ཅིག་དེ་གཉིས་ཐག་མཉམ་དེ་ལྟར་རིགས་ཀྱང་མཉམ་པས་མི་འཐད་པར་སྨྲ་བའི་མི་མཉམ་པ་ རྟགས་སུ་བྱེད་ན་མ་གྲུབ་ལ། །དམ་བཅར་བྱེད་ན་མངོན་སུམ་གྱིས་བསལ་ལོ། །གཅིག་བཞི་པ་ཡང་མི་རིགས་ཏེ། འགྲེལ་ཆུང་དང་འགལ་བས་སོ། །རིགས་པ་ཡང་འགྲེང་འདུག་ཉལ་བའི་ས་ནས་རྩི་ལ། འཆག་པ་མི་རྩི་བར་རིགས་ཏེ། རྒྱུ་མཚན་ མཚུངས་པའི་ཕྱིར་རོ། །ཕྱེད་དང་དགུ་པ་ཡང་མི་འཐད་དེ། རྩིག་ཞེང་ཡོད་པས་མི་བརྩི་བ་མི་རིགས་ཏེ། གནས་ཁང་དང་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །དེས་ན་རང་གི་ལུགས་ནི། དངོས་གཞི་འདོམ་གང་གི་ནང་ཡིན་ཏེ། འགྲེལ་ཆུང་དང་སོ་ ཐར་འགྲེལ་པ་ཁ་ཅིག་ལས་དབྱེ་ལ་འདོམ་གང་གིས་ཉེ་བར་ཉལ་བ་ཉེས་བྱས་སོ། །ཞེས་དངོས་གཞི་བསྐྱེད་པའི་གནསུ་ན་སྨད་གསུངས་པས་སོ། །ཉེས་མེད་ཀྱི་ཚད་ནི་ཁྲུ་ཕྱེད་བཅུ་གཅིག་སྟེ། ཕྱེད་དང་དགུའི་སྟེང་དུ་རྩིག་ཞེང་བསྣན་པ་ཡིན་ ཟེར་རོ། །ཁང་པ་ཁང་ཆེན་གྱི་མིང་གི་སྒོ་ནས་ཁྱད་པར་ངོས་གཟུང་བ་ནི། ཁ་ཅིག་གཅིག་དོན་དང༌། ཚོགས་དོན་དུ་བྱས་པའི་གནས་ལ་ཁང་པ་དང་ཁང་ཆེན་ཟེར་རོ། །དེ་ལ་གཞན་དག་ན་རེ། རྣམ་འབྱེད་ལས། ཁང་ཆེན་ཞེས་བྱ་བ་ནི། སྦྱིན་ 2-2-46b པར་བྱ་བའི་ཆོས་ཀྱི་ཆེ་བ་ཡིན་གྱི། ཚད་ཀྱི་ཆེ་བ་ནི་མ་ཡིན་ནོ། །ཞེས་གསུངས་པས་ཆེད་དུ་བྱ་བས་ཆེ་བ་ལ་གསུངས་པ་དང་འགལ་ལོ། །རིགས་པ་ཡང་དཀོན་མཆོག་གི་དོན་དུ་ནི་བྱེད་ལ། བདག་པོ་ཚོགསུ་ནི་མ་ལོངས་པ་སྟེ། ཁང་ཆེན་མ་ཡིན་པར་ འགྱུར་ཏེ། ཚོགས་དོན་མེད་པའི་ཕྱིར་རོ། །གཞན་ཡང་དུ་མའི་དོན་དུ་བྱེད་པ་དེ་ཁང་པ་ཁང་ཆེན་གང་དུ་ཡང་མ་འདུས་པར་འགྱུར་ཏེ། གཉིས་ཀའི་མཚན་ཉིད་དུ་འདོད་ཚོད་དེ་ལ་མེད་པའི་ཕྱིར་རོ། །འདི་ཉིད་ལས་ཚོགས་དང༌། གཅིག་གི་དོན་དུ་གསུངས་ པ་ལྟུང་བའི་ཡན་ལག་ཡིན་གྱི། གནས་གཉིས་ཀྱི་ཁྱད་པར་བསྣན་པ་མ་ཡིན་ནོ། །གལ་ཏེ་དེ་ཉིད་ཀྱི་ཁྱད་པར་དུ་འགྱུར་རོ་ཞེ་ན། དེ་ཁོ་ནའམ། མཚན་ཉིད་གཞན་ཡང་ཡོད། ཕྱི་མ་ལྟར་མཚན་ཉིད་དུ་མར་འགྱུར་རོ། །དེ་ལྟར་བཙལ་དགོས་མི་དགོས་ ལ་སོགས་པའི་ཁྱད་པར་དུ་མས་ཀྱང་དེ་གཉིས་མཚོན་པར་འགྱུར་རོ། །གལ་ཏེ་གཉིས་དོན་དུ་བྱེད་པ་སྟེ་ཁང་པ་དང༌། གསུམ་དོན་དུ་བྱེད་པ་དེ་ཁང་ཆེན་དུ་གཏོགས་པར་འགྱུར་ཏེ། ཤས་ཆེ་བས་མཚན་ཉིད་རབ་ཏུ་དབྱེ་བ་ཡིན་པའི་ཕྱིར་རོ་ཞེ་ན། དེ་དག་མཚན་ ཉིད་དང་ལྡན་ནམ། མི་ལྡན་ཡང་སྡུད་དང་པོ་ལྟར་ན་ཁས་བླངས་པ་དང་འགལ་ལ། ཕྱི་མ་ལྟར་ན་ཁང་པ་ཡང་ཁང་ཆེན་དུ་སྡུད་པར་ཧ་ཅང་ཐལ་ལོ། །ཡང་ཁ་ཅིག་ན་རེ། དཀོན་མཆོག་རྣམ་གཉིས་ཀྱི་དོན་དུ་བྱེད་ན་ཁང་ཆེན་དང༌། དགེ་འདུན་གྱི་དོན་དུ་ བྱེད་པ་ཁང་པ་ཡིན་ཏེ། ཞུ་བ་མང་ཤོས་ནས། གཙུག་ལག་ཁང་ཆེན་པོ་ནས་གཞན་དགེ་འདུན་དཀོན་མཆོག་གི་དོན་དུ་བྱེད་པ་ཞེས། དགེ་འདུན་གྱི་ཕྱིར་བྱེད་པ་ལ་གཙུག་ལག་ཁང་ཆེན་པོ་མ་ཡིན་པར་བཤད་པའི་ཕྱིར་རོ། །ཞེས་ཟེར་བ་ལ་གཞན་དག་ན་རེ། 2-2-47a དགེ་འདུན་གྱི་ཆེད་དུ་བྱེད་པ་དེ། སྦྱིན་པར་བྱ་བའི་ཆོས་ཀྱིས་ཆེ་བར་བཤད་པ་དེ་ཡིན་ཏེ། དཀོན་མཆོག་གསུམ་དོད་ཐུབ་ཏུ་གསུངས་པའི་ཕྱིར་རོ། །རིགས་པ་ཡང༌། དགེ་འདུན་གྱི་ཕྱིར་ཡིན་ལ། དགེ་འདུན་ལ་སོ་སོའི་གྲངས་ མ་གསུངས་པས་བརྒྱ་སྟོང་ལ་སོགས་པ་ཡང་སྲིད་པས་དགེ་འདུན་གྱི་དོན་དུ་ཁྲུ་བཅོ་བརྒྱད་ལས་ལྷག་པ་ཡང་མ་གནང་བར་འགྱུར་ཏེ། །གཞན་ཡང༌། དགེ་འདུན་ལ་འདོད་པ་ཆེས་པའི་དགག་བྱ་ཡང་ཡོད་པར་འགྱུར་ཏེ། ཁང་པའི་དགག་བྱ་ དེ་ཡིན་པས་སོ། །འོ་ན་གང་ཞེ་ན། དཀོན་མཆོག་གསུམ་གང་རུང་གི་དོན་དུ་བྱེད་པ་ནི་ཁང་ཆེན་ཡིན་ལ། དེ་ལས་གཞན་པའི་དོན་དུ་བྱེད་པ་ནི་ཁང་པའོ། །འོ་ན་གནས་གཅིག་གི་ངོ་བོ་གཅིག་ལ་ཆ་གཅིག་དཀོན་མཆོག་གི་དོན་དུ་བྱེད་ཅིང༌། ཆ་གཅིག་གཞན་གྱི་དོན་དུ་བྱེད་ན་གང་དུ་གཏོགས་སྙམ་ན། གཉིས་ཀར་གཏོགས་པའི་ན་སྨད་པར་འགྱུར་ཞིང༌། དངོས་གཞིར་མི་འགྱུར་ཏེ། གཅིག་དོན་དང༌། ཚོགས་དོན་ངེས་གཟུང་དུ་དགོས་པས་ཡན་ལག་འགལ་བའི་ཕྱིར་རོ། །ཞེས་ ཟེར་ཏེ་དཔྱད་པར་བྱའོ། །འདིར་ཊཱི་ཀྐ་ལས། འདིར་ཁང་པ་དང༌། གཙུག་ལག་ཁང་གི་དགེ་འདུན་ལྷག་མ་གཉིས་ཀྱི་ཡན་ལག་ནི་འདི་དག་ཡིན་ཏེ་ཞེས། མཐར་ལྷག་མ་ལ་སྔ་རོལ་དུ་སྦོམ་པོར་འགྱུར་བའི་མུ་གཅིག་དང༌། མཐར་སྦོམ་པོ་ལ་སྔ་ རོལ་ཏུ་ཉེས་བྱས་སུ་འགྱུར་བའི་མུ་གསུམ་དང༌། ཉེས་བྱས་ལ་སྔ་རོལ་ཏུ་ཡང་ཉེས་བྱས་སུ་འགྱུར་བའི་མུ་གཉིས་ཏེ་དྲུག་གསུངས་སོ། །དང་པོ་ནི། ས་གཞི་དང༌། ཤིང་སོ་ཕག །མི་གླས། གླ་རྔན་ལ་སོགས་པའི་སྤྱོད་གཞན་ལ་རྩ་བ་དང༌། རུང་བ། 2-2-47b རྩོད་མེད་རྩམ་རུང༌། བསྟན་པའི་ཡན་ལག་བཞི། མི་བསྒྲུབ་པ་དང༌། ཚད་ལས་ལྷག་པར་བྱེད་པའོ། །འདི་ཐུན་མོང་དུ་འགྱུར་ཚུལ་ནི། ཁང་ཆེན་ལ་བཙལ་བ་དང༌། ཚད་ལྷག་ཡན་ལག་མ་ཡིན་ཀྱང༌། དེ་གཉིས་འགྱུར་བ་ལ་ལྷག་མར་འགྱུར་ བ་ཡོད་དེ། འདི་ལྟར་མ་དག་པ་དང༌། མ་བསྟན་པའི་གཞི། ཚད་ལས་ལྷག་པ་དང༌། བཙལ་བ་ཡོད་དེ། དོན་དུ་བྱེད་ན་ཁང་ཆེན་དང༌། གཅིག་དོན་དུ་བྱེད་ན་ཁང་པའི་ལྷག་མར་འགྱུར་བའི་ཕྱིར་རོ། །དེ་ཡང་ཚད་ལས་མ་ལྷག་པར་དུ་གནས་སུ་མ་ གྲུབ་པའི་དབང་དུ་བྱས་པའོ། །གཉིས་པ་ནི། བཙལ་བ་དང༌། ཚད་ལྷག་ཡོད་པ་དང༌། ཡན་ལག་བཞི་པོ་ཁ་ཅིག་སྒྲུབ། ཁ་ཅིག་མི་སྒྲུབ་པའོ། །དེ་ཡང་གཞི་དག་ནས་གནང་བ་མ་གསོལ་བའམ། གཞི་མ་དག་པའི་གཅིག་གམ། གཉིས་མ་ཚང་བ་ལྟ་བུའོ། ། འདི་གཅིག་དོན་དུ་བྱས་ན་ཁང་པའི་སྦོམ་པོ་དང༌། ཚོགས་དོན་དུ་བྱས་ན་ཁང་ཆེན་གྱི་སྦོམ་པོའོ། །འདིས་ཁང་པ་ཁང་ཆེན་གྱི་ལྷག་མ་སྐྱེད་པ་ཇི་བཞིན་པར་གཟུང་ན་གཅིག་ཏུ་མི་འགྱུར་ཞེས་མི་བྱ་སྟེ། འདི་གཉིས་མ་བསྐོས་པ་ཙམ་དུ་འདྲ་ཡང་དོན་མི་འདྲ་ སྟེ། འདིར་ནི་རང་དབང་བའི་གཞིར། གཞན་གྱིས་མ་བསྐོས་པར་རང་དབང་དུ་རྩིག་པ་ཡིན་ལ། འོག་མ་ནི་རང་ཡང་མི་དབང་ལ་བདག་པོས་མ་གནང་ཞིང་གཞན་གྱིས་མ་བསྐུལ་པར། རང་ཉིད་ཀྱིས་བདག་པོའི་དོན་དུ་རྩིག་པ་ཡིན་ནོ། །དེས་ན་ དེ་ལ་ན་སྨད་དུ་འགྱུར་ཞིང༌། འདི་ལ་དངོས་གཞིར་འགྱུར་བ་མི་འགལ་ལོ། །འོ་ན་གཙོ་བོ་མ་ཡིན་པ་ཅི་ཞེ་ན། གཞན་གྱིས་མ་བཅོལ་བར་རང་དགར་བྱེད་པ་ཡན་ལག་མིན་ཏེ། བསྐོས་པ་ལ་ལྷག་མ་སྐྱེས་པས་སོ། །གཞན་གྱིས་བཅོལ་བ་ཡན་ལག་ 2-2-48a མིན་ཏེ། རང་དགར་བྱེད་པ་ལ་ཡང་སྐྱེས་པས་སོ། །ཞེས་པའི་དོན་ཏེ་དོགས་གཅོད་གཙོ་བོ་ནི་སྔ་མའོ། །འོ་ན་བསྐོ་བ་པོའི་ལྟུང་བ་རྣམ་པར་བཞག་པ་ཡང་འདིས་བསྟན་པས་མདོ་འོག་མ་དོན་མེད་པར་འགྱུར་རོ། །ཞེ་ན། མི་ འགྱུར་རོ། འདིས་རང་དབང་དུ་རྩིག་པ་ལ་ལྟུང་བར་འགྱུར་ཞེས་བསྟན་གྱི། རང་གིས་མི་རྩིག་པར། བསྐོས་ནས་རྩིག་ཏུ་འཇུག་ན་རང་གིས་བརྩིགས་པ་དང་ལྟུང་བ་འདྲའོ། །ཞེས་མ་བསྟན་པའི་ཕྱིར་རོ། །མ་བསྐོས་པར་ཞེས་པའི་ཊཱི་ཀྐར་ཡང༌། གཞི་དེ་ གང་དབང་བ་དེ་ཉིད་ཀྱི་ཕྱིར་གཙུག་ལག་ཁང་བརྩིག་ཏུ་འཇུག་པའི་ཕྱིར་རོ། །ཞེས་གསུངས་པས་ཀྱང༌། དེ་ཁང་པ་ཁོ་ན་ལ་སྦྱོར་བ་མི་རིགསོ། །བོད་ཀྱི་འདུལ་བ་འཛིན་པ་སྔ་མ་རྣམས་ཀྱིས་འདིར་དངོས་གཞིར་འགྱུར་བའི་མ་བསྐོས་པ་དང༌། ཞུས་པའི་མ་ བསྐོས་པ་སྒྲ་ཇི་བཞིན་པའི་ཕྱིར་བྱས་ན་གཉིས་གཅིག་ཏུ་འགྱུར་བས་ན། འོག་མ་སྒྲ་ཇི་བཞིན་པ་མ་ཡིན་པར་གཞི་མ་བཙལ་བ་ལ་སྦྱར་ཏེ། ཁང་པ་ཁོ་ནས་སྦྱར་བ་ཡང་དོན་མེད་པར་གཏོགས་ཏེ། ད་དུང་ཡང་འཆད་པར་འགྱུར་རོ། །ཇི་སྐད་ བསྒོ་བ་ཞེས་པ་ནི། བསྟན་པ་དང༌། དག་པའི་གཞིར་བྱེད་དུ་བཅུག་པའི་ཇི་སྐད་བསྒོ་བ་བཞིན་དུ་མི་བྱེད་པར་དེ་ལས་བཟློག་པར་བྱེད་པ་ལ་ནི་ལུས་ཀྱིས་སོ་ཕག་སོགས་ཕུལ་བ་ལ། ངག་གིས་ལེགསོ་བརྗོད་ན། བསྐོས་པ་ནི་རང་ཉིད་དང་འདྲ་བའོ། མི་བྱེད་ ན་རྩིག་པ་པོ་ཁོ་ན་ལ་ལྟུང་བར་འགྱུར་བས་རང་ཉིད་དང་མི་འདྲའོ། །བྱས་པ་ནི་གཅིག་ཉིད་ཀྱིས་ནི་བར་བར་དུ་བཞག་ཅིང༌། ཡུན་རིང་པོར་བྱེད་པ་ལ་ལྟུང་བ་དུ་མར་འགྱུར་རམ་སྙམ་པའི་དོགས་པ་བཅད་པ་སྟེ། བདུན་པ་བཏང་ཞིང་བྱེད་ན་ནི་ཐ་དད་དོ། ། 2-2-48b ཡན་ལག་རྣམས་ནི་ཞེས་པས་འཐབ་ཚིག་བདུན་ལ་ལྟུང་བ་རེ་རེར་འགྱུར་བ་བཞིན་དུ། ཡན་ལག་སོ་སོ་ལ་ལྟུང་བ་ཐ་དད་དམ་སྙམ་པ་བསལ་ལོ། །སྔ་མ་དང་འདིའི་སྐབས་སུ་ཊཱི་ཀྐ་ལས། མི་སྟོབས་པས་བར་དུ་ཡེ་བཏང་བ་ལས། ཕྱིས་ཡང་བསམ་ པ་གཞན་གྱི་རྩོམ་པ་ལ་ནི་ལྟུང་བ་ཐ་དད་དེ། མ་ཟིན་པར་རང་བཞིན་གྱི་རྗེས་སུ་བསྒྲུབ་པ་ལ་ནི་ཉེས་བྱས་སོ། །ཞེས་གསུངས་པའི་ཕྱིར་རོ། །ཞེས་དང༌། རྗེས་སུ་བསྒྲུབས་པ་གཅིག་ཁོ་ན་ཡིན་དུ་ཟིན་ཀྱང༌། དཔེར་ན་འཐབ་པའི་མོད་ལ་དང༌། འཐབ་པའི་ འོག་ཏུ་བསྡུམས་བྱེད་པ་ལ་སོགས་པའི་ཚིག་དག་ལ་ལྟུང་བ་ཐ་དད་པར་བྱས་པ་བཞིན་དུ། ཅི་འདིར་ཡང་རུང་བ་ཉིད་མིན་པ་ལ་སོགས་པ་ཡན་ལག་དག་ལ་ལྟུང་བ་ཐ་དད་བྱའོ་སྙམ་དུ་དོགས་པ་བསལ་བའི་ཕྱིར། ཞེས་གསུངས་པའི་སྔ་མ་ནི་འཕྲོ་ ཟིན་པར་བྱེད་ན་སྦོམ་པོར་གསུངས་པ་སྦྱོར་བ་ལ་དགོངས་པ་འདྲའོ། །ཕྱི་མར་འཐབ་ཚིག་དུ་མ་བྱས་པ་ལ་འཕྲིན་གྱི་རྗེས་སུ་བསྒྲུབས་པ་གཅིག་བྱས་པའི་ཚེ་ལྟུང་བ་ཐ་དད་པར་བསྟན་པ་ལྟར་སྣང་ཡང༌། མོད་ལ་དང་འོག་ཏུ་བསྡུམས་བྱེད་པ་ཞེས་ པའི་བསྡུམས་བྱེད་པ་ནི་མཐའི་གསལ་བྱེད་དུ་བྱ་ལ་རྗེས་སུ་བསྒྲུབས་པ་གཅིག་ནི་སྨྱན་གྱི་འཕྲིན་ཙམ་དུ་གཅིག་པ་ལ་གཟུང་ངོ༌། །གང་ལ་ཁང་པའི་དགེ་འདུན་ལྷག་མར་འགྱུར་ཞེ་ན། བཙལ་བ་ནས་ཐོགས་ཞེས་པའི་བར་རོ། །གང་གིས་བཙལ་བ་ནི་ལྟུང་བ་ འབྱིན་པ་པོ་དང༌། གང་བཙལ་བ་ནི་ས་གཞི་དང༌། གང་ལ་བཙལ་ན་ནི། ཊཱི་ཀྐ་ལས། གཞི་དེ་ཆོས་འདི་པ་རབ་ཏུ་བྱུང་བ་ལས་ཀྱང་བཙལ་ནའོ། །ཞེས་འབྱུང་ལ། སྔ་མ་རྣམས་ཐ་སྙད་ལྔ་ལྡན་ལ། ངག་མཚན་ཉིད་ལྔ་ལྡན་གྱིས་བསླངས་པའི་སྒོ་ནས་ 2-2-49a བཙལ་བ་དགོས་ཟེར་ཏེ། རང་དང་རྫས་ཀྱི་སྒོ་ནས་ཐ་དད་པ་ཡང་དགོས་སོ། །དགེ་སློང་གང་གིས་ས་གཞི་བཙལ་བར་གྱུར་པ་དེས་གལ་ཏེ་རྗེས་སུ་གནང་བའི་གཞི་ལ། ཞེས་གསུངས་པ་ནི། འོག་ཏུ་གླ་རྔན་ལ་སོགས་ པ་འདི་ཡང་ལྟུང་བ་འབྱིན་པ་པོའི་ལྟུང་བ་འབྱིན་པ་པོས་རྗེས་སུ་གནང་བའི་སློང་བ་པོས་བཙལ་བ་མ་ཡིན་པས་ཞེས་གསུངས་པས། གཞི་དེ་ལྟུང་བ་འབྱིན་པ་པོས་བཙལ་བའམ། ཡང་ན་དེས་འཚོལ་བར་རྗེས་སུ་གནང་བའི་སློང་བ་པོས་ བཙལ་བ་གཅིག་དགོས་ཏེ། སྤྱོད་ཀྱང་དེ་དང་འདྲ་བས་རྣམ་པ་དེ་ལྟ་བུས་སོ་ཞེས་གསུངས་སོ། །ས་གཞི་དང༌། ས་གཞི་སྤྱོད་བཙལ་བ་དགོས་པར་ནི། ཞུས་པ་ལ་ལ་ནས་གསུངས་ཤིང༌། གང་ཟག་གི་གཞིར་བྱེད་ན་སྦོམ་པོར་གསུངས་པ་དང༌། སོ་ཐར་ལས་ཀྱང༌། རང་གིས་བཙལ་བ་ཞེས་སོགསོ། །འདིར་ཁང་པའི་ལྷག་མ་སྐྱེད་པ་ལ། དགེ་སློང་གིས་བཙལ་བའམ། རྗེས་སུ་གནང་ནས་བཙལ་བ་ཡན་ལག་ཏུ་དགོས་སོ། །གནས་ནི་ཁང་པའོ། །མཐར་རོ་ནི་གནས་ཀྱི་ངོ་བོ་ཉིད་ནི་ཐོག་ བཀབ་ཅིང་སྒོ་མ་གཏོགས་པ་ཀུན་ནས་བསྐོར་བ་ཉིད་དོ་ཞེས་གསུངས་པས། ཐམས་ཅད་གཡོགས་ཤིང༌། ཐམས་ཅད་བསྐོར་བ་དགོས་པ་འདྲ་སྟེ་དཔྱད་དོ། །སྔ་མ་རྣམས་གང་རྩིག་པའི་གནས་ནི། གནས་ཀྱི་ངོ་བོར་གྲུབ་པ། སྤྱོད་ལམ་ བཞི་ཤོང་བ། ཚད་ལ་གནོད་པའི་བཟོའི་རྩོམ་པ་མ་བྱས་པ། ཁྲུ་གང་གི་ཚད་ལས་ལྷག་པ་དེ། བཞི་དང༌། མང་པོ་ནི། ནུབ་ལྷག་ལྟར་ཕལ་ཆེར་གཡོགས་ཤིང་བསྐོར་བ་ལ་འདོད་དོ། །གང་དུ་རྩིག་པའི་གནས་ནི། མི་རུང་བ་སོགས་ 2-2-49b གསུམ་བླངས་པ་དེ་བཞི་ཟེར་རོ། །གང་གིས་རྩིག་པའི་ཡོ་བྱད་ནི། ཡུལ་མཚན་ཉིད་དང་ལྡན་པ་ལ། ངག་མཚན་ཉིད་དང་ལྡན་པས་ཁས་བླངས་པ་ཟེར་རོ། །འོན་ཀྱང་གཞི་ལ་མ་བསྟན་པ་ཡང་བསྣན་དགོས་སོ། །ཚད་ལས་ལྷག་པ་ནི། ཁྲུས་ཚད་ པའི་སྐབས་སུ། ཁྲུ་ཕྱེད་ལས་ལྷག་པ་ལ་མཛད་དེ། འདིར་ནི་སྲིད་དང༌། ཞེང་གཉིས་ཀ་ལ་བརྩིགས་པ་འདྲའོ། །འོག་མ་ལ་ཡང་ཞེས་པས། སྤྱོད་ལམ་བཞི་ཞེས་སོགས་ཀྱི་མདོ་རྣམས་འོག་མ་ལ་ཡང་སྦྱར་དགོས་པར་བསྟན་ཞིང༌། མ་བཙལ་ བ་ཉིད་དོ་ཞེས་པ་ནི། བཙལ་བ་ཡན་ལག་ཏུ་མ་གཏོགས་པའོ། །གཞི་དང་ཡོ་བྱད་རང་གིའམ། གཞན་གྱིས་གནང་བ་གང་ཡང་རུང་བས་ཆོ་ག་གོ། གཉིས་ཀའི་སྦྱོར་བ་ལ། རང་གི་མཚན་ཉིད་དང་ལྡན་པ་ལ། ངག་མཚན་ཉིད་དང་ལྡན་པས་བསྐོས་ཏེ། བྱེད་བ་ཞེས་ཟེར་བ་ལྟར་དགོས་པས་བདག་པོ་ཡང་མིན་ལ། དེས་གནང་བ་ཡང་མ་ཡིན་པ་མ་བསྐོས་པར་རོ། །ཞེས་པ་ལྟ་བུས་རྩིག་ན་ན་སྨད་དོ། །དེའི་ཕྱིར་འོག་མ་སྒྲ་ཇི་བཞིན་པར་བཟུང་ཡང་སྤྱོད་པའི་ཡན་ལག་མ་ཚང་བས་ལྷག་པའི་དོན་མེད་དོ། །སྐབས་ འདི་དག་ཏུ་བྱེད་དུ་བཅུག་ན་ཞེས་ཕལ་ཆེར་འབྱུང་བ་ནི་ལུང་དུ། རྩིག་ཏུ་འཇུག་ན་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སམ། གཞན་གྱིས་སོ། །ཞེས་རང་གིས་བྱེད་པ་ལ་ཡང་རྩིག་ཏུ་འཇུག་སྒྲ་སྦྱར་བས་གཞན་ལ་འཚོལ་བ་ཁོ་ན་ལ་གོ་བར་མི་བྱའོ། །ལུང་དུ་བདག་གིས་ བསླངས་པ། བདག་པོ་མེད་པ། བདག་གི་ཕྱིར་ཁང་པ་རྩིག་ཏུ་འཇུག་གམ་ཞེས་པ་དང༌། བདག་པོ་ཡོད་པ་དགེ་འདུན་གྱི་ཕྱིར་གཙུག་ལག་ཁང་ཆེན་པོ་རྩིག་ཏུ་འཇུག་གམ་ཞེས་ཁང་པ་ལ་རྩིག་པའི་གནས་དེའི་བདག་པོ་མེད་པ་དང༌། ཁང་ཆེན་ལ་བདག་པོ་ཡོད་ 2-2-50a པར་གསུངས་པའི་ཕྱི་མ་ལ། ཊཱི་ཀྐ་ལས། གཙུག་ལག་ལས་ནི་གླིང་གཞིའི་དབང་གིས་བདག་པོ་དང་བཅས་པ་ཞེས་སྨོས་པར་ཟད་ཀྱི། ཡན་ལག་ནི་མ་ཡིན་ཏེ། བདག་པོ་མེད་པ་ལ་ཡང་ས་གཞི་ཉོ་བ་ལ་སོགས་པའི་ཕྱིར་རོ། །དགེ་ འདུན་གྱིས་གཞིར་བྱེད་དུ་འཇུག་ནའང་དེ་བཞིན་ནོ་ཞེས་གསུངས་པ་ནི། ཁང་པ་ལ་ཡང་མཚོན་པ་འདྲའོ། །གཅིག་གི་དོན་དུ་ཞེས་དམིགས་བསལ་མ་མཛད་པས། རང་གཅིག་པུའམ། དགེ་སློང་གཞན་གཅིག་གམ། ཁྱིམ་པ་གཅིག་གི་དོན་དུ་བྱེད་ ནའང་ལྷག་མའོ། །ཞེས་ཊཱི་ཀྐ་ལས་གསུངས་པའི་ཕྱིར། རྣམ་འབྱེད་ལས། བདག་གི་ཕྱིར་ཞེས་བྱ་བ་ནི་བདག་ཉིད་ལ་བསྔོས་ཏེའོ། །ཞེས་གསུངས་པས་གཅིག་དོན་དང༌། ཚོགས་དོན་ནི། ལོངས་སྤྱོད་པ་དང་བདག་པོ་གཉིས་ཀ་ལ་དྲང་དུ་རུང་ཡང་འདིར་ ནི་བདག་པོ་ལ་དགོངསོ། །སྐྱེ་བ་པོ་ཕྲ་མོའི་གནས་དང་ལྡན་པ་ལ་སྦྲུལ་གྱི་སྡིག་པའི་སྦྲང་བུ་ཏྲེ་མ་བུ་གའམ། ཏྲེ་ལ་ཏ་ཀའི་གནས་ཡོད་པར་གསུངས་པ་ནི་དཔེ་ཙམ་སྟེ། གྲོགས་སྦུར་ལ་སོགས་པ་སྐྱེ་བ་པོ་ཕྲ་མོ་རྣམས་ཀྱང་གཟུང་ངོ་ཞེས་ཊཱི་ཀྐ་ལས་ གསུངས་ཤིང༌། ད་ལྟ་རྣམ་འབྱེད་ན་ཕྱི་མ་གཉིས་ལ་སྲིན་གྱི་གནས་སམ། གྲོགས་མའི་གནས་ཞེས་སྣང་ངོ༌། །རྩོད་པ་དང་བཅས་པ་ལ་རྣམ་འབྱེད་ལས། མཆོད་རྟེན་དང༌། ཁྱིམ་བདག་གི་གཞི་དང༌། དགེ་སློང་མའི་དབྱར་ཁང་གསུམ་ཡང་འབྱུང་ཞིང༌། ལྷའི་གནས་མི་སྣང་ངོ༌། །བརྩམ་དུ་མི་རུང་བ་ལ། རྣམ་འབྱེད་ལས། ལམ་ལ་བརྟེན་པ་ཞེས་འབྱུང་ཞིང༌། ཆུ་ཀླུང་སོགས་དང་འདོམས་པ་ལ། དབུས་སམ་མཐའི་ཕྱོགས་གང་རུང་དུ་དེ་གསུམ་གང་རུང་གཅིག་དང་ཕྲད་པས་ཆོག་པ་དང༌། ཁོ་ར་ཁོར་ཡུག་ཏུ་ 2-2-50b ཆུ་ཀླུང་ལ་སོགས་པས་བསྐོར་བ་མི་དགོས་སོ་ཞེས་ཊཱི་ཀྐ་ལས་སོ། །ཚད་ནི་སྲིད་དུ་ཁྲུ་བཅོ་བརྒྱད་དང༌། ཞང་དུ་ཁྲུ་ཕྱེད་དང་བཅུ་གཅིག་གོ། །མ་དག་པ་གསོལ། བར་མི་བྱ་བའི་བཟློག་ཕྱོགས་ལྔ་ལས། ཡུལ་གང་ལ་སྦྱིན་པ་ནི། སྡེ་ལྔའི་སྡོམ་པ་གསོར་རུང་ཡན་ཆད་ དང་ལྡན་པ། རང་བཞིན་དུ་གནས་པ། གནས་ནས་མ་ཕྱུང་བ། ལྟ་བ་དང་སྤྱོད་པ་གཞན་གྱི་ཕྱོགསུ་མ་གྱུར་པ། མཚན་མཐུན་པ། ཚོགསུ་མ་ཚང་བ། གསོལ་བ་ལན་གསུམ་འདེབས་པ། ས་གཞི་ལེགས་པར་བརྟགས་པ། སྔར་གནང་བ་སྦྱིན་པ་དང་མ་ འབྲེལ་བ་བཅུའོ། །དགེ་འདུན་གང་གིས་སྦྱིན་པ་ནི་བཞིར་ལོངས་པའི་གྲངས་ཚང་བ་སོགས་གསུམ་མོ། །གཞི་གང་ལ་སྦྱིན་པ་ནི་དག་པའོ། །ཆོ་ག་ཇི་ལྟ་བུས་སྦྱིན་པ་ལ་གསུམ་ལས། སྦྱོར་བ་ལ། གང་ཟག་གི་སྦྱོར་བ་ནི། འདུ་བའི་སྐབས་བསྒྲུབས་པ། རྒན་ པའི་མཐའ་ལོགསུ་ཕྱག་འཚལ་ཞིང༌། སྤྱོད་ལམ་བརྟེན་པ་གསོལ་བ་ལན་གསུམ་བཏབ་པའོ། །དགེ་འདུན་གྱི་སྦྱོར་བ་ནི་རང་ངམ། བསྐོས་པས་བརྟག་པ་དང་དེས་དགེ་འདུན་ལ་བརྗོད་པའོ། །དངོས་གཞི་ནི་གསོལ་གཉིས་སོ། །མཇུག་ནི་མཇུག་སྡུད་དོ། ། གནང་བ་འཇིག་པའི་རྒྱུ་ནི། གཞི་མ་དག་པར་འཕོས་པའམ། ཞིང་མ་ཡིན་པར་གྱུར་པ་ལ་སོགས་པའོ། །རྙིང་པ་འཆོས་པ་ལས། རྙིང་པ་ནི་དཔེ་སྟེ། གསར་རྙིང་གཉིས་ཀ་འཆོས་ཤིང༌། བྱི་དོར་བྱེད་པ་ལྟུང་བ་མེད་དོ། །ཞེས་གསུངས་པས་འཆོས་ པའི་བྱི་དོར་བྱེད་པ་ཡིན་མིན་བརྟག་པར་བྱའོ། །གཙུག་ལག་ཁང་གི་ལྷག་མ་ལ། ཡན་ལག་ཐུན་མོང་བ་རྣམས་བརྗོད་ཟིན་ནས་ཁྱད་པར་པ་གསུངས་པ་ནི། ཚོགས་ཀྱི་དོན་དུའོ་ཞེས་ཏེ། སློབ་དཔོན་གྱིས་དམིགས་བསལ་མཛད་པས། རབ་བྱུང་དང་ 2-2-51a ཁྱིམ་པ་གང་ཡང་རུང་བའོ། །རྣམ་འབྱེད་ལས། ཚོགས་ཀྱི་ཕྱིར་ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་ནོ། །ཞེས་གསུངས་པ་ནི་གླེང་གཞིའི་དབང་གི་སྟེ། དཔེ་ཙམ་དུ་ཟད་པས་ཉེས་པ་མེད་དོ། །ཞེས་ ཊཱི་ཀྐ་ལས་སོ། །རྣམ་འབྱེད་ལས་ཁང་པ་དང༌། གཙུག་ལག་ཁང་ཞེས་བྱ་བ་ནི། གང་དུ་སྤྱོད་ལམ་བཞི་པོ་འཆག་པ་དང༌། འགྲེང་བ་དང༌། འདུག་པ་དང༌། ཉལ་བ་དག་ཤོང་བའོ། །ཞེས་གཉིས་ཀ་ལ་མཚུངས་པར་བཤད་ནས་ཕྱི་མ་ལ་ ཁྱད་པར་མཛད་པ་ནི། ཆེན་པོ་ཞེས་བྱ་བ་ནི། ཆེན་པོ་གཉིས་པོ་སྦྱིན་པར་བྱ་བ་དང༌། ཚད་ཀྱིས་ཏེ། དེ་ལས་འདིར་ནི་སྦྱིན་པར་བྱ་བས་ཆེན་པོར་དགོངས་པ་ཡིན་གྱི། ཚད་ཀྱིས་ནི་མ་ཡིན་ནོ། །ཞེས་གསུངས་པས། གནས་འདི་གཉིས་གནས་ཀྱི་ སྒོ་ནས་ནི་ཁྱད་པར་བྱེ་བར་མི་ནུས་ལ། འོན་ཀྱང་ཆེན་པོར་འཇོག་པ་སྦྱིན་པར་བྱ་བས་འཇོག་པར་གསུངས་ཏེ། དེ་ཡང་ཆེད་དུ་བྱ་བ་ཚོགས་དོན་ཉིད་དུ་སྣང་ངོ༌། །ཞུ་བ་ལས། ཁང་པ་ལ་གཅིག་དོན་དགོས་པ་སེལ་བའི་སྒོ་ནས་གསུངས་པས། ཁང་ པ་དང་ཁང་ཆེན་གྱི་ཁྱད་པར་ཆེད་དུ་བྱ་བ་དེ་གཉིས་ཀྱི་སྒོ་ནས་འཇོག་པར་ལུང་དང་རྩ་འགྲེལ་གྱི་དགོངས་པ་ཁ་ན་མ་ཐོ་བ་མེད་པའོ། །འདི་ལས་གཞན་དུ་དཀོན་མཆོག་གསུམ་གང་རུང་གི་ཆེད་དུ་བྱེད་ན་ཁང་ཆེན་དང༌། དེ་ལས་གཞན་པའི་དོན་ དུ་བྱེད་ན་ཁང་པ་ཡིན་གྱི། སྔར་ལྟར་མ་ཡིན་ཏེ། གཞན་དུ་ན་གཉིས་དང༌། གསུམ་གྱི་དོན་དུ་བྱས་པའི་གནས་དེ་ལ། གཅིག་དོན་དང་ཚོགས་དོན་མེད་པས་གནས་གཉིས་པོ་གང་ཡང་མ་ཡིན་པའི་ཕུང་གསུམ་དུ་ཐལ་ལོ། །ཞེས་སྨྲ་བ་ 2-2-51b ལ་ནི་སྙིང་པོ་མེད་དེ། དེ་ལྟར་ཁྱིམ་པ་ཚོགས་ལོངས་འབའ་ཞིག་གི་ཕྱིར་དུ་བྱས་པའི་གནས་དེ་ལ་ཡང་དེ་ལྟར་ཐལ་བ་དང༌། རྩ་འགྲེལ་གཉིས་ཀ་ལས་ཁང་པ་དང༌། ཁང་ཆེན་ངོས་མ་བཟུང་བར་དེ་གཉིས་ཀྱི་ལྷག་མ་མཚན་ཉིད་རྫོགས་པར་བཤད་པར་འགྱུར་ བའི་ཕྱིར་རོ། །ཐུན་མོང་བ་ཞུ་བའི་སྐབས་ནས་འབྱུང་བ་ལ་རྩོམ་པ་ནི་གནས་རྩོམ་པ་སྟེ་དེ་ཡང་མཐར་ལྷག་མར་འགྱུར་བའི་སྦྱོར་བ་སྦོམ་པོ་དང༌། མཐར་སྦོམ་པོར་འགྱུར་བའི་སྦྱོར་བ་ལ་ཉེས་བྱས་སོ། །ཁང་པ་དང་གཙུག་ལག་ཁང་སྟེ། མ་གཡོག་པ་བྱེད་དུ་ གཞུག་གོ། སྙམ་པའི་བསམ་པས་ཞུགས་པའི་དགེ་སློང་གི་གནས་དེའི་མཐར་ཡང་སྦྱོར་བ་དེ་དང་འདྲ་བར་སྦོམ་པོ་སྟེ། སྔར་ནི་ཉེས་བྱས་སོ། །ཁང་པ་མི་རུང་བ་ཉིད་ལ་སོགས་པའི་ཡན་ལག་ཐམས་ཅད་ལས་འདས་པ། དུ་མའི་དོན་དུ་བྱེད་པའི་མཐའ་ ཡང་སྦྱོར་བ་དང་འདྲའོ། །འདི་ལ་ཞུས་པར་གཉིས་ཀྱིས་སྤྱི་ལ་བྱེད་དུ་འཇུག་ན་ཞེས་པ་ནི་མཚོན་པ་སྟེ། གསུམ་གྱི་དོན་དུ་བྱེད་པ་ཡང་དེ་དང་འདྲའོ། །ཞེས་ཊཱི་ཀྐ་ལས་སོ། །རྣམ་འབྱེད་ལས། ཁང་པ་ཁང་ཆེན་གྱི་སྐབས་སུ་ཡང་མ་དག་པ་གསུམ་དང་མ་བསྟན་ པར་བྱེད་པ་ལ་རེ་རེ་ཞིང་སྦོམ་པོར་གསུངས་པས། དུ་མའི་དོན་གྱི་སྒོ་ནས་སྦོམ་པོར་སོང་བ་དེ་དག་རེ་རེ་བ་ལ། མི་འོང་བ་འདྲའོ། །དེ་ཕྱིར་མ་དག་པ་གསུམ་ཚང་ཞིང༌། མ་བསྟན་པའི་བཞིར་བཙལ་བ་དང༌། ཚད་ལྷག་ཡོད་པའི་ཚེ་ལྷག་མ་གཉིས་ཀ་ སྐྱེད་དུ་རུང་བ་ལ་ཆེད་དུ་བྱ་བའི་སྒོ་ནས་སྦོམ་པོ་སྐྱེད་པ་གཉིས་འདུག་པ་ནི། བཙལ་བ་དང༌། ཚད་ལྷག་ཡོད་པའི་ཚེ་ཁང་པའི་སྦོམ་པོ་དང༌། མེད་པའི་ཚེ་ཁང་ཆེན་གྱི་སྦོམ་པོར་བྱེད་དགོས་པ་འདྲ་སྟེ། བརྟག་པར་བྱའོ། །ཁ་ཅིག་གཉིས་དོན་ནི། ཁང་ 2-2-52a པ་ལ་ཉེ་ཞིང༌། གསུམ་དོན་ཁང་ཆེན་ལ་ཉེ་བས་དེའི་སྒོ་ནས་དབྱེའོ་ཟེར་བ་ལ་སྙིང་པོ་མི་སྣང་ངོ༌། །འཚོལ་བ་པོའམ། གནས་པ་པོས་མ་བསྐོས་པ་སྟེ། རྗེས་སུ་མ་གནང་བར་གནས་བྱེད་པའི་མཐའ་ཡང་སྦྱོར་བ་དང་འདྲའོ། །དངོས་ པོ་ཚང་ཡང་ཕམ་པར་མི་འགྱུར་ཏེ། གཞི་དེ་གང་དབང་མེད་པའི་ཕྱིར་གཙུག་ལག་ཁང་བརྩིག་པའི་ཕྱིར་རོ། །ལྷག་མར་ཡང་བ་མི་འགྱུར་ཏེ་བཙལ་བའི་ཡན་ལག་མེད་པའི་ཕྱིར་རོ། །དེས་ན་རྗེས་སུ་གནང་བ་ལ་ཡན་ལག་གཞན་ཚང་བ་དངོས་ གཞི་ཡིན་ལ། མ་གནང་བ་ལ་ནི་སྦོམ་པོར་གསུངས་ཏེ། འདིར་གནང་མ་གནང་ནི་བདག་པོས་རྩིག་པར་བསྐོས་མ་བསྐོས་སོ། །དེས་ན་ལྷག་མ་བསྐྱེད་པ་ལ་བདག་པོར་གྱུར་པའི་དགེ་སློང་རང་གིས་རྩིག་པའམ། རྩིག་པར་བསྐོས་པ་གཅིག་དགོས་པ་ ལ། འདི་ལ་དེ་མ་ཚང་བས་སྦོམ་པོའོ། །འོ་ན་བཙལ་བའི་ཡན་ལག་མེད་པའི་ཕྱིར་ཞེས་ཅིའི་ཕྱིར་གསུང་ཞེ་ན། དེར་ནི་ཁང་པའི་ལྷག་མ་ལ་གཞན་གྱིས་མ་བསྐོས་ཀྱང་སྐྱེད་དམ་སྙམ་པའི་དོགས་པ་བཅད་པ་ཡིན་ཏེ། དེ་ལ་གཞན་གྱིས་མ་བསྐོས་ པར་བསྐྱེད་པ་ཡོད་ཀྱང་འདིར་རང་གིས་བཙལ་བ་དང༌། འཚོལ་དུ་བཅུག་པའི་ཡན་ལག་གང་ཡང་མེད་པའི་ཕྱིར་རོ། །དེས་ན་རྗེས་སུ་མ་གནང་བ་ལ་ནི་སྦོམ་པོའོ། །ཞེས་དེ་མ་ཐག་ཏུ་གསུངས་པ་ནི་བདག་པོ་མ་ཡིན་པས། རྩིག་པ་ལ་རྗེས་སུ་གནང་ ཡན་ལག་ཏུ་དགོས་པར་གསུངས་པས་འདི་རྗེས་སུ་གནང་བའི་སེལ་བའོ། །དེ་ལྟར་འདོད་པ་ཁ་ཅིག་ན་རེ་མ་བསྐོས་པ་ཉིད་ཅེས་པ་དྲངས་ནས་འགོག་ཅིང༌། སྦྱོར་བའི་ཡན་ལག་ལ་རང་ངམ། རང་གིས་བསྐོས་པ་དགོས་པར་འདོད་པ་ནང་ 2-2-52b འགལ་ཞིང༌། འདིར་མ་བསྐོས་པ་སྒྲ་ཇི་བཞིན་པ་ཡིན་ཡང༌། དངོས་གཞིར་མི་འགྱུར་བ་ནི་བཤད་ཟིན་ཏོ། །གང་ཟག་གིས་སོ་ཞེས་པ་ཡོ་བྱད་ལ་སྦྱར་ཡང༌། སྔར་ཁང་པའི་སྐབས་སུ་ས་གཞི་དང་ཡོ་བྱད་གཉིས་ཀ་ལ་མཛད་པ་ལྟར་གཟུང་ངོ༌། །སྐབས་ འདིར་རང་བཞིན་མི་མཐུན་པ་ཡང་ངོ༌། །ཞེས་པའི་གཞུང་གཅིག་ཡོད་པར་ཊཱི་ཀྐར་འབྱུང་ལ། དེའི་དོན་ནི་ཁང་པ་ཁང་ཆེན་མི་རིགས་པར་རྩིག་པའི་ཞལ་ཏ་བྱེད་ན་དེའི་མཐའ་ཡང་སྦྱོར་བ་དང་འདྲ་སྟེ། དེ་ཡང་བདག་པོ་དང༌། བསྐོས་པ་ལས་གཞན་ པའོ། །བདག་པོ་ལས་གཞི་ཡང་བཙལ་ཟིན་ལ་གསོལ་པ་དང༌། ལས་བརྗོད་པ་ཡང་བྱས་པའི་འོག་ཏུ་མ་གྲུབ་ན་ཉེས་བྱས་སོ། །ཞེས་པ་ལ། ཁང་པ་ལ་བཙལ་བ་ཡོད་ན་སྦོམ་པོར་གསུངས་པས་ཁང་ཆེན་ལ་སྦྱར་ཟེར་ཡང༌། རྣམ་འབྱེད་ལས། དགེ་ སློང་ལག་གི་བླ་མིང་འདི་ཞེས་བགྱི་བ་འདིས། ཁང་པ་དང་གཙུག་ལག་ཁང་གི་གཞི་རུང་བ། རྩོད་པ་མ་མཆིས་པ། བརྩམ་དུ་རུང་བ་ཞིག་བཙལ་ཏེ། ཞེས་འབྱུང་བའི་ཕྱིར་དང༌། བདག་པོ་ལས་ཉོས་ཏེ་བཙལ་བ་ཡོད་པས། བཙལ་བ་ཙམ་ལ་ཉེས་པ་དང་བཅས་ པར་མ་ངེས་སོ། །གནོད་པ་ལས་གྱུར་པའི་ལྷག་མ་གཉིས་ལས། རྣམ་འབྱེད་ལས་འབྱུང་བ་ལ། གཞི་མེད་པར་སྐུར་པ་འདེབས་པའི་སྐུར་པ་གདབ་བྱའི་ཡུལ་ནི། དགེ་ཚུལ་ལ་སོགས་པ་མིན་པས་དགེ་སློང་དང༌། ཚུལ་ཁྲིམས་དག་པ་དང་ལྡན་པ་ཁོ་ན་མ་ཡིན་ གྱི། ཉམས་པ་ལ་ཡང་ངོ༌། །དེ་ཡང་རང་ཕྱོགས་ཡིན་ན་དགེ་སློང་གི་སྡོམ་པ་གསོར་རུང་ཡན་ཆད་དང༌། གཞན་ཕྱོགས་ཡིན་ན་རྣམ་དག་དང་ལྡན་པ། ཐ་སྙད་གསུམ་ལྡན། ལུས་ཐ་མལ་བ། བདག་ལས་ཐ་དད་པ་སྟེ་བཞི་ཟེར་རོ། །གང་གིས་སྐུར་བ་གདབ་པའི་དངོས་ 2-2-53a པོ་ནི། མི་ཚངས་སྤྱོད་ལ་སོགས་པའི་ཕམ་པར་འགྱུར་བ་ལྷག་པར་སྤྱད་པ་དང༌། གཞི་གསུམ་གང་ཡང་མེད་པ་སྟེ་གཉིས་སོ། །གོ་བྱའི་ཡུལ་ཐ་སྙད་ལྔ་ལྡན། ལུས་ཐ་མལ་བ། བདག་ལས་ཐ་དད་པ་སྟེ་གསུམ་མོ། །མ་དག་པ་ལ་ སྐུར་བ་བཏབ་པས་ལྷག་མར་འགྱུར་བའི་ཁུངས་ནི། རྣམ་འབྱེད་ལས། གང་ཟག་མ་དག་པ་ལ་སྐུར་བ་འདེབས་པར་བྱེད་ན་ལྟུང་བའི་གཞི་བཅིུག་དང༌། ལྟུང་བ་མེད་པའི་གཞི་དྲུག་ཏུ་འགྱུར་བར་གསུངས་པ་སྟེ། བཅིུག་ནི། མཐོང་ཐོས་དོགས་གསུམ་གྱི་ གཞི་མེད་པ་ལ་ཡོད་པར་འདུ་ཤེས་པར་བསྒྱུར་ནས་གསུམ་དང༌། གཞི་གསུམ་ཡོད་པ་བརྗེད་པ་ལ་འདུ་ཤེས་བསྒྱུར་བ་གསུམ་སྟེ་དྲུག །ཐོས་པ་ལ་ཡིད་ཆེས་མ་ཆེས་ཀྱི་ཚེ་མཐོང་ཞེས་སྨྲས་པ་གཉིས་པ་དང༌། ཐོས་པ་ལ་དོགས་མི་དོགས་ཀྱི་ཚེ་མཐོང་ཞེས་སྨྲས་པ་སྟེ་ བཞི་དང་དོགས་པ་ལ་དོགས་པ་ན་མཐོང་ཞེས་སྨྲས་བ་སྟེ་ལྔའོ། །ཞུས་པ་ལས་ཀྱང༌། དགེ་སློང་རང་གིས་མི་ཚངས་པར་སྤྱོད་ཟེར་བ་ལ། གཞན་གསུམ་གྱིས་གཞི་མ་མཆིས་པར་སྐུར་ན་ལྷག་མར་གསུངསོ། །འདིར་ཞེས་པ་ནི། མཚན་དང༌། ལྟ་བ་ཁས་བླང་པ་ བདག་གིས་རང་གི་ཕྱོགས་ཉིད་ཀྱི་ཁུངསུ་གཏོགས་པའོ། །ཞེས་པ་ལ་དམིགས་ཀྱིས་བསལ་བའོ། །དེས་ན་མཚན་དང༌། ལྟ་བ་གཞན་ཕྱོགས་པ་ལ་སྐུར་བ་ཡང་ལྷག་མའོ། །རྣམ་འབྱེད་ལས། དྲིལ་བསྒྲགས་ན་ལྟུང་བ་མེད་དོ། །ངོས་ལ་རི་མོ་བྲིས་པ་ཐམས་ ཅད་ལ་ཡང་ལྟུང་བ་མེད་དེ། ཇི་ལྟར་བདག་གིས་ཤེས་པ་དེ་བཞིན་དུ་འཇིག་རྟེན་ཐམས་ཅད་ཀྱིས་ཀྱང་ཤེས་སོ་སྙམ་ནའོ། །ཞེས་གསུངས་པ་ནི། སྐུར་བ་གདབ་བྱའི་ཡུལ་ལ་མནན་དགོས་སོ། །འདིར་ཞེས་པ་ནི། མཚན་དང་། ལྟ་བ་ཁས་ 2-2-53b བླངས་པ་དག་གིས། རང་གི་ཕྱོགས་ཉིད་ཀྱི་ཁོངས་སུ་གཏོགས་པའོ། །ཞེས་པ་ལས་དམིགས་ཀྱིས་བསལ་བའོ། །དེས་ན་མཚན་དང་། ལྟ་བ་གཞན་ཕྱོགས་པ་ལ་སྐུར་བ་ལ་ཡང་ལྷག་མའོ། །འོ་ན་གསོར་རུང་ཉམས་པ་རང་ཕྱོགས་པ་ཡིན་པ་ཅིས་ཤེས་ཞེ་ན། ཊཱི་ཀྐ་ལས། ཉམས་པ་ལ་སྐུར་བ་འདེབས་པ་ལ་ཡང་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་པ་ལས་ན་ཁས་ལེན་པ་དང༌། མི་ལེན་པ་གཉིས་ལ་སྐུར་བ་འདེབས་པ་ཤིན་ཏུ་ཁ་ན་མ་ཐོ་བ་ཡོངསུ་རྫོགས་པར་འགྱུར་ཏེ། ཕམ་པར་མ་ གྱུར་པའི་ཕྱིར་རོ། །ཞེས་གསུངས་པས་ཤེས་ཟེར་ཏེ་བརྟག་གོ། ཉམས་པར་འདུག་པ་ནི། དགེ་སྦྱོང་གི་ཚུལ་དང་བྲལ་བར་འདོད་པའི་བསམ་པས་ཡིན་གྱི། ཁྲོས་པའམ། རྒོད་བག་གམ། བྱུང་རྒྱལ་གྱིས་མ་ཡིན་ནོ། །ལྟུང་བ་རྣམ་པར་ དག་པ་ནི། ཕམ་པ་ལྷག་མ། ལྟུང་བ་གཞན། ཉེས་བྱས་ཀྱིས་སྐུར་ན། ལྷག་མ། སྦོམ་པོ། ཉེས་བྱས། ཕྲ་མོར་འགྱུར་ཞིང༌། ཐེ་ཚོམ་དང་བཅས་པ་ཡང་ཡིད་གཉིས་ནི་འདུ་ཤེས་དང་འདྲའོ། །མཐོང་བ་དེ་ནི་གཞི་གཞན་ཐོས་པ་དང༌། དོགས་པ་ མ་ཡིན་ལ། གཞན་གཉིས་ཀྱང་དེ་བཞིན་ནོ། །དེས་ན་གཞི་གཞན་ཡོད་ཀྱང༌། གང་གིས་གླེང་བའི་གཞི་དེ་མེད་ན་ལྷག་མ་སྟེ། སྔར་ལྟུང་བའི་གཞི་བཅུ་གཅིག་གི་སྐབས་ཀྱི་ཕྱི་མ་ལྔ་འདིར་ཁུངསོ། །གཞི་གསུམ་བྱུང་ཡང་བརྗེད་པ་ནི་ཡོད་པ་མ་ཡིན་ པས་དེ་ལ་འདུ་ཤེས་བསྒྱུར་ནས་སྨྲས་ན་ལྷག་མའོ། །དེ་ནི་ཞེས་པ་དང༌། བརྗེད་པ་ནི་ཞེས་པ་གཉིས་ཉམས་པའི་ཡུལ་ལ་སྐུར་བ་ལྷག་མར་འགྱུར་བའི་ཁུངས་ཡིན་ལ། དོན་གྱི་དེ་ཉིད་ནི་དེ་གཉིས་སྒྲུབ་པར་བྱེད་པའོ། །དེ་ཡང་ཕམ་པ་དང་པོ་ 2-2-54a བྱེད་པ་མཐོང་བ་ཐོས་སོ་ཞེས་སྨྲས་ན་མཐོང་བའི་གཞི་ཡོད་ཀྱང་ཐོས་པའི་གཞི་མེད་པས་ལྷག་མར་འགྱུར་བ་དང༌། མཐོང་ནས་བརྗེད་པ་ལ་འདུ་ཤེས་བསྒྱུར་ནས་མཐོང་ཞེས་སྨྲས་པ་ལྷག་མར་གསུངས་པ་གཉིས་མ་དག་ པའི་ཁུངསོ། །འདུ་ཤེས་བསྒྱུར་ན་དོན་གྱི་དེ་ཉིད་ཡོད་ཀྱང་རྫུན་དུ་འགྱུར་ལ། མ་བསྒྱུར་ན་མེད་ཀྱང་བདེན་པར་སྨྲ་བས་ལྷག་མར་མི་འགྱུར་ཏེ། བདེན་རྫུན་ནི་འདུ་ཤེས་དང་འབྲེལ་གྱི། དོན་དང་མ་འབྲེལ་བའི་ཕྱིར་རོ། །རྣམ་འབྱེད་ལས་འབྱུང་བའི་ བག་ཙམ་ནི། སྔར་བསྟན་པ་རྣམས་ཐུན་མོང་བར་ཤེས་པར་བྱས་ལ། ཁྱད་པར་ནི། གང་ཟག་འདིས་ཕམ་པར་འགྱུར་བ་ལྷག་པར་སྤྱད་པར་བྱས་སོ། །ཞེས་པའི་བརྗོད་པར་བྱ་བ་དོན་གསལ་བ་དེ་ལས་གཞན་མི་གསལ་བའོ། །དེའི་ཚིག་ནི་བརྗོད་བྱ་ གཞན་ལ་གནས་པའི་ཚིག་སྟེ། དེས་སྐུར་བ་བཏབ་ན་ལྷག་མའོ། །དེ་ལ་ཡང་ཡང་དག་པ་སྲིད་པས་དེ་གསལ་བའི་ཕྱིར་རྫུན་པའོ། །ཞེས་སྨྲས་སོ། །གཞན་ལ་བརྟེན་པ་ནི་གཞན་གྱི་ཆའོ། །དེའི་རྗེས་སུ་མཐུན་པ་ནི་གཞན་གྱི་ཆ་དང་མཐུན་པའོ། ། གཞི་མེད་པར་སྐུར་པ་འདེབས་པ། དོན་གསལ་བ་ལས་རྣམ་པ་གཞན་གྱིས་སྐུར་པ་འདེབས་པ་དོན་མི་གསལ་བའི་ཚིག་དགེ་འདུན་ལྷག་མ་བྱེད་པ་ནི་གཞན་གྱི་ཆ་དང་མཐུན་པ་སྟེ། བག་ཙམ་ཞེས་ཀྱང་བྱའོ། །ཞེས་ཊཱི་ཀྐ་ལས་སོ། །རྣམ་འབྱེད་ པ་ནི། གཞན་གྱི་ཆ་མ་ཡིན་པ་དང་མཐུན་པ་ཞེས་བྱ་བ་ལ། གཞན་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའི། །དེའི་ཆ་དང་མཐུན་པ་མ་ཡིན་པ་ནི། ཕམ་པར་འགྱུར་བའི་ཆོས་བཞི་པོ་དག་གོ་ཞེས་གསུངས་སོ། །གཉིས་ཀའི་ཐུན་མོང་བ་ཞུ་བའི་ 2-2-54b སྐབས་ནས་འབྱུང་བ་ནི། མི་བསྟན་པས་ཞེས་ཏེ། དགེ་སློང་ལ་མ་ནིང་མོའི་ཟག་བྱེད་དུ་དང༌། དགེ་སློང་མ་ལ་མ་ནིང་ཕོའི་ཟག་བྱེད་ཀྱིས་སྐུར་པ་འདེབས་ན་སྦོམ་པོ་སྟེ། ལམ་གཞན་དུ་ཡིན་ན་ལྷག་མའོ། །འདི་སྦོམ་པོ་དངོས་ཡིན་ཏེ། རྩ་འགྲེལ་ནས་བཤད་པ་ དང༌། ཕམ་པའི་མིང་གིས་སྐུར་བའི་ཕྱིར་རོ། །ཞེས་སྨྲ་བ་ལ། དེ་ལྟ་ན་དོན་ཇི་ལྟ་བ་ཉིད་ལ་ནི་ཞེས་དང༌། བསམ་པ་ནི་དེ་ཉིད་ཅེས་པ་དང་འགལ་ཞིང༌། ཕམ་པར་འགྱུར་བ་ལྷག་པར་སྤྱོད་པས་ཞེས་དོན་ཡན་ལག་ཏུ་གསུངས་པ་དང་འགལ་ཞིང༌། ཤམ་ཐབས་ ཟླུམ་པོར་མ་གྱེན་པའི་ཕམ་པ་འབྱུང་ངོ༌། །ཞེས་པ་ལ་ཡང་ཐལ་བར་འགྱུར་རོ། །ཞེས་སུན་ཕྱུང་ནས་རང་གི་ལུགས་ནི་ཉེས་བྱས་ལ་སྦོམ་པོར་བཏགས་པ་ཡིན་ཏེ། གང་གིས་སྐུར་པ་འདེབས་བའི་ལྟུང་བ་ནི་སྦོམ་པོ་ཡིན་པ་དང༌། སྦོམ་པོ་ལྕི་ཤོས་དབྱེན་དང༌། ཁྲག་འབྱིན་པས་སྐུར་བ་ལ་ཡང་ཉེས་བྱས་ལས་མེད་པའི་ཕྱིར་དང༌། ཞུས་པ་ལས་སྦོམ་པོས་སྐུར་པ་ལ་ཉེས་བྱས་སུ་གསུངས་པའི་ཕྱིར། གཞན་དུ་ན་ཕམ་པས་སྐུར་བ་ལ་ཡང་ཕམ་པ་བསྐྱེད་པར་ཧ་ཅང་ཐལ་ལོ། །ཞེས་ཟེར་རོ། ཁ་ཅིག་སྦོམ་པོས་ སྐུར་པ་ལ་སྦོམ་པོར་འགྱུར་བ་མ་ཡིན་ཏེ། སྡེ་ཆེན་ན་སྨད་པའོ། །འདི་ལྟར་མི་བསྟན་པ་ལ་སྤྱད་པ་ཕམ་པའི་སྦོམ་པོས་སྐུར་བ་ལ་ལྷག་མའི་སྦོམ་པོ་བྱུང་བའོ། །ཟེར་བ་ནི་ཁྲག་འབྱིན་པས་སྐུར་བ་ལ་ཉེས་བྱས་སུ་གསུངས་པ་དང་འགལ་ལོ། ། ཁྲག་འབྱིན་པའི་མཚམས་མེད་ནི། སྲོག་གཅོད་ཀྱི་ཕམ་པར་གཏོགས་པའི་སྦོམ་པོའོ། །དགེ་འདུན་གྱི་དབྱེན་བྱས་པའི་མཚམས་མེད་ནི་དབྱེན་དུ་གཏོགས་པའི་སྦོམ་པོ་ཟེར་བ་ནི་དཔྱད་པར་བྱའོ། །བསམས་ཏེ་ཞེས་པ་ལ། ཊཱི་ཀྐ་ལས། བསམས་ཏེ་སྨྲས་ 2-2-55a སོ། །ཞེས་རྣམ་པ་དེ་ལྟ་བུས་གཞོགས་སྨོས་བྱེད་ན་ཉེས་བྱས་སོ། །འདིར་སོགས་པའི་སྒྲ་ནི། རྣམ་པ་གཞན་གྱི་དོན་བསྟན་པའི་ཕྱིར་རོ། །ཞུ་བ་ལས། དགེ་སློང་སྟན་ལས་ལངས་ཏེ། བདག་གིས་བསམས་ཏེ་སྨྲས་སོ་ཞེས་ཟེར་ ཞིང༌། སྐྱེ་བོ་ཐམས་ཅད་ལས་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བ་ལྟ་བུའོ། །ཞེས་གསུངས་པའི་དགོངས་པ་བཙལ་བར་བྱའོ། །ཊཱི་ཀྐ་ལས། བག་ཙམ་ལའང་རྣམ་པ་དེ་དག་ཤེས་པར་བྱ་སྟེ། བདག་གིས་དགེ་སློང་མ་ཆེ་གེ་མོ་ཞེས་བྱ་བ་མ་ནིང་ཕོ་ དང་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་པ་མཐོང་ངོ༌། །ཞེས་བྱ་བ་སོགས་པའོ། །ཞེས་གསུངས་པས་དགེ་སློང་ལ་སྐུར་ན་མ་ནིང་མོ་དང་སྦྱར་རོ། །དེས་ན་འདི་གཞི་མེད་ཀྱི་སྐུར་ལུགས་ཡིན་ལ། དགེ་སློང་དང༌། དགེ་ སློང་མ་ཆེ་གེ་མོ་དང༌། མ་ནིང་ཕོ་མོ་དང༌། མི་ཚངས་པར་སྤྱོད་པ་འཁྲིགས་པ་བསྟན་པ་མཐོང་ངོ་ཞེས་སྦྱར་དགོས་ཏེ། རྣམ་འབྱེད་ཀྱི་གནད་ཀྱིས་སོ། །དེའི་ཕྱིར་འདི་ལྟར་སྐུར་བ་ན། སྐུར་མཁན་གྱིས་ཟག་བྱེད་ལ་བསམ་པ་ཡིན་ན་སྦོམ་པོ་དང༌། ཁ་དང་བཤང་ལམ་བསམས་ནས་སྨྲས་ན་ལྷག་མ་འོང་བས་འདིའི་སྐུར་པ་འདེབས་ལུགས་ཤེས་ན། སྔར་གྱི་རྩོད་ལན་རྣམས་ཇི་ལྟར་ཡིན་པ་བདེ་བླག་ཏུ་ཤེས་པར་འགྱུར་རོ། །འདི་སྨྲ་བ་པོས་བསམ་པ་ལྟར། གོ་བྱ་ཡུལ་གྱིས་ཀྱང་དེ་ལྟར་ཤེས་ པ་དགོས་སམ་སྙམ་མོ། །དེས་ན་ལྷག་མ་བསྐྱེད་པ་འཁྲིག་པའི་བསྟེན་ཡུལ་དེ་མ་ནིང་ཕོ་མོ་ལྟ་བུ་མ་མིན་པ་སྦྱར་བ་དགོས་སོ། །བསྒོ་བ་ལས་གྱུར་པ་ལ་གསུམ་ལས། སྐབས་སུ་གཏོགས་པའི་སྦོམ་པོ་ནི། གཞན་གྱི་འཁོར་ལྷན་ཅིག་གནས་ 2-2-55b པ་སོགས་ཏེ། དེ་ཁ་འདྲེན་པ་ནི། རང་གི་ཕྱོགསུ་འཇོག་པ་སྟེ། དེ་བྱེད་ན་སྦོམ་པོའོ། །བྱ་སྤྱོད་དེ་ལས་ཐ་དད་པར་བྱས་ཏེ། དབྱེན་གྱི་རྣམ་པས་ཞུགས་པའོ། །ཞེས་ཟེར་རོ། །ཕ་མས་མ་གནང་བ་རབ་ཏུ་འབྱིན་པ་ལ་ཉེས་བྱས་དང༌། ལྷན་ཅིག་གནས་པ་དང༌། ཉེ་གནས་གཞན་གྱིས་བརྐུས་པ་རང་གི་སར་བྲོས་སུ་བཅུག་པ་ལ་ཕམ་པ་དང༌། མའི་རྣམ་འབྱེད་ལས། ཁྱིམ་ཐབ་ཀྱིས་མ་གནང་བའི་ཉེ་དུ་རབ་ཏུ་འབྱིན་པ་ལ་ལྷག་མར་གསུངས་པ་དང༌། འདིར་སྦོམ་པོར་གསུངས་པ་རྣམས། གཞན་དབང་བ་ རང་གི་ཕྱོགས་སུ་འཇོག་པར་མཚུངས་པ་ལ་ལྟུང་བ་ཐ་དད་པ་ཇི་ལྟར་ཡིན་ཞེ་ན། གཉིས་པ་མ་གཏོགས་པ་རྣམས་ལ་ཕམ་པ་མེད་དེ། རྐུ་སེམས་མེད་པའི་ཕྱིར་རོ། །རབ་ཏུ་འབྱིན་པ་གཉིས་ལྟུང་མེད་མ་ཡིན་ཏེ། གཞན་ལ་གནོད་པའི་བྱ་བ་ལ་ ཞུགས་པས་སོ། །དེ་ལྟ་ནའང་དབྱེན་གྱིས་སྦོམ་པོར་མི་འགྱུར་ཏེ། ཁྱིམ་འཁོར་བའི་རྒྱ་མཚོ་ལས་སྒྲོལ་སྙམ་པས་ཞུགས་ཀྱི། བྱ་བ་དང་སྤྱོད་པ་ཐ་དད་པའི་སྒོ་ནས་འབྱེད་པ་ལ་མ་ཞུགས་པས་སོ། །ལྟུང་བ་ཆེ་ཆུང་ནི་ཡུལ་ལ་གནོད་པ་ཆེ་ཆུང་གིས་ ཞེས་སྔ་མ་རྣམས་ཟེར་རོ། །ཐུན་མོང་གི་མཚན་ཉིད་ལ་གསུམ་ལས་ཐུན་མོང་དུ་བཞག་པའི་ཆོས་ནི་ལྔ་སྟེ། བསྒོ་གྱུར་བཅུ་ལས། བསྒོ་བ་ཡོད་པར་འདྲ་བའི་ཐུན་མོང་དང༌། བཟློག་པ་ལྔ་ལྔ་ཡོད་པར་འདྲ་བ་དང༌། བཟློག་པ་དང༌། ལྟུང་བའི་གྲངས་ འདྲ་བ་དང༌། ཉེར་ལེན་དང་བཟློག་པའི་ལྷན་ཅིག་བྱེད་པའི་རྐྱེན་གཉིས་མཐུན་པའི་ཐུན་མོང་ངོ༌། །དང་པོ་ནི། བཞམས་བསྒོ་སོགས་བཟློག་པ་ཡོད་ན་ལྟུང་བ་རྫོགས་ལ། མེད་ན་མི་རྫོགས་པ་འདྲའོ། །གཉིས་པ་ནི། ཐ་མལ་བའི་གྲོས་ཀྱིས་བཟློག་པ་བཞམས་ 2-2-56a བསྒོ་དང༌། བཟློག་པ་དངོས་མ་ཡིན་ཡང༌དེའི་རྒྱུ་གསོལ་བ་དང༌། བཟློག་པ་དངོས། བརྗོད་པ་གསུམ་སྟེ། ལྔ་ཚང་ན་ལྟུང་བ་རྫོགས་ལ། མ་ཚང་ན་དེ་ལྟ་མ་ཡིན་ཏེ། ཚད་བཟུང་གི་ལྟུང་བ་ཡིན་པས། ཚད་མ་རྫོགས་ན་དེ་ལྟར་མི་འགྱུར་བས་ སོ། །གསུམ་པ་ནི། ཟློག་བྱེད་ལྔ་ཡོད་པ་བཞིན་དུ་དེ་དག་བྱས་ཀྱང་མི་གཏོང་བ་ན། ལྟུང་བ་ཡང་ལྔར་འགྱུར་བའོ། །བཞི་པ་ནི་བཟློག་པ་ལ་སྦྱོར་བའི་སྦྱོར་བ་དང༌། སྦྱོར་བ་དང་མཐར་ཐུག་གསུམ་ཡོད་པ་ལ་ལྟུང་བ་ཡང་ཉེས་བྱས་དང༌། སྦོམ་པོ་དང༌། ལྷག་ མར་འགྱུར་བའོ། །ལྔ་པ་ནི། གང་མཐུན་པ་ནི། བཞམས་བསྒོ་སོགས་བཟློག་པ་ལྔའོ། །གང་དང་མཐུན་པ་ནི། དང་པོ་རང་རང་གིས་ཀུན་སློང་གིས་བསླང་བའི་རྗེས་སྒྲུབ་དང༌། བར་དུ་མི་གཏོང་བར་རྗེསུ་སྒྲུབ་པའི་ཉེར་ལེན་གྱི་རྒྱུ་དང་པོ། །གང་ལ་མཐུན་པ་ནི་ དབྱེན་ལ་སོགས་པ་བསྒོ་བ་ལས་གྱུར་པ་རྣམས་ལའོ། །ཐབས་གང་གིས་མཐུན་པ་ནི། གསོལ་བ་ཞེས་བྱ་བའི་གྲོས་སུ་བསྡུར་བའི་བདག་ཉིད་ཀྱིས་སོ། །ཚུལ་ཇི་ལྟར་མཐུན་པ་ནི། བཟློག་པ་རྐྱེན་བྱས་ནས་ཉེར་ལེན་དེ་དག་སྦྱོར་ལྟུང་ལ་སོགས་པ་ བསྐྱེད་པ་ལ་ནུས་པ་ཆེར་འགྲོ་བར་རོ། །དེ་ལྟར་མཐུན་པའི་འཐད་པ་ནི་རྐྱེན་དེ་དག་གིས་བྱས་པའི་བྱེད་པ་མངོན་ཞེན་དམ་པ་དང༌། སྡིག་པའི་བསམ་པ་ཤས་ཆེ་བར་འགྱུར་བའི་ཕྱིར་རོ། །བསྒོ་གྱུར་ཕམ་པ་དང་ལྟུང་བྱེད་ལ་མི་འདྲ་བ་ཤེས་པར་བྱའོ། ། ཞེས་སྔ་མ་རྣམས་ཟེར་རོ། །ལྟུང་བ་བསྐྱེད་པའི་ཚུལ་ནི། ཁ་ཅིག་པར་འཇུག་ལ་གཉིས་ཡོད་པས་སྦྱོར་ལྟུང་བཅུ་བཞི་དང༌། དངོས་གཞི་དང་བཅོ་ལྔ་སྟེ། དེ་དག་རྫས་ཐ་དད་དོ། །ཞེས་འདོད་དེ། བཞམས་བསྒོའི་གོང་གི་འཇུག་པ་རྩིས་པ་འདྲའོ། །ཁ་ 2-2-56b ཅིག་པར་འཇུག་གཉིས་གཉིས་བྱེད་ན། དེ་དག་གིའང་བར་འཇུག་གོ་དགོས་པས་གསུམ་གསུམ་དུ་འགྱུར་བས་བར་འཇུག་རེ་རེ་སྟེ། སྦྱོར་ལྟུང་དགུ་དང༌། དངོས་གཞི་སྟེ་བཅུ་ཡིན་ལ། དེ་དག་ཀྱང་རྫས་ཐ་དད་དོ། །དེས་ན་བཞམས་བསྒོའི་འོག་ནི་གསོལ་བའི་ གོང་དང་གཅིག་གོ། །དེ་བཞིན་དུ་གཞན་ལ་བལྟའོ་ཞེས་ཟེར་རོ། །ཁ་ཅིག་ནི། སྦྱོར་ལྟུང་ལྔ་དང༌། དངོས་གཞི་སྟེ་དྲུག་ཡིན་ལ་དེ་དག་ཀྱང་རྫས་ཐ་དད་དོ། །ཞེས་ཟེར་རོ། །དེ་ལ་ཁ་ཅིག །ཊཱི་ཀྐ་ལས། བར་འཇུག་བཤད་པ་མེད་པ་མི་རུང་ལ། གཉིས་གཉིས་མི་ འཐད་པས་སྔ་མ་གཉིས་ཀྱི་ལུགས་མ་ཡིན་ནོ། །རྫས་ཐ་དད་ནི་མ་ཡིན་ཏེ། ཡིན་ན་འདོད་པ་བར་པ་ལྟར་བྱ་དགོས་ལ། དེའི་ཚེ་གསོལ་པ་དང༌། བརྗོད་པ་དང་པོའི་བར་འཇུག་དེ་གསོལ་བའི་ལྟུང་བ་དང་འབྲེལ་ན་གཉིས་ལས་མི་འདྲ་བས། ངོས་འབྱར་ བའི་ཚུལ་གྱིས་འབྲལ་ན་དེ་གཟུགས་ཅན་གྱི་ཆོས་ཡིན་ལ། ལྟུང་བ་གཟུགས་སུ་མེད་པའི་ཕྱིར་དང༌། ཡོད་དུ་ཆུག་ཀྱང་རིག་མིན་ཡིན་པས་དེ་ལ་འགལ་བའི་ཕྱིར་རོ། །ཐིམ་པའི་ཚུལ་གྱིས་འབྲེལ་ན་རྫས་ཐ་དད་པ་ཉམས་སོ། །མ་འབྲེལ་ན་བར་དུ་ལྟུང་མེད་ ཀྱིས་ཆོད་དགོས་ལ། དེ་ནི་མི་འཐད་དེ། འདུན་པ་བཟློག་པ་སོགས་ཀྱི་རྒྱུ་མེད་པའི་ཕྱིར་རོ། །སྒྲུབ་བྱེད་དུ་འདོད་པའི་རྒྱུ་ཚོགས་ཐ་དད་པའི་ཕྱིར་རོ། །ཞེས་པ་མ་གྲུབ་སྟེ། དངོས་གཞི་གཅིག་སྐྱེད་པའི་རྒྱུ་ཡིན་པའི་ཕྱིར། དུས་སྔ་ཕྱི་སོགས་ཐ་དད་པས་ སྙམ་ན། གསོལ་བ་སོགས་རེ་རེ་ལའང་ཆ་དུ་མ་ཡོད་པ་དང༌། རྒྱུན་ལྡན་གྱི་སྦྱོར་བ་ཐམས་ཅད་ལ་དེ་ལྟར་ཐལ་བ་དང༌། དངོས་གཞི་བཤགས་པས་མི་འདག་པར་ཐལ་བའི་ཕྱིར་རོ། །བཟླས་པ་ནི་ཐ་དད་པ་ཉིད་དོ། །ཞེས་པ་ཡང་ཁུངས་སུ་མི་རུང་སྟེ། 2-2-57a དགོངས་པ་ཅན་ཡིན་པའི་ཕྱིར་ཏེ། དགོངས་གཞི་ནི། བཟློག་བསྒོའི་བཟློག་མཚམས་ཐ་དད་པའོ། །དགོས་པ་ནི། བརྗོད་པ་ཐ་མའི་ཚེ། སྦྱོར་ལྟུང་དུ་འགྱུར་གྱི། སྔ་མ་རྣམས་ལ་མི་འགྱུར་ཏེ། རིང་བའི་རྒྱུ་ཡིན་པའི་ཕྱིར། སྦྱོར་བའི་སྦྱོར་ བའོ། །སྙམ་པའི་ལོག་རྟོག་སྤངས་པའི་ཕྱིར་རོ། །འོ་ན་དེ་ལ་སྦོམ་པོར་བསྟན་པས་ཆོག་གི། ཐ་དད་དོན་མེད་དོ་སྙམ་ན། མི་ཆོག་གོ་སྔ་མས་རྒྱུ་བྱས་ན་ཐ་མས་སྦོམ་པོ་བསྟན་ཏོ། །སྙམ་དུ་འཛིན་པ་མི་བཟློག་ལ། ཐ་དད་དུ་བསྟན་པ་ན་སྦོམ་པོའི་ རྒྱུར་མི་འཛིན་གྱི། སྦོམ་པོ་ཉིད་དུ་གོ་བས་སོ། །དེས་ན་རྫས་གཅིག་ལ་གནས་སྐབས་ཐ་དད་པའོ། །ཞེས་ཟེར་རོ། །དུས་སྔ་ཕྱིའི་དངོས་པོ་རང་བཞིན་གཅིག་ལ་གནས་སྐབས་ཐ་དད་པར་སྨྲ་བ་ནི་སེར་སྐྱའི་ལུགས་འོངས་པ་ཡིན་ནོ། །ལྟུང་བ་ཆེ་ཆུང་ གཏན་ལ་དབབ་པ་ནི། ཁ་ཅིག་བཞམས་བསྒོའི་མཐའ་ནས་སྦོམ་པོ་འབྱུང་སྟེ། རྣམ་འབྱེད་ལས་དེ་ལྟར་གསུངས་པ་དང༌། རིགས་པས་ཀྱང་གསོལ་བ་ལ་སོགས་པ་དང་འདྲ་བར་བཟློག་པ་ལ་ཞུགས་པར་མཚུངས་པའི་ཕྱིར། ཞེས་འདོད་པ་ལ། གཞན་ དག་ན་རེ། དེ་མི་འཐད་དེ། མའི་སོ་ཐར་འབྲེལ་པ་ལས། དེ་ལྟར་བསྒོ་བ་ན་མི་གཏོང་བ་ཉེས་བྱས་སོ། །ཞེས་པ་དང༌། ཚིག་ལེའུར་བྱས་པ་ལས་ཀྱང༌། བཤམས་ཏེ་བསྒོས་ཀྱང་མི་གཏོང་ན། །ཉེས་བྱས་ཉིད་དུ་བཞག་པ་ཡིན། །གསོལ་བའི་ལས་ནི་དང་པོ་ གང༌། །བརྗོད་ཚེ་མི་གཏོང་སྦོམ་པོ་ཡིན། །བརྗོད་པ་ཡང་ནི་དེ་བཞིན་ཏེ། །མཐའ་ནི་དགེ་འདུན་ལྷག་མ་ཡིན། །ཞེས་གསུངས་པས་སོ། །རིགས་པ་ཡང༌། ཊཱི་ཀྐ་ལས། བཞམས་ཏེ་བསྒོ་བ་ཞེས་བྱ་བ་ནི། འདིར་དགེ་འདུན་དུ་མ་གྱུར་པའི་དགེ་སློང༌། ཚངས་པར་ 2-2-57b མཚུངས་པར་སྤྱོད་པ་བཙུགས་པས་ཕན་ཚུན་ཟློག་པར་བྱེད་པ་ཡིན་པར་རིག་པར་བྱའོ། །འཇུག་པ་ཉིད་ནི་མི་གཏོང་བའི་བདག་ཉིད་ཀྱི་འཇུག་པ་བས་ཤས་ཆུང་བ་ཡིན་ནོ། །ཞེས་གསུངས་པ་ལ། དེ་ཡང་བཞམས་བསྒོའི་དུས་ཀྱི་མི་གཏོང་བ་གསོལ་ བ་ལ་སོགས་པའི་དུས་ཀྱི་མི་གཏོང་བ་ལས་ཤས་ཆུང་བར་བསྟན་པས་ལྟུང་བ་ཡང་ཆུང་བར་གསལ་བས་ཉེས་བྱས་སོ། །གཞན་ཡང༌། ཊཱི་ཀྐ་ལས། གསོལ་བ་དང༌། ལས་བརྗོད་པའི་དུས་དེ་གཉིས་ནི་ལྟུང་བའི་བྱེད་པ་པོ་ཡིན་གྱི། དུས་ཕྱི་མ་གཞན་ གྱི་རྩོམ་པ་གཅིག་ཏུ་གྱུར་པའི་ཕྱིར་དེའི་ཁུངས་སུ་གཏོགས་པ་ཉིད་དོ། །ཞེས་གསུངས་པས་བཟློག་པ་དང་འབྲེལ་བའི་སྦྱོར་ལྟུང་སྐྱེ་བའི་ཐོག་མ་དང༌། ཐ་མ་དངོས་གཞིའི་དུས་གཉིས་གཟུང་བས་གསོལ་བ་ནི་སྦོམ་པོར་གསལ་ཏེ། འདི་ལྟར་ལྟུང་བར་གྲུབ་ཙམ་ ནས་འཛིན་ན། རྩོམ་པ་ལ་འཇུག་པ་ནས་དང༌། བཟློག་པ་དང་འབྲེལ་ཙམ་ནས་འཛིན་ན། བཞམས་བསྒོ་སྨོས་པར་རིགས་པའི་ཕྱིར་རོ། །རྩ་བ་ལས་གསུངས་པ། གསོལ་བ་ནི་བཟློག་པ་དང་འདྲ་ཞེས་བརྗོད་པས། བཟློག་པའི་རྐྱེན་བྱེད་པ་བཞིན་དུ་གསོལ་བ་ཡང་ ཡིན་ཞེས་དངོས་སུ་དོགས་པ་བཅད་ཀྱང༌། ཞར་ལ། བརྗོད་པ་ལ་སྦོམ་པོར་འགྱུར་བ་བཞིན་དུ་གསོལ་བ་ལ་ཡང་ངོ༌། །ཞེས་དོགས་པ་བཅད་པའི་ཕྱིར་ཏེ། བཞམས་བསྒོ་ནས་སྦོམ་པོར་འགྱུར་ན། གསོལ་བ་ལ་སྦོམ་པོའི་དོགས་པ་བསལ་མི་དགོས་པའི་ཕྱིར་རོ། ། རྣམ་འབྱེད་ལས། སྦོམ་པོར་གསུངས་པ་ནི་དགོངས་པ་ཅན་ཏེ། ཉེས་བྱས་ལ་དེར་བཏགས་པའོ། །བཟློག་པར་ཞུགས་པར་མཚུངས་པ་ནི། བཟློག་པ་ཙམ་དུ་མཚུངས་པར་ནི། མ་ངེས་ཏེ། བླ་མའི་ཆོས་གོས་ལ་ནོམ་ཉུག་ཉེས་བྱས་སུ་འགྱུར་ལ། རྫས་གཞན་ལ་ 2-2-58a སྦོམ་པོར་འགྱུར་བ་བཞིན་ནོ། །ཁྱད་པར་མེད་པར་ཞུགས་པ་ནི་མ་གྲུབ་སྟེ། རྟེན་ཚོགས་ལོངས་པ་དང༌། ཆོ་གའི་ལས་དགོས་མི་དགོས་ཀྱི་ཁྱད་པར་དང་བཅས་པའི་ཕྱིར་རོ། །དེས་ན་དབྱེན་ལ་རྩོལ་བ་ལྟ་བུ་ནས་བཞམས་བསྒོའི་ བར་ནི་སྦྱོར་བའི་སྦྱོར་བ་ཉེས་བྱས་ཡིན་ལ། གསོལ་བ་ནི་སྦོམ་པོར་འགྱུར་རོ། །ཞེས་ཟེར་རོ། །རང་གི་ལུགས་ནི། ཚིག་གི་དོན་གྱི་སྐབས་སུ་སྟོན་པས། དེ་ལ་བཞི་ལ་སོགས་པར་བྱེད་པ་རྐྱེན་གྱི་ཐུན་མོང་ནི། དབྱེན་ལ་སོགས་པ་བཞི་བྱེད་པ་བཟློག་ པའི་ཕྱིར་རྐྱེན་གྱིས་བཟློག་པ་ན་བྱ་བ་དེ་མི་གཏོང་བ་སྟེ། མི་སྤོང་བར་རྗེས་སུ་བསྒྲུབ་པའི་རང་བཞིན་ཏེ། རྣམ་པ་ལུས་དང༌། ངག་གིས་རིག་བྱེད་དམ། ཅང་མི་སྨྲ་བའི་གནས་སྐབས་སམ། གཉིས་ཀར་གྱུར་པས་ནི་རྗེས་སུ་མཐུན་པ་སྟེ། དེ་དག་ ཀྱང་གང་ཞེ་ན། ལུས་ཀྱི་རིག་བྱེད་ནི། ཚུལ་ཤིང་འབྲིམ་པ་སོགསོ། །ངག་གི་རིག་བྱེད་ནི་བསླབ་ཚིག་ལྔ་ལ་སོགས་པའོ། །ཅང་མི་སྨྲ་བ་ནི་ཡིད་ཀྱི་རང་བཞིན་དབྱེ་བར་འདོད་པ་སོགས་སོ། །གཉིས་ཀ་ནི་ལུས་ངག་ཡིད་ཀྱིའོ། །ཞེས་ཟེར་རོ། ། འོན་ཀྱང་དབྱེན་ལ་སོགས་པའི་ཕྱིར་དུ་ལུས་ཀྱིས་སྤྱོད་པ་དང༌། ངག་གི་སྨྲ་བ་དང་མི་སྨྲ་བའི་སྐབས་དེ་གཉིས་ཀ་ནི། ལུས་ངག་གཉིས་ཀ་ཚོགས་པ་དང༌། མ་ཚོགས་པའི་སྐབས་རྣམས་དང༌། ངག་གི་ཡང་རིམ་གྱིས་སྨྲ་བ་དང༌། མི་སྨྲ་བ་གཉིས་ཀར་གྱུར་པའི་ སྐབསོ། །རྗེསུ་མཐུན་པ་ནི། རྗེསུ་འགྲོ་བ་དང་མཚུངས་པའོ། །འདི་གསུམ་སྦྱོར་བའི་སྦྱོར་བ་དང༌། མཐར་ཐུག་ལ་སྦྱོར་ཡང་རྣམ་གྲངསུ་རིག་པར་བྱའོ། །སུ་ཞིག་གི་རྗེས་སུ་མཐུན་པ་ནི་བཟློག་པའི་ཚུལ་གྱིས་ཏེ། འདི་ལྟར་བཟློག་པ་ཇི་སྙེད་པ་ལྟུང་བ་ 2-2-58b ཡང་དེ་སྙེད་དུ་འགྱུར་ཏེ། བཟློག་པ་གཅིག་ལ་མི་གཏོང་བར་རྗེས་སུ་བསྒྲུབ་པའི་རང་བཞིན་ཡང་གཅིག་ཁོ་ན་སྟེ། རྗེས་སུ་བསྒྲུབ་པའི་ལྟུང་བ་ཡང་གཅིག་ཁོ་ནའོ། །དེ་བཞིན་དུ་གཉིས་ལ་གཉིས་ལ་ལོག་པར་རིག་པར་བྱའོ། །དེ་ནི་གྲངས་མཐུན་པ་སྟེ། འདིས་ ནི་བཅོ་ལྔ་དང༌། བཅུར་འདོད་པ་བཀག་ནས་བཟློག་པ་ལྔ་ལ་ལྟུང་བ་ལྔར་བསྟན་མོད། བརྗོད་པ་ཐ་མའི་སྦོམ་པོ་ཡང་བསྟན་པར་གཟུང་ངོ༌། །དེ་ལྟ་ན་སྦྱོར་ལྟུང་ལྔ་དང༌། ལྷག་མ་སྟེ་དྲུག་ཏུ་འགྱུར་རོ། །གནས་སྐབས་མཐུན་པ་ཡང་བཟློག་པའི་ཚུལ་གྱིས་ རྗེས་སུ་མཐུན་ཏེ། འདི་ལྟར། བཟློག་པ་སྦྱོར་བ་ལ་ལྟུང་བ་ཡང་སྦྱོར་བ་དང༌། བཟློག་པ་མཐར་ཐུག་ལ་ལྟུང་བ་ཡང་མཐར་ཐུག་པ་སྟེ། ལྷག་མར་འགྱུར་བའོ། །འདིས་བཟློག་བསྒོ་དང་འབྲེལ་བའི་ལྟུང་བ་ལ་སྦྱོར་བ་དང༌། མཐར་ཐུག་གཉིས་སུ་གྲངས་ངེས་ པར་བསྟན་ནས། བཞམས་བསྒོའི་མཐའ་ལ་སྦོམ་པོར་བསྟན་ཏེ། འདི་འོག་ཏུ་བཤད་པར་བྱའོ། །དེ་ལྟ་ན་ཊཱི་ཀྐ་ལས། མཐུན་ལུགས་གཉིས་བཤད་པའི་སྔ་མས་ནི། ལྟུང་བའི་གྲངས་ལ་དོགས་པ་དཔྱད་ལ། ཕྱི་མས་ནི་སྦྱོར་དངོས་ལ་དོགས་པ་ དཔྱད་དོ། །ཊཱི་ཀྐ་ལས། གསོལ་བ་ཞེས་བྱ་བ་ནི། ངག་གི་རྣམ་པར་རིག་བྱེད་ཀྱི་རྗེས་སུ་མཐུན་ཏེ། ཞེས་གསུངས་པ་ནི། བཤམས་བསྒོ་དང༌། བརྗོད་པའི་མཚོན་བྱེད་དུ་གོ་བར་བྱའོ། །དེའི་ཕྱིར་མཐུན་པ་ལྔ་བྱས་པའི་དང་པོ་དང༌། ཐ་མ་མི་དགོས་ཤིང༌། དགོངས་པ་མིན་ལ། གཉིས་པ་ཡང་གྲངས་མཐུན་པར་བསྟན་པས་ཆོག་པས་མི་དགོས་སོ། །མཐུན་པའི་རྒྱུ་མཚན་དུ་ནི་ཊཱི་ཀྐ་ལས། གང་གི་ཕྱིར་དགེ་འདུན་ལྷག་མ་བཞི་པོ་དེ་དག་བཟློག་པ་དང་འབྲེལ་བ་ཡིན་པ་དེའི་ཕྱིར། ཞེས་གསུངས་སོ། ། 2-2-59a གསོལ་བ་ནི་དངོས་སུ་བཟློག་པ་མིན་པས་བརྗོད་པ་དང་མི་འདྲའམ་སྙམ་དུ་དོགས་པ་བསལ་བའི་ཕྱིར་འདྲ་ཞེས་སོ། །གང་འདྲ་བ་ནི་གསོལ་བའོ། །གང་དང་འདྲ་བ་ནི། བཟློག་པ་དང་ཞེས་ཏེ། བརྗོད་པ་དང་པོ། གང་ལ་འདྲ་བ་ནི། དབྱེན་ལ་སོགས་པ་ལས་བཟློག་པར་བྱ་བ་ཉིད་ལའོ། །འདྲ་བའི་ཚུལ་ནི། ལས་བརྗོད་པ་དག་བྱས་པའི་ཚེ་མི་གཏོང་བར་རྗེས་སུ་བསྒྲུབ་པ་ལྟུང་བའི་བྱེད་པ་པོ་ཡིན་པ་དེ་བཞིན་དུ། གསོལ་བ་བྱས་པའི་ཚེ་ཡང༌། མི་གཏོང་བར་རྗེས་སུ་བསྒྲུབ་པའི་སྦྱོར་བ་ ལ་ལྟུང་བར་འགྱུར་བ་ཁོ་ནའོ། །འདིར་དགེ་འདུན་ལ་གསོལ་བ་གོ་བར་བྱ་བ་གང་ཡིན་པ་དེ་ནི། དངོས་སུ་བཟློག་པ་ཉིད་མ་ཡིན་གྱི། བཟློག་པའི་ཐབས་ཡིན་པས་དེའི་ཕྱིར་འདྲ་བ་ཉིད་དུ་སྟོན་པར་བྱེད་དོ། །ཞེས་ཊཱི་ཀྐར་གསུངས་པའི་བཟློག་ པ་དངོས་དང༌། དེའི་ཐབས་ཀྱི་ཁྱད་པར་ནི། གསོལ་བའི་སྐབས་སུ། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། ཞེས་གནང་ན་བསྒོ་བར་བྱའོ། །ཞེས་བཟློག་སྒོ་བྱེད་པར་ཞུ་བ་དང༌། བརྗོད་པའི་ སྐབས་སུ། དེའི་སླད་དུ་དགེ་འདུན་གྱིས་ཞེས་གནང་བ་ཞུས་ནས་བཟློག་བསྒོ་དེ་དངོས་སུ་སོང་བ་ཡིན་ནམ་སྙམ་སྟེ་དཔྱད་པར་བྱའོ། །བཞམས་བསྒོ་ནི་དངོས་སུ་བྱ་བ་ཐོང་ཞིག་ཅེས་ཡུལ་དེ་ཁོ་ན་ཉིད་ལ་བྱེད་ཀྱི། དགེ་འདུན་ལ་གནང་བ་ཞུ་བ་ལྟ་བུ་མིན་པས་ དོགས་པ་མེད་པ་འདྲའོ། །གསོལ་བའི་ཚིག་ལྟུང་བའི་བྱེད་པ་པོར་བསྟན་པ་ན་དེ་ལ་ཆ་ཤས་དུ་མ་ཡོད་པས་དེ་རྣམས་ཇི་སྙེད་པ་དེ་སྙེད་ཀྱི་ལྟུང་བར་འགྱུར་རམ་སྙམ་པ་བསལ་བའི་ཕྱིར། ཞེས་ཏེ། ཚིག་གང་ལ་སྐད་ཅིག་མ་གཅིག་ལ་ལྟུང་བ་ 2-2-59b འབྱུང་བའི་སྐད་ཅིག་མ་དེའི་ཁོངས་སུ་ཚིག་མཐའ་དག་འདུས་སོ། །དེས་ན་རྒྱུན་ཤིན་ཏུ་རིང་ཡང་ཚིག་གཅིག་ཏུ་ཟད་དེ། ལྟུང་བ་ཡང་གཅིག་ཁོ་ན་འབྱུང་བ་ཡིན་གྱི། ཆ་ཤས་རེ་རེ་དང་རྩ་བ་རེ་རེ་ལ་འབྱུང་བ་མིན་ནོ། །རྩ་བ་ནི། འོ་ན་ལྟུང་བ་འབྱུང་བའི་ཚིག་གི་ སྐད་ཅིག་མ་དེ་གང་ཞེ་ན། ཊཱི་ཀྐ་ལས། སྐད་ཅིག་མ་གང་ལ་ཚེ་དང་ལྡན་པ་ལྷན་ཅིག་ཁྱོད་དགེ་འདུན་འབྱེད་པར་བྱེད་པའི་དངོས་པོ་འདི་ལྟ་བུ་ཐོང་ཞིག་ཅེས་བྱ་བ་ལ་སོགས་པ་བརྗོད་པ་ན་ཚིག་ཕལ་ཆེར་བྱས་པ་ཉིད་ཡིན་པས་དེ་ནི་འདིར་ནི་དངོས་གཞིའི་དུས་ཡིན་ ཏེ། གསོལ་བ་དང༌། ལས་བརྗོད་པའི་དུས་དེ་གཉིས་ནི་ཞེས་སྔར་ལྟར་གསུངསོ། །འདིར་སོགས་ཀྱི་སྒྲས་ནི་དེར་དེ་རྗེས་ཕྱོགས་ལ་སོགས་པ་གསུམ་པོའི་ཕལ་ཆེར་བྱས་པའི་དུས་བསྡུས་སོ། །དངོས་གཞིའི་དུས་ཤེས་པ་ནི། བརྗོད་པ་གསུམ་པ་ཉིད་ལ་སྦྱར་རོ། ། གསོལ་བ་དང་ལས་བརྗོད་པའི་དུས་དེ་གཉིས་ཞེས་པ་གསུམ་གྱིས། གསོལ་བ་དང་བརྗོད་པ་གསུམ་གྱིས་ཕལ་ཆེར་བྱས་པའི་དུས་དེ་གཉིས་སུ་ཚིག་ལྷག་མ་ལུས་པར་སྟོན་གྱི། དུས་དེ་ནས་སྦོམ་པོར་འགྱུར་གྱི། གསོལ་བའི་སྔ་རོལ་ཏུ་མི་འགྱུར་ཞེས་ མི་སྟོན་པ་ནི་ཚིག་ཉིད་ལས་ཤིན་ཏུ་གསལ་ལོ། །ཊཱི་ཀྐ་ལས། སྔར་ལྟར་གསུངས་ཏེ་བསྒྲུབ་པར་བཞེད་ནས། འདིར་གཞུང་ནི། གསོལ་བར་བྱེད་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ལས་བརྗོད་པ་བྱས་པ་ན་ཉེས་པ་སྦོམ་པོར་འགྱུར་རོ། ། ཞེས་གསུངས་པ་ཡིན་ནོ་ཞེས་དྲངས་ཏེ། འདི་འོག་ཏུ་སྦྱར་རོ། །གསོལ་བའི་ཚིག་རྣམས་ལྟུང་བ་གཅིག་གི་རྒྱུར་བསྟན་པ་ན། བརྗོད་པ་རྣམས་ཀྱང་ལྟས་པ་ཙམ་དུ་ཟད་པས་ལྟུང་བ་གཅིག་ཁོ་ན་བྱེད་དམ་སྙམ་པ་བསལ་བའི་ཕྱིར་བཟླས་པ་ནི་ཞེས་སོ། །དེ་ལྟར་ན་ལས་ 2-2-59c བརྗོད་པ་ལན་རེ་རེ་ལ་ལྟུང་བ་རེ་རེ་བྱུང་བར་འགྱུར་ཏེ། འདིར་གཞུང་ནི། ལས་བརྗོད་པ་དང་པོ་མ་རྫོགས་པར་གཞི་དེ་གཏོང་ན། དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་རྫོགས་པར་བརྗོད་པ་ན་ཉེས་པ་སྦོམ་པོར་འགྱུར་རོ། །དེ་བཞིན་དུ་ལས་ བརྗོད་པ་གཉིས་པ་དང༌། གསུམ་པ་མ་རྫོགས་པར་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ལས་བརྗོད་པ་གཉིས་པ་རྫོགས་པར་བརྗོད་ན་ཉེས་པ་སྦོམ་པོར་འགྱུར་རོ། །ལས་བརྗོད་པ་གསུམ་པ་རྫོགས་པར་བརྗོད་ན་དགེ་འདུན་ལྷག་ མར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །ཞེས་དྲངས་སོ། །འདིར་དྲངས་པའི་གཞུང་ནི། རྣམ་འབྱེད་ལ་བྱ་དགོས་ལ། ད་ལྟ་རྣམ་འབྱེད་ན། གསོལ་བ་དང༌། བཞིའི་ལས་ཀྱི་བསྒོ་བ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ གསོལ་བར་བྱས་པ་ན་ཉེས་པ་སྦོམ་པོར་འགྱུར་རོ། །ལས་བརྗོད་པ་དང་པོ་བརྗོད་པ་ན། མ་རྫོགས་པར་གཞི་དེ་གཏོང་ན་ལེགས། གལ་ཏེ་མི་གཏོང་ན་རྫོགས་པར་བརྗོད་པ་ན་ཉེས་པ་སྦོམ་པོར་འགྱུར་རོ། །ལས་བརྗོད་པ་གཉིས་པ་བརྗོད་པ་ན་མ་ རྫོགས་པར་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་རྫོགས་པར་བརྗོད་པ་ན་ཉེས་པ་སྦོམ་པོར་འགྱུར་རོ། །ལས་བརྗོད་པ་གསུམ་པ་བརྗོད་པ་ན་མ་རྫོགས་པར་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ཉེས་པ་སྦོམ་པོར་ འགྱུར་རོ་ཞེས་དང༌། རྫོགས་པར་བརྗོད་པ་ན་དགེ་འདུན་ལྷག་མར་འགྱུར་རོ་ཞེས་པ་སྣང་ངོ༌། །འདི་སྒྲ་སོར་བཞག་ན། གསོལ་བ་བྱས་པ་ན་གཏོང་ན་ལེགས། གལ་ཏེ་མི་གཏོང་ན་གསོལ་བ་བྱས་པ་ན་སྦོམ་པོར་འགྱུར་ཞེས་པ་འདོད་དགོས་པ་དང༌། 2-2-59d ཊཱི་ཀྐར་དྲངས་པ་དང་མ་མཐུན་པས། ཊཱི་ཀྐ་ལྟར་བྱ་དགོས་སོ་སྙམ་མོ། །འོ་ན་གསོལ་བའི་སྦོམ་པོ་དེ་གསོལ་བའི་ཚིག་ཕལ་ཆེར་བྱས་པ་ན་བསྐྱེད་པ་དང༌། ལས་བརྗོད་པ་དང་པོ་བྱས་པ་ན་བསྐྱེད་པ་གཉིས་འགལ་ཞིང༌། དེ་བཞིན་དུ་བརྗོད་པའི་སྦོམ་པོ་དང༌། ལྷག་མ་ དེའི་ཕལ་ཆེར་བྱས་པ་ན་བསྐྱེད་པ་དང༌། བརྗོད་པ་རྫོགས་པར་བྱས་པ་ན་བསྐྱེད་པ་གཉིས་ཀྱང༌། འགལ་ལོ་ཞེ་ན། ཊཱི་ཀྐར་གསོལ་བའི་གསུམ་གཉིས་བྱས་པ་ན་ལྟུང་བ་བསྐྱེད་པར་མཛད་ནས། དེའི་གཞུང་དྲངས་པ་ཉིད་ལས་གསོལ་བའི་སྦོམ་པོ་བརྗོད་པ་དང་པོ་ བྱས་པ་ལ་ལྟོས་པར་གསུངས་པ་གཉིས་ནི་མ་མཐུན་ཞིང༌། དེ་དང་ད་ལྟའི་མུ་གཉིས་ཀྱང་མ་མཐུན་པས་འདི་ནི་དཔྱད་དགོས་ཏེ། འདི་ལྟར་ཊཱི་ཀྐའི་གོང་འོག་གཉིས་སོ་སོར་བཞག་ན་སྔར་ལྟར་འགལ་བས། ཊཱི་ཀྐའི་ཕལ་ཆེར་བྱས་པ་ན་བསྐྱེད་པ་གསུངས་པ་མ་དག་ པར་བྱ་ཐབས་མེད་པའི་ཕྱིར། ཁུངས་དྲངས་པ་མ་དག་པར་མངོན་ཏེ། ལུང་དང་མ་མཐུན་ཞིང༌། ཊཱི་ཀྐ་ཉིད་ཀྱི་དགོངས་པ་དང་ཡང་འགལ་བའི་ཕྱིར་དང༌། ཕལ་ཆེར་བྱས་པའི་ཁུངས་སུ་བྱས་ཀྱང༌། དེས་དེ་ལ་གནོད་པར་སྣང་བའི་ཕྱིར་རོ། །བརྗོད་པ་གསུམ་གྱི་ གསུམ་གཉིས་དང༌། བརྗོད་པ་རྫོགས་པ་མི་འགལ་ཏེ། འདིར་རྫོགས་མ་རྫོགས་ནི། ལྟུང་བ་བསྐྱེད་པའི་ཡན་ལག་ཏུ་སོང་བའི་བརྗོད་པ་རྫོགས་མ་རྫོགས་ལ་དགོངས་པར་བཤད་ནུས་པའི་ཕྱིར་ཏེ། ཕལ་ཆེར་བྱས་ན་བྱས་པའོ། །ཞེས་ཊཱི་ཀྐ་ཉིད་ལས་ གསུངས་པའི་ཕྱིར་རོ། །ཕལ་ཆེར་རྫོགས་ན་རྫོགས་པའོ། །ཞེས་ཀྱང་སྨྲ་བར་ནུས་པའི་ཕྱིར་རོ། །ཊཱི་ཀྐར་དྲངས་པ་ལ་བརྗོད་པ་གསུམ་པའི་སྦོམ་པོ། མ་བྱུང་ཡང་ལུང་ན་ཡོད་ཅིང༌། དོན་ལའང་ཐོར་པས་དེ་ནི་ལུང་ལྟར་བྱའོ། །མཇུག་སྡུད་ནི། ལས་བྱས་ 2-2-60a པ་གོ་བར་བྱས་པ་ཙམ་ཡིན་པས། དེ་ནི་ཐ་དད་པ་མིན་ནོ། །དེ་ཡང་བཟླས་པ་ཐ་མའི་ནང་དུ་གཏོགསོ། །དབྱེན་བྱེད་པ་ལ་རྩོལ་བ་ལ་སོགས་པའི་འཇུག་པ་ནི་སྦྱོར་བ་སྟེ་སྡོམ་པོའོ། །ཊཱི་ཀྐར། འཇུག་པ་ཞེས་བྱ་བའི་གནས་སྐབས་ཀྱི་བྱེ་ བྲག་མ་བསྟན་པས་ན་བཞམས་ཏེ་བསྒོ་བ་དང༌། གསོལ་བ་བྱ་བ་ལ་སོགས་པ་དག་གི་འོག་དང་སྔ་རོལ་ཡང་ཡིན་པར་རིག་པར་བྱའོ། །ཞེས་གསུངས་པ་འདིས་བཞམས་བསྒོ་དང༌། གསོལ་བའི་བར་དང༌། གསོལ་བ་དང༌། བརྗོད་པ་དང་པོའི་བར་ དང༌། དང་པོ། གཉིས་པའི་བར་དང༌། གཉིས་པ་གསུམ་པའི་བར་གྱི་དབྱེན་ལ་སོགས་པ་ལ་འཇུག་པའི་བར་འཇུག་གི་སྦོམ་པོ་ཞེས་པ་བཟློག་བསྒོའི་ལྟུང་བ་ལས་གཞན་པར་བསྟན་པར་སྔ་མ་རྣམས་སྨྲའོ། །དེའི་དགོངས་པ་ནི། འཇུག་པ་ནི་སྦྱོར་བ་ཉིད་དོ། ། ཞེས་གསུངས་པས་སྦོམ་པོའི་རྒྱུར་གྱུར་པའི་འཇུག་པ་ཐོག་མཐའ་གཉིས་ཀྱི་སྒོ་ནས་འཛིན་པ་ཡིན་ཏེ། འདི་ལྟར་བཞམས་ཏེ་བསྒོས་པའི་འོག་དང༌། གསོལ་བའི་སྔ་རོལ་གྱི་བར་གྱི་འཇུག་པ་ནི་བསྒོ་བ་ལས་གྱུར་པའི་སྦོམ་པོ་དང་པོའི་རྒྱུ་ཡིན་ནོ། །བཞམས་བསྒོའི་ དུས་དང༌། དེའི་སྔ་རོལ་གྱི་འཇུག་པ་ལ་སྦོམ་པོ་མེད་པས་བཞམས་ཏེ་བསྒོ་བའི་འོག་ཅེས་གསུངས་ལ། གསོལ་བ་བརྩམས་པའི་གནས་སྐབས་ཀྱི་འཇུག་པ་ནི། བཞམས་བསྒོ་གྱིས་ཀྱང་མི་གཏོང་བའི་སྦོམ་པོའི་རྒྱུར་མི་རུང་བས་གསོལ་བའི་སྔ་རོལ་ཞེས་ གསུངས་སོ། །དེ་ནི་ཤིན་ཏུ་རིགས་ཏེ་བསྒོ་གྱུར་གྱི་སྦོམ་པོ་ནི། བསྒོས་ཀྱང་མི་གཏོང་བའི་འཇུག་པ་ལ་བསྐྱེད་དགོས་པས་བཞམས་བསྒོའི་སྔ་རོལ་ཏུ་བསྒོ་བ་གཏན་མེད་པའི་ཕྱིར་དང༌། བཞམས་བསྒོ་བྱེད་བཞིན་པ་ན་བསྒོས་ཟིན་པ་མེད་པའི་ཕྱིར་རོ། །དེ་བཞིན་ 2-2-60b དུ་གསོལ་བ་དང༌། བརྗོད་པ་དང་པོ་གཉིས་ཀྱི་མགོ་བརྩམས་པ་ནས་ཕལ་ཆེར་བྱས་པའི་བར་གྱི་འཇུག་པ་ཡང་སྦོམ་པོའི་རྒྱུ་མ་ཡིན་པས། རང་རང་གི་སུམ་གཉིས་ཤེས། བརྗོད་པ་དང་པོ་དང༌། གཉིས་པ་དང༌། གསུམ་པའི་སྔ་རོལ་གྱི་བར་གྱི་འཇུག་པ་རྣམས་ ལ་སྦོམ་པོར་རྣམ་པར་བཞག་གོ། །སྦོམ་པོ་ཐ་མ་ནི། བརྗོད་པ་གསུམ་པའི་སྒོ་ནས་གསུམ་གཉིས་ཀྱི་བར་གྱི་འཇུག་པ་ལ་བཞག་གོ། །ཊཱི་ཀྐར་འཇུག་པ་འདི་ནི་ཞེས་འབྱུང་བ་ནི། བཞམས་བསྒོའི་དུས་ཀྱི་འཇུག་པ་ཡིན་གྱི་བསྒོས་ཟིན་པའི་འོག་གི་འཇུག་པ་ལ་མི་ བྱའོ། །འཇུག་པ་ནི་སྦྱོར་བ་ཞེས་བྱས་ན། བསྐྲད་པའི་ལས་མ་བྱས་པར་འདུན་པས་འགྲོའོ། །ཞེས་པ་ལ་སོགས་པ་ཟེར་བ་དང༌། གླེང་དྲན་མ་བྱས་པར་ངག་གི་ཉན་པར་འཇུག་པ་ཡང་སྦྱོར་བར་འགྱུར་བ་གསལ་བའི་ཕྱིར་བསྐྲད་པ་སོགས་ནི་སྦྱོར་བ་དེའི་སྦྱོར་བ་ ཉེས་བྱས་སུ་གསུངས་སོ། །ཞུས་པ་ལས། དེ་གཉིས་ཀྱི་སྐབས་ཀྱི་ལྟུང་བ་ཉེས་བྱས་དང༌། སྐབས་དེར་བསྒོ་བར་མི་བྱ་དང༌། བསྒོས་ཀྱང་མི་ཆགས་པར་གསུངས་པའི་ཐ་མ་ནི། ཆགས་ལ་ཉེས་བྱས་སུ་དོགས་པ་བསལ་བའི་ཕྱིར་རོ། །ཉེས་བྱས་སུ་འགྱུར་བའི་ འཐད་པ་ནི། ཊཱི་ཀྐ་ལས། གནས་སྐབས་འདི་ལ་ནི་མངོན་པར་ཞེན་པ་དང༌། སྡིག་པའི་བསམ་པ་ཤས་ཆུང་བའི་ཕྱིར་རོ། །དེས་ན་ཉེས་བྱས་སུ་གསུངསོ་ཞེས་སོ། །ཡང་ཊཱི་ཀྐར། དྲན་པར་བྱས་པའི་གནས་སྐབས་ན་ནི་ཁ་ན་མ་ཐོ་བ་དྲན་དུ་ཟིན་ཀྱང་ཡོངས་སུ་མི་ གཏོང་བས་མངོན་པར་ཞེན་པ་ཆོས་དམ་པ་ཉིད་དང༌། སྡིག་པའི་བསམ་པ་ཡང་ཆེས་ལྕི་བ་ཉིད་ཡིན་པར་ཤེས་པས་དེའི་ཚེ་ནི་སྦོམ་པོར་གསུངས་སོ། །ཞེས་བཀའ་བློ་མི་བདེ་བ་ལ་གླེང་དྲན་བྱས་པའི་འོག་ཏུ་ངག་མི་ཉན་པ་ལ་སྦོམ་པོར་མཛད་དོ། །རྣམ་འབྱེད་པ་ནི། 2-2-61a བཞམས་བསྒོའི་གོང་དབྱེན་ལ་འཇུག་པ་དང༌། དེའི་གྲོགས་བྱེད་པ་དང༌། བདག་ཉིད་བསྐྲད་པའི་ལས་བྱས་པར་ཤེས་བཞིན་དུ་འདུན་པས་འགྲོ་བ་སོགས་ཟེར་བ་དང༌། དགེ་སློང་རྣམས་གདོན་པར་གཏོགས་པ་བསླབ་པའི་གཞི་རྣམས་ དང༌། བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱི་ཆོས་དང་མཐུན་པ་དང༌། འདུལ་བ་དང་མཐུན་པར་སྨྲས་པ་ན། བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་བྱེད་ན། ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ། །ཞེས་བཞི་ག་ལ་འདྲ་བར་བཤད་དོ། ། འོ་ན་ལྷག་མ་དང་པོ་གཉིས་ལ་ཡང༌། བཞམས་བསྒོའི་གོང་གི་འཇུག་པ་ལ་ཉེས་བྱས་ཡིན་ན་འཇུག་པ་སྦྱོར་བའི་དམིགས་བསལ་དུ་བསྐྲད་པ་དང་ཞེས་ལྷག་མ་འོག་མ་གཉིས་ཁོ་ན་ལ་སྟོན་པ་ཅི་ཞེ་ན། འཇུག་པ་སྦྱོར་བའི་འཇུག་པ་ནི། ཊཱི་ཀྐར་ བཤད་པ་ལྟར་བཞམས་བསྒོའི་འོག་གི་འཇུག་པ་ཡིན་པའི་ཕྱིར། བསྒོ་བ་བྱས་ཀྱང་མི་གཏོང་བའི་འཇུག་པ་ཡིན་ལ། དབྱེན་དང་དེར་རྗེས་ཕྱོགས་གཉིས་ནི། བྱ་བ་དེ་ལ་ཞུགས་ཙམ་ནས་བསྒོ་བ་ཆགས་ཤིང༌། འོག་མ་གཉིས་ལ་ནི་བསྐྲད་པ་ དང༌། གླེང་དྲན་མ་བྱས་པའི་སྐབས་སུ་བསྒོ་བ་ལྔ་བྱས་ཀྱང་མི་གཏོང་བའི་འཇུག་པ་ལ་ཉེས་བྱས་ལས་མེད་པའི་ཕྱིར་སྐྱོན་མེད་དོ། །བསྐྲད་པ་དང༌། གླེང་དྲན་མ་བྱས་པ་དེ་ལ་ནི་བཞམས་བསྒོ་ཡན་ཆད་ཀྱིས་བསྒོ་བར་མི་བྱའོ། །གླེང་བ་ནི། ཕྱོགས་ གཅིག་གླེང་བ་དང༌། དྲན་པ་ནི་ཡོངས་སུ་རྫོགས་པར་དྲན་པར་བྱེད་པའོ། །ལྷག་མ་བཞི་ནི་གནས་སྐབས་གང་ལ་འབྱུང་ཞེ་ན། ལས་ཀྱི་བསྒོ་བ་དེའི་མཐའ་ལ་མི་གཏོང་ན་སྟེ། ལས་བརྗོད་པ་གསུམ་པའི་མཐའ་ལའོ། །སོ་སོའི་མཚན་ཉིད་ལ་བཞི་ 2-2-61b ལས། དང་པོ་ནི། དོན་གང་མི་གཏོང་ན། དགེ་འདུན་གྱི་དབྱེན་བྱེད་པའི་ལྷག་མར་འགྱུར་ཞེ་ན། བསྐུལ་བ་སྟེ། ཕ་རོལ་གནོན་པར་བྱེད་པ་ཉིད་དོ། །ཡུལ་གང་ལ་བསྐུལ་བ་ནི། དབྱེན་ལའོ། །གང་གིས་དབྱེན་བྱེད་པ་ནི་དགེ་འདུན་གྱིས་ཏེ་མདོར་ན་དགེ་འདུན་གྱི་ དབྱེན་བྱ་བའི་ཡུལ་ལ། རང་གི་བཏུལ་བ་ལས་བརྗོད་པ་གསུམ་པའི་མཐར་མི་གཏོང་ན་དབྱེན་གྱི་ལྷག་མའོ། །འདི་དང་འཁོར་ལོའི་དབྱེན་གཅིག་ཏུ་འདོད་པ་ནི་མི་འཐད་དོ། །དབྱེན་བྱ་ལ། སོ་སོ་སྐྱེ་བོ་ཡིན་པ། བརྒྱད་ཡན་ཆད་དུ་ཚང་བ། ཁ་སྐོང་བར་འོས་པ་སྟེ་ གསུམ་དང༌། འབྱེད་པ་པོ་ལ་ཆོས་ལས། ཆོས་མ་ཡིན་པའི་ཕྱོགས་སུ་འབྱེད་པ། ཁ་སྐོང་འོས་པ་སྟེ་གཉིས་ཟེར་རོ། །གང་མི་གཏོང་ན་རྗེས་སུ་ཕྱོགས་པའི་ལྷག་མར་འགྱུར་ཞེ་ན། དགེ་འདུན་གྱི་དབྱེན་བྱེད་པ་དེའི་གྲོགས་ཉིད་རྗེས་སུ་བསྒྲུབ་པ་སྟེ། ནན་ཏན་ བྱེད་པ་སྔར་ལྟར་མི་གཏོང་ན་ལྷག་མའོ། །འདི་ལ་དགེ་སློང་ཆོས་དྲུག་ལྡན་གྱི་སྟེང་དུ་དབྱེན་མཚན་ཉིད་པའི་གྲོགས་བྱེད་པ་ལ་ཞུགས་པ་བདུན་ཟེར་རོ། །གང་མི་གཏོང་ན་ཁྱིམ་སུན་འབྱིན་པའི་ལྷག་མར་འགྱུར་ཞེ་ན། ཁྱིམ་སུན་འབྱིན་པའི་དགེ་སློང་རང་སྐྲོད་ པར་བྱེད་པའི་དགེ་འདུན་ལ་ལོག་པའི་བསམ་པ་འདུན་པ། ཞེ་སྡང༌། གཏི་མུག་འཇིགས་པའི་དབང་གིས་དགེ་འདུན་དེ་བདག་སྐྲོད་པའི་ལས་དེ་ལ་འདི་ལྟར་ཞུས་སོ་ཞེས་རྫུན་དུ་སྨྲ་བ་སྔར་ལྟར་མི་གཏོང་ན་ལྷག་མའོ། །འདི་ལ་གང་སུན་དབྱུང་བའི་ཡུལ་ ནི། རབ་ཏུ་བྱུང་བའི་རྟགས་སྡོམ་གང་དང་ཡང་མི་ལྡན་པའི་ཁྱིམ་པ་གཅིག་ཡན་ཆད་ཡིན་པ་དང༌། གང་གིས་སུན་དབྱུང་བའི་དངོས་པོ་ནི། རང་གི་ཚུལ་ཁྲིམས་དང་འགལ་བའམ། གཞན་གྱི་ཉེས་པ་བསྒྲགས་པ་ཡིན་པ་དང༌། གང་ལ་སྐུ་ 2-2-62a པ་གདབ་པའི་ཡུལ་ནི། ཆོས་དྲུག་ལྡན་གྱི་སྟེང་དུ། ཚོགསུ་ལོངས་པ་དང༌། རང་སྐྲོད་པ་ལ་ཆོས་དང་མཐུན་པར་ཞུགས་པའོ། །གོ་བྱའི་ཡུལ་ནི། ཐ་སྙད་ལྔ་ལྡན། ལུས་ཐ་མལ་པ། བདག་ལས་ཐ་དད་པ་གསུམ་མོ། །རྟེན་ ནི། བསྐྲད་པ་ནན་ཏུར་བྱས་པ་དང་འབྲེལ་བ་ཞེས་ཟེར་རོ། །གང་མི་གཏོང་ན་བཀའ་བློ་མི་བདེ་བའི་ལྷག་མར་འགྱུར་ཞེ་ན། དགེ་སློང་གིས་ལྟུང་བ་འབྱིན་པ་པོ་ལ་ལྷག་པའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ། གླེང་བ་ཉིད་ན་འདི་སྐད་ཅེས་བདག་ལ་ དགེ་སློང་གང་གིས་ཀྱང་ཚུལ་ཁྲིམས་འགའ་ལའང་གླེང་བར་མི་བྱའོ། །ཞེས་ཟེར་ཞིང༌། དེ་ལྟར་བདག་ཉིད་ཀྱི་ཚུལ་ཁྲིམས་དེ་ལ་དགེ་སློང་ཐམས་ཅད་དག་གིས་བརྗོད་པར་མི་བྱ་བ་ཉིད་དུ་བྱེད་པའི་བྱེད་པ་དེ་སྔར་ལྟར་མི་གཏོང་ན་ལྷག་མའོ། །དགེ་ སློང་དང་བསླབ་པའི་གཞི་དམིགས་ཀྱིས་བསལ་བ་དག་གིས་བརྗོད་པར་མི་བྱ་བར་བྱེད་ན་ཉེས་བྱས་སོ། །འདི་སྤང་བར་བྱ་བའི་ཡུལ་ནི་ཕྱོགས་བཅུ་ན་གནས་པ་མཐའ་དག་གོ། །གོ་བྱའི་ཡུལ་ནི། ཆོས་དྲུག་ལྡན་གྱི་སྟེང་དུ་བདག་ལ་གླེང་བ་པོ་ཡིན་པ་སྟེ་ དྲུག་ཟེར་རོ། །རྟེན་ནི། གླེང་དྲན་བྱས་ལ་ཆགས་པའོ། །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །སྡེ་ཚན་གསུམ་པ་ལྟུང་བྱེད་ལ། ལྟུང་བ་འགའ་ཞིག་བཤགས་པས་མི་ཆོག་པར་དངོས་པོ་སྤང་དགོས་པའི་སྤང་ལྟུང་ལ་ཐུན་མོང་བ་དང༌། ཐུན་མོང་ མིན་པ་གཉིས་གཉིས་ལས། དང་པོ་ལ་ལྔ་ལས། དུས་འབྲེལ་གྱི་ཐུན་མོང་བ་ནི་མདོ་བཞིའོ། །ཚིག་གི་དོན་ནི། དང་པོ་མ་ཡིན་པ་ལ་དེ་མེད། ཐ་མ་མ་ཡིན་པ་ལ་དེ་མེད་པས་ཞེས་ཟེར་བ་ལྟར་དོན་ལ་སྣང་ལ། དེ་མེད་ནི་ཞག་འདས་པའོ། །དེས་ན་སྤང་བའི་ 2-2-62b ཡན་ལག་ཀྱང་མཐའ་ཡིན་གྱི། དེ་མ་གཏོགས་པའི་ཐུན་བཅུ་ནི་མ་ཡིན་པས་ཞག་བཅུ་ལ་སོགས་པ་ལ་དེ་ཚུན་ཆད་ལས་དེ་འདས་པའི་ཞག་བགྲང་བར་བྱའོ། །ཡང་རྣམ་འབྱེད་ལས། ཚེས་ལ། ཆོས་གོས་རྙེད་ནས་ཞག་བཅུ་གཅིག་པའི་སྐྱ་རེངས་ཤར་ན་ལྟུང་ བྱེད་དོ། །ཞེས་རྙེད་པའི་ཞག་ལ་སྔ་དྲོ་ལ་སོགས་པའི་ཐུན་ཚད་ངེས་པ་མ་མཛད་པའི་ཕྱིར་ཏེ། གཞན་དུ་ན་ཚེས་ཀྱི་སྔ་དྲོ་ལ་རྙེད་ནས་བཅུ་གཅིག་གི་སྔ་དྲོ་ལ་ལྟུང་བྱེད་དོ། །ཞེས་གསུང་བར་འགྱུར་བའི་ཕྱིར་རོ། །འདི་ལ་ལོག་པར་རྟོག་པ་ནི། འཆང་སྤང་ གཉིས་དང་འཇོག་པ་སོགས་ལ་སྐྱ་རེངས་བཅུ་གཅིག་པ་དང༌། སོ་གཅིག་པ་སོགས་ཤར་དགོས་ཏེ། སྐྱ་རེངས་བརྒྱད་པ་ཤར་ནའོ། །ཞེས་འབྱུང་བས་རྙེད་པའི་ཉིན་མོ་སོང་བའི་སྐྱ་རེངས་ལ་བྱས་ན་ལྷུང་བཟེད་ལྷག་པ་ཞག་གཅིག་ལས་འདས་པར་འཆང་བའི་བཅས་པ་ བསྒྲུབ་པར་མི་ནུས་པས་རྙེད་ནས་སྐྱ་རེངས་བགྲང་དགོས་ལ་དེ་ལྟ་ན་ཞག་བཅུ་གཅིག་དང་སོ་གཅིག་སོགས་འདའ་དགོས་སོ་ཟེར་རོ། །བསྡུས་པ་འགྱུར་གསར་ལས་ཀྱང་འཆང་བ་ལ་བཤད་ཟེར་ཏེ་བརྟག་གོ། མི་འཐད་དེ་རྣམ་འབྱེད་ལས། ཞག་བཅུ་གཅིག་པའི་སྐྱ་ རེངས་ཤར་ནའོ། །ཞེས་གསུངས་པ་ལྟར། ཞག་བརྒྱད་པའི་སྐྱ་རེངས་ཞེས་སྦྱར་གྱི། སྐྱ་རེངས་རེ་རེ་ནས་བགྲངས་པའི་བརྒྱད་པ་མ་ཡིན་པའི་ཕྱིར་རོ། །གཞན་དུ་ན་ཞག་བཅུའི་ནང་དུ་གཞན་ལ་གཏང་བར་བྱ་བའམ། ཞེས་སོགས་མི་གསུང་པར་བཅུ་གཅིག་ གི་ནང་དུ། ཞེས་གསུངས་བའི་ཕྱིར་དང༌། བཅུ་པ་གསུམ་ཤན་གྱི་ཕྱིར་ཕན་ཚུན་མི་བལྟོས་པར་གསུངས་པ་དང་འགལ་ཏེ་བཅུ་འདས་པ་ལ་བཅུ་གཅིག་པའི་ཚེ་འོང་བར་འགྱུར་བའི་ཕྱིརོ། །འདི་ལ་སྨན་ཞག་བདུན་དུ་བྱིན་གྱིས་བརླབས་པ་ལ་བརྒྱད་པའི་སྐྱ་ 2-2-63a རེངས་ཤར་ན་ལྟུང་བར་འགྱུར་ན་ཞག་བདུན་དུ་བྱིན་གྱིས་བརླབས་པ་ལ་ཡང་བསྒྲེ་ཞིང༌། འདོད་ན། ཞག་གཅིག་ཏུ་བྱིན་རླབས་གསུངས་པ་དོན་མེད་དུ་ཐལ། ཞེས་པ་ལ་མི་མཚུངས་པའི་ལན་དབྱར་ལ་ཞག་ཁོ་ན་དང་འབྲེལ་ལ། སྨན་ལ་དེར་ མ་ངེས་ཏེ། ཐུན་ཚོད་དུ་རུང་བ་བཞིན་ཞེས་ཟེར་བ་ནི་གཉིས་ཀ་ལ་བརྟག་པའི་གནས་སོ། །གནས་པ་ལ་ནི་ཞེས་པ་ནི། མཚན་མོའི་མཐའ་མ་གཏོགས་པ་སྔ་མ་རྣམས་ཉམས་པའི་ཡན་ལག་མ་ཡིན་པར་ངེས་སམ་ཞེ་ན། གནས་འབྲེལ་གྱི་བདུན་ལ་ སྦྱོར་བའི་སྣོད་ཉེས་བྱས་སུ་འགྱུར་བར་སྟོན་ཞིང༌། དེ་ཡང་དམག་གི་ནང་ན་གནས་པ་མ་གཏོགས་པ་རྣམས་ལ་མཚན་མོ་ཁོ་ན་ཉེས་བྱས་སུ་འགྱུར་ཏེ། མཚན་མོ་གསུམ་པ་ལ་འགྲོན་པ་དག་གི་ཕྱི་རོལ་ཏུ་དག་པར། ཞེས་མཚན་མོ་སྨོས་པའི་ཕྱིར་རོ། །དམག་ ན་གནས་པ་ནི་ཉིན་པར་ཡང་ཉེས་པར་འགྱུར་ཏེ། དེར་གནས་པ་ཙམ་ཉིད་ཉེས་པར་འགྱུར་བའི་ཕྱིར། འགྲེལ་པའི་ཁྱད་པར་འབྱེད་ལུགས་འདིས་ནི་ཁ་ཅིག་འགྲེལ་ཆུང་དང༌། བསྡུས་པ་ལས་ཞག་བཅུ་རེ་རེ་ཞིང༌། ཉེས་བྱས་སུ་བཤད་པས་དངོས་གཞི་དང་། འབྲེལ་བའི་ཉེས་པ་མེད་ཀྱང་སྦྱོར་བ་ལྷོད་པས་རང་དགར་འཇོག་པའི་ཉེས་བྱས་འདོད་པ་ཡང་བཀག་གོ། །དེས་ན་གཞན་དབང་ལ་ཚད་བཟུང་རྣམས་ལ་ཚད་དེ་ཚུན་ཆད་དུ་ཉེས་པ་མེད་པ་ཡིན་ནོ། །སྔ་མའི་དཔེར་སྣང་བའི་རིམ་པ་གསུམ་པ་ལ་ཉེས་ བྱས་སུ་འགྱུར་བ་བཞིན་ཞེས་སྨྲ་བ་ནི་མི་འཐད་དེ། དེ་ལ་འགྲེལ་པར་རིམ་པ་གསུམ་པ་ལ་ཉེས་པས་དོགས་པ་བསལ་བའི་ཕྱིར། མདུན་རོལ་ཏུ་ནི་ཉེས་པ་མེད་དོ། །ཞེས་པའི་མདོ་གསུངས་པར་བཞེད་པའི་ཕྱིར་རོ། །སྐབས་དེར་འགྲེལ་པ་ལས། རིམ་ 2-2-63b པ་གསུམ་ལས་ལྷག་པ་བྱའོ། །སྙམ་པའི་བསམ་པ་དང་ལྡན་ཡང༌། བཞི་བརྩིག་པའི་མགོ་མ་ཚུགས་བར་དུ་ཉེས་པ་མེད་པར་གསུངས་པ་དང་སྦྱར་ནི་ཞག་བཅུ་ལ་སོགས་པ་ལས་ལྷག་པར་བཅད་དོ་སྙམ་པ་ཡོད་ཀྱང་བཅུ་ལོང་ཚུན་ལ་ཉེས་མེད་དུ་མངོན་ ནོ། །ལྟུང་བའི་གནས་འབྲེལ་རྣམས་ལ་ལྟུང་བར་འགྱུར་གྱི་གཞན་ལ་མིན་པ་ནི། ལྟུང་བའི་ཡུལ་རྟེན་གནས་གཅིག་ཚོགས་པ་དགོས་མི་དགོས་ཀྱི་འཕྲལ་ལ་ཞེན་པ་རྫོགས་མི་རྫོགས་ཡིན་ནོ། །ཞེས་སྔ་མ་དག་གསུངས་སོ། །ཉིན་མཚན་གྱི་དང་པོ་ གང་ན། དེའི་དང་པོ་ནི་སྐྱ་རེངས་གསུམ་ལས་དང་པོ་དེའི་ཡང་སྐད་ཅིག་དང་པོ་ཞེས་འགྲེལ་པ་ལས་སོ། །ལས་ལ་ནི་འདས་ན་ཉི་མ་ཤར་བའི་སྐད་ཅིག་དང་པོའོ། །ཞེས་གསུངས་སོ། །འདས་པ་ལ་རྐྱེན་དབང་གི་ཟེར་ཡང༌། ལུང་ཞུས་པ་རང་ནས་གསོ་སྦྱོང་ མ་གསུངས་པའི་སྐབས་སུ་བརྗེད་པ་ལ་མཛད་པས་རྐྱེན་དང་ལྡན་པ་མི་དགོས་སོ། །བདག་པོ་དང་འབྲེལ་བའི་ཐུན་མོང་བ་ལ་མདོ་བཞིའོ། །སྤང་བ་འབྱུང་བའི་དངོས་པོ་ལ་ནི། འདུ་ཤེས་ལས་གཙོ་ཆེར་རང་གི་ཉིད་ཡིན་གྱི་དོན་ལས་ནི་མིན་ལ། མ་བྱིན་ལེན་གྱི་རྫས་བདག་དང་ ཤི་བའི་ཡོ་བྱད་ལ་དེ་ལས་བཟློག་པའོ། །འདུ་ཤེས་གཙོ་ཆེ་བའི་རྒྱུ་མཚན་ནི། དོན་ལ་རང་མི་དབང་ཡང༌། དབང་བར་འདུ་ཤེས་ན་ཉེས་པ་བསྐྱེད་ལ། དབང་ཡང་འདུ་ཤེས་དང་བྲལ་ན་ཉེས་པ་མེད་པའི་ཕྱིར་རོ། །དོན་ཕྲད་པར་འདྲ་བ་ལ་འདུ་ཤེས་ཡོད་ན་དངོས་ གཞི་དང༌། མེད་ན་དངོས་གཞི་མེད་པའི་ཕྱིར། ཞེས་པ་ནི་བཟློག་ན་ཡང་དེ་ལྟར་འགྱུར་བའི་ཕྱིར་མི་འཐད་པ་འདྲའོ། །འདིར་འགྲེལ་པས་ཀོ་ལྤགས་ཀྱི་གཞིར། དགེ་སློང་གིས་དགེ་སློང་ལ་གོས་བསྐུར་བ་སྔ་མས་བསམ་པས་བཏང་བ་ཕྱི་མའི་སར་མ་བྱིན་པ་ནི། གང་ལ་ཡང་ 2-2-64a སྤང་བར་མི་འགྱུར་བར་གསུངས་པའི་དོན་འགྲེལ་པ་ན། ཆོས་གོས་ལ་སོགས་པ་བསྐུར་བ་དེ། བསྐུར་ས་དེ་དབང་བར་བྱས་སུ་ཟིན་ཀྱང༌། རང་གི་ཡིན་པའི་འདུ་ཤེས་པས་སྤང་བར་མི་འགྱུར་བ་ནི་མདོ་དང་པོའི་དོན་དང༌། བསམ་པས་ བཏང་བས་ན་བསྐུར་མཁན་ལ་སྤང་བར་མི་འགྱུར་བ་ནི་མདོ་གཉིས་པའི་དོན་དུ་བཞེད་དོ། །དེས་ན་སྤང་བ་ལ་འདུ་ཤེས་དགོས་པར་གྲུབ་བོ། །བསྐུར་བ་དེ་བསྐུར་སར་མ་སློབ་པའི་གོང་དུ་བསྐུར་ས་དེས་བྱིན་པར་འདུ་ཤེས་ཀྱང་སྐུར་བྱེད་དེ་ཤི་བའོ། །གཉིས་ ཀ་ཤི་ན་བསྐུར་མཁན་གྱི་ཤི་བའི་ཡོ་བྱད་དུ་བྱིན་གྱིས་བརླབས་ལ་བར་དུ་བརྐུས་ནའང་བསྐུར་མཁན་ལས་བརྐུས་པར་འགྱུར་བས་མ་བྱིན་ལེན་གྱི་བདག་པོ་དང༌། ཤི་བའི་སྤྱོད་ལ་དངོས་པོ་ལས་རང་གི་ཉིད་དུ་འཇོག་པར་བཞེད་དོ། །དེ་ལྟར་བསྐུར་ས་རུ་ སླེབ་ན་བསྐུར་བ་དབང་བ་དང༌། མ་སླེབས་ན་དངོས་པོ་དེ་དང་པོ་གང་གིས་བསྒྲུབ་པ་དེ་དབང་བར་བཞེད་པ་འདྲ་སྟེ་དཔྱད་པར་བྱའོ། །རང་དབང་བ་ལ་དབང་བར་འདུ་ཤེས་པ་དང༌། ཐེ་ཚོམ་ཟ་བ་གཉིས་ཀ་ལ་དངོས་གཞི་དང༌། རང་མི་དབང་བ་ལ་དབང་བར་ འདུ་ཤེས་པ་དང༌། ཐེ་ཚོམ་ཟ་བ་ལ་ཉེས་བྱས་སུ་གསུངསོ། །མདོ་འདི། དངོས་སུ་ལུང་དང༌། འགྲེལ་པ་ལས་འཆང་བ་ལ་སྦྱར་ཡང་སྔ་མ་རྣམས་ཀྱིས་དོན་ཐོབ་མཛད་ནས་ལྟུང་བ་བཅོ་བརྒྱད་ལ་སྦྱོར་ཏེ། བཅུ་ཚན་བར་པ་རིལ་དང༌། དང་པོ་ནས་འཆང་ འཇོག་འཁུར་འཇུག་གསུམ། ཐ་མ་ནས་ལྷུང་བཟེད་འཆང་བ་མཐའ་དག་འཇུག རས་ཆེན་བཞག་པ་དང༌། བསྒོ་བ་འཕྱིས་པ་དང༌། གསོག་འཇོག་སྟེ་ལྔའོ། །དེ་ལ་རང་དབང་བ་ལ་དེར་འདུ་ཤེས་པ་དང༌། གཞན་དབང་བ་ལ་དེ་ལྟར་དང༌། རང་དབང་བ་ལ་ 2-2-64b གཞན་གྱི་དེ་དང༌། གཞན་དབང་བ་ལ་རང་གིར་འདུ་ཤེས་པ་བཞི་ལ་ཅིར་འགྱུར་ནི། དང་པོ་ནི་ཐམས་ཅད་ལ་དངོས་གཞིའོ། །གཉིས་པ་ནི་འཆང་བ་གཉིས། འཇོག་པ། མཐོ་གང༌། རས་ཆེན། བསྒོ་འཕྱིས་ཏེ་དྲུག་ལ་ལྟུང་མེད། རིན་པོ་ཆེ་ལ་འབའ་ཞིག་པ། གཞན་བཅུ་གཅིག་ལ་ཉེས་བྱས་སུ་འགྱུར་རོ། །གསུམ་པ་ནི། དྲུག་སྔར་དང་འདྲ། རིན་པོ་ཆེ་ལ་འབའ་ཞིག་པར་གཏོགས་པ། བཅུ་གཅིག་ལ་འདི་ཉིད་དུ་གཏོགས་པའི་ཉེས་བྱས་སོ། །བཞི་པ་ནི། ཐམས་ཅད་ལ་འདིའི་ཉེས་བྱས་སོ། །ཞེས་བཞེད་དོ། །འདིར་ལོག་པར་ རྟོག་པ་ནི། འབྲལ་བ་ལ་རང་དབང་བ་དགོས་པ་དང༌། གཞན་དབང་བ་དེར་ཤེས་པའི་ཚེ་གསོག་འཇོག་གི་སྤང་ལྟུང་མེད་དོ། །ཞེས་ཟེར་བའི་སྔ་མའི་འདོད་པ། གཞན་གྱི་སྤང་རྒྱུ་མེད་པས་སྙམ་པ་ཡིན་ན། དེ་ལྟ་དགེ་སློང་མའི་བཅིངས་པ་འགྲོལ་དུ་འཇུག་པ་དང༌། གང་ཟག་ཁྱད་པར་ཅན་གྱི་སྤང་བ་ལ་ཡང་སྤང་རྒྱུ་མེད་པས་སྤང་ལྟུང་མ་ཡིན་པར་ཐལ་བ་དང༌། བཤགས་པའི་སྔ་རོལ་ཏུ་དངོས་པོ་མ་བརླག་པ་ཞེས་སྨོས་དགོས་པར་འགྱུར་རོ། །ཕྱི་མ་ལ་གཞན་དེས་དེ་ལ་གསོག་འཇོག་ཏུ་བྱེད་པ་ལའམ། གཞན་དབང་བ་ལ་དེར་ཤེས་ ཀྱིས་རང་གིས་བྱེད་པ་ལ་ལྟུང་བ་མེད་ཟེར། དང་པོ་ལྟར་ན། དེ་དམིགས་ཀྱིས་བསལ་བ་དོན་མེད་དོ། །གཉིས་པ་ལྟར་ན། ཉེས་པར་འགྱུར་ཏེ། ལོངས་སྤྱོད་རུང་དེར་མི་རུང་བར་བྱས་པའི་ཕྱིར། གཞན་གྱི་སྨན་ལ་ལག་ཉར་བྱས་བཞིན་ཟེར་རོ། །སྤྱིར་སྤང་ལྟུང་ལ་ དངོས་པོ་སྤང་དགོས་པས་མ་ཁྱབ་ཀྱང༌། སྡོམས་ཀྱིས་བསྡུས་པའི་ལྟུང་རྐང་གི་རིགས་ལ་སྲིད་དགོས་ཏེ། རིན་པོ་ཆེ་དང༌། གསོག་འཇོག་གི་སྐབས་སུ་གཞན་གྱི་ལ་སྤང་བ་མེད་པས་རང་གི་ཡིན་པ་དང༌། ཟོས་པ་ལ་སྤང་རྒྱུ་མེད་པས་བཅིངས་པ་དགོས་ཞེས་ 2-2-65a འགྲེལ་པ་ལས་གསུངས་པའི་ཕྱིར་རོ། །སྙིམ་པ་བཅིངས་པ་གྲོལ་བ་ལ་ཡང་གཞན་དབང་བ་ངེས་པར་མི་དགོས་སོ། །གཞན་དབང་བའི་གདིང་བ་ལ་ཞུས་པར་ཉེས་བྱས་སུ་གསུངས་པ་ནི། དེའི་བཟོ་ལ་དགོངས་ཞེས་ཟེར་བ་ ནི་གཉིས་ཀ་བརྟག་གོ། །སྤང་བར་འགྱུར་བ་རང་གི་ཉིད་ཡིན་པ་དེ་ནི་དགེ་འདུན་ནམ། གང་ཟག་གམ། གཞན་ལ་བསྔོས་ན་དེས་ཤེས་རུང༌། མི་ཤེས་རུང༌། དེའི་སར་བསྐུར་རུང་མ་བསྐུར་རུང་རང་གི་ཉིད་དང་བྲལ་ལོ། །ངེས་པར་བྱས་པ་ནི། རྣམ་པར་བཞག་པའོ། །དེ་ཉིད་ ནི་རང་གི་དང་བྲལ་བའོ། །བརྟག་ནའོ། །གཞན་ལ་བརྟགས་ན་རང་གི་དང་འབྲལ་བའོ། །ཀྱང་གིས་ནི་ལྷུང་བཟེད་མི་སྡུད་ཀྱི། བསྔོས་པས་འབྲལ་བར་མ་ཟད་རྣམ་བརྟགས་ཀྱིས་ཀྱང་ཞེས་པ་འགྲེལ་པའི་དོན་ནོ། །ཤན་དང་འབྲལ་བའི་ཐུན་མོང་བ་ལ་མདོ་བཞིའོ། ། རང་གི་ཉིད་ཅེས་པའི་ལྟུང་བ་འདི་ལ་ཞེས་པ་ནི། སྤང་ལྟུང་གང་ལ་རང་གི་ཉིད་ཡིན་པ་ཡན་ལག་ཏུ་དགོས་པའི་དངོས་པོ་འདི་ལའོ། །བསྔོས་པ་དང༌། རྣམ་པར་བརྟགས་ན། རང་གི་ཉིད་དང་བྲལ་བར་མ་ཟད། རྗེས་སུ་ཞུགས་པ་སྟེ། རྒྱུན་འབྲེལ་བ་ཉིད་ཀྱང་ ཉམས་སོ། །དཔེར་ན། ཚེས་ལ་གོས་རྙེད་པ་དེ་ཚེས་ལྔ་ལ་བསྔོ་བའམ། རྣམ་པར་རྟོག་པར་བྱེད་ན། དེའི་ཕྱི་ཉིན་གོས་གཞན་ཞིག་རྙེད་ཀྱང་དེ་ལ་སྔ་མའི་ཞག་གི་ཤན་མི་འབྱུང་སྟེ། རྒྱུན་འབྲེལ་བ་དེ་ཉམས་པའི་ཕྱིར་རོ། །རང་བཞིན་ལས་ཉམས་ པ་ལ་ཞུས་པ་ནས། གོས་རྙེད་ནས་ཞག་ལྔ་ན་སེམས་འཁྲུགས་པ་ན་དེའི་ཞག་བཅུ་གང་ནས་བགྲང་ཞུས་པ་ལས། རང་གི་སེམས་རྙེད་པ་ནས་སོ། །ཞེས་གསུངས་པ་ལ། ཁ་ཅིག་སྨྱོ་བ་སངས་མ་སངས་ཀྱི་བར་དུ་ཞག་བཅུ་འཆང་བ་ལྟ་བུ་ཡིན་ན་ཞག་ 2-2-65b གིས་ཆོད་པ་དགོས་སོ་ཞེས་འདོད་པ་ལ། དེ་ལྟར་ན་བསླབ་རྒྱུན་ཐ་དད་ལ་ཡང་ཞག་གིས་ཆོད་དགོས་པར་འགྱུར་བས་མྱོས་པ་ཙམ་གྱིས་ཆོད་པའོ་ཞེས་ཟེར་བ་ནི་ཕྱོགས་སྔ་མ་བཟང་སྟེ། དེ་ལྟ་ན་ཚེས་གཅིག་གིས་སྔ་དྲོ་གོས་རྙེད་ནས་གུང་ལ་མྱོས་ནས་མཚན་མོའི་ མཐའི་གོང་དུ་སྨྱོ་སངས་པ་དེ་ནས་ཞག་བཅུ་བར་མ་ཆད་དུ་བཅངས་པ་ལ་སྤང་བ་མི་འབྱུང་བར་འགྱུར་ཞིང༌། ལན་ཅིག་སྨྱོས་པ་དེ་ལ། དེ་གཏན་སྐྱེ་མི་སྲིད་པར་ཡང་འགྱུར་རོ། །ཡང་ངོས་ནི་བསྔོས་པ་དང༌། རྣམ་བརྟགས་ཀྱི་རྗེས་སུ་ཞུགས་པ་ཉམས་པར་མ་ ཟད་ཅེས་སྦྱར་གྱི། རང་གི་ཉིད་ཉམས་པར་མ་ཟད་ཅེས་སྦྱར་བར་མི་བྱའོ། །རང་གི་ཉིད་རྗེས་སུ་ཞུགས་པའི་གོས་སམ་སྣོད་ལ་སྨན་དེ་ཡོད་ན་དངོས་པོ་གཞན་ལས་རྗེས་སུ་ཞུགས་པ་དེ་འབྱུང་བ་ཉིད་དོ། །ཁྱད་པར་ནི་དེ་ལྟ་བུ་སྟེ། གསུམ་པ་དེར་རིགས་མཐུན་ པའོ། །འགྲེལ་པར་འཆང་བ་གཉིས་དང༌། འཇོག་པ་དང༌། ཞག་བདུན་པ་ཙམ་ལ་སྦྱར་བས་དོན་ལའང་ཞག་ཤན་འབྱུང་བ་ལ། དེར་བཞིར་ངེས་སོ། །སྔ་མ་ལ་རང་སྟོབས་ཀྱིས་སྐྱེས་པའི་ཞག་གི་རྒྱུན་མ་ཆད་པ་ཡོད་ན་ཕྱི་མ་ལ་ཡང་དེ་འོང་བས་ཕྱི་མའི་ཞག་སྔ་མ་ ལས་ལོགས་སུ་བགྲང་མི་དགོས་ཏེ། སྔ་མས་ཞག་བཅུ་འདས་ན་ཁྱིམ་ཡང་དེར་འགྱུར་བའི་ཕྱིར་རོ། །ཞག་བདུན་པ་ལ་ཁྱད་པར་མཛད་པ་ནི། རིགས་མཐུན་པ་ལའོ་ཞེས་ཏེ། བདུན་པ་ཙམ་དུ་རིགས་མཐུན་པས་མི་ཆོག་གི། མར་དང༌། འབྲུ་མར་ལ་སོགས་པ་ལ་རྡེག་པར་ བྱ་བྱེད་གཉིས་ཀ་མར་དང་འབྲུ་མར་སོགས་སུ་འདྲ་བ་ལ་རྗེསུ་ཞུགས་པ་དེ་འབྱུང་བ་ཉིད་དོ། །བྱེ་བྲག་གིས་རིགས་མཐུན་དགོས་མི་དགོས་ཀྱི་རྒྱུ་མཚན་ནི་འབྱུང་ཉེ་རིང་གིས་བཞག་ཅིང་འཇོག་པ་ལ་མི་མཚུངས་ཏེ། གོས་ཡོ་བྱད་ཀྱི་གཙོ་བོ་ཡིན་པས་སོ་ཞེས་ཟེར་རོ། ། 2-2-66a འདི་ལུང་ལས་གསུངས་ཀྱང་ཚད་དེ་ལ་མར་རྙེད་ལ་ཞེས་དང༌། འགྲེལ་པར་ཡང་བཤད་པས་མར་དུས་རུང་མིན་ནོ། །ཕྱིར་བཅོས་ཀྱི་ཐུན་མོང་ལ་མདོ་བཞིའོ། །གང་ལ་སྤང་བ་ནི། བསྙེན་རྫོགས་ཀྱི་སྡོམ་པ་དག་པ། ལྟ་བ༌མཚན་མཐུན་ པ་དང་ཐ་སྙད་གསུམ་ལྡན་ལུས་ཐ་མལ་དང༌། ཤེས་པ་དང་ས་རང་བཞིན་དུ་གནས་པ་སྤངས་མ་སྤངས་ཀྱི་བྱེ་བྲག་ཤེས་པ་སྟེ་བརྒྱད་ལྡན་ནོ། །གང་གིས་སྤོང་བ་ནི། དགེ་སློང་གི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་པ། ལུས་ཐ་མལ་དང༌། ཤེས་པ་རང་ བཞིན་དུ་གནས་པ། གནས་ནས་མ་ཕྱུང་བ། དམན་པའི་གང་ཟག་ཡིན་པ་སྟེ་ལྔ་ལྡན་ནོ། །གང་སྤང་བ་ནི། སྤང་བའི་ལྟུང་བྱེད་བྱུང་བའམ། ལྟུང་བ་དེས་སྤང་བའི་ཤན་རྒྱབ་པ་དང༌། ད་ལྟ་སྤང་འོས་སུ་ཡོད་པ་དེ་གཉིས་སོ། །དེའི་ཤན་རྡེག་བྱེད་ལ། སྤང་བ་ དངོས་གཞི་རང་རྒྱུད་འབྲེལ་བ། ངོ་བོ་ཤེས་ཤིང་དྲན་ནུས་པ་སྟེ་གསུམ་མོ། །ལྟུང་བ་དེ་ཡོད་ན་ཞེས་སོ། །འདི་ལ་ལྟུང་བྱེད་དངོས་མིན་པའི་དེར་གཏོགས་ཀྱི་སྦྱོར་བ་དང༌། དངོས་གཞིའི་ཉེས་བྱས་རང་དབང་ཅན་བཅོས་པ་ལ་སྤངས་པ་དང་བྲལ་བ་སྔོན་དུ་འགྲོ་ མི་དགོས་པར་མངོན་ནོ། །བརྡེག་བྱ་ནི། ལྟུང་བ་དེའི་ཕྱི་ནས་རྙེད་པའི་ཡོ་བྱད་རང་གི་ཡིན་པ། གནས་སྐབས་དབང་བྱར་ཡོད་པ་སྟེ་གསུམ་གྱི་དང་པོ་གཉིས་ནི་རྩ་འགྲེལ་ལས་གསལ་ལ། གསུམ་པ་དོན་གྱིས་ཐོབ་པའོ། །ཕལ་ཆེར་རུང་བ་དང་ཚད་དང་ལྡན་པ་ ཟེར་རོ། །ཚད་ནི་ཆུང་བ་ཞེས་པ་ནི་གོས་ལ་ཡིན་ལ། འོན་ཀྱང་སྤང་ལྟུང་གིས་སྤང་བར་བྱ་བ་ལ། སྣོད་དང༌། ཟས་དང༌། རིན་པོ་ཆེའང་ཡོད་པས་དེ་དག་གི་ཚད་ཅི་ཙམ་ཞེ་ན། གོས་ཀྱི་ལྟུང་བ་རྣམས་ལ་གོས་ཁྲུར་མ་ལོངས་པ་དང༌། སྣོད་ལ་ཕུལ་དགུ་མི་ཤོང་བ་ 2-2-66b དང༌། ཟས་ལ་ཁམ་དུ་མ་ལོངས་པ་དང༌། རིན་པོ་ཆེ་ལ་གོས་ཁྲུ་གང་རི་བ་རེ་མ་ལོངས་པ་ཟེར་རོ། །ཁྲུ་གང་བས་ཆུང་བ་ལ་འགྲེལ་པར་ཁྲུ་གང་ཁོར་ཡུག་པས་ཆུང་བ་ཞེས་སོགས་སོ། །དགེ་འདུན་གྱི་དངོས་པོ་ལ་ཡང་མི་དགོས་སོ། །འདི་ལ་ཡང་འགྲེལ་པར། དགེ་འདུན་མངའ་བ་གང་ཟག་གི་བདག་ཉིད་དུ་རིགསུ་བཅད་མ་བཅད་གཉིས་ལས། དང་པོ་ལ་འཆང་འབྲལ་འཇོག་པའི་རྒྱུས་ལྟུང་བྱེད་འབྱུང་སྟེ། དེ་ལ་ཐམས་ཅད་གང་ཟག་གི་དང་འདྲ་བར་བདག་གིར་བྱ་བ་འབྱུང་བའི་ཕྱིར་རོ། །ཕྱི་མ་ལ་གང་ཟག་ གཞན་གྱི་དང་འདྲ་བར་བདག་གིར་བྱ་བ་མི་འབྱུང་བས་དེ་ལ་ནི་སྔར་བསྟན་པ་ཐམས་ཅད་མི་འབྱུང་ངོ༌། །ཕྱི་མ་ལ་འགས་བྱིན་གྱིས་བརླབས་ནས་བྲལ་ན། ལྟུང་བྱེད་འབའ་ཞིག་བཤགས་ཀྱི། ཆོས་གོས་སྤང་མི་དགོས་ཞེས་གསུངས་སོ། །འདིར་རིས་སུ་བཅད་མ་བཅད་ ལ། བཅད་མ་བཅད་ཀྱི་དགེ་འདུན་ཞེས་ཕྱོགས་རེ་བ་དང༌། ཕྱོགས་བཞིའི་དགེ་འདུན་ལ་ཆད་པ་དང༌། གང་ཟག་གིས་དགོས་མ་དགོས་ལ་འདོད་པ་གཉིས་དོན་མ་ཡིན་ཏེ། སྔ་མས་ནི་གཞི་མ་ངེས་པའི་ཕྱིར་དང༌། དགེ་འདུན་དབང་བ་ལ་དེ་གཉིས་སུ་ཕྱེ་བའི་ཕྱིར་དང༌། གང་ཟག་ དང་འདྲ་བར་ཞེས་པའི་ཕྱིར། དེས་ན་དགེ་འདུན་དབང་བའི་ཆོས་གོས་ལྟ་བུ་གང་ཟག་གིས་གཡར་ནས་ལོངས་སྤྱོད་པ་ལྟ་བུ་དང༌། སོ་སོར་མ་ཕྱེ་བར་སྤྱིར་བཞག་པ་ལྟ་བུའོ། །འཆང་བ་དང་འཇོག་པ་འབྱུང་བ་ལ་ནི། རིས་སུ་གཅོད་པའི་གང་ཟག་དེ། དགེ་འདུན་དེའི་ ནང་དུ་གཏོགས་དགོས་ལ། འབྲལ་བ་ལ་མི་དགོས་སོ། །ཆུང་བ་དང་དགེ་འདུན་གྱི་གཉིས་ནི་ཞུ་བ་ལས་སོ། །འདི་ལ་མེད་པ་ཞེས་པ་ལྟ་བུ་དང༌། རིས་སུ་མ་བཅད་པ་ལ་འབྲལ་བས་འབྱུང་བ་ལྟ་བུའི་ལྟུང་བ་ནི་ཉི་མ་དེ་ཉིད་ལ་བཤགས་པས་འདག་གོ། གང་དུ་ 2-2-67a སྤང་བའི་གནས་ནི། བླ་གབ་ཐ་དད་པར་རོ་ཞེས་པ་ལ། དགེ་སློང་མའི་སོ་ཐར་ལས། གནས་ཐ་དད་པར་ཞེས་གསུངས་ཤིང༌། མཛོད་ནི་ཁོངས་སུ་གཏོགས་པ་ཉིད་དང་ཞེས་འབྱུང་བའི་ཕྱིར་དང༌། གནས་ཐ་དད་ཀྱང་གནས་གཅིག་ན་སྤངས་པའི་ཐ་སྙད་ མེད་པའི་ཕྱིར། གནས་ཐ་དད་དུ་དགོས་ཞེས་ཟེར་རོ། །ཡུན་ཇི་སྲིད་དུ་དགོས་ཞེས་ཟེར་རོ། །ཡུན་ཇི་སྲིད་དུ་སྤངས་པ་ལ། སློང་བར་རིགས་པའི་ལྷག་པ་མི་སྦྱིན་པ་དང༌། རིན་པོ་ཆེ་ལ་རེག་པ་དང༌། བྱིན་འཕྲོག་དང་གསོག་འཇོག་གི་སྤང་པའི་དངོས་ པོ་ནི་གཏན་སྤངས་ཡིན་ལ། གཞན་རྣམས་ནི་རེ་རེའོ་ཞེས་འདོད་པ་ལ། དང་པོ་དང་མཐའ་མ་གཉིས་གཏན་དུ་སྤང་དགོས་ཀྱང༌། ལྟུང་བ་འདག་པ་ལ་དེ་ལྟར་མི་དགོས་ཤིང༌། རིན་པོ་ཆེ་ལ་གཏན་སྤངས་ཀྱང་མི་དགོས་པས། གསུམ་པ་དང་བཞི་པ་གཉིས་གཏན་ སྤངས་ཡིན་ལ། གཞན་རྣམས་ནི་ཞག་རེ་རེའོ་ཞེས་ཟེར་ཏེ་འཐད་པ་འདྲའོ། །དེ་གསུམ་གྱི་ཐུན་མོང་ནི་མདོ་གཅིག་གོ། འཆང་འབྲལ་འཇོག་གསུམ་མི་འབྱུང་བའི་ཚུལ་ནི། སྲ་བརྐྱང་བཏིང་ནས་མ་བྱུང་གི་བར་དུ་འཆང་འཇོག་གཉིས་མི་སྲིད་ལ། འབྲལ་བར་ རང་གི་ཆོས་གོས་གསུམ་ལ་མི་སྲིད་པ་ཡིན་གྱི། ལར་མི་འབྱུང་བ་མ་ཡིན་ཏེ། སྲ་བརྐྱང་དང་འབྲལ་བ་བསྲུང་དགོས་པའི་ཕྱིར་རོ། །ཐུན་མོང་མ་ཡིན་པ་ལ་སུམ་ཅུ་ལས། འཆང་པ་ནི་ཡོད་ན་སོགསོ། །འདི་ལ་རང་གི་ཉིད་ཅེས་པ་ལ། རང་དབང་ཙམ་ ལ་མི་བྱ་བར། རང་གིས་སྒོ་རིས་སུ་བཅད་པའི་དབང་བ་ཞེས་བྱ་སྟེ། དགེ་འདུན་གྱི་ཡང་ངོ་ཞེས་གསུངས་པས་སོ། །དེ་ནི་གང་ཟག་དང་ཐུན་མོང་བ་ལ་ཡང་མཚོན་ནམ་དཔྱད་པར་བྱའོ། །གོས་དང་ཚད་ནི་དངོས་སུ་གསལ་ལོ། །འོན་ཀྱང་འདིར་ 2-2-67b འཁོར་གསུམ་ཁེབས་པ་དགོས་པ་དང༌། འཇོག་པ་ནས་ཁྲུ་གང་ལ་བསྐྱེད་པ་གཅིག་ཀྱང་བསྟན་པ་ནི། དང་པོ་ལ་འཆང་བ་མ་ཡིན་པ་འཇོག་པ་མི་སྲིད་པར་རིང་ཚད་དམ་ཐུན་མོང་མ་ཡིན་པ་ཡིན་ལ། གཉིས་པ་ལ་གཉིས་ཀར་འགྱུར་བ་སྲིད་པས་སྤྱི་ ཚད་དམ་ཐུན་མོང་བའོ། །རུང་བ་ཡིན་པ་ལ། ཞུས་ནས་འབྲལ་བ་འབའ་ཞིག ཆ་གཉིས་བསྲེ་བ་གསུམ་ལ་མི་རུང་བ་གསུངས་བའི་རུང་མཐུན་དུ་བྱས་ན། གཞན་རྣམས་ལའང་རྒྱུ་རུང་བ་དང༌། ཁ་དོག་དང་དབྱིབས་ཀྱང་རུང་བ་དགོས་ཏེ། ཐུན་རུང་དང་རབ་ཏུ་ བྱུང་བའི་རྫས་ཞེས་འབྱུང་བས་སོ་ཞེས་ཟེར་རོ། །འཇོག་པ་དང་སློང་བར་རིགས་པའི་སྐབས་སུ་རྒྱུ་མི་རུང་བ་བཀག་པས་དེའི་རིགས་སུ་ཆུག་ཀྱང༌། དཀར་པོ་ཉིད་ནི་ཞེས་པ་དང༌། འཐག་པ་གཉིས་ལྟ་བུའི་གནས་ཀྱིས་ཁ་དོག་མི་རུང་བ་མི་དགོས་ལ་དབྱིབས་ ཀྱང་དེ་དང་འདྲའོ། །ལྷུང་བཟེད་ལྟ་བུ་ལ་ནི་འོག་ཏུ་བཤད་པར་བྱའོ། །གནས་སྐབས་དབང་བྱར་མེད་པ་གཞན་གྱི་སྣོད་དུ་ཚུད་པས་འབྱིན་པ་མེད་པ་ལྟ་བུ་ལ་རུང་བ་མེད་པས། དབང་བྱར་མེད་པ་ཟེར་ཏེ་འཐད་པ་འདྲའོ། །ཁ་ཅིག་དེ་ཡང་བསྔོས་པས་ཆོག་པས་དབང་ བྱར་ཡོད་པའོ་ཞེས་ཟེར་བ་ལ། དེ་སྒྲུབ་མི་དགོས་པའམ་དགོས་ཀྱང་ཚོགས་ཀྱིས་སྒྲུབ་དགོས་ན་མ་བྱིན་པ་བསྔོས་བསྒྱུར་གྱི་ཉེས་བྱས་དང༌། བྱིན་ན་བར་ཆད་དུ་འགྱུར་བའི་ཕྱིར་མི་འཐད་ཅེས་ཟེར་རོ། །བྱིན་རླབས་དང་མ་འབྲེལ་བ་ནི། རྣམ་བརྟགས་ལ་སོགས་པའི་ བྱིན་རླབས་མ་བྱས་པའོ། །བྱིན་རླབས་དང་བྲལ་ཡང་ལྟུང་བ་བསྐྱེད་པ་ཡོད་དེ། རྗེས་སུ་ཞུགས་པ་དང་བཅས་པའོ། །འདི་ལ་འབྲེལ་བའི་བྱིན་རླབས་གང་ཡིན་པ་དང༌། རྗེས་སུ་ཞུགས་པའི་དོན་དེ་དང་བཅས་པའི་བཅས་ལུགས་སོ། །དེ་ལ་རང་སྟོབས་ཀྱིས་ 2-2-68a འཆང་བ་འགེགས་པ་ལ་ནི་བྱིན་རླབས་གསུམ་གང་རུང་གིས་ཆོག་པས་མ་འབྲེལ་བ་ལའོ། །ཞེས་པར་ནི་དེ་གསུམ་གང་རུང་ངོ༌། །འགྲེལ་པར་ཡང༌། དེ་ལ་རྣམ་པར་བརྟགས་པ་ལ་སོགས་པ་ཞེས་བཤད་དོ། །འབྲེལ་ཡང་ཞེས་པ་གཞན་ གཉིས་ཀྱིས་ཤན་མི་ཁེགས་ཀྱང༌། རྣམ་བརྟགས་ཀྱིས་ཁེགས་པ་འདྲ་སྟེ། དེ་བྱས་ན་རང་གི་ཉིད་དང་འབྲལ་ཞིང༌། འཆང་བ་ལ་དེ་དང་མ་བྲལ་བ་དགོས་པའི་ཕྱིར་རོ། །འགྲེལ་པར། བྱིན་གྱིས་བརླབས་པ་དང་འབྲེལ་ཡང་ཞེས་སྤྱི་ཙམ་དུ་གསུངསོ། །ཡང་ འགྲེལ་པར། བྱིན་གྱིས་བརླབས་པས་ན་དེའི་རང་གི་ཉིད་དང་བྲལ་བའི་ཕྱིར་ཞེས་སྔ་ཕྱིས་གཉིས་རྙེད་པའི་སྔ་མ་བརླབས་ཤིང༌། ཕྱི་མ་མ་བརླབས་ན་སྔ་མའི་ཤན་ཕྱི་མ་ལ་མི་འབྱུང་བའི་རྒྱུ་མཚན་དུ་གསུངས་པ་ཡང་སྣང་བས་འདི་བརྟག་གོ། རྗེསུ་ཞུགས་པས་ ནི་རྒྱུན་འབྲེལ་བ་ལ་གསུངས་ལ། དེའི་དོན་ཡང་ཞག་བཅུར་རྗེསུ་ཞུགས་པ་ཞེས་པ་དང༌། འཆང་བ་ལྟ་བུ་ལ་ཞག་བཅུར་རྒྱུན་མ་ཆད་པར་བཅངས་པའམ། འཆང་བ་ལ་བྱའོ། །འོ་ན་ཞག་གིས་ཆོད་པའི་ཕྱིས་རྙེད་ལ་རྗེསུ་ཞུགས་པ་ཡོད་པར་ནི་འདོད་དགོས་ན་ ཇི་ལྟར་རུང་ཞེ་ན། རང་གི་ཉིད་ཀྱི་རྗེསུ་ཞུགས་པ་དང་བཅས་པའི་ཆོས་གོས་ནི་གཉིས་ཏེ། རང་ཉིད་ལས་བྱུང་བ་དང༌། གཞན་ལས་བྱུང་བའོ་ཞེས་འགྲེལ་པར་གསུངས་པས། རང་གི་ངོས་ནས་བྱུང་བའི་རྗེསུ་ཞུགས་པ་མེད་ཀྱང༌། གོས་གཞན་གྱི་ངོས་ནས་བྱུང་བའི་ རྗེསུ་ཞུགས་པ་ཡོད་དོ། །གཞན་ལས་བྱུང་བའི་གོས་ཞེས་འབྱུང་བར་ནི། གོས་གཞན་ནས་བྱུང་བར་མི་སྦྱར་གྱི། རྗེསུ་ཞུགས་པ་གཞན་ལས་བྱུང་བར་གོ་བར་བྱའོ། །ཕྱི་མ་དེ་རང་གི་ངོས་ནས་ནི། སྔ་མས་ནི། ཞག་བཅུ་འདས་ཀྱང་ལྟུང་བ་མེད་པར་ 2-2-68b འགྲེལ་པ་ལས་བཤད་པ་ཡང་དེ་ལ་དགོངས་སོ། །གོས་དང་ལྷུང་བཟེད་ལ་རྡེག་བྱེད་ནི་བྱིན་གྱིས་མ་བརླབས་པ་ཁོ་ནའོ། །བརྡེག་བྱ་ལ་བརླབས་མ་བརླབས་གཉིས་ཀ་ཡོད་ལ། དེ་ལ་ཞག་ཤན་ཁྱད་པར་ཅན་ཡིན་མིན་གྱི་ཐ་སྙད་བྱེད་དོ། །དེ་ཡང་མ་ བརླབས་པ་ལ་བརྡེག་པ་ལ་རྡེག་བྱད་དང་བར་དུ་ཞག་གིས་ངེས་པར་ཆོད་དགོས་ཏེ། མ་ཆོད་ན་ཤན་མི་ལྟོས་པར་སྤང་བ་བསྐྱེད་པས་སོ། །བརླབས་པ་ལ་བརྡེག་པ་ལ་ནི་ཞག་གིས་ཆོད་པ་དང༌། མ་ཆོད་པར་ཉི་མ་གཅིག་ལ་རྙེད་པ་དང༌། དེ་ལ་ཡང་ དུས་རིམ་གྱིས་སམ། ཅིག་ཆར་དུ་རྙེད་པ་ཡོད་དོ། །མདོར་ན་ཤན་བརྡེག་བྱ་ལ་ནི་རང་རང་གིས་མཐའི་ཞག་མ་འདས་ན། ཞག་མང་ཉུང་གིས་ཆེད་པ་ལ་ཁྱད་པར་མེད་དོ། །སྨན་ལ་ནི་གཉིས་ཀ་བྱིན་རླབས་ཅན་ཡིན་པས། རྡེག་བྱེད་དང་བར་དུ་ ཞག་གིས་ཆོད་དགོས་ཏེ། དེ་ལྟ་མིན་ན་འདི་ལ་བྱིན་རླབས་ཅན་དང༌། རང་སྟོབས་ཀྱིས་བསྐྱེད་པ་མི་འགལ་བས། གཉིས་ཀ་ལས་རང་སྟོབས་ཀྱིས་བདུན་རེ་འདའ་བས་ཤན་ལ་ལྟོས་པའི་དོན་མེད་དོ། །གོས་དང་སྣོད་ལ་མ་བརླབས་པས། ཞག་ གིས་མ་ཆོད་པའི་བརླབས་པ་ལ་རྡེག་པ་ལ་ཞག་མ་ལོན་པར་བྱས་པ་མེད་པས་ཞག་ཤན་མིན་ཀྱང་ལྟུང་ཤན་ནོ་ཞེས་རྒྱ་ཟེར་རོ། །དེས་ཞག་ལོན་པ་རྣམས་རང་གི་ངོས་ནས་ལྟུང་པའི་ཞག་མིན་ཡང་། ལར་ལྟུང་བ་བསྐྱེད་པའི་ཞག་ཏུ་བཞག་ དགོས་ལ། དེའི་ཚེ་ཤན་སྟོབསུ་འགྱུར་བས་ཞག་ཤན་ནོ། །དེ་ལྟར་ཞག་གིས་ཤན་གྱི་བསྐྱེད་པའི་ལྟུང་ཤན་དང༌། ལྟུང་ཤན་གྱིས་བསྐྱེད་པའི་སྤང་ཤན་གཉིས་ཡིན་ནོ། །རྩ་འགྲེལ་ལས། ཞག་ཤན་དང་སྤང་ཤན་གྱི་ཐ་སྙད་མཛད་པར་ཤན་ 2-2-69a ཙམ་ཞིག་གསུང་མོད། དོན་མི་འཐད་པ་མེད་པ་འདྲའོ། །གཞན་ནས་བྱུང་བའི་གོས་ཕྱིས་རྙེད་པ་བྱིན་རླབས་ཅན། རང་གི་ཉིད་ཀྱི་རྗེས་སུ་ཞུགས་པ་དང་བཅངས་པ་འདི་ལ། དེ་ལས་གཞན་པའི་གོས་སྔར་རྙེད་པ་བྱིན་གྱིས་མ་བརླབས་པ། རང་གི་ཉིད་ཀྱི་རྗེསུ་ཞུགས་པ་དང་བཅས་པ་ཡོད་ན། སྔ་མའི་དེའི་ཤན་ཚུན་ཆོད་ནས་ཏེ་ཞག་བཅུར་བགྲང་བ་འདས་ན། ཕྱི་མ་ལ་ཡང་འཆང་སྤང་འབྱུང་བར་འགྱུར་རོ། །སྔར་གྱི་ཡན་ལག་རྣམས་ཀྱི་སྟེང་དུ་ཁ་བསྐང་བ་ལ་རེ་བ་མེད་པ་ཞེས་ཟེར་བ་ནི། འཁོར་གསུམ་ཁེབས་པ་ལ་རེ་རུང་འཆང་སྤང་བསྐྱེད་པས་ཁྲུ་གང་བ་དང་སྦྱར་རོ། །ཡན་ལག་དང་པོ་དྲུག་འཇོག་པ་ལའང་མཚུངས་ལ། གོས་མ་གཏོགས་པ་ལྷུང་བཟེད་འཆང་བ་ལའང་འདྲའོ། །མདོ་ཕྱི་མ་གཉིས་ཞུས་པ་ལས་ཏེ། དེའི་ཆོས་གོས་ རྒྱུན་མ་ཆད་པར་རྒྱུན་འབྱུང་བ་ཡིན་ལ། ཞེས་པས་སྔར་རྙེད་བྱིན་གྱིས་མ་བརླབས་ལ། བཅུ་པའི་ཉིན་མོ་བར་བཅངས་པ་བསྟན་ལ། ཆོས་གོས་འབྱུང་བ་དེ་ཞག་བཅུ་པོ་ལ་བྱིན་གྱིས་བརླབས་པས་ནི། བཅུ་པ་ལ་གསར་དུ་རྙེད་པ་ལ་བྱིན་རླབས་ བྱས་པ་བསྟན་ནོ། །དེ་དང་བཅུ་པའི་མཐའ་འདས་པར་བྲལ་ན་གོས་དེ་ཤན་གྱི་དབང་གིས་ཞག་བཅུ་འདས་པ་དང་ཞག་གཅིག་བྲལ་བ་སྤང་བ་གཉིས་ཀའོ། །འབྲས་བ་ལ་གཉིས་ལས། ཞར་བྱུང་ལ་གསུམ་ལས་གདིང་བ་དང་འབྲེལ་བའི་བསླབ་བྱ་ནི་མདོ་སྡེ་ ཕྲན་ཚེགས་ལས་སོ། །གདིང་བ་ནི་བྱིན་རླབས་ཅན་ནོ། །མ་འབྱོར་བའི་དུས་ནི་བར་ཆད་ཀྱི་དབང་གིས་ཕྱིར་བཟློག་པའི་དུས་སོ། །ཕྱིར་འོང་བའི་བསམ་པས་སོང་བ་ན་ནམ་སྤྲོས་པར་གྱུར་ན་དེ་ཉིད་དུ་གནས་པས་ཆོག་པ་དང༌། གདེང་བ་གཡར་བ་ལའང༌། འདིངས་པ་ 2-2-69b ཙམ་བྱེད་ཀྱི་སྔ་མའི་བྱིན་རླབས་འདོན་འཇུག་མི་དགོས་པའི་ཕྱིར་འབྲལ་བའི་ཉེས་པ་མེད་དོ། །རས་ཆེན་དང་སྣམ་སྦྱར་དང་འབྲེལ་བ་ལ་མདོ་བཞི་དང་གསུམ་མོ། །རས་ཆེན་དང་སྣམ་སྦྱར་གཉིས་ཀ་ལ་དགེ་སློང་དང༌། སྒོ་གླེགས་གཉིས་ཀ་མེད་པར་བཞག་ ན་ཉེས་བྱས་དང༌། གང་རུང་རེ་རེ་མེད་པར་ནི་ཉེས་བྱས་ཕྲ་མོ་དང༌། སྣམ་སྦྱར་ལ་ཆར་འབབ་པ་སོགས་ལ་ཉེས་བྱས་སོ། །རས་ཆེན་ལ་ཆུ་ཀླུང་ལ་ཟམ་པ་བརྟན་པོ་ཡོད་ན། མ་ཁྱེར་ཡང་ཉེས་པ་ནི་སྣམ་སྦྱར་འཁྱེར་བ་ལ་སྦྱར་དུ་རུང་བ་འདྲ་ལ། སྣམ་སྦྱར་ལ་ དགེ་སློང་དང༌། སྒོ་གླེགས་གཉིས་ཀ་མེད་ཀྱང༌། མ་རྫོགས་པ་ལ་འཚོལ་བ་རུང་བར་གསུངས་པ་རས་ཆེན་ལ་ཡང་སྦྱར་རུང་ངམ་སྙམ་མོ། །དགེ་སློང་དང་བཅས་པ་ཞེས་པའི་གཞུང་ལ་འཇོག་པར་སྲུང་བྱེད་དགེ་སློང་དང༌། སྡོམ་བྱེད་སྒོ་གླེགས་དང་བཅས་པའི་ གནས་མེད་ཅིང་ཁྱེར་བའི་ལམ་དུ་ཆར་འབབ་པ་སོགས་མེད་ན་དམིགས་བསལ་གཉིས་མ་གཏོགས་པ། སྣམ་སྦྱར་མེད་པར་འགྲོ་བར་མི་བྱའོ། །ཞེས་ཟེར་བའི་ལྟར་ན། གནང་བ་སྦྱིན་པ་དང༌། སྲ་བརྐྱང་བཏིང་བས་དགེ་སློང་སོགས་མེད་པའི་ཚེ་སྣམ་སྦྱར་ མེད་པར་འགྲོར་རུང་བར་འདོད་དགོས་ན། དེ་ནི་མི་རུང་སྟེ། དགེ་སློང་དང་སྒོ་གླེགས་མེད་པའི་ཉེས་དམིགས་ནི་དེ་གཉིས་ཡིན་མིན་ལ་ཁྱད་པར་མེད་པའི་ཕྱིར་རོ། །དེས་ན་འགྲེལ་པས་མཛད་པ་ལྟར་བྱ་དགོས་པ་འདི་ལྟར་སྦྱར་རོ། །འཇོག་པར་དགེ་སློང་སོགས་མེད་ཅིང་ ལམ་དུ་ཆར་འབབ་པ་སོགས་མེད་ན་དམིགས་བསལ་གཉིས་ཡིན་མིན་གང་གིས་ཀྱང་སྣམ་སྦྱར་མ་ཁྱེར་བར་འགྲོར་མི་རུང་ངོ༌། །རྐྱེན་དེ་ལྟ་བུ་མེད་ན་ཞེས་པའི་དོན་ནོ། །འོ་ན་འཇོག་པར་དགེ་སློང་དང་སྒོ་གླེགས་ཡོད་ན་སྣམ་སྦྱར་མེད་པར་འགྲོར་རུང་ངམ་སྙམ་ན། 2-2-70a དེ་གཉིས་ཡོད་ནའང་དམིགས་བསལ་གཉིས་མ་གཏོགས་པས་སྣམ་སྦྱར་མེད་པར་འགྲོ་བར་མི་རུང་ངོ༌། །དམིགས་བསལ་གཉིས་ཀྱིས་ནི་དེའི་ཚེ་སྣམ་སྦྱར་མེད་པར་འགྲོར་རུང་ངོ༌། །རྐྱེན་དེ་ལྟ་བུ་ཡོད་ན་ཡང༌། གནང་བ་མ་བྱིན་པ་དང༌། སྲ་ བརྐྱང་མ་བཏིང་བས་སྣམ་སྦྱར་མེད་པར་གར་ཡང་འགྲོ་བར་མི་བྱའོ། །ཞེས་རྐྱེན་དེ་ལྟ་བུ་ཡོད་པ་ལ་དམིགས་བསལ་མཛད་དོ། །འོ་ན་འགྲེལ་པ་ལས། དགེ་སློང་དང་བཅས་པ་ཉིད་ལ་སོགས་པ་དག་ཡོད་ན་ནི་སྣམ་སྦྱར་དེ་མེད་པར་འགྲོ་བ་ལ་ཉེས་པ་མེད་དོ་ཞེས་ གསུངས་པ་ཇི་ལྟར་ཞེ་ན། འདི་ནི་ཆར་འབབ་པ་སོགས་མེད་ཅིང༌། དགེ་སློང་སོགས་དང་བཅས་པ་ཡོད་པ་ཡིན་ལ། སྔ་མ་ནི་ཆར་འབབ་སོགས་དང༌། དགེ་སློང་སོགས་ཡོད་པ་སྟེ། གཞན་དུ་ན་ཇི་ལྟར་མི་འགལ། དེ་ལྟར་ན་དགེ་སློང་སོགས་མེད་ན་ནི་བཞག་ཏུ་མི་ རུང་ལ། ཆར་འབབ་པ་སོགས་ཡོད་པ་ནི། འཁྱེར་དུ་མི་རུང་ངོ༌། །གཉིས་ཀར་གྱུར་ན་ཇི་ལྟར་བྱ་ཞེ་ན། དགག་བྱ་གཉིས་ཀྱི་ཁྱད་པར་ལ་བརྡེག་གོ། འོ་ན་ཆར་འབབ་པ་ལ་སོགས་པའི་རྐྱེན་དང་ལྡན་པས་སྣམ་སྦྱར་ནི་བཞག་ལ། གྲོང་གཞན་དུ་འགྲོ་དགོས་པ་བྱུང་ ཞིང་ཉི་མ་དེ་ཉིད་ལ་ཕྱིར་འོང་མི་ནུས་པར། མཐོང་ན་ཇི་ལྟར་བྱ་སྙམ་ན་གནསུ་ཕྱིན་པར་མི་འགྱུར་ན། ཆོས་གོས་སྣམ་སྦྱར་གྱི་བྱིན་རླབས་ཕྱུང་སྟེ་བྱིན་གྱིས་བརླབས་པ་ནི་ཆོ་གའམ་རྣམ་པ་སྟེ་ཐབས་ཡིན་ནོ། །གང་ལ་བརླབ་ཅེ་ན། རབ་བྱུང་དུ་མ་ཟད་ ཁྱིམ་པ་ཡན་ཆད་ཀྱི་གོས་སམ། རང་གིར་མ་ཟད་གཞན་ལས་གཡར་བ་ལ་ཡང་བྱིན་གྱིས་བརླབ་བོ། །གཞུང་འདིས་ཕྱིར་འོང་བའི་བློས་སོང་ནས་མ་འཁོར་ན་སྣམ་སྦྱར་གྱི་བྱིན་རླབས་ཡིད་ཀྱིས་ཕྱུང་ནས་གཞན་ལ་རློབ་པ་ཙམ་བསྟན་པར་འདོད་ 2-2-70b པ་ནི་མ་ཡིན་ཏེ། འགྲོ་བའི་དུས་ན་འཇོག་པ་ལ་དགག་བྱ་ཡོད་ན་འོང་འདོད་ཡོད་ཀྱང་འཁྱེར་དགོས་ལ། དགག་བྱ་མེད་པའི་ཚེ་ཁྱེར་བ་ལ་དགག་བྱ་མེད་ན་འཁྱེར་དགོས་ཤིང༌། ཡོད་ན་ཕྱིར་འོང་བའི་བློས་མི་དགོས་པའི་ཕྱིར་རོ། །དེས་ན་འགྲེལ་པར། ཆར་འབབ་ པ་ལ་སོགས་པའི་རྐྱེན་གྱིས་སྣམ་སྦྱར་མེད་པར་གྲོང་གཞན་དུ་འགྲོ་ཞིང༌། ཉི་མ་དེ་ཉིད་ལ་ཕྱིར་འོང་བར་མི་ནུས་ན་དེའི་ཚེ་དེས་ཇི་ལྟར་བྱ་ཞེས་འགྲོ་ཞིང་ཞེས་པ་དང༌། ཕྱིར་འོང་བར་མི་ནུས་ན། ཞེས་གསུངས་ཀྱི་མ་ནུས་ན་ཞེས་མ་གསུངས་པ་དང༌། རྩ་བར་ཕྱིན་པར་མི་འགྱུར་ན་ཞེས་གསུངས་ཀྱི། མ་གྱུར་ན་ཞེས་མ་གསུངས་ལ། གདིང་བ་ལ་བཤད་པ་ལྟར་གྱི་འོང་བའི་བློ་ཡོད་ན་དང་མེད་ན་གང་ཡང་མ་གསུངས་པས་གནས་གཞན་དུ་འགྲོ་བའི་ཚེ་ཡིན་ནོ། །དེ་ལྟ་མིན་ན་བཞག་ན་དགག་བྱ་མེད་ ཅིང་ཆར་འབབ་པ་སོགས་ཀྱི་ཚེ་ཁྱེར་ན་ཉེས་པ་ཡོད་པས་བཞག་ནི་དགོས་ལ་འགྲོ་དགོས་པ་ཡང་བྱུང་ཞིང་ཉི་མ་དེ་ཉིད་ལ་ཕྱིར་བཟློག་མི་ནུས་པར་མཐོང་ན་ཇི་ལྟར་བྱ་བ་བསམ་པར་རིགསོ། །འོ་ན་དང་པོ་ལྡོག་ནུས་པའི་བསམ་པས་སོང་བ་ལྡོག་མ་ནུས་ན་ ཡང་ལྟར་བྱ་བ་སྨྲ་དགོས་སོ་ཞེ་ན། དེ་ལ་ནི་དང་པོར་འགྲོ་བའི་དུས་ཀྱི་རིགས་པ་སྦྱར་རམ། ཡང་ན་བར་ཆད་སོགས་ལ་བརྟག་པའམ། དང་པོ་ནས་གོང་ལྟར་ཕྱུང་ནས་འགྲོ་བ་རྣམས་གང་རིགས་པ་དཔྱད་དེ། འགྲེལ་པར་གནས་གཞན་ན་འདུག་པའི་བྱིན་ རླབས་བྱུང་སྟེ་ཞེས་པའི་གནས་གཞན་གྱི་སྒྲ་ལྟར་ན་དང་པོ་རུང་ངམ་སེམས་སོ། །དེ་ལྟར་ན་གནས་གཞན་ན་དགག་བྱ་མེད་ལ། ལམ་ན་འཇིགས་པ་དང་བཅས་པའི་ཚེ་འགྲོ་ན་སྣམ་སྦྱར་གྱི་བྱིན་རླབས་ཕྱུང་ལ་གཞན་ལ་བྱིན་གྱིས་བརླབསོ། །དེའི་ཚེ་ 2-2-71a སྣམ་སྦྱར་ལ་བྱིན་རླབས་གཞན་དགོས་མི་དགོས་དང༌། དགོས་ན་གང་བྱད་དང་། ཆར་འབབ་པ་སོགས་མེད་པའི་ཚེ་འགྲོ་ན་འཁྱེར་དགོས་པའི་ཚད་རྣམས་དཔྱད་པར་བྱའོ། །སྣམ་སྦྱར་སོགས་ལ་ཡུལ་གང་ལ་སྦྱིན་པ་ནི། དགེ་སློང་ གི་སྡོམ་པ་དག་པ། ལྟ་བ་དང་མཚན་མཐུན་པ། ཐ་སྙད་གསུམ་དང་ལྡན་པ་ལུས་ཐ་མལ་པ་ཤེས་པ་དང༌། ས་རང་བཞིན་དུ་གནས་པ། དགེ་འདུན་ལ་ལྟོས་པའི་མཚམས་གཅིག་ཏུ་གཏོགས་པ་སྟེ། བརྒྱད་ལྡན་ནོ། །འོག་ཏུ་ཡང་དགེ་སློང་ཆོས་བརྒྱད་ ལྡན་ཞེས་དམིགས་ཀྱིས་མ་ཕྱེ་བ་ན་འདི་ལ་གོ་བར་བྱའོ། །དེ་བརྒྱད་ཀྱི་སྟེང་དུ་རྒན་པོ་དང་ནད་པ་ཡིན་པ། སྔར་གནང་བ་བྱིན་པ་དང་མ་འབྲེལ་བ་བཅུའོ། །དགེ་འདུན་གང་གི་སྦྱིན་པ་ནི་མཚན་ཉིད་གསུམ་ལྡན་གྱིས་སོ།། གཞི་ནི་སྣམ་སྦྱར་ཡིན་པ་དང༌། ལྕི་བ་ གཉིས་སོ། །ཆོ་ག་ནི། སྦྱོར་བ་གནས་མལ་བཤམས་པ་ལ་སོགས་པ་དང་། དངོས་གཞི་གསོལ་གཉིས་དང༌། མཇུག་སྡུད་བརྗོད་པའོ། །གཞན་པ་འཇིག་པའི་རྒྱུ་ནི། མཚན་གྱུར་པ་དང༌། ཞིང་མིན་པ་སོགས་སོ། །དང་པོ་ལ་གཉིས་ལས། མདོར་བསྟན་ པ་ནི། འབྲལ་ལྟུང་གི་བྱེད་པ་པོ་གང་ཞེ་ན། ཆོས་གོས་ཀྱི་ཆ་ནས་རྟེན་དེ་ལ་ལྟོས་པའི་བྱིན་རླབས་ཡོད་པ་དང༌། གང་ཟག་གི་ཆ་ནས་མི་འབྲལ་བའི་གནང་བ་མ་ཐོབ་པའོ། །གནས་སྐབས་ཐམས་ཅད་ལ་གང་ཟག་དེ་བྱེད་པ་པོ་ཡིན་ནམ་ཞེ་ན། མིན་ ཏེ། ཆོས་གོས་བྱིན་གྱིས་བརླབས་པ་དེའི་གནས་ཉེ་འཁོར་དང་བཅས་པ་ནས་གནས་གཞན་ན་གནས་པའི་དགེ་སློང་བྱེད་པ་པོའོ། །དུས་ཐམས་ཅད་དུའོ་ཞེ་ན། མིན་ཏེ། སྐྱ་རེངས་ཤར་ནའོ། །དེ་ལ་གོས་ནི་ཆོས་གོས་གསུམ་ལས་གང་རྒྱུ་ཞེས་པ་མི་རིཌ་ 2-2-71b ཏེ། རྒྱུའི་བྱིན་རླབས་གནས་པ་དང༌། གཞན་ལ་བྱིན་གྱིས་བརླབས་ཞེས་པ་ལ་མ་ཁྱབ་པའི་ཕྱིར་རོ། །སྔ་མ་ལ་འབྲལ་བ་བསྲུང་དགོས་ཏེ། གཞན་དུ་ན་རྟེན་དེས་བགོ་བར་མི་བྱེད་པ་ལ་སྒྲེ་དགོས་ན་དེའི་ཚེ་སྣམ་སྦྱར་ལ་བགོ་བའི་དུས་དང་མི་ལྡན་པ་ན་མི་འབྲལ་བར་ ཐལ་བ་དང༌། སྲ་བརྐྱང་ལ་ཡང་ཐལ་བའི་ཕྱིར་རོ། །དེས་ན་འདི་ནི་བྱིན་རླབས་ཡོད་པ་དང་གནས་སོ་སོར་བྲལ་བ་ཙམ་གྱིས་ཡིན་གྱི། མ་བགོས་པར་བྲལ་བ་མ་ཡིན་པའི་ཕྱིར་ཏེ། སྐྱ་རེངས་དང་པོ་ནས་མཐའི་སྔོན་རོལ་བར་དུ་བགོས་ཀྱང་མཐའི་སྐད་ཅིག་ལ་གནས་ གཅིག་ཏུ་གནས་ན་མི་འབྲལ་བའི་ཕྱིར་རོ། །དེའི་ཕྱིར་ཚྒོས་གསུམ་གང་རུང་གིས་བྱིན་རླབས་གནས་པ་ཞིག་དགོས་ཀྱི། སྔར་ལྟར་མི་དགོས་སོ། །དེ་ཡང་རང་ལ་ལྟོས་པའི་བྱིན་རླབས་ཡིན་གྱི། གཞན་གྱི་བྱིན་རླབས་མ་ཡིན་ནོ། །གོས་གསུམ་གྱི་བྱིན་རླབས་ མ་གཏོགས་པའི་ཡོ་བྱད་ཀྱི་བྱིན་རླབས་ཡོད་པ་རྣམས་ལ་འབྲལ་བ་བསྲུང་མི་དགོས་སོ། །རུང་ལྡན་གྱི་སྔ་མ་ལ་རྒྱུ་རུང་བ་དགོས་ཤིང་ཁ་དོག་རུང་བས་མ་ཁྱབ་སྟེ། གཞན་མེད་ན་ཁ་མ་བསྒྱུར་བ་ལ་ཡང༌། ཞེས་གསུངས་པའི་ཕྱིར་རོ། །ཁ་བསྒྱུར་ཡང༌། ཚོན་ཆེན་བརྒྱད་ལྟ་བུ་ལ་གཞན་མེད་ན་ཞེས་པའི་རིགས་པ་མཚུངས་མི་མཚུངས་དཔྱད་པར་བྱའོ། །དབྱིབས་རུང་བས་ཀྱང་མ་ཁྱབ་སྟེ། སྣམ་སྦྱར་གྱི་བྱིན་རླབས་ཀྱི་དམིགས་བསལ་དང༌། རྒྱུའི་བྱིན་རླབས་ཀྱི་ཚེ་སྲིད་པའི་ཕྱིར་རོ། །གནང་བ་མ་ཐོབ་པ་ནི་ སྣམ་སྦྱར་བྱིན་རླབས་ཅན་ལས་གནས་སོ་སོར་སོང་བ་དང༌། སྐྱ་རེངས་ཤར་བ་འོང་བས་དེའི་ཚེ་ཐམས་ཅད་དུ་ལྟུང་བར་འགྱུར་རམ་སྙམ་ན། གནང་བ་ཐོབ་པ་གཉིས་ལྟ་བུ་ལ་མི་འབྱུང་བས་མ་ཐོབ་པ་ཞེས་སྨོས་ཀྱི། འབྲལ་ལྟུང་ལ་མ་ཐོབ་པ་ཡན་ 2-2-72a ལག་ཏུ་དགོས་པ་ནི་མིན་ཏེ། གནང་བ་ཐོབ་པ་གཉིས་ཀྱིས་ཀྱང་ཆོས་གོས་གཞན་གཉིས་ལ་འབྲལ་བ་བསྲུང་དགོས་པའི་ཕྱིར་རོ། །དེས་ན་དེ་ནི་སྣམ་སྦྱར་ལ་འབྲལ་སྤང་འབྱུང་བའི་ཁྱད་ཆོས་སོ། །རྟེན་ལ་སྲ་བརྐྱང་མ་བཏིང་བ་དགོན་ པའི་ཡི་དམ་དང་མི་ལྡན་པ་གཉིས་ཡན་ལག་ཏུ་བྱེད་པ་ཡང་དང་པོ་མི་དགོས་ཏེ། སྲ་བརྐྱང་བཏིང་བ་ལ་ཡང་འབྲལ་སྤང་འབྱུང་བའི་ཕྱིར་དང༌། འདི་ནི་བཤད་ཟིན་ཏོ། །གཉིས་པ་མི་དགོས་ཏེ། དགོན་པའི་ཡི་དམ་དང་ལྡན་ཡང་ཆོས་གོས་གསུམ་ལ་འཇིགས་ པ་མེད་པ་ལ་ཞག་གཅིག་གི་འབྲལ་སྤང་གཞན་དང་འདྲ་བར་འབྱུང་བའི་ཕྱིར་རོ། །དེས་ན་ཞག་གཅིག་གི་འབྲལ་བ་ལ་ཆོས་གོས་ལ་འཇིགས་པ་དང་བཅས་པའི་དགོན་པ་བ་མིན་པ་ཞེས་སྦྱར་རོ། །རྒྱས་པར་བཤད་པ་ལ་གཉིས་ལས། གནས་ཀྱི་མཚན་ཉིད་ལ་ ལྔ་ལས། མངོན་པར་བསྒྲུབ་པའི་གནས་ནི། གཙུག་ལག་ཁང་གང་ལ་མཚམས་བྱས་པ་སྟེ་བཅད་པ་ལ་ནི་སོགསོ། །དེར་མ་ཟད། ཡོལ་བ། རྩིག་པ། རིབ་མ། འོབས་ཀྱིས་བསྐོར་བ་ལ་སོགས་པ་མཚམས་སོ། །བདག་པོས་བྱེ་བྲག་ཏུ་བྱས་པ་ནི། བདག་པོ་གཅིག་ ཉིད་མིན་པའི་བར་མཚམས་རྣམས་ཐ་དད་པ་བཞིན་དུ་བདག་པོ་གཅིག་ཉིད་ཀྱིས་ནི་ཐ་དད་པར་མི་འགྱུར་བས་དེ་བསྟན་པའི་ཕྱིར་བདག་པོ་ཞེས་སོ། །གཅིག་ཉིད་མ་ཡིན་པ་ནི། གཉིས་སམ། མང་པོའོ། །བར་མཚམས་ནི། ཁང་ཁྱམས་ཀྱི་སྒོ་དང༌། ར་བ་སོཌ་ སོ། །དེ་རྣམས་ཐ་དད་པར་དངོས་སུ་བསྟན་པས་བདག་པོ་གཅིག་གི་ནི་ཐ་མི་དད་དོ་ཞེས་བསྟན་ཏོ། །མདོ་བརྩམས་པའི་འབྲས་བུ་ཞེས་པ་མདོ་འདི་བརྩམས་པའི་དགོས་པའོ། །དེ་ནི་བདག་པོ་མང་པོ་རྣམས་ཀྱིས་ཐུན་མོང་བའི་ཚད་པ་རྟོགས་པའོ། །དེ་ཡང་ 2-2-72b གང་ཞེ་ན་དེ་དག་ལ་ཐུན་མོང་དུ་གྱུར་པའི་ཕྱིར་སྒོ་ལ་སོགས་པ་རྣམས་ལ་བཤད་དེ། འདིར་རྣམ་འབྱེད་ཀྱི་ལུང་དོན་ངེས་པར་བྱའོ། །མདོ་འདི་ལ་དགག་པ་བསྡུ་བར་ནི་མི་འགྱུར་ཏེ། དེས་ན་མདོ་འོག་མའི་རྗེས་སུ་ཡང་སྦྱོར་ཞེས་པ་ནི། གཅིག་ཉིད་མ་ཡིན་པ་ ཞེས་པའི་མདོ་འདི་ལ། འདི་དང་ཐ་དད་པས་འབྲལ་ཞེས་པའི་དགག་པ་བརྗོད་བྱའི་གཙོ་བོ་མ་ཡིན་གྱི། ཤུགས་ལ་བདག་པོ་གཅིག་པའི་ནི་མི་འབྲལ་བ་གཙོ་བོ་ཡིན་པས་མདོ་འོག་མ་ཐ་དད་མ་ཡིན་པའི་རྗེས་སུ་སྦྱར་ཟེར་རོ། །འོན་ཀྱང་མདོ་གོང་མས། གནས་ཐ་དད་པ་ཆོས་གོས་དང་འབྲལ་བའི་དགག་པ་ཙམ་བསྡུས་པ་མིན་ཏེ། ཡིན་ན་མདོ་འོག་མ་ནོར་ལས་ཞེས་པའི་ཡང་ངོ་ཞེས་པའི་སྔ་མ་བསྡུ་རྒྱུ་མེད་པར་འགྱུར་རོ། །དེའི་ཕྱིར་འོག་མ་ཐ་དད་པ་བསྟན་པའི་ཡང་རྗེས་སུ་སྦྱར་དགོས་པས། མདོ་དང་པོ་ལ་ ཤུགས་བསྟན་གྱི་ཐ་མི་དད་པ་པོ་དགོས་ཞེས་པའི་དོན་ནོ། །ནོར་ལས་ཞེས་པས་ནོར་དང་ལྟ་བ་གཅིག་ན་དེ་དག་གི་གནས་ཐ་མི་དད་ཅེས་བསྟན་པ་ནི་སྔར་བདག་པོ་གཉིས་པ་གཞན་ཡོད་ན། བར་གྱི་མཚམས་ཐ་དད་དོ་ཞེས་པ་ལ་དོགས་པ་བཅད་པ་སྟེ། བདག་པོ་ གཉིས་ཡན་ཆད་ཡོད་ཀྱང༌། ནོར་དང་ལྟ་བ་གཅིག་ན་ཐ་མི་དད་ལ། མི་གཅིག་ན་ཐ་དད་ཅེས་སྦྱར་རོ། །བདག་པོ་ནི་དག་གི་གནས་ཐ་མི་དད་ཅེས་བསྟན་པ་ནི་གནས་གཅིག་པར་ངེས་པས་དོགས་དཔྱད་མི་དགོས་སོ། །ཁ་ཅིག་ཁྱིམ་པ་ལ་ནོར་གཅིག་ མི་གཅིག་དང༌། རབ་བྱུང་ཡིན་ན་ལྟ་བ་དང་མཚན་དང༌། བསླབ་པ་གསུམ་གྱི་གཅིག་མི་གཅིག་ཡིན་ཟེར་བའི་ཕྱི་མ་ལ་གསུམ་དགོས་མི་དགོས་བརྟག་པར་བྱའོ། །སྐྱེ་བའི་གྲུབ་པའི་གནས་ནི། ཡལ་ག་དང་ཡལ་ག་ཕྲ་མོ་དག་མ་རེག་པ་ནི་ཞེས་དང༌། 2-2-73a ཡལ་ག་དང་ལོ་མ་ཞེས་པས་ནི། རིམ་པ་ལྟར། ཤིང་གཅིག་གི་ཡང་ཡལ་ག་དང༌། དེ་ཕྲ་མོ་མ་རེག་ན་ཐ་དད་པས་འབྲལ་ལ། ཤིང་སོ་སོ་བ་ཡིན་ཡང་ཡལ་ག་དང་ལོ་མ་རེག་ན་གཅིག་པས་མི་འབྲལ་ཞེས་བསྟན་ནོ། །རྩ་བའི་རྩ་བ་སོགས་ གསུམ་གྱི་དགོངས་པ་བཙལ་བར་བྱའོ། །སྐྱེད་པར་བྱེད་པའི་གནས་ནི་གྲུ་དང་ཞེས་ཏེ། འདིའི་དགོངས་པ་ཡང་བཙལ་ལོ། །མཚམས་མེད་པའི་གནས་ནི། མཚམས་ཞེས་ཏེ་ཁང་ཁྱིམ་ལ་སོགས་པའི་མཚམས་མེད་པ་ལ་ནི་རྐང་ལག་ལ་སོགས་པའོ། ཡན་ལག་གིས་ཁྱབ་པའི་མཐའ་དེ་ནི་གནས་དེའི་མཐའ་འོ། །ཉེན་ཀོར་ལ་སྤྱིར་བཏང་བ་ནི། ཉེ་འཁོར་ནི་སྟེང་འོག་དང་ཕྱོགས་མཚམས་སུ་འདོམ་རེའོ། །གྲོང་གི་སྒོ་བྲག་ལ་དམིགས་ཀྱིས་བསལ་བ་ནི། རྩིག་པ་ཞེས་ཏེ། འདོམ་དགུ་དང༌། དྲུག་དང༌། གསུམ་ རིམ་བཞིན་ཡིན་ལ་དེ་ཡང་ལོངས་སྤྱོད་ཀྱི་ཆེ་འབྲིང་གི་རིམ་པ་སྟེ། ཤིང་རྟ་དང༌། ར་ལུག་དང༌། ཕྱག་དར་གྱི་བྱ་བས་མཚོན་པའོ། །གྲོང་གང་ལ་གསུམ་ག་ཡོད་པ་ལ་ནི། རིང་བས་བཞག་སྟེ། སྤོ་བ་བཞིན་ཟེར་རོ། །དང་པོ་གཉིས་དང་གསུམ་པའི་དང་པོ་ལ་ རིས་སུ་ཆད་པ་དང༌། བར་པ་གཉིས་དང༌། གསུམ་པའི་ཕྱི་མ་ལ་སྒྲུབ་པའི་ཉེ་འཁོར་ཞེས་འགྲེལ་པར་འབྱུང་ངོ༌། །དེ་དག་ནི་བརྩམ་དུ་རུང་བ་ཉིད་ཀྱིས་གནས་ཀྱི་ཁོངསུ་གཏོགས་པའི་ཉེ་སྐོར་རོ། །ཉེ་བར་སྤྱོད་པ་ཉིད་ཀྱི་གནས་དང༌། ཉེ་བའི་ཉེ་སྐོར་ ནི། གནས་དེའི་ཞེས་སོ། །མྱུར་དུ་བགྲོད་དུ་རུང་བའི་ཉེ་ཀོར་ནི། མཚམས་མེད་པ་ཞེས་ཏེ། དགོན་པ་ལ་སོགས་པའོ། །མཚམས་བྱས་པའི་ལམ་དུ་མཚམས་ཉིད་བཞག་ཏུ་རུང་ངོ༌། །མི་ནི་མཚོན་པ་སྟེ་སྔ་ཕྱིར་ཆོས་གོས་ཐལ་བ་དང༌། ལུས་པ་ཐཾད་ 2-2-73b ལ་ཚིགས་དེ་ཚུན་ཆད་ཉེ་ཀོར་རོ། །དེ་དག་ནི་འདོམ་རེ་རེའོ། །ཞེས་པའི་དམིགས་བསལ་ཡིན་པས་ལུས་ཀྱིས་ནོན་པའི་ཕྱོགས་ནས་བརྩམས་ཏེ་ཞེ་དགུ་གཞལ་གྱི། འདོམ་གང་གིས་མཐའ་ནས་ནི་མ་ཡིན་ནོ། །གནས་དང་ཉེ་འཁོར་གཅིག་པ་ནི་དབུས་ནས་ཞེས་ཏེ། འདི་ ཤིང་ལྗོན་པ་ལ་གསུངས་ཀྱང་གྲོང་ཁྱེར་སྟེང་ལ་སོགས་པ་འབྲེལ་བ་དང༌། ཐག་པས་འབྲེལ་བ་ལ་སོགས་པ་ལ་ཡང་རུང་བས་སྤྱིར་བཞག་གོ་ཞེས་སོགས། འདི་ནོར་དང་ལྟ་བ་གཅིག་པའི་ཚད་འཛིན་པ་ལ་ཡང་མཚུངས་མི་མཚུངས་དཔྱད་པར་བྱའོ། །ཞུ་བ་ལས། བྱིན་རླབས་རང་གི་ཉིད་ལ་བརྟེན་ལ། དམ་དུམ་དུ་གྱུར་པ་ལས། རང་གི་ཉིད་དང་མི་འབྲལ་བས་དམ་དུམ་ལ་བྱིན་རླབས་ཡོད་པར་བཞེད་དོ། །ཚད་ནི་མ་གསུངས་སོ། །ཆོས་གོས་གསུམ་བྱིན་གྱིས་བརླབས་པ། འཁོར་གསུམ་ཁེབས་པའི་ཚད་དུ་མར་གྱུར་པ་ན་གང་ རུང་གཅིག་ལ་ཡོད་ཀྱི། གཞན་ལ་མེད་དེ། འཚོ་བའི་ཡོ་བྱད་ལ་རེ་རེ་བར་ངེས་པས་སོ། །དེ་དག་ལ་བཟང་ངན་ལ་སོགས་པའི་བློའི་ཁྱད་པར་མི་འབྱུང་ན། དོན་ལ་ནི་གཅིག་ལ་ཡོད་མོད་འབྲལ་བ་ནི་གཉིས་ཀ་ལ་བསྲུང་དགོས་ཏེ། ཡིད་གཉིས་ནི་འདུ་ཤེས་དང་འདྲ་བའོ་ ཞེས་གསུངས་པའི་ཕྱིར་རོ། །འཁོར་གསུམ་ལས་ཆུང་ན་འཇིག་སྟེ་ཞིང་མིན་པའི་ཕྱིར་རོ། །མཚན་གྱུར་བཞིན་ནོ། །ཡོ་བྱད་གཞན་གཉིས་པོ་བྱིན་རླབས་ཅན་ལ་ནི་ཁྲུར་ལོངས་ལ་ཐམས་ཅད་ལ་ཡིད་རེ་རེ་བར་མ་ངེས་པས་སོ། །དེར་མ་ལོངས་ན་གང་ལ་ཡང་མེད་དོ་ཞེས་སྔ་ མ་རྣམས་ཟེར་རོ། །སྤང་བ་ལ་ཞེས་པ་ལ། འགྲེལ་བས་ཞག་བཅུ་འདས་པ་ལ་བྱིན་གྱིས་བརླབས་པ་ལ་ཞག་གཅིག་འབྲལ་བ་ཡོད་པར་གསུངས་པ་དྲངས་པས་ན་སྤང་བ་བྱུང་ཡང་བྱིན་རླབས་ཆགས་པར་གསལ་ཏེ། སྤང་བ་འབྱུང་བ་ལ་བྱིན་རླབས་ཡོད་པའམ། ཆགས་པ་ 2-2-74a ནི་འབྲེལ་ཡང་ཞེས་པར་དོགས་པ་བཅད་ཟིན་པའི་ཕྱིར་དང༌། སྤང་བ་བྱུང་ཟིན་ལ་སྔར་གྱི་བྱིན་རླབས་གནས་པའི་ཁུངས་ཡིན་པར་བརྗོད་པར་མི་ནུས་པ་ནི་འོག་ཏུ་བཤད་པར་བྱའོ། །འོ་ན་འབྲལ་སྤང་བྱུང་བ་དེ་གནས་ཐ་དད་དུ་མ་སྤངས་ན་ འབྲལ་སྤང་སྔ་མ་མི་འདག་ལ། སྤངས་ན་ཕྱི་མ་བསྐྱེད་པའི་ཕྱིར་མི་རིགསོ་ཞེ་ན། གནས་ཐ་དད་དུ་སྤངས་པ་ལ་འབྲལ་བས་མ་ཁྱབ་སྟེ། བདག་པོའི་སྒོ་ནས་འཇོག་པའི་ཕྱིར་རོ། །མཚན་དང་ལྟ་བ་མི་མཐུན་པ་གཞན་གནས་ཀྱང༌། ཆོས་འདི་པ་དང་ཕྱི་མ་གཉིས་ཀ་ ལ་སྦྱིན་བདག་གིས་སྤྱིར་ཕུལ་བའི་གནས་ལྟ་བུ་ལ་ཇི་སྲིད་དུ་དགེ་སློང་འབྱུང་འཇུག་ལ་དབང་བ་དེ་སྲིད་དུ་གནས་དེ་མི་ཉམས་པ་སྟེ་འབྲལ་བར་མི་འགྱུར་རོ། །ཐུན་མོང་བ་དག་གིས་ཞེས་པ་ལྟར་ན། བདག་པོ་གཅིག་ཉིད་ཅེས་པའི་མདོའི་དེ་མ་ཐག་ཏུ་སྒོ་ལ་སོཌ་ པ་ནི་ཐུན་མོང་བ་ཞེས་པ་གཅིག་ཡོད་དགོས་པ་འདྲའོ། །འཇོག་པ་ལ་དྲུག་སྔར་དང་འདྲ་བ་ལ། ཚད་ནི་འཁོར་གསུམ་ཁེབས་པའི་ཚད་དུ་མ་ཆོག་པ་ཡ་མཐའ་དང༌། ཁྲུ་གང་དུ་ལོངས་པ་མ་མཐའ་སྟེ། དངོས་ཀྱི་བསྐྱེད་པ་ལའོ། །དེ་ཡང་ཁ་བསྐང་ ལ་རེ་བ་མེད་ན་ཞག་བཅུའི་རིགསུ་འགྱུར་བས་རེ་བ་བཞག་ཏུ་རུང་བ་ལ་རེ་བ་དགོས་སོ། །འདི་རྟེན་གྱི་ཆོས་སུ་འགྲིག་གོ། །ཆུང་བ་ཞེས་པ་ནི་འཁོར་གསུམ་ཁེབས་པ་ལས་སོ། །ཇི་ཙམ་གྱིས་ཆུང་ན་ཁྲུ་གང་ཞེས་སོ། །རེ་བ་ནི་ཟླ་བ་གཅིག་གི་ནང་དེར་ཆོས་ གོས་རྙེད་དུ་རེ་བ་དགོས་ཀྱི། དེ་རྒྱུན་ཆད་ན། སྤྱིར་རེ་བ་ཡོད་པ་ཙམ་གྱིས་ཟླ་བར་བཞག་ཏུ་མི་རུང་ངོ༌། །སྟན་ལ་སྲ་བརྐྱང་མ་བཏིང་བ་གཅིག་པུས་མི་ཆོག་གི། རེ་བ་ཡོད་པ་དང༌། རང་དབང་བའི་བྱིན་རླབས་རུང་གསུམ་གང་རུང་མེད་པ་དགོས་སོ། །དེ་ནི་ཁྲུ་གང་ 2-2-74b བའོ། །གལ་ཏེ་མཐང་གོས་ལ་འཁོར་གསུམ་ཁེབས་ན་དེའི་ཁ་བསྐང་ལ་མི་རེ་བ་དང༌། ཁ་བསྐང་དང་བསྡོམས་པས་དེར་ལོངས་ན་ཐ་ཚད་ལོངས་པས་ཞག་བཅུ་པར་འགྱུར་བ་རིགས་ནའང༌། གོས་གཞན་གཉིས་ལ་རེ་བའི་དུས་ན། འཁོར་གསུམ་ལས་ལྷག་ཀྱང་རང་གི་ ཐ་ཚད་དུ་མ་ཆོག་ན་ཅིའི་ཕྱིར་དེར་མི་རུང་ཡང་ཟླ་བའི་ནང་དུ་རང་གི་ཐ་ཚད་དུ་ཆོག་པ་རྙེད་ན་དེ་ལས་ལྷག་པར་བཞག་ཏུ་མི་རུང་བ་བདེན་མོད། མ་རྙེད་ན་དེ་ལས་ལྷག་པར་མི་འཇོག་པ་ཅི་ཞེ་ན། སྤྱི་ཙམ་ནས་འཁོར་གསུམ་མི་ཁེབས་པའི་ཁྲུ་གང་ཡན་ཆད་པའི་གོས་ལ་ བྱིན་རླབས་མ་བྱས། གཞན་ལའང་མ་བསྔོས་པར་བཅངས་ན་ཞག་བཅུ་འདས་པ་ན་སྤང་བར་འགྱུར་བ་ལ། རྟེན་སྔ་མ་ལྟ་བུའི་དགེ་སློང་ལ་གོས་དེ་ཞག་བཅུའི་རིགསུ་མི་འགྲོ་བར་འཆང་བའི་ལྟུང་བསྐྱེད་ནི་དུས་སྤངསུ་སོང་ནས་ཞག་སུམ་ཅུ་པའི་མཐའི་བར་ དུ་བཞག་པ་ཆོག་པས། ཆོག་པ་གཅིག་བྱུང་བས་རྟེན་གྱི་སྒོ་ནས་ཞག་བཅུ་པ་ལས་འཆད་དུས་ཀྱི་ཆ་ནས་ཁྱད་ཞུགས་སོ། །དེ་ལ་ཟླ་བ་གཅིག་གི་ནང་དུ་རྙེད་ན་ལེགས། མ་རྙེད་ན་བཞག་པའི་གོས་སྟན་བཅད་དུ་མི་རུང་བར་སྟོན་པ་མིན་གྱི། མ་རྙེད་ན་བྱིན་གྱིས་ བརླབས་པ་སོགས་ལ་བྱས་པར་འཆང་བ་འགོག་པས་ན། བྱིན་གྱིས་བརླབས་ནས་གོས་སུ་མ་ལོངས་བར་བཅངས་པས་ཆོག་པ་ཡིན་ནོ། །དེ་བཞིན་དུ་སྟོད་གཡོགས་གཉིས་ལ་ཡང་རང་ཚད་དུ་མ་ལོངས་ཤིང༌། འཁོར་གསུམ་ཁེབས་ན་རེ་བས་བཞག་རུང་ མི་འགོག་གི། བྱིན་རླབས་མ་བྱས་པར་རེ་བ་འཇོག་པ་ན་ཚད་དེ་ཙམ་པ་ལ་རེ་བ་མི་ཆགས་པས། གལ་ཏེ་ཚད་དེ་ཙམ་པ་ལ་རེ་བས་འཆང་ན་བྱིན་གྱིས་བརླབས་ནས་བཞག་དགོས་སོ། །ཁ་དོག་ནི་སྔོ་སེར་དམར་པོ་དང༌། དེ་དག་གི་བྱེ་བྲག་ལས་བྱས་པའོ། ། 2-2-75a སོགས་པས་ནི། བལ་གོས་དང༌། རས་གོས་ལྟ་བུ་སྡུད་དེ། དེ་ལ་ཁ་བསོགས་དང༌། ཁ་བསྐང་མི་རུང་བར་སྟོན་ནོ། །འདི་དང་འཆང་བ་ལ་འདུ་ཤེས་ཀྱི་ཡན་ལག་སྦྱར་དུ་རུང་ལ། ཞག་བཅུ་དང༌། སུམ་ཅུ་ལས་འདས་པར་འཆང་འདོད་རྒྱུན་མ་ ཆད་པའི་ཀུན་སློང་གི་ཡན་ལག་ནི་མི་དགོས་པ་འདྲ་སྟེ། ཀུན་སློང་དེ་འདྲའི་དམིགས་མེད་པར་བཅངས་བའམ། བརྗེད་པ་ལ་ཡང་ལྟུང་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་ཀུན་སློང་གི་ཡུལ་ལ་ཞུགས་པའི་སྦྱོར་བའི་ཡན་ལག་ཀྱང་མི་དགོས་སམ་སྙམ་ མོ། །འབྲལ་བ་ལ་བསམ་སྦྱོར་གྱི་ཡན་ལག་མི་དགོས་པ་འདྲ་སྟེ། དཔྱད་པར་བྱའོ། །འོ་ན་འཆང་འཇོག་གཉིས་ལ་ལན་གཅིག་སྤང་བར་གྱུར་ནས་ཡང་སྔར་བཞིན་སོང་ན་སྤོང་བར་འགྱུར་རམ་ཞེ་ན། ཁྱིམ་རེ་རེ་ལ་ལྟུང་བར་གསུངས་པ་དང༌། པུཎྱ་ཤྲཱིས། ནུབ་ལྷག་པར་ཉལ་བ་ལ་བཤད་པས། དེའི་རིགས་པས་འགྱུར་ཞེས་ཟེར་བ་ནི་འཐད་པ་འདྲའོ། །དེ་ལྟ་ན་ལྷུང་བཟེད་འཆང་བ་དང་གསོག་འཇོག་གི་སྤང་པ་ལ་ཡང་རིགས་པ་མཚུངས་སོ། །ཁ་སོགས་དང་ནི་རིགས་མཐུན་པའི་ཁ་བསྐང་དེ་རྙེད་ན་བག་ལ་བསླན་ ནོ། །གང་གི་ཚེ་ཞེ་ན། ཞག་བཅུ་པ་གསུམ་ཡོད་པའི་བཅུ་པ་གང་ཡིན་པ་དེའི་རྙེད་པའི་ཉི་མ་དང་པོ་དེའི་ཚེའོ། །བག་ལ་སློན་པའི་དོན་ནི། གོས་དེ་གཉིས་སོ་སོ་ན་ཡོད་ཀྱང་སྡེབ་པར་བྱའོ། །སྡེབས་པ་ན་འཁོར་གསུམ་དུ་ཆོག་ན་ཞག་བཅུ་པར་འགྱུར་ལ། མ་ ཆོག་ན་སྔ་མ་དང་འདྲ་བར་ཟླ་བར་འཇོག་པའི་རིགསོ། །འདིར་སྔ་མའི་ཤན་གྱི་དབང་གིས་ཕྱི་མ་དེ་སྔ་མའི་བག་ལ་སློན་པ་ཉིད་ཡིན་པའི་ཕྱིར། ཞེས་པ་ནི། མ་ཆོག་ན་སྔ་མ་ཟླ་འཇོག་གིས་རིགསུ་གྱུར་པ་ལ་ཕྱི་མ་ཡང་དེའི་རིགསུ་འགྱུར་བའོ། །འགྲེལ་པར་ 2-2-75b བག་སློན་གཉིས་བཤད་པའི་སྔ་མ་ནི་སྡོམ་པ་ལ་གསུངས་སོ། །དེའི་རིགས་ལོག་པའམ། སྔ་མའི་རིགསུ་སོང་བ་ལ་མི་བྱ་སྟེ། བག་ལ་སློན་པ་ལ་འཁོར་གསུམ་ཁེབས་པའི་ཚད་དུ་ཆོག་མི་ཆོག་བརྟག་པར་གསུངས་པའི་ཕྱིར་རོ། །ཕྱི་མ་ནི་སྔར་བསྟན་པའོ། །དེ་གཉིས་ཀྱིས་རིགས་ བཟློག་ལ་ཤན་ཡང་འབྱུང་བ་དང༌། རིགས་མ་ལོག་ལ་འབྱུང་བ་གཉིས་བསྟན་ཏེ། འཁོར་གསུམ་ཁེབས་ན་ཞག་བཅུ་པར་རིགས་ལོག་ལ། ཕྱི་མ་ལ་སྔ་མའི་ཞག་ཤན་ཀྱང་འབྱུང་བའི་ཕྱིར་རོ། །མ་ཆོག་ན་གཉིས་ཀ་ཟླ་འཇོག་གི་རིགས་ཡིན་པས། རིགས་ མ་ལོག་ལ་སོ་གཅིག་པ་ལ་སྔ་མའི་ཤན་བྱུང་བས་སོ། །རིགས་ཀྱང་མ་ལོག་ཤན་ཀྱང་མི་འབྱུང་བ་ནི། ཁ་བསྐང་མ་རྙེད་ལ་རེ་བ་ཡང་མ་ཆད་པའི་ཁ་སོགསོ། །རིགས་ལོག་ནས་ཤན་མི་འབྱུང་བ་ནི་ཁ་བསྐང་མ་རྙེད་ཅིང་ཁ་བསོགས་ལ་རེ་བ་ཆད་པའོ། །འདི་ལ་ སོགས་ཚེས་གཅིག་ལ་གཤག་པ་ལ་ཚེས་བཅུ་གཅིག་ལ་ཁ་བསྐང་རྙེད་པ་ན། བཅུ་པ་གཉིས་པ་དེའི་ནང་དུ་བྱིན་གྱིས་རློབ་པ་སོགས་མ་བྱས་ན་ཉེར་གཅིག་པའི་སྐྱ་རེངས་ཤར་ན་ལྟུང་བྱེད་དོ་ཞེས་གསུངས་པས། བཅུ་པ་དང་པོའི་ཤན་གཉིས་པ་ལ་འོང་བ་དང༌། གཉིས་པའི་ཤན་གསུམ་པ་ལ་འོང་བ་མི་སྲིད་དོ། །ཁ་ཅིག་ཉེར་ལྔ་ལ་ཁ་བསྐང་རྙེད་པས། འཁོར་གསུམ་དུ་ལོངས་པ་སུམ་ཅུ་འདས་པ་ན་སྤང་བ་འབྱུང་བ་དེ་ཞག་བཅུ་པ་མིན་ཏེ། གཞན་དུ་ན་བཅུ་པ་བར་པ་ལ་ཡང་ཐལ་བའི་ཕྱིར་རོ། །གསར་པ་ཞེས་པའི་ གསར་རྙིང་ནི་ཟླ་བ་བཞིར་སྤྱད་མ་སྤྱད་དོ། །སྔ་རོལ་ཏུ་སྤང་བར་འགྱུར་བ་ལ། སྣམ་སྦྱར་ལྟ་བུའི་ནང་དུ་སྦྱར་བ་ཕོག་པ་མ་སྦྱར་བར་ཞག་བཅུ་འདས་ན། སྤངས་པར་གསུངས་པས་བྱིན་རླབས་མེད་པར་གསལ་མོད། འོན་ཀྱང་སྦྱར་བའི་དུས་སུ་ཕྱི་སྦྱོང་མིན་བྱིན་ 2-2-76a རླབས་དགོས་སམ་མི་དགོས་པ་ནི། བྱིན་རླབས་ནི་སྣམ་སྦྱར་ལ་ཡོད་ལ། སྦྱར་བའི་ཚེ་གོས་གཅིག་ཏུ་འགྱུར་ཞིང༌། འཕྲལ་བའི་ཚེ་ཐ་དད་དུ་འགྱུར་བས་གསར་དུ་བརླབ་མི་དགོས་སམ་སྙམ་མོ། །དེ་ལྟ་མ་ཡིན་ན་སྔར་བས་སྤོང་བ་ཇི་ལྟར་ཁེགས་རིགས་ པ་འདི། སྦྱར་བ་ལ་བྱིན་རླབས་ཡོད་ན་མ་རླབས་པར་སྦྱོར་བ་ལ་མཚུངས་མི་མཚུངས་བརྟག་གོ། །སྣམ་སྦྱར་གྱི་སྣམ་ཕྲན་ནི་ཞེས་པས་ནི། སྣམ་སྦྱར་ལ་སྣམ་ཕྲན་གྱི་གྲངས་ཇི་ཙམ་རུང་བ་ཡ་མཐའ་དང་མ་མཐའི་སྒོ་སྟོན་ཏེ། དགུ་ནས་ཉེར་ལྔའི་བར་རོ། །དེ་ལ་བཅུ་ ནས་ཉེར་བཞིའི་བར་གྱི་ཟུང་སྣམ་མི་རུང་བར་སྟོན་པ་ནི། ཟུང་མ་གཏོགས་པ་སྟེ་གཞན་དུ་ན་གཞུང་སྣཾ་བྱས་པ་ན་གཡས་གཡོན་དུ་གྲངས་མི་ཉམས་པར་འགྱུར་བའི་ཕྱིར་རོ། །ཚེམ་བུ་ནི། ལྷན་པ་མཐར་ཆགསུ་སོང་བ་ལ་བཤད་ཟེར་རོ། །གཞུང་དེས་དོགས་ པ་ཅི་བཅད་ན། སྣམ་སྦྱར་ལ་སྣམ་ཕྲན་དགུ་མན་ཆད་དང༌། ཉེར་ལྔ་ཡན་ཆད་རུང་ངམ་སྙམ་པ་དང་ཉེར་ལྔ་མན་ཆད་ལ་ཡང་ཟུང་སྣམ་རུང་སྙམ་པ་དང༌། ཇི་འདྲ་ཞིག་བྱ་བ་མི་ཤེས་པ་རྣམས་བཅད་ནས། དགུ་ནས་ཉེར་ལྔའི་བར་གང་རུང་གཅིག་བྱའོ། །ཞེས་བསྟན་ ནོ། །ཆོས་གོས་སྣམ་སྦྱར་གྱི་སྣམ་ཕྲན་གྱི་གྲངས་ནི། དགུ་ཡན་ཆད་ཉེར་ལྔ་མན་ཆད་གང་ཡང་རུང་བ་ཡིན་པར་བྱའོ། །ཞེས་སྣམ་སྦྱར་ལ་སྣམ་ཕྲན་དེ་རྣམས་གང་རུང་གཅིག་གིས་ཆོག་པར་གསུངས་པ་དང༌། འོག་ཏུ་སྣམ་སྦྱར་ལ་རྒྱ་ཁྱོན་ཁྲུ་ལྔ་ ནས་ཕྱེད་ལྔ་དང༌། གསུམ་ནས་ཕྱེད་དང་གསུམ་གྱི་བར་གང་རུང་གིས་ཆོག་པར་གསུངས་པ་དང་སྦྱར་ན། རྒྱ་ཁྱོན་མཐའ་ཚད་ལ་སྣམ་ཕྲན་གྱི་གྲངས་དགུ་པ་སོགས་དང༌། རྒྱ་ཁྱོན་མཐའ་ཚད་ལ་སྣམ་ཕྲན་གྱི་གྲངས་ཉེར་ལྔ་སོགས་ཤིན་ཏུའང་རུང་བར་སྣང་ངོ༌། ། 2-2-76b འོ་ན་སྣམ་ཕྲན་ལ་གླེགས་བུའི་གྲངས་ཇི་ལྟར་བྱ་ཞེ་ན། སྣམ་སྦྱར་གང་ལ་སྣམ་ཕྲན་གྱི་གྲངས་དགུ་དང་བཅུ་གཅིག་དང༌། བཅུ་གསུམ་ཡོད་པ་ལ་ནི། གླེགས་བུ་ཕྱེད་དང་གསུམ་པ་ཉིད་དོ། །སུ་ཡི་ཞེ་ན། སྣམ་ཕྲན་དེ་དག་གིའོ། །འདིར་དེ་དག་གི་ཞེས་པའི་གཞུང་ཡོད་པར་འགྲེལ་ པ་ལས་མཛད་དོ། །དེ་ནི་འོག་མ་གཉིས་ལ་ཡང་སྦྱར་རོ། །བླ་གོས་དང་མཐང་གོས་ལ་སྣམ་ཕྲན་དུ་བྱ་བ་དང༌། སྣམ་ཕྲན་ལ་གླེགས་བུ་དུ་བྱ་བ་ནི་རིམ་པ་ལྟར་སྣམ་ཕྲན་བདུན་པ་དང་ལྔ་པ་བྱ་ཞིང༌། གླེགས་བུ་ནི་ཕྱེད་དང་གསུམ་པ་དང༌། ཕྱེད་དང་གཉིས་གཉིས་སོ། དེ་ནི་ རབ་འབྲིང་ཐ་གསུམ་ལ་འདྲའོ། །འོན་ཀྱང་མཐང་གོས་འཁོར་གསུམ་ཁེབས་པ་ལྟ་བུ་ལ་མི་བྱེད་དམ་སྙམ་མོ། །འདི་གཉིས་ཀྱི་སྣམ་ཕྲན་སོགས་ནི་གནང་བའི་བསླབ་པའོ། །ཆོས་གོས་གསུམ་པོ་ཚད་ཅི་ཙམ་ཞེ་ན། བྱིན་གྱིས་བརླབ་ཏུ་རུང་བའི་ཞེས་སོག་བྱིན་གྱིས་བརླབ་ཏུ་རུང་བ་ནི་བྱིན་ རླབས་ཆཌ་པའོ། །དེའི་ཚེ་ཚད་ལ་ཁྲུ་ལྔ་སོགས་བཟུང་བ་ནས། དེ་ལས་ལྷག་པ་ལ་ཆགས་ལ་ཉེས་བྱས་སུ་འདོད་པ་ནི་མིན་ནོ། །གཞན་ཡང་ཚད་ལས་ལྷག་པའི་གོས་གཅིག་ལ་བྱིན་རླབས་ཆགས་ན། ཆོས་གོས་གསུམ་པོ་བྱིན་གྱིས་བརླབ་ཏུ་རུང་བ་གང་དག་གིས་ཞེང་དུ་རང་གི་ཁྲུ་ གསུམ། ཆུར་རང་གི་ཁྲུ་ལྔའི་ཚད་ཇི་སྐད་བསྟན་པ་ལས་ལྷག་པར་བྱེད་ན་སྤང་བར་འགྱུར་བ་ཉིད་དོ་ཞེས་གསུངས་པ་དང་འགལ་ལོ། །ལྷག་པའི་ཆ་ལའོ། །ཞེ་ན། བྱིན་རླབས་དང་བྲལ་བའི་ཕྱོགས་འདིའོ། །ཞེས་ངེས་མི་ནུས་ལ། དང་པོ་རློབ་པའི་ཚེ་ཕྱོགས་ངེས་པ་ ཅན་བྱེད་ན་ནི་ཚད་ལྷག་ལ་བླ་གོས་ཀྱི་བྱིན་རླབས་ཀྱང་ཆགས་རུང་བས་ཆར་འབབ་པ་སོགས་ཀྱི་ཚེ་ཁྱེར་དགོས་མི་དགོས་འགལ་བ་འདུས་བར་འགྱུར་བ་དང༌། ལྷག་པའི་ཡོ་བྱད་དུ་བྱིན་གྱིས་བརླབ་ཏུ་རུང་བ་དང༌། སྐྲ་བཟེད་སོགསུའང་རུང་བར་ཧ་ཅང་ཐལ་ལོ། ། 2-2-77a འགྲེལ་པར་འདི་མན་ཆད་ནི་གོས་སྤྱི་ལྟ་བུ་ལ་དང༌། ཚད་ཅི་ཙམ་ལ་བྱིན་གྱིས་བརླབས་པ་ཆགས་པར་འགྱུར་བ་དང༌། དེ་ལས་ལྡོག་པ་ལ་སྤང་བར་འགྱུར་བ་བརྗོད་པར་བྱ་སྟེ། ཞེས་གསུངས་ པས་ཀྱང༌། རིམ་པ་དང༌། ཚད་གཉིས་ཀ་ལྷག་པ་ལ་མི་ཆགས་སོ། །རིགས་པ་འདི་མཐའ་ཚད་ལས་ཆུང་བ་ལ་ཡང་སྦྱར་རོ། །ཞུ་བ་ལས་འབྱུང་བ་ལ། བྱིན་གྱིས་བརླབ་ཏུ་རུང་བ་གང་རུང་མེད་པས་ཁྲུ་གང་བས་ཆུང་བ་ལ་རེ་ནས་བཞག་ན་ཉེས་བྱས་སུ་ འགྱུར་བའི་དམིགས་བསལ་ནི་འཁོར་གསུམ་གྱི་ཕྱེད་མི་ཁེབས་པའི་དམན་པ་ནི་རེ་བ་མེད་པ་ཞག་བཅུ་པའི་རིགསུ་གཏོགས་པའོ། །དེས་ན་དེ་བས་དམན་པ་འཁོར་གསུམ་གྱི་ཆུ་ཞེང་གི་ཕྱེད་ཚུན་ཁེབས་པ་གཅིག་དགོས་པར་གསལ་ལོ། །གདོང་ཕྱིས་ལ་སོགས་པ་ ལ་ཟླ་བར་བཞག་རུང་མེད་པས་དེ་དག་མ་ཡིན་པའི་ཡོ་བྱེད་ཀྱི་གོས་ལ་བཞག་རུང་ཡོད་དོ། །དེས་ན་རུང་བ་མ་ཡིན་པ་བཀག་པ་དང༌། གཉིས་ཀ་རེ་བ་མེད་པའི་ཕྱོགསུ་གཏོགསོ། །འཁྲུར་འཇུག་གི་རྣམ་འབྱེད་ལ། རབ་ཏུ་བྱུང་བ་སྦྲུམ་མ་སྟེ་ཞེས་སོ། ། གཞན་དུ་འཇུག་ན་དེ་ལ་ཉེས་བྱས་སོ། །དབེན་པ་དེར་སྡོད་པ་དགེ་སློང་མ་དེ་མི་སྒྲུབ་ན་ཞེས་སོ། །འོག་ནས་ཉེ་དུ་ཡན་ལག་ཏུ་དགོས་པར་སྟོན་པའི་ཉེ་དུའི་མཚན་ཉིད་གང་ཞེ་ན། རང་གི་ཕ་མ་དག་ནས་ཕ་མའི་ཕྲུགས་བདུན་པ་ཚུན་ཆད་དེ། ལས་ཞེས་པས་པའི་ བརྒྱུད་མའི་ཡན་ལག་དང་བཅས་པ་དང༌། མའི་བརྒྱུད་ཕའི་ཡན་ལག་དང་བཅས་པ་བསྟན་པར་གཟུང་ངོ༌། །ཕའི་བརྒྱུད་ནི། ཕའི་ཕ་དང༌། དེའི་ཕ་ཞེས་སོགས་དང༌། མའི་ཡན་ལག་ནི་མའི་མ་དང་དེའི་མ་ཞེས་སོགསོ། །མའི་བརྒྱུད་པའི་ཡན་ལག་ཀྱང་ 2-2-77b དེ་ལྟར་རོ། །དེ་ལྟར་ན་ཕ་མའི་བརྒྱུད་གཉིས་ཀ་ཕྲུགསུ་གྱུར་པའོ། །ཕྲུགས་དེ་གཉིས་གང་ཡང་རུང་བ་སྔ་མ་གཅིག་ལ་སྐྱེས་པ་ནི་ཉེ་དུའོ། །སྔ་མ་ནི་བཞི་གང་ལ་སྦྱར་རོ། །ཡང་གི་སྒྲས་གཉིས་བ་ལས་སྔ་ནས་སྐྱེས་པ་འབའ་ཞིག་ཉེ་དུར་མ་ཟད་པའོ། །ཞེས་གསུངས་ པ་ལྟར་ན། རང་རང་གི་ཕ་དང་མའི་བརྒྱུད་ལས་སྐྱེས་པར་མ་ཟད། དེའི་ཡན་ལག་ལས་སྐྱེས་པ་ཡང་ཞེས་བྱའོ། །རྣམ་འབྱེད་འགྲེལ་དུ་ཕྱི་ནས་བུ་བུ་མོ་ལས་སྐྱེས་པའི་བདུན་པ་ཚུན་ཀྱང་བཤད་ཟེར་རོ། །འདི་ལ་ཁ་ཅིག །གང་དུ་ཡང་ཉེ་དུ་ཡིན་མིན་འདི་བཞིན་ བྱེད་ཟེར་བ་དང༌། ཁ་ཅིག་ཕྱི་རོལ་ལོངས་སྤྱོད་ལ་ཆགས་པ་དགག་བྱར་བྱེད་པའི་སྐབསུ་དེ་བཞིན་ཡིན་ལ། ནང་སེམས་ཅན་ལ་ཆགས་པའི་སྐབསུ་ངོ་ཚ་བའི་གནས་སུ་བྱེད་མི་བྱེད་ལ་མ་བྱས་ན་སྲུ་མོ་ལྟ་བུ་ལ་འཁྲུར་བཅུག་པ་སོགས་རུང་བར་འགྱུར་བས་བཅས་པ་ དོན་མེད་དོ་ཞེས་ཟེར་ཏེ། འདི་ནི་ཡུལ་དུས་གང་ན་ཉེ་དུར་བྱེད་མི་བྱེད་དང༌། ཉེ་དུའང་ངོ་ཚ་བའི་གནས་སུ་བྱེད་མི་བྱེད་ལ་བརྩི་དགོས་སོ། །གང་ལ་འདུ་ཤེས་བྱེད་པ་པོ་ཡིན་ཞེ་ན་དགེ་སློང་མ་ཞེས་ཏེ། དེའི་དགེ་སློང་མའི་སྡོམ་པ་དག་པ་ལྟ་བ་མཐུན་པ། མཚན་མཐུན་ པ་ཐ་སྙད་གསུམ་དང་ལྡན་པ། ལུས་ཐ་མལ་བ། བསྟེན་དུ་རུང་བ། རྫུ་འཕྲུལ་དང་མི་ལྡན་པ། ཉེ་དུ་མ་ཡིན་པ་སྟེ་ཆོས་བརྒྱད་ལྡན་ནོ། །འདི་ལ་བསྟེན་དུ་རུང་བ་དགེ་སློང་མ་ཡིན་པས་འགྲུབ་པས་མི་དགོས་ལ། བསླབ་སྦྱིན་གྱི་དགེ་སློང་བསྟེན་དུ་རུང་བ་ན། བསླབ་ པ་སྦྱིན་མོས་ཆོག་གམ་མི་ཆོག་དཔྱད་དགོས་པས་དང་པོ་བརྟག་གོ། །ཉེ་དུ་མ་ཡིན་པ་ཡན་ལག་ཏུ་དགོས་པར་གསུངས་པ་ནི་ཉི་ཤུ་སྟེ། བཅུ་ཚན་དང་པོ་ནས་འཁྲུར་འཇུག་ལེན་པ། སློང་བ་སོགས་བཞི་སྟེ་དྲུག །བར་པ་ནས། བལ་རྨེལ་བ། མངོན་ཚན་ 2-2-78a ཉོ་ཚོང་སྟེ་གསུམ། ཐ་མ་ནས་ལྷུང་བཟེད་འཚོལ་བ། འཐག་པ་གཉིས་ཏེ་གསུམ་དང༌། འབའ་ཞིག་པ་ནས། གོས་བྱེད་པ་དང༌། སྦྱིན་པ། འདུག་གནས་སུ་ཟ་བ་དང་བསོད་པ། སློང་བ། གཅེར་བུ་ལ་སྟེར་བ་དང༌། མགྲོན་དུ་གཉེར་བ་སྟེ་ དྲུག་གོ། །སོར་བཤགས་ནས་དང་པོ་གཉིས་སོ། །འདིར་ལྷུང་བཟེད་འཚོལ་བ་ལ་ལུང་ནས་དངོས་སུ་མ་གསུངས་པ་ཡི་གེ་ཆད་པ་འདྲ་སྟེ། རྩ་བས་ལུང་གི་དོན་ཙམ་སྡུད་པའི་སྐབས་སུ་དངོས་སུ་བསྡུས་ལ། འགྲེལ་པའི་བྱེ་བྲག་ཏུ་མ་བྱས་པའི་ཕྱིར་རོ། ། ཞེས་ཟེར་རོ། །ལུང་ནས་དངོས་སུ་མ་གསུངས་ཀྱང༌། དོན་གྱིས་ཐོབ་པ་ལ་དགུ་ནི། དབེན་པ་ན་འདུག་འགྲེང་དང༌། ཆོས་སྟོན་པ། སྦྱོར་དུ་བཅུག་པ་དང༌། ཡང་ཡང་ཟ་བ་རས་ཆེན་འཚོལ་བ་དང༌། ལྷུང་བཟེད་གསུམ་ལས་ལྷག་པ་ལེན་པ། ལྷན་ཅིག་ ཉལ་བ། ལམ་དུ་འགྲོ་བ་སྟེ་དགུའོ། །དེའི་དང་པོ་གསུམ་ལ་ནི། ལྔ་བཅུ་པ་ལས་གསུངས་ལ། བཞི་པ་ལས་ནི་བསྡུས་པ་ལས་དང༌། ལྔ་པ་ལ་ནི་འགྲེལ་པ་ལས་ཐ་སྙད་ཀྱི་དབང་ཞེས་གསུངས་སོ། །དྲུག་བདུན་གཉིས་ལ་ནི་གོས་སློང་བ་སོགས་ཀྱིས་ གནད་མཚུངས་དང༌། ཐ་མ་གཉིས་ལ་ནི་འདུག་འགྲེང་སོགས་ཀྱི་གནད་ཀྱིས་སོ། །འགྲེལ་ཆུང་ལས། སྲིན་བལ་སོགས་གསུམ་ལ་ཉེ་དུ་མ་ཡིན་པ་ཡན་ལག་ཏུ་བཤད་པ་ནི་མི་འཐད་དེ། དེ་ལྟ་ན་བསླངས་པ་ཡན་ལག་ཏུ་དགོས་ལ། དེ་འདོད་ན། རྩ་བ་ལས། རང་གཞན་ གྱི་ལ་ཁྱད་པར་མེད་པར་གསུངས་པ་དང་འགལ་ལོ། །ཉེ་དུ་ཡིན་པ་ལ་ཅིར་འགྱུར་ནི་སྐྱེད་དང༌། ལྷུང་བཟེད་དེ་གཉིས་མ་གཏོགས་པ་ལ་ཉེས་པ་མེད་པར་གསུངས་པས་གཞན་རྣམས་ལ་ལྟུང་བ་མེད་དོ། །འདུག་གནས་སུ་ཟ་བ་ལ་ཉེས་བྱས་སུ་གསུངས་པ་ནི། རྣམ་ 2-2-78b འབྱེད་ལས། ཉེས་མེད་དུ་བཤད་པས་ཡི་གེ་ནོར་བའོ། །ཞེས་སྔ་མ་རྣམས་ཟེར། འཁྲུར་འཇུག་པའི་དངོས་པོ་ནི། ཆོས་གོས་གསུམ་དང་གདིང་བ་གང་རུང༌། རུང་བ་ཚད་ལྡན། བདག་པོ་རང་གི་ཡིན་པ། རང་ལ་ལྟོས་པའི་བྱིན་རླབས་དང་བཅས་པ། རྙིང་པའམ་བཀྲུ་བ་སོགས་འོས་པ། སྔར་བཀྲུ་བ་སོགས་ཀྱི་རྩོམ་པ་མ་བྱས་པ་སྟེ། བདུན་ནོ་ཞེས་ཟེར་བའི་རང་གི་ཡིན་པ་རུང་བར་བྱས་པ་ལ་ཡང་ཡོད་པས་རྣམ་བརྟགས་དང་མ་འབྲེལ་བའི་རང་དབང་བ་དགོས་ལ། བཀྲུ་སོགས་ཀྱི་འཕྲོ་ཡིན་ལ་དངོས་ ཀྱི་མི་སྐྱེད་པས་ཡང་བརྟག་བར་བྱའོ། །བྱིན་གྱིས་བརླབས་པའི་སེལ་བ་ཆོས་གོས་སྤངས་པ་འཁྲུར་བཅུག་ན་ཉེས་བྱས་སུ་འགྱུར་བའི་ལུང་དྲངས་པའི་ཕྱིར་སྤང་ལྟུང་བྱུང་བས་བྱིན་རླབས་འཇིག་པར་སྣང་ངོ༌། །རྙིང་པ་ནི་དུས་ཚིགས་གསུམ་ གང་རུང་དུ་སྤྱད་པའོ། །འདི་ནི་མཚོན་པ་ཙམ་སྟེ་མ་རྙིངས་ཀྱང༌། མི་གཙང་བ་ལ་སོགས་པས་གོས་པའི་འཁྲུར་གཞུག་འོས་པ་ཡིན་ན་ལྟུང་བ་དངོས་གཞི་བསྐྱེད་པར་གསུངས་སོ། །འགའ་ཞིག་ནི་གོས་བཞི་གང་རུང་ངོ༌། །བསྒོ་བས་ཞེས་པ་ནི་ མངགས་པ་ལ་ན་སྨད་པར་འགྱུར་བས་དེ་དག་བསལ་བའི་ཕྱིར་རོ། །ཆོས་གོས་ཞེས་བྱ་བ་ནི་བདུན་པོ་དག་ལས་གང་ཡང་རུང་བའོ། །ཞེས་གསུངས་པ་དང༌། གོས་བཞི་ལ་ངེས་པ་བྱས་པ་མི་འགལ་ཏེ། ལུང་ལས་གོས། ཞེས་བྱ་བ་ནི་བདུན་པོ་ བ་ལ་གོས་དང༌། ཤ་ན་དང༌། ཟར་མ་དང༌། དུ་གུ་ལ་དང༌། རས་བལ་དང༌། ཀོ་ཏམ་པ་དང༌། ཉི་འོག་གི་གོས་སོ། །ཞེས་གསུངས་པས། ཆོས་གོས་གསུམ་དང་གདིང་བ་དེ་དག་ལས་བྱས་པ་འཛིན་པ་ཡིན་ནོ། །ཕྱགས་ལས་ཞེས་པ་ནི། ཆོས་གོས་ཀྱི་ 2-2-79a ཕྱོགས་གཅིག་ལ་བྱས་པ་དང༌། ལས་ཀྱི་ཕྱོགས་གཅིག་ཆུར་ཉུག་གམ། ཐལ་མོ་རྡེག་པ་ལ་ལྟ་བུ་གཅིག་བྱས་ན་ཡང་ལས་བྱས་པར་སྟོན་པའོ། །བྱས་པ་ཉིད་ན་ཞེས་པ་ནི། དགེ་སློང་མ་ལས་བྱས་པ་ཉིད་ན་བྱེད་དུ་ བཅུག་པ་ཡིན་གྱི། བསྒོ་བ་ཙམ་གྱིས་མ་ཡིན་ནོ། །འཁྲུ་བ་སོགས་ཀྱི་བསམ་པ་མ་གྲུབ་ཀྱི་བར་དུ་འཁྲུ་བ་དང༌། འཚེད་པ་དང༌། འཆག་པ་ལྟ་བུ་རིགས་མི་མཐུན་ཡང་ལྟུང་བ་གཅིག་བསྐྱེད་ལ། འཁྲུ་བ་ལྟ་བུའི་རིགས་མཐུན་པར་ཆད་པ་ལ ཡང་ལྟུང་བ་གཅིག་གོ། རིགས་མཐུན་པ་ལ་དེ་ལྟར་རུང་ཡང༌། མི་མཐུན་པ་ལ་གཅིག་ཏུ་ཇི་ལྟར་རུང་སྙམ་པའི་དོགས་པ་བསལ་བའི་ཕྱིར། ཚིགས་སུ་གྱུར་པ་བར་ཆད་པ་དང༌། རིགས་མི་མཐུན་པ་ལ་ཡང་འབྲས་བུ་ལྟུང་བ། གཅིག་སྟེ་འཁྲུ་བ་ སོགས་གསུམ་ག་རྫོགས་པའི་མཐར་ལྟུང་བྱེད་དོ། །ཞེས་ལྟུང་བྱེད་གཅིག་ཏུ་བསྟན་པའི་ཕྱིར་རོ། །འདུ་ཤེས་གཙོ་ཆེ་བའི་ལྟུང་བ་ཐམས་ཅད་ལ་དོན་དང༌། འདུ་ཤེས་མཐུན་པ་ལ་དངོས་གཞི་སྟེ། དགེ་སློང་མ་ལ་ཉེ་དུ་མིན་པར་ཤེས་ཤིང༌། དེ་ཡང་ཉེ་དུ་མིན་པ་དངོས་གཞིའོ། །དོན་ཇི་བཞིན་མིན་པ་ལ་འགྲེལ་པར། འདུ་ཤེས་ཀྱང་གཞན་ཏེ། ཉེ་དུ་ཡིན་ནོ་སྙམ་ལ་དོན་ཀྱང་གཞན་ཏེ་དགེ་སློང་མ་དེ་ཉེ་དུ་མིན་ན། དེའི་ཚེ་དངོས་ཀྱི་དང་ཉེ་བའི་ལྟུང་བ་ཞེས་པ་ནི་དགག་སྒྲ་གོང་འོག་ འཕྱུགས་པར་འགྱུར་ཞེས་པ་སྟེ། དེས་ན་དགག་སྒྲ་གོང་འོག་ལ་འདུ་ཤེས་ལ་སྦྱར་ཏེ། གཞན་དུ་ན་ལུང་ཞུ་བ་དང༌། འདུ་ཤེས་གཙོ་བའི་སྤྱི་གཞུང་དང་འགལ་ལོ། །ཞེས་པ་ནི། ཤིན་ཏུ་འཐད་དེ། དེ་ཉིད་ཀྱི་དཔེར་བརྗོད་འགྲེལ་པར་ 2-2-79b མཛད་པ་དང་འགལ་བའི་ཕྱིར་རོ། །ཡིད་གཉིས་ཞེས་པ་ནི། སྔ་མ་གཉིས་ཀ་ལ་སྦྱར་རོ། །ཧ་ཅང་ཡུན་མི་རིང་བ་ནི་འཇུག་པའི་གནས་བཙལ་བ། རྫས་བཞག་པ། རེ་ཞིག་བསྡད་པ་རྣམས་དང་པོར་བྱའོ། །སངས་རྒྱས་ཀྱིས་ཞེས་པ་ནི། དགེ་འདུན་ གྱི་ཁྲིམསུ་བྱ་བའི་དབང་གིས། བཅོམ་ལྡན་འདས་ཀྱི་བཀའ་ལས་འགལ་བར་མི་བྱའོ། །བླང་བར་བྱ་བ་ནི། གང་ཟག་གིས་ཀྱང་ངོ༌། །ཞུ་བ་ནས་འབྱུང་བ་ལ། བཤད་པ་དང་ཞེས་ཏེ། རྐྱེན་དེ་དག་ཅུང་ཟད་ཙམ་གྱིས་བཀྲུ་བར་འོས་པ་ལ་ཡང་ན་ སྨད་པ་མེད་དོ། །དྲེའུ་རྔོག་དང་ཞེས་ཏེ། རུང་བར་བྱས་པ་ནི། རྣམ་བརྟགས་བྱས་པ་ལ་བྱེད་དོ། །དགེ་འདུན་གྱི་ཞེས་པ་ལ། རང་གར་གཏོགས་ཀྱང་རང་འཆི་བ་རང་གི་ཞེན་པ་ལ་ཁྱད་པར་གོ་བར་བྱའོ།། །།ལེན་པའི་རྣམ་འབྱེད་ལ་ཡུལ་སྔར་དང་ འདྲ་བའི་སྟེང་དུ་དད་པ་དང་སེམས་ཡང་ཆེ་བ་མིན་པ་སྟེ། དགུ་ལྡན་ནོ། །དངོས་པོ་ནི་གོས་རུང་བ་ཚད་ལྡན། དགེ་སློང་མ་དེ་ཉིད་ཀྱི་ཡིན་པ། དེ་དང་འབྲེལ་བར་གནས་པ་སྟེ། ལྔ་ལྡན་ནོ་ཞེས་ཟེར་རོ། །དེའི་ཚད་ལྡན་ནི་མ་མཐའ་ཁྲུར་ལོངས་པའོ། །རྟེན་ གྱི་དགེ་འདུན་ལ་གོས་འབུལ་བ་ན་དེའི་ཁོངས་སུ་མིག་གཏོགས་དང༌། ལེགས་པར་སྨྲ་བ་དང༌། བསྙེན་རྫོགས་བྱེད་པ་མ་ཡིན་པ་དང༌། ཆོས་གོས་ཚང་བར་ཡོད་པ་སྟེ་བཞི་ལྡན་ནོ་ཞེས་ཟེར་རོ། །ཡུལ་ལ་དགེ་སློང་ལ་གོས་སྟེར་བར་རྩོམ་པ་ ཡིན་པ་དང་ཞེས་བསྣན་ཏེ། མི་སྟེར་བ་ལ་ལེན་ན་འདིའི་ལྟུང་བར་མི་རུང་བའི་ཕྱིར་རོ། །དད་པ་ཆེ་བ་ནི། བསོད་ནམས་འདོད་པའི་བློས་སྟེར་བའོ། །ལེགས་པར་སྨྲ་བ་ནི་ཆོས་འཆད་པའོ། །བསྙེན་རྫོགས་བྱེད་པ་ནི། ཡུལ་དེ་གཉིས་གང་ཡང་ 2-2-80a མ་ཡིན་པས་གཞན་གྱི་བསྙེན་རྫོགས་བྱེད་པའོ། །ཆོས་གོས་ཚང་བ་ནི། གོས་བཅོམ་ལྡན་འདས་ཀྱིས་གནང་བ་རྣམས་གང་མེད་པ་དེའི་ཕྱིར། ལེན་ན་ལྟུང་བ་མེད་དམ་སྙམ་པ་སྟེ་དཔྱད་དོ། །འདུ་ཤེས་སྔ་མ་དང་འདྲ་ལ། ཀུན་སློང་ཕྱིར་ མི་སྟེར་བའི་ལེན་འདོད་དོ། །སྦྱོར་བ་ཅང་མི་སྨྲ་བས་དང་དུ་ལེན་པ་དང༌། ཚིག་ལས་གཞན་པའི་རིག་བྱེད་ཀྱིས་མི་ཆོག་པས་ངག་མཚན་ཉིད་དང་ལྡན་པས་ལེན་པར་རྩོམ་པའོ། །མཐར་ཐུག་གི་ཡན་ལག་ཏུ་ཞེས་པ་དང༌། དེའི་དང་པོའི་ཚད་ལྟ་བའི་ཞེས་གསུངས་ པས་དེ་ལ་གྲུབ་པའི་བློ་སྐྱེས་པའོ། །དགེ་སློང་མས་ཞེས་པ་ནི། བརྗེ་བའི་ཕྱིར་ཡིན་གྱི་ལོངས་སྤྱོད་པའི་ཕྱིར་མིན་པའོ། །གོས་སློང་བ་ལ་ཡུལ་ནི། རབ་བྱུང་རྣམ་གཉིས་ཀྱི་སྡོམ་པ་རྟགས་སྡོམ་གང་དང་ཡང་ལྡན་པའི་ཁྱིམ་པ་ཡིན་པ། ལུས་ཐ་མལ་པ། ཐ་སྙད་ ལྔ་དང་ལྡན་པ། རང་དང་རྫས་ཀྱི་སྒོ་ནས་ཐ་དད་པ། ཉེ་དུ་མིན་པ། མ་བསླངས་པའི་སྔོན་དུ་ཅི་བདེར་སྟོབས་པ་མ་ཡིན་པ་སྟེ་དྲུག་ལྡན་ནོ། །འོག་མ་གསུམ་དང༌། ལྷུང་བཟེད་འཚོལ་བ། འཐག་པ་གཉིས། རས་ཆེན་འཚོལ་བ་རྣམས་ལ་སྦྱར་ཟེར་རོ། །མ་བསླངས་པའི་སྔོན་དུ་ཅི་བདེར་སྟོབ་པ་ནི། མ་ བསླངས་པར་མི་སྟེར་བ་མིན་པ་ལ་བྱ་དགོས་ན། སྦགས་པ་གཉིས་ལ་ནི་སྔ་རོལ་དུ་སྟོབ་འདོད་ཡོད་ལ། སྦགས་ཀྱང་མི་ངེས་པར་སློང་བ་ནི། འདིའི་ལྟུང་བར་བཤད་པས་འདི་ལ་ནི་བླང་བར་བྱ་བ་རང་ལ་མ་བསྔོས་པའམ། བསྔོས་ཀྱང་མི་ངེས་པ་ཞེས་སྦྱར་རོ། ། འདི་གཙོ་བོར་རྟེན་གྱི་སྒོ་ནས་ལྟུང་བར་སོང་བ་ཡིན་པས་རྟེན་གྱི་སྒོ་ནས་ལྟུང་བར་སོང་བས་གོས་ཚང་བར་ཡོད་པའོ། །དེ་ཡང་ཆོས་གོས་གསུམ་ཚང་བས་མི་ཆོག་སྟེ། འཚོ་བའི་ཡོ་བྱད་གང་མེད་ཀྱང་སློང་བར་རིགས་ལ། འདི་མི་རིགས་པ་ཡིན་པའི་ཕྱིར་རོ། ། 2-2-80b འདི་དང་འོག་མ་གསུམ་ལ་སྲ་བརྐྱང་མ་བཏིང་པ་ཡང་སྦྱར་རོ། །སློང་བའི་དངོས་པོ་ནི། གོས་རུང་བ། ཚད་དང་ལྡན་པ། སྦྱིན་བདག་དེ་ཉིད་ཀྱི་ཡིན་པ་སྟེ་བཞི་ལྡན་ཟེར་རོ། །འདི་རྣམས་ལ་འདུ་ཤེས་ཀྱི་ཡན་ལག་སྦྱོར་བ་བརྟག་པར་བྱའོ། །མཐར་ཐུག་ནི་འདི་རྣམས་ ལ་ཐོབ་བློ་སྐྱེས་པ་ཞེས་ཟེར་བ་འཐད་པ་འདྲའོ། །རུང་བ་ནི་རྒྱུས་ཆོག་གམ་སྙམ་མོ། །ཚེད་ལྡན་ནི། འགྲེལ་པར་ཁ་དོག་ལ་སོགས་པའི་དབྱེ་བ་མ་བྱས་པར་སྤྱིར་བསླངས་པ་ན་གང་ཡང་རུང་བ་ཞིག་ཐོབ་ན་ཡང་སྤང་བའི་ལྟུང་བྱེད་དོ། །ཞེས་དང༌། རྩ་བར། རིན་ཐང་དང་ཁ་དོག་དང༌། ཁྲུ་ཚད་ལས་རྣམ་པ་གང་བསླངས་པའོ། །ཞེས་འབྱུང་བས། ཚད་ལ་ཀུན་སློང་བྱེ་བྲག་ཅན་མེད་ན་ཁྲུ་གང་ཡན་ཆད་ལ་དངོས་གཞིའོ། །རིན་ཐང་དང་ཁ་དོག་ལ་ཡང་དེ་ལྟར་རོ། །བྱེ་བྲག་ཅན་ཁྲུ་ལྔ་པ་དང༌། ཀཪྵ་པ་ཎ་ ལྔ་རི་བ་དང༌། གོས་གང་སློང་བ་ན་དེ་དག་ལས་གཞན་ལྷག་པར་ཐོབ་པ་ལ་ལྟུང་བ་མེད་པར་གསུངས་པས་གང་བསླངས་པ་དེ་ཐོབ་པ་དགོས་སོ། །འོ་ན་རིན་ཐང་དང་ཁྲུ་ཚད་ཆུང་དུ་སོང་བ་ལ་ཡིན་དུ་ཆུག་ཀྱང༌། ཆེར་སོང་བའི་གཞན་ཐོབ་པ་ལ་ཇི་ལྟར་འགྱུར་ ཞེ་ན། འགྲེལ་པར་འདིར་གཞན་ལ་ལྟུང་བ་མེད་དོ། །ཞེས་བྱ་བ་ནི་ཐ་དད་པར་འགྱུར་བ་ཉིད་ལ་ཡིན་པར་རིགས་པར་བྱའི། རྒྱུན་གཅིག་ལ་ལྷག་པར་ཐོབ་པ་ལ་ལྟུང་བ་མེད་པ་མིན་ནོ། །ཞེས་གསུངས་པས་གོས་སོ་སོ་བ་དང༌། རྒྱུན་གཅིག་གམ་ ཐོབ་དུས་སོ་སོ་བ་དང༌། རྒྱུན་གཅིག་གང་ཡིན་དཔྱད་པར་བྱའོ། །ཁ་ཚར་བསླངས་པས་རས་མ་ཐོབ་པ་དང༌། རས་མ་བསླངས་ན་རས་ཡུག་ཆེན་དང༌། ཡུག་ཕྲན་ཐོབ་བོ་སྙམ་ནས་བསླངས་པས་ཐོབ་ན་ཡང་ཉེས་པ་མེད་པར་གསུངས་སོ། །དེའི་རང་ 2-2-81a བཞིན་རྒྱུ་སྤུན་གྱི་སྐུད་པས་རྒྱུ་བལ་ལོ། །སློང་བར་རིགས་པ་ནི་བྱིན་གྱིས་བརླབས་པ་ཞེས་ཏེ། ཡོ་བྱང་བཅུ་གསུམ་གང་དང་གང་མེད་པ་དེ་དང་དེར་སློང་བ་མདོར་ན་གང་ལ་དགེ་སློང་གི་ཡོ་བྱད་ཀྱི་དངོས་པོ་གང་གིས་བྲེལ་བ་དེ་ཉིད་མིན་པ་ ལ་སླང་བ་ལ་ཉེས་པ་མེད་དོ། །དེ་ནི་བྱེད་བར་དགེ་སློང་བྱེད་པ་པོ་ཡིན་གྱི། ཆོས་གོས་མ་ཡིན་ཏེ། མེད་པའི་ཕྱིར་རོ། །འདིའི་ཡུལ་དང་དངོས་པོ་སྔར་དང་འདྲ་སྟེ། འོན་ཀྱང་ཚད་ནི་ཟུང་ལས་ལྷག་པའི་ཁྲུ་གང་སློང་བའམ། མི་སྟེར་བའི་ཕྱིར་རོ། །རྟེན་ལ་ ཁ་ཅིག་བྱིན་གྱིས་བརླབས་པར་བྱ་བ་གསུམ་མེད་པ་ཟེར་ལ། ཁ་ཅིག་ཐམས་ཅད་མེད་པ་ཟེར་ཏེ། ཕྱི་མ་མིན་ལ་སྔ་མ་ཡང་བརྟག་པར་བྱའོ། །འགྲེལ་པར་ནི། ཡོ་བྱད་བཅུ་གསུམ་པོ་ལྟ་བུ་གང་ཡང་མེད་པ་སློང་བར་རིགས་པར་བཤད་པས་དེ་ནི་ བྱེད་པ་པོའི་ཞེས་པའི་དེ་ནི་སློང་བར་རིགས་པ་ལ་གསུངས་པས་གང་རུང་གཅིག་མེད་པས་ཆོག་མི་ཆོག་ཀྱང་བརྟག་པར་བྱའོ། །འདིར་སྦྱིན་བདག་ཐ་དད་ལ་ནི་འདི་ཙམ་ལས་མི་བསླང་བའི་ཚད་ངེས་པ་མེད་པས་སྦྱིན་བདག་གཅིག་ལ་སོ་སོར་ཐར་པ་ ནས། གལ་ཏེ་བྲམ་ཟེ་དང༌། ཁྱིམ་བདག་དད་པ་ཅན་གྱིས་ཆོས་གོས་རབ་ཏུ་མང་པོ་དེ་དག་དུས་ཀྱིས་སྟོབས་པར་བྱེད་པར་གྱུར་པ་ན། དགེ་སློང་དེས་འདོད་ན་ཆོས་གོས་དེ་ལས་སྟོད་གཡོགས་བཅས་པ་མན་ཆད་བསླང་བར་བྱའོ། །དེ་ལས་ལྷག་པར་ལེན་ ན་སྤང་བའི་ལྟུང་བྱེད་དོ། །ཞེས་མང་པོ་བསྟབས་ཀྱང་དགེ་སློང་གིས་ཟུང་ལས་ལྷག་པ་བསླང་དུ་མི་རུང་བར་གསུངསོ། །དེས་ན་ཅི་བདེར་སྟོབས་པ་མིན་པ་ཡང་དཔྱད་པར་བྱའོ། །འདིར་ལྷག་པ་སློང་མི་སློང་ལ་ཁྱིམ་པའི་ཚད་ཐོབ་ན་ཁ་བསྐང་བ་ཞེས་དམིཌ་ 2-2-81b ཀྱིས་བཀར་བ་ལྟར་ན། ཁྱིམ་པའི་ཚད་གཉིས་ཚད་ལ་སྦྱོར་དགོས་པས། དེ་གཉིས་ཐོབ་པའི་ཁ་བསྐང་བསླང་དུ་མི་རུང་བ་ནི། དེ་བས་ཆུང་བ་ལ་བྱིན་གྱིས་བརླབ་ཏུ་མི་རུང་ཡང༌། དེ་གཉིས་ལ་བྱིན་གྱིས་བརླབ་ཏུ་རུང་སྟེ། མ་དྲས་པའི་ཕྱིར་རོ། །འོ་ན་ཇི་ ལྟར་རློབ་ཅེ་ན། འདོད་ལ་ཞེས་བྱ་བའི་སྒྲ་མེད་པར་ཞེས་པ་ནི། འཚལ་ལ་བར་ཆད་མ་བྱུང་ན་ཞེས་སོགས་བཞག་ནས། བརླབ་ཅེས་པ་ཡིན་པ་འདྲའོ། །ཆོས་གོས་མ་དྲས་པ་འཆང་བར་འདོད་པས་ནི། ཁྱིམ་པའི་ཚད་འདོད་དགོས་ལ་དེའི་མཐའ་ཚད་ལ་ སོགས་བཞག་ནས་སློབ་དགོས་སོ། །གལ་ཏེ་མ་དྲས་པ་ལ་བྱས་ཟིན་པའི་བྱིན་རླབས་བྱེད་པར་མི་རུང་ན། འོ་ན་ཆོས་གོས་དེ་ལ་འཆང་འདོད་པ་ཡང་བསྐྱེད་པར་མི་རུང་ངོ༌། །སྔ་མ་ཐོབ་ན་ཞེས་ཆོས་གོས་མ་དྲས་པ་འདོད་པའི་དབང་དུ་བྱས་པ་མ་ཡིན་ན། ཁ་བསྐང་ཡང་ཅིའི་ཕྱིར་བསླང་དུ་མི་རུང་ཞེས་པ་རྣམས་འགྲེལ་པའི་དགོངས་པ་ཡིན་པ་འདྲའོ། །འདིར་སྔ་མ་རྣམས་ཆོས་གོས་དྲས་པ་བྱ་བའི་བསམ་པ་ཡོད་ནས་རབ་བྱུང་གི་ཚད་བླངས་པ་ནས། ཐ་ཚད་དམ། འབྲིང་ཚད་ཐོབ་ན་ཁ་བསྐང་བསླང་ཟེར་བ་ནི་ མ་ཡིན་ནོ། །ལྷག་པ་སྦྱིན་མི་སྦྱིན་ནི་འགྲེལ་པར། ཁྱིམ་པའི་ཚད་ལས་ལྷག་ཀྱང་སྟེར་མི་དགོས་དང༌། རབ་བྱུང་གི་ཚད་ལས་ལྷག་ན་སྦྱིན་ཞེས་པ་ཙམ་ལས། རབ་འབྲིང་སོགས་ཀྱི་གསལ་ཁ་མེད་དོ། །སྔ་མ་རྣམས་ཁྱིམ་པའི་རབ་ཚད་ལས་ལྷག་པ་ ལས་རབ་ཏུ་བྱུང་བའི་ཚད་ལས་མ་ལྷག་ན་སྟེར་མི་དགོས་པ་དང༌། རབ་བྱུང་གི་ཚད་ལྷག་ན་སྟེར་དགོས་ཏེ། བསམ་པའི་དོན་ཡོངསུ་རྫོགས་པ་ལས་ལྷག་པ་མེད་པ་དང་ཡོད་པའི་ཕྱིར་རིམ་པ་བཞིན་ཞེས་ཟེར་རོ། །རྫོགས་མ་རྫོགས་ཀྱང་མི་འདྲ་བའི་ 2-2-82a བསམ་པས་བསླངས་པ་ན། བསམ་པ་དེ་གོས་སྤྱིའི་བསམ་པ་ཡིན་ལ། དེའི་ཚེ་ཁྱིམ་པའི་ཐ་ཚད་ཐོབ་པ་ལ་སྤྱི་ཚད་དུ་ཆོག་པ་ཡོད་པས་དེ་ལས་ལྷག་པ་མི་སློང་ལ། དྲ་བའི་བསམ་པའི་ཚེ་རབ་བྱུང་གི་ཐ་འབྲིང་ཐོབ་པ་ལ་ཁ་བསྐང་བསླང་དུ་ རུང་སྟེ། བྱེ་བྲག་གི་བསམ་པ་ཡིན་པས། དེ་ལ་བསམ་པའི་དོན་རྫོགས་པ་ལས་ལྷག་པ་བསླངས་པ་མེད་པའི་ཕྱིར་ཞེས་ཟེར་བ་རྣམས་ཀྱང་མིན་ནོ། །ཕྱི་མ་ཐོབ་ན་ལྷག་པ་བྱིན་པར་བྱ་བའི་རྒྱུ་མཚན་དུ། འགྲེལ་པར་དོན་ཡོངསུ་རྫོགས་པ་ལས་དེ་ ལྷག་པའི་ཕྱིར་རོ། །བསམ་པའི་དབང་གིས་ཀྱང་ཡོངས་སུ་རྫོགས་པ་ཉིད་ཡིན་ཏེ། ཚིག་ཀྱང་དྲས་པ་ལ་སོགས་པའི་བསམ་པས་སོ་ཞེས་གསུངས་སོ། །ཁྱིམ་པའི་ཐ་ཚད་གཉིས་ཐོབ་པའི་ཚེ་ལྷག་པ་བསླང་དུ་མི་རུང་ན། སྦྱིན་ཡང་དགོས་སོ་སྙམ་ན། མི་དགོས་པ་དང༌། འོ་ན་རབ་བྱུང་གི་ཐ་ཚད་གཉིས་ཐོབ་ནའང་མི་དགོས་སོ་སྙམ་ན། སྦྱིན་དགོས་སོ། །དེའི་རྒྱུ་མཚན་ནི། དྲས་པའི་ཐ་ཚད་ཕྱེད་དང་ལྔ་དང༌། ཕྱེད་དང་གསུམ་ལས་ལྷག་ན་གོས་རྫོགས་པ་ལས་ལྷག་ལ། མ་དྲས་པ་ལ་དེ་དང་འཁོར་གསུམ་ ཁེབས་པ་ལས་ཀྱང༌། ཐ་ཚད་ལས་མི་ལྷག་པའི་ཕྱིར་ཏེ། འདི་ལ་རབ་ཚད་དུ་མ་ཆོག་པ་ལས་ཐ་ཚད་ཀྱི་མགོ་འཇུག་པར་གསུངས་པས་འབྲིང་ཚད་མེད་པའི་ཕྱིར་རོ། །དེས་ན་རབ་བྱུང་གི་ལ་ཐ་ཚད་ལས་ལྷག་པར་སྟེར་དགོས་ན་འབྲིང་དང༌། རབ་ཚད་ལྟ་ ཅི་སྨོས། ཁྱིམ་པའི་ཐ་ཚད་ལས་ལྷག་པ་སྟེར་མི་དགོས་ཀྱང༌། རབ་ཚད་ལས་ལྷག་པ་སྟེར་དགོས་སོ། །འདི་ནི་འགྲེལ་པའི་དགོངས་པ་ཡིན་པར་སེམས་སོ། །སྤགས་པ་གཉིས་ལ་ཡུལ་སྔར་གྱི་སྟེང་དུ་སྤུངས་ཆུང་བ་དང༌། ཆེ་བ་སྟེ། ཕོ་མོ་སོ་སོ་ 2-2-82b ནས་གོས་རེ་རེ་བསྔོ་མི་ནུས་པ་དང་ནུས་པའོ། །འདིའི་ཡང་དྲུག་པ་ལ་དཔྱད་དོ། །དངོས་པོ་ནི་སྔར་ལྟར་བཞིའོ། །རྟེན་ནི་ཆོས་གོས་ཡོད་པ་སྟེ། མེད་ན་སྔ་མར་འགྱུར་བས་ཟེར་ཏེ། དེ་མི་དགོས་པ་འདྲ་བས་སྤགས་པར་ཤེས་པ་དགོས་སོ། །རྣམ་འབྱེད་ལས། ལྷག་པ་ལ་གསུངས་པས་དངོས་ཚོད་བླངས་པ་ལྟུང་མེད་དུ་འདོད་པ་ནི་དཔྱད་པར་བྱའོ། །སྤགས་པ་ནི་བསྔོས་པའོ། །མ་ཕུལ་བ་ནི་ཆོས་གོས་ཀྱི་མགྲོན་དུ་མ་བོས་པའོ། །ཤེས་པ་ནི་དགེ་སློང་གིས་སོ། །མ་སྤགས་པ་དང་འདྲ་བ་ནི་སྦྱོར་དངོས་ཀྱི་ལྟུང་བ་ སྐྱེད་ཚུལ་ལོ། །དེ་ཉིད་ནི་གོས་སྤགས་པ། དགེ་སློང་གིས་མི་ཤེས་པའོ། །གཞན་ནི་མ་སྤགས་པ་ཉིད་ཡིན་པ་སྟེ། དེ་སློང་ན་སློང་བའི་སྤང་བར་གཏོགསོ། །སྦྱོར་བའི་ཚེ་མི་ཤེས་ན་དེའི་ཉེས་བྱས་སློང་བར་གཏོགས་ལ། རྟིང་ནས་ཤེས་ཏེ་ཐོབ་ན་ སྤགས་པར་གཏོགས་པའི་དངོས་གཞིའོ་ཞེས་གསུངས་སོ། །སྦྱོར་བ་གཅིག་པས་ལྟུང་བའི་མང་ཉུང་གི་ཚད་བཟུང་བ་ནི། དགེ་སློང་མ་ལས་གོས་སྦྱིན་པ་དང༌། ཉེ་དུ་མིན་པ་ལས་ལྷུང་བཟེད་དང༌། རས་ཆེན་ཐོབ་པ་ལ་ཡང་སྦྱར་རོ། །བསྐུར་བའི་སྤང་བ་ལ་ ཞལ་ཏ་བྱེད་པ་ལ་བསྐུལ་བར་གྱུར་ནའོ། །དེ་ཅི་འདྲ་ཞེ་ན། ཕོ་ཉས་བསྒོ་བ་བྱས་པའི་ཞལ་ཏ་པའོ། །ཇི་ལྟར་བསྒོ་ན་ཆོས་གོས་ཉོ་བའི་རིན་རུང་བ་མ་ཡིན་པ་སྟེ། གསེར་ལ་སོགས་པའི་རིན་པོ་ཆེ་སྦྱིན་བདག་གིས་ཕོ་ཉ་བ་ལ་དགེ་སློང་གི་སར་ བསྐུར་བ་ན། ཚེ་དང་ལྡན་པ་ཕོ་ཉ། དགེ་སློང་དག་གིས་གོས་ཀྱི་རིན་ལེན་དུ་མི་རུང་སྟེ། བདག་ཅག་གོས་རུང་བ་དུས་སུ་རྙེད་ན་ནི་ལེན་ནོ། །ཞེས་བྱ་བས་སྤངས་པ་ན། ཕོ་ཉས་འཕགས་པ་རྣམས་ཀྱི་ཞལ་ཏ་བྱེད་པ་འགའ་མཆིས་སམ། ཞེས་ཞལ་ཏ་ 2-2-83a བ་ཡོངས་སུ་འདྲི་བ་སྔོན་དུ་བཏང་བའི་ཚེ། དགེ་སློང་གིས་འདིའི་ཞེས་བསྟན་པ་ལ་ཕོ་ཉ་བས་ཁྱོད་ཀྱིས་གོས་ཀྱི་རིན་འདིས་གོས་འདི་འདྲ་ཞིག་ཉོས་ལ། དགེ་སློང་མིང་འདི་ཞེས་བྱ་བ་འོངས་པ་དང་བསྐོན་ཅིག་ཅེས་པ་བསྒོས་པའོ། ། སྨྲས་པ་ནི། ཕོ་ཉ་བས་སོ། །ཞལ་ཏ་པ་ལ། བྱུང་བའི་མཐའ་རྗེས་སུ་བརྗོད་པ་སྔར་བྱས་པ་དགེ་སློང་ལ་སྨྲས་པའོ། །འགྲོ་བར་མ་ནུས་པ་དང༌། བསྐུལ་བའི་སྒོ་དྲུག་གསུངས་པའི་དགོངས་པ་བཙལ་བར་བྱའོ། །ཚེ་དང་ལྡན་པ། ཞལ་ཏ་པ། བདག་པོས་འདོད་ དོ། །ཞེས་ལན་གཅིག་དང༌། གཉིས་ཀྱིས་མ་གྲུབ་ན་ཞེས་སོ། །བསྐུལ་བསྡད་ལ་གོ་རིམ་ངེས་པ་མེད་ཅིང༌། གྲངས་ནི་བསྡད་པ་བཞི་དང༌། བསྐུལ་བ་གཉིས་ལྟ་བུ་ཉེས་པ་མེད་ལ། བཟློག་མི་རུང་ངོ༌། །རྣམ་འབྱེད་ལས། བཞི་འམ། ལྔ་འམ། དྲུག་གམ་ བར་དུ་ཅང་མི་སྨྲ་བར་ཕྱོགས་སུ་བསྡད་དོ། །ཞེས་གསུངས་པ་དང་མི་འགལ་ཏེ། དེ་ནི་བསྐུལ་བ་དང་བཅས་པའི་ཡིན་ལ། འདི་ནི་སྡོད་པ་འབའ་ཞིག་ལ་གསུམ་ཡིན་པའི་ཕྱིར་རོ། །བསྐུལ་བསྡད་དྲུག་པོ་དེ་ལས་གཅིག་གིས་ལྷག་ན་སྤང་བར་འགྱུར་ལ། སྦྱིན་ བདག་གིས་སེམས་བསྲུང་བར་ཁས་མ་བླངས་ནའང་སྤང་བའོ། །ཅི་ཞིག་བྱས་ན་ཞེ་ན། བླང་པའོ། །གང་ཞེ་ན། གོས་སོ། །འདིར་དངོས་པོ་ལ་གོས་སམ་གོས་ཀྱི་རིན་ཕལ་ཆེར་རུང་བ། གོས་ཁྲུ་གང་རི་བའི་ཚད་དང་ལྡན་པ། སྦྱིན་བདག་གིས་ཕོ་ཉ་བ་ལ་བསྐུར་ ཞིང་དེས་ཞལ་ཏ་པ་ལ་གཏད་པ་སྟེ་ལྔའོ། །ཞེས་ཟེར་རོ། །དེ་ལ་བསྐུལ་བསྡད་ལྷག་པ་ལ་ལྟུང་བར་འགྱུར་བའི་ཚེ་ནི། གོས་ཀྱི་རིན་རིན་པོ་ཆེ་དགོས་ལ། བསླང་བའི་ཚེ་འགྲེལ་པར་གོས་ལ་བཤད་དོ། །གསུམ་ཆར་ཞེས་པ་ལ་ཁྱིམ་པ་ཡིན་པ། ཐ་སྙད་ལྔ་ 2-2-83b ལྡན། ལུས་ཐ་མལ་པ། རང་དང་དེ་གསུམ་ཡང་རྫས་ཀྱི་སྒོ་ནས་ཐ་དད་པ་བཞི་ནི་སྤྱི་ལ་ཡིན་ལ། བྱེ་བྲག་ཏུ་ཞལ་ཏ་བས་སྦྱིན་བདག་གི་སེམས་བསྲུང་བར་ཁས་མི་ལེན་པའོ། །མཐར་ཐུག་ནི་ཐོབ་བློ་སྐྱེས་པ་ཟེར་རོ། །མི་མིན་པས་ནི་གསུམ་གཅིག་དང༌། གཉིས་པ་གསུམ་དུ་ བྱས་པ་ཡིན། མི་ཡི་གཉིས་པ་གསུམ་དག་དང༌། གསུམ་གཅིག་དེ་དག་མུ་བརྒྱད་དོ། །ཞེས་བརྒྱད་གསུངས་པ་ལ། གཅིག་ལྟུང་བྱེད་དང༌། གཞན་ཉེས་བྱས་སོ། །ཕོ་ཉས་བྱུང་བའི་མཐའ་མ་སྨྲས་པར་དགེ་སློང་གིས་བསྐུལ་ན་ཉེས་བྱས་སོ། །ཆོས་གོས་ཀྱི་རིན་ཕོ་ཉས་ ཁྱེར་འོངས་པ་ན། སྔར་བཤད་པ་ལྟར་མ་སྤངས་པར་ལེན་ན་ཉེས་བྱས་སོ། །མ་དྲིས་པར་ཞལ་ཏ་པ་སྟོན་ན་ཡང་ངོ༌། །ཞལ་ཏ་པའི་ལག་ནས་གོས་ཐོབ་པའི་རེ་བ་མེད་པ་ན་སྦྱིན་བདག་ལ་མ་སྦྲན་ན་ཡང་ངོ༌། །ཁ་ཅིག་རྩ་བར་བསྟན་པའི་ཆོ་ག་འདི། རིན་པོ་ཆེ་ རུང་བ་མ་བྱས་པ་ལ་ཡིན་གྱི། བྱས་པ་ལ་ནི་བླངས་ཀྱང་ཉེས་པ་མེད་ཟེར་རོ། །སྦྱིན་བདག་གིས་གོས་ཀྱི་རིན་ལ་དམིགས་ཤིང༌། དགེ་སློང་ལ་ཡང་དེའི་དགོས་པ་ཡོད་ན་འདིར་བསྟན་པ་འདི་དགོས་ལ། སྤྱིའི་བསམ་པས་བསྐུར་ཞིང༌། དགེ་སློང་ལ་ཡང་སངས་ རྒྱས་མཆོད་པ་དང༌། དགེ་འདུན་གྱི་སྟོན་མོ་ལ་སོགས་པའི་དགོས་པ་ཡོད་ན་རུང་བ་བྱས་ལ་བདག་གིར་བྱའོ། །ཞེས་པ་ནི་འགྲེལ་པ་མཁན་གྱིས་སོ། །སྲིན་བལ་གྱི་སྤང་བ་ལ། སྟན་ནི་རླིངས་པ་དང༌། ནང་ཚངས་ཅན་གཉིས་སོ། །དེ་གཉིས་ལ་འཇམ་པོ་དང༌། རས་བལ་ཅན་ཞེས་ཀྱང་གསུངསོ། །གདིང་བ་དང་སྟན་ཐ་དད་དེ། རྣམ་པ་དང༌། དགོས་པ་དང༌། གནང་བཀག་ཐ་དད་པའི་ཕྱིར་རོ། །དེས་ན་སྲིན་བལ་ལས་གདིང་བ་བྱར་རུང་ལ། སྟན་མི་རུང་ཟེར། སྟན་གྱི་ཞེང་ནི་གདིང་བ་དང་འདྲ་ལ། སྲིད་དུ་རབ་ལ་ཁྲུ་ཕྱེད་དང་ 2-2-84a ལྔ་དང༌། ཐ་ཚད་ལ་ཕྱེད་དང་གསུམ་མོ། །འབྲིང་ནི་དེ་གཉིས་ཀྱི་བར་རོ། །ནང་ཚངས་ཅན་གྱི་ཕྱི་ཤུན་ཡང་སྟན་གྱི་ཁོངས་སུ་གཏོགས་པས་དེ་འཆང་བ་ལ་སྤང་བ་མེད་དོ། །སྟན་གྱི་རབ་ཚད་ཐ་ཚད་དེ་དག་ལས་ཆེ་བ་དང༌། ཆུང་བ་ལ་བྱིན་རླབས་མི་ ཆགས་པ་དང༌། ལོངས་སྤྱོད་པའི་ཆེད་དུ་བདག་གིར་བྱ་མི་ཉན་པ་འདྲའོ། །འདི་ལ་སྲིན་བལ་རུང་བ་ཚད་ལྡན། རང་དབང་བ། ཟླ་བ་བཞིར་སྤྱད་པ་མིན་པའི་རྫས་མ་ཉམས་པ་གཞན་དང་མ་བསྲེས་པ། ཡུལ་དུས་དེར་དཀོན་ཞིང་རིན་ཆེ་བ། སྔར་བཟོའི་ རྩོམ་པ་མ་བྱས་པ་སྟེ་བརྒྱད་ལྡན་ནོ། །ཞེས་ཟེར་རོ། །ཚད་ལྡན་ནི། འཁོར་གསུམ་ཁེབས་པའི་མཐར་ཐུག་པའི་ཚད་དེ། དེ་ཙམ་གྱིས་ན་ལྟུང་བའི་དངོས་གཞིར་འགྱུར་བ་ཡིན་ནོ། །དེ་བས་ཆུང་ན་ནི་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་སོ། །ཁྲུ་ཕྱེད་ དང་གསུམ་དང་འདྲ་བ་ཡིན་ནམ་དཔྱད་དོ། །ཚད་ནི་འོག་མ་གསུམ་ག་ལ་འདྲའོ། །གཞན་དང་བསྲེས་བ་ལ་རྫས་ཉེས་པ་འབའ་ཞིག་གམ། དེ་དང་བསྲེས་པ་གཉིས་ཀ་ལ་ཉེས་བྱས་སུ་གསུངས་པའི་ཕྱིར། བལ་ལ་སོགས་པ་ལ་ཡང་དེ་འདྲ་བར་ གསུངས་པས་རྫས་ཉམས་པ་དང་དེ་བསྲེས་པ་ནི་འོག་མ་རྣམས་ལ་ཡང་མཚུངསོ། །བལ་གཞན་དཀར་པོའམ། རས་བལ་ལམ། གསོ་བལ་ལ་སོགས་པའི་རྫས་ཉུང་ངུ་དང་བསྲེས་ཏེ་སྲིན་བལ་གྱི་སྟན་བྱེད་ན། ཉེས་བྱས་སུ་གསུངས་པ་ནི། སྟན་ ཐམས་ཅད་ཀྱི་དབང་དུ་བྱས་པར་གསུངས་སོ། །ཉུང་ངུ་ཞེས་པས་ཆ་མཉམ་པར་བསྲེས་པ་ལ་ནི་ལྟུང་བ་དངོས་གཞིར་འགྱུར་ཏེ། སྲིན་བལ་དང་བལ་ནག་ཆ་མཉམ་པར་བསྲེས་ནས་སྟན་བྱེད་ན་སྤང་བར་འགྱུར་རོ། །དེས་ན་གཞན་དང་བསྲེས་པ་མིན་པ་ལ་ 2-2-84b ཁྱད་པར་གོ་བར་བྱའོ། །བལ་ནག་པོ་འབའ་ཞིག་པ་ལ་ནག་པོས་སྲིན་བལ་བརྗེ་བ་མ་གཏོགས་པ་འདྲའོ། །ཆ་གཉིས་བསྲེ་བ་ནི། སྲིན་བལ་ལྟ་བུ་ལས་དམན་པ་ཉིད་དམ། དེ་བསྲེས་པ་ལ་ཉེས་བྱས་སུ་བསྟན་ཅིང༌། བལ་ནག་ལས་དཀར་པོ་དང༌། འཁོབ་ བལ་དམན་པས་དེ་དང་བསྲེས་བ་ལ་ཉེས་བྱས་སུ་མཉམ་པ་བསལ་པའི་ཕྱིར། ཆ་གཉིས་བསྲེ་བའི་བཅའ་བ་མཛད་དོ། །རས་བལ་དང༌། གསོ་བལ་ལ་སོགས་པའི་རྫས་དམན་པ་དང༌། བལ་ནག་བསྲེ་བར་བྱེད་ན། བལ་ནག་འབའ་ཞིག་པར་གཏོགས་པའི་ ཉེས་བྱས་སུ་འགྱུར་བའི་ཕྱིར་རོ། །འདིས་ནི་སྔར་ཆ་གཉིས་བསྲེས་པའི་སྤང་བ་བསྟན་པ་སྟེ་སྲིན་བལ་གྱི་སྤང་བར་བྱ་དགོས་སོ། །དཀར་པོ་དང་འཁོབ་བལ་ཚད་ལས་ཉུང་བ་བལ་ནག་དང་བསྲེ་ན་ནི་སྤང་བར་འགྱུར་རོ། །བལ་ནག་པོ་ཕྱེད་ཀྱི་ཚད་ལས་ལྷག་ན་ སྤང་བ་དང༌། དཀར་པོ་དང་འཁོབ་བལ་ཕྱེད་ལས་ལྷག་ནས་བལ་ནག་ཉུང་བའམ། མཉམ་པར་གྱུར་ཀྱང་ལྟུང་བ་མེད་དོ། །འདིས་ནི་རས་བལ་དང་གསོ་བལ་ལ་སོགས་པ་དང༌། བསྲེས་པ་ལ་བལ་ནག་ལྷག་པ་དགོས་ཀྱིས། མཉམ་པའམ་ཉུང་བ་ལ་ལྟུང་ མེད་པར་བསྟན་ཏོ། །ཕྱེད་དཀར་པོ་དང་ཞེས་པ་ནི། བཞི་ཆ་དཀར་པོ་ལས་སོ། །བཞི་ཆ་གཅིག་འཁོབ་པ་ལས་སོ། །སྔ་མ་མང་ན་ཉེས་བྱས་དང༌། ཕྱི་མ་མང་ན་ལྟུང་མེད་དོ། །ཕྱེད་ནི་ནག་པོ་ལས་སོ། །ལྷག་པ་ལ་ནི་སྲང་ཕྱེད་ཡིན་ཟེར་རོ། །དེ་ལྟར་ན་ ཡུལ་གང་ན་བལ་ནག་པོ་དཀོན་ཞིང༌རིན་ཆེ་ལ་སྲིན་བལ་དང༌། བལ་ནག་པོ་མོད་ཅིང་རིན་ཆུང་བ་དར་ནི་དེ་གཉིས་ཀྱི་གནས་སུ་བལ་དཀར་པོ་རིག་པར་བྱའོ། །དེའི་ཚེ་སྲིན་བལ་དང་བལ་ནག་པོ་ལ་ལྟུང་བ་མེད་ལ། དཀར་པོ་ལ་ལྟུང་བར་འགྱུར་རོ། ། 2-2-85a དཀར་པོ་འབའ་ཞིག་པ་སྲིད་པ་བཞིན་དུ་སྲིན་བལ་འབའ་ཞིག་པ་དང་ཆ་གཉིས་བསྲེ་བ་ཡང་རུང་ངམ་སྙམ་མོ། །འདིར་སྔ་མ་རྣམས་སྲིན་བལ་ལ་འགྲེལ་པར་བཤད་པ་ལྟར། སྟན་གཉིས་བྱས་ནས་འབའ་ཞིག་པ་དང༌། ཆ་གཉིས་ ལ་རླིངས་པ་ཁོ་ན་བྱེད་ཀྱང་འགྲེལ་པས་དང་པོ་ལ་གཉིས་ཀ་བྱས་ནས་ལྷག་མ་གཉིས་ལ་དངོས་སུ་མི་འདྲ་བ་བཤད་པ་མ་གཏོགས་སྔ་མ་དང་འདྲ་བར་བསྟན་པས་སྟན་གཉིས་ཀ་དགོས་སོ། །མཐར་ཐུག་ནི་གཉིས་ཀ་ལ་ཐ་ཚད་དུ་ཆོག་པར་བཀྲམ་ པ་ཉིད་ནི། བྱེད་པ་མཐར་ཐུག་པའི་དང་པོ་ཞེས་པ་ལྟར་རོ། །བཀྲམ་པ་ནི་རླིངས་བའི་ཕྱིར་རོ། །ནང་ཚངས་ཅན་གྱི་ནང་ཚངས་བཀྲམ་པ་ལ་སྟེ། ཕྱི་ཤུན་ནང་གི་ཁོངསུ་གཏོགས་པར་བཤད་པས་སོ། །དང་པོ་དེ་ནས་ཇི་སྙེད་བྱེད་པ་ཐམས་ཅད་རྩོམ་པ་གཅིག་ཏུ་ འགྱུར་རོ། །བྱས་ཟིན་པ་རྙེད་སོགས་གཞན་དུ་བདག་གིར་བྱེད་པ་དང་ལོངས་སྤྱོད་པ་ལ་ལྟུང་བར་མི་འགྱུར་བས་འདི་གསུམ་ནི་བཟོ་རང་ངམ། གཞན་དུ་བྱེད་དུ་བཅུག་པས་ལྟུང་བར་འགྱུར་ལ། དཀར་པོ་དང་འཁོབ་བ་ལ་ཕྱེད་པས་ལྷག་པ་དང༌། མཉམ་ པར་བྱས་ན་སྟན་བྱེད་པ་ལ་ལྟུང་བ་མེད་པས་སྲིན་བལ་སོགས་རྒྱུའི་ཁྱད་པར་གཉིས་ཚོགས་དགོས་སོ། །ལོ་དྲུག་གི་སྤང་བ་ལ། བསླབ་པར་བྱ་བ་ནི། །གང་ལ་གནང་བ་སྦྱིན་པ་ལ་ནི་ཡུལ་ཆོས་བརྒྱད་ཏེ། ཁང་པའི་སྐབསུ་བཤད་པའི་བརྒྱད་ཀྱི་སྟེང་དུ་ སྔར་གནང་བ་བྱིན་པ་དང་མ་འབྲེལ་བ་དང༌། སྟན་སྔ་མ་བྱས་ནས་ལོ་དྲུག་མ་ལོན་པ་སྟེ་བཅུའོ། །གང་གིས་སྦྱིན་པའི་དགེ་འདུན་ནི་མཚན་ཉིད་གསུམ་ལྡན་གྱིས་སོ། །ཆོ་ག་ལ་གསུམ་ལས། ཡུལ་གྱི་སྦྱོར་བ་ནི་འདུ་བའི་སྐབས་བསྒྲུབས་པ་དང་ཕྱག་བྱ་ཞིང༌། 2-2-85b སྤྱོད་ལམ་བསྟེན་པ་དང༌། གསོལ་བ་ལན་གསུམ་གདབ་བོ། །དགེ་འདུན་གྱི་སྦྱོར་བ་ནི། དགེ་འདུན་ནམ་བསྐོས་པའི་གང་ཟག་གིས་སྟན་བརྟག་པ་དང༌། བརྟགས་ནས་ཚོགས་ལ་བརྗོད་པའོ། །དངོས་གཞི་ནི་གསོལ་གཉིས་སོ། །མཇུག་ནི་མཇུག་སྡུད་དོ། །འཇིག་རྒྱུ་ ནི་མཚན་གཉིས་པ་སོགས་སོ། །ལྟུང་བ་དངོས་ལ་དངོས་པོ་ནི། སྟན་གྱི་རྒྱུ་ཡིན་པ། རུང་བ་ཚད་ལྡན། རང་དབང་བ། རྫས་མ་ཉམས་པ། སྡེར་བཟོའི་རྩོམ་པ་མ་བྱས་པ་སྟེ་དྲུག་ལྡན་ནོ་ཞེས་ཟེར་རོ། །དང་པོ་ནི། སྲིན་བལ་ནས་འདིའི་བར་ལ། རྨིངས་པ་བྱེད་པ་ དང༌། ནང་ཚངས་ཅན་ནི་གསར་དུ་བལ་བཀྲམ་ནས་བྱ་དགོས་པ་འདྲའོ། །འདིར་རླིངས་པ་ལ་གསུངསོ། །ལྔ་པ་ནི། རྫས་མ་ཉམས་པས་མ་ཆོག་གི། དེ་དང་མ་འདྲེས་པ་ཡང་དགོས་པར་མངོན་ནོ། །རྟེན་ནི། སྟན་སྔ་མ་ལ་ཡོད་པའམ་མེད་ཀྱང་རང་དགར་ བཏང་བ། གནང་བ་མ་ཐོབ་པ་སྟེ་གསུམ་མོ། །ཚིག་གི་དོན་ནི་ལྷག་ན་བཅད་པ་ནི་རྟོག་པའི་དགེ་སློང་གིས་སོ། །ཐུང་བ་ནི་སྲིད་དོ། །དོགས་པ་ནི་ཞེང་དུ་ཡིན་པ་འདྲའོ། །ལྷག་པ་བཅུ་ཚད་ལ་དང༌། ཐུང་བ་ཐ་ཚད་ལ་སྦྱོར་དགོས་སམ་སྙམ་མོ། །བར་སྐབས་བར་ སྐབས་སུ་བུ་གུ་བྱུང་བའམ་ཤ་ཟད་པ་སྲབ་མོ་རིན་གཅིག་གིས་གླན་པར་བྱའོ། །ཞེས་གསུངས་སོ། །སྟན་དང་པོ་བརྩམ་པ་ཉིད་ན་དེ་དང་ལྷན་ཅིག་གམ། ཕྱིས་སྟན་གཉིས་པ་རྩོམ་ན། སྔ་མ་ཟིན་ནས་གཞན་རྩོམ་ན་ཉེས་བྱས་སུ་འགྱུར་བ་བཞིན་དུ་ལྷན་ཅིག་ པའམ་ཕྱིས་རྩོམ་པ་ལའང་ཉེས་བྱས་སོ། །ལྷན་ཅིག་ཏུ་བརྩམས་ན་གང་ལ་ཉེས་བྱས་སུ་འགྱུར་བ་ནི་དཔྱད་པར་བྱའོ། །དང་པོ་བརྩམས་ནས་མ་ཟིན་པར་ཕྱིས་གཉིས་པ་གཅིག་བརྩམས་ན་སྦྱོར་བའི་ཉེས་བྱས་འབྱུང་ཡང༌། གཉིས་པ་སྔོན་ལ་ཟིན་ན་དངོས་གཞི་མེད་དེ། 2-2-86a གཉིས་པ་མ་ཟིན་པའི་ཕྱིར་རོ། །དེ་ནས་སྔ་མ་ཟིན་ན་དངོས་གཞིར་དོན་གྱིས་བསྟན་པས། བཟོའི་རྩོམ་པ་མ་བྱས་པ་དཔྱད་པར་བྱ་ལ། འདིའི་མཐར་ཐུག་ཀྱང་སྔ་མ་རྣམས་དང་མཚུངས་མི་མཚུངས་དཔྱད་པར་བྱའོ། །མཐོ་གང་ག་སྤང་བ་ལ། གང་ལ་དཔྱད་པའི་དངས་པ་ན། གདིང་བ་རུང་བ་ཚད་ལྡན། རང་ལ་དབང་བ་བྱས་པས་གསར་པ། རྙིང་པ་ལས་བདེ་བར་གཤེགས་པའི་མཐོ་གང་གིས་མ་གླན་པ་སྟེ་དྲུག་གོ་ཞེས་ཟེར་རོ། །ལྔ་པ་ལ་འགྲེལ་པར་གསར་དུ་རྙེད་པ་དང༌། གསར་དུ་བྱས་པ་གཉིས་ ལས་ཕྱི་མ་ཡིན་པར་གསུངས་པ་ནི། དགེ་སློང་གི་གསར་དུ་རྙེད་པ་ལ་མི་བསྐྱེད་པར་སྟོན་པ་མ་ཡིན་གྱི། གདིང་བ་གསར་བ་མིན་ན་གསར་དུ་རྙེད་པས། གསར་བ་ལ་ཞེས་པའི་གོ་མི་ཆོད་ཅེས་པའི་དོན་རྟེན་ནི། བཅོས་པར་ནུས་པ་ཡན་ཆད་ཀྱིས་དེ་ཙམ་ཡོད་ པའམ། མེད་ཀྱང་རང་དགར་བཏང་བའོ། །བལ་ཁུར་བའི་སྤང་བ་ལ་གང་བསྐུར་བའི་དངོས་པོ་ནི་གོས་རྒྱུ་ཡིན་པ། རུང་བ་ཚད་ལྡན་རང་ལ་དབང་བ། ངོ་མ་སྤོས་པ་སྟེ་ལྔའོ་ཞེས་ཟེར་རོ། །རྒྱུ་ནི་གསལ་ལོ། །ཚད་ལྡན་ནི་ཁུར་དུ་ལོངས་པའོ། །གང་དུ་བསྐུར་ བའི་ལམ་ནི་ས་ལ་བརྟེན་པ། རྒྱང་གྲགས་ཀྱི་བདག་ཉིད་དེ་གཉིས་སོ། །གང་གི་ཚེ་ཁུར་བའི་དུས་ནི། ཉི་མ་གཅིག་གི་དུས་སོ། །འཁྱེར་བ་མེད་ན་དཔག་ཚད་གསུམ་ཚུན་ཆད་དུ་ཁུར་བ་ལ་ལྟུང་བ་མེད་པས། གསུམ་ལས་འདས་པར་ཞེས་སྨོས་སོ་ ཡོད་ན་ནི་རྩོམ་པའི་དུས་ཁོ་ན་ཉེས་བྱས་གཞན་གཅིག་གོ། དེ་ལྟར་ན་འཁྱེར་བ་ཡོད་ན་དང་པོ་ནས་བརྩིས་པའི་རྒྱང་གྲགས་འདས་ན་སྤང་བ་དང༌། མེད་ན་དཔག་ཚད་གསུམ་འདས་པ་ནས་བརྩིས་པའི་རྒྱང་གྲགས་འདས་པའོ། །འདི་ཡན་ལག་རྩིས་ 2-2-86b ལ་ཡང་བསྣན་དགོས་སོ། །བསྐུལ་ཞེས་པ་ནི་མཆུ་མན་ཆད་ལ་སྦྱར་རོ། །ནས་འབྲུ་དྲུག་གློ་གཤིབས་པ་ལ་སོར་གཅིག་གོ། །དྲུག་དང་བདུན་འགྱུར་གསུངས་པ་ནི། བསྐལ་པ་དང་པོའི་སོར་དང༌། མར་འགྲིབ་ཀྱི་སོར་ལ། རྣམ་འབྱེད་འགྲེལ་པ་ལས་བཤད་ཟེར་ རོ། །ལུས་ཀྱི་ཞེས་པ་ནི། ཕྲག་རྡང་གི་ཁུར་རོ། །བལ་རྨེལ་དུ་འཇུག་བ་ལ། ཡུལ་ནི་འཁྲུར་འཇུག་ལྟ་རོ། །དང་པོ་ནི། བལ་རུང་བ་ཚད་ལྡན་རང་ལ་དབང་བ། རྨེལ་བ་སོགས་སུ་འོས་པ་སྔར་རྨེལ་བ་སོགས་ཀྱི་རྩོམ་པ་མ་བྱས་པ་སྟེ་དྲུག་ལྡན་ནོ་ཟེར་རོ། །མཐར་ ཐུག་ནི། ཕྱོགས་ལ་ལས་བྱས་པ་དང༌། ཚད་ནི་ཁྲུར་ལོངས་པ་ལ་བྱེད་དོ། །མཐར་ཐུག་ནི་འཁྲུར་འཇུག་དང་གཅིག་པ་དགོས་པར་སྣང་བས་དང་པོའི་དྲུག་པ་དང་ཚད་ལ་དཔྱད་པར་བྱའོ། །རིན་པོ་ཆེ་ལ་རེག་པའི་སྤང་བ་ལ་རེག་པར་བྱ་བ་ནི་རིན་པོ་ཆེ་ཡིན་ པ་སྙད་གདགས་སུ་རུང་བ་རང་གི་ཡིན་པ། འཐོབ་པར་རྩོམ་པ་ན་གནས་པ་རུང་བའི་ཆོ་ག་དང་མི་ལྡན་པ། རུང་བ་བྱེད་པའི་དུས་མིན་པ། ཆུད་འཛའ་བའི་རྐྱེན་དང་མི་ལྡན་པ་དང་བདུན་ནོ་ཞེས་ཟེར་རོ། །སྙད་གདགས་རུང་ལ་རྒྱན་ཆར་གྲུབ་པ་ཟེར་བ་ནི་མི་འཐད་དེ། སྙད་གདགས་སུ་མི་རུང་བ་ནི། དེ་ནི་གས་པ་དང་ཞེས་སོགས་གསུངས་པའི་ཕྱིར་རོ། །ཅི་ཞིག་བྱས་ན་གསེར་དངུལ་ལ་རེག་བའི་སྤང་བར་འགྱུར་ཞེ་ན། པདྨ་རཱ་ག་ལ་སོགས་པའི་རིན་པོ་ཆེ་བདག་གིར་བྱས་པ་སྟེ་དང་དུ་ལེན་ན་སྤང་བའོ། །བདག་གིར་བྱེད་པ་སྟེ། གནས་སྐབས་གང་ལ་རྫོགས་ཤེ་ན། ལྕོགས་པ་སྟེ་ལག་ཏུ་ཐོབ་པར་རུང་བ་ཉིད་ན་བདག་གིར་བྱ་བ་དེ་རྫོགས་པས་དེ་ལ་སྤང་བའོ། །འདི་ནི་ལག་པས་བསྙོགས་པ་ལ་བྱེད་པ་འདྲའོ། །ཅི་བདག་གིར་བྱེད་པ་གཅིག་པུས་སྤང་བར་འགྱུར་ཞེ་ན། རང་གི་ཡིན་པ་དང༌། རུང་ 2-2-87a བ་གསུམ་གང་ཡང་མ་བྱས་པ་ཡང་དགོས་སོ། །དེ་ལ་ཅི་ཞིག་བྱས་ན་ལྟུང་བར་འགྱུར་ཞེ་ན། རང་གི་ལུས་ཀྱིས་རེག་གམ། གཞན་ལ་རེག་ཏུ་བཅུག་ནའོ། །དེ་ལྟར་ན་བདག་གིར་བྱ་བ་ཡོངས་སུ་རྫོགས་པ་དང་རང་གི་ཡིན་པ་དང༌། རུང་བ་མ་བྱས་པའི་རིན་པོ་ཆེ་མཚན་ཉིད་དང་ལྡན་པ་ལ་རེག་གམ། རེག་ཏུ་བཅུག་དགོས་པས་བདག་གིར་བྱ་བ་མེད་པའི་ཕྱིར་རེག་གམ། རེག་ཏུ་འཇུག་འདོད་ཙམ་ལ་འདོད་པ་ནི་ནོར་བའོ། །བདག་གིར་བྱ་བ་ཡོད་ཀྱང་ལྕོགས་པ་ན་མེད་པ་ལ་ཉེས་ བྱས་སུ་གསུངས་པས་བདག་གིར་བྱ་བ་རྫོགས་དགོས་སོ། །ཚིག་གིས་ཀྱང་བྱེད་ལ་སྤྲིང་ཡིག་ལ་སོགས་པས་ཀྱང་བྱེད་ན། འདིར་རེག་པ་གང་ཡིན་པར་རིག་པར་བྱ་ཞེ་ན། གང་ཡང་རུང་བ་སྟེ་རྣམ་པ་གང་ཡང་རུང་བས། འདི་ནས་ལོང་ལས་འདིར་ཆུག་ ཅེས་པ་ལྟ་བུ་དམིགས་ཀྱིས་མ་སྨྲས་པར་ཕྱོགས་གཅིག་པར་རེག་ནའང་སྤང་བར་འགྱུར་རོ། །འདིར་ལུང་ཞུ་བ་ལས་སྤྲིང་ཡིག་སོགས་ལ་ན་སྨད་དུ་གསུངས་ཟེར་ཏེ་བརྟག་གོ། སྙེད་གདགས་སུ་རུང་བ་ནི་དོང་ཙེ་དང༌། པ་ཎ་ལ་སོགས་པའི་མཚན་མ་བྱས་པའི་ཟངས་ མའོ། །གཞན་ནི་གོང་མ་ལས་གཞན་པའི་ཟངསོ། །དགེ་ཚུལ་གཉིས་ཀྱི་ནི་རང་དབང་མི་དབང་གང་ལ་ཡང་རེག་པའི་ཆ་ནས་ཉེས་མེད་ཡིན་པ། དེ་གཉིས་ལ་ཉེས་པར་འགྱུར་བ་ནི་བདག་གིར་བྱས་པའི་ཆ་འབའ་ཞིག་ནས་སོ་སྦྱིན་བདག་ཅེས་སོགསོ། །གཞི་ལ་གང་ ལ་རུང་བ་བྱ་བ་ནི་རིན་པོ་ཆེ་དང་འདྲ་བ་ཡིན་པ། རང་དབང་སྔར་རུང་བ་བྱས་པ་དང་མ་འབྲེལ་པ་སྟེ་གསུམ་མོ། །དེ་འདྲ་བ་ནི་ཁྲབ་ལ་སོགས་ཡིན་ཟེར་ཏེ་དཔྱད་པར་བྱའོ། །རྟེན་གང་གིས་བྱ་བ་ནི། སྡེ་ལྔའི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་པ། ལུས་ཐ་མལ་ 2-2-87b པ། ཤེས་པ་རང་བཞིན་དུ་གནས་པ། གནང་བའི་རྐྱེན་དང་ལྡན་པ་སྟེ། བཞི་ལྡན་ཟེར་ཏེ་བརྟག་གོ། གང་གི་དོན་དུ་བྱ་བ་ནི། ཆོས་དང་ལྡན་པའོ། །རུང་བ་བདག་གིར་བྱ་བ་ནི། དང་པོ་ནི། དངོས་པོ་མི་རུང་བ་འདི་སྦྱིན་བདག་ཆེ་གེ་མོའི་ཡིན་ལ། འདི་ལས་བྱུང་བའི་ རུང་བ་བདག་གིས་སྤྱད་དོ་ཞེས་དྲན་པ་སྟེ། འདི་ནི་རང་དང་རྫས་ཀྱི་སྒོ་ནས། ཐ་དད་པས་ཕྱིན་པ་ལ་བྱ་ཟེར་རོ། །གཉིས་པ་ནི། རྩེ་རྒོད་ལ་སོགས་པ་ལ་རང་གི་རིན་པོ་ཆེ་བདག་གིར་བྱེད་དུ་བཅོལ་ལ། དེ་ནས་འདི་ཞལ་ཏ་བྱེད་པ་ཆེ་གེ་མོའི་ཞེས་ སྔར་ལྟར་རོ། །གསུམ་པ་ལ་བཞི་ལས། ཡུལ་གང་གི་མདུན་དུ་བྱ་བ་ནི། བསྙེན་རྫོགས་ཀྱི་སྡོམ་པ་དག་པ་སོགས་བདུན་དང་ལྡན་པའོ། །རྟེན་གང་གིས་དང༌། གཞི་གང་ལ་བྱ་བ་སྔར་ལྟར་རོ། །ཆོ་ག་ལ་གསུམ་ལས། སྦྱོར་བ་ནི། རྒན་ན་ཕྱག་འཚལ་ ལྷམ་འབུད་ཏེ། ཐུགས་གཏད་པར་ཞུ་བ་དབུལ། དངོས་གཞི་སྔགས་ལན་གསུམ་དང༌། མཇུག་ཐབས་ལེགས་བྱ་བའོ། །སྔ་མ་གཉིས་ལ་ཡང་འདི་འདོད་པ་ནི། ནོར་བའོ་ཞེས་ཟེར་རོ། །འཇིག་རྒྱུ་ནི་བྱིན་རླབས་ཆུང་བ་དང༌། ཞིང་མིན་པར་གྱུར་པ་ དང༌། ནོར་གྱི་མངོན་ཞེན་རྒྱུན་དུ་བྱུང་ནའོ་ཞེས་ཟེར་གང་ལ་བདག་ཉིད་ཀྱིར་བདག་གིར་བྱ་བ་ཡོད་པར་དེ་ལ་ནི། རང་གིས་ཀྱང་རེག་པར་མི་བྱ་ལ། གཞན་རེག་ཏུ་གཞུག་པར་མི་བྱ་སྟེ། དེ་ལ་རུང་བར་བྱ་བ་གསུམ་ཆར་མི་ཆགས་པའི་ཕྱིར་རོ། །དེ་ལྟར་ བདག་གིར་བྱེད་པ་དང་དབྲལ་བའི་ཕྱིར་རུང་བར་བྱེད་པའི་ཕྱིར་ཏེ། དེ་ལྟར་ན་བྱིན་གྱིས་རློབ་པའི་སྔགས་ལས་ཀྱང་འདི་སྐད་ཅེས། བདག་གིས་དངོས་པོ་རུང་བ་མ་ལགས་པ་འདིས་རུང་བ་བསྒྲུབ་པར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །ཞེས་བདག་གིར་བྱ་བ་དང་ 2-2-88a མ་བྲལ་བ་ལ་རུང་བ་མི་ཆགས་པར་གསུངས་ཤིང༌། ཡང་ཅི་སྟེ་རུང་བ་གསུམ་ཡང་བྱེད་བཞིན་དུ་རྫས་དེ་ལ་བདག་ཉིད་ཅི་བདག་གིར་བྱེད་པ་དང་རྗེས་སུ་འབྲེལ་ན་ནི། དེ་ལྟར་ཡང་ཐམས་ཅད་དུ་ལྟུང་བར་འགྱུར་བ་ཁོ་ན་ཡིན་ ནོ་ཞེས་རུང་པ་བྱས་ནས་བདག་གིར་བྱ་བ་བྱུང་ན་རུང་བ་འཇིག་པར་བསྟན་ཏོ། །དེ་ལྟར་ན་འདིར་བདག་གིར་བྱར་རུང་མི་རུང་གི་ཚད། རེག་ཏུ་རུང་མི་རུང་གི་ཚད་བསྟན་པར་བྱ་སྟེ། རིན་པོ་ཆེ་ལ་དེའི་འབྲས་བུས་ཆོས་དང་ལྡན་པའི་ཆེད་དུ་བསམས་ ནས་ལེན་པ་མ་གཏོགས་པ་རང་གི་དངོས་པོའི་སྒོ་ནས་ཆགས་ཏེ། ལེན་པ་ནི་མི་རུང་བས་རིན་པོ་ཆེ་གཞན་གྱིས་བྱིན་པ་ན་རང་གི་ངོ་བོའི་སྒོ་ནས་མ་ཆགས་པ་དང༌། དེས་རུང་བ་བསྒྲུབ་པ་དྲན་པར་བྱས་པ་སྔོན་དུ་བཏང་ནས་བདག་གིར་བྱའོ། །དེ་ནི་ བསྙེན་པར་རྫོགས་མ་རྫོགས་གཉིས་ཀ་ལ་འདྲའོ། །དེ་ལྟར་བྱས་ན་ལེན་པའི་ཆ་ནས་ཉེས་མེད་དོ། །འདི་ཡིད་ཀྱིས་བདག་གིར་བྱེད་པ་ཙམ་ཡིན་གྱི་རེག་པ་ནི་མིན་ནོ། །རེག་པ་ལ་ནི་དགེ་སློང་གི་བསམ་པ་དེ་ལྟ་བུ་བཏང་དུ་ཟིན་ཀྱང་རུང་བ་མ་ བྱས་ན་རེག་ཏུ་མི་རུང་ལ། བྱས་ན་རེག་གམ་རེག་ཏུ་འཇུག་པ་རུང་ངོ༌། །དེས་ན་རེག་པ་ལ་རུང་བ་སྔོན་དུ་འགྲོ་དགོས་ཀྱི་ལེན་པ་ལ་ནི་མིན་ཏེ། བླང་བར་བྱ་ཞིང་བླངས་ནས་ཀྱང་སྦྱིན་བདག་དེ་ཉིད་ཀྱི་གཏན་དེ་བཅང་བར་བྱ་བར་ངས་རྗེསུ་གནང་ངོ༌། །ཞེས་དང༌། བླང་བར་བྱ་ཞིང་བླངས་ནས་ཀྱང་དགེ་སློང་གི་མདུན་དུ་འགྲེང་སྟེ། ཞེས་བླངས་ནས་རུང་བ་བྱེད་པར་གསུངས་པའི་ཕྱིར་རོ། །རུང་བ་བྱེད་པའི་ཚེ་ན་ཉེས་མེད་ཡིན་ཟེར་བ་ནི། རང་གིས་རེག་པའམ་རེག་ཏུ་བཅུག་པ་ཡིན། དང་པོ་ལྟར་ན་གཟུང་བར་བྱ་བ་མིན་པ་ལ་ནི་ 2-2-88b མདུན་དུ་བཞག་སྟེའོ་ཞེས་པ་དང་འགལ་ཏེ། ལག་ཏུ་བླངས་ནས་བྱས་པས་ཆོག་པས་སོ། །གཉིས་པ་ལྟར་ན། དེའི་རྒྱུ་མཚན་དུ་བཀོད་པའི་ལྟུང་མེད་བསྒྲུབ་པའི་དོན་ཡིན་པའི་ཕྱིར་རོ། །ཞེས་སྔ་མར་ཡང་ཞུགས་ལ། འདི་བཅོལ་བ་དང་རང་གིས་ བྱས་པ་གཉིས་འདྲ་བའི་ལྟུང་བ་ཡིན་པས་ཉེས་མེད་དུ་འགྱུར་ན་གཉིས་ཀ་མི་མཚུངས་པའི་ཕྱིར་མི་འཐད་པ་འདྲ་སྟེ་དཔྱད་པར་བྱའོ། །སྦྱིན་བདག་བདག་པོ་ཉིད་དུ་མོས་སུ་གཞུག་ཅེས་པའི་ཚིག་ཟིན་ལྟར་ན་སྦྱིན་བདག་ཁས་ལེན་དུ་བཞག་དགོས་པ་ལྟར་ སྣང་ཡང༌། མདོ་དྲངས་པ་གོང་མ་དེའི་དོན་དུ་འགྲེལ་པར་གསུངས་པས་རྣམ་བརྟགས་བྱེད་པ་བཞིན་དུ། གཞན་དེས་མ་ཚོར་ཡང་དེའི་ཡིན་པའི་བློ་འཇོག་པར་སྣང་ངོ༌། །དེས་ན་དང་པོ་གཉིས་གཞན་གྱི་ཡིན་ནོ་སྙམ་པའི་བློ་འཇོག་པ་རུང་བའི་དངོས་གཞི་ ཡིན་ལ། དེ་ལས་བྱུང་བའི་རུང་བ་སྒྲུབ་སྙམ་པ་ལེན་པའི་སྔོན་དུ་ཡིན་ནོ། །རག་གན་ཞེས་སོགས་ལ་སྔར་མ་བཞག་པ་མི་བཞག་ཅིང་མ་རྫོགས་པའི་གོང་ནས་ཡོད་པ་སྨན་པོར་དུ་བསྔོས་པ་ལ་སྤྱད་དེ། བསོད་ནམས་སྙོམས་ལ་མི་བསྐུར་རོ། ། ནོར་བུ་ནི་མེ་ཆུའི་ཤེལ་དང༌། ཁབ་ལོང་ནོར་བུར་གྱུར་པའོ། །དངུལ་ནི་དངུལ་སྐྱ་དང༌། གསེར་ནི་ས་ལེ་སྦྲམ་ཞེས་ནི་དེ་མིན་པ་ནི་དཔྱད་དོ། །སོགས་པས་ནི་སངས་རྒྱས་ཀྱི་སྐུ་གདུང་ལ་སོགས་པ་བསྡུའོ། །གས་པ་ནི་སེར་ག་བྱུང་བ་སྟེ། འབྱར་རུང་མ་འབྱར་ རུང་ངོ༌། །ཆག་པ་ནི་བུ་གུ་བྱུང་བའོ། །དུམ་བུ་ནི་ཕྱོགས་གཅིག་མེད་པའོ། །ཚིག་པ་ནི་རིན་པོ་ཆེ་མེ་དང་ཕྲད་ནས་ཉོ་ཚོང་བྱར་མི་རུང་བར་འགྱུར་བའོ། །པ་ཎ་ནི་མངོན་ཚན་ལྷག་མ་ཡོད་པ་ཙམ་དུ་ཉམས་པ་སྟེ། ཐམས་ཅད་ཉམས་ན་ལེན་པ་ལ་ཉེས་མེད་ 2-2-89a དོ། །སྔོན་ལ་སྤྱད་པ་ནི་མངོན་ཚན་ཅན་གང་ལ་ཉོ་ཚོང་བྱས་པ་ཙམ་ཡང་མི་དྲན་པའོ། །མ་བྱས་པ་ནི་མངོན་མཚན་ཅན་གང་མཚན་དུ་མ་བྱས་པའོ། །མཚན་དང་མི་ལྡན་པ་ནི་དྲུད་པ་ལ་སོགས་པས་མཚན་དང་བྲལ་བའོ། །བཅོས་ པ་ནི་ས་དང་རྩྭ་དང༌། རྡོ་ལ་སོགས་པ་དག་ལས་ནོར་བུ་དང༌། དོང་ཙེ་དང༌། མངོན་མཚན་ཅན་དང༌། རྒྱན་དང་འགྲོན་བུ་ལ་སོགས་པའི་རྣམ་པར་བཞག་པ་བྱས་པའོ། །མངོན་མཚན་ཅན་གྱི་སྤྱོད་པ་ལ། གང་ལ་ལྟུང་བ་འདི་འབྱུང་ཞེ་ན། ཁེ་སྤོགས་འདོད་ པས་རྙེད་པ་འདོད་པ་དང༌། དེ་ལ་གདུབ་ལ་ལྟུང་བ་འདི་འབྱུང་ངོ༌། །དེ་ཡང་གཞན་གྱི་དོན་དུ་ན། དངོས་གཞི་ལ་ཉེས་བྱས་དང༌། སྦྱོར་བ་ལ་ཕྲ་མོར་རང་གི་དོན་དུའོ། །དངོས་གཞི་ཇི་ལྟར་འབྱུང་ཞེ་ན། ཕ་རོལ་པོ་ཞེས་སོ། དེ་གཉིས་དང་ཐ་སྙད་ལྔ་དང་ལྡན་ པ། ལུས་ཐ་མལ་པ། རང་དང་རྫས་ཀྱི་སྒོ་ནས་ཐ་དད་པ་སྟེ་ལྔའོ། །མངོན་མཚན་ཅན་གྱི་སྤྱོད་པ་གང་ལ་དངོས་གཞིར་འགྱུར་བ་ནི། བསྐྱེད་ཕྱིན་ན་སྟེ། བསྐྱེད་ཀྱི་ཆ་ལ་ལྟུང་བར་འགྱུར་བར་སྤོང་ནའོ་དེ་ཉིད་དོ། །དེ་ནི་རྩ་བ་དང་བསྐྱེད་སྔ་ཕྱིར་ཐོབ་པ་ལ་ཡིན་ པས། དུས་གཅིག་ཏུ་ཐོབ་ན་བསྐྱེད་ཀྱི་ཞེན་པ་གང་ལ་ཡོད་པའོ། །ཁྱེད་མེད་ན་ཐམས་ཅད་སྤང་ཟེར་རོ། །རྙེད་པ་བདག་གིར་བྱེད་ན་སྤང་ལྟུང་ངོ༌། །ཞེས་གསུངས་པས་མཐར་ཐུག་ནི་བསྐྱེད་ལ་ཐོབ་བློ་སྐྱེས་པ་སྟེ། དེ་དང་མདོ་སྔ་མ་གསུམ་ནི་འོག་མ་ཉོ་ཚོང་ ལ་ཡང་འདྲའོ། །བསྐྱེད་གང་ལས་ཕྱིན་ན་དངོས་གཞིར་འགྱུར་ཞེ་ན། པ་ཎའམ། རིན་པོ་ཆེས་སྤྱོད་པ་ལས་སོ། །དེ་ལ་པ་ཎའམ། རིན་པོ་ཆེ་ཡིན་པ། སྙད་གདགས་སུ་རུང་བ། རང་དབང་བ། གོས་ཁྲུ་གང་རི་བའི་ཚད་དང་ལྡན་པ་དེ་དངོས་པོ་ལ་བཞིའོ་ཟེར་རོ།། 2-2-89b ཉོ་ཚོང་གི་སྤང་བ་ལ། ཉོ་ཚོང་གི་ཡུལ་ནི། ཁྱིམ་པ་སོགས་སྔར་བཞིན་ནོ། །དངོས་པོ་ནི་གཞན་གྱིས་སོ། །ཞེས་པ་ལ་པ་ཎའམ། རིན་པོ་ཆེ་ལས་གཞན་པ་གཞལ་བར་བྱ་བ་ལ་སོགས་པའི་སྤྱོད་པ་ལས་བསྐྱེད་ཕྱིན་ན་ཞེས་པ་དང༌། བསྐྱེད་པའི་ཁེ་སྤོགས་ འདོད་པ་ལས་གཞན་ཉོ་ཚོང་གི་སྤྱོད་པ་ལས་བསྐྱེད་ཕྱིན་ན་ཞེས་འགྲེལ་པ་ལས་བཤད་དོ། །དེས་ན་དེ་ཕལ་ཆེར་རུང་བ་དང་ཚད་དང་ལྡན་པ་རང་ལ་དབང་བ་སྟེ་བཞིའོ། །དགེ་འདུན་གྱི་འབྲས་ལ་སོགས་པའི་ཡོ་བྱད་རིན་གྱིས་ཉོ་བ་ལ་སྦྱིན་པར་བྱ་བ་ སྟེ། ཉོ་ཚོང་བྱས་ཀྱང་ཉེས་པ་མེད་པའོ། །བཤོས་ཀྱི་ཕྱིར་ནི་འཚོ་བའི་ཆེད་དུའོ། །གལ་ཏེ་དགེ་འདུན་དེ་དག་གི་བཤོས་ཀྱི་ཕྱིར་ཉོ་ནའོ། །འབྲས་ལ་སོགས་པ་ཟད་ན་གཞན་ལས་ཉོར་རུང་བའོ། །འབྲས་ལ་སོགས་པ་གསར་པ་ཡང་ཉོར་རུང་ངོ༌། །རྙིང་ པ་བཙོངས་ནས་ཀྱང་གསར་པ་ཉོར་རུང་ངོ༌། །ལག་གཞུག་པ་ནི་བར་འཚངས་སོ། །ཡི་གེར་བྲི་བའི་དམ་བཞག་ལ་ནན་ཏན་བྱས་པས་ནི་གཞན་གྱི་ཆགས་ཀ་གསལ་བ་དང་། བདག་ཉིད་ཀྱིས་དྲན་པར་བྱ་བ་དང༌། འགྱོད་པ་མེད་པར་བྱ་བའི་ཕྱིར་རོ། ། ལྷུང་བཟེད་འཆང་བ་ལ། སྔར་གྱི་དྲུག་གི་སྟེང་དུ། ལྷུང་བཟེད་འབྲེལ་མེད་མིན་པ་བསྣན་ནོ། །བདག་པོའི་སེལ་བས་ལྟུང་མེད་ནི་རབ་ཏུ་འབྱུང་བ་ཞེས་སོ། །རུང་བའི་སེལ་བ་ལ་ན་སྨད་པ་ནི། སྐྱ་བ་སོགས་མདོ་གཉིས་སོ། །འདིར་ཁ་དོག་ཀྱང་རུང་བ་དགོས་པར་བསྟན་པ་ ནི། རབ་ཏུ་བྱུང་བས་ལོངས་སྤྱོད་པའི་ཡན་ལག་ཏུ་གྱུར་པའི་གོས་དང༌། སྣོད་སྤྱད་སོགས་ཡིན་ན་རྐྱེན་དང་མི་ལྡན་པའི་ཚེ་རྒྱུ་དང༌། ཁ་དོག་སོགས་རུང་བ་དགོས་ལ། འཆང་བ་ཙམ་དང་སློང་བ་སོགས་ཀྱི་སྐབས་སུ་མི་དགོས་སམ་སྙམ་སྟེ་དཔྱད་པར་བྱའོ། །འདི་ 2-2-90a རབ་ཚད་ལས་ཆེ་བ་མི་རུང་བར་བསྟན་པ་དང༌། སྤྱིར་བསྟན་པའི་འགྲེལ་པ་ནས་ལྟུང་བ་བསྐྱེད་པའི་ཡན་ལག་ཏུ་ཆེ་བ་ལ་སྐྱོན་མེད་པར་གསུངས་པའི་དགོངས་པ་བཙལ་བར་བྱའོ། །ལྷུང་བཟེད་ཆུང་ངུ་ནི། ཐ་ཚད་ལས་དང༌། གཅིག་གིས་ནི་གཉིས་ཡན་ཆད་བཀག་སྟེ། དེ་ནི་བྱིན་གྱིས་མ་བརླབས་པར་འཆང་བ་ལ། ལྷུང་བཟེད་ལྷག་པ་འཆང་བའི་ཉེས་པ་མེད་དོ། །ལྷུང་བཟེད་འཚོལ་བའི་སྤང་བ་ལ། མདོ་དང་པོ་ནི་དངོས་པོ་ཐམས་ཅད་ལའོ། །གཉིས་པ་ནི་སྤྱོད་ལའོ། །དེ་ལ་ཞེན་ པ་ནི་ལྷག་པར་ཆགས་པའོ། །ཁ་ཅིག་དང་པོ་ནི་གཞན་གྱི་ཡོ་བྱད་དང༌། གཉིས་པ་གནང་བའོ། །ཞེས་ཟེར་རོ། །དང་པོ་ནི། གནས་མལ་གྱི་གཞི་དང༌། ཕྱི་མ་གཉིས་གོས་ཀྱི་གཞི་ལས་སོ། །གང་ཡོད་ན་ལྟུང་བ་འདི་འབྱུང་ཞེ་ན། ལྷུང་བཟེད་དེའོ། །ཡོད་ པའི་ཚད་ནི་ལྡན་པའོ། །དེ་ཡོད་ན་ཅི་ཞིག་སྤྱད་ན་ཁ་ན་མ་ཐོ་བ་ཅི་འདྲ་བར་འགྱུར་ཞེ་ན། ཁྱིམ་པ་སོགས་ཏེ་དྲུག་དང་ལྡན་པར་སྨྲ་བའི་དྲུག་པ་བརྟག་གོ། །དེ་ལ་ངག་གི་རྣམ་པར་རིག་བྱེད་ཀྱིས་བསླངས་པས་བཙལ་ཏེ་ཐོབ་ན། དེ་ལས་བྱུང་བའི་ཁ་ན་ མ་ཐོ་བར་འགྱུར་རོ། །ཞེས་གསུངས་པས་རང་གིས་སློང་དགོས་པ་ཐམས་ཅད་ལ་ངག་གིས་རིག་བྱེད་སྦྱོར་བ་འདིའི་དགོངས་པར་སེམས་སོ། །དངོས་པོ་ནི། རུང་བ་ཚད་ལྡན་སྦྱིན་བདག་དེ་ཉིད་ཀྱིས་ཡིན་པ་སྟེ་བཞི་ལྡན་ཟེར་རོ། །གཞན་དག་ནི་ཕོ་ཉ་ པ་ཡིན་ལ། དེ་དག་ཁྱིམ་པ་དང་ཉེ་དུ་མིན་པ་དགོས་ཞེས་པའོ། །འདི་ལ་ཁ་ཅིག་བཅོལ་ཡང་རྫོགས་པ་གཞན་གྱི་ཡུལ་ལ་ནི་ཐ་སྙད་ལྔ་དང་ལྡན། ཁྱིམ་པ་དང༌། ཉེ་དུ་མིན་པ་མི་དགོས་ལ། འདི་ལ་དགོས་པ་ཅིའི་ཕྱིར་ཞེ་ན། གཞན་དང་འདྲ་མོད། འདིར་ 2-2-90b ནི་གླེང་གཞི་ལས་བྱུང་བ་ནི་ཙམ་མོ་ཟེར་བ་ནི་མིན་པར་སེམསོ། །རྟེན་ནི་ལྷུང་བཟེད་མཚན་ཉིད་དང་ལྡན་པ་ཡོད་ཅིང༌། འབྲེལ་མེད་མ་ཡིན་པ་སྟེ་གཉིས་ལྡན་ནོ། །ཉེས་བྱས་ནི། འཚོལ་བའི་རྩོམ་པ་ཙམ་ལའོ། །གྲུབ་པ་ནི་ཐོབ་བློའོ། །བརྗེ་པ་ལ་ལྟུང་ མེད་དུ་གསུངས་པ་ནི་ཟོང་འདོད་པ་མེད་པའོ། །ལྷུང་བཟེད་ཀྱི་རིན་གྱི་ཡོ་བྱད་དེ་དག་ཡོད་པ་ན་ཡང་རིན་གྱིས་མི་ཉོ་བར་སློང་ན་ཉེས་བྱས་སུ་འགྱུར་བ་ནི། ཆོས་གོས་ལ་སོགས་པ་ལ་ཡང་རིགས་པར་བྱའོ། །ཞེས་གསུངསོ། །ལྷུང་བཟེད་ལྷག་པ་འདི་ ནིའོ། །ཆོས་གོས་ལ་སོགས་པ་སྤོང་བ་ན། གང་ཟག་ལས་སྤོང་བ་ལས་དགར་བའི་འདི་ནིའོ། །ལྷུང་བཟེད་འབྲེལ་པ་མེད་པ་ལྟུང་བ་འབྱིན་པ་པོ་ལ་སྟེར་དགོས་ལ། དེ་ཡང་དགེ་འདུན་ནས་ཐོབ་ཀྱི། གང་ཟག་ལ་མིན་པས་དགེ་འདུན་ལ་ཞེས་སོ། །དགེ་ འདུན་ལ་སྤོང་བ་ཡང་གཏན་སྤང་མིན་ནམ། གཞན་ནི་ཞེས་ཅིའི་ཕྱིར་སྨོས་ཤེ་ན། སྔ་མ་ནི་མང་པོ་ཡོད་ན་བཟང་བ་གཅིག་དགེ་འདུན་ལ་བསྡིགས་ནས། ཚད་མ་འབྲེལ་མེད་དུ་བྱས་ཏེ་སྟེར་བ་ཐམས་ཅད་དུ་སྤོང་བ་ནི་མིན་ནོ། །གཞན་ནི་ཆོས་འདི་ལ་ རབ་ཏུ་བྱུང་བ་ཐམས་ཅད་ལ་བགོ་བར་བྱའོ། །བསྐོས་པས་ཞེས་པ་ལ། གང་བསྐོ་བ་ནི། སྔར་བཤད་པ་ལྟར་ཆོས་བཅུ་བཞི་དང་ལྡན་པ་སྟེ། ཐུན་མོང་མིན་པ་ནི་སྔར་འབྲེལ་མེད་འགྲིམ་བར་མ་བསྐོས་པའོ། །གང་གིས་བསྐོ་བ་ནི་དགེ་འདུན་མཚན་ཉིད་ གསུམ་ལྡན་གྱིས་སོ། །ཆོ་ག་ལ་སྦྱོར་བ་ནི། འདུལ་བའི་སྐབས་སྒྲུབ་ཅིང་སྤྲོ་བ་དྲི་བའོ། །དངོས་གཞི་ནི་གསོལ་གཉིས་སོ། །མཇུག་ནི་མཇུག་སྡུད་དོ། །དེའི་བྱ་བ་ནི། ཚོགས་པའི་དུས་ནི་དགོངས་ཀ་ཚུན་ཆད་དགེ་འདུན་ནམ་ཚོགས་དུས་སོ། །དགེ་སློང་ 2-2-91a རྣམས་ལ་ཇི་ལྟར་འཇལ་བར་བྱ་ཞེ་ན། ཚེ་དང་ལྡན་པ་ཞེས་སོ་འབྲེལ་བ་མེད་པ་ནི། དགེ་འདུན་ལས་ཐོབ་པའི་ལྷུང་བཟེད་ཐ་ཚད་ཀྱི་མིང་ངོ༌། །དགེ་སློང་གི་ལྷུང་བཟེད་ལ་འབྲེལ་བ་གཉིས་སུ་ཟད་དེ། བྱིན་གྱིས་བརླབས་ནས་ བདག་ཉིད་ཀྱིས་སྤྱད་པ་དང༌། ཡོངས་སུ་སྤང་བའི་དུས་ནའང་རང་དབང་ཡོད་པ་ཡིན་ན། སྔར་བཤད་པ་དེ་ནི་འབྲེལ་བ་དེ་གཉིས་དང་བྲལ་བས་ན་འབྲེལ་མེད་དོ། །དགེ་སློང་རྣམས་འཁོད་པའི་དོན་དུ་སྟན་གདིང་བ་ལ་སོགས་པའི་ནན་ཏན་ནོ། །ལྷུང་བཟེད་ ཀྱིས་བསྔགས་པའོ། །གནས་བརྟན་ནི་དགེ་སློང་རྒན་རིམ་རྣམས་ལ་བོད་པའོ། །ཤིན་ཏུ་གསལ་བ་ནི་མདོག་ནག་ན་གནོག་མེད་ཅིང་མཛེས་པའོ། །དབྱིབས་ལེགས་པ་ནི་ཚད་ལྡན་ནོ། །ལོངས་སྤྱོད་བཟོད་ནི་བུ་གུ་དང་ཆག་གྲུགས་ལ་སོགས་ མེད་པའོ། །འཐག་ཏུ་འཇུག་པ་ལ། གང་ལ་འཇུག་པའི་ཡུལ་ནི་ཁྱིམ་པ་སོགས་དྲུག་སྟེ་དྲུག་པའི་སྦྱོར་བ་མ་བྱིན་པའི་སྔ་རོལ་ཏུ་སྟོན་པ་མིན་པ་ཞེས་སྦྱར་དགོས་ཏེ། གླ་རྔན་ལ་བསམས་པས་སོ། །གང་འཐག་ཏུ་འཇུག་པའི་དངོས་པོ་ལ། གོས་ཀྱི་རྒྱུ་ཡིན་པ། རུང་བ་ཚད་ལྡན་རང་དབང་བ། སྔར་བཟོའི་རྩོམ་པ་མ་བྱས་པ་སྟེ་ལྔ་ཟེར་རོ། །རྒྱུ་ནི་དོགས་པའོ། །ཚད་ནི་ཁྲུ་གང་གིའོ། །རྟེན་ནི་རྔན་པ་མི་སྟེར་བའོ། །རིན་གླ་མེད་པར་ངག་གིས་དགོས་སམ། ཕོ་ཉ་ལ་སོགས་པ་གཞན་གྱིས་སོ། །ཐ་ག་པ་ཉེ་དུ་ཡིན་མིན་དང༌། ཁྱིམ་པ་དང༌། རབ་བྱུང་དང་རང་དང་ཉེ་དུ་མ་ཡིན་པ། རིན་བྱིན་པ། མ་བྱིན་གཉིས་ཀ་དང་བཅས་པ་ནི་གཞན་ཉིད་དང་བཅས་པའོ། །དེ་ལ་འཐག་ཏུ་བཅུག་ན་འཐག་འཇུག་དེ་ཉེ་དུ་མིན་པ་དེས་མ་བྱས་པ་མིན་ནོ། །དེས་ན་ཉེ་དུས་བཏགས་པ་ལྟུང་མེད་དང༌། 2-2-91b ཉེ་དུ་མིན་པས་དངོས་གཞིའོ། །རང་གི་ཆ་ལ་ཉེས་བྱས་དང༌། གཞན་གྱི་ཆ་ལ་ལྟུང་མེད་དོ། །ཉེས་བྱས་ནི་བཟོ་རྗེས་སུ་བསྒྲུབ་པར་མི་བྱའོ། །ཞེས་པ་དང་འགལ་བས་ཡིན་གྱི། འདིར་གཏོགས་མིན་ནོ། །དེ་བཞིན་དུ་རིན་བྱིན་པའི་བཏགས་པ་ལྟུང་མེད་དང༌། མ་ བྱིན་པར་བཏགས་པ་ལྟུང་བྱེད་དོ། །རབ་བྱུང་ལ་ཡང་ན་སྨད་དང༌། ཁྱིམ་པ་ལ་དངོས་གཞིའོ། །དེ་ལྟ་ན་སྔོན་ལ་ཉེ་དུ་དང༌། རིན་བྱིན་ནས་བཏགས་པའི་འཕྲོ་ལ་ཉེ་དུ་མ་ཡིན་པ་དང་རིན་མ་བྱིན་པར་བཏགས་པ་དངོས་གཞིར་འགྱུར་བས། སྔར་བཟོའི་རྩོམ་ པ་མ་བྱས་པ་ཙམ་ནས་མ་སྦྱར་གྱི། ཁྲུ་གང་ལ་བྱ་དགོས་པ་འདྲའོ། །ཀུན་སློང་ལ་རྐུ་སེམས་དང༌། ཡིད་གཅུགས་ཁྱད་པར་ཅན་ལས་གཞན་པས་འཐག་ཏུ་འཇུག་འདོད་ཟེར་ཏེ་བརྟག་གོ། མཐར་ཐུག་རྔན་པ་ལ་ཐོབ་བློ་སྐྱེས་པ་ཟེར་ཏེ། གོས་ཁྲུ་གང་དུ་ ལོངས་པར་བཏགས་པ། ཡུལ་དུས་དེར་གྲགས་པའི་གླ་མི་སྟེར་བར་སྣང་བ་དགོས་སོ། །འཐག་པ་བསྐྱེད་པ་ལ། གང་ལ་འཐག་པ་བསྐྱེད་པའི་ཡུལ་ནི། ཐ་ག་པ་དང༌། སྦྱིན་བདག་གཉིས་ཀ་ཁྱིམ་པ་ཡིན་པ་སོགས་དྲུག་ལྡན་ནོ་ཞེས་ཟེར་རོ། །རྫས་ཐ་དད་ལ། དེ་གཉིས་ ཀྱང་ཐ་དད་པ་དང༌། སྦྱིན་བདག་གིས་འཐག་པ་སྐྱེ་བའི་ཕྱིར་དུ་ཅི་བདེར་བསྟབས་པ་མིན་པའོ། །དངོས་པོ་ནི། གོས་ཀྱི་རྒྱུ་རུང་ཚད་ལྡན། སྦྱིན་བདག་དེའི་ཡིན་པ། བཟོའི་རྩོམ་པ་མ་བྱས་པ་སྟེ་ལྔ་ཟེར་རོ། །ལྟུང་བ་འབྱིན་པ་དེའི་ཕྱིར་བརྟག་པར་བྱ་བའི་གོས་དེ་སྦྱིན་བདག་ གི་བསམ་པ་ལས་བྱུང་བ་སྟེ་བསམ་པ་ཡིན་ལ། དེ་འཐག་པ་བསྐྱེད་ན་སྤང་བའི་ཡན་ལག་ཏུ་གྱུར་པའི་བྱེད་པ་པོའོ། །ཡན་ལག་ལ་འདི་གཞུག་དགོས་སོ། །དེ་ཡང་དགེ་སློང་གིས་ཐ་ག་པ་འཐག་པ་བསྐྱེད་པ་ལ་སྦྱར་བ་དགོས་པས་དེའི་དོན་ནི། ཁོ་ལག་ཆེ་བ་སྟེ་ 2-2-92a ཞེང་་བ་དང༌། ཁྲུར་རིང་བ། འབྲས་བཟང་བ་སྟེ་བྱེར་ཟུག་སྙོམས་པ་དང༌། ཤས་བཟང་བ་དང༌། སང་སེང་མེད་པའི་ཐག་རིན་བཟང་པོའོ་དེ་གཉིས་གང་རུང་ལ་སྦྱར་བ་དགོས་སོ། །དེ་ལྟར་སྦྱར་བས་གལ་ཏེ་སྦྱིན་བདག་གི་དོག་པ་ཟད་ན་ དངོས་གཞིའོ། །འདིར་བསྔོས་ཚོད་ལས་ལྷག་པ་ཁྲུ་གང་གི་དོག་པ་ཟད་པ་ལ་སྦྱར་དགོས་པ་འདྲའོ། །ཡང་འཐག་པ་བསྐྱེད་པ་ལ་དོག་པ་མ་ཟད་ཀྱང༌། རྔན་པ་མ་བྱིན་ན་དངོས་གཞིའོ། །ཡང་ཞེས་པས་དོག་པ་ཟད་པ་དང༌། གཉིས་ཀ་སོ་སོར་སྤང་ལྟུང་གི་ བྱེད་པ་པོར་བསྟན་ཏོ། །རྔན་པ་ཁས་བླངས་མ་བླངས་འདྲའི། འཐག་པ་བསྐྱེད་པ་གྲུབ་ན་དངོས་གཞི་ཡིན་ལ། ཁས་བླངས་པ་མ་ཡིན་ན་མ་བྱིན་ལེན་གྱི་ཉེས་པར་ཡང་འགྱུར་བར་གསུངསོ། །འདིར་སྔ་མ་རྣམས་རྔན་པ་མ་བྱིན་པ་འཐག་འཇུག་གི་ཉེས་ བྱས་དངོས་གཞི་ལ་སྦྱོར་བ་ནོར་བ་ཁོ་ན་སྟེ། འཐག་འཇུག་ལ་ནི་འཐག་པ་བསྐྱེད་པ་དང་བྲལ་བའི་རྔན་པ་མ་བྱིན་པ་ཡིན་ལ། འདི་དང་འཐག་པ་བསྐྱེད་པ་གྲུབ་པ་གཞིར་བྱས་ལ། བསྔོས་ཚོད་ལས་ལྷག་པའི་དོག་པ་ཟད་ན་གླ་རྔན་བྱིན་ཡང་སྤང་བར་འགྱུར་ལ། མ་ཟད་པའི་ཚེ་སྤང་བར་འགྱུར་བ་ལ་གླ་རྔན་མ་བྱིན་པ་དགོས་པའི་ཕྱིར་རོ། །མཐར་ཐུག་ཐོབ་བློ་སྐྱེས་པ་ལ་སྦྱོར་བ་ཡང་ནོར་ཏེ། གྲུབ་ན་དངོས་གཞིའོ། །ཞེས་པའི་དོན་ནི་བཅོལ་བ་ལས་ཁོ་ལག་ཆེ་བ་ཉིད་དམ། འབྲས་བཟང་བ་ཉིད་གྲུབ་ན་འདིར་དངོས་གཞིའི་ ཁ་ན་མ་ཐོ་བ་ཁོ་ན་ཡིན་ནོ་ཞེས་འགྲེལ་པར་གསུངསོ། །སྦྱིན་པར་བྱེད་པས་ཞེས་པས་ནི། དགེ་སློང་གི་ཆོས་སུ་འགྲིག་གོ། འདིར་གལ་ཏེ་ཁས་བླངས་པ་ལེན་པར་མི་བྱེད་ན་ཐག་པ་ཡང་སྦྱིན་བདག་ཡིན་ནོ། །སྦྱིན་བདག་གིས་ཁོ་ལག་ཆེ་བ་སོགས་བྱའོ་ 2-2-92b དེ་ནས་ཁས་བླངས་པ་དེ་ལྟར་དུ་ཐ་ག་པས་ཁས་ལེན་པར་མི་བྱེད་ན། ཐ་ག་པ་ཡང་སྦྱིན་བདག་དང་འདྲ་བས་ཞེས་པ་ཡིན་ནམ་དཔྱད་པར་བྱའོ། །གོས་གྲུབ་པའི་སྔ་རོལ་ཏུ་གོས་བསྒྲུབ་པ་དེའི་ཕྱིར་བསམ་པ་ལས་བྱུང་བའི་རྗེས་སུ་བསྒྲུབ་པ་བསོད་སྙོམས་ལ་འགྲོ་བ་ དང༌། བཅའ་བ་ལ་སོགས་པ་འཚོལ་བ་འབད་པ་ཐམས་ཅད་ནི་ཉེས་བྱས་གཅིག་གི་བྱེད་པ་པོ་ཡིན་གྱི། ཁྲི་ལས་ལྡང་བ་ལ་སོགས་པ་ལ་སོ་སོ་ཐ་དད་ཡིན་མིན་ནོ། །སྦྱིན་བདག་གིས་དགེ་སློང་ལ་ཁྱོད་ཀྱི་ཕྱིར་གོས་འཐག་ཏུ་གཞུག་གིས། དུས་དུས་སུ་ བཞུད་ལ་གཟིགས་ཤིག་ཅེས་མ་བསྒོ་བར་མཛེས་པ་བསྒྲུབ་པའི་བསམ་པས་འགྲོ་ན། ཅུང་ཟད་ཀྱང་མི་སྨྲ་མོད་ཀྱི་ཉེས་བྱས་སོ། །འཕྲོག་པའི་སྤང་བ་ལ། དབྲལ་དགེ་སློང་ཉིད་བཅས་པ་ལ་དགེ་སློང་གི་སྡོམ་པ་དག་པ། ལྟ་བ་དང་མཚན་མཐུན་པ། ཐ་སྙད་ གསུམ་དང་ལྡན་པ། ལུས་ཐ་མལ་དུ་གནས་པ། རང་ལས་ནོར་ཐ་དད་པ་སྟེ་དྲུག་ལྡན་ནོ། །འོག་ཏུ་དགེ་སློང་ཆོས་དྲུག་ལྡན་ཞེས་དམིགས་ཀྱིས་མ་ཕྱེ་བ་ནི་འདི་ལ་གོ་བར་བྱའོ། །འོན་ཀྱང་བརྟེན་པ་རྣམ་དག་ཡོད་པ་ན་འདི་བཞིན་དང༌། རྟེན་ལ་གསོར་ རུང་ཡོད་པ་ན་ཡུལ་ཡང་གསོར་རུང་གིས་ཆོག་གོ། འབྲོག་བར་བྱ་བ་ཞེས་བྱ་བ་ཞེས་པ་ནི། རང་ངམ་གཞན་གང་རུང་གིས་བྱིན་པ་དགོས་པར་སྟོན་པའོ། །གོས་ཉིད་ཅེས་པ་ལ་འགྲེལ་པར་གོས་ནི་མཚོན་པ་སྟེ། དགེ་སྦྱོང་གི་ཡོ་བྱད་གཞན་ཡང་འཕྲོག་ན་དངོས་ གཞིར་གསུངས་སོ། །འདི་ལ་སྔ་མ་རྣམས་གོས་སམ་ལྷུང་བཟེད་ཡིན་པ། རུང་ངམ་ཚད་ལྡན་རང་ངམ་གཞན་གྱིས་བྱིན་ལ། དེ་ལྟར་དེ་དབང་བ་སྟེ་བཞིའོ་ཟེར་རོ། །བསྡུས་པ་ཐ་དད་པ་ནི། ལུས་ངག་དུས་གཅིག་ཏུ་ཞུགས་པའམ་རིམ་གྱིས་ཞུགས་པ་ 2-2-93a ཡང་ལྟུང་བ་གཅིག་ཏུ་སྟོན་པའོ། །ཀུན་སློང་ལ་རྐུ་བའི་ཀུན་སློང་ལས་གཞན་པས་བསམ་པ་ཐག་པ་ནས། འཕྲོག་འདོད་ཟེར་བའི་དང་པོ་ལ་འགྲེལ་པར། ཁ་ན་མ་ཐོ་བ་འདི་རྐུ་སེམས་མེད་པ་ཡིན་གྱི། རྐུ་སེམས་ཡོད་པ་ན་ནི་མ་བྱིན་པར་ ལེན་པར་གཏོགས་པའི་ཁ་ན་མ་ཐོ་བར་ཡང་འགྱུར་རོ། །ཞེས་གསུངས་པའི་ཡང་སྒྲས། མ་བྱིན་ལེན་དང་གཞི་མཐུན་པ་གཅིག་ཡོད་དམ་དཔྱད་དོ། །བསམ་པ་ཐག་པ་ནས་དགོས་པ་འོག་ཏུ་སྟོན་ནོ། །འོ་ན་རྐུ་སེམས་མེད་པའི་འཕྲོག་པ་ཅི་འདྲ་ཞེ་ན། དེ་ནི་ཕ་རོལ་པོ་ལས་དབྲལ་བ་ཙམ་འདོད་ཀྱི། བདག་གིར་བྱ་བའི་བློ་མེད་པ་ལ་སྲིད་དོ། །མཐར་ཐུག་ལ་ཐོབ་བློ་སྐྱེས་པ་ཟེར་རོ། །དེ་ལྟར་ན་ཀུན་སློང་ལ་རྐུ་སེམས་མི་སྲིད་པར་འདོད་པ་དང་འགལ་ཏེ་འདི་ལ་རྐུ་སེམས་སྲིད་པའི་ཕྱིར་ཏེ། དེས་ན་ལུས་ལས་ ཞེས་གསུངས་པས་ཕ་རོལ་པོའི་ལུས་ལས་ཐ་དད་དུ་སོང་བའམ། དེའི་གནས་ནས་སྤགས་པ་ལྟ་བུ་ལ་བྱ་དགོས་པ་འདྲའོ། །ཐ་དད་པའི་མ་ཐ་ཡང་ཇི་ཙམ་དུ་གོས་ཀྱི་གྲྭ་ལུས་ལ་བྲལ་བར་བྱེད་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་པ་ལྟར་རོ། །འདི་ལ་ཞེས་པ་ལ་ འགྲེལ་པར་གཞན་གྱི་དོན་གྱི་ཕྱིར་ཚིག་གིས་ཀྱང་འཕྲོག་ན་དངོས་གཞིའི་ཁ་ན་མ་ཐོ་བར་འགྱུར་རོ། །ཞེས་གསུངས་སོ། །སྐྲོད་པ་དང་འདྲ་བ་ནི། དགེ་སློང་མ། དགེ་སློབ་མ། དགེ་ཚུལ་མ་གསུམ། དགེ་སློང་ལ་སོགས་པ་ལྔས་སྐྲོད་པ་དང༌། དགེ་སློང་དང༌། དགེ་སློང་མ་གཉིས། དགེ་བསྙེན་མ་ལ་སོགས་པ་གསུམ་གྱིས་སྐྲོད་ན་ཉེས་བྱས་སུ་འགྱུར་ལ། ཁྱིམ་པ་ཕོ་མོ་ལ་བསོད་ནམས་མིན་པར་གསུངས་པ་དང་འདྲའོ། །འཕྲོག་པ་གསུམ་ལས། སྤང་བར་འགྱུར་བའི་སྐབས་སུ། རང་གི་ཉིད་སེལ་བ་ཞེས་ 2-2-93b སོ། །རང་གི་ཉིད་ནི་ཡུལ་དེ་དབང་བའམ་དེ་དང་ལྡན་པ། དེ་མི་དབང་བའི་འཕྲལ་བ་ནི་སེལ་བ་ཡིན་པ་འདྲའོ། །བློ་གྲོས་ངན་པས་བྱས་པའི་འཕྲོག་པ་ནི། རྒོད་པའི་བསམ་པས་དུས་ཅུང་ཟད་ཅིག་སེམས་བསྡུ་བར་བྱའོ་སྙམ་ནས། ཆོས་གོས་སོཌ་ འཕྲོག་པ་སྟེ། དེ་ནི་རྗེསུ་འཕྲོག་པ་སྟེ། དངོས་གཞིའི་རྗེས་སུ་མཐུན་པའི་ཉེས་བྱས་སོ། །རིགས་པའི་དོན་གྱི་དབང་གིས་བྱས་པའི་འཕྲོག་པ་ནི། ཚེ་འདིའི་གནོད་པ་རྐུན་པོ་ཆུ་ཀླུང་སྟག་ལ་སོགས་པའི་འཇིགས་པ་དང༌། ཕ་རོལ་ཏུ་མི་ཕན་པ་སྡིག་ གྲོགས་ཀྱི་ལག་ཏུ་འགྲོ་བའོ། །དགོན་པ་པའི་འབྲལ་བ་ལ། སོ་ཐར་དང༌། རྣམ་འབྱེད་ལས་འཕྲོག་པའི་འོག་ཏུ་བརྟད་པ་ལས་བྱུང་བ་འབྱུང་ཡང༌། འདིར་ཞུས་པ་ལས། དགོན་པ་པའི་འབྲལ་བ་བཤད་པ་ལྟར་བྱ་སྟེ། དབྱར་གྱི་དུས་དང་འབྲེལ་བའི་ལྟུང་ བ་རྣམས་ཕྱོགས་གཅིག་ཏུ་བསྟན་པའི་ཕྱིར་རོ། །ད་ལྟ་ལུང་ན་དེ་ལྟར་མེད་ཟེར་ཏེ་བརྟག་གོ། ཆོས་གོས་གཅིག་ཅེས་པ་ལ། ལུང་དང་རྩ་འགྲེལ་ལས། གསུམ་ལས་གང་རུང་གཅིག་ལས་མཛད་པ་ལ་སྔ་མ་རྣམས་སྣམ་སྦྱར་ལ་བྱེད་དེ་གཞན་གཉིས་ བྱེད་ན་རྟགས་ཉམས་པར་སྲ་བརྐྱང་གི་འགྲེལ་པ་ལས་བཤད་པ་དང༌། ཆར་འབབ་པ་སོགས་ཀྱི་ཚེ་སྣམ་སྦྱར་འཇོག་གི། གཞན་གཉིས་མི་འཇོག་པར་གསུངས་པས་སོ་ཞེས་ཟེར་བ་ནི། དགོན་པ་དང༌། འཇིགས་པ་དང་བཅས་པ་གཉིས་དམིགས་ ཀྱིས་བཀར་པས་སྣམ་སྦྱར་གྱི་ངེས་པ་མེད་པ་འདྲའོ། །འོན་ཀྱང་གཅིག་ཅེས་པ་ལྟར་ན། གསུམ་ག་ལ་འཇིགས་པ་ཡོད་ཀྱང༌། གཉིས་མི་འཇོག་པ་ལྟར་སྣང་བ་ནི་དཔྱད་པར་བྱའོ། །རུང་བ་ཚད་ལྡན་དང༌། རང་ལ་ལྟོས་པའི་བྱིན་རླབས་ཡོད་པ་དང༌། 2-2-94a འཇིགས་པའི་དབང་གིས་གནས་གཞན་དུ་བཞག་པ་ཟེར་རོ། །གྲོང་ནི་དགོན་པ་པའི་སྤྱོད་ཡུལ་དུ་གྱུར་པའོ། །འདྲ་བ་ན་བྲལ་བ་མི་འབྱུང་བ་ལའོ། །གལ་ཏེ་སྤྱོད་ཡུལ་གྱི་གྲོང་ཡང་འཇིགས་པ་དང་བཅས་ན་དེ་ལས་གཞན་ པའི་གྲོང་དུ་བཞག་ཏུ་རུང་ངམ་ཞེ་ན། རུང་ངོ་ཞེས་སྔ་མར་བཞག་པའི་ཚེ་ཆོས་གོས་ཀྱི་གནས་ཉེ་འཁོར་བཅས་པ་དང༌། དགོན་པའི་ཉེ་འཁོར་མ་འདས་ན་འབྲལ་བ་མི་འབྱུང་མོད། དེ་གཉིས་ལས་ཞག་འདས་པར་བྲལ་ན་འབྲལ་ལྟུང་འབྱུང་བར་ངེས་སེམ་ ཞེ་ན། དགོན་པ་པ་དེས་ཞག་དྲུག་ཚུན་ཆད་དུ་མཚམས་ཀྱི་ཕྱི་རོལ་ཏུ་འབྲལ་དུ་གནང་ངོ༌། །གང་གི་ཕྱིར་ཞེ་ན། ཆོས་དང་ལྡན་པའི་དོན་གྱི་དབང་གིས་སོ། །གང་ལས་ཞེ་ན། གྲོང་གཞན་ན་འདུག་པ་དེ་ལས་ཞེས་ཏེ་གྲོང་སྔ་མ་ལ་ལྟ་ཅི་སྨོས་ པའོ། །ཞག་དྲུག་ལས་ལྷག་པ་བདུན་པ་ལ་ནི་འབྲལ་བ་གནང་བ་མེད་དོ། །འདི་ཡང་ཆོས་ལྡན་གྱི་དགོས་པའི་ཕྱིར་མཚམས་ཀྱི་ཕྱི་རོལ་ཏུ་སོང་བ། རྐུན་པོ་ལ་སོགས་པའི་བར་ཆད་ཀྱི་དབང་གིས་ཞག་བདུན་པ་ལ་འཁོར་བར་དེ་ལས་ཐལ་བ་ལ་ཉེས་པ་མེད་དོ། ། ཁ་ཅིག་འགྲོ་བའི་ཚེ་ཞག་དྲུག་ཕྱི་རོལ་ཏུ་འགྲོའོ་སྙམ་སྟེ་སོང་བ་ལ་ཞག་ལས་འདས་པ་ཉེས་མེད་ཡིན་གྱི། དེ་མེད་པའི་ཉིན་གཅིག་གམ། མཚན་གཅིག་འགྲོ་བར་བསམས་ཏེ་སོང་བས་ཞག་དྲུག་འདས་པ་ལ་ཉེས་པར་འགྱུར་རོ། །སྙམ་པའི་དོགས་ པ་བསལ་བའི་ཕྱིར་ཞེས་སོ། །རྒྱུ་མཚན་ནི། བསམ་པ་དེ་ལྟ་བུ་ཡོད་མེད་ཀྱིས་མིན་གྱི། བར་ཆད་དང་ལྡན་མི་ལྡན་གྱིས་ཡིན་པའི་ཕྱིར་རོ། །ཞེས་སེམསོ། །ཞག་དྲུག་ལས་འདས་ཞེས་པ་ནི། དྲུག་ལས་འདས་པའི་བདུན་པ་འདས་པ་ལ་ཞེས་གོ་ 2-2-94b བར་བྱ་སྟེ། ཞག་ཏུ་བདུན་མ་འདས་ན་གནང་བའི་ཕྱིར་རོ། །གང་ནས་འབྲལ་བའི་གནས་ནི། དགོན་པ་དང༌། ཆོས་གོས་བཞག་པའི་གནས་གཉིས་ཀའི་ཉེ་ཀོར་དང་བཅས་པ་ལས་གནས་གཞན་ཡོད་དགོས་ལ། རྟེན་ནི་དགོན་པ་པའི་ཡི་དམ་དང་ལྡན་པ་སྲ་ བརྐྱང་མ་བཏིང་བ། གནང་བ་མ་ཐོབ་པ་ཞེས་ཟེར་བའི་དཔྱད་པ་ནི་བཤད་ཟིན་ནོ། །རས་ཆེན་ལ་གཉིས་ལས། བཙལ་སྔས་པའི་ལྟུང་བ་ལ། བསླང་བའི་ཡུལ་ནི། ཁྱིམ་པ་སོགས་དྲུག་ཟེར་རོ། །དངོས་པོ་ནི་རས་ཆེན་རུང་བ་ཚད་ལྡན་མ་རྙིངས་པ། ཆར་ཆུ་སྐྱོབ་ནུས་པ། སྦྱིན་བདག་དེའི་ཡིན་པ་སྟེ་དྲུག་ཟེར་རོ། །འགྲེལ་པར་བུག་པ་ལ་ཡང་ན་སྨད་པར་གསུངསོ། །བསླང་པའི་དུས་ནི་དབྱར་སྔ་ཕྱི་གཉིས་འབྲིང་པོ་དང༌། ཐ་ཆུང་གི་ཚེས་བཅུ་དྲུག་གང་རུང་ལ་ལྟོས་ནས་ཟླ་བ་གཅིག་གིས་སྔ་བའོ། །དབྱར་ཟླ་ ར་བ་དང་འབྲིང་པོའི་ཚེས་བཅུ་དྲུག་ནས་འཆང་བའི་དུས་ཚུན་ཆད་དུ་འཚོལ་བར་གནང་བའི་དུས་སོ། །རྟེན་ནི་ཁས་ལེན་པ་དང་འབྲེལ་བ་ཟེར་རོ། །མཐར་ཐུག་ནི་དུས་སྔ་མར་བླངས་ནས་སྔ་མར་ཐོབ་པ་དགོས་ལ། སྔ་མར་བཙལ་ནས་གནང་བའི་དུས་སུ་ ཐོབ་ན་འཚོལ་བ་ལ་ཉེས་བྱས་དང༌། ཐོབ་པ་ལ་ལྟུང་མེད་དོ། །ཐོབ་པ་ནི་ཐོབ་བློ་ལ་ཟེར་རོ། །དེའི་རྗེས་སུ་ཞུགས་པ་ནི་བསྡད་པའི་དབང་གིས་ཞེས་དང༌། དགག་དབྱེ་སོགས་ནི་དབྱར་སྔ་ཕྱི་གང་ཁས་བླངས་དེའི་དབང་དུ་བྱས་ཏེ་བྱ་དགོས་ཏེའོ། །སྲ་བརྐྱང་ ནི་དབྱར་སྔ་མ་ཁོ་ན་དང་འབྲེལ་ལོ་བཞག་ཕྱིས་ནི། རས་ཆེན་རུང་བ་ཚད་ལྡན་རང་དབང་བ། མ་རྙིངས་པ། ཆར་ཆུ་སྐྱོབ་ནུས་པ་སྟེ་དྲུག་ལྡན་གྱི་དངོས་པོའོ། །དུས་ནི་དགག་དབྱེ་བྱས་ནས་ཟླ་བ་ཕྱེད་སོང་བ་ཟེར། མ་རྙིངས་པ་ནི་ཟླ་བ་བཞིར་མ་སྤྱད་པ་ཡིན་ 2-2-95a ན། ཁས་ལེན་ཟླ་བ་གསུམ་དང༌། དེའི་གོང་དུ་ཟླ་གཅིག་དགག་དབྱེ་བྱས་ནས་ཞག་བཅུ་བཞི་འགྲོ་དགོས་པས་བཞག་འཕྱིས་ཀྱི་སྤང་བ་མི་སྲིད་པར་ཐལ་ལོ་ཞེ་ན། དེ་ལ་ཟླ་བ་ཕྱེད་དང་ལྔར་བཅངས་པས་མ་ཁྱབ་ཅིང་ངེས་ལྡན་གྱི་གོས་ མིན་པ་དང༌། ཟླ་བ་གསུམ་དུ་ཆར་ཆུ་མ་ཞོ་ན་ལོངས་མི་སྤྱོད་པ་སྲིད་པས་སྐྱོན་མེད་ཅེས་ཟེར་རོ། །འོན་ཀྱང་ཟླ་བ་བཞིར་སྤྱད་པས་རས་ཆེན་ཡིན་ན། དེ་ལ་བཞག་འཕྱིས་ཀྱི་ཉེས་བྱས་ཙམ་ཡིན་གྱིས། ལྟུང་བྱེད་མི་འབྱུང་ངོ༌། །དེ་ལྟར་ན་དེ་ལྟ་བུའི་ རས་ཆེན་འཆང་བའི་དུས་ནི་ཟླ་བ་བཞི་དང༌། ཞག་བཅུ་བཞི་རིལ་དང་བཅོ་ལྔ་པའི་མཚན་མོའི་མཐའ་ཚུན་ཆད་ཡིན་གྱི། དེ་འདས་ན་ལྟུང་བར་འགྱུར་ཏེ། སྟོན་ཟླ་ཐ་ཆུང་དང༌། དགུན་ཟླ་ར་བའི་ཚེས་གཅིག་གི་སྐྱ་རེངས་ཤར་ནའོ། །བརྟད་བྱུང་ལ་གསུམ་ ལས། བདག་གིར་བྱ་བ་སྔས་པ་ནི། སྦྱིན་བདག་ཁྱིམ་པ། ཐ་སྙད་ལྔ་ལྡན། ལུས་ཐ་མལ་པ། རང་དང་རྫས་ཀྱི་སྒོ་ནས་ཐ་དད་པ་སྟེ་བཞི་ཟེར་རོ། །རྙེད་པ་ནི་དབྱར་གྱི་བསྡུས་པའི་རྒྱུ་ལས་བྱུང་བ། ཟས་རྙེད་མིན་པ། ཕལ་ཆེར་རུང་བ། ཚད་དང་ལྡན་པ། བརྟད་ པ་ལས་བྱུང་བ་མིན་པ་སྟེ་ལྔ་ཟེར་རོ། །དང་པོ་་དབྱར་གནས་པའི་ཕྱིར་རྙེད་པ་གང་ཡིན་པ་དེ་ནི་འདིར་དབྱར་གྱི་རྙེད་པ་ཞེས་བྱ་བ་སྟེ་དེ་ལྟུང་བའི་བྱེད་པ་པོ་ཉིད་ཡིན་གྱི་འཕྲལ་གྱི་མཆོད་སྟོན་ལ་སོགས་པའི་ཕྱིར་རྙེད་པ་གཞན་ནི་མིན་ནོ། །ཞེས་གསུངས་ པས་དབྱར་གྱི་ཁས་ལེན་བྱས་པ་ལ་དམིགས་ནས་ཕུལ་བའི་རྙེད་པ་དགོས་སོ། །གཉིས་པ་ནི་རྣམ་འབྱེད་ལས་བཤད་ཟེར་རོ། །ཚད་ལྡན་ནི་སྤྱི་ཚད་ཁྲུ་གང་བ་ལ་བྱེད་དེ་བརྟག་གོ། སྤང་པ་ནི་ཁས་བླངས་ནས་དགག་དབྱེ་མ་བྱས་པའི་བར་རོ། །བདག་གིར་ 2-2-95b བྱས་པ་ནི། དུས་དེར་བརྟད་པའི་དབང་གིས་ཞེས་པ་ལྟ་བུ་མིན་པ་ཕུལ་ཡང་མི་ལེན་པའོ། །དེའི་ཕྱིར་ཀུན་སློང་བདག་གིར་བྱེད་འདོད་མ་ཆད་པ་དང་མཐར་ཐུག་ལ་ཐོབ་བློ་ལ་བྱེད་པ་བརྟག་གོ། འདིར་བརྟད་བྱུང་གི་གོས་ལྔ་པོ་ནད་པ་ལ་དང༌། དེའི་ཕྱིར་དང༌། འཆི་བ་དང༌། དེའི་ཕྱིར་དང༌། འགྲོ་བར་ཆས་པ་ལ། སྦྱིན་པ་ཞེས་གསུངས་པ་ནི་མཚོན་པ་སྟེ། རྒྱལ་པོ་དང༌། ཆོམ་རྐུན་དང༌། རིགས་བརྒྱུད་དང༌། ཆུ་ལ་སོགས་པས་འཁྱེར་བར་དོགས་པ་སྦྱིན་བདག་གི་བསོད་སྙོམས་ཀྱི་བར་དང༌། བགོས་སྐལ་ལ་གཏོཌ་ པ་འཆིར་དོགས་པ་མཆོད་གནས་ཀྱི་རྙེད་པའི་བར་དུ་འགྱུར་བ་རྣམས་བརྟད་བྱུང་གིས་སྡུད་དགོས་པར་གསུངས་སོ། །དེ་དག་དང་ལྡན་པའི་ཚེ་ན་ཉེས་པ་མེད་པ་ལ་མཐའི་ཞག་བཅུ་དགོས་མི་དགོས་ལ་དཔྱད་པར་བྱའོ། །བགོ་བ་སྔར་བཤད་པ་ལ་གསུཾ་ ལས་སྦྱིན་བདག་དང་དུས་སྔར་དང་འདྲ་ལ། དངོས་པོ་ལ་ལྔའི་གྲངས་སྔར་བཞིན། བྱས་ནས་ལྔ་པའི་དོན་བགོས་པས་བར་ཆད་སྤོང་བ་མིན་པ་ཞེས་ཟེར་རོ། །རྩ་འགྲེལ་ནི། དབྱར་གྱི་ཕྱིར་རྙེད་པ་ལ་དུས་མཐའི་ཞག་བཅུའི་ཆོས་དངོས་པོ་བརྟད་པའི་རྙེད་པ་ ཡིན་ན་བདག་གིར་བྱེད་པ་ལྟུང་བ་མེད་ལ། བགོས་ན་དངོས་བཞིར་གསུངས་པས་བརྟད་བྱུང་གིས་རྙེད་པ་མིན་པ་ཞེས་པའི་ཐ་སྙད་མ་ལེགསོ། །བརྟད་བྱུང་མ་ཡིན་པའི་དབྱར་རྙེད་ལ་བདག་གིར་བྱས་པ་དང༌། བགོས་པ་གཉིས་ཀ་ལ་ལྟུང་བར་ གསུངསོ། །དབྱར་ནང་དུ་བགོ་བ་ལ་ཡང་བགོས་པས་བར་ཆད་སྲོང་བ་ཡིན་ན་ཉེས་མེད་དུ་འགྲོ་དགོས་སམ་སྙམ་མོ། །བགོ་བ་འཕྱིས་པ་ལ་སྦྱིན་བདག་སྔར་བཞིན་དང༌། དངོས་པོ་ལ་ལྔ་པ་རང་དབང་བ། བརྟད་པའི་རྙེད་པ་མིན་པ་སྟེ་དྲུག་ཟེར་རོ། །དྲུག་པའི་ 2-2-96a དོན། བགོས་པས་བར་ཆད་དུ་འགྱུར་ཞིང༌། བཞག་པས་དེ་སྤོང་བ་ལ་བྱེད་དོ། །ཐ་སྙད་མ་ལགསོ། །རྟེན་ནི་སྦེད་པ་མ་བསྐོས་པ་དང༌། སྦྱིན་བདག་གི་ཚིག་གི་དབང་མེད་པ་སྟེ་གཉིས་ཟེར་རོ། །རང་དབང་བ་དངོས་པོ་ལ་ཡོད་མེད་སྔ་མ་ གཉིས་དང་འདྲ་ཡང་ལྟུང་བའི་ཡན་ལག་ཏུ་དགོས་མི་དགོས་འདྲ་བར་བསམ་པ་འདུག་གོ། རྟེན་གྱི་ཆོས་ཕྱི་མ་ནི། སྔ་མ་གཉིས་ལ་ཡང་མཚོན་དགོས་པ་འདྲའོ། །བསྔོས་བསྒྱུར་ལ། སྦྱིན་བདག་ནི་ཁྱིམ་པ་ཡིན་པ། ཐ་སྙད་ལྔ་དང་ལྡན་པ་ལུས་ཐ་ མལ་པ། རང་དང་རྫས་ཀྱི་སྒོ་ནས་དང་བསྔོ་བ་པོ་དང༌། བསྔོས་པ་གཉིས་ཀའང་ཐ་དད་པ། བསམ་པ་ཐག་པ་ནས་བསྔོས་པ་སྟེ་ལྔ་ལྡན་ནོ། །དངོས་པོ་ལ་གོས་སམ། ལྷུང་བཟེད་ཡིན་པ། རུང་བ་ཚད་དང་ལྡན་པ་སྦྱིན་བདག་དེས་བསམ་པ་ཐག་པ་ནས་ བསྔོས་པ་སྟེ་བཞིའོ། །བསྔོས་པའི་ནི་དགེ་སློང་གི་སྡོམ་པ་དག་པ་ལྟ་བ་དང་མཚན་མཐུན་པ། ཐ་སྙད་གསུམ་ལྡན། ལུས་ཐ་མལ་པ། བདག་ལས་ཐ་དད་དེ་དྲུག་གོ་ཞེས་ཟེར་རོ། །འགྲེལ་པ་ནས་ཡོན་བདག་ལ་ཉེ་དུ་མིན་པ་མི་དགོས་པ་དང༌། རྙེད་པ་ལ་ཟས་རྙེད་མིན་ པ་དང༌། གང་ཟག་གཞན་ལ་ཞེས་པ་ལ་རབ་ཏུ་བྱུང་མ་བྱུང་གི་གསལ་ཁ་མཛད་དོ། །གོས་ཀྱི་མ་གཏོགས་པ་སྣོད་ལ་ཡང་མ་བཤགས་པས་བརྟག་པར་བྱའོ། །ཐོབ་པ་ནི་ཐོབ་བློ་ལ་བྱེད་ཟེར་རོ། །ཐོབ་ན་དངོས་གཞི་ཡིན་ན་བསྒྱུར་བ་ལ་ཅིར་འགྱུར་ཞེ་ན། གོས་རྙེད་བསྒྱུར་བ་ལ་ནིའོ། །བསྔོས་བསྒྱུར་གྱི་སྐབས་འདིར་གང་ཟག་གཞན་ལ་བསྔོས་པ་གཞན་ལ་བསྒྱུར་བ་ལ་ཡང་ངོ༌། །བསྒྱུར་བ་དེའི་འབྲས་བུ་ཐོབ་པ་ལ་ཡང་ངོ༌། །ལྷག་མ་ཞེས་པ་ལ་བསྔོས་པ་ལ་བཞག་ན་ཆུད་འཛའ་བ་ལ་མཐུན་པ་ལ། རྣམ་ 2-2-96b འབྱེད་འགྲེལ་པ་ལས་བཤད་ཟེར་རོ། །སྐུ་གཟུགས་ནི་སྐུ་གཟུགས་ཀྱི་རྒྱན་གཅིག་ལ་གཅིག་འབྱར་དུ་རུང་བའོ། །ཤི་བའི་ཡོ་བྱད་ལ་སོགས་པ་དགེ་འདུན་གྱིས་རྙེད་པར་བསྔོས་པ། དགེ་སློང་གིས་མཚམས་ཀྱི་ཕྱི་རོལ་ཏུ་སོང་སྟེ་བྱིན་གྱིས་ རློབ་པར་བྱེད་ན་ཉེས་བྱས་སོ། །དགེ་སློང་ཇི་སྙེད་ཅིག་གི་སྐལ་བ་ནོད་པར་བྱ་བ་དེ་དག་མ་ཚོགས་པར་རྙེད་པ་བགོད་ན་ཉེས་བྱས་སོ། །ཤི་བའི་ཡོ་བྱད་ལ་སོགས་པའི་རྙེད་པ་བྱིན་གྱིས་མ་བརླབས་པར་བགོད་ན་ཉེས་བྱས་སོ། །དགེ་འདུན་ཀུན་གྱི་ སྤྱིར་དབང་བའི་རྙེད་པ་གང་ཟག་གཅིག་གམ། གཉིས་སམ་གསུམ་གྱིས་ལེན་པར་བྱེད་ན་ཉེས་བྱས་སོ། །རྙེད་པ་ལེན་པ་དེ་དག་ཀྱང་དབང་ན་ཅིའི་ཕྱིར་ཉེས་བྱས་སུ་འགྱུར་ཞེ་ན། རྙེད་པ་དེ་ལའོ། །རྐུ་སེམས་ཡོད་པའི་དབང་དུ་བྱས་ཀྱི། རྐུ་སེམས་ཀྱིས་ སྒྱུར་བར་བྱེད་ན་གཞི་ཇི་ལྟ་བའི་ཁ་ན་མ་ཐོ་བར་འགྱུར་རོ། །མཚམས་ཀྱི་ཕྱི་རོལ་སོགས་གསུམ་ལ། འདུ་ཤེས་འཁྲུལ་བས་རྐུ་སེམས་མེད་པའི་ཕྱིར་རོ། །ལྟུང་མེད་དུ་མི་འགྱུར་ཏེ། གཞན་གྱི་ཤེས་ཉིད་མ་བྲལ་བའི་ཕྱིར་རོ། །འདིར་གཏོགས་ པ་ནི་གཞན་དབང་བར་བྱེད་པ་ལ་ཞུགས་པའི་ཕྱིར་རྣམ་པ་འདྲ་བས་ཟེར་རོ། །དམག་དང༌། ཆོམ་རྐུན་ལ་སོགས་པའི་གནོད་པ་མེད་པར་གྱ་ཚོམ་དུ་གཙུག་ལག་ཁང་སྟོང་པར་དགེ་སློང་གང་གཙུག་ལག་ཁང་དེ་ལ་རྗེས་སུ་ཆགས་པ་ཤས་ཆེན་པོ་ ཡོད་པ་དེའོ། །དགེ་འདུན་མ་ལྷགས་ན་བཞག་པ་དེས་ལོ་བཅུའོ། །གཙུག་ལག་ཁང་དང་ཉེ་འཁོར་གྱི་གཙུག་ལག་ཁང་གཉིས་གསོ་སྦྱོང་ངོ་། དེ་དག་ནི་དང་པོ་གནས་གཞན་དེར་བཞག་པའི་དགེ་སློང་ངོ༌། །གཙུག་ལག་ཁང་གི་བདག་པོ་ཁྱིམ་བདག་ 2-2-97a དེ་གནས་གཞན་གྱི་སྦྱིན་བདག་དེ་ཉིད་ཡིན་ཡང་སྔར་བྱས་པའི་ངེས་པ་ལའོ། །ཁྱིམ་བདག་དེས་རྫས་དེ་དག་སྔར་ཕུལ་བའི་གཙུག་ལག་ཁང་དེར་མི་སྟེར་བའོ། །མཆོད་རྟེན་གཞན་ལ་བསྔོས་པའི་རྙེད་པ་དེ་ལ་འབུལ་བར་མི་རུང་ ཞིང་། དེར་ཁྱེར་ཡང་མ་ནུས་ནའོ། །བྱང་ཆུབ་ཆེན་པོ་སོགས་བཞི་ནི་གནས་དེ་དག་ན་བཞུགས་པའོ། །གསོག་འཇོག་གི་སྤང་བ་ལ། དེང་ཕན་ཆོད་ཉིད་དུ་ཉི་མ་དང་པོ་འདས་ཏེ་དེང་ནི་ཉི་མ་གཉིས་པ་ལགསོ། །ཞེས་སོགས་ཀྱིས་ཉི་མ་འདས་སོ་ཅོག་གོ། ། ཅི་ཞིག་བྱས་ན་གསོག་འཇོག་གི་སྤང་བར་འགྱུར་ཞེ་ན། བཟའ་བའི་ཕྱིར་འཆང་ནའོ། །གང་ཞེ་ན། ཞག་བདུན་པར་བྱིན་གྱིས་བརླབས་པ་དེའོ། །དེ་ཡང་སྨན་བཞི་ལས་གང་རུང་བ། རུང་བ་ཚད་ལྡན། རང་དབང་བ། རྙོག་ཆུར་གྱུར་པའི་ཕྱེད་ཉིད་དོ། །ཞེས་པས་ ངོ་བོ་རྫོགས་པ་རང་རང་དང་འདྲ་བས་བཟའ་བའི་ཕྱིར་ཏེ་བྱིན་ལེན་བྱས་པ་སྟེ་དྲུག་གོ། བྱིན་རླབས་ཅན་ལ་ནི་དེས་ཕན་པའི་ནད་ཅན་མིན་པ་དང༌། བྱིན་རླབས་ཡོད་པ་གཉིས་བསྣན་ཟེར་རོ། །མཐར་ཐུག་ནི་བྱིན་རླབས་ཡོད་ན་རང་དུས་དང༌། མེད་ན་ སྤྱི་དུས་འདས་པའོ། །ཞག་བདུན་པར་བྱིན་གྱིས་བརླབས་པ། བཟའ་བའི་ཕྱིར་འཆང་བ་ལ་ཁ་ན་མ་ཐོ་བར་འགྱུར་བ་ཁོ་ནར་མ་ཟད། བྱིན་ལེན་མ་བྱས་པ་དང༌། མི་རུང་བ་མི་ཤ་ལ་སོགས་པ་དང༌། མི་རུང་བ་དང་འདྲེས་པ་དང༌། བརྟག་པ་གཞན་དང་ འདྲེས་པ་འཆང་བ་ལ་ཡང་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །འདི་ལྟར་དུས་རུང་དང་འདྲེས་པའི་ཐུན་ཚོད་དུ་རུང་བ། བཟར་མི་རུང་བ་ཉིད་ཕྱེད་ཕན་ཆོད་དུ་བཟའ་བའི་ཕྱིར་འཆང་ན་འདིར་གཏོགས་ཀྱི་ཉེས་པ་དང༌། དེ་བཞིན་དུ་བཙོས་པ་ལ་སོགས་པའི་ 2-2-97b སྐྱོན་གྱིས་མི་རུང་བར་གྱུར་པ་བཟའ་བའི་ཕྱིར་འཆང་བ་དང༌། དུས་རུང་སོགས་གསུམ་པོ་མི་རུང་ན་བཟའ་བའི་ཕྱིར་འཆང་བ་ལ་ཡང་ཁྱད་པར་མེད་པས། ཞག་བདུན་པ་སྨོས་པ་ནི་དཔེ་ཙམ་མོ། །འདིར་ལྟུང་བ་རྣམ་པར་བཞག་པ་གང་ཞེ་ན། དེའི་ཕྱིར་བཟའ་བར་ བྱ་བ་སོགས་སོ། །སྨན་བཞི་གསོག་འཇོག་བྱས་པ་ཟོས་ན་ལྟུང་བྱེད་དུ་འགྱུར་ལ་མ་ཟོས་ན་ལྟུང་མེད་དུ་འགྱུར་ཏེ། ཉིན་མཚན་འདས་པ་ལ་ནི་སྤང་ལྟུང་དང༌། འབའ་ཞིག་པ་འདྲ་བའི་ཕྱིར་རོ། །ནང་དུ་ཞག་ལོན་པ་དང༌། བཙོས་པ་དང༌། བྱིན་ལེན་མ་ བྱས་པ་སོགས་ཟོས་ན་ཉེས་བྱས་སུ་འགྱུར་བ་བཞིན་དུ་འཆང་ནའང་ཉེས་བྱས་སུ་འགྱུར་རོ། །འབྲུ་མར་ལ་སོགས་པ་སྟེ་རྐང་པར་བསྐུ་བ་ལ་སོགས་པའི་དོན་གང་གི་ཕྱིར་བརྟགས་པ་སྟེ་རུང་བར་བྱས་པ་ནི་དེའི་ཕྱིར་འཆང་བ་ལ་ལྟུང་བ་མེད་དོ། །བློས་ ཡོངས་སུ་མ་བཅད་པར་འཆང་བ་ལ་ཡང་ཁ་ན་མ་ཐོ་བ་འདྲ་སྟེ་སྤྱི་བྱེ་བྲག་ནི་ཁོངས་སུ་གཏོགས་པའི་ཕྱིར་རོ། །བཟའ་བའི་ཕྱིར་ཡང་དེའི་ཁོངསུ་གཏོགས་ཏེ། དེས་ན་བག་མེད་པ་དང༌། དྲན་པ་ཉམས་པས་འཆང་བ་ནི་བཟའ་བའི་ཕྱིར། ཡིད་ཀྱིས་མ་ བསྡུས་པའི་ཕྱིར་ཁ་ན་མ་ཐོ་བ་འདྲའོ། །སྣར་ཤུགས་པ་སོགས་པ་ནི་བྱར་རུང་ངོ༌། །ཞེས་འགྲེལ་པ་ལས་འབྱུང་བའི་དེའི་ཆེད་དུ་གསོག་འཇོག་གནང་བ་འདྲའོ། །སྨན་བཞི་པོ་ཆོ་ག་དང་ངོ་བོའི་སྒོ་ནས་མི་རུང་བ་འཆང་བ་ལ་བཟའ་བའི་ཕྱིར་བཅངས་པ་དགོས་ མི་དགོས་དང༌། བཅངས་པ་ལ་ཞག་འདས་དགོས་མི་དགོས་དང༌། བྱིན་ལེན་མ་བྱས་པ་སྒྲ་ཇི་བཞིན་དུ་བཟུང་ནས་ཟོས་ན་ཉེས་བྱས་མི་འགྲིག་པས་ཇི་ལྟར་བྱ་བ་དང༌། བྱིན་གྱིས་མ་བརླབས་པ་ན་ཞག་བདུན་ལས་འདས་པར་འཆང་དུ་ཟིན་ཀྱང་ཉེས་པ་ 2-2-98a མེད་དེ། རུང་བའི་ཕྱིར་གསེར་ལ་སོགས་པ་དང་འདྲའོ། །ཞེས་པ་རྣམས་ཀྱི་དགོངས་པ་བཙལ་བར་བྱའོ། །རྗེ་ཐམས་ཅད་མཁྱེན་པས་འདུལ་བ་མདོ་རྩ་བའི་ཊཱི་ཀྐ་མཛད་བཞེད་པ་ལས་ཟིན་བྲིས་སུ་འོལ་ ཁར་བཀོད་པའོ། །ཡི་གེ་པ་ནི་མ་གཅིག་དབོན་པོ་ནམ་མཁའ་དཔལ་ལོ། །བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག །སརྦ་མངྒ་ལཾ།། 2-2-98b empty page 2-3-1a ༄༅། །རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོའི་བཀའ་འབུམ་ཐོར་བུ་བཞུགས་སོ།། 2-3-1b ༄༅༅། །ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། རྗེ་བཙུན་དམ་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ལ་ཕྱག་འཚལ་ལོ། །བྱང་ཆུབ་ལམ་གྱི་རིམ་པའི་རྒྱ་ཆེན་སྤྱོད་པའི་བརྒྱུད་པ་ལ་གསོལ་བ་གདབ་པ་ནི། འདྲེན་ པ་མཉམ་མེད་སྟོན་པ་བཅོམ་ལྡན་འདས། །རྒྱལ་ཚབ་དམ་པ་རྗེ་བཙུན་མི་ཕམ་མགོན། །རྒྱལ་བས་ལུང་བསྟན་འཕགས་པ་ཐོགས་མེད་ཞབས། །སངས་རྒྱས་བྱང་སེམས་གསུམ་ལ་གསོལ་བ་འདེབས། །འཛམ་ གླིང་མཁས་པའི་གཙུག་རྒྱན་དབྱིག་གི་གཉེན། །དབུ་མའི་ལམ་བརྙེས་འཕགས་པ་རྣམ་གྲོལ་སྡེ། །དད་པའི་སར་གནས་བཙུན་པ་རྣམ་གྲོལ་སྡེ། །འཇིག་རྟེན་མིག་འབྱེད་གསུམ་ལ་གསོལ་བ་འདེབས། །རྨད་བྱུང་ངོ་མཚར་ གནས་གྱུར་མཆོག་གི་སྡེ། །ཟབ་མོའི་ལམ་གྱིས་རྒྱུད་སྦྱངས་དུལ་བའི་སྡེ། །རླབས་ཆེན་སྤྱོད་པའི་གཏེར་གྱུར་རྣམ་སྣང་མཛད། །འགྲོ་བའི་རྩ་ལག་གསུམ་ལ་གསོལ་བ་འདེབས། །ལམ་མཆོག་ཤེར་ཕྱིན་རྒྱས་ མཛད་སེང་བཟང་ཞབས། །རྒྱལ་བའི་མན་ངག་ཀུན་འཛིན་ཀུ་ས་ལི། །འགྲོ་ཀུན་བརྩེ་བས་རྗེས་འཛིན་དགེ་བ་ཅན། །འགྲོ་བའི་དེད་དཔོན་གསུམ་ལ་གསོལ་བ་འདེབས། །བྱང་ཆུབ་ཐུགས་ལ་མངའ་བརྙེས་གསེར་ གླིང་པ། །ཤིང་རྟ་ཆེན་པོའི་སྲོལ་འཛིན་མར་མེ་མཛད། །ལམ་བཟང་གསལ་མཛད་སྟོན་པ་རིན་པོ་ཆེ། །བསྟན་པའི་སྲོག་ཤིང་གསུམ་ལ་གསོལ་བ་འདེབས། །རྣལ་འབྱོར་དབང་ཕྱུག་དཔལ་ལྡན་དགོན་པ་པ། ། 2-3-2a ཟབ་མོའི་ཏིང་འཛིན་བརྟན་པའི་སྣེའུ་ཟུར་པ། །འདུལ་བའི་སྡེ་སྣོད་ཀུན་འཛིན་ཐོག་མ་པ། །མཐའ་འཁོབ་སྒྲོན་མེ་གསུམ་ལ་གསོལ་བ་འདེབས། །བརྩོན་པས་སྒྲུབ་པ་ལྷུར་ལེན་ནམ་སེང་ཞབས། ། དམ་པས་བྱིན་བརླབས་ནམ་མཁའ་རྒྱལ་པོ་དང༌། །འཇིག་རྟེན་ཆོས་བརྒྱད་སྤངས་པའི་སེང་གེ་བཟང༌། །རྒྱལ་སྲས་བཟང་པོའི་ཞབས་ལ་གསོལ་བ་འདེབས། །བྱང་ཆུབ་ཐུགས་ཀྱིས་འགྲོ་ཀུན་བུ་བཞིན་གཟིགས། ། ལྷག་པའི་ལྷ་ཡིས་རྗེས་བཟུང་བྱིན་གྱིས་བརླབས། །སྙིགས་དུས་འགྲོ་བ་འདྲེན་པའི་བཤེས་གཉེན་མཆོག །ནམ་མཁའ་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །ཡོན་ཏན་ཀུན་གྱི་གཞིར་གྱུར་དྲིན་ཅན་རྗེ། ། ཚུལ་བཞིན་བསྟེན་པ་ལམ་གྱི་རྩ་བ་རུ། །ལེགས་པར་མཐོང་ནས་འབད་པ་དུ་མ་ཡིས། །གུས་པ་ཆེན་པོས་བསྟེན་པར་བྱིན་གྱིས་རློབས། །ལན་ཅིག་རྙེད་པའི་དལ་བའི་རྟེན་བཟང་འདི། །ཤིན་ཏུ་རྙེད་དཀའ་དོན་ཆེན་ ཤེས་གྱུར་ནས། །ཉིན་མཚན་ཀུན་ཏུ་སྙིང་པོ་ལེན་པའི་བློ། །རྒྱུན་ཆད་མེད་པར་སྐྱེ་བར་བྱིན་གྱིས་རློབས། །ལུས་སྲོག་གཡོ་བ་ཆུ་ཡི་ཆུ་བུར་བཞིན། །མྱུར་དུ་འཇིག་པའི་འཆི་བ་དྲན་པ་དང༌། །ཤི་བའི་རྗེས་སུ་ལུས་ལ་ གྲིབ་མ་བཞིན། །དཀར་ནག་ལས་འབྲས་ཕྱི་བཞིན་འབྲང་བ་ལ། །ངེས་པ་བརྟན་པོ་རྙེད་ནས་ཉེས་པའི་ཚོགས། །ཕྲ་ཞིང་ཕྲ་བ་རྣམས་ཀྱང་སྤོང་བ་དང༌། །དགེ་ཚོགས་མཐའ་དག་སྒྲུབ་པར་བྱེད་པ་ལ། །རྟག་ཏུ་བག་དང་ 2-3-2b ལྡན་པར་བྱིན་གྱིས་རློབས། །སྤྱད་པས་མི་ངོམས་སྡུག་བསྔལ་ཀུན་གྱི་སྒོ། །ཡིད་བརྟན་མི་རུང་སྲིད་པའི་ཕུན་ཚོགས་ཀྱི། །ཉེས་དམིགས་རིག་ནས་ཐར་པའི་བདེ་བ་ལ། །དོན་གཉེར་ཆེན་པོ་སྐྱེ་བར་བྱིན་གྱིས་རློབས། །རྣམ་དག་བསམ་པ་དེ་ཡིས་དྲངས་པ་ཡི། །དྲན་དང་ ཤེས་བཞིན་བག་ཡོད་ཆེན་པོ་ཡིས། །བསྟན་པའི་རྩ་བ་སོ་སོ་ཐར་པ་ལ། །སྒྲུབ་པ་སྙིང་པོར་བྱེད་པར་བྱིན་གྱིས་རློབས། །རང་ཉིད་སྲིད་མཚོར་ལྷུང་བ་ཇི་བཞིན་དུ། །མར་གྱུར་འགྲོ་བ་ཀུན་ཀྱང་དེ་འདྲ་བར། །མཐོང་ནས་འགྲོ་བ་སྒྲོལ་བའི་ཁུར་འཁྱེར་བའི། །བྱང་ཆུབ་ སེམས་མཆོག་འབྱོངས་པར་བྱིན་གྱིས་རློབས། །སེམས་ཙམ་བསྐྱེད་ཀྱང་ཚུལ་ཁྲིམས་རྣམ་གསུམ་ལ། །གོམས་པ་མེད་ན་བྱང་ཆུབ་མི་འགྲུབ་པར། །ལེགས་པར་མཐོང་ནས་རྒྱལ་སྲས་སྡོམ་པ་ལ། །བརྩོན་པ་དྲག་པོས་སློབ་པར་བྱིན་གྱིས་རློབས། །ལོག་པའི་ཡུལ་ལ་ གཡེང་བ་ཞི་བྱེད་ཅིང༌། །ཡང་དག་དོན་ལ་ཚུལ་བཞིན་དཔྱོད་པ་ཡི། །ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ་བའི་ལམ། །མྱུར་དུ་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །ཐུན་མོང་ལམ་སྦྱངས་སྣོད་དུ་གྱུར་པ་ན། །ཐེག་པ་ཀུན་གྱི་མཆོག་གྱུར་རྡོ་རྗེའི་ཐེག །སྐལ་བཟང་སྐྱེ་བོའི་ འཇུག་ངོགས་དམ་པ་དེར། །བདེ་བླག་ཉིད་དུ་འཇུག་པར་བྱིན་གྱིས་རློབས། །དེ་ཚེ་དངོས་གྲུབ་རྣམ་གཉིས་འགྲུབ་པའི་གཞི། །རྣམ་དག་དམ་ཚིག་སྡོམ་པར་གསུངས་པ་ལ། །བཅོས་མ་མིན་པའི་ངེས་པ་རྙེད་གྱུར་ནས། །སྲོག་དང་བསྡོས་ཏེ་བསྲུང་བར་བྱིན་གྱིས་རློབས། །དེ་ནས་ རྒྱུད་སྡེའི་སྙིང་པོ་རིམ་གཉིས་ཀྱི། །གནད་རྣམས་ཇི་བཞིན་རྟོགས་ནས་བརྩོན་པ་ཡིས། །ཐུན་བཞིའི་རྣལ་འབྱོར་མཆོག་ལས་མི་གཡེལ་བར། །དམ་པའི་གསུང་བཞིན་སྒྲུབ་པར་བྱིན་གྱིས་རློབས། །དེ་ལྟར་ལམ་བཟང་སྟོན་པའི་བཤེས་གཉེན་དང༌། །ཚུལ་བཞིན་ 2-3-3a སྒྲུབ་པའི་གྲོགས་རྣམས་ཞབས་བརྟན་ཅིང༌། །ཕྱི་དང་ནང་གི་བར་དུ་གཅོད་པའི་ཚོགས། །ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ།། ༈ །།བྱང་ཆུབ་ལམ་གྱི་རིམ་པའི་ཟབ་མོ་ལྟ་བའི་བརྒྱུད་པ་ལ་གསོལ་བ་གདབ་པ་ནི། སྨྲ་བ་ཟླ་མེད་འདྲེན་ མཆོག་ཤཱཀྱའི་ཏོག །རྒྱལ་བའི་མཁྱེན་རབ་ཀུན་བསྡུས་འཇམ་པའི་དབྱངས། །ཟབ་མོའི་དོན་གཟིགས་འཕགས་མཆོག་ཀླུ་སྒྲུབ་ཞབས། །སྨྲ་བའི་གཙུག་རྒྱན་གསུམ་ལ་གསོལ་བ་འདེབས། །འཕགས་པའི་དགོངས་པ་གསལ་མཛད་ཟླ་བ་གྲགས། །དེ་སྲས་ཐུ་བོ་རིག་པའི་ཁུ་ བྱུག་ཆེ། །རྒྱལ་སྲས་རིག་པའི་ཁུ་བྱུག་གཉིས་པའི་ཞབས། །རིགས་པའི་དབང་ཕྱུག་གསུམ་ལ་གསོལ་བ་འདེབས། །རྟེན་འབྲེལ་ཟབ་མོ་ཇི་བཞིན་གཟིགས་པ་ཡིས། །ཤིང་རྟ་ཆེན་པོའི་སྲོལ་འཛིན་མར་མེ་མཛད། །ལམ་བཟང་གསལ་མཛད་སྟོན་པ་རིན་པོ་ཆེ། །འཛམ་གླིང་ རྒྱན་གྱུར་གཉིས་ལ་གསོལ་བ་འདེབས། །དེ་མན་ཆད་སྔར་དང་འདྲའོ། །གཞུང་པ་ནས་བརྒྱུད་པའི་བཤེས་གཉེན་རྣམས་ལ་གསོལ་བ་འདེབས་པར་འདོད་ན། སྟོན་པ་རིན་པོ་ཆེ་ཡན་ཆད་སྔར་དང་འདྲ་བས་དེ་ཕྱིན་ཆད་ནི། རྒྱལ་བའི་གདུང་འཚོབ་བཤེས་གཉེན་པོ་ཏོ་བ། །རྣམ་ དཔྱོད་འགྲན་ཟླ་བྲལ་བའི་ཤ་ར་བ། །བྱང་ཆུབ་ཐུགས་ཀྱི་བཀའ་བབས་འཆད་ཁ་བ། །འགྲོ་བའི་རེ་སྐོང་གསུམ་ལ་གསོལ་བ་འདེབས། །ལུང་རྟོགས་མངའ་བདག་བྱང་སེམས་སྤྱིལ་བུ་པ། །དྲི་མེད་ལུང་གི་དབང་ཕྱུག་མཁས་པ་མཆོག །ཁམས་གསུམ་འགྲོ་བའི་མགོན་པོ་ རིན་པོ་ཆེ། །གནས་བརྟན་ཆེན་པོ་གསུམ་ལ་གསོལ་བ་འདེབས། །རྣམ་དག་ཚུལ་ཁྲིམས་ངང་ལྡང་ཟངས་ཆེན་པ། །འདུལ་བ་འབུམ་སྡེའི་མངའ་བདག་མཚོ་སྣ་པ། །ཆོས་མངོན་རྒྱ་མཚོའི་མཐར་སོན་མོན་གྲ་པ། །འགྲོ་བའི་འདྲེན་པ་གསུམ་ལ་གསོལ་བ་འདེབས། །ཟབ་ཅིང་ 2-3-3b རྒྱ་ཆེ་ཆོས་ལ་མངའ་བརྙེས་པས། །སྐལ་ལྡན་འགྲོ་བ་ཀུན་གྱི་སྐྱབས་སུ་གྱུར། །འཕྲིན་ལས་བཟང་པོས་བསྟན་པ་རྒྱས་མཛད་པ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཞེས་པའོ། །གདམས་ངག་པ་ནས་བརྒྱུད་པའི་བཤེས་གཉེན་རྣམས་ལ་གསོལ་བ་གདབ་ པར་འདོད་ན། གྲུབ་པའི་དབང་ཕྱུག་ཆེན་པོ་ཚུལ་ཁྲིམས་འབར། །བཤེས་གཉེན་ཚུལ་བཞིན་བསྟེན་མཛད་གཞོན་ནུ་འོད། །ཐེག་མཆོག་ལམ་གྱི་རྒྱུད་སྦྱངས་དགྱེར་སྒོམ་ཞབས། །རྒྱལ་བའི་སྲས་པོ་གསུམ་ལ་གསོལ་བ་འདེབས། །རྨད་བྱུང་ཡོན་ཏན་མཛོད་ འཛིན་སངས་རྒྱས་དབོན། །དེ་ནས་ནམ་མཁའ་རྒྱལ་པོ་མན་ཆད་སྔར་དང་འདྲའོ། །བྱང་ཆུབ་ལམ་གྱི་རིམ་པའི་བརྒྱུད་པ་རྣམས་ལ་གསོལ་བ་འདེབས་པའི་རིམ་པ་ལཾ་མཆོག་སྒོ་འབྱེད་ཅེས་བྱ་བ་འདི་ནི། དད་འདུན་ཅན་དུ་མས་བསྐུལ་བའི་དོན་དུ་སེམས་དཔའ་ཆེན་པོ་ དུ་མས་བྱིན་གྱིས་བརླབས་པའི་གྲུབ་གནས་བྱང་རྭ་སྒྲེང་རྒྱལ་བའི་དབེན་གནས་ཀྱི་དགོན་པ་གོང་དུ་དཔལ་ལྡན་ཤ་ཏི་ཤའི་སྐུ་དངོས་དང་ཁྱད་པར་མ་མཆིས་པའི་སྐུ་འདྲ་དབུ་ཡོན་མ་ཆེ་བར་གྲགས་པའི་སྤྱན་སྔར་ཡུན་རིང་དུ་གསོལ་བ་བཏབ་ནས། ཤཱཀྱའི་དགེ་སློང་བློ་ བཟང་གྲགས་པའི་དཔལ་གྱིས་སྦྱར་བའི་ཡི་གེ་པ་ནི་ཤཱཀྱ་བཟང་གིས་བགྱིས་སོ།། ༈ །།ན་མཿཤྲཱི་གུ་རུ་མཉྫུ་གྷོ་ཥཱ་ཡ། མཁྱེན་པས་སྲིད་པའི་འཆིང་བ་མཐར་མཛད་ཅིང༌། །ཐུགས་རྗེས་ཞི་ལ་དགའ་བ་རིང་དུ་དོར། །སྲིད་ཞིའི་མཐའ་ལ་མི་གནས་སྲིད་ ཞིའི་མགོན། །རྒྱལ་བ་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །རབ་འབྱམས་ཞིང་གི་རྡུལ་སྙེད་ལས་འདས་པའི། །གྲངས་མེད་རྒྱལ་བ་རྣམས་ཀྱི་མཁྱེན་པའི་གཏེར། །མཐའ་ཡས་གཅིག་ཏུ་བསྡུས་པའི་ཡེ་ཤེས་སྐུ། །མགོན་པོ་འཇམ་པའི་དབྱངས་ལ་གསོལ་བ་ 2-3-4a འདེབས། །རླབས་ཆེན་སྨོན་ལམ་རིང་ནས་བཏབ་པའི་མཐུས། །རྗེ་བཙུན་འཇམ་དབྱངས་ཉིད་ཀྱིས་མངོན་སུམ་དུ། །ཐེ་ཚོམ་དྲ་བ་མཐའ་དག་བསལ་གྱུར་པ། །དཔའ་བོ་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །འཇིག་རྟེན་འཇིག་རྟེན་འདས་པའི་ དགེ་ལེགས་ཀྱི། །ཡོན་ཏན་ཀུན་གྱི་རྩ་བ་དྲིན་ཅན་རྗེ། །ཡིད་ལ་དྲན་པ་ཙམ་གྱིས་དུས་ཀུན་ཏུ། །མོས་གུས་རྩོལ་མེད་སྐྱེ་བར་བྱིན་གྱིས་རློབས། །འདོད་ཆུང་ཆོག་ཤེས་ཞི་ཞིང་དུལ་བར་གནས། །སྙིང་ནས་ཐར་པ་དོན་གཉེར་གསོང་པོར་སྨྲ། །བག་ཡོད་ལ་ སྦྱོར་གྲོགས་མཆོག་བསྟེན་བྱེད་ཅིང༌། །དག་སྣང་ཕྱོགས་མེད་སྐྱེ་བར་བྱིན་གྱིས་རློབས། །འཆི་བར་ངེས་ཤིང་ནམ་འཆི་ཆ་མེད་པ། །ཚིག་ཙམ་མིན་པ་དྲན་ནས་ལོང་མེད་དང༌། །རྙེད་བཀུར་ཆོས་ལ་གཏིང་ནས་ཞེན་ལོག་སྟེ། །དགོས་མེད་རྒྱུད་ལ་སྐྱེ་བར་བྱིན་ གྱིས་རློབས། །ལུས་ཅན་མཐའ་དག་དྲིན་ཅན་མར་ཤེས་པས། །ཉམ་ཐག་རྣམས་ཀྱི་སྡུག་བསྔལ་དྲན་གྱུར་ནས། །རང་བདེ་འབའ་ཞིག་སྒྲུབ་ལས་ཡིད་ལོག་སྟེ། །སྙིང་རྗེ་རྩོལ་མེད་སྐྱེ་བར་བྱིན་གྱིས་རློབས། །མཐར་འཛིན་ནད་ཀུན་སེལ་བའི་སྨན་གཅིག་པུ། ། ཟབ་མོ་རྟེན་འབྲེལ་མཐའ་དང་བྲལ་བའི་དོན། །འཕགས་མཆོག་ཀླུ་སྒྲུབ་ཡབ་སྲས་དགོངས་པ་དག། ཇི་བཞིན་ཁོང་དུ་ཆུད་པར་བྱིན་གྱིས་རློབས། །དགེ་འདིས་མཚོན་ནས་དུས་གསུམ་དང་འབྲེལ་བའི། །བདག་གཞན་དགེ་བའི་རྩ་བ་ཇི་སྙེད་པ། །དེ་དག་ ཐམས་ཅད་སྐྱེ་ཞིང་སྐྱེ་བ་རུ། །བྱང་ཆུབ་མཆོག་གི་རྗེས་སུ་མི་མཐུན་པའི། །ཤེས་ཀྱི་ཁེ་འདོད་པ་དང་གྲགས་པ་དང༌། །འཁོར་དང་ལོངས་སྤྱོད་རྙེད་དང་བཀུར་སྟིའི་རྒྱུར། །སྐད་ཅིག་ཙམ་ཡང་ནམ་ཡང་མི་སྨིན་པར། །བླ་མེད་བྱང་ཆུབ་ཁོ་ནའི་རྒྱུར་གྱུར་ཅིག ། 2-3-4b རྨད་བྱུང་སྲས་བཅས་རྒྱལ་བའི་བྱིན་རླབས་དང༌། །རྟེན་འབྲེལ་སླུ་བ་མེད་པའི་བདེན་པ་དང༌། །བདག་གི་ལྷག་བསམ་དག་པའི་མཐུ་སྟོབས་ཀྱིས། །རྣམ་དག་སྨོན་པའི་གནས་འདི་འགྲུབ་པར་ཤོག །ཅེས་བྱིན་རླབས་ཉེ་བརྒྱུད་ཀྱི་བླ་མ་རྣམས་ལ་གསོལ་བ་འདེབས་པ་ དངོས་གྲུབ་སྙེ་མ་ཞེས་བྱ་བ་འདི་ནི་མང་དུ་ཐོས་པའི་དགེ་སློང་བློ་བཟང་གྲགས་པའི་དཔལ་གྱིས་གངས་ཅན་ཁྲོད་ཀྱི་གངས་རིའི་དབང་པོ་འོ་དེ་གུང་རྒྱལ་གྱི་ལྷ་ཞོལ་དུ་སྦྱར་བའོ།། ༈ །།མཐའ་བྲལ་ལྟ་བས་ཆོས་ཀུན་སྟོང་པར་གཟིགས། །ཡང་དག་རིགས་པས་རྒོལ་ངན་དྲེགས་ པ་འཇོམས། །དམིགས་མེད་ཐུགས་རྗེས་འགྲོ་ལ་བུ་ལྟར་བརྩེ། །འཕགས་མཆོག་ཀླུ་སྒྲུབ་ཡབ་སྲས་ལ་ཕྱག་འཚལ། །རྣམ་བཀྲའི་གཟུགས་ལ་མིག་གིས་ལྟ་བ་བཞིན། །རྣམ་མང་རྒྱལ་བའི་གསུང་རབ་ཇི་སྙེད་ལ། །རྣམ་དག་མཁྱེན་པ་ཐོགས་པ་མེད་འཇུག་པ། །ཐོགས་མེད་སྐུ་མཆེད་ ཞབས་ལ་ཕྱག་འཚལ་ལོ། །གནས་གསུམ་གཞལ་བྱའི་དེ་ཉིད་མ་ལུས་པ། །ཚད་མ་གསུམ་གྱིས་གཏན་ལ་ཕབ་པའི་དོན། །སྒྲུབ་དང་སུན་འབྱིན་ངག་གིས་འདོམས་མཛད་པ། །རིགས་པའི་དབང་ཕྱུག་གཉིས་ལ་ཕྱག་འཚལ་ལོ། །ཚུལ་ཁྲིམས་རྒྱ་མཚོའི་དབུས་ན་གནས་བཅས་ ཤིང༌། །འབུམ་ཕྲག་འདུལ་བའི་གཞུང་གི་གདེངས་ཀས་བརྗིད། །རྣམ་གྲོལ་ཐར་པའི་ནོར་བུས་གཙུག་ན་མཛེས། །མཆོག་གཉིས་ཀླུ་ཡི་དབང་པོ་ལ་ཕྱག་འཚལ། །ཅེས་པ་འདི་ནི་རིགས་རུས་ཕུན་སུམ་ཚོགས་པའི་མངའ་བདག་བདག་པོ་གྲགས་པ་རྒྱལ་མཚན་པས་བསྐུལ་ བའི་དོན་དུ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་སྦྱར་བའོ།། ༈ །།ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། མཁྱེན་རབ་གཞན་དང་སྐལ་བ་མི་མཉམ་ཞིང༌། །རིགས་པའི་ལམ་དུ་བརྩོན་པའང་མ་ལྷོད་པས། །བསྟན་པའི་དེ་ཉིད་གཟིགས་ནས་སྟོན་པ་ལ། །བསྒྲུབ་པའི་ 2-3-5a མཆོད་པས་དགྱེས་པ་བསྐྱེད་སླད་དུ། །དབེན་པའི་གནས་ན་མང་དུ་ཐོས་པའི་དོན། །ཚུལ་བཞིན་སྒྲུབ་པའི་དམ་ཆོས་བདུད་རྩིའི་རོས། །ཡིད་ལ་སྐལ་བཟང་རྩོལ་བའི་དགོན་པ་པ། །རྒྱ་ཆེན་ཆོས་ཀྱི་སྤྱན་ལྡན་རེད་མདའ་བའི། །ཞབས་པད་གུས་པས་བསྟེན་པས་ རྒྱལ་བ་ལ། །ཡིད་ཆེས་ཅུང་ཟད་རྙེད་པའི་བས་མཐའ་བ། །བློ་བཟང་གྲགས་པ་གངས་རིའི་ལྗོངས་ཤིག་ན། །བཤེས་གཉེན་དམ་པའི་ཡོན་ཏན་རྗེས་སུ་དྲན། །འཇིག་རྟེན་འདྲེན་པའི་དགོངས་པ་བཞིན། །དགོངས་ཤིང་དེ་བཞིན་འདོམས་པ་དང༌། །འདོམས་པ་བཞིན་དུ་ལེགས་ སྒྲུབ་པ། །འདི་ནི་ཁྱོད་ཀྱི་ཡོན་ཏན་ལགས། །གཞན་དུ་ཚུལ་འདི་མ་མཐོང་བས། །གཤོང་བུ་དམའ་བར་ཆུ་རྒྱུན་བཞིན། །དུས་ཀུན་ཏུ་ནི་བདག་གི་ཡིད། །ཁྱོད་ཉིད་ལ་ནི་རྗེས་སུ་སོང༌། །ཐུབ་པའི་དགོངས་པ་ཚོལ་བའི་སྒོ་གཅིག་པུ། །ལུང་དོན་ཚུལ་བཞིན་སྤྱོད་པའི་རིགས་ པ་ཡིས། །དོ་ཤལ་མཆོག་འདིས་ཁྱོད་ཀྱི་མགྲིན་པ་ཉིད། །ཡོངས་སུ་བཟུང་ནས་གཞན་དུ་འགྲོ་མི་བྱེད། །ལུང་ཙམ་སྐྱབས་སུ་གྱུར་པའི་སྐྱེ་བོ་འདིས། །རང་གི་ཁས་འཆེ་ཙམ་ལ་རིགས་པ་ཞེས། །རྣམ་པར་ཞེན་ནས་ཐུབ་པའི་ལུགས་འཛིན་པ། །མཐོང་བར་གྱུར་ཚེ་ལྷག་ པར་ཁྱོད་ཉིད་དྲན། །ལེགས་ཚོགས་ཇི་སྙེད་མཆིས་པ་སྐྱེ་བ་དང༌། །གནས་དང་འཕེལ་བ་གང་ལ་རག་ལས་པར། །རྒྱལ་བས་ལན་ཅིག་མིན་པར་བསྔགས་པ་ཡི། །ཚུལ་ཁྲིམས་འཕགས་པའི་ནོར་དུ་གཟིགས་ནས་ནི། །ཉེར་སྦས་ཟླ་བའི་ནོར་བུ་ཡོན་ཏན་འོད། །ཐམས་ཅད་ ཡོད་སྨྲའི་མཁས་པའི་དགོངས་པ་བཞིན། །འདུལ་བ་འབུམ་སྡེའི་དགག་སྒྲུབ་གནང་གསུམ་གྱི། །བསླབ་པའི་གནས་ལ་མཁས་ཤིང་འདའ་མི་བྱེད། །ཐུབ་པའི་གསུང་ལས་རྣམ་པ་གཞན་ཉིད་དུ། །དངོས་པོའི་དེ་ཉིད་བསྟན་པར་འདོད་པ་ཡི། །སེར་སྐྱ་རྐང་མིག་སོགས་ 2-3-5b ཀྱིས་བསྟན་པའི་ལམ། །ཆུ་ཤིང་བཞིན་ཏེ་ཚིག་ཙམ་སྙིང་པོ་རུ། །ལེགས་པར་མཐོང་ཞིང་བདེ་བར་གཤེགས་པའི་ལུགས། །དོན་བཟང་ཚིག་འབྲུ་བཟང་ཞིང་མ་འདྲེས་རྫོགས། །ཐོག་་་་ཐ་་་་བར་དུ་དགེ་བ་རོ་གཅིག་པར། །ཡིད་ཆེས་གཏིང་ནས་རྙེད་པའི་ཐབས་ཀྱི་ མཆོག །རིགས་ཚུལ་བརྒྱ་ཕྲག་དུ་མའི་རོ་ལྡན་པས། །བློ་ཆེན་ལྡན་རྣམས་དགའ་བ་རྒྱས་བྱེད་པ། །རྣམ་འགྲེལ་མཛད་པའི་ཐུན་མོང་མིན་པའི་ལུགས། །ཡོངས་སུ་རྫོགས་པར་སྨྲ་བའང་ཁྱོད་དུ་བས། །སྟོབས་བཅུ་མངའ་བ་ཐུབ་པའི་རིང་ལུགས་པ། །ཚུལ་གཉིས་ ཤིང་རྟའི་སྲོལ་འབྱེད་འཛམ་གླིང་རྒྱན། །གང་གིས་བདེ་བར་གཤེགས་པའི་གདུང་འཚོབ་པ། །ཀླུ་སྒྲུབ་ཐོགས་མེད་གཉིས་ཀྱི་བཞེད་པའི་གཞུང༌། །ཇི་བཞིན་གསལ་བར་གཟིགས་ནས་བརྩེ་བ་ཡིས། །སྐྱོན་བྲལ་གསུང་གིས་གཞན་ལ་ལེགས་འདོམས་པས། །བསྟན་ པའི་གནད་ལ་ངེས་པ་སྟེར་བ་འདི། །ཁྱོད་ཀྱི་རྗེས་སུ་བསྟན་ལས་གཞན་སུ་ཞིག །ཐུབ་པ་ཆེན་པོས་ཆོས་ཀྱི་རྣམ་གྲངས་ནི། །ཇི་སྙེད་གསུངས་པ་ཀུན་གྱི་རྩེར་གྱུར་པ། །རྒྱུད་སྡེའི་མཐར་ཐུག་དཔལ་ལྡན་འདུས་པ་ཡི། །མཐའ་དྲུག་ཚུལ་བཞིས་རྒྱས་བཏབ་རྡོ་རྗེའི་ཚིག ། ཇི་བཞིན་ལེགས་པར་ཕྱེད་ནས་རིམ་གཉིས་ཀྱི། །ཏིང་འཛིན་མཆོག་གི་བདེ་ལ་རོལ་པས་ན། །རྡོ་རྗེ་འཛིན་པ་ཞེས་པའི་སྒྲ་དེ་ཡང༌། །མགོན་པོ་ཁྱོད་ལ་དོན་དང་བཅས་པར་གྱུར། །དེ་ལྟར་ཐོས་པ་རྒྱ་མཚོའི་ཕ་རོལ་སོན། །གཞན་ལ་འདོམས་པའི་ངག་ཚིག་དྲི་མ་ མེད། །ཚིག་གིས་མི་ངོམས་སྒྲུབ་པ་སྙིང་པོར་བྱེད། །དེ་ཕྱིར་ཁྱོད་ནི་མཁས་པས་བསྔགས་པར་འོས། །ཁྱོད་ཀྱིས་རང་གི་སྟོན་པ་ཡི། །ཡོན་ཏན་དང་ནི་ལུགས་གཞན་གྱི། །སྐྱོན་རྣམས་མཐོང་བའི་རིགས་པའི་མིག །དྲི་མ་མེད་པ་ལེགས་པར་སྩལ། །སྐྱོན་དང་ 2-3-6a བྲལ་བ་ཐུབ་པའི་ལུགས། །གཞུང་འཛུགས་བགྱིད་པའི་སྒྲུབ་པ་དང༌། །སྨྲ་བ་ངན་རྣམས་ཚར་གཅོད་པའི། །སུན་འབྱིན་བགྱིད་པའི་གནས་རྣམས་ལ། །སྐྱོན་ཡང་ཡོན་ཏན་ལྟ་བུ་དང༌། །ཡོན་ཏན་སྐྱོན་ལྟར་སྣང་བ་ཡི། །ཡང་དག་པ་དང་ལྟར་སྣང་གི། རྣམ་ པར་དབྱེ་བའང་ལེགས་པར་བསྟན། །དེ་ལྟར་ལོག་པར་འགོ་བ་བཀག །མཁས་པ་དགྱེས་པའི་ལམ་དུ་ཁྲིད། །མང་ཐོས་ཆུད་མི་ཟ་བའི་རྒྱུ། །དེ་དོན་སྒྲུབ་ལའང་རབ་ཏུ་སྦྱར། །དེ་ཕྱིར་ཁྱོད་ཀྱིས་གདུལ་བྱ་ལ། །བགྱི་བར་འོས་པ་མ་ལུས་མཛད། །ཕན་མཛད་ཁྱོད་ལ་དུས་ཀུན་ ཏུ། །བདག་ནི་གུས་པས་ཕྱག་འཚལ་ལོ། །ཁང་བཟང་བུ་གར་ཉིན་མོར་བྱེད་པའི་འོད། །ཆ་ཤས་ཙམ་ཞིག་ཤར་བར་གྱུར་པས་ཀྱང༌། །དེ་ན་གནས་པའི་མུན་པ་ཀུན་བཅོམ་ནས། །བླང་དོར་གནས་རྣམས་གསལ་བར་བྱེད་པ་ལྟར། །ཁྱོད་ཀྱི་ཡོན་ཏན་མཐའ་དག་མ་རྟོགས་ ཀྱང༌། །ཕྱོགས་ཙམ་མཐོང་བ་འདིས་ཀྱང་བདག་གི་བློ། །དེ་ཉིད་གནས་ལ་དཔྱོད་པའི་སྐབས་རྙེད་པས། །ཐུབ་པའི་ལེགས་པར་བཤད་པའི་དགའ་སྟོན་མྱོང༌། །འགྲོ་བའི་ཕུན་ཚོགས་ཀུན་གྱི་གཞིར་གྱུར་པ། །དཔལ་ལྡན་བླ་མ་ཅུང་ཟད་བསྟོད་པ་ཡི། །དགེ་བ་འདི་ཡིས་འགྲོ་བ་མ་ ལུས་པ། །བཤེས་གཉེན་དམ་པའི་མགོན་དང་ལྡན་གྱུར་ཅིག །ཅེས་རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན་པ་དཔལ་ལྡན་བླ་མ་དམ་པ་ཀུ་མཱ་ར་མ་ཏིའི་ཡོན་ཏན་རྗེས་སུ་དྲན་ནས་ཅུང་ཟད་བསྟོད་པ་འདི་ནི། མང་དུ་ཐོས་པའི་དགེ་སློང་བློ་བཟང་གྲགས་ པའི་དཔལ་གྱིས། གངས་ཅན་ཁྲོད་ཀྱི་གངས་རིའི་དབང་པོ་འོ་དེ་གུང་རྒྱལ་གྱི་ལྷ་ཞོལ་དབེན་གནས་ལྷའི་སྡིངས་མིང་གཞན་རྣམ་པར་རྒྱལ་བའི་གླིང་ཞེས་བྱ་བར་སྦྱར་བའི་ཡི་གེ་པ་ནི་ནམ་མཁའ་དཔལ་བཟང་ངོ༌།། ༈ །།དྲི་མེད་མཁྱེན་པའི་དབང་པོ་འཇམ་པའི་ 2-3-6b དབྱངས། །ཚད་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །གངས་ཅན་མཁས་པའི་གཙུག་རྒྱན་རེད་མདའ་པ། །གཞོན་ནུ་བློ་གྲོས་ཞབས་ཀྱི་པདྨོར་འདུད། །ཐར་འདོད་བུང་བ་བདག་ཀྱང་བསྐྱང་དུ་གསོལ། །ཅེས་པ་འདི་ཡང་རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ ཉིད་ཀྱིས་མཛད་པའོ།། ༈ །།ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། མཁས་པ་གཞོན་ནུའི་ལུས་འཆང་འཇམ་པའི་དབྱངས། །མགོན་དེའི་རྣམ་དཀར་འཕྲིན་ལས་ཀྱིས་བསྐྲུན་པས། །དྲི་མེད་བློ་གྲོས་ཀུན་ཏུ་རབ་རྒྱས་པ། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་ འདེབས། །རྣམ་དག་ཐུགས་དེས་ཆེས་དཀའི་གསུང་རབ་འོད། །ཚུལ་བཞིན་འབྱེད་ལ་གཞན་དྲིང་མི་འཇོག་པས། །གངས་ཁྲོད་མཁས་པའི་ཁྲོད་ན་ལྷམ་མེ་བ། །རྒྱལ་སྲས་ཆེན་པོ་ཁྱོད་ལ་གསོལ་བ་འདེབས། །དཔལ་ལྡན་བླ་མ་གཞོན་ནུ་བློ་གྲོས་ལ་བསྟོད་ པ་འདི་ནི། ཤཱཀྱའི་དགེ་སློང་བློ་བཟང་གྲགས་པའི་དཔལ་གྱིས་གནམ་རྩེད་ལྡེང་དུ་སྦྱར་བའོ།། ༈ །།ན་མཿཤྲཱི་མཉྫུ་གྷོ་ཥཱ་ཡ། དཔག་ཡས་བསྐལ་པར་ཤིན་ཏུ་བྱ་དཀའ་བའི། །རླབས་ཆེན་ཚོགས་གཉིས་རྒྱ་ཆེན་བསྐྲུན་པའི་མཐུས། །སྐྱེ་ དགུའི་སྤྱི་གཙུག་རྒྱན་དུ་བྱོན་གྱུར་པའི། །ཆོས་རྗེ་རིན་པོ་ཆེ་ལ་གསོལ་བ་འདེབས། །སྙན་པའི་གྲགས་པས་རྒྱ་མཚོའི་མཐའ་རུ་སོན། །དུལ་བའི་སྤྱོད་པས་བྱང་ཆུབ་འབའ་ཞིག་སྒྲུབ། །དཔལ་འབྱོར་བཟང་པོས་འགྲོ་བའི་རེ་བ་སྐོང༌། །ཆོས་རྗེ་རིན་པོ་ཆེ་ལ་གསོལ་བ་ འདེབས། །ངེས་འབྱུང་ཐུགས་ཀྱིས་སྲིད་ལ་རྒྱབ་ཀྱིས་ཕྱོགས། །བསླབ་ལ་གུས་པས་ཀུན་སྤྱོད་ཡོངས་སུ་དག །ཉེས་ལྟུང་ཕྲ་མོ་ཙམ་ཡང་རིང་དུ་དོར། །ཆོས་རྗེ་རིན་པོ་ཆེ་ལ་གསོལ་བ་འདེབས། །བདག་བདེ་གཞན་ལ་གཏོང་ལ་མ་ཞུམ་པའི། །བདག་གཞན་བརྗེ་ 2-3-7a བའི་ཐུགས་རྗེ་ཆེན་པོ་ཡིས། །བདག་ཉིད་གཅེས་འཛིན་རིང་དུ་སྤངས་པ་ཡི། །ཆོས་རྗེ་རིན་པོ་ཆེ་ལ་གསོལ་བ་འདེབས། །རྣམ་དག་དབང་ལས་བྱུང་བ་ཟབ་མོའི་ལམ། །རྣམ་མཁྱེན་མྱུར་དུ་བགྲོད་པའི་རིམ་པ་གཉིས། །རྣམ་པ་ཀུན་ཏུ་སྒྲུབ་ལ་མི་གཡེལ་བའི། ། ཆོས་རྗེ་རིན་པོ་ཆེ་ལ་གསོལ་བ་འདེབས། །བྱམས་པའི་ཐུགས་ཀྱིས་གདུལ་བྱ་བུ་བཞིན་སྐྱོང༌། །མཁྱེན་པའི་སྤྱན་གྱིས་ཤེས་བྱའི་གནས་རྣམས་གཟིགས། །བརྩོན་འགྲུས་མཆོག་གིས་ལེ་ལོའི་གོ་སྐབས་བཅོམ། །ཆོས་རྗེ་རིན་པོ་ཆེ་ལ་གསོལ་བ་འདེབས། །མཐོང་བའི་ མོད་ལ་དད་པའི་མཆི་མ་འཁྲུག །རིང་དུ་བསྟེན་ན་ལྷག་པར་དད་པ་འཕེལ། །ཇི་ཙམ་བརྟགས་ཀྱང་སྐྱོན་གྱིས་མ་གོས་པའི། །ཆོས་རྗེ་རིན་པོ་ཆེ་ལ་གསོལ་བ་འདེབས། །དྲེགས་ལྡན་རྣམས་ཀྱིས་ཞབས་ལ་བཏུད་གྱུར་ཀྱང༌། །དྲེགས་པའི་རློམ་པ་རྡུལ་ཙམ་མ་མཆིས་ཤིང༌། ། དྲེགས་པ་ཅན་ལ་ལྷག་པར་ཐུགས་བརྩེ་བའི། །ཆོས་རྗེ་རིན་པོ་ཆེ་ལ་གསོལ་བ་འདེབས། །འགྲོ་བའི་སྐྱབས་ཁྱོད་མི་ཕམ་མདུན་སའམ། །མགོན་པོ་འོད་དཔག་མེད་པའི་ཞིང་མཆོག་སོགས། །དག་པའི་ཞིང་ཁམས་གང་དུ་གཤེགས་པ་དེར། །བདག་ཅག་རྣམས་ ཀྱང་འཁོར་དུ་སྐྱེ་བར་ཤོག །མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེ་ཕུན་སུམ་ཚོགས་པའི་བདག་ཉིད་ཆོས་ཀྱི་རྗེ་རིན་པོ་ཆེ་གྲགས་པ་བྱང་ཆུབ་དཔལ་བཟང་པོ་ལ་གསོལ་བ་འདེབས་པའི་ཚུལ་འདི་ནི། བློ་དང་གཏོང་པ་དང་གུས་པ་དང་ལྡན་པ་དཔོན་ཡིག་རིན་ཆེན་ རྒྱལ་པོས་རྒྱང་རིང་པོ་ནས་བསྐུལ་བའི་དོན་དུ། ཡུལ་བྱང་ཕྱོགས་ཀྱི་རྒྱུད་དུ་བྱུང་བའི་སྙན་དངགས་མཁན་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་འཕགས་པ་འཇིག་རྟེན་དབང་ཕྱུག་གི་གནས་དང་ཚུལ་མཚུངས་པ་པོ་ཏ་ལའི་གནས་མཆོག་ཏུ་སྦྱར་བའོ།། །། 2-3-7b སྭ་སྟི། སྟོན་ཟླ་རྒྱས་པའི་དཔལ་ལས་ལྷག་པར་མཛེས། །ཚངས་དབྱངས་སྙན་པའི་གདངས་ཀྱང་ཟིལ་གྱིས་གནོན། །ཟབ་ཡངས་རྒྱ་མཚོའི་གཏིང་ལས་དཔག་དཀའ་བ། །དབྱངས་ཅན་ལྷ་མོའི་སྐུ་གསུང་ཐུགས་ལ་འདུད། །འོ་མའི་རྒྱ་མཚོ་ཀུན་ནས་འཁྱིལ་བར་ དང་མོའི་ཕང་ཕུང་ཆས་པའམ། །གངས་རི་ཤིན་ཏུ་མཐོ་བའི་ཏོག་ལ་ཟླ་འོད་ཞུ་བ་འབབ་འདྲ་ཡི། །གང་སྐུ་ཡིད་ལ་དྲན་པ་ཙམ་གྱིས་འགྲོ་ལ་སྤོབས་པ་མཆོག་སྩོལ་པ། །སྒྲ་དབྱངས་ལྷ་མོ་རྐང་དྲུག་ལྡན་དེ་བདག་བློའི་པད་མཚོར་རོལ་པར་མཛོད། །གང་ཞིག་རྒྱ་ཆེན་ཚོཌ་ གཉིས་རྒྱ་མཚོ་བསྲུབས་པའི་དཔལ་ལས་ལེགས་འཁྲུངས་ཤིང༌། །མཐའ་ཡས་ཡོན་ཏན་ནོར་བུའི་རང་བཞིན་གདུལ་བྱ་ལྷ་མང་ཉེར་འཚོའི་གཞི། །རིམ་གཉིས་ཉི་ཟླའི་སྐ་རགས་དང་ལྡན་སྐྱེ་དགུའི་གླིང་བཞིའི་དབུས་ན་བརྗིད། །དཔལ་ལྡན་བླ་མ་ལྷུན་པོ་མཆོག་དེ་ བསྔགས་ལ་སུ་ཞིག་བཏང་སྙོམས་བྱེད། །གང་གིས་རབ་རྒྱས་སྡེ་བཞིའི་ལུང་དང་ཤིན་ཏུ་མདོར་བསྡུས་ཀ་རི་ཀ །ཀ་མ་ལ་ལྟར་དག་པའི་ཡིད་ཀྱིས་ལྷུར་བླང་ཆོས་གོས་གུར་ཀུམ་ཁ། །ཁ་དོག་མཛེས་པས་ཀུན་ནས་ཀླུབས་པའི་སྐུ་ནི་བནྡུ་ཛི་པ་ག །ག་ནས་བལྟས་ཀྱང་ བརྗིད་པ་ཇི་བཞིན་འགྲོ་མང་དབུས་ན་ཉམ་མི་ང༌། །ང་ཡི་གཙུག་གི་རྒྱན་གྱུར་བླ་མ་མཆོག་དེས་འགྲོ་ལ་དགེ་ལེགས་སྩོལ། །ཁེངས་དང་དྲེགས་པའི་རྒོད་པ་གང་གིས་སྐྱེད་པར་བྱེད་པའི་རྒྱན་རྣ་ཅ། །ཅ་ཅོ་བག་མེད་སྤྱོད་ཚུལ་རིང་དུ་དོར་བ་ཁྱོད་ཀྱི་གྲགས་པའི་ཆ། །ཆ་ཤས་ ཕྱོགས་རྣམས་ཀུན་ཏུ་ཁྱབ་ཅིང་དམ་པས་བསྔགས་པའི་ཤིང་ལོའི་ཇ། །ཇ་སོགས་རྣམ་དག་འཚོ་བས་ཆོག་ཤེས་གྱུར་པ་ཁྱོད་སྐུ་བཅོ་ལྔའི་ཉ། །ཉ་རྒྱས་རྒྱུ་སྐར་ཁྲོད་ན་ཇི་བཞིན་འཕྲིན་ལས་འོད་ཀྱིས་ཕྱོགས་ཀུན་ཁྱབ། །གསུང་རབ་ཟབ་མོའི་དེ་ཉིད་ཇི་བཞིན་ལགས་པར་ 2-3-8a འབྱེད་ལ་པཎྜི་ཏ། །ཏཱ་རེས་རྗེས་བཟུང་ལུས་ཅན་རེ་བ་རྫོགས་པར་སྐོང་ལ་ཨཱ་ཤྭད་ཐ། །ཐ་དད་འཛིན་པ་ཉེ་བར་ཞི་བ་ཁྱོད་ཐུགས་ཟུང་འཇུག་ཐ་མི་དད། །ད་ལྟ་ཁྱོད་སྐུ་དུལ་བས་གཞན་ཡིད་རབ་ཏུ་ཕྲོགས་པ་འདི་མཐོང་ན། །ན་ཚོད་སོང་སོང་རིང་ནས་དུལ་ བའི་དྲང་སྲོང་རྣམས་ཀྱང་སྤ་བཀོང་འགྱུར། །རྨད་བྱུང་རྒྱལ་བའི་རྣམ་ཐར་ཚུལ་ལ་སྐུ་ཚེ་སྔ་མར་ལེགས་སྦྱངས་པ། །པ་ར་མི་ཏིའི་སྤྱོད་ཚུལ་ལྷུར་ལེན་ལུས་ཅན་རྗེས་སུ་འཛིན་པའི་ཕ། །ཕ་མཐའ་བྲལ་བ་ཟབ་མོའི་མཁའ་ལ་མཁྱེན་པའི་ཉི་འོད་ཀྱིས་ཁྱབ་བ། །བ་མོའི་ མདངས་ལྟར་དཀར་བའི་ཐུགས་རྗེས་འགྲོ་བ་ཀུན་ལ་སྙོམས་པའི་མ། །མ་ལུས་སྲས་བཅས་རྒྱལ་བའི་མཁྱེན་བརྩེ་གཅིག་ཏུ་བསྡུས་ལ་གུས་པས་འདུད། །ཁྱོད་ནི་ལེ་ལོའི་མཚོན་གྱིས་མི་ཕིགས་བརྩོན་འགྲུས་མཆོག་གི་ཀ་བ་ཙ། །ཙ་རི་དང་མཚུངས་གནས་འདིར་ བསྒོམས་ནས་ལུས་ལ་གནོད་པའི་གྲང་དང་ཚ། །ཚ་གྲང་སྡུག་བསྔལ་ཁྱད་དུ་བསད་ཅིང་འགྲོ་གདུང་སེལ་ལ་ཀ་རན་ཛ། །ཛ་ལ་དྲེགས་ལྡན་ཆེར་རློམ་རྣམས་ཀྱང་ཉིད་ཀྱི་གམ་ན་སྲོག་ཆགས་ཝ། །ཝ་སྐྱེས་དུ་མས་བསྐོར་ཡང་རི་དྭགས་དབང་པོའི་དྲུང་ན་ཞུམ་བཞིན་འགྱུར། ། ལྷར་བཅས་འགྲོ་བ་དུ་མའི་རབ་དང་ཡིད་ཀྱི་བསྟོད་འོས་ཀྱི་སྐྱེ་དགུའི་ཞྭ། །ཞྭ་བཟང་ཏོག་ལྟར་ཀུན་གྱིས་བཀུར་ཡང་མི་གཡེང་ཏིང་འཛིན་ཟས་སུ་ཟ། །ཟ་མ་ནོར་ལ་སྲེད་པ་དོར་ཞིང་རྩེ་གཅིག་ཞི་གནས་ལྷན་ནེ་འ། །འ་ཅག་འགྲོ་བའི་སྐྱབས་གཅིག་ཚུལ་ཁྲིམས་དྲི་བཟང་ངད་ལྡན་ མ་ལ་ཡ། །ཡ་མཚན་དུ་མས་མངོན་པར་མཐོ་བ་ཁྱོད་ལ་སུ་ཞིག་འདུད་མི་བྱེད། །ཁྱོད་ཀྱི་ཐུགས་ལ་བརྐམ་དང་ཁྲོ་བ་ཇི་བཞིན་རི་བོང་མགོ་ན་རྭ། །རྭ་ཡི་མིང་ཀྱང་མི་དམིགས་ཇི་བཞིན་ཀུན་ནས་སྤངས་པ་ཁྱོད་སྐུ་ལ། །ལ་ལས་རེག་དང་མཐོང་དང་ཐོས་པ་གང་ཡིན་དེ་ 2-3-8b ཡང་ལུས་ཀྱི་ཤ། །ཤ་རུས་གཏིང་ནས་དད་པའི་སྤུ་ལོང་གཡོ་བ་མེད་དེ་སེམས་མེད་ས། །ས་སྟེང་འགྲན་ཟླ་བྲལ་བ་ཁྱོད་ནི་འགྲོ་བའི་དཔལ་དུ་བརྟན་གྱུར་ཅིག །བྷོ་ཊའི་ཡི་གེ་སུམ་ཅུའི་བྱ་དཀའ་མཁས་པའི་དགའ་སྐྱེད་གད་རྒྱངས་ཧ། །ཧ་ཧ་ཞེས་སྒྲོགས་ངོ་མཚར་གནས་འདི་ ཀ་ནས་བརྩམས་ཏེ་ཐ་མའི་ཨ། །ཨ་ཡིག་བར་དུ་ཐོག་་་་ཐའ་ཚུལ་གྱིས་རྗེས་ཁྲིད་རྒྱན་དུ་བྱས་པ་འདི། །འདི་ཕྱིའི་སྐྱབས་གྱུར་བླ་མ་མཆོག་གི་ཡོན་ཏན་ཆ་ཙམ་བསྒྲག་ཕྱིར་བཀོད། །བཀོད་པའི་དགེ་དེས་གྲགས་པའི་གཞིར་གྱུར་བྱང་ཆུབ་མཆོག་དེ་ཐོབ་པར་ ཤོག །ཅེས་མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེ་གཅིག་ཏུ་བསྡུས་པའི་མངའ་བདག་ལྷ་དང་བཅས་པའི་འགྲོ་བ་དུ་མའི་དབུས་ན་རྒྱལ་མཚན་གྱི་རྩེ་མོ་ལྟར་མངོན་པར་མཐོ་བ་ཆོས་ཀྱི་རྗེ་གྲགས་པ་བྱང་ཆུབ་དཔལ་བཟང་པོའི་ཆེ་བའི་ཡོན་ཏན་རྒྱ་ མཚོ་ལྟ་བུ་ལས་ཆུ་ཐིགས་ཙམ་ཞིག་བླངས་ཏེ་བྱ་དཀའ་བའི་ཚུལ་གྱིས་སྦྱར་བ་འདི་ཉིད་ཆོས་རྗེ་དེ་ཉིད་ཀྱི་ཞབས་ཀྱི་རྡུལ་སྦྱི་བོས་མང་དུ་རེག་པའི་སྙན་དངགས་མཁན་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་སྦྱར་བའོ།། ༈ །།ཨོཾ་བདེ་ལེགས་ སུ་གྱུར་ཅིག །རིག་གནས་རྒྱ་མཚོའི་ཕ་རོལ་སོན་གྱུར་པས། །གསུང་རབ་ནོར་བུའི་གླིང་ལ་མངའ་སྒྱུར་ཞིང༌། །སྙན་གྲགས་ཀུན་གྱི་རྣ་བའི་རྒྱན་གྱུར་པས། །ངོ་མཚར་བསྔགས་པའི་གནས་གྱུར་ས་སྐྱ་པ། །མཁྱེན་པས་ཤེས་བྱ་ཀུན་གྱི་དེ་ཉིད་གཟིཌ། ། བརྩེ་བས་ལེགས་བཤད་དགའ་སྟོན་འགྲོ་ལ་སྩོལ། །མཛད་པས་རྒྱལ་བ་མཉེས་པ་འབའ་ཞིག་བསྒྲུབ། །མཚན་ནས་བརྗོད་པར་དཀའ་བ་ཁྱོད་ལ་འདུད། །ཁྱོད་ནི་བློ་གྲོས་དྲི་མ་མེད། །མུ་མཐའ་བྲལ་བའི་ཤེས་བྱ་ལ། །ལྷ་ཡི་ལམ་ལ་འོད་སྟོང་བཞིན། ། 2-3-9a འཇུག་པར་མཐོང་ཚེ་བདག་གི་ཡིད། །ཡ་མཚན་གྱུར་ནས་དེ་ཡི་དཔེར། །འཇམ་པའི་དབྱངས་ཀྱི་མཁྱེན་པ་བཙལ། །དེ་ནས་དེ་གཉིས་དབྱེར་མེད་པར། །མཐོང་བས་བདག་གི་དཔེ་མ་རྙེད། །རབ་འབྱམས་རྒྱལ་བའི་ཡེ་ཤེས་འཇམ་པའི་དབྱངས། །རབ་དཀར་ གངས་རིའི་ལྗོངས་སུ་འགྲོ་རྣམས་ཀྱི། །རབ་མཛེས་གཙུག་གི་རྒྱན་དུ་བྱོན་གྱུར་ནས། །རབ་རིབ་མ་ལུས་སེལ་བའི་ས་སྐྱ་པ། །མ་ལྟར་བརྩེ་བའི་ཐུགས་རྗེས་ལུས་ཅན་ཀུན། །སྲིད་ལས་སྒྲོལ་བའི་ཐབས་ལ་ཤིན་ཏུ་དགའ། །མཁྱེན་བརྩེའི་དཔུང་གིས་བདུད་སྡེའི་དཔུང་བཅོམ་ ནས། །བསྟན་པའི་རྒྱལ་མཚན་འཛིན་པ་ཁྱོད་ལ་འདུད། །ཁྱོད་ཀྱིས་ཐུབ་བསྟན་ནོར་བུ་ཡི། །དྲི་མ་རིགས་པའི་ཆུ་ཡིས་བཀྲུས། །ཡིད་ཆེས་ལུང་གིས་བྱི་དོར་བྱས། །སྒྲུབ་པའི་རྒྱལ་མཚན་རྩེ་རུ་མཆོད། །ཉིན་མཚན་དུས་ནི་ཐམས་ཅད་དུ། །བསྟན་པ་འབའ་ཞིག་དགོངས་ པ་ཁྱོད། །སྙིགས་དུས་འགྲོ་བ་སྐྱབས་མེད་ལ། །རྒྱལ་བ་བས་ཀྱང་ཐུགས་རྗེ་ཆེ། །ཐ་སྙད་གཙུག་ལག་ནང་གི་སྡེ་སྣོད་ཀྱི། །བདེ་གཤེགས་དགོངས་པ་ཐམས་ཅད་ལེགས་རྟོགས་ནས། །མ་རྟོགས་པ་དང་ཕྱོགས་རེས་ཚིམ་པ་དང༌། །ཇི་བཞིན་མིན་པར་རྟོགས་པའི་འགྲོ་བ་ ལ། །ལྷག་པར་བརྩེ་བ་སྐྱེས་ནས་ཡིན་ལུགས་དོན། །རྣར་སྙན་ཡིད་འབབ་གོ་བར་སླ་བ་ཡི། །སྐྱོན་སྤངས་གསུང་གི་ཡང་ཡང་འདོམས་མཛད་པ། །ཁྱོད་ལ་བསམ་པ་དག་པས་བདག་ཕྱག་འཚལ། །ས་སྟེང་འགྲན་ཟླ་བྲལ་བ་ཆོས་ཀྱི་རྗེ། །ཤེས་བྱ་ཀུན་ལ་ཐོགས་མེད་ འཇམ་པའི་དབྱངས། །གནས་ལྔ་མངོན་དུ་གྱུར་པའི་པཎྜི་ཏ། །གངས་ཅན་འགྲོ་བའི་སྐྱབས་གཅིག་ས་སྐྱ་པ། །ཉིན་མཚན་ཀུན་ཏུ་གུས་པས་གསོལ་བ་འདེབས། །སྐྱེ་ནས་སྐྱེ་བར་མཚན་དཔེའི་གཟི་འབར་བ། །ཁྱོད་སྐུ་མཐོང་ཞིང་ཐེག་མཆོག་སྒྲོག་པ་ཡི། །ཁྱོད་གསུང་རྒྱུན་ 2-3-9b ཆད་མེད་པར་ཐོས་པར་ཤོག །ཅེས་པ་འདི་རྒྱུད་སྡེ་འཛིན་པ་ཡར་ཀླུངས་པ་སེང་གེ་རྒྱལ་མཚན་པས་བསྐུལ་བའི་དོན་དུ་ཆོས་རྗེ་དེ་ཉིད་ལ་མི་ཕྱེད་པའི་གུས་པ་དང་ལྡན་པ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་མོན་མཁར་བཀྲ་ཤིས་གདོང་དུ་སྦྱར་བའོ།། ༈ །། ན་མོ་པུ་ཎྱ་ངྷྭ་ཛ་ཤྲཱི་བྷ་དྲ་སརྦ་བུད་ངྷ་བོ་ངྷི་ས་ཏྭ་ན་མ། སྭ་སྟི། གདུལ་བྱ་རྒྱུ་སྐར་དབུས་ན་བསོད་ནམས་འོད་དཀར་འཕྲོ། །གསུང་རབ་བྱ་ལམ་དབྱིངས་ན་བསྟན་པའི་རྒྱལ་མཚན་འཛིན། །ཚོགས་གཉིས་འཛིན་མའི་ཁྱོན་ན་སྐུ་གསུམ་ལྷུན་པོའི་དཔལ། །འཕྲིན་ལས་བཟང་པོས་ འགྲོ་བ་བུ་བཞིན་སྐྱོང་མཛད་རྒྱལ། །བསོད་ནམས་བྱེ་བ་བརྒྱས་བསྐྲུན་གང་གི་སྐུ། །གྲངས་མེད་འཁོར་གྱི་དབུས་ན་ཡིད་འཕྲོག་པའི། །ངུར་སྨྲིག་རྒྱལ་མཚན་རྟགས་ཀྱིས་མཛེས་པ་ནི། །མཚམས་སྤྲིན་གཞོན་ནུས་འཁྱུད་པའི་གསེར་རི་བཞིན། །རྗེ་བཙུན་འཇམ་དབྱངས་ དགེ་སྦྱོང་ཚུལ་བསྟན་པ། །ཆོས་རྗེ་ཐམས་ཅད་མཁྱེན་པའི་ཞབས་ལ་འདུད། །ཟབ་མོ་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས། །དངོས་འཛིན་འཁྲི་བ་ཆོད་པར་བྱིན་གྱིས་རློབས།། ༈ །།ན་མོ་བུད་ངྷཱ་ཡ་ན་མ། སྭ་སྟི། བློ་གྲོས་ལུས་སྟོབས་རྫོགས་པའི་སྟོབས་མངའ་ བ། །ཕས་རྒོལ་རི་དྭགས་འཇོམས་པའི་མཆེ་བ་ཅན། །ཚུལ་ཁྲིམས་གངས་ཀྱི་ས་འཛིན་རྩེར་གནས་པའི། །སྨྲ་བའི་སེང་གེ་དེ་ལ་ཀུན་ནས་འདུད། །མཁྱེན་པས་མཐའ་མེད་ཤེས་བྱའི་གནས་ལ་སྦྱངས། །བརྩེ་བས་ལུས་ཅན་ཀུན་ལ་མ་ལྟར་སྙོམས། །ཏིང་འཛིན་སྟོབས་ཀྱིས་ ངེས་དོན་བདུད་རྩི་བརྙེས། །རྒྱལ་སྲས་དམ་པ་བློ་གྲོས་སེང་གེ་རྒྱལ། །འཕགས་པ་པད་དཀར་འཛིན་པའི་སྤྲུལ་པའི་སྐུ། །གངས་ཅན་བློ་གྲོས་སེང་གེའི་ཞབས་ལ་འདུད། །རྒྱ་ཆེན་བྱམས་དང་སྙིང་རྗེའི་ཆུ་ཆེན་གྱིས། །ཞེ་སྡང་མེ་དཔུང་ཞི་བར་བྱིན་གྱིས་རློབས། །བསྟོད་པ་ 2-3-10a གཉིས་པོ་འདི། ཆོས་རྗེ་བླ་མ་དམ་པ་དང༌། རྒྱལ་ལྷ་ཁང་པ་བློ་གྲོས་སེང་གེའི་བྲིས་སྐུ་རེ་བཞེངས་པའི་གཤམ་དུ། སྣེའུ་ནས། དྲུང་ཆེན་ནམ་མཁའ་བཟང་པོས་བསྐུལ་ནས་རྗེ་ཐམས་ཅད་མཁྱེན་པས་མཛད་པའོ།། ༈ །།ན་མོ་གུ་རུ་མཉྫུ་ གྷོ་ཥཱ་ཡ། ཤེས་བྱ་ཀུན་ལ་ཐོགས་མེད་འཇམ་པའི་དབྱངས། །མཐའ་ཡས་འགྲོ་བའི་མར་གྱུར་སྤྱན་རས་གཟིགས། །མ་ལུས་བདུད་དཔུང་འཇོམས་མཛད་གསང་བའི་བདག །རིགས་གསུམ་འདུས་སྐུ་བླ་མའི་ཞབས་ལ་འདུད། །སྐྱོན་བྲལ་ཚུལ་ཁྲིམས་ཆུ་གཏེར་ དབུས་ན་མཛེས། །རྒྱལ་སྲས་སྤྱོད་པའི་འདབ་སྟོང་རབ་ཏུ་རྒྱས། །གསང་བའི་དམ་ཚིག་སྦྲང་རྩིའི་དཔལ་འཛིན་པ། །སྡོམ་གསུམ་རྒྱན་གྱིས་མཛེས་ལ་གསོལ་བ་འདེབས། །རྒྱལ་བའི་གསང་བའི་མཛོད་འཛིན་རྡོ་རྗེ་འཆང༌། །དེ་ཡི་གསུང་རྒྱུན་བདུད་རྩིས་བློ་གྲོས་ ལུས། །ལེགས་པར་རྒྱས་པའི་རྒྱལ་སྲས་འགྲོ་བའི་མགོན། །སྐྱེ་དགུའི་གཙུག་གི་རྒྱན་ལ་གསོལ་བ་འདེབས། །ཟབ་མོ་ཇི་བཞིན་མཁྱེན་པའི་ཐུགས་མངའ་ཞིང༌། །ཉིད་ཀྱིས་གཟིགས་བཞིན་འགྲོ་ལ་བསྐྲུན་པའི་ཕྱིར། །གཞན་ཕན་སྒྲུབ་ལ་སྐྱོ་བ་མི་མངའ་བ། ། འགྲོ་བའི་དེད་དཔོན་ཁྱོད་ལ་ཕྱག་འཚལ་ལོ། །བྱམས་པས་ཁྲོ་བའི་གོ་སྐབས་མེད་པར་མཛད། །བརྩེ་བས་གཞན་དོན་འབའ་ཞིག་ལྷུར་མཛད་ཅིང༌། །བསྟེན་པ་ཙམ་གྱིས་ངང་གིས་དགེ་བ་འཕེལ། །ཡོན་ཏན་ཕུང་པོ་ཁྱོད་ལ་གསོལ་བ་འདེབས། །མཐུ་ཆེན་ཁྱོད་ ལ་གསོལ་བ་འདེབས་པ་བདག །ཚེ་རབས་ཀུན་ཏུ་ཁྱོད་དང་མི་འབྲལ་ཞིང༌། །མི་ཕྱེད་དད་པས་ཁྱོད་མཉེས་བགྱིད་པ་དང༌། །ཟབ་མོའི་གདམས་པས་རྗེས་སུ་འཛིན་པར་ཤོག །གསང་བའི་བདག་པོ་དཔལ་ལྡན་བླ་མ་ཡིས། །བརྩེ་བའི་བཟུང་ཚེ་བླ་མའི་ཡོན་ཏན་ 2-3-10b ཀུན། །ལེགས་པར་མཐོང་ཞིང་ཡིད་ཆེས་ཆེན་པོ་ཡིས། །ཐེ་ཚོམ་བྲལ་ཞིང་གསུང་བཞིན་བསྒྲུབ་པར་ཤོག །མདོར་ན་བདག་གི་མངོན་པར་འདོད་པའི་དོན། །ཐམས་ཅད་ཡིད་ལ་སྨོན་བཞིན་འགྲུབ་པ་དང༌། །མི་འདོད་དངོས་པོ་ཐམས་ཅད་ཉེར་ཞི་ནས། །བཤེས་གཉེན་དམ་པས་འབྲལ་ མེད་འཛིན་གྱུར་ཅིག །ཅེས་ལྷོ་བྲག་མཁན་ཆེན་ནམ་མཁའ་རྒྱལ་མཚན་པ་ལ་གསོལ་བ་འདེབས་པ་འདི་ནི་མང་དུ་ཐོས་པའི་རྒྱལ་ཁམས་པ་བློ་བཟང་གྲགས་པའི་དཔལ་གྱིས་སྦྱར་བའོ།། ༈ །།སྭ་སྟི། ལེགས་པར་སྤྱད་པ་རབ་འབྱམས་ལས་འོངས་པ། །སྐལ་བཟང་ཐར་འདོད་ རྣམས་ཀྱི་སྐྱབས་ཀྱི་མཆོག །དཔལ་ལྡན་གཞུང་མང་ལྟ་བུའི་མིག་གཅིག་པོ། །བཤེས་གཉེན་བཟང་པོའི་ཞབས་ལ་གསོལ་བ་འདེབས། །རབ་འབྱམས་གོང་འོག་གཞུང་བརྒྱར་མ་རྨོངས་པས། །ཡོངས་སུ་རྫོགས་པའི་བསྟན་པའི་ཁུར་འཁྱེར་ཞིང༌། །རྒྱལ་བའི་དགོངས་པའི་ དགའ་སྟོན་སྩོལ་མཛད་པ། །འགྲོ་བའི་རྩ་ལག་བཟང་ལ་གསོལ་བ་འདེབས། །ཞེས་པ་ནི་དེ་ཉིད་ཀྱི་སློབ་མ་འགའ་ཞིག་གིས་བསྐུལ་བའི་ངོར་མང་དུ་ཐོས་པའི་རྒྱལ་ཁམས་པ་བློ་བཟང་གྲགས་པའི་དཔལ་གྱིས་གནམ་རྩེད་ལྡིང་དུ་སྦྱར་བའོ།། ༈ །།ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། ཕུན་ཚོགས་གྲུབ་པའི་རིགས་སུ་ལེགས་འཁྲུངས་ཤིང༌། །རྟག་ཏུ་གཞན་ཕན་བདེ་ལ་རབ་ཏུ་གཞོལ། །སྐལ་བཟང་རེ་བ་སྐོང་བའི་འཕྲིན་ལས་ཅན། །ཆོས་ཀྱི་རྒྱལ་པོ་བླ་མའི་ཞབས་ལ་འདུད། །དྲི་མེད་ལྷག་བསམ་སྟོབས་ལས་འོངས་པ་ཡི། །ཐབས་མཁས་སྦྱོར་བ་བཟང་པོས་ གདུལ་བྱ་ཀུན། །མི་ཕྱེད་དད་པའི་མྱུ་གུ་སྤེལ་མཛད་པ། །མཐོང་ན་མི་མཐུན་མེད་པ་ཁྱོད་ལ་འདུད། །ཀུན་གྱི་གཙུག་གི་རྒྱན་དུ་འཛིན་ན་ཡང༌། །ཁེངས་པ་དོར་ནས་ངེས་པའི་དཔལ་གྱིས་མཛེས། །དུལ་བའི་མཛད་པས་འགྲོ་བའི་ཡིད་འཕྲོག་པ། །འདྲེན་པ་བཟང་པོ་ཁྱོད་ལ་ཕྱག་ 2-3-11a འཚལ་ལོ། །བསོད་ནམས་ཞིང་བཟང་ཁྱོད་ལ་དད་པ་ཡིས། །དགེ་ལེགས་བསོད་ནམས་དམ་པ་བསྐྲུན་ཕྱིར་དུ། །ཉེ་བར་ལྷགས་པའི་གདུལ་བྱ་ཇི་སྙེད་པ། །འབྲེལ་ཚད་དོན་ལྡན་བགྱིད་ལ་ཕྱག་འཚལ་ལོ། །ལེགས་ཚོགས་བརྒྱ་ཡིས་བསྐྲུན་པའི་ རབ་མཛེས་སྐུ། །རྣ་བའི་དབང་པོ་ཚིམ་བྱེད་སྙན་པའི་གསུང༌། །མཁྱེན་དང་བརྩེ་བའི་བདག་ཉིད་རྣམ་དག་ཐུགས། །ཡོན་ཏན་ཕུང་པོ་ཁྱོད་ལ་ཕྱག་འཚལ་ལོ། །སྔོན་ཚེ་རྨད་བྱུང་དགེ་ཚོགས་དཔག་མེད་ལ། །ལེགས་པར་སྤྱད་པའི་འབྲས་བུ་དུ་མ་ཡིས། །གཞན་ལས་ ཕུལ་དུ་བྱུང་བར་ལྷམ་མེ་བ། །བསོད་ནམས་མཆོག་གྱུར་ཁྱོད་ལ་ཕྱག་འཚལ་ལོ། །འབྱོར་ལྡན་དད་ཅན་རྣམས་ཀྱིས་རབ་དང་བའི། །དཔལ་འབྱོར་ཆུ་བོ་འདུ་བའི་མཚོར་གྱུར་ནས། །སེར་སྣ་དོར་བའི་གཏོང་བ་རླབས་པོ་ཆེས། །རྟག་ཏུ་སྦྱིན་ལ་དགྱེས་ལ་ཕྱག་ འཚལ་ལོ། །ཉེས་སྤྱོད་ཀུན་སྡོམ་ཚུལ་ཁྲིམས་འཕགས་པའི་ནོར། །དམ་པ་དགའ་སྐྱེད་བདེ་ལེགས་ཀུན་གྱི་གཞི། །ཉོན་མོངས་གདུང་སེལ་བསླབ་པ་རིན་པོ་ཆེ། །གུས་པས་གཅེས་སྤྲས་མཛད་ལ་ཕྱག་འཚལ་ལོ། །མི་སྲུན་སྐྱེ་བོས་གནོད་པའི་ལས་བརྩཾས་ ཀྱང༌། །ཁོན་འཛིན་དོར་ནས་རབ་ཏུ་བྱམས་པར་མཛད། །ལོག་སྒྲུབ་སྐྱེ་བོའི་སྤྱོད་པས་མི་གཡོ་བ། །བཟོད་པའི་གོ་ཆ་མནབས་ལ་ཕྱག་འཚལ་ལོ། །ཚོགས་གཉིས་རྒྱ་མཚོའི་ལེགས་ཚོགས་བསྡུ་བའི་ཕྱིར། །དམན་པའི་ལེ་ལོ་དོར་ནས་ཉིན་མཚན་དུ། །མངོན་ པར་བགོས་པའི་གོ་ཆ་ཆེར་བགོས་པ། །བརྩོན་འགྲུས་བཟང་པོ་ཅན་ལ་ཕྱག་འཚལ་ལོ། །རྣམ་པར་གཡེང་བའི་བདུད་ཀྱི་སྡེ་འཇོམས་ཤིང༌། །ཤིན་ཏུ་སྦྱངས་པའི་དགའ་བདེ་རྒྱས་བྱེད་པ། །སེམས་ལ་དུལ་བའི་དཔལ་སྟེར་ཏིང་ངེ་འཛིན། །བསམ་གཏན་མཆོག་གིས་ 2-3-11b དགྱེས་ལ་ཕྱག་འཚལ་ལོ། །བླང་དོར་དེ་ཉིད་ལྟ་བའི་མིག་གི་མཆོག །ལུས་ཅན་ཐར་པར་འཁྲིད་པའི་ལམ་གྱི་སྲོག །རྨོངས་པའི་རབ་རིབ་འཇོམས་པའི་སྨན་ཆེན་པོ། །ཤེས་རབ་ཆེན་པོ་ཁྱོད་ལ་ཕྱག་འཚལ་ལོ། །རྨད་བྱུང་དགེ་ལེགས་དུ་མའི་སྟོབས་ཀྱིས་ནི། །འགྲོ་ བའི་ཡོན་ཏན་དམ་པར་ཉེར་འཁྲུངས་པ། །སྐྱབས་ཁྱོད་མཐའ་ཡས་གདུལ་བྱའི་རྣམ་འདྲེན་དུ། །ད་དུང་རིང་དུ་བཞུགས་པར་གསོལ་བ་འདེབས། །དེ་ལྟར་བླ་མ་མཆོག་གི་ཡོན་ཏན་ནི། །ཕྱོགས་ཙམ་བརྗོད་པའི་བསོད་ནམས་ཅི་བསགས་པ། །དེས་ནི་མགོན་མེད་ སེམས་ཅན་ཐམས་ཅད་ཀྱིས། །རྟག་ཏུ་བཤེས་གཉེན་བཟང་པོ་རྙེད་གྱུར་ཅིག །དམ་པ་རྙེད་ཚེ་ལེགས་པར་མཉེས་བྱས་ནས། །རྒྱལ་བའི་དགོངས་པ་ཚུལ་བཞིན་བསྒྲུབ་པ་ཡིས། །རྒྱལ་སྲས་རྣམས་ཀྱི་རྗེས་སུ་རབ་ཞུགས་ཏེ། །དལ་བ་ཐོབ་པ་དོན་ལྡན་བྱེད་པར་ཤོག །ཐུབ་པའི་བསྟན་ པའི་ཁུར་ཆེན་འཁྱེར་བར་ཤོག །འགྲོ་ལ་སྙིང་རྗེ་རྒྱུན་མི་འཆད་པར་ཤོག །ཟབ་མོའི་ལམ་གྱིས་བདག་གཞན་སྒྲོལ་བ་ལ། །བདུད་ཀྱི་བར་ཆད་གང་ཡང་མེད་གྱུར་ཅིག །ཅེས་མཐའ་ཡས་པའི་འགྲོ་བའི་འདྲེན་པ་བླ་མ་དམ་པ་ཆོས་ཀྱི་རྒྱལ་པོ་ལ་ཅུང་ཟད་བསྟོད་ པ་འདི་ནི། བླ་མ་ཆོས་སྒོ་བ་བཀྲ་ཤིས་རིན་ཆེན་དང༌། སློབ་དཔོན་ཆེན་པོ་ཤེས་རབ་དཔལ་དང༌། གཟིམས་གཡོག་པ་ཡོན་ཏན་རིན་ཆེན་གྱིས་བསྐུལ་བའི་དོན་དུ། ཤཱཀྱའི་དགེ་སློང་བློ་བཟང་གྲགས་པའི་དཔལ་གྱིས་སྦྱར་བའོ།། ༈ །།ན་མཿཤྲཱི་གུ་རུ་ མཉྫུ་གྷོ་ཥཱ་ཡ། སྐབས་གསུམ་པ་དང་དབང་པོའི་དགྲ། །དྲི་ཟ་གདེངས་ཅན་གྲུབ་པའི་གཙོ། །ཀུན་གྱི་གཙུག་རྒྱན་ནོར་བུ་ཡིས། །གང་གི་ཞབས་པད་མཛེས་བྱས་པ། །གསེར་འོད་འཁྱུག་པའི་དཔལ་གྱིས་བརྗིད་པའི་སྐུ། །དྲི་ཟའི་དབྱངས་ཀྱིས་བསྐྲུན་དུ་མེད་པའི་ 2-3-12a གསུང༌། །ཉི་མ་བྱེ་བའི་མདངས་ལས་གསལ་བའི་ཐུགས། །མཐའ་ཡས་འགྲོ་བའི་འདྲེན་མཆོག་ཤཱཀྱའི་ཏོག །དག་པའི་མཁའ་ལ་ཤར་བའི་གཟའ་སྐར་རྣམས། །ཆུ་གཏེར་དབུས་ན་ཡོངས་སུ་གསལ་བ་བཞིན། །དང་བའི་ཡིད་མཚོར་ཁྱོད་ཀྱི་ཡོན་ཏན་གྱི། ། གཟུགས་བརྙན་མ་འདྲེས་གསལ་བར་རབ་བཀོད་ནས། །ཟླ་ཟེར་ཕོག་པའི་ཆུ་སྐྱེས་གཞོན་ནུ་བཞིན། །ལག་པའི་སོར་མོ་སྙིང་གའི་ངེས་སུ་ཟུམ། །རྩེ་གཅིག་ཡིད་ཀྱིས་ཁྱོད་སྐུར་མངོན་ཕྱོགས་ཏེ། །ཅུང་ཟད་བསྟོད་ལ་ཐུགས་རྗེ་ཅན་ཁྱོད་དགོངས། །སྐར་མའི་ཚོགས་ ཀྱིས་མཁའ་ལ་ཟླ་བ་བཞིན། །རྒྱལ་སྲས་དཔའ་བོ་རྣམས་ཀྱིས་ཀུན་ནས་བསྐོར། །བ་ལང་ཁྱུ་ཡི་ཐོག་མར་ཁྱུ་མཆོག་བཞིན། །དགྲ་བཅོམ་འཁོར་གྱི་ཚོགས་ཀྱིས་མདུན་དུ་བདར། །ནམ་མཁའི་ཁྱོན་ཀུན་འགེངས་པའི་འོད་ཟེར་གྱི། །དྲ་བ་སྟོང་གིས་ཡོངས་སུ་དཀྲིགས་ པའི་སྐུ། །ནམ་མཁའི་ལམ་ནས་ཆོ་འཕྲུལ་དུ་མ་ཡིས། །ངང་བའི་རྒྱལ་པོ་བཞིན་དུ་ལྡིང་ཞིང་གཤེགས། །དེ་ཚེ་རིང་ནས་བསྐྲུན་པའི་བཟང་པོའི་ལས། །ཡོངས་སུ་སད་པའི་ལྷ་མི་སྟོང་ཕྲག་བརྒྱ། །ཁྱེད་ཞལ་མཐོང་བའི་མོད་ལ་མི་བསྲུན་ཡིད། །ཉེས་བརྒྱའི་འཆིང་བ་ཀུན་ནས་ལྷོད་པར་ གྱུར། །དཔའ་བོ་ཁྱོད་ཀྱིས་བྱང་ཆུབ་ཤིང་དྲུང་དུ། །མཁྱེན་བརྩེའི་དཔུང་གིས་ཡིད་སྲུབས་བདག་པོའི་སྡེ། །མ་ལུས་ཟིལ་གྱིས་གནོན་པར་མཛད་པ་ནི། །དྲག་པོའི་རླུང་དང་ཉེ་བའི་སྤྲིན་ནག་བཞིན། །མདའ་མཚོན་གོ་ཆ་མ་བཟུང་བར། །རང་ཉིད་གཅིག་བུས་བྱེ་བའི་བདུད། །མ་ལུས་ཕམ་ མཛད་གཡུལ་གྱི་ལས། །ཁྱོད་ལས་གཞན་པ་སུ་ཡིས་ཤེས། །དེ་ལྟར་ཁྱོད་ཀྱི་བྱམས་པའི་མེས། །འདོད་ལྷའི་སྙིང་ནི་རབ་གདུངས་ཀྱང༌། །བརྩེ་བའི་གཏེར་ཁྱོད་ལུས་ཅན་ལ། །རིས་སུ་ཆད་པར་གྱུར་པ་མེད། །ཁྱོད་ནི་འགྲོ་བའི་དོན་གྱི་སླད། །ཅུང་ཟད་ཙམ་ཡང་མི་ངལ་ཞིང༌། ། 2-3-12b འགྲོ་བ་རྣམས་ཀྱང་ཁྱོད་ཀྱི་ནི། །ཡོན་ཏན་བརྗོད་ལ་ངལ་མ་གྱུར། །རྒྱ་མཚོའི་ཀློང་ལྟར་རབ་ཏུ་ཟབ་པའི་ཐུགས། །ལྷ་ཡི་རྔ་བཞིན་ལེགས་བར་འདོམས་པའི་གསུང༌། །ལྷུན་པོའི་སྤོ་ལྟར་མངོན་པར་འཕགས་པའི་སྐུ། །མཐོང་ཐོས་དྲན་པ་དོན་ལྡན་མཛད་པ་ཁྱོད། །འཇིག་རྟེན་ཀུན་ གྱི་སེམས་ཅན་ཐམས་ཅད་ཀྱིས། །དུས་གཅིག་ཉིད་དུ་ཐེ་ཚོམ་དོན་ཞུས་ཀྱང༌། །དེ་དག་རེ་རེའི་མདུན་དུའང་དེ་སྙེད་ཀྱི། །སྐུ་དང་གསུང་གི་བཀོད་པ་དུས་གཅིག་ཏུ། །མཛད་པ་མཛད་ཀྱང་རྟོག་པ་ཉེར་ཞི་བ། །ཁྱོད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་ཡི། །ཚུལ་འདི་རྒྱལ་སྲས་རང་རྒྱལ་ཉན་ ཐོས་ཀྱིས། །ཇི་ཙམ་བརྟགས་ཀྱང་བློ་ཡི་ཡུལ་མིན་ན། །ཆངས་དང་དབང་པོ་སོགས་ཀྱིས་སྨོས་ཅི་འཚལ། །མཁའ་ལྡིང་དབང་པོས་མཁའ་ལ་བགྲོད་བགྲོད་ནས། །ནམ་ཞིག་རང་སྟོབས་བྲི་བས་ལྡོག་འགྱུར་གྱི། །ནམ་མཁའ་ཟད་པས་ལྡོག་པར་མི་འགྱུར་བཞིན། །ཁྱོད་ཀྱི་ ཡོན་ཏན་བརྗོད་པའང་དེ་ལྟར་ལགས། །གཤོག་རྩལ་རབ་ཏུ་རྫོགས་པའི་མཁའ་ལྡིང་གིས། །བགྲོད་པའི་ལམ་དུ་བྱིའུས་རྩོལ་བ་ལྟར། །སྟོབས་བཅུ་མངའ་བ་གང་དུ་གཤེགས་པ་ཡི། །ལམ་མཆོག་དེར་ནི་འཇུག་པར་འདོད་པ་བདག །གནས་ལུགས་དོན་ལ་ལྟ་ བའི་བློ་མིག་ཉམས། །ངེས་འབྱུང་བྱང་ཆུབ་སེམས་ཀྱི་འབྱོར་པས་དབུལ། །སྟོབས་ལྡན་ཉོན་མོངས་དགྲ་བོས་རྒྱུན་དུ་གཙེས། །བདག་འཛིན་གཅོང་རོང་ཟབ་མོའི་སྦུགས་སུ་ལྷུང༌། །འདི་འདྲའི་ཉམ་ཐག་གནས་སུ་གྱུར་ལགས་པ། །བརྩེ་ཆེན་ཁྱོད་ཀྱིས་ཡལ་བར་འདོར་ ལགས་ན། །དམན་པ་རྣམས་ལ་ཆེས་ཆེར་བརྩེ་བའི་མགོན། །ཁྱོད་ལས་གཞན་པ་གང་ལ་སྐྱབས་སུ་བཟུང༌། །སྙིགས་མ་ལྔ་ཡིས་ཧ་ཅང་སྦགས་པ་ཡི། །ཞིང་འདི་གཞན་གྱིས་སྤངས་དུས་མགོན་ཁྱོད་ཀྱིས། །ཡོངས་སུ་བཟུང་སྟེ་རྒྱལ་བ་སྲས་བཅས་ཀྱིས། །པད་དཀར་ལྟ་ 2-3-13a བུར་བསྔགས་པའི་དགོས་པའང་ཅི། །འོན་ཀྱང་ཁྱོད་ཀྱི་འཕྲིན་ལས་གདུལ་བྱ་ལ། །མ་བརྟགས་བཏང་སྙོམས་ཅུང་ཟད་མི་མངའ་བས། །སྐལ་ངན་བདག་གི་ཉེས་པ་ཁོ་ནར་ཟད། །དེ་ཕྱིར་ཁྱོད་ལ་སྐྱོན་གྱི་སྐབས་མེད་པས། །དེང་ནས་བྱང་ཆུབ་སྙིང་པོར་བདུད་སྡེ་ ལས། །ཇི་སྲིད་རྒྱལ་བར་མ་གྱུར་དེ་སྲིད་དུ། །སྐྱེ་ཞིང་སྐྱེ་བར་ཁྱོད་ཀྱིས་རྗེས་བཟུང་ནས། །གསུང་གི་བདུད་རྩིས་ངོམས་པ་མེད་པར་ཤོག །ཅེས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་ གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་ཤཱཀྱ་ཐུབ་པ་ལ་བསྟོད་པ་བྱིན་རླབས་ཉེར་འཇུག་ཅེས་བྱ་བ་འདི་ནི། སྡེ་སྣོད་འཛིན་པ་འཇམ་དཔལ་རྒྱ་མཚོ་ཞེས་བྱ་བ་རང་གི་སློབ་མས་གསོལ་བ་བཏབ་ པའི་དོན་དུ། མང་དུ་ཐོས་པའི་རྒྱལ་ཁམས་པ་བློ་བཟང་གྲགས་པའི་དཔལ་གྱིས་གངས་ཅན་ཁྲོད་ཀྱི་གངས་རིའི་དབང་པོའོ་དེ་གུང་རྒྱལ་གྱི་ལྷ་ཞོལ་དུ་སྦྱར་བའི་ཡི་གེ་པ་ནི་སྡེ་སྣོད་འཛིན་པ་བྷ་དྲ་པཱ་ལའོ།། ༈ །།ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། གང་ཞིག་གཟིགས་ ཤིང་གསུང་བ་ཡི། །མཁྱེན་དང་སྟོན་པ་བླ་ན་མེད། །རྒྱལ་བ་རྟེན་ཅིང་འབྲེལ་བར་འབྱུང༌། །གཟིགས་ཤིང་འདོམས་པ་དེ་ལ་འདུད། །འཇིག་རྟེན་རྒུད་པ་ཇི་སྙེད་པ། །དེ་ཡི་རྩ་བ་མ་རིག་སྟེ། །གང་ཞིག་མཐོང་བས་དེ་ལྡོག་པ། །རྟེན་ཅིང་འབྲེལ་བར་འབྱུང་བར་ གསུངས། །དེ་ཚེ་བློ་དང་ལྡན་པ་ཡིས། །རྟེན་ཅིང་འབྲེལ་བར་འབྱུང་བའི་ལམ། །ཁྱོད་ཀྱི་བསྟན་པའི་གནད་ཉིད་དུ། །ཇི་ལྟར་ཁོང་དུ་ཆུད་མི་འགྱུར། །དེ་ལྟ་ལགས་ན་མགོན་ཁྱོད་ལ། །བསྟོད་པའི་སྒོར་ནི་སུ་ཞིག་གིས། །བརྟེན་ནས་འབྱུང་བ་གསུང་བ་ལས། ། 2-3-13b ངོ་མཚར་གྱུར་པ་ཅི་ཞིག་རྙེད། །གང་གང་རྐྱེན་ལ་རག་ལས་པ། །དེ་དེ་རང་བཞིན་གྱིས་སྟོང་ཞེས། །གསུང་བ་འདི་ལས་ཡ་མཚན་པའི། །ལེགས་འདོམས་ཚུལ་ནི་ཅི་ཞིག་ཡོད། །གང་དུ་བཟུང་བས་བྱིས་པ་རྣམས། །མཐར་འཛིན་འཆིང་བ་བརྟན་བྱེད་པ། །དེ་ཉིད་མཁས་ལ་སྤྲོས་ པ་ཡི། །དྲ་བ་མ་ལུས་གཅོད་པའི་སྒོ། །བསྟན་འདི་གཞན་དུ་མ་མཐོང་བས། །སྟོན་པ་ཞེས་བྱ་ཁྱོད་ཉིད་དེ། །ཝ་སྐྱེས་ལ་ནི་སེང་གེ་བཞིན། །མུ་སྟེགས་ཅན་ལའང་གཅམ་བུའི་ཚིག །ཨེ་མའོ་སྟོན་པ་ཨེ་མའོ་སྐྱབས། །ཨེ་མའོ་སྨྲ་མཆོག་ཨེ་མའོ་མགོན། །རྟེན་ཅིང་འབྲེལ་འབྱུང་ ལེགས་གསུང་པའི། །སྟོན་པ་དེ་ལ་བདག་ཕྱག་འཚལ། །ཕན་མཛད་ཁྱོད་ཀྱིས་འགྲོ་བ་ལ། །སྨན་པའི་སླད་དུ་བཀའ་སྩལ་བ། །བསྟན་པའི་སྙིང་པོ་སྟོང་པ་ཉིད། །ངེས་པའི་རྒྱུ་མཚན་ཟླ་མེད་པ། །རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ། །འགལ་བ་དང་ནི་མ་གྲུབ་པར། །མཐོང་བ་ འདི་ཡིས་ཁྱོད་ཀྱི་ལུགས། །ཇི་ལྟར་ཁོང་དུ་ཆུད་པར་ནུས། །ཁྱོད་ནི་ནམ་ཞིག་སྟོང་པ་ཉིད། །རྟེན་འབྱུང་དོན་དུ་མཐོང་བ་ན། །རང་བཞིན་གྱིས་ནི་སྟོང་བ་དང༌། །བྱ་བྱེད་འཐད་པའང་མི་འགལ་ཞིང༌། །དེ་ལས་བཟློག་པར་མཐོང་བ་ན། །སྟོང་ལ་བྱ་བ་མི་རུང་ཞིང༌། །བྱ་དང་བཅས་ ལ་སྟོང་མེད་པས། །ཉམ་ངའི་གཡང་དུ་ལྷུང་བར་བཞེད། །དེ་ཕྱིར་ཁྱོད་ཀྱི་བསྟན་པ་ལ། །རྟེན་འབྱུང་མཐོང་བ་ལེགས་པར་བསྔགས། །དེ་ཡང་ཀུན་ཏུ་མེད་པ་དང༌། །རང་བཞིན་གྱིས་ནི་ཡོད་པས་མིན། །ལྟོས་མེད་ནམ་མཁའི་མེ་ཏོག་བཞིན། །དེས་ན་མ་བརྟེན་ཡོད་མ་ ཡིན། །ངོ་བོས་གྲུབ་ན་དེ་འགྲུབ་པ། །རྒྱུ་དང་རྐྱེན་ལ་བལྟོས་པར་འགལ། །དེ་ཕྱིར་བརྟེན་ནས་འབྱུང་བ་ལས། །མ་གཏོགས་ཆོས་འགའ་ཡོད་མིན་པས། །རང་བཞིན་གྱིས་ནི་སྟོང་པ་ལས། །མ་གཏོགས་ཆོས་འགའ་མེད་པར་གསུངས། །རང་བཞིན་ལྡོག་པ་མེད་པའི་ཕྱིར། ། 2-3-14a ཆོས་རྣམས་རང་བཞིན་འགའ་ཡོད་ན། །མྱ་ངན་འདས་པ་མི་རུང་ཞིང༌། །སྤྲོས་ཀུན་ལྡོག་པ་མེད་པར་གསུངས། །དེ་ཕྱིར་རང་བཞིན་རྣམ་བྲལ་ཞེས། །སེང་གེའི་སྒྲ་ཡིས་ཡང་ཡང་དུ། །མཁས་པའི་ཚོགས་སུ་ལེགས་གསུངས་པ། །འདི་ལ་སུ་ཡིས་འགོང་ པར་ནུས། །རང་བཞིན་འགའ་ཡང་མེད་པ་དང༌། །འདི་ལ་བརྟེན་ནས་འདི་འབྱུང་བའི། །རྣམ་གཞག་ཐམས་ཅད་འཐད་པ་གཉིས། །མི་འགལ་འདུ་བ་སྨོས་ཅི་དགོས། །བརྟེན་ནས་འབྱུང་བའི་རྒྱུ་མཚན་གྱིས། །མཐར་ལྟ་བ་ལ་མི་རྟེན་ཞེས། །ལེགས་གསུངས་འདི་ནི་མགོན་ ཁྱོད་ཀྱི། །སྨྲ་བ་བླ་ན་མེད་པའི་རྒྱུ། །འདི་ཀུན་ངོ་བོས་སྟོང་པ་དང༌། །འདི་ལས་འདི་འབྲས་འབྱུང་བ་ཡི། །ངེས་པ་གཉིས་པོ་ཕན་ཚུན་དུ། །གེགས་མེད་པར་ནི་གྲོགས་བྱེད་པ། །འདི་ལས་ངོ་མཚར་གྱུར་པ་དང༌། །འདི་ལས་རྨད་དུ་བྱུང་བ་གང༌། །ཚུལ་འདིས་ཁྱོད་ལ་བསྟོད་ ན་ནི། །བསྟོད་པར་འགྱུར་གྱི་གཞན་དུ་མིན། །རྨོངས་པས་བྲན་དུ་བཟུང་བ་ཡིས། །གང་ཞིག་ཁྱོད་དང་ཞེ་འགྲས་པ། །དེ་ཡིས་རང་བཞིན་མེད་པའི་སྒྲ། །མི་བཟོད་གྱུར་ལ་མཚར་ཅི་ཡོད། །ཁྱོད་ཀྱི་གསུང་གི་གཅེས་པའི་མཛོད། །བརྟེན་ནས་འབྱུང་བ་ཁས་བླངས་ ནས། །སྟོང་ཉིད་ང་རོ་མ་བཟོད་པ། །འདི་ལ་ཁོ་བོ་ངོ་མཚར་གྱུར། །རང་བཞིན་མེད་ལ་བཀྲི་བའི་སྒོ། །བླ་མེད་རྟེན་ཅིང་འབྲེལ་འབྱུང་གི། མིང་ཉིད་ཀྱིས་ནི་རང་བཞིན་དུ། །འཛིན་ན་ད་ཀོ་སྐྱེ་བོ་འདི། །འཕགས་མཆོག་རྣམས་ཀྱིས་ལེགས་བགྲོད་པའི། །འཇུག་ ངོགས་ཟླ་དང་བྲལ་གྱུར་བ། །ཁྱོད་དགྱེས་གྱུར་པའི་ལམ་བཟང་དེར། །ཐབས་གང་གིས་ནི་བཀྲི་བར་བྱ། །རང་བཞིན་བཅོས་མིན་ལྟོས་མེད་དང༌། །རྟེན་འབྲེལ་ལྟོས་དང་བཅོས་མ་གཉིས། །ཇི་ལྟ་བུར་ན་གཞི་གཅིག་ལ། །མི་འགལ་འདུ་བ་ཉིད་དུ་འགྱུར། ། 2-3-14b དེ་ཕྱིར་བརྟེན་ནས་འབྱུང་བ་གང༌། །རང་བཞིན་གྱིས་ནི་གདོད་མ་ནས། །རྣམ་པར་དབེན་ཡང་དེར་སྣང་བས། །འདི་ཀུན་སྒྱུ་མ་བཞིན་དུ་གསུངས། །ཁྱོད་ཀྱིས་ཇི་ལྟར་བསྟན་པ་ལ། །རྒོལ་བ་འགས་ཀྱང་ཆོས་མཐུན་དུ། །གླགས་མི་རྙེད་པར་གསུངས་པ་ཡང༌། ། འདི་ཉིད་ཀྱིས་ནི་ལེགས་པར་འཁུམས། །ཅི་སླད་ཅེ་ན་འདི་བཤད་པས། །མཐོང་དང་མ་མཐོང་དངོས་པོ་ལ། །སྒྲོ་འདོགས་པ་དང་སྐུར་འདེབས་ཀྱི། །གོ་སྐབས་རིང་དུ་མཛད་ཕྱིར་རོ། །ཁྱོད་ཀྱི་སྨྲ་བ་ཟླ་མེད་པར། །མཐོང་བའི་རྒྱུ་མཚན་རྟེན་འབྱུང་གི། ལམ་འདི་ ཉིད་ཀྱི་གསུང་གཞན་ཡང༌། །ཚད་མར་གྱུར་པར་ངེས་པ་སྐྱེ། །དོན་བཞིན་གཟིགས་ནས་ལེགས་གསུངས་པ། །ཁྱོད་ཀྱི་རྗེས་སུ་སློབ་པ་ལ། །རྒུད་པ་ཐམས་ཅད་རིང་དུ་གྱུར། །ཉེས་ཀུན་རྩ་བ་ལྡོག་ཕྱིར་རོ། །ཁྱོད་ཀྱི་བསྟན་ལས་ཕྱིར་ཕྱོགས་པས། །ཡུན་རིང་ངལ་བ་ བསྟེན་བྱས་ཀྱང༌། །ཕྱི་ཕྱིར་སྐྱོན་རྣམས་བོས་པ་བཞིན། །བདག་ཏུ་ལྟ་བ་བརྟན་ཕྱིར་རོ། །ཨེ་མའོ་མཁས་པས་འདི་གཉིས་ཀྱི། །ཁྱད་པར་ཁོང་དུ་ཆུད་གྱུར་པ། །དེ་ཚེ་རྐང་གི་ཁོང་ནས་ནི། །ཁྱོད་ལ་ཅི་ཕྱིར་གུས་མི་འགྱུར། །ཁྱོད་གསུང་དུ་མ་ཅི་ཞིག་སྨོས། །ཆ་ཤས་རེ་ཡི་ དོན་ཙམ་ལའང༌། །འོལ་སྤྱི་ཙམ་གྱི་ངེས་རྙེད་པ། །དེ་ལའང་མཆོག་གི་བདེ་བ་སྟེར། །ཀྱི་ཧུད་བདག་བློ་རྨོངས་པས་བཅོམ། །འདི་འདྲའི་ཡོན་ཏན་ཕུང་པོ་ལ། །རིང་ནས་སྐྱབས་སུ་སོང་གྱུར་ཀྱང༌། །ཡོན་ཏན་ཆ་ཙམ་མ་འཚལ་ཏོ། །འོན་ཀྱང་འཆི་བདག་ཁར་ཕྱོགས་ པའི། །སྲོག་གི་རྒྱུན་ནི་མ་ནུབ་པར། །ཁྱོད་ལ་ཅུང་ཟད་ཡིད་ཆེས་པ། །དེ་ཡང་སྐལ་བ་བཟང་སྙམ་བགྱིད། །སྟོན་པའི་ནང་ན་རྟེན་འབྲེལ་སྟོན་པ་དང༌། །ཤེས་རབ་ནང་ན་རྟེན་འབྲེལ་ཤེས་པ་གཉིས། །འཇིག་རྟེན་དག་ན་རྒྱལ་བའི་དབང་པོ་བཞིན། །ཕུལ་བྱུང་ལེགས་ 2-3-15a པར་ཁྱོད་མཁྱེན་གཞན་གྱིས་མིན། །ཁྱོད་ཀྱིས་ཇི་སྙེད་བཀའ་སྩལ་པ། །རྟེན་འབྲེལ་ཉིད་ལས་བརྩམས་ཏེ་འཇུག །དེ་ཡང་མྱ་ངན་འདའ་ཕྱིར་ཏེ། །ཞི་གྱུར་མིན་མཛད་ཁྱོད་ལ་མེད། །ཀྱེ་མའོ་ཁྱོད་ཀྱི་བསྟན་པ་ནི། །གང་གི་རྣ་བའི་ལམ་སོང་བ། །དེ་ དག་ཐམས་ཅད་ཞི་འགྱུར་ཕྱིར། །ཁྱོད་བསྟན་འཛིན་པར་སུ་མི་གུས། །ཕས་རྒོལ་མཐའ་དག་འཇོམས་པ་དང༌། །ལྟག་འོག་འགལ་འདུས་སྟོང་བ་དང༌། སྐྱེ་དགུའི་དོན་གཉིས་སྟེར་བྱེད་པ། །ལུགས་འདིར་ཁོ་བོ་སྤྲོ་བ་འཕེལ། །འདི་ཡི་ཕྱིར་དུ་ཁྱོད་ཀྱིས་ནི། །ལ་ལར་ སྐུ་དང་གཞན་དུ་སྲོག །སྡུག་པའི་གཉེན་དང་ལོངས་སྤྱོད་ཚོགས། །གྲངས་མེད་བསྐལ་པར་ཡང་ཡང་བཏང༌། །གང་གི་ཡོན་ཏན་མཐོང་བ་ཡིས། །ལྕགས་ཀྱུས་ཉ་ལ་ཇི་བཞིན་དུ། །ཉིད་ཀྱི་ཐུགས་དྲངས་ཆོས་དེ་ནི། །ཁྱོད་ལས་མ་ཐོས་སྐལ་བ་ཞན། །དེ་ཡི་མྱ་ ངན་ཤུགས་ཀྱིས་ནི། །སྡུག་པའི་བུ་ལ་མ་ཡི་ཡིད། །རྗེས་སུ་སོང་བ་ཇི་བཞིན་དུ། །བདག་གི་ཡིད་ནི་གཏོང་མི་བྱེད། །འདི་ལའང་ཁྱོད་གསུང་བསམས་པ་ན། །མཚན་དཔེའི་དཔལ་གྱིས་རབ་ཏུ་འབར། །འོད་ཀྱི་དྲ་བས་ཡོངས་བསྐོར་བའི། །སྟོན་པ་དེ་ཡི་ཚངས་དབྱངས་ཀྱིས། ། འདི་ནི་འདི་ལྟར་གསུངས་སྙམ་དུ། །ཡིད་ལ་ཐུབ་པའི་གཟུགས་བརྙན་ནི། །ཤར་བ་ཙམ་ཡང་ཚ་བ་ཡིས། །གདུངས་ལ་ཟླ་ཟེར་བཞིན་དུ་སྨན། །དེ་ལྟར་རྨད་དུ་བྱུང་བ་ཡི། །ལུགས་བཟང་དེ་ཡང་མི་མཁས་པའི། །སྐྱེ་བོས་བལ་བ་ཛ་བཞིན་དུ། །རྣམ་པ་ཀུན་ཏུ་འཛིངས་ པར་བྱས། །ཚུལ་འདི་མཐོང་ནས་བདག་གིས་ནི། །འབད་པ་དུ་མས་མཁས་པ་ཡི། །རྗེས་སུ་འབྲངས་ནས་ཁྱོད་ཀྱི་ནི། །དགོངས་པ་ཡང་དང་ཡང་དུ་བཙལ། །དེ་ཚེ་རང་གཞན་སྡེ་པ་ཡི། །གཞུང་མང་དག་ལ་སྦྱངས་པ་ན། །ཕྱི་ཕྱིར་ཐེ་ཚོམ་དྲ་བ་ཡིས། །བདག་གི་ཡིད་ 2-3-15b ནི་ཀུན་ཏུ་གདུངས། །ཁྱོད་ཀྱི་བླ་མེད་ཐེག་པའི་ཚུལ། །ཡོད་དང་མེད་པའི་མཐའ་སྤངས་ཏེ། །ཇི་བཞིན་འགྲེལ་པར་ལུང་བསྟན་པ། །ཀླུ་སྒྲུབ་གཞུང་ལུགས་ཀུན་དའི་ཚལ། །དྲ་མེད་མཁྱེན་པའི་དཀྱིལ་འཁོར་རྒྱས། །གསུང་རབ་མཁའ་ལ་ཐོགས་མེད་རྒྱུ། །མཐར་འཛིན་སྙིང་ གི་མུན་པ་སེལ། །ལོག་སྨྲའི་རྒྱུ་སྐར་ཟིལ་གནོན་པ། །དཔལ་ལྡན་ཟླ་བའི་ལེགས་བཤད་ཀྱི། །འོད་དཀར་འཕྲེང་བས་གསལ་བྱས་པ། །བླ་མའི་དྲིན་གྱིས་མཐོང་བའི་ཚེ། །བདག་གི་ཡིད་ཀྱི་ངལ་གསོ་ཐོབ། །མཛད་པ་ཀུན་ལས་གསུང་གི་ནི། །མཛད་པ་མཆོག་ཡིན་དེ་ ཡང་ནི། །འདི་ཉིད་ཡིན་ཕྱིར་མཁས་པ་ཡིས། །འདི་ལས་སངས་རྒྱས་རྗེས་དྲན་བྱོས། །སྟོན་དེའི་རྗེས་སུ་རབ་ཏུ་བྱུང་གྱུར་ཏེ། །རྒྱལ་བའི་གསུང་ལ་སྦྱངས་པ་མི་དམན་ཞིང༌། །རྣལ་འབྱོར་སྤྱོད་ལ་བརྩོན་པའི་དགེ་སློང་ཞིག །དྲང་སྲོང་ཆེན་པོ་དེ་ལ་དེ་ལྟར་གུས། །སྟོན་པ་ བླ་ན་མེད་པའི་བསྟན་པ་དང༌། །མཇལ་བ་འདི་འདྲ་བླ་མའི་དྲིན་ཡིན་པས། །དགེ་བ་འདི་ཡང་འགྲོ་བ་མ་ལུས་པ། །བཤེས་གཉེན་དམ་པས་འཛིན་པའི་རྒྱུ་རུ་བསྔོ། །ཕན་མཛད་དེ་ཡི་བསྟན་པའང་སྲིད་པའི་མཐར། །ངན་རྟོག་རླུང་གིས་རྣམ་པར་མི་གཡོ་ཞིང༌། ། བསྟན་པའི་ངང་ཚུལ་ཤེས་ནས་སྟོན་པ་ལ། །ཡིད་ཆེས་རྙེད་པས་རྟག་ཏུ་གང་བར་ཤོག །བརྟེན་ནས་འབྱུང་བའི་དེ་ཉིད་གསལ་མཛད་པ། །ཐུབ་པའི་ལུགས་བཟང་སྐྱེ་བ་ཐམས་ཅད་དུ། །ལུས་དང་སྲོག་ཀྱང་བཏང་ནས་འཛིན་པ་ལ། །སྐད་ཅིག་ཙམ་ཡང་ལྷོད་པར་ མ་གྱུར་ཅིག །འདྲེན་པ་མཆོག་དེས་དཀའ་བ་དཔག་མེད་ཀྱིས། །ནན་ཏན་སྙིང་པོར་མཛད་ནས་བསྒྲུབས་པ་འདི། །ཐབས་གང་ཞིག་གིས་འཕེལ་བར་འགྱུར་སྙམ་པའི། །རྣམ་པར་དཔྱོད་པས་ཉིན་མཚན་འདའ་བར་ཤོག །ལྷག་བསམ་དག་པས་ཚུལ་དེར་བརྩོན་ 2-3-16a པ་ན། །ཚངས་དང་དབང་པོ་འཇིག་རྟེན་སྐྱོང་བ་དང༌། །ལེགས་ལྡན་ནག་པོ་ལ་སོགས་སྲུང་མས་ཀྱང༌། །གཡེལ་བ་མེད་པར་རྟག་ཏུ་གྲོགས་བྱེད་ཤོག །ཅེས་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་ཐམས་ཅད་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ་ སྟོན་པ་བླ་ན་མེད་པ་ལ་ཟབ་མོ་རྟེན་ཅིང་འབྲེལ་བར་འབྱུང་བ་གསུང་བའི་སྒོ་ནས་བསྟོད་པ་ལེགས་པར་བཤད་པའི་སྙིང་པོ་ཞེས་བྱ་བ་འདི་ནི། མང་དུ་ཐོས་པའི་དགེ་སློང་བློ་བཟང་གྲགས་པའི་དཔལ་གྱིས་གངས་ཅན་ཁྲོད་ཀྱི་གངས་རིའི་དབང་པོ་འོ་དེ་གུང་རྒྱལ་ གྱི་ལྷ་ཞོལ་དབེན་གནས་ལྷ་སྡིངས་མིང་གཞན་རྣམ་པར་རྒྱལ་བའི་གླིང་ཞེས་བྱ་བར་སྦྱར་བའི་ཡི་གེ་པ་ནི་ནམ་མཁའ་དཔལ་ལོ།། ༈ །།སྭ་སྟི། མཁས་པའི་སྐྱེ་བོས་བསྟེན་པའི་མ་ག་ངྷ། །མི་མཇེད་ཞིང་གི་སྙིང་པོ་རྡོ་རྗེའི་གདན། །གང་དེར་ལེགས་སྤྱད་ རྒྱས་བསྐྱེད་བྱང་ཆུབ་ཤིང༌། །ཨཱ་ཤྭད་ཐ་ཞེས་གྲགས་པ་དེའི་དྲུང་དུ། །བྱམས་པའི་མཚོན་གྱིས་བདུད་སྡེའི་དཔུང་བཅོམ་ནས། །གྲངས་མེད་བསྐལ་པར་བསྒྲུབས་པའི་གོ་འཕང་མཆོག །ཏིང་འཛིན་བཞི་མཐར་མངོན་དུ་མཛད་པ་ཡི། །ཐུབ་པའི་དབང་པོ་དེ་ལ་ མགོས་ཕྱག་འཚལ། །འགྲོ་བའི་སྐྱབས་གཅིག་ཤཱཀྱ་སེང་གེ་ཡིས། །མི་མཇེད་ཞིང་དུ་སྙིགས་དུས་འགྲོ་བ་ལ། །རྨད་བྱུང་མཛད་པའི་རྣམ་འཕྲུལ་གང་བསྟན་པའི། །ཕྱོགས་ཙམ་རྒྱལ་བའི་གསུང་ལ་བརྟེན་ནས་བཀོད། །ཚུལ་དེར་འབད་ལས་ཐོབ་པའི་བསོད་ ནམས་གང༌། །དྲི་མེད་རྒྱུ་སྐར་དབུས་ཀྱི་ཟླ་འདྲ་དེས། །མཐའ་ཡས་འགྲོ་བ་ཐེག་མཆོག་ལམ་ཞུགས་ཏེ། །ཤཱཀྱའི་རྒྱལ་པོའི་མཛད་པ་མྱུར་འགྲུབ་ཤོག། ༈ །།ན་མཿཤྲཱི་གུ་རུ་མཉྫུ་གྷོ་ཥཱ་ཡ། བདེ་གཤེགས་ཀུན་གྱིས་བསྔགས་པའི་བདེ་བ་ཅན། ། 2-3-16b རྣམ་དག་ཞིང་གི་དབང་ཕྱུག་བཅོམ་ལྡན་འདས། །ལྷ་མིའི་སྟོན་པ་མགོན་པོ་ཚེ་དཔག་མེད། །རྒྱལ་བའི་དབང་པོས་འགྲོ་ལ་འཆི་མེད་སྩོལ། །སྣ་ཚོགས་སྣོད་ཀྱི་དབྱེ་བ་མཐའ་ཡས་པའི། །དང་བའི་ཆུ་ལ་སྤྲིན་བྲལ་ཟླ་གཟུགས་བཞིན། །སྐལ་ལྡན་གྲངས་མེད་འགྲོ་ ལ་ཅིག་ཅར་དུ། །རྣམ་པ་དུ་མར་སྟོན་པ་ཁྱོད་ཀྱི་སྐུ། །མཐའ་ཡས་གདུལ་བྱའི་སོམ་ཉིའི་དྲ་བ་རྣམས། །སྐད་ཅིག་ཉིད་ལ་སོ་སོར་གཅོད་མཛད་ཅིང༌། །ཡང་དག་དོན་ལ་བློ་གྲོས་མིག་འབྱེད་པའི། །རྒྱུན་མི་འཆད་པར་སྒྲོག་པ་ཁྱོད་ཀྱི་གསུང༌། །ཤེས་བྱ་ཀུན་ལ་རབ་ འབྱམས་མཁྱེན་པ་འཕྲོ། །རྒྱུད་ལྔའི་འགྲོ་ལ་ཐུགས་རྗེའི་གཞན་དབང་གྱུར། །མཁྱེན་བརྩེའི་ནུས་པས་སྲིད་ཞིའི་འཇིགས་ལས་སྐྱོབ། །འབད་རྩོལ་མཚན་མས་མི་གཡོ་ཁྱོད་ཀྱི་ཐུགས། །ཉིན་བྱེད་ཟེར་གྱིས་ལྷ་ཡི་ལམ་ལ་བཞིན། །དཔག་ཡས་ཞིང་ཀུན་ མཐའ་མེད་འོད་དཔུང་གིས། །ཡོངས་སུ་འགེངས་པའི་གཟི་བརྗིད་ཕུང་པོའི་སྐུས། །སྐལ་ལྡན་བདག་གི་མིག་གི་དགའ་སྟོན་བསྒྲུབས། །སྙན་པའི་འབྲུག་སྒྲས་རྨ་བྱའི་སྙིང་ལ་བཞིན། །ཐོས་པ་ཙམ་གྱིས་བདེ་བའི་མཆོག་སྟེར་བའི། །ཡན་ལག་ལྔ་དང་ ལྡན་པའི་ཚངས་དབྱངས་ཀྱིས། །རྣ་བའི་ལམ་དུ་བདུད་རྩིའི་ཟེགས་མ་འཐོར། །ནམ་མཁའི་དབྱིངས་སུ་སྤྲིན་ཕུང་ཞི་བ་བཞིན། །སྟོང་པའི་ངང་དུ་རིག་པ་ཞུགས་གྱུར་པས། །སྤྲོས་ཀུན་ཉེར་ཞི་ཞི་བའི་ཐུགས་མཆོག་གིས། །ཀུན་རྟོག་ཡིད་ཀྱི་དམིགས་ གཏད་ཐམས་ཅད་ཞི། །རྒྱལ་བ་ཀུན་གྱི་དཔག་མེད་བསྐལ་བ་རུ། །བརྗོད་ཀྱང་ཕ་མཐའ་རྙེད་པར་མི་སླ་བའི། །ཁྱོད་ཀྱི་ཡོན་ཏན་ཕུང་པོ་ཅི་འདྲ་བ། དེ་འདྲ་བདག་གིས་བརྗོད་པའི་ཡུལ་ལས་འདས། །དེ་ཕྱིར་མི་ཟད་ཡོན་ཏན་གཏེར་གྱུར་ཅིང༌། །ཉེས་པའི་ 2-3-17a ས་བོན་མཐའ་དག་གཏན་སྤངས་པ། །ཁྱོད་དང་མཚུངས་པའི་སྟོན་པ་གཞན་ཡོད་མིན། །དེ་སླད་ཁྱོད་ཉིད་གཅིག་པུ་འགྲོ་བའི་སྐྱབས། །སྐྱོབ་པ་ཁྱོད་ཀྱིས་སྨོན་ལམ་བྱེ་བ་བརྒྱས། །ལེགས་པར་བསྒྲུབས་པའི་ཞིང་མཆོག་དམ་པ་གང་། ། སྡུག་བསྔལ་རྣམས་ཀྱི་མིང་ཡང་མི་འབྱུང་བས། །བདེ་བ་ཅན་ཞེས་ཡོངས་སུ་གྲགས་པ་དེར། །ཚེ་འདིའི་སྣང་བ་ནུབ་པར་གྱུར་ཙམ་ན། །འདབ་སྟོང་པདྨའི་སྦུབས་སུ་སྐྱེས་མ་ཐག །ཆུ་སྐྱེས་དབུས་ནས་ཐོགས་པ་མེད་བྱུང་སྟེ། །ཁྱོད་སྐུ་མཐོང་ནས་གསུང་གིས་ ཚིམ་པར་ཤོག །མགོན་པོ་ཁྱོད་ལ་ཐེག་མཆོག་གཏམ་ཐོས་ནས། །སྲིད་པའི་འདམ་དུ་བྱིང་རྣམས་བསྒྲལ་ཕྱིར་དུ། །སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ་གཉིས་ཀྱིས། །ཇི་ལྟར་སྤྱོད་པ་དེ་ལྟར་བདག་གྱུར་ཅིག །ཅེས་མགོན་པོ་འོད་དཔག་མེད་ཀྱི་ བསྟོད་པ་ཞིང་མཆོག་སྒོ་འབྱེད་ཅེས་བྱ་བ་འདི་ནི་མང་དུ་ཐོས་པའི་རྒྱལ་ཁམས་པ་བློ་བཟང་གྲཌ་པའི་དཔལ་གྱིས་གངས་ཅན་ཁྲོད་ཀྱི་གངས་རིའི་དབང་པོ་འོ་དེ་གུང་རྒྱལ་གྱི་ལྷ་ཞོལ་དུ་སྦྱར་བའོ།། ༈ །།སྭ་སྟི། ཉི་གཞོན་འཆར་གའི་མདངས་དང་ ལི་ཁྲི་ལྟར། །ཡིད་འོང་དམར་སེར་དྲ་བས་ཁེབས་པ་ཡི། །འདབ་སྟོང་གེ་སར་རྩེ་ན་ཟླ་གདན་ལ། །ཧྲཱིཿལས་བྱུང་བའི་མགོན་པོ་ཚེ་དཔག་མེད། །པདྨ་རཱ་གའི་ལྷུན་པོ་དབང་པོའི་གཞུས། །ཀུན་ནས་ཀླུབས་པ་ཇི་བཞིན་ཁྱོད་ཀྱི་སྐུ། །སྣ་ཚོགས་གོས་དང་ནོར་ བུའི་རྒྱན་མང་གིས། །ཀུན་ནས་མཛེས་པར་བྱས་ལ་ཕྱག་འཚལ་ལོ། །འཁྲི་ཤིང་གཞོན་ནུའི་ཡལ་འདབ་ལྟར་མཉེན་པའི། །ཕྱག་གཉིས་དབུས་ན་འཆི་མེད་བདུད་རྩི་ཡིས། །ལེགས་པར་གང་བའི་ལྷུང་བཟེད་རབ་བསྣམས་ནས། །ཚེ་ཡི་དངོས་ 2-3-17b གྲུབ་སྩོལ་ལ་ཕྱག་འཚལ་ལོ། །བུང་བ་ལྟར་ནག་རལ་པའི་ཐོར་ཅོག་ནི། །སྤྱི་བོར་མཛེས་པའི་ལན་བུ་རིང་དུ་འཕྱང༌། །འཇམ་མཉེན་སྣ་ཚོགས་དར་གྱི་སྨད་གཡོགས་ཅན། །མཚན་དཔེའི་གཟི་བརྗིད་འབར་ལ་ཕྱག་འཚལ་ལོ། །ཤུགས་དྲག་དད་པས་ བསྐྱོད་པའི་ཐལ་སྦྱར་ཞིང༌། །ཡིད་འཕྲོག་ཤིན་ཏུ་སྙན་པའི་ང་རོ་ཡིས། །ཁྱོད་ཀྱི་ཡོན་ཏན་ལེགས་པར་བརྗོད་པ་ལ། །ལེགས་ཚོགས་ཐམས་ཅད་སྩོལ་ལ་ཕྱག་འཚལ་ལོ། །ཡེ་ཤེས་མཚོན་གྱིས་མི་ཤེས་དྲ་བ་བཅད། །སེམས་ཅན་ཀུན་ལ་ཐུགས་རྗེ་རྒྱུན་ ཆད་མེད། །འགྲོ་ཀུན་འདྲེན་པའི་ཁུར་གྱིས་མི་ངལ་བ། །གཏན་གྱི་སྐྱབས་གནས་ཁྱོད་ལ་ཕྱག་འཚལ་ལོ། །མཚན་ཙམ་བཟུང་བས་དུས་མིན་འཆི་བ་འཇོམས། །ཡིད་ལ་དྲན་པས་སྲིད་པའི་འཇིགས་ལས་སྐྱོབ། །སྐྱབས་སུ་བསྟེན་ན་གཏན་གྱི་བདེ་སྟེར་བ། །ཁྱོད་ལ་རྣམ་པ་ཀུན་ཏུ་ ཕྱག་འཚལ་ལོ། །སྐྱོན་བྲལ་ཁྱོད་ལ་གུས་པས་བསྟེན་པ་བདག །གནས་སྐབས་མི་འདོད་ཉེར་འཚེ་ཞི་བ་དང༌། །མཐར་ཐུག་བདེ་བ་ཅན་དུ་པདྨོ་ལ། །བརྫུས་ཏེ་སྐྱེས་ནས་ཁྱོད་མཉེས་བགྱིད་པར་ཤོག །ཅེས་པ་འདི་ཡང་རྒྱལ་ཁམས་པ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་ དཔལ་གྱིས་སྦྱར་བའོ།། ༈ །།སྭ་སྟི། དྲི་མེད་ཤེལ་གྱི་དབུས་ན་བྱུ་རུའི་མདངས། །གསལ་བར་ཤར་བ་བཞིན་དུ་གྱུར་པའི་སྐུ། །ཆུ་སྐྱེས་ལྟེ་བར་མཛེས་པའི་ཟླ་གདན་ལ། །ཡིད་འོང་གོས་དང་རྒྱན་གྱིས་བརྗིད་པར་བཞུགས། །བདུད་ཀྱིས་མི་བསྐྱོད་རྡོ་རྗེའི་སྐྱིལ་ ཀྲུང་སྟེང༌། །འཆི་མེད་བདུད་རྩིའི་བདུད་ཀྱིས་རབ་བལྟམས་པའི། །རིན་ཆེན་བུམ་པ་གཡས་གཡོན་ཕྱག་གཉིས་ཀྱིས། །ལེགས་བཟུང་འཆི་བདག་འཇོམས་ལ་ཕྱག་འཚལ་ལོ། །ཕྱོགས་བཅུའི་རྒྱལ་བས་བསྟོད་པའི་ཕྲེང་བ་ཡིས། །ཡང་ཡང་བསྔགས་པའི་འགྲོ་བའི་སྐྱབས་ 2-3-18a ཀྱི་མཆོག །འདོད་དགུ་མ་ལུས་འབྱུང་བའི་གཏེར་ཆེན་པོ། །འོད་དཔག་མེད་པའི་ཞབས་ལ་ཕྱག་འཚལ་ལོ།། ༈ །།སྭ་སྟི། པདྨ་རཱ་གའི་མདངས་ལྡན་འཛུམ་པའི་ཞལ། །མཐོན་མཐིང་གཡས་སུ་འཁྱིལ་བའི་དབུ་སྐྲ་མཛེས། །ཏིང་འཛིན་ ཕྱག་རྒྱའི་སྟེང་ན་བདུད་རྩིའི་གཏེར། །རིན་ཆེན་བུམ་པ་བསྣམས་ལ་ཕྱག་འཚལ་ལོ། །མཐོང་ཐོས་དྲན་པས་ཕོངས་པ་ཀུན་ལས་སྐྱོབ། །མཚན་ཙམ་བཟུང་བས་ཡིད་ལ་རེ་བ་སྐོང༌། །འཆི་མེད་གོ་འཕང་མཆོག་གཏེར་བཅོམ་ལྡན་འདས། །ཚེ་དཔག་མེད་པས་གང་བའི་ ཞིང་བཀོད་འདི། །རྒྱལ་བའི་བསྟན་ལ་རབ་གུས་གཏོང་ལ་དགའ། །རིགས་གཟུགས་དབང་ཕྱུག་འབྱོར་པའི་དཔལ་གྱིས་མཛེས། །རང་སྲིད་ཆོས་བཞིན་སྐྱོང་བ་ཀུན་དབང་དང༌། །བཀྲ་ཤིས་རྒྱལ་མཚན་ཡབ་སྲས་རྣམས་ཀྱིས་བཞེངས། །དེ་ཡི་དགེ་བས་སྦྱིན་པའི་ བདག་པོ་རྣམས། །ཚེ་མཐར་ཕྱིན་ཅིང་སྟོབས་དང་འབྱོར་བ་སོགས། །ཕུན་ཚོགས་ཡར་ངོའི་ཟླ་བཞིན་འཕེལ་བ་དང༌། །བདེ་བ་ཅན་དུ་མྱུར་དུ་སྐྱེ་བར་ཤོག།། ༈ །།སྭ་སྟི། ལེགས་ཚོགས་རྒྱ་མཚོའི་དཔའ་ལས་ལེགས་འཁྲུངས་ཤིང༌། །བསྡུ་བཞིའི་ བང་རིམ་རྣམས་ཀྱིས་ཀུན་ནས་མཛེས། །སྐལ་ལྡན་གསེར་རིའི་དབུས་ན་རབ་བརྗིད་པ། །འོད་དཔག་མེད་པའི་ལྷུན་པོ་དེ་ལ་འདུད། །གྲངས་མེད་ཚད་མེད་བསམ་གྱིས་མི་ཁྱབ་པའི། །བསྐལ་མང་འདས་པའི་སྔོན་དུ་མགོན་པོ་ཁྱོད། །འཇིག་རྟེན་དབང་ཕྱུག་ རྒྱལ་པོའི་བསྟན་པ་ལ། །ཆོས་ཀྱི་འབྱུང་གནས་ཞེས་བྱའི་དགེ་སློང་གྱུར། །དེ་ཚེ་རྒྱལ་བ་དེ་ཡི་འཁོར་དབུས་སུ། །བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་གཅིག་གི། ཞིང་གི་བཀོད་པ་ཕུན་ཚོགས་གང་ཡིན་རྣམས། །ཞིང་གཅིག་ཏུ་ནི་ཡོངས་སུ་བཟུང་བ་ཡི། །དཔག་ 2-3-18b མེད་རྒྱལ་བའི་སྤྱན་སྔར་རྒྱལ་སྲས་ཀྱི། །རླབས་ཆེན་སྤྱོད་པའི་ཚུལ་ལ་རབ་སྦྱངས་བས། །རྨོངས་པའི་རབ་རིབ་བཅོམ་པའི་དགེ་སློང་དེས། །རྒྱལ་སྲས་དགའ་བསྐྱེད་སྨོན་ལམ་རྒྱ་མཚོ་བཏབ། །རིང་ནས་སྨོན་པའི་རབ་འབྱམས་བཞེད་པའི་དོན། །ཇི་བཞིན་ཡོངས་ སུ་རྫོགས་པ་དག་པའི་ཞིང༌། །གང་གི་མིང་ནི་བདེ་བ་ཅན་ཞེས་པར། །མངོན་པར་བྱང་ཆུབ་ཁྱོད་ལ་ཕྱག་འཚལ་ལོ། །དཔག་ཚད་སྟོང་དང་དྲུག་བརྒྱར་རབ་མཐོ་ཞིང༌། །ཡལ་ག་ལོ་མ་བརྒྱད་བརྒྱའི་བར་དུ་འཕྱང༌། །རྩ་བའི་སྦོམས་ནི་དཔག་ཚད་ལྔ་བརྒྱ་ པ། །རིན་ཆེན་དུ་མས་སྤྲས་པའི་བྱང་ཆུབ་ཤིང༌། །དེ་ཡི་དྲུང་ན་ཉེར་མཛེས་རྒྱལ་བ་ཁྱོད། །འོད་དང་གཟི་བརྗིད་ཕ་མཐའ་མི་མངོན་ཞིང༌། །འཁོར་དང་སྐུ་ཚེ་ཚད་བཟུང་མི་ནུས་པར། །འགྲོ་བའི་སྐྱབས་སུ་བཞུགས་ལ་ཕྱག་འཚལ་ལོ། །དེ་ལྟར་དག་པའི་ ཞིང་མཆོག་བདེ་བ་ཅན། །དེ་ཡི་བཀོད་པ་དཀོན་མཆོག་བརྩེགས་པ་ཡི། །འདུས་པ་ལྔ་པའི་མདོ་ཡི་རྗེས་འབྲངས་ནས། །རྒྱལ་བའི་དགོངས་པ་ཇི་བཞིན་ལེགས་པར་བཀོད། །འདི་ཡིས་བསྐྲུན་པའི་དགེ་ལེགས་ཕུང་པོ་དེས། །མཐའ་མེད་འཁོར་བར་ དཔག་མེད་སྡུག་བསྔལ་གྱིས། །ཡང་ཡང་གཙེས་པས་བདེ་བའི་གོ་སྐབས་བཅོམ། །ཉམ་ངའི་གནས་སུ་ལྟུང་བའི་འགྲོ་བ་ཀུན། །ཚེ་ཡི་འདུ་བྱེད་གཏང་བར་གྱུར་མ་ཐག། །དག་པའི་ཞིང་དུ་བགྲོད་པའི་ལམ་བཟང་དེར། །མཐུ་ཆེན་རྒྱལ་སྲས་བརྒྱད་ ཀྱིས་ལེགས་ཁྲིད་ནས། །ཐེག་མཆོག་སྤྱོད་པའི་རིགས་སུ་སྐྱེ་བར་ཤོག།། ༈ །།སྭ་སྟི། སྨོན་ལམ་ཇི་བཞིན་རྫོགས་པའི་རབ་འབྱམས་ཞིང༌། །གང་གི་འོད་ཀྱིས་ལྷམ་མེར་གསལ་མཛད་པ། །སྟོང་གསུམ་བཅུ་ཡི་ཁྱོན་དང་མཉམ་གྱུར་པའི། ། 2-3-19a བྱང་ཆུབ་ཤིང་གི་དབང་པོ་དེ་དྲུང་དུ། །རི་དྭགས་རྒྱལ་པོས་བཏེག་པའི་རིན་ཅེན་ཁྲི། །རབ་མཆོག་ནོར་བུས་སྤྲས་པའི་གདན་སྟེང་ན། །ས་འཛིན་དབང་པོ་བཞིན་དུ་ལྷུན་ཆགས་ཤིང༌། །གསེར་བཟང་བཙོ་མའི་མདངས་ཀྱིས་རབ་ཏུ་མཛེས། །དཔག་ ཚད་བརྒྱད་ཁྲི་བཞི་སྟོང་ཙམ་དུ་མཐོ། །གྲངས་མེད་སྤྲུལ་པ་ཕྱོགས་བཅུར་རབ་ཏུ་འགྱེད། །མཐོང་བའི་མོད་ལ་ཐེ་ཚོམ་ཀུན་གཅོད་པ། །རྒྱལ་བ་ཀུན་ཏུ་གཟིགས་ལ་ཕྱག་འཚལ་ལོ། །རྒྱལ་སྲས་ཀུན་གྱི་གཙུག་རྒྱན་འཇམ་པའི་དབྱངས། །གང་དུ་མངོན་པར་ འཚང་རྒྱའི་ཞིང་བཀོད་འདི། །རྒྱལ་བའི་དགོངས་པ་ཚུལ་བཞིན་རབ་བརྟགས་ནས། །མཐའ་ཡས་འགྲོ་བའི་དོན་དུ་བརྩོན་པས་བསྒྲུབས། །དེ་ལས་འོངས་པའི་རབ་འབྱམས་བསོད་ནམས་ཚོགས། །དེང་ནས་བཟུང་སྟེ་གནས་སྐབས་ཐམས་ཅད་དུ། །འཇཾ་ པའི་དབྱངས་ཀྱི་སྤྱོད་དང་མི་འབྲལ་ཞིང༌། །མཐར་ཐུག་ཀུན་གཟིགས་གོ་འཕང་ཐོབ་ཕྱིར་བསྔོ།། ༈ །།སྭ་སྟི། སྔོན་ཚེ་འཇིག་རྟེན་རྣམ་པར་འདྲེན་པའི་མཆོག །སྤྱན་ནི་ཆེན་པོ་ཞེས་གྲགས་རྒྱལ་བ་བྱུང༌། །ཐུབ་མཆོག་སྤྱན་སྔར་རབ་འབྱམས་ སྨོན་ལམ་ཚོགས། །དཔག་མེད་བཏབ་ནས་ལེགས་པར་བཟུང་བ་ཡི། །མངོན་པར་དགའ་བ་ཞེས་བྱ་དག་པའི་ཞིང༌། །དེ་དབུས་བྱང་ཆུབ་ཤིང་གི་དྲུང་ཉིད་ན། །རི་དབང་ལྟ་བུར་རབ་བརྗིད་མི་འཁྲུགས་པ། །འཇིག་རྟེན་འོད་ཀྱིས་འགེངས་ལ་ཕྱག་འཚལ་ ལོ། །རིན་ཅེན་སེམས་མཆོག་ཐོག་མར་བསྐྱེད་པ་ནས། །མ་ཞུམ་གོ་བགོས་ཡོན་ཏན་བརྙེས་པ་ལ། །བསྐལ་བཟང་སེམས་དཔའ་རྣམས་ཀྱི་ནང་ན་ཡང༌། །ཁྱོད་འདྲའི་རྒྱལ་སྲས་གཅིག་ཀྱང་མེད་པར་གསུངས། །དེ་ཕྱིར་ཁྱོད་ནི་ལམ་ལ་སློབ་ཚེ་ཡང༌། ། 2-3-19b རྒྱ་ཆེན་སྤྱོད་པའི་རྒྱན་གྱིས་རབ་མཛེས་པས། །བློ་ལྡན་ཕལ་ཆེར་ཟིལ་གྱིས་མནན་མཛད་ནས། །སྤྱོད་མཆོག་མཐར་ཕྱིན་མཛད་ལ་ཕྱག་འཚལ་ལོ།། ༈ །།སྭ་སྟི། གདེངས་ཅན་དབང་པོས་བཟུང་བའི་འདབ་བརྒྱ་པ། །ཡིད་འོང་གེ་སར་སྟེང་ན་གང་གི་ སྐུ། །མཚན་དཔེའི་དཔལ་གྱིས་ཀུན་ནས་ལྷམ་མེ་བ། །ཐུབ་པ་གསེར་ཞུན་སྐུ་མངའ་དེ་ལ་འདུད། །ཁྱོད་སྐུ་མཐོང་བར་གྱུར་པ་ཙམ་ལ་ཡང༌། །སྲིད་པའི་འཆིང་བ་བཅད་པའི་རྣམ་གྲོལ་བདེ། །བདེ་བླག་ཉིད་དུ་སྟེར་མཛད་བདེ་གཤེགས་མཆོག ། མཐོང་བ་དོན་ལྡན་ཁྱོད་ལ་ཕྱག་འཚལ་ལོ།། ༈ །།སྭ་སྟི། ཀུན་ནས་ཡོངས་སུ་དག་པའི་འཇིག་རྟེན་དུ། །རྣམ་པར་སྦྱོར་བ་ཞེས་བྱའི་བསྐལ་པ་ལ། །སྟོབས་བཅུའི་གོ་འཕང་མཆོག་ལ་རེག་འགྱུར་བ། །རྒྱལ་བ་རྡོ་རྗེ་རྣམ་གནོན་ལ་ཕྱག་འཚལ། །ཐེག་མཆོག་ གཏམ་གྱིས་འགྲོ་ལ་འདོམས་པ་ན། །ཞིང་ཀུན་འགེངས་པའི་འོད་དཔུང་ཕྱོགས་བཅུར་འགྱེད། །དེ་ཚེ་ལྷ་མི་རྣམས་ནི་རྫུ་འཕྲུལ་དང༌། །བདེ་གཤེགས་མཐུ་ཡིས་རྒྱལ་བའི་དྲུང་དུ་ལྷགས། །དེ་ནས་ཏ་ལ་བདུན་གྱི་སྲིད་ཙམ་དུ། །མཁའ་ལ་འཕགས་ཤིང་གླིང་བཞི་ཆེན་པོའི་ ཁྱོན། །སྐུ་ཡིས་ཁྱབ་མཛད་ཡིད་འཕྲོག་གསུང་དབྱངས་ཀྱིས། །ཀུན་གྱི་བསམ་པ་ཚིམ་མཛད་དེ་ལ་འདུད།། ༈ །།སྭ་སྟི། རླབས་ཆེན་སྨོན་ལམ་བཅུ་གཉིས་གྲུབ་པ་ཡིས། །མཚན་ཙམ་ཐོས་པས་ཉེར་འཚེ་ཐམས་ཅད་འཇོམས། །འགྲོ་བའི་ཟུག་རྔུ་དྲུངས་འབྱིན་ སྨན་པའི་མཆོག །བདེ་གཤེགས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །མི་མཇེད་ཞིང་ནས་ཤར་གྱི་ཕྱོགས་ཉིད་དུ། །གངྒཱའི་ཀླུང་བཅུའི་ཞིང་གི་བྱེ་མ་སྙེད། །འདས་པའི་ཞིང་ན་ངོ་མཚར་རྨད་ཀྱི་ཞིང༌། །བཻ་ཌཱུརྱ་ལྟར་སྣང་བའི་ཞིང་མཆོག་ཡོད། །དེ་ན་སྟོབས་བཅུ་མངའ་བ་སྨན་ 2-3-20a གྱི་བླ། །རང་གི་དམ་ཆོས་མཛོད་འཛིན་ཉི་ཟླ་ལྟར། །སྣང་བྱེད་སྲས་ཀྱི་ཐུ་བོ་གཉིས་ལ་སོགས། །དཔག་མེད་འཁོར་གྱི་དབུས་ན་ཆོས་སྒྲ་སྒྲོགས། །དྲི་མེད་བཻ་ཌཱུརྱ་ཡི་རི་བོ་བཞིན། །གསལ་མཛེས་དག་པའི་སྐུ་ལས་བྱུང་བ་ཡི། །རྒྱ་ཆེན་འོད་ཀྱིས་ཞིང་ཀུན་ གསལ་མཛད་པ། །འོད་ཀྱི་རྒྱལ་པོ་ཁྱོད་ལ་ཕྱག་འཚལ་ལོ།། ༈ །།སྭ་སྟི། ཐབས་ལ་མཁས་པའི་ཚད་མེད་ཐུགས་རྗེ་ཅན། །གཅིག་ཏུ་བསྡུས་པ་འཕགས་མཆོག་ཐུགས་རྗེའི་ལྷ། །འགྲོ་བའི་གཉེན་གཅིག་རྗེ་བཙུན་སྤྱན་རས་གཟིགས། །ཐུགས་རྗེ་ཆེན་པོ་ ཁྱོད་ལ་ཕྱག་འཚལ་ལོ། །གངས་རིའི་དབང་པོ་ལྟར་མཛེས་སྐུ་ཡི་བྱན། །ཉམ་ཐག་འགྲོ་བའི་དོན་དུ་བཞེངས་པ་ནི། །འོ་མའི་མཚོ་ཆེན་འཁྱིལ་བའི་མཐའ་ཀུན་ཏུ། །པདྨ་དམར་པོའི་ཕྲེང་བས་བསྐོར་བ་བཞིན། །དྲི་མེད་སྤྱན་གྱིས་གཟིགས་པའི་འགྲོ་བ་ཀུན། །ཐུཌ་ རྗེའི་ཕྱག་གིས་དྲངས་ནས་སྐྱོབ་མཛད་པ། །སྐྱོབ་པ་འོད་དཔག་མེད་པའི་སྲས་ཀྱི་མཆོག །སྤྱན་སྟོང་མངའ་བ་ཁྱོད་ལ་ཕྱག་འཚལ་ལོ།། ༈ །།སྭ་སྟི། མཆོག་ཏུ་དུལ་བའི་རི་དྭགས་ལྤགས་པ་ཕྲག་པ་གཡོན་ནས་སེ་རལ་ཁར་འཛིན་ཅིང༌། །བུང་བ་ལྟར་ གནག་རལ་པའི་ཁུར་གྱིས་མཛེས་ཤིང་ཟླ་ཟེར་དུང་ལྟར་དཀར། །བུད་མེད་སྐེམ་པའི་མཛེས་པའི་སྐེད་སྐབས་གཡོན་གྱི་ཕྱོགས་སུ་ཡིད་ཙམ་འཁྱོགས། །པད་ཟླའི་སྟེང་ན་གཡས་རོལ་སྟབས་ཀྱིས་ཀུན་ནས་བརྗིད་པའི་འགྱིང་བག་ཅན། །ཕྱག་གཡས་མཆོག་ སྦྱིན་སྤྲིན་གྱིས་བདུད་རྩིའི་ཆར་འབེབས་ཡི་དྭགས་རེ་བ་སྐོང༌། །ཉེས་བརྒྱས་གོས་པ་མེད་མཚོན་པད་དཀར་སྡོང་བུ་གཡོན་གྱིས་ཐུགས་ཀར་འཛིན། །མཐོང་ཐོས་དྲན་པ་ཙམ་གྱིས་སྲིད་པའི་འདམ་ནས་འགྲོ་བ་འདྲེན་མཛད་པ། །ཁ་སརྦ་ཎི་བདག་གི་ཡིད་ 2-3-20b ལ་དེང་ནས་འབྲལ་བ་མེད་གྱུར་ཅིག།། ༈ །།ན་མཿཤྲཱི་གུ་རུ་མཉྫུ་གྷོ་ཥཱ་ཡ། མཉེས་གཤིན་བྱམས་པས་རྟག་ཏུ་བརླན་ཡང་ནག་པོའི་རྩ་ལག་སྲེག །ཤིན་ཏུ་བཅད་དཀའི་འཆིང་བ་བཅད་ཀྱང་སྙིང་རྗེས་དམ་དུ་བཅིངས། །ཞི་བའི་བཏང་སྙོམས་ རྒྱུན་དུ་ལྡན་ཡང་བདག་པས་གཞན་ལ་གཅེས། །འཇམ་དབྱངས་ཞབས་ལ་གུས་པས་བཏུད་ནས་མི་ཕམ་མགོན་ལ་བསྟོད། །གདོང་བཞིས་མང་པོའི་ཞལ་ནས་རབ་ཏུ་བསྔགས། །སྤྱན་སྟོང་ལྡན་པས་དང་བས་རྒྱུན་དུ་་་ལྟ། །དགའ་མའི་བདག་པོས་དྲེགས་ པ་བཏང་ནས་བཏུད། །རྒྱལ་ཚབ་ཞབས་ལ་གུས་པས་ཕྱག་བགྱིའོ། །དང་བའི་མཚོ་ལ་འདབ་བརྒྱ་པ་སྟེ་དེ་ཉིད་ལ་ཡང་ཉིད་བྱེད་འོད། །དག་པའི་མཁའ་ལ་རྒྱུ་སྐར་མགོན་ཏེ་དེས་ཀྱང་ཀུན་དེའི་ཚལ་ལ་བཞིན། །མཚན་དཔེའི་ཕྲེང་བས་གང་སྐུ་མཐོང་ མ་ཐག་ཏུ་འགྲོ་བའི་ཡིད་འཕྲོག་པ། །བྱམས་མགོན་ཞབས་པད་སྐྱེ་ཞིང་སྐྱེ་བར་བདག་གི་གཙུག་ན་མཛེས་གྱུར་ཅིག །བདུད་འཇོམས་འཁོར་དུ་འཇིགས་པ་ཀུན་དང་བྲལ། །མཚུངས་མེད་དཔའ་བོ་སྲིད་གསུམ་སྟོན་པ་མཆོག །ཉམ་ངར་ལྷུང་བའི་ འགྲོ་ལ་རྟག་ཏུ་གཟིགས། །རྣམ་འདྲེན་ཁྱོད་ཀྱི་ཞབས་ལ་ཕྱག་འཚལ་ལོ། །མཐའ་ཡས་ཤེས་བྱར་ཐོགས་པ་མེད་འཇུག་པའི། །མཁྱེན་པའི་སྟོབས་ཀྱིས་མ་རུངས་བདུད་ཀྱི་སྡེ། །གནམ་ལྕགས་བབ་པའི་མེ་ཏོག་གཞོན་ནུ་བཞིན། །ཕམ་མཛད་ སྟོབས་བཅུའི་དཔལ་གྱིས་བརྗིད་པ་ཁྱོད། །ཕས་རྒོལ་གླང་པོ་དྲེགས་པའི་ཀླད་འགེམས་ཤིང༌། །ལེགས་བཤད་སྒྲ་ཆེན་འཁོར་དབུས་བསྒྲགས་པ་ཡིས། །སྨྲ་བ་ངན་པའི་ཝ་སྐྱེས་མཐར་མཛད་པའི། །མི་འཇིགས་བཞི་ལྡན་མི་ཡི་སེང་གེ་ཁྱོད། །ཁེངས་ 2-3-21a བས་མཐོ་བའི་འཇིག་རྟེན་མེས་པོ་དང༌། །ཉག་ཕྲན་བདག་པོ་དགེ་སྦྱོང་བྲམ་ཟེ་སོགས། །གང་གིས་སྨྲ་བར་མ་ནུས་འཁོར་ལོ་མཆོག །བསྐོར་བས་འགྲོ་ལ་བྱམས་པའི་མགོན་པོ་ཁྱོད། །སྐུ་དང་གསུང་ལ་འཁྲུལ་པའི་མིང་ཡང་མེད། །དྲན་པ་མ་ ཉམས་རྟག་ཏུ་མཉམ་པར་བཞག །ཐ་དད་འཛིན་པ་མ་བརྟགས་བཏང་སྙོམས་ཀྱིས། །དབེན་ཕྱིར་ཁྱོད་ཀྱི་སྤྱོད་པ་ཡོངས་སུ་དག །འདུན་པ་དང་ནི་བརྩོན་འགྲུས་དྲན་པ་དང༌། །ཏིང་འཛིན་ཤེས་རབ་རྣམ་པར་གྲོལ་བ་ལ། །ཉམས་པའི་གོ་སྐབས་མ་ལུས་རིང་དུ་ མཛད། །དེ་ཕྱིར་ཁྱོད་ཀྱི་རྟོགས་པ་བླ་ན་མེད། །དུས་གསུམ་ཐམས་ཅད་ཆགས་ཐོགས་མེད་པར་མཁྱེན། །སྐུ་གསུང་ཐུགས་ཀྱི་འཕྲིན་ལས་རྣམ་པར་དག །སྲིད་པའི་ཕྱི་མཐའ་ཇི་སྲིད་འགྲོ་བའི་དོན། །མཛད་པའི་ཁུར་གྱིས་དགྱེས་བཞིན་འཇུག་པ་ཁྱོད། །རྒྱ་ཆེའི་ཡོན་ཏན་ ཕུང་པོ་རབ་རྫོགས་པས། །ཕྲ་མོའི་སྐྱོན་ཡང་འཇུག་པའི་སྐབས་བཅོམ་པ། །ཁྱོད་ཀྱི་བརྩེ་བའི་ཡུལ་དུ་གྱུར་པ་དག །སྨྲེ་སྔགས་སྒོ་ནས་སྨྲ་ལ་ཡུད་ཙམ་དགོངས། །སྡུག་བསྔལ་རྒྱ་མཚོ་ཆེ་ལས་སྒྲོལ་བའི་གྲུ། །དལ་འབྱོར་ཚང་བའི་རྟེན་འདི་ཡིན་ན་ཡང༌། །བག་མེད་ ལེ་ལོ་གཉིད་དང་བྲེ་མོའི་གཏམ། །རྙེད་བཀུར་འདོད་པའི་སྐྱོན་གྱིས་སྦགས་པ་ཡིས། །དོན་མེད་ཕྱོགས་སུ་བཀོལ་བས་དོན་ཆེན་པོ། །བདེ་བླག་བསྒྲུབ་པའི་ལུས་བཟང་ཆུད་གསོན་པ། །མི་ཡི་ཤ་ཚུགས་ཕྱུགས་ཀྱི་འདུ་ཤེས་ཅན། །བདག་ལ་ཁྱོད་ཀྱི་ཐུགས་རྗེས་གཟིགས་ སུ་གསོལ། །རྙེད་དཀའ་དོན་ཆེའི་དལ་འབྱོར་ཐོབ་པ་ཡང༌། །སྟོབས་ཀྱིས་མི་བཟློག་འབྲོས་པར་མི་ནུས་པའི། །སྟོབས་ལྡན་འཆི་བདག་ཕོ་ཉ་བཀྱེ་བ་དང༌། །ན་དང་རྒ་བས་ཟིན་པར་མཐོང་ན་ཡང༌། །ནམ་འཆི་ངེས་མེད་འཆི་བའི་དུས་ཀྱི་ཚེ། །ཐམས་ཅད་བོར་ནས་འགྲོ་ 2-3-21b བ་མ་དྲན་པར། །ལོ་ཟླ་ཞག་རྣམས་དོན་མེད་འདའ་བྱེད་པའི། །རབ་རྨོངས་བདག་ལ་བརྩེ་བའི་དུས་ལ་བབ། །ངེས་པར་ལེགས་པའི་གོ་འཕང་སྨོས་ཅི་དགོས། །ལམ་གྱི་རྟེན་དུ་ཐུབ་པས་བསྔགས་པ་ཡི། །མཐོ་རིས་ཙམ་ཡང་ཐོབ་པའི་གདེང་མེད་པ། །བདག་ལ་ཁྱེད་ ཀྱིས་བཏང་སྙོམས་མཛད་ལགས་སམ། །མཐོ་རིས་དཔལ་དང་ལྡན་པའི་ལུས་ཐོབ་ཀྱང༌། །གསུང་རབ་ཚུལ་བཞིན་འབྱེད་པའི་ཤེས་རབ་ཀྱིས། །མ་ནོར་ལམ་བཟང་རྙེད་པར་མ་གྱུར་ན། །སླར་ཡང་འཁོར་བའི་རྒྱ་མཚོ་ཉིད་དུ་ལྟུང༌། །དེ་ཕྱིར་གཏི་མུག་མུན་པའི་ སྨག་ཆེན་གྱིས། །ཡུན་རིང་དུས་སུ་བསྒྲིབས་པས་བླང་དོར་གནས། །ཇི་བཞིན་འབྱེད་ལ་ཀུན་ནས་འཐོམས་གྱུར་པ། །བདག་ལ་ཤེས་རབ་སྒྲོན་མེ་སྩལ་དུ་གསོལ། །རབ་འབར་ལྕགས་ཀྱི་ས་གཞིར་མེ་ལྕེས་སྲེག་ཅིང་ལུས་ལ་མཚོན་ཆའི་ཆར་པ་འབབ། ། གཤིན་རྗེའི་སྐྱེས་བུས་གསལ་ཤིང་ལ་བསྐྱོན་ཟངས་ཞུན་ལྡུད་ཅིང་ཕུར་བུས་ལྕེ་ལ་འདེབས། །གངས་རིས་བསྐོར་བའི་འཁྱག་པའི་སྦུབས་ཆུད་བུ་ཡུག་འཚུབས་པའི་རླུང་གིས་བཏབ་པ་ཡིས། །ལ་ལར་ཆུ་བུར་བརྒྱ་བྱུང་ལ་ལར་རྡོལ་ཞིང་ལུས་ནི་ཚལ་ བ་དུ་མར་གས། །གདོང་ནི་སྐྲས་ཁེབས་ཁ་ནི་སྐམས་ཤིང་ཆུ་ཀླུང་མཐོང་སྟེ་བཏུང་ཕྱིར་རྒྱུགས་པ་ན། །རལ་གྲི་མདུང་རྣམས་ཐོགས་པའི་སྐྱེས་བུས་འགེགས་ཤིང་ཆུ་ཡང་རྣག་ཁྲག་ཉིད་དུ་མཐོང༌། །ཁ་ནི་ཁབ་ཀྱི་མིག་ཙམ་ལྦ་བས་མགྲིན་འགགས་ཟས་ སྐོམ་རྙེད་ཀྱང་སྤྱོད་མི་ནུས། །ཟོས་ཤིང་འཐུང་རྣམས་འབར་ནས་ཚིག་ཅིང་བཤང་གཅིས་འཚོ་ལ་རང་ཤ་བཅད་དེ་ཟ། །རྨོངས་པའི་མུན་ཆེན་འཐིབས་པས་ལམ་དང་ལམ་མིན་འབྱེད་ལ་བློ་ཡི་ནུས་པ་བྲལ། །གཅིག་ལ་གཅིག་གསོད་ལྷ་མིའི་གཞན་ 2-3-22a དབང་གྱུར་པས་བརྡེག་དང་བཀོལ་བའི་སྡུག་བསྔལ་འབབ། །ལྷ་རྣམས་དཔལ་ལ་འཁྲུག་པའི་ཕྲག་དོག་མེ་ཆེན་འབར་བས་ཡིད་བདེའི་གོ་སྐབས་བཅོམ། །འཐབ་རྩོད་ལས་བྱུང་ལུས་བཅད་དྲལ་ཅིང་གཡོ་སྒྱུས་བསླད་པས་བདེན་མཐོང་ སྐལ་བ་མེད། །དེ་ལྟར་མཐོང་བ་ལྟ་ཞོག་ཐོས་ན་ཡང༌། །སྙིང་ལ་འཇིགས་བསྐྱེད་སྐྱི་ནི་གཡའ་བ་ཡི། །དམྱལ་བ་ཡི་དྭགས་དུད་འགྲོ་ལྷ་མིན་གྱི། །གཡང་ས་ཆེན་པོ་དག་ཏུ་ལྟུང་འགྱུར་བའི། །དམ་པས་སྨད་པའི་མི་བཟད་སྡིག་པའི་ལས། །ཐོག་མེད་དུས་ནས་ བསགས་ཤིང་གསོག་འགྱུར་བ། །གཡང་ས་ཆེན་པོར་མངོན་ཕྱོགས་ཉམ་ཐག་བདག །ངན་འགྲོའི་འཇིགས་ལས་སྒྲོལ་བའི་དུས་ལ་བབ། །མི་ཡི་གནས་ནའང་ལོངས་སྤྱོད་དབང་ཕྱུག་གིས། །མངོན་པར་མཐོ་ན་ཉམས་ཀྱི་དོགས་པ་དང༌། །མཐོ་རིས་ཡོན་ ཏན་འབྱོར་པས་ཕོངས་པ་ན། །འདོད་བདེ་འཚོལ་བར་འགྱུར་བས་ཤ་ཐང་ངོ༌། །བདེ་བར་འདོད་ནས་དེ་ཡི་ཐབས་བསྒྲུབས་པས། །བདེ་བ་ཐོབ་པ་དེ་ལས་ཆེས་ལྷག་པའི། །ལུས་ཀྱི་སྡུག་བསྔལ་སེམས་ཀྱི་ཡིད་མི་བདེ། །རྣམ་པ་དུ་མས་ཀུན་ནས་མནར་བར་འགྱུར། ། ལུས་མཛེས་རིན་ཆེན་རྒྱན་གྱིས་རབ་བརྒྱན་ནས། །ཁང་བཟང་དགའ་བའི་ཚལ་དུ་གནས་བཅས་ཤིང༌། །ཡུན་རིང་འདོད་པའི་བདེ་ལ་ལོངས་སྤྱོད་པ། །མཐོ་རིས་དཔལ་ལ་རོལ་པའི་ལྷ་རྣམས་ཀྱང༌། །མི་འདོད་འཆི་བའི་ལྟས་ཀྱིས་ཟིན་པ་ན། །ཡིད་འཕྲོག་སྙིང་ ལ་གཅགས་པར་གྱུར་པ་ཡི། །ལྷ་ཡི་མཛེས་མ་ཡིད་འོང་སྐྱེད་མོས་ཚལ། །བདུད་རྩི་ཁ་ཟས་གོས་བཟང་མཛེས་པའི་རྒྱན། །ལྟ་བུ་གཞོན་ནུ་རྣམས་དང་མྱུར་དུ་བདག །མི་འདོད་བཞིན་དུ་འབྲལ་བར་མཐོང་བའི་ཚེ། །གནས་དེར་སྐྱེས་པའི་ལུས་ཀྱི་བདེ་ 2-3-22b བ་ལས། །ཆེས་ཆེར་ལྷག་པའི་ཡིད་ཀྱི་སྡུག་བསྔལ་གྱིས། །བསྐྱེད་པའི་མྱ་ངན་མེ་ལྕེ་འབར་བས་བསྲེག །ཚེ་རབས་མང་པོར་ལེགས་པར་སྤྱད་པའི་ལས། །འབད་པས་བསྒྲུབས་པའི་འབྲས་བུ་སྤྱད་པས་ཟད། །བག་མེད་དབང་གིས་ངན་འགྲོའི་རྒྱུ་བསྒྲུབས་པས། །སླར་ ཡང་ངན་སོང་གནས་སུ་ལྟུང་བར་འགྱུར། །འདོད་ལ་འདུན་པའི་རྣམ་རྟོག་གནོད་སེམས་མེད། །གཉིད་དང་ཡིད་ལ་གདུང་བའི་སྤྱོད་པ་སྤང༌། །ལུས་དང་སེམས་ལ་གནོད་པའི་སྡུག་བསྔལ་བྲལ། །ཏིང་འཛིན་སྟོབས་ཀྱིས་ཡུན་རིང་བདེར་གནས་པ། །གཟུགས་དང་ གཟུགས་མེད་ལྷ་ཡི་གནས་ཐོབ་ཀྱང༌། །འདུ་བྱེད་སྡུག་བསྔལ་འཆིང་ལས་མ་གྲོལ་བས། །སྔོན་གྱི་ཏིང་འཛིན་འཕེན་པ་ཟད་པ་ན། །ཕྱིར་ཡང་འོག་ཏུ་ལྷུང་ནས་བརྒྱུད་མར་འཁོར། །དེ་ལྟར་འཁོར་བའི་གཙོ་བོ་ལྷ་མི་ཡང༌། །སྐྱེ་འཆི་ན་དང་རྒ་ལ་སོགས་པ་ཡི། ། སྡུག་བསྔལ་ཆུ་བོས་སྲིད་པའི་མཚོར་ཁྱེར་ན། །སྲིད་པའི་བདེ་ལ་ཆགས་པར་མི་རིགས་མོད། །འོན་ཀྱང་སྲེད་པས་བློ་མིག་བསྒྲིབས་པ་ཡིས། །སྡུག་བསྔལ་བདེ་བར་འཛིན་པའི་ལོག་ཤེས་ཅན། །ཕྱིན་ཅི་ལོག་གི་རྟོག་པས་བསྒྲིབས་པ་བདག །སྲིད་པའི་ཆུ་བོ་ཆེ་ ལས་བསྒྲལ་དུ་གསོལ། །འདོད་པའི་འདམ་དུ་བྱིང་བས་ཐར་པའི་ལམ་ལས་གོལ། །མ་རིག་འཐིབས་པོར་ཞུགས་པས་ཤེས་རབ་མིག་དང་བྲལ། །སྤྲོས་པའི་གཟེབ་ཏུ་ཚུད་པས་འཁོར་བའི་བཙོན་རར་བཅིངས། །ལས་ཀྱི་མནར་བ་བདག་ནི་ཁྱེད་ཀྱི་ཐུགས་རྗེའི་ གནས། །འཇིགས་རུང་འཁོར་བའི་གཡང་ས་འགེགས་པ་ལ། །དྲི་མེད་མང་དུ་ཐོས་ལ་བརྟེན་པ་ཡི། །ཚུལ་བཞིན་དཔྱོད་པའི་རྣམ་དག་རིགས་སྟོབས་ཀྱིས། །མཐའ་ཡས་གསུང་རབ་རྣམས་ཀྱི་དྲང་ངེས་ཚུལ། །ཇི་བཞིན་ཕྱེད་པས་གཞན་དྲིང་མི་འཇོག་པའི། ། 2-3-23a མཁས་པའི་གོ་འཕང་ངེས་པར་རྙེད་དགོས་ཀྱང༌། །རྒྱལ་བའི་དགོངས་པ་ཕྲ་མོ་སྨོས་ཅི་དགོས། །འཇུག་ལྡོག་གནས་ནི་ཤིན་ཏུ་རགས་པ་ལའང༌། །བདག་གི་བློ་མིག་ཆེས་ཆེར་གསལ་མ་གྱུར། །ད་དུང་རབ་རྨོངས་དགྲ་འདིས་བདག་གི་ སྙིང༌། །རིང་དུ་བསྒྲིབས་ན་གྲོལ་བའི་སྐབས་མེད་པ། །ཚུལ་འདི་དགོངས་ལ་སྙིང་གི་མུན་པ་སེལ། །རྒྱལ་བ་རྒྱལ་སྲས་སྤྱན་སྔར་རིག་གནས་ལ། །མང་ཐོས་རྒྱ་མཚོས་སྐྱེ་བ་དུ་མ་རུ། །ཡང་ཡང་སྦྱངས་པའི་བག་ཆགས་ལེགས་སད་པ། །འགྲོ་ལ་ལཾ་ བཟང་མཚོན་པའི་མིག་གཅིག་པུ། །སྔོན་གྱི་དམ་པ་རྣམས་ཀྱིས་ཡལ་བར་དོར། །དེ་ཕྱིར་མགོན་དང་བྲལ་བའི་ཕོངས་པ་བདག །ཕྱོགས་རྣམས་བསླད་པའི་འགྲོན་པོ་བཞིན་གྱུར་པས། །བརྩེ་ཆེན་ཁྱོད་ཀྱིས་རྗེས་སུ་བཟུང་བའི་དུས། །ཡང་དང་ ཡང་དུ་གུས་པས་བསྟེན་པའི་སྐྱབས། །བྱམས་པ་བྱམས་པས་འགྲོ་བ་སྒྲོལ་བ་ཁྱོད། །མྱུར་བ་མྱུར་བར་བྱོན་ནས་བདག་གི་ནི། །སྐྱེ་བ་སྐྱེ་བར་ཐེག་མཆོག་བཤེས་གཉེན་མཛོད། །རྟག་ཏུ་བརྩེ་བས་ལུས་ཅན་མཐའ་དག་ལ། །རྒྱུན་མི་ཆད་པར་ གཟིགས་པ་ཁྱོད་དྲུང་དུ། །ཁྱོད་ཀྱི་ཡོན་ཏན་དྲན་པས་དང་བའི་ཡིད། །ཉིན་རེ་བཞིན་དུ་སླེབ་པར་བགྱིས་ན་ཡང༌། །གནས་ཀྱིས་བསྐལ་ཞིང་སླར་ཡང་དབེན་པའི་རོ། །རབ་ཏུ་མྱང་ཕྱིར་ཐག་རིང་གནས་སུ་ནི། །འཇུག་པར་འདོད་པས་ལུས་ཀྱིས་བགྲོད་ མ་ནུས། །དེས་ན་བསོད་ནམས་ཤིང་གི་དམ་པ་ཁྱོད། །མཉེས་པར་བགྱི་སླད་ལྷག་བསམ་དག་པ་ཡིས། །རིན་ཆེན་ས་ལེ་སྦྲམ་དང་ལྷ་ཡི་དར། །དགེ་སློང་རྣམས་ལ་ཐུབ་པས་བསྔགས་པ་ཡི། །ཆོས་གོས་གསུམ་དང་གསིལ་བྱེད་དྲང་སྲོང་སྣོད། ། 2-3-23b གཞན་ཡང་ཏིང་འཛིན་སྨོན་ལམ་གྱིས་སྤྲུལ་པའི། །བཀོད་ལེགས་ཡིད་འཕྲོག་མཆོད་པ་ནམ་མཁའི་ཁྱོན། །ཡོངས་སུ་བཀང་སྟེ་རྐང་གཉིས་གཙོ་བོ་ལ། །ཞེན་མེད་མ་ཆགས་བློ་ཡིས་དབུལ་བར་བགྱི། །དེ་ལས་འོངས་པའི་རབ་དཀར་དགེ་བའི་ཚོགས། ། གང་དེས་སྲིད་པར་ཡུན་རིངས་འཁྱམས་པ་ན། །སྡུག་བསྔལ་བྱེ་བས་མནར་ཞིང་བདེ་བས་ཕོངས། །མ་ལུས་འགྲོ་བའི་སྐྱབས་སུ་བདག་གྱུར་ཅིག །འཇིག་རྟེན་འདྲེན་པའི་གོ་འཕང་དམ་པ་ལ། །རེག་པར་མ་གྱུར་སྐྱེ་བ་ཐམས་ཅད་དུ། །ཚངས་སྤྱོད་ཡོངས་སུ་དག་པའི་རབ་བྱུང་རྟེན། ། རྙེད་ནས་ཐེག་མཆོག་རིགས་ནི་སད་པར་ཤོག །བཟོད་ལྡན་དྲང་ཞིང་གྱ་གྱུ་མེད་པ་དང༌། །མ་ཞུམ་སྙིང་སྟོབས་ཤུགས་དྲག་དད་པ་དང༌། །གུས་དང་རྟག་ཏུ་སྦྱོར་བའི་བརྩོན་འགྲུས་དང༌། །རྣམ་དཔྱོད་ཤེས་རབ་ཕུལ་བྱུང་ཐོབ་པར་ཤོག །རྒྱལ་བའི་དགོངས་པ་རྣམ་དག་རིགས་སྟོབས་ ཀྱིས། །ཇི་བཞིན་རྙེད་ནས་རང་གིས་དགོངས་པ་ལྟར། །བརྩེ་བས་དྲངས་པའི་ཐབས་མཁས་སྤྱོད་པ་ཡིས། །གཞན་ལ་སྟོན་ལ་མཁས་པའི་མཐར་སོན་པའི། །བཤེས་གཉེན་བསྟེན་ནས་མང་ཐོས་རྒྱ་མཚོ་ལ། །རིང་དུ་སྦྱངས་པས་ཐེ་ཚོམ་ཀུན་བཅད་ནས། །ཐོས་པའི་དོན་རྣམས་ ཚུལ་བཞིན་བསྒྲུབས་པ་ཡིས། །བདེ་བར་གཤེགས་རྣམས་མཉེས་པར་བྱེད་པར་ཤོག །ཐུབ་པས་བཅས་པའི་མཚམས་ལས་མི་འདའ་ཞིང༌། །རྒྱལ་བའི་གདུང་འཚོབ་དགེ་བའི་བཤེས་ལ་གུས། །དབང་པོ་རབ་རྣོ་ལོག་སྒྲུབ་སྐྱོན་དང་བྲལ། །ཡོངས་སུ་དག་པའི་འཁོར་དང་ ལྡན་པར་ཤོག །ནག་པོའི་ཕྱོགས་ཀྱིས་ཡིད་ནི་བསྐྱོད་པ་ཡིས། །ཚོགས་པའི་ཆོས་སྤྱོད་དགའ་སྟོན་མྱོང་བའི་གེགས། །བདུད་ཀྱི་གཉེན་དུ་གྱུར་པའི་སྡིག་གྲོགས་དང༌། །སྐད་ཅིག་ཙམ་ཡང་ཕྲད་པར་མ་གྱུར་ཅིག །ཐུབ་དབང་རྗེས་སུ་གུས་པས་སློབ་པའི་ཚེ། །རླབས་ 2-3-24a ཆེན་སྤྱོད་པ་རྫོགས་པར་བྱེད་པའི་གེགས། །སྐལ་བ་ངན་པའི་རྗེས་འགྲོ་བདུད་ཀྱི་ལས། །བར་དུ་གཅོད་པའི་མིང་ཡང་མེད་པར་ཤོག །གང་དང་ལྡན་ན་དམ་པ་དགའ་བྱེད་པ། །དགེ་སྦྱོང་རྒྱན་དུ་འདྲེན་པས་བསྔགས་པ་ཡི། །བྱང་ཆུབ་སྤྱོད་པའི་རྗེས་སུ་མཐུན་པའི་རྐྱེན། །མ་ལུས་ ཐོགས་པ་མེད་པར་འགྲུབ་པར་ཤོག །བྱང་ཆུབ་སྤྱོད་ཚེ་གདུལ་བྱའི་གནས་ཀུན་ཡང༌། །རྣམ་དག་བསླབ་པས་བསྡམས་པའི་རབ་བྱུང་ལ། །འགོད་ཅིང་དེ་ལ་འོས་པའི་ཡོ་བྱད་རྣམས། །བསམས་པ་ཙམ་གྱིས་མ་ལུས་སྩོལ་བར་ཤོག །དེང་ནས་བརྩམས་ཏེ་ཚེ་རབས་ཐམས་ཅད་དུ། །ལུས་ངག་ ཡིད་ཀྱིས་རྩོམ་པ་གང་བགྱིས་པ། །དེ་དག་ཐམས་ཅད་མཐའ་ཡས་འགྲོ་བ་ལ། །གནས་སྐབས་ཀུན་ཏུ་ཕན་པའི་རྒྱུར་གྱུར་ཅིག །བུ་སྡུག་ཤི་བའི་དུས་ཀྱི་མ་བཞིན་དུ། །སྡུག་བསྔལ་ཀུན་གྱིས་མནར་བའི་འགྲོ་བ་ཀུན། རྟག་ཏུ་ཡིད་ལ་གཅགས་པའི་བརྩེ་བ་ཡིས། །བདོག་པ་ཐམས་ཅད་དེ་ལ་ གཏོང་བར་ཤོག །མོས་སྤྱོད་ས་ཡི་དྲི་མ་སྦྱོང་བ་ན། །འདས་དང་མ་འོངས་ད་ལྟར་བྱུང་བ་ཡི། །ཚུ་རོལ་མཐོང་བའི་རྒྱལ་སྲས་ནང་ན་བདག །གསེར་གྱི་ས་འཛིན་དབུས་ན་ལྷུན་པོ་བཞིན། །སྤྱན་དང་མངོན་ཤེས་མང་དུ་ཐོས་པ་སོགས། །ཡོན་ཏན་ཀུན་གྱིས་རབ་ཏུ་མཐོ་བ་དང༌། །བྱིས་པའི་རྒུད་ པ་ཀུན་ལས་འདས་གྱུར་ཏེ། །གཞན་དྲིང་མི་འཇོག་སྤོབས་པ་ཐོབ་པར་ཤོག །རྒྱལ་སྲས་འཕགས་པའི་ས་ལ་སློབ་པ་ན། །སར་གནས་དཔའ་བོ་དུས་གསུམ་ཐམས་ཅད་དུ། །ཡོངས་སུ་གཤེགས་པ་རྣམས་ཀྱི་ཁྲོད་ན་བདག །བྱ་ལམ་བགྲོད་ལ་འདབ་བཟང་དབང་པོ་བཞིན། ། རྒྱལ་སྲས་གཞན་གྱིས་དཔག་པར་དཀའ་བ་ཡི། །ཤིན་ཏུ་རྒྱ་ཆེའི་ཤེས་བྱའི་གནས་རྣམས་ལ། །དྲི་མེད་མཁྱེན་པ་ཐོགས་པ་མེད་འཇུག་ཅིང༌། །རླབས་ཆེན་སྤྱོད་པའི་གཏེར་དུ་འགྱུར་བར་ཤོག །དེ་ལྟར་སྤྱད་པའི་འབྲས་བུ་གྲུབ་པ་ན། །དུས་གསུམ་རྒྱལ་བ་ 2-3-24b རྣམས་ཀྱི་སྐུ་དང་ཞིང༌། །འཁོར་དང་མཛད་པ་སྐུ་ཚེ་སྨོན་ལམ་རྣམས། །གང་ཡིན་གཅིག་ཏུ་བསྡོམས་པ་དེ་དག་ཀུན། །ཐབས་མཁས་སྤྱོད་པས་ཡོངས་སུ་རྫོགས་གྱུར་ནས། །རིང་ནས་ཡིད་ལ་བརྣགས་པའི་འགྲོ་བ་འདི། །དམ་ཆོས་བདུད་རྩིའི་ཆར་ཆེན་ཕབ་པ་ ཡིས། །སྐད་ཅིག་གཅིག་ལ་བདག་གིས་སྒྲོལ་བར་ཤོག །ལྷ་དང་བཅས་པའི་འཇིག་རྟེན་ཀུན་གྱི་སྐྱབས་གཅིག་པུ་རྒྱལ་བ་བྱམས་པ་མགོན་པོ་ལ་སྨྲེ་སྔགས་ཀྱི་སྒོ་ནས་བསྟོད་པ་ཚངས་པའི་ཅོད་པན་ཞེས་བྱ་བ་འདི་ནི། མང་དུ་ཐོས་པའི་རྒྱལ་ཁམས་པ་བློ་བཟང་ གྲགས་པའི་དཔལ་གྱིས་ལྷོ་བྲག་སྟོད་རི་ཉི་ཤར་གྱི་དབེན་གནས་སུ་སྦྱར་བ་དགེ་ལེགས་སུ་གྱུར་ཅིག།། ༈ །།ན་མཿ ཤྲཱི་གུ་རུ་མཉྫུ་གྷོ་ཥཱ་ཡ། རིན་ཆེན་རི་བོ་བརྩེགས་པ་ལྟ་བུ་ཡི། །བསོད་ནམས་བྱེ་བ་བརྒྱས་བསྐྲུན་གང་གི་སྐུ། །རབ་བརྗིད་ཡིད་ འཕྲོག་འོད་འབར་ཁྲི་སྟེང་ན། །འགྲོ་བའི་བསོད་ནམས་ཞིང་དུ་ལྷམ་མེ་བ། །ས་བཅུའི་དབང་ཕྱུག་མཐའ་ཡས་འགྲོ་བའི་མགོན། །རྒྱལ་སྲས་གཙོ་བོ་བདེ་གཤེགས་འཁོར་གྱིས་བརྒྱན། །མ་བྱོན་སངས་རྒྱས་བྱམས་མགོན་ཆོས་ཀྱི་རྗེ། །རྒྱལ་བའི་རྒྱལ་ཚབ་ཅུང་ ཟད་བདག་ལ་གསོན། །ཤཱཀྱའི་དབང་པོས་རང་གི་འཁོར་རྣམས་ལ། །ཀུན་གཟིགས་སྤྱན་གྱིས་ལེགས་པར་བརྟགས་པ་ན། །ཁྱོད་ལས་ལྷག་པའི་རྒྱལ་སྲས་མ་གཟིགས་ནས། །རང་གི་རྒྱལ་ཚབ་ཉིད་དུ་ཁྱོད་དབང་བསྐུར། །དེ་ཕྱིར་རི་དྭགས་ཁྲོད་ན་སེང་གེ་ དང༌། །ཆོས་བཟང་མདུན་སར་མིག་སྟོང་ལྡན་པ་བཞིན། །བདེ་གཤེགས་འཁོར་ན་རྒྱལ་བའི་དབང་པོ་ཁྱོད། །ཀུན་ནས་ཕུལ་དུ་བྱུང་བར་རབ་ཏུ་མཐོང༌། །ས་གསུམ་དམ་ཆོས་འོད་ཀྱིས་རབ་འགེངས་ཤིང༌། །རྣམ་གྲོལ་འབྲས་བུ་མ་ལུས་སྨིན་པར་མཛད། ། 2-3-25a སྐལ་ལྡན་པདྨོའི་ཚལ་ཀུན་རྒྱས་བྱེད་པ། །ཐུབ་དབང་ཉི་མའི་དཀྱིལ་འཁོར་ནུབ་ལགས་ན། །དགེ་ལེགས་ཆ་ཤས་ཡོངས་སུ་རྫོགས་གྱུར་ཅིག །འཕྲིན་ལས་བསིལ་ཟེར་ཕྱོགས་བཅུར་རབ་འཕྲོས་པས། །ཕན་བདེ་ཀུ་མུད་ཟེའུ་འབྲུ་གསལ་མཛད་པ། །རྒྱལ་ཚབ་ ཟླ་བ་བཏང་སྙོམས་མཛད་ལགས་སམ། །མ་ལུས་སེམས་ཅམ་བདེ་ལ་དགོད་ཕྱིར་དུ། །རབ་འབྱམས་ཞིང་གི་རྒྱལ་བ་ཐམས་ཅད་ཀྱིས། །འོད་ཟེར་ཆེན་པོའི་དབང་གིས་མགོན་ཁྱོད་ལ། །ཆོས་ཀྱི་རྒྱལ་སྲིད་གཏད་པ་དགོངས་པར་རིགས། །གང་ཚེ་ཁྱོད་ཀྱི་དབང་བསྐུར་ས་བརྙེས་ཚེ། ། གྲངས་མེད་འབུམ་ཕྲག་བཅུ་ཡི་ཏིང་འཛིན་དང༌། །ཀུན་མཁྱེན་ཡེ་ཤེས་ཉིད་དུ་དབང་བསྐུར་བའི། །ཏིང་ངེ་འཛིན་རྣམས་མངོན་དུ་གྱུར་པའི་མཐར། །སྟོང་གསུམ་འབུམ་ཕྲག་བཅུ་ཡི་རྡུལ་སྙེད་ཀྱི། །པདྨོའི་འཁོར་གྱིས་བསྐོར་བའི་པདྨ་ནི། །རྩ་བ་རིན་ཆེན་ལྟེ་བ་ཙན་དན་ མཆོག །ཟེའུ་འབྲུ་རྡོ་ཡི་སྙིང་པོ་ལོ་མ་ནི། །འཛམ་བུ་ཆུ་བོའི་གསེར་ལྟར་ཀུན་ཏུ་སྣང༌། །རིན་ཆེན་ཀུན་གྱིས་རབ་སྤྲས་འདབ་བརྒྱ་འབྱེད། །རིན་ཆེན་དྲ་བས་ཀུན་ནས་གཡོགས་པ་ལ། །དེ་དང་འཚམ་པར་ཁྱོད་སྐུ་བཞུགས་པ་ནི། །འཁོར་གྱི་པདྨར་དེ་སྙེད་རྒྱལ་བའི་སྲས། ། ཁྱོད་ཀྱི་ཞལ་དུ་ཕྱོགས་ནས་འཁོད་པ་རྣམས། །འབུམ་ཕྲག་བཅུ་ཡི་ཏིང་ངེ་འཛིན་ལ་རོལ། །དེ་ཚེ་ཁྱོད་ཀྱི་ཞབས་མཐིལ་པུས་མོ་དང༌། །ལྟེ་བ་རྩིབས་ལོགས་ཕྱག་གི་མཐིལ་གཉིས་ནས། །གྲངས་མེད་འབུམ་ཕྲག་བཅུ་ཡི་འོད་ཕྱུངས་ནས། །ངན་སོང་གསུམ་དང་མི་དང་ལྷ་ མིན་ལྷ། །གནས་ཀུན་སྣང་བྱས་སྡུག་བསྔལ་ཞི་བར་མཛད། །ཕྲག་པ་རྒྱབ་མགུལ་ཞལ་གྱི་སྒོ་རྣམས་ནས། །སྔར་གྱི་འོད་ཀྱིས་ཉན་རང་ས་དགུའི་བར། །བྱང་སེམས་གནས་རྣམས་སྣང་མཛད་རིམ་བཞིན་དུ། །ཆོས་སྣང་ཏིང་འཛིན་ཐབས་ཤེས་ཚུལ་རྣམས་བསྒྲུབས། ། 2-3-25b སྔར་བཞིན་མཛོད་སྤུ་ནས་ཕྱུངས་འོད་ཟེར་གྱིས། །ཕྱོགས་བཅུའི་བདུད་གནས་ཐམས་ཅད་ཟིལ་མནན་ནས། །དབང་བསྐུར་བརྙས་པའི་རྒྱལ་བའི་སྲས་རྣམས་ཀྱིས། །སྐུ་ཡི་དཀྱིལ་འཁོར་དག་ཏུ་ནུབ་པར་མཛོད། །ཡན་ལག་མཆོག་ལས་སྟོང་གསུམ་འབུམ་ཕྲག་བཅུའི། ། ཕྲ་རབ་རྡུལ་སྙེད་འོད་ཟེར་ཕྱུངས་ནས་ཀྱང༌། །བདེ་གཤེགས་འཁོར་གྱི་དཀྱིལ་འཁོར་སྣང་བྱས་ཏེ། །འཇིག་རྟེན་ལན་བཅུར་བསྐོར་ནས་བར་སྣང་ལ། །འོད་ཀྱི་དྲ་བའི་དཀྱིལ་འཁོར་ཆེན་པོ་ཡི། །ཀུན་བཟང་མཆོད་སྦྱིན་རྒྱ་མཚོའི་ཆར་ཕབ་ནས། །འཇིག་རྟེན་ལན་བཅུར་ བསྐོར་ནས་རྒྱལ་རྣམས་ཀྱི། །ཞབས་ཀྱི་མཐིལ་དུ་ཀུན་ནས་ནུབ་པར་གྱུར། །དེ་ནས་སྲས་བཅས་རྒྱལ་བས་དཔའ་བོ་ཁྱོད། །དབང་བསྐུར་དུས་ལ་བབ་པར་གཟིགས་གྱུར་ནས། །དབང་བསྐུར་ཐོབ་པའི་རྒྱལ་བ་སྲས་བཅས་ཀྱི། །རྡོ་རྗེ་དཔལ་བེའུ་བཀྲ་ཤིས་རི་མོ་ལས། ། གྲངས་མེད་འབུམ་ཕྲག་བཅུ་ཡི་འོད་ཟེར་གྱིས། །འཁོར་བཅས་འོད་ཕྱུངས་ཕྱོགས་ཀུན་སྣང་བྱས་ཏེ། །མུ་མེད་ཆོ་འཕྲུལ་བསྟན་ནས་ཁྱོད་ཀྱི་ནི། །རྡོ་རྗེ་དཔལ་བེའུ་བཀྲ་ཤིས་རྣམས་སུ་ནུབ། །དེ་ནས་དེ་མ་ཐག་ཏུ་ཁྱོད་ཀྱི་སྟོབས། །འབུམ་འགྱུར་ལས་ཀྱང་ལྷག་ པར་འཕེལ་བའི་ཚེ། །ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱི་མཛོད་སྤུ་ནས། །སྔར་བཞིན་འོད་ཀྱིས་ཞིང་ཀུན་སྣང་བྱས་ནས། །འཇིག་རྟེན་ལན་བཅུ་བསྐོར་ཏེ་ཆོ་འཕྲུལ་བསྟན། །བྱང་སེམས་བྱེ་བ་མང་བསྐུལ་ཞིང་ཀུན་བསྐྱོད། །ངན་འགྲོ་ཞི་མཛད་བདུད་རྣམས་ཟིལ་མནན་ཏེ། །བདེ་ གཤེགས་རྣམས་ཀྱི་གདན་ཀུན་རབ་བསྟན་ནས། །འོད་ཟེར་གཙོ་བོ་ཁྱོད་ཀྱི་སྤྱི་བོ་དང༌། །འཁོར་གྱི་འོད་ཟེར་འཁོར་གྱི་སྤྱི་བོར་ནུབ། །དེ་ཚེ་བྱང་སེམས་རྣམས་ཀྱིས་སྔོན་མེད་པའི། །སྟོང་ཕྲག་བཅུ་ཡི་ཏིང་འཛིན་ཐོབ་པར་གྱུར། །དེ་ལྟར་གླང་པོ་རིན་ཆེན་གསེར་ཁྲི་ 2-3-26a ཡིས། །བརྒྱན་པའི་སྟེང་དུ་འཁོར་ལོས་སྒྱུར་བའི་སྲས། །རྒྱ་མཚོ་བཞི་ཡི་ཆུས་བཀང་གསེར་བུམ་གྱིས། །སྤྱི་བོའི་གནས་ནས་རྒྱས་པར་དབང་བསྐུར་བ། །དེ་བཞིན་ཐུབ་པའི་ཆོས་ཀྱི་རྒྱལ་ཚབ་ཏུ། །མངོན་པར་དབང་བསྐུར་ཁྱོད་ཀྱིས་འཁོར་ བ་རུ། །ལས་ཀྱིས་ཀུན་ནས་མནར་བའི་སེམས་ཅན་ཀུན། །ཟག་མེད་བདེ་བའི་དཔལ་ལ་འགོད་དུ་གསོལ། །ཕུལ་བྱུང་དད་པའི་མཛེས་སྡུག་ལག་པ་ཡིས། །ཡོན་ཏན་མེ་ཏོག་ཚིག་སྙན་སྲད་བུ་ལ། །ལེགས་པར་བརྒྱུས་པའི་བསྟོད་པའི་ཕྲེང་བ་འདི། ། ཁྱོད་མཉེས་བགྱིད་པའི་སླད་དུ་བདག་གིས་དབུལ། །དེ་ཡིས་མཚོན་ནས་བདག་གིས་དགེ་བ་གང༌། །བགྱིས་དང་བགྱིད་སྩལ་རྗེས་སུ་ཡི་རང་ཀུན། །གཅིག་ཏུ་བསྡོམས་པ་འདི་ཡི་ཁྱོད་ཀྱི་ཞལ། །མྱུར་དུ་མཐོང་ཞིང་ཐེ་ཚོམ་ཆོད་པར་ཤོག །བདེ་མེད་ སྡུག་བསྔལ་བརྒྱ་ཡིས་གཙེས་པ་ཡི། །འཁོར་བའི་ཕུན་ཚོགས་ཡིད་ལ་དྲན་ཙམ་གྱིས། །ལྕགས་ཁང་འབར་བའི་ནང་དུ་ཚུད་པ་ལྟར། ཡིད་ལ་འདོད་པ་ཏིལ་ཙམ་མེད་པར་ཤོག །མཛའ་བོས་ཟོལ་གྱིས་བསླུས་ནས་སྲོག་འཕྲོག་ལྟར། །ཕན་ལྟར་བཅོས་ ནས་ཡང་དག་ལམ་འཕྲོག་པའི། །རང་བདེ་འདོད་པ་དུག་བཞིན་སྤངས་ནས་སུ། །བྱང་ཆུབ་སེམས་དང་འབྲལ་བར་མ་གྱུར་ཅིག །ཀུན་ནས་ཉོན་མོངས་རྣམ་པར་བྱང་བ་ཡི། །མི་འདྲའི་རྒྱུ་འབྲས་ཕན་ཚུན་མི་འཁྲུལ་བ། །མཐོང་བ་ཙམ་གྱིས་མཐར་འཛིན་ འཇིག་འགྱུར་བའི། །རྟེན་འབྲེལ་ཟབ་མོའི་དེ་ཉིད་རྟོགས་པར་ཤོག །རྣོ་ཞིང་ཆེ་ལ་ཞིབ་པའི་ཤེས་རབ་ཀྱིས། །སྲིད་གསུམ་སྟོན་པས་གྲངས་མེད་གདུལ་བྱ་ཡི། །བསམ་པ་ཇི་བཞིན་གསུངས་པའི་མདོ་རྒྱུད་ཀྱི། །དྲང་ངེས་མ་ལུས་ཇི་བཞིན་རྟོགས་པར་ 2-3-26b ཤོག །རྒྱལ་བའི་གསུང་ལ་རྣམ་དག་རིགས་པ་ཡིས། །ཡིད་ཆེས་ཆུང་ཟད་རྙེད་ནས་མང་ཐོས་དོན། །ཚུལ་བཞིན་བསྒྲུབ་ཕྱིར་དབེན་པ་བསྟེན་འདོད་བདག །བསྒྲུབ་པའི་བྱ་བ་ཕ་མཐར་ཕྱིན་གྱུར་ཅིག །དེང་ནས་བཟུང་སྟེ་སྐྱེ་བ་ཐམས་ཅད་དུ། །བྱང་ཆུབ་སེམས་གཉིས་ འཕེལ་བའི་རྗེས་མཐུན་པ། །མ་གཏོགས་འཁོར་དང་རྙེད་བཀུར་གྲགས་པ་སོགས། །སྐད་ཅིག་ཙམ་ཡང་འབྱུང་བར་མ་གྱུར་ཅིག །སྒྲུབ་པ་སྙིང་པོར་བྱེད་པའི་མཐུན་པའི་རྐྱེན། །བཤེས་གཉེན་གནས་དང་གྲོགས་དང་ཚེ་དང་ནི། །འཚོ་བའི་ཡོ་བྱད་རྒྱལ་བས་གནང་ བ་རྣམས། །གཏུགས་པ་མེད་པར་བདེ་བླག་འགྲུབ་པར་ཤོག །རྨད་བྱུང་སྲས་བཅས་རྒྱལ་བའི་བྱིན་རླབས་དང༌། །རྟེན་འབྲེལ་བསླུ་བ་མེད་པའི་བདེན་པ་དང༌། །བདག་གི་ལྷག་བསམ་དག་པའི་མཐུ་སྟོབས་ཀྱིས། །རྣམ་དག་སྨོན་པའི་གནས་འདི་འགྲུབ་པར་ཤོག ། ཅེས་རྗེ་བཙུན་བྱམས་པ་མགོན་པོ་ལ་བསྟོད་པ་རིན་པོ་ཆེ་གསལ་བའི་སྒྲོན་མེ་ཞེས་བྱ་བ་འདི་ནི་མང་དུ་ཐོས་པའི་རྒྱལ་ཁམས་པ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས། གངས་ཅན་ཁྲོད་ཀྱི་གངས་རིའི་དབང་པོ་འོ་དེ་གུང་རྒྱལ་གྱི་ལྷ་ཞོལ་དུ་སྦྱར་བའི་ ཡི་གེ་པ་ནི་སྡེ་སྣོད་འཛིན་པ་རིན་ཆེན་རྒྱལ་མཚན་གྱིས་བགྱིས་སོ།། ༈ །།སྭ་སྟི། གསེར་བཟང་བཙོ་མའི་འོད་དཔུང་འཁྲིགས་པའི་སྐུ། །འདབ་སྟོང་འདབ་མ་རིང་དུ་རྒྱས་འདྲའི་སྤྱན། །རབ་མཛེས་ཁྲི་ལ་བཟང་པོའི་བཞུགས་སྟངས་ཅན། །མི་ཕམ་རྒྱལ་ བའི་ཞབས་ལ་ཕྱག་འཚལ་ལོ། །དཔག་ཚད་གཅིག་གི་འཕང་དང་ལྡན། །ཡལ་ག་གལ་བ་ཁོར་ཡུག་ཏུ། །རྒྱང་གྲགས་དྲུག་ཏུ་ཁྱབ་པ་ཡི། །ཀླུ་ཤིང་ཞེས་གྲགས་བྱང་ཆུབ་ཤིང༌། །དེ་དྲུང་བཞུགས་ནས་བདུད་རྩིའི་གོ་འཕང་མཆོག །གང་གི་མཚན་མོ་རབ་ཏུ་བྱོན་གྱུར་པ། །དེ་ཡི་མཚན་ 2-3-27a མོ་ཉིད་ལ་བརྙེས་གྱུར་པ། །བྱམས་མགོན་ཐུགས་རྗེའི་གཏེར་ལ་ཕྱག་འཚལ་ལོ། །སྐུ་ལ་འཕང་དུ་ཁྲུ་ནི་བརྒྱད་ཅུ་སྟེ། །ཞེང་དུ་ཉི་ཤུ་ཁྲུ་ཡི་ཚད་དང་ལྡན། །ཞལ་གྱི་དཀྱིལ་འཁོར་དེ་ཡི་ཕྱེད་ཀྱི་ཚད། །འཁོར་དབུས་སེང་གེའི་སྒྲ་སྒྲོགས་ཁྱོད་ལ་འདུད། །འདི་ ཡིས་མཚོན་ནས་བདག་གཞན་འགྲོ་བ་ཀུན། །ཤི་འཕོས་གྱུར་པའི་མོད་ལ་དགའ་ལྡན་དུ། །ཆོས་ཀྱིས་མཐོ་བའི་ཁང་བཟང་དེར་སྐྱེས་ནས། །མི་ཕམ་ཆོས་རྗེའི་སྲས་ཀྱི་ཐུ་བོར་ཤོག །ས་བཅུའི་དབང་ཕྱུག་རྒྱལ་ཚབ་འཛམ་གླིང་དུ། །སྟོབས་བཅུ་མངའ་བའི་གོ་འཕང་བརྙེས་ པའི་ཚེ། །གསུང་གི་བདུད་རྩི་ཐོག་མར་རབ་མྱངས་ནས། །རྒྱལ་བའི་མཛད་པ་མ་ལུས་མཐར་ཕྱིན་ཤོག །མི་ཕམ་མདུན་ས་རྫིང་ཇི་དགའ་ལྡན་གླིང༌། །གང་དེར་རྒྱལ་བས་བསྔགས་པའི་ཚངས་སྤྱོད་རྟེན། །སྐྱོན་བྲལ་ཚུལ་ཁྲིམས་ལྷུར་ལེན་ཤཱཀྱའི་སྲས། །ངུར་སྨྲིག་འཛིན་ པའི་སྡོམ་བརྩོན་ཤ་སྟག་གིས། །ཡོངས་སུ་གང་ཞིང་རབ་འབྱམས་གཞུང་ལུགས་ལ། །ཆོས་བརྒྱད་རྣམ་རྟོག་མཚན་མས་མི་གཡོ་བར། །བསྟན་དང་སེམས་ཅན་ཁུར་ཆེན་ཁྱེར་བའི་བློས། །མཁས་པའི་བྱ་བ་རྣམ་གསུམ་མཐར་ཕྱིན་ཤོག།། ༈ །།ན་མོ་གུ་རུ་མཉྫུ་གྷོ་ ཥཱ་ཡ། །ཟབ་ཡངས་མཁྱེན་པ་མཁའ་ལྟར་ཕ་མཐའ་ཡས། །དམིགས་མེད་ཐུགས་རྗེས་འགྲོ་ཀུན་རྗེས་སུ་འཛིན། །སྐྱོན་བྲལ་མཛད་པས་གདུལ་བྱ་བདེ་ལ་འགོད། །མི་ཕམ་ཆོས་རྗེའི་ཞབས་ལ་གསོལ་བ་འདེབས། །ཤེས་བྱ་ཀུན་ལ་རྨོངས་པ་ཟད་པ་དང༌། །ལུས་ཅན་ ཀུན་ལ་མ་ལྟར་བརྩེ་བ་དང༌། །སྡུག་བསྔལ་རྒྱ་མཚོ་སྐེམས་པར་བྱེད་པའི་མཐུ། །བདེ་བླག་ཉིད་དུ་འགྲུབ་པར་བྱིན་གྱིས་རློབས། །རྒྱལ་བ་ཀུན་གྱིས་བསྔགས་པའི་ཡོན་ཏན་གཏེར། །རྒྱལ་བའི་དམ་ཆོས་རྒྱལ་སྲིད་ལེགས་སྐྱོང་ཞིང༌། །རྒྱལ་སྲས་ཀུན་གྱི་གཙུག་ན་མཛེས་གྱུར་ 2-3-27b པ། །མི་ཕམ་ཆོས་རྗེའི་ཞབས་ལ་གསོལ་བ་འདེབས། །ཇི་སྲིད་ནམ་མཁའ་གནས་པ་དེ་སྲིད་དུ། །ལུས་ཅན་ཐར་ལམ་ཚོལ་བའི་མིག་གཅིག་པུ། །ཐུབ་པའི་གསུང་རབ་ལེགས་བཤད་བདུད་རྩིའི་རྒྱུན། །མ་ལུས་འཛིན་ཅིང་སྤེལ་བར་བྱིན་གྱིས་རློབས། །བདུད་བཞིའི་གཡུལ་ལས་རྒྱལ་བའི་ མི་ཕམ་མགོན། །རྒྱལ་སྲས་སྤྱོད་པ་མཐར་ཕྱིན་འཕགས་པའི་མཆོག །ཐུབ་པའི་རྒྱལ་ཚབ་དམ་པར་དབང་བསྐུར་བ། །མི་ཕམ་ཆོས་རྗེའི་ཞབས་ལ་གསོལ་བ་འདེབས། །བདུད་སྡེ་བྱམས་པའི་དཔུང་གིས་འཇོམས་པ་དང༌། །ཚོགས་གཉིས་ཐབས་མཁས་ལམ་གྱིས་རྫོགས་པ་དང༌། ། རྒྱལ་བ་མཉེས་པའི་ཀུན་སྤྱོད་འབའ་ཞིག་གིས། །ཉིན་མཚན་གཡེལ་བ་མེད་པར་བྱིན་གྱིས་རློབས། །བདེ་གཤེགས་སྔ་མས་བཏང་སྙོམས་མཛད་པ་ཡི། །གྲངས་མེད་འགྲོ་ལ་བརྩེ་བས་མ་བཟོད་ནས། །ཞིང་འདིར་བྱང་ཆུབ་སྙིང་པོར་གཤེགས་གྱུར་པ། །མི་ཕམ་ཆོས་རྗེའི་ ཞབས་ལ་གསོལ་བ་འདེབས། །མགོན་པོ་ཁྱོད་ཀྱིས་བྱང་ཆུབ་མཆོག་བརྙེས་ནས། །སྐལ་ལྡན་འགྲོ་ལ་ཆོས་འཁོར་བསྐོར་བའི་ཚེ། །ཐོག་མ་ཁོ་ནར་ཁྱོད་གསུང་བདུད་རྩིའི་རོས། །ཉོན་མོངས་ནད་ཀུན་སེལ་བར་བྱིན་གྱིས་རློབས། །དགའ་ལྡན་གནས་ནས་གྲངས་མེད་ལྷ་རྣམས་ལ། ། ཐེག་མཆོག་གཏམ་གྱིས་དགའ་བ་བསྐྱེད་མཛད་ཅིང༌། །ཕུན་ཚོགས་ཆོས་སྐུའི་གོ་འཕང་མཆོག་སྩོལ་བ། །མི་ཕམ་ཆོས་རྗེའི་ཞབས་ལ་གསོལ་བ་འདེབས། །ཚེ་འདིའི་ཕུན་ཚོགས་རྩྭ་རྩེའི་ཟིལ་བ་བཞིན། །མི་རྟག་སྙིང་པོ་མེད་པར་རྟོགས་པ་དང༌། །ལན་ཅིག་ཙམ་ཞིག་རྙེད་ པའི་དལ་འབྱོར་འདི། །རྟག་ཏུ་དོན་ལྡན་བྱེད་པར་བྱིན་གྱིས་རློབས། །འབད་པས་བསྒྲུབས་ཀྱང་ངེས་པར་འདོར་དགོས་པའི། །རྙེད་དང་བཀུར་སྟིའི་ཆོས་ལ་ཡིད་ལོག་སྟེ། །གཏན་གྱི་བདེ་བ་སྒྲུབ་བྱེད་དམ་པའི་ཆོས། །རྩེ་གཅིག་ཉམས་སུ་ལེན་པར་བྱིན་གྱིས་རློབས། ། 2-3-28a ཅེས་རྗེ་བཙུན་བྱམས་པ་མགོན་པོ་ལ་བསྟོད་པའི་ཚིགས་སུ་བཅད་པ་འདི་ནི། རྒྱལ་ཁམས་པ་བློ་བཟང་གྲགས་པའི་དཔལ་གྱིས་ཆོས་གྲྭ་ཆེན་པོ་སྐྱོར་མོ་ལུང་དུ་སྦྱར་བ་དགེ་ལེགས་སུ་གྱུར་ཅིག།། ༈ །།ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། །རིང་ནས་ གོམས་པའི་ཐུགས་རྗེའི་ཆབ་ཀྱིས་རང་བདེ་འདོད་པའི་ཡིད་ཀྱི་མེ་དཔུང་བཅིལ། །ཟབ་མོའི་རང་བཞིན་ཇི་བཞིན་གཟིགས་པའི་ཀུན་ཏུ་རྟོག་པའི་སྤྲོས་པའི་དྲ་བ་བཅད། །ཉིད་ཀྱིས་གཟིགས་གང་འགྲོ་ལ་བསྐྲུན་ཕྱིར་གཞན་ཕན་ཁུར་ཆེན་སྐྱོ་མེད་ཐུགས་ཀྱིས་ཁྱེར། །ལྷག་པའི་ ལྷ་དེར་ཡིད་གཏད་དང་བའི་རླུང་གིས་བསྐྱོད་པའི་བསྟོད་ཚིག་མེ་ཏོག་ལ། །ཉིན་བྱེད་འཆར་ཀའི་མདངས་ཀྱིས་རབ་འཁྱུད་པའི། །ལྷུན་སྟུག་གསེར་གྱི་རི་བོའི་ངོས་བཞིན་དུ། །དམར་སེར་འོད་ཀྱི་ཕུང་པོ་ལྷམ་མེ་བ། །འཇམ་དབྱངས་མཁྱེན་པའི་གཏེར་ཁྱོད་ཡུད་ཙམ་ དགོངས། །མ་ལུས་ཞིང་དུ་འབད་པས་བཙལ་ན་ཡང༌། །ཁྱོད་ལས་གཞན་པའི་སྐྱབས་བཟང་མ་མཆིས་པས། །བདག་ཡིད་ཁྱོད་ཀྱི་རྗེས་སུ་ཕྱོགས་པ་ནི། །ཉི་མས་གདུངས་པའི་གླང་ཆེན་པད་མཚོར་བཞིན། །དེ་ཕྱིར་ཁྱོད་ཀྱི་ཡོན་ཏན་བརྗོད་ལ་བདག །ཡིད་ལ་རེ་བ་སྐོང་བར་ བྱེད་པ་ཡི། །གཏོང་བས་མཛེས་པའི་སྦྱིན་བདག་མཐོང་བ་ན། །འབྱོར་པས་དམན་པའི་སློང་མོ་བ་བཞིན་གྱུར། །ཁྱོད་སྐུ་རི་དབང་ཇི་བཞིན་མཐོ་ཞིང་དྲང༌། །ནྱ་གྲོའི་ལྗོན་པ་རྒྱས་ལྟར་ཆུ་ཞེང་གབ། །བཙོ་མའི་གསེར་ལྟར་དག་ཅིང་གསལ་བ་ཡི། །པགས་པའི་མདོག་ནི་ལེཌ་ ཤིང་སྲབ་ལ་འཇམ། །རྒྱལ་མཚན་ཏོག་ལྟར་སྤྱི་གཙུག་གནས་སུ་ནི། །རིང་འཇམ་གནག་ལ་སྣུམ་པའི་རལ་པ་ཡི། །ཐོར་ཆོག་མཛེས་པར་བཅིང་པའི་ཟར་བུ་ནི། །ཟུར་ཕུད་ལྔ་ལྡན་ཅུང་ཟད་གཡོན་དུ་འཕྱང༌། །རིན་ཆེན་རྩེ་ཕྲན་རྣམས་ཀྱིས་མཛེས་བྱས་པའི། །དབྱིབས་ 2-3-28b ལེགས་གདུགས་བཞིན་ཀུན་ནས་རྒྱས་པའི་དབུ། །སྐྲ་མཚམས་མཐོ་བ་ལེགས་པར་ཕྱེད་པ་ཡི། །དཔྲལ་བའི་དབྱེས་ནི་ཟླ་བ་རྒྱས་པ་བཞིན། །ཀུནྡ་དུང་དང་པདྨའི་རྩ་བ་ལྟར། །དཀར་གསལ་གཡས་སུ་འཁྱིལ་ལེགས་རི་མོ་ཅན། །དག་པའི་དངུལ་གྱི་འབུར་དང་འདྲ་བ་ཡི། ། དྲི་མེད་མཛོད་སྤུ་སྨིན་མའི་དབུས་ན་མཛེས། །ཁ་དོག་ནག་ཅིང་ཅུང་ཟད་གུག་པ་ཡི། །འཇམ་སྣུམ་སྤུ་མཉམ་སྨིན་ཚུགས་རིང་པོ་ཅན། །སྟུག་ཅིང་འཇམ་ལ་མ་འཛིངས་སྒྲིག་ལེགས་པ། །ཁྱུ་མཆོག་བཞིན་དུ་རྫི་མ་ཡིད་དུ་འོང༌། །ཨུད་པལ་མཐིང་ཁའི་འདབ་མ་ཇི་བཞིན་དུ། །སྤྱན་ དཀྱུས་རིང་པོ་ཅུང་ཟད་ཟུམ་པ་ཡི། །དཀར་ནག་ཆ་རྣཾས་མ་འདྲེས་མཛེས་པ་ནི། །འདམ་སྐྱེས་འདབ་མ་ཀུན་ནས་རེངས་པ་བཞིན། །རིམ་པར་འཚམ་ཞིང་ཀུན་ཏུ་མཐོ་བའི་ཤངས། །བིམྤ་ལྟར་དམར་ཡིད་དུ་འོང་བའི་མཆུ། །དཀར་ཞིང་ཚད་མཉམ་ཐགས་བཟང་བཞི་བཅུའི་ཚེམས། ། འགྲམ་པ་ཟླུམ་རྒྱས་རི་དྭགས་རྒྱལ་པོ་བཞིན། །སྲབ་མཉེན་རོ་མཆོག་མྱོང་བའི་ལྗགས་ཀྱིས་ནི། །ཞལ་གྱི་དཀྱིལ་འཁོར་ཀུན་ཏུ་ཁེབས་པར་མཛད། །སྙན་ཤལ་བཟང་པོ་རིང་དུ་འཕྱང་བའི་རྩེར། །རིན་ཆེན་དུ་མས་སྤྲས་པའི་རྣ་ཆ་གཡོ། །གཟི་འོད་འཁྱུག་བའི་རིན་ཆེན་ཕྲེང་ བའི་རྒྱན། །གང་དུ་འཕྱང་བའི་དྲི་མེད་མགྲིན་པ་ནི། །མཛེས་པའི་གསེར་གྱི་བུམ་པའི་མགྲིན་པ་བཞིན། །རྩ་ཡི་དྲ་བ་མི་མངོན་ཟླུམ་ཞིང་རྒྱས། །ཕྱག་ཞབས་བོལ་དང་ཕྲག་གོང་ལྟག་པའི་ཕྱོགས། །ཡོངས་སུ་གང་བས་མི་མཉམ་མེད་པའི་སྐུ། །གདོང་ལྔ་པ་བཞིན་ ཀུན་ནས་རྒྱས་པའི་སྟོད། །ལྷུན་པོའི་ངོས་ལྟར་རབ་ཏུ་ཡངས་པའི་བྲང༌། །དཔུང་པའི་མགོ་ནི་ལེགས་པར་ཟླུམ་པའི་ཕྱག །གླང་པོའི་རྒྱལ་པོའི་སྣ་ལྟར་རིང་ཞིང་མཛེས། །ཉི་ཤུའི་སོར་མོ་མཛེས་པའི་དྲ་བ་ཡིས། །ལེགས་པར་འབྲེལ་བ་ངང་པའི་རྒྱལ་པོ་བཞིན། ། 2-3-29a མདོག་སྣུམ་དམར་བའི་མདངས་ཆགས་སེན་མོ་ཡི། །ཕྲེང་བས་རབ་ཏུ་དངར་བའི་སོར་མོ་ནི། །དཔག་བསམ་ཡལ་འདབ་གཞོན་ནུའི་ལྕུག་ཕྲན་ལྟར། །རིང་ཞིང་རྒྱས་ལ་འཇམ་ཞིང་གཞོན་ཤ་ཆགས། །གསལ་ཞིང་རྫོགས་ལ་སོ་སོར་མ་འདྲེས་ པའི། །རྩིབས་སྟོང་ལྡན་པའི་གསེར་གྱི་འཁོར་ལོ་མཆོག །ཕྱག་དང་ཞབས་ཀྱི་མཐིལ་ན་བཀྲ་བ་ནི། །རྒྱ་ལས་རྒྱ་ཡི་འབུར་ནི་གསལ་བ་བཞིན། །དཔུང་རྒྱན་གདུ་བུས་མཛེས་པར་བྱས་པ་ཡི། །གཡས་པའི་ཕྱག་ན་དངོས་འཛིན་འཁྲི་ཤིང་གི། ལྗོན་པ་དྲུངས་ནས་གཅོད་ པའི་རལ་གྲི་ནི། །འབར་བའི་འོད་ཀྱི་དྲ་བ་འགྱེད་པ་བསྣམས། །ཞི་སྒོ་གཉིས་སུ་མེད་པ་རྟེན་འབྲེལ་ལམ། །མ་ལུས་གསལ་བར་སྟོན་པའི་གླེགས་བམ་མཆོག །ཨུཏྤལ་སྔོན་པོའི་ལྟེ་བར་གནས་པ་ཡི། །སྡོང་བུ་གཡོན་པའི་ཕྱག་གིས་ཐུགས་ཀར་འཛིན། །རབ་འབྱམས་ ཚོན་གྱིས་ཁ་བསྒྱུར་སྲབ་ལ་འཇམ། །སྣ་ཚོགས་དར་གྱི་སྨད་གཡོགས་གཡོ་བའི་སྟེང༌། །སིལ་སིལ་སྒྲ་སྒྲོགས་གསེར་གྱི་འོག་པག་གིས། །ཡིད་འོང་སྐེད་སྐབས་ཀུན་ནས་མཛེས་པར་བསྡམས། །རྟ་མཆོག་བཞིན་དུ་གསང་གནས་སྦུབས་སུ་ནུབ། །འཇམ་ཞིང་ཕྲ་བ་བ་ སྤུའི་ཚོགས་རྣམས་ནི། །ཟླ་མེད་རེ་རེར་བྱུང་ནས་གཡས་ཕྱོགས་སུ། །རིམ་གྱིས་འཁྱིལ་ནས་སྐུ་ལ་གྱེན་དུ་ཕྱོགས། །བགས་ཀྱིས་ཕྲ་ཞིང་ཟླུམ་པའི་བྱིན་པ་ལེགས། །ཞབས་ཀྱི་མཁྲིག་མ་ལོང་བུའི་འབུར་གྱིས་དབེན། །རུས་སྦལ་ལྟོ་བཞིན་ཞབས་མཐིལ་ཀུན་ནས་ མཉམ། །ཞབས་ཀྱི་བཞི་ཆ་ཕྱིར་འཕགས་རྟིང་པ་ཡངས། །འདབ་དྲུག་པད་དཀར་དམར་སེར་ལྟེ་བའི་སྟེང༌། །དཀྱིལ་འཁོར་ཡོངས་རྫོགས་རྒྱུ་སྐར་བདག་པོའི་གདན། །གང་དེར་སྒྲ་ལྡན་གདུ་བུས་མཁྲིག་མའི་ཕྱོགས། །མཛེས་པའི་ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་མཛད། ། 2-3-29b བསོད་ནམས་ཚོགས་རབ་རབ་འབྱམས་རྒྱུ་ལས་འཁྲུངས་པའི་སྐུ་མཆོག་མཆོག་ཏུ་མཛེས་པ་ཁྱོད་ཀྱི་སྐུ། །ནམ་མཁའི་མཐས་གཏུགས་གཏུགས་པ་མེད་པའི་ཞིང་མཆོག་ཀུན་དུ་དུ་མའི་འགྲོ་ལ་མིག་འཕྲུལ་བཞིན། །ལ་ལར་བལྟམས་ཞིང་ཞིང་གཞན་དུ་ཡང་བྱང་ ཆུབ་ཚུལ་སྟོན་སྟོན་པ་ཁྱོད་ཀྱི་སྐུ་ཡི་ནི། །བཀོད་པ་མཆོག་འདི་འདི་དང་གཞན་དུ་མ་ལུས་འགྲོ་ཀུན་ཀུན་མཁྱེན་གྱུར་ཀྱང་བརྗོད་མི་ནུས། །ལི་ཁྲིའི་རྒྱ་མཚོར་རྟ་བདུན་འོད་སྟོང་ལྷུང་བ་བཞིན། །ལྟ་བས་མི་ངོམས་འོད་དཔུང་ཕྱོགས་བཅུར་འཕྲོ་བའི་སྐུ། །གང་དེ་ཅུང་ཟད་བསྟོད་ པའི་བསོད་ནམས་དེ་ཡིས་བདག །འཇམ་དབྱངས་སྐུ་མཛེས་མིག་གི་ལམ་དུ་འབྲལ་མེད་ཤོག །ནམ་ཞིག་ཁྱོད་སྐུ་མཐོང་བར་གྱུར་མ་ཐག །སྲིད་པར་རིང་དུ་འཁྱམས་པས་དུབ་པ་བདག །ལོག་པའི་ལམ་དུ་སོང་བའི་མ་རུངས་ཡིད། །བྱང་ཆུབ་སེམས་ཀྱི་དབང་དུ་ འགྱུར་བར་ཤོག །གཞན་ཡང་གཟུགས་དང་མངོན་ཤེས་རྣམ་ཐར་སྒོ། །མུ་མཐའ་ཡས་པའི་ཏིང་འཛིན་ཚོགས་ཐོབ་ནས། །ཞིང་ཁམས་བྱེ་བར་རྒྱལ་རྣམས་བལྟ་བའི་ཕྱིར། །དཔག་མེད་ལུས་ཀྱི་བཀོད་པ་སྟོན་བར་ཤོག །དེར་ནི་མང་དུ་ཐོས་པའི་མཐར་སོན་ཏེ། ། མཐའ་ཡས་འགྲོ་བ་ཆོས་ཀྱིས་ཚིམ་བྱས་ནས། །རིང་པོར་མི་ཐོགས་རྒྱལ་བ་ཀུན་གྱི་གཙོ། །ངག་གི་དབང་པོའི་སྐུ་མཆོག་ཐོབ་པར་ཤོག རྗེ་བཙུན་འཇམ་པའི་དབྱངས་ལ་བསྟོད་པ་འཇམ་དབྱངས་མཉེས་པར་བྱེད་པའི་བསྟོད་སྤྲིན་རྒྱ་མཚོ་ལས་སྐུ་ལ་བསྟོད་པའི་ སྐབས་ཏེ་དང་པོའོ།། ༈ །།འོད་སྟོང་ཟེར་གྱིས་ཕྱེ་བའི་གུར་ཀུམ་གཟུགས། །དང་བའི་མེ་ལོང་དཀྱིལ་ན་སྣང་བ་བཞིན། །འགྱིང་ལེགས་དབང་པོའི་གཞུ་བཞིན་རབ་བཀྲ་བ། །འཇམ་པའི་དབྱངས་ཀྱིས་ངག་གི་དབང་ཕྱུག་སྩོལ། །ཕྱོགས་བཅུའི་ཞིང་ 2-3-30a ཀུན་ཀུན་ནས་འགེངས་པའི་སྒྲ་སྐད་སྐད་ཀྱི་དབྱེ་བ་མཐའ་ཡས་པ། །སེམས་ཅན་ཀུན་ཡིད་ཡིད་དང་མཐུན་པར་ཚིམ་བྱེད་བྱེད་པོའི་གདངས་ཀྱང་ཟིལ་གནོན་པ། །ཁྱོད་ཀྱི་གསུང་དབྱངས་དབྱངས་ཀྱི་ང་རོའི་དཀྱིལ་འཁོར་འཁོར་བ་སྲིད་དུ་རྒྱུན་ཆགས་པའི། ། སྙན་པའི་གསུང་གང་གང་གི་རྣ་བའི་ལམ་དུ་ལྷུང་ན་ན་རྒ་འཆི་བ་འཕྲོག་བར་བྱེད། །གསུང་མཉེན་འཇམ་ཞིང་ཡིད་འོང་ཡིད་དུ་འཐད། །དག་ཅིང་དྲི་མེད་འོད་གསལ་སྙན་ལ་འཇེབས། །མཉན་པར་འོས་ཤིང་མི་ཚུགས་སྙན་ཞིང་དུལ། །མི་རྩུབ་མི་བརླང་རབ་དུལ་རྣ་བར་ སྙན། །ལུས་སེམས་སྙིང་ནི་ཚིམ་བྱེད་དགའ་བདེ་བསྐྱེད། །གདུང་མེད་ཀུན་ཏུ་ཤེས་བྱེད་རྣམ་རིག་བྱ། །རྣམ་གསལ་དགའ་བྱེད་མངོན་པར་དགའ་བྱེད་ཅིང༌། །ཀུན་ཤེས་བྱེད་ཅིང་རྣམ་པར་རིག་བར་བྱེད། །རིགས་ཤིང་འབྲེལ་ལ་ཟློས་པའི་སྐྱོན་དང་བྲལ། །སེང་གེ་གླང་ ཆེན་འབྲུག་དང་ལག་འགྲོའི་དབང༌། །དྲི་ཟ་ཀ་ལ་པིངྐ་ཚངས་པ་དང༌། །ཤང་ཤང་ཏེའུ་དབང་པོའི་དབྱངས་ལྟར་སྙན། །རྔ་སྒྲ་མ་ཁེངས་མི་དམའ་ཀུན་རྗེས་ཞུགས། །ཚིག་ཟུར་ཕྱིན་ཅིང་མ་ཚང་མེད་པ་དང༌། །མ་ཞུམ་མི་ཞན་རབ་དགའ་ཁྱབ་ཅིང་ཆུབ། །རྒྱུན་ཆགས་འབྲེལ་ ཞིང་སྒྲ་ཀུན་རྫོགས་པར་བྱེད། །དབང་པོ་ཀུན་ཚིམ་མ་སྨད་མི་འགྱུར་ལ། །མ་བརྟགས་འཁོར་གྱི་དཀྱིལ་འཁོར་ཀུན་ཏུ་གྲག །དུག་གསུམ་སེལ་བྱེད་བདུད་དཔུང་ཚར་གཅོད་ཅིང༌། །རྣམ་པ་ཀུན་གྱི་མཆོག་དང་ལྡན་པར་འབྱུང༌། །དེ་ལྟར་བཞི་ཡིས་ལྷག་པའི་དྲུག་ཅུའི་དབྱངས། ། གསུང་གཅིག་ཉིད་ལའང་མ་ཚང་མེད་པར་ནི། །ཇི་སྲིད་ནམ་མཁའི་མཐས་ཁྱབ་དེ་སྲིད་པའི། །སྐལ་ལྡན་རྣ་བའི་ལམ་དུ་བདེ་བ་སྟེར། །དེ་ཚེ་ཉེ་བར་གནས་ལ་ཧ་ཅང་ཆེ་བར་མི་སྣང་རིང་ན་གནས་ལ་ཆུང་མིན་པར། །སྣ་ཚོགས་ཚོན་དང་ཕྲད་པའི་ཤེལ་བཞིན་གྲངས་མེད་གདུལ་ 2-3-30b བྱའི་རང་རང་སྐད་དང་མཐུན་པར་ནི། །སྤྱི་གཙུག་མཛོད་སྤུ་མགྲིན་པ་ལ་སོགས་ཁྱོད་སྐུའི་ཆ་ཤས་ཀུན་ནས་འབྱུང་བར་རབ་སྟོན་ཀྱང༌། །དེ་དག་ཀུན་ལ་རྟོག་པ་ཉེར་ཞི་འདི་ནི་ནམ་མཁས་ཚངས་དབྱངས་སྒྲོག་ན་མཚོན་བར་ནུས། །གློག་དམར་མཛེས་པའི་སྐ་རགས་བཅིངས་པ་ཡི། །ཆར་ སྤྲིན་ནང་གི་འབྲུག་སྒྲ་ཟབ་མོ་བཞིན། །འཇམ་དབྱངས་གསུང་བསྟོད་བསོད་ནམས་འདི་ཡིས་བདག །ཁྱོད་གསུང་རྣ་བའི་ལམ་དུ་འབྲལ་མེད་ཤོག །གསུང་རྒྱུན་རྣ་བའི་བུ་གར་ཞུགས་མ་ཐག །སྐལ་ལྡན་རྗེས་འཛིན་ལོག་སྨྲ་ཚར་གཅོད་ཅིང༌། །སྡེབ་ལེགས་ཚིག་གིས་བློ་གསལ་ ཡིད་འཕྲོག་པའི། །འཆད་རྩོད་རྩོམ་པའི་གནས་རྣམས་མཐར་སོན་ཤོག །ཐ་དད་འགྲོ་བའི་སྐད་ལ་ཐོགས་མེད་པའི། །ངེས་ཚིག་སོ་སོ་ཡང་དག་རིག་པ་མཆོག །བདེ་བླག་ཐོབ་ནས་འགྲོ་བ་ཐམས་ཅད་ཀྱི། །ཐེ་ཚོམ་གཅོད་པའི་མཆོག་ཏུ་བདག་གྱུར་ཅིག །ཁྱོད་ཀྱིས་ ཇི་ལྟར་རྗེས་སུ་གདམས་པ་ཡི། །གསུང་གི་མཚམས་ལས་ནམ་ཡང་མི་འདའ་བར། །གུས་པས་རྩེ་གཅིག་ཉམས་སུ་བླངས་པ་ཡིས། །གསུང་གི་དབང་ཕྱུག་མྱུར་དུ་འགྲུབ་པར་ཤོག རྗེ་བཙུན་འཇམ་པའི་དབྱངས་ལ་བསྟོད་པ་འཇམ་དབྱངས་མཉེས་པར་བྱེད་པའི་བསྟོད་ སྤྲིན་རྒྱ་མཚོ་ལས་གསུང་ལ་བསྟོད་པའི་སྐབས་ཏེ་གཉིས་པའོ།། ༈ །།བྱུ་རུའི་མདངས་དང་འདྲེས་པའི་གསེར་བཟང་མདོག །མདོག་ལེགས་ཤེས་བྱ་མ་ལུས་ལྷང་ངེར་མཁྱེན། །མཁྱེན་རབ་དབང་ཕྱུག་འཇམ་དབྱངས་འགྲོ་བའི་སྐྱབས། །སྐྱབས་མཆོག་ཁྱོད་ ཀྱིས་རབ་འབྱམས་ཤེས་རབ་སྩོལ། །དངོས་འཛིན་ཆང་གིས་རབ་ཏུ་མྱོས་པས་བླང་དོར་དཔྱོད་པའི་བློ་གྲོས་ཉམས། །ཉོན་མོངས་གདུག་པའི་སྣ་ཡི་ལག་པས་དགེ་བའི་ལྗོན་པ་ཀུན་ཏུ་འཇོམས། །སྲེད་པའི་ཞགས་པས་ཡིད་ནི་དྲངས་པས་རྙེད་བཀུར་གླང་མོའི་ཕྱིར་འབྲང་ 2-3-31a བ། །བག་མེད་ནགས་ཁྲོད་ཀུན་ཏུ་རྒྱུ་བའི་གདུལ་དཀའི་ཡིད་ཀྱི་བླང་པོ་ཆེ། །དྲན་ཤེས་བག་ཡོད་ཐག་པས་དམ་བཅིངས་ནས། །ཡང་དག་རིགས་པའི་ལྕགས་ཀྱུ་རྣོན་པོ་ཡིས། །འཕགས་མཆོག་བྱེ་བས་བགྲོད་ཅིང་བསྔགས་པ་ཡི། །རྟེན་འབྲེལ་དམ་ པའི་ལམ་བཟང་སྲོལ་དུ་བཙུད། །ཚུལ་དེ་སྐྱོ་མེད་བརྩོན་པའི་ཤུགས་དྲག་གིས། །དཔག་མེད་བསྐལ་པར་ཡང་དང་ཡང་གོམས་པས། །སྒྱུ་མ་ལྟ་བུའི་ཏིང་འཛིན་རྡོ་རྗེ་ཡིས། །མཐར་འཛིན་རི་བོ་མིང་གི་ལྷག་མར་མཛད། །སླར་ཡང་མཐའ་ཡས་རྒྱལ་བའི་དབང་པོ་རྣམས། ། རབ་མཆོག་མཆོད་སྤྲིན་རྒྱ་མཚོས་མཉེས་བྱས་པས། །དྲི་མེད་མགུར་ནས་ཚངས་དབྱངས་ང་རོ་ཡིས། །དགོངས་པ་གཅིག་གིས་གསུངས་པའི་གདམས་པ་མཆོག །སྲིད་པའི་ནད་བརྒྱ་དྲུངས་འབྱིན་བདུད་རྩིའི་ཟས། །རྒྱུན་དུ་བསྟེན་པས་བགྲོད་པར་ཆེས་དཀའ་བའི། །རྒྱལ་སྲས་ སྤྱོད་པ་རླབས་ཆེའི་ཕ་རོལ་ཏུ། །བགྲོད་པའི་བློ་གྲོས་ལུས་སྟོབས་རྒྱས་པ་ན། །མཐའ་དག་འཛིན་པས་ནམ་ཡང་མི་རྫི་ཞིང༌། །མ་ལུས་འཁྲུལ་སྣང་འཇོམས་ལ་ཐགས་མེད་པའི། །ཏིང་འཛིན་ཀུན་གྱི་གཙོ་བོར་གྱུར་པ་གང༌། །རྡོ་རྗེ་ལྟ་བུར་གྲགས་པའི་ཏིང་ངེ་འཛིན། ། ཁྱོད་ཀྱིས་མངོན་དུ་མཛད་པ་དེ་ཡི་མཐུས། །སྒྱུ་མ་ལྟ་བུའི་ཡུལ་གྱི་སྣང་བ་དང༌། །རྨི་ལམ་ལྟ་བུའི་གསལ་ཞིང་རིག་པའི་བློ། །མྱོང་སྣང་མ་ལུས་ཆོས་ཀྱི་དབྱིངསུ་ཞུགས། །དེ་ཕྱིར་རྩ་བ་ཉམས་པའི་ལྗོན་པ་བཞིན། །མ་ལུས་འཛིན་པའི་ས་བོན་དྲུངས་ཕྱུང་བས། ། སྐྱོབ་པ་ཁྱོད་ལ་ནམ་མཁའ་ཇི་སྲིད་དུ། །ཆོས་ཀྱི་སྐུ་ལས་གཡོ་བ་ག་ལ་ཞིག །དེ་ལྟར་མགོན་ཁྱོད་ཆོས་ཀྱི་དབྱིངས་ལས་ཅུང་ཟད་གཡོ་བ་མེད་བཞིན་དུ། །དུ་མའི་ཤེས་བྱ་གསལ་བར་སྣང་བ་མེ་ལོང་ནང་དུ་གཟུགས་བརྙན་ནམ། །ནམ་མཁའི་ལམ་ན་འཇའ་ཚོན་ 2-3-31b བཞིན་དུ་སོ་སོར་མ་འདྲེས་རྫོགས་པར་མཁྱེན། །མཁྱེན་བཟང་ཁྱོད་ཀྱི་མཁྱེན་པ་དེ་ཡང་སྐད་ཅིག་ཉིད་ལ་ད་ལྟར་ལགས། །སྦྱིན་ལས་འབྱོར་ལྡན་གནས་ཡིན་དབུལ་པོ་མིན། །སེར་སྣས་དབུལ་པོ་གནས་ཡིན་འབྱོར་ལྡན་མིན། །དེ་སོགས་རྟེན་འབྲེལ་མི་བསླུའི་གནས་ཀུན་མཁྱེན། །དེ་ ཕྱིར་ཁྱོད་ནི་སྨྲ་བའི་གཙོ་བོ་ལགས། །ཐོགས་མེད་སྲིད་པར་སོང་བ་ཐམས་ཅད་ཀྱི། །དགེ་དང་མི་དགེའི་ལས་ཚུལ་འབྲས་བུར་བཅས། །གང་དེ་ཁྱོད་ཀྱི་མངོན་དུ་མ་གྱུར་མེད། །དེ་སླད་ཁྱོད་གསུང་འབྲེས་མེད་མ་མཆིས་ལགས། །ཆགས་ལ་གནས་ཤིང་སྡང་ལ་མོས་པ་དང༌། །དེ་ལས་ལྡོག་ སོགས་མོས་པ་སྣ་ཚོགས་ཚུལ། །མངོན་སུམ་གཟིགས་ཕྱིར་ཁྱོད་ཀྱི་མཛད་པ་ཀུན། །འགྲོ་ལ་དོན་དུ་མི་འགྱུར་ཡོད་མ་ལགས། །བཅོ་བརྒྱད་ཁམས་ཀྱི་རབ་དབྱེ་མཐའ་དག་ལ། །ཁྱོད་ལ་ལྐོག་ཏུ་གྱུར་པ་གང་ཡང་མེད། །དེ་ཕྱིར་ཁྱོད་ནི་གདུལ་བྱའི་གནས་རྣམས་ཀྱི། །གདུལ་བའི་དུས་ལས་ ཅུང་ཟད་འདའ་མ་ལགས། །སྲིད་པར་རྒྱུ་བ་རྣམས་ཀྱི་དད་སོགས་ཀྱི། །དབང་པོ་རྣོ་རྟུལ་དབང་པོ་མེད་པ་ལ། །མཁྱེན་པ་ཐོགས་མེད་འཇུག་པ་དེ་སླད་ཁྱོད། །ཆོས་སྟོན་ཚུལ་ལ་ཤིན་ཏུ་མཁས་པ་ལགས། །མངོན་པར་མཐོ་ཞིང་ངེས་པར་ལེགས་པ་དང༌། །ངན་སོང་གནས་རྣམས་ཀུན་ཏུ་ བགྲོད་པའི་ལམ། །ཀུན་ལ་མཁྱེན་པ་སྒྲིབ་པ་མེད་པའི་ཕྱིར། །ཁྱོད་ནི་འགྲོ་བའི་བཤེས་གཉེན་བཟང་པོ་ལགས། །བསམ་གཏན་གཟུགས་མེད་སེང་གེ་རྣམ་པར་བསྒྱིངས། །ཐོད་རྒལ་ལ་སོགས་ཏིང་འཛིན་མཐའ་དག་གིས། །འཇུག་ལྡང་ཀུན་བྱང་ཚུལ་ལ་མ་རྨོངས་པས། །སྙོམས་ འཇུག་རྣམས་ཀྱི་ཕ་རོལ་སོན་པ་ལགས། །ཐོག་མེད་འཁོར་བར་ཡོངས་སུ་འདྲིས་བགྱིས་པའི། །རང་གཞན་ཚེ་རབས་དོན་རྟགས་དང་བཅས་པར། །སྐད་ཅིག་ཙམ་གྱིས་ཁོང་དུ་ཆུད་པས་ན། །ཁྱོད་ནི་སྔོན་གྱི་མཐའ་ལ་མཁས་པ་ལགས། །འདི་ཙམ་དུས་ན་འདི་ནས་ཤི་འཕོ་ཞིང༌། ། 2-3-32a ལེགས་སྤྱད་ཉེས་སྤྱད་ལས་རྣམས་ཇི་ལྟ་བར། །གང་དུ་སྐྱེ་བའི་གནས་ཀུན་རབ་མཁྱེན་པས། །ཁྱོད་ནི་ཕྱི་མའི་མཐའ་ལ་མཁས་པ་ལགས། །གང་ཞིག་ཟག་པ་ཟད་པའི་མྱང་འདས་དང༌། །གང་གིས་ཟད་བྱེད་འཕགས་ལམ་བརྒྱད་ཀྱི་ལམ། །དེ་དག་ཀུན་ལ་སྒྲིབ་ མེད་མངོན་སུམ་སྤྱན། །དེ་ཕྱིར་ཁྱོད་ནི་སྐྱབས་ཀྱི་དམ་པ་ལགས། །དེ་ལྟར་གནས་དང་གནས་མིན་ལས་ཀྱི་རྣམ་སྨིན་མོས་པ་འཇིག་རྟེན་ཁམས། །དབང་པོའི་རིམ་པ་ཀུན་འགྲོའི་ལམ་དང་ཉོན་མོངས་རྣམ་བྱང་སྔོན་གྱི་གནས། །འཆི་འཕོ་སྐྱེ་དང་ཟག་པ་ཟད་ལ་མཁྱེན་པ་ཐོགས་ པ་མེད་འཇུག་པ། །གང་ལ་མངའ་བ་ཁྱོད་ཀྱི་ཡུལ་དུ་མ་གྱུར་ཤེས་བྱའི་གནས་དེ་གང༌། །སྲིད་པར་འཁྱམས་པ་རྣམས་ཀྱི་ཐོག་མེད་ནས། །བདག་བདེའི་ཕྱིར་དུ་གཞན་ལ་གནོད་པའི་ལམ། །དྲག་པོའི་རྩོལ་བས་ཀུན་ཏུ་བསྟེན་ན་ཡང༌། །ངལ་བ་འབྲས་བུ་མེད་པས་གོལ་བ་ལྟར། ། གཞན་ལ་ཅུང་ཟད་ཙམ་ཡང་མི་འཚོ་བར། །རང་ཉིད་ཕྱིར་དུ་ཉིན་མཚན་བར་མེད་པར། །བརྒྱ་ཕྲག་བརྩོན་པས་ཐར་པ་བསྒྲུབ་དེ་ཡང༌། །ཡང་དག་ལམ་ལ་རྒྱབ་ཀྱིས་ཕྱོགས་པར་གཟིགས། །དེ་ཕྱིར་རྒྱལ་བ་ཀུན་གྱི་ལམ་གཅིག་པུ། །ལུས་ཅན་མཐའ་དག་རྗེས་སུ་འཛིན་པའི་ མ། །རྒྱལ་སྲས་དཔའ་བོ་གཡུལ་དུ་འཇུག་པའི་གོ། །སྙིང་རྗེའི་ལམ་བཟང་རིང་ནས་གོམས་པར་མཛད། །སྡུག་བསྔལ་སྨི་ལམ་དུ་ཡང་མི་འདོད་ཅིང༌། །ཕུལ་བྱུང་བདེ་ལ་ཆོག་ཤེས་མེད་པར་ནི། །འགྲོ་བ་འདི་ཀུན་ཁྱད་པར་ཡོད་མིན་ན། །གཞན་བདེ་ཡལ་བར་འདོར་རྣམས་ ཆེས་འཁྲུལ་བར། །བརྩེ་ལྡན་ཁྱོད་ཀྱིས་གཟིགས་ནས་བདག་དང་གཞན། །མཉམ་པ་ཉིད་དུ་མཐོང་བའི་བྱང་ཆུབ་སེམས། །ཐོག་མ་ཉིད་དུ་གོམས་པར་མཛད་པ་ཡིས། །སེམས་ཅན་ཐམས་ཅད་ཁྱོད་ཀྱིས་བདག་གིར་གཟུང༌། །བདག་བདེར་སྲེད་པ་ཡང་དག་ལམ་གྱི་ 2-3-32b གེགས། །གཞན་ཉིད་གཅེས་འཛིན་ཡོན་ཏན་ཀུན་གྱི་གཏེར། །དེ་ཕྱིར་ཁྱོད་ཀྱིས་བདག་གཞན་བརྗེ་བའི་ཚུལ། །ཡང་ཡང་གོམས་པས་འགྲོ་ཀུན་བདག་ཏུ་མཛད། །དེ་ལྟར་སྙིང་རྗེའི་མ་ཡིས་ལན་མང་དུ། །ལུས་སྟོབས་རྫོགས་པར་བསྐྱངས་པའི་བཅོམ་ལྡན་ཁྱོད། །ཕུན་ཚོཌ་ ཡོན་ཏན་རྣམས་ཀྱི་མཐར་ཕྱིན་ཀྱང༌། །ཞི་བའི་བདེ་བས་འཕྲོག་པར་ག་ལ་འགྱུར། །འདབ་བཟང་དབང་པོ་ལྷ་ཡི་ལམ་ཞུགས་པ། །དེར་གནས་མ་ཡིན་འཛིན་མར་མི་ལྟུང་ལྟར། །སྲིད་ཞིར་མི་གནས་ཁྱོད་ཐུགས་བསྟོད་པས་བདག །འཇམ་དབྱངས་མཁྱེན་བརྩེ་ཡིད་ ལ་འབྲལ་མེད་ཤོག །མཐར་འཛིན་གོ་སྐབས་འཕྲོག་པའི་ལྟ་བ་དང༌། །འགྲོ་ཀུན་བུ་སྡུག་ལྟར་མཐོང་སྙིང་རྗེ་གཉིས། །ཡིད་ལ་བདེ་བླག་ཉིད་དུ་འགྲུབ་གྱུར་ནས། །ལུས་ཅན་ཐེག་པ་མཆོག་ལ་འཁྲིད་པར་ཤོག །ཆོས་ཀུན་ཚིག་དོན་མི་བརྗེད་དྲན་པའི་གཟུངས། །དྲི་བ་ཀུན་ གྱི་ལན་ལྡོན་སྤོབས་པ་མཆོག །མྱུར་དུ་བསྐྱེད་ནས་ཆོས་ཀྱི་ཕོངས་རྣམས་ལ། །ལེགས་བཤད་དགའ་སྟོན་འགྱེད་པར་བདག་གྱུར་ཅིག །སྣ་ཚོགས་གདུལ་བྱའི་བསམ་པ་ཇི་བཞིན་དུ། །མི་རྟོག་བཞིན་དུ་རེ་བ་སྐོང་བ་ཡི། །འཇམ་དབྱངས་ཐུགས་ཀྱི་དཔལ་གྱིས་མྱུར་དུ་ བདག །སྟོན་ཟླས་ནམ་མཁར་ཇི་བཞིན་མཛེས་གྱུར་ཅིག །རྗེ་བཙུན་འཇམ་པའི་དབྱངས་ལ་བསྟོད་པ་འཇམ་དབྱངས་མཉེས་པར་བྱེད་པའི་བསྟོད་སྤྲིན་རྒྱ་མཚོ་ལས་ཐུགས་ལ་བསྟོད་པའི་སྐབས་ཏེ་གསུམ་པའོ།། ༈ །།ཕྱོགས་བཅུའི་ཞིང་ན་མཐའ་ཡས་རྒྱལ་བས་ རྒྱུན་ཆད་མེད་པར་རབ་བསྔགས་པ། །གང་གི་སྙན་པས་འཇིག་རྟེན་གསུམ་བཀང་འཇམ་པའི་དབྱངས་ཞེས་རབ་ཏུ་གྲགས། །གང་དེའི་ཡོན་ཏན་ཅུང་ཟད་གུས་པས་བརྗོད་པའི་བསྟོད་སྤྲིན་རྒྱ་མཚོ་འདི། །གང་ཞིག་འཛིན་ཅིང་ཀློག་པ་དེ་ཡི་ཡིད་ལ་འཇམ་དབྱངས་མྱུར་ 2-3-33a འཇུག་ཤོག །ཅེས་རྗེ་བཙུན་འཇམ་པའི་དབྱངས་ལ་བསྟོད་པ་འཇམ་དབྱངས་མཉེས་པར་བྱེད་པའི་བསྟོད་སྤྲིན་རྒྱ་མཚོ་ཞེས་བྱ་བ་འདི་ནི། མང་དུ་ཐོས་པའི་རྒྱལ་ཁམས་པ་བློ་བཟང་གྲགས་པའི་དཔལ་གྱིས་གངས་ཅན་ཁྲོད་ཀྱི་གངས་རིའི་དབང་པོ་འོ་དེ་གུང་རྒྱལ་ གྱི་ལྷ་ཞོལ་དུ་སྦྱར་བའི་ཡི་གེ་པ་ནི་སྡེ་སྣོད་འཛིན་པ་བྷ་དྲ་ལའོ།། ༈ །།ན་མཿཤྲཱི་གུ་རུ་མཉྫུ་གྷོ་ཥཱ་ཡ། །རྒྱལ་བ་ཀུན་གྱི་མཁྱེན་པའི་གཏེར། །མཚམས་སྤྲིན་གཞོན་ནུའི་མདངས་འཛིན་པ། །འཇམ་པའི་དབྱངས་ཞེས་གྲགས་དེ་ཡི། །ཞབས་ལ་གུས་ པས་ཕྱག་འཚལ་ལོ། །དམར་སེར་འོད་དཔུང་ཕྱོགས་བཅུར་འགྱེད། །དཔལ་ལྡན་ཟུར་ཕུང་ལྔ་དང་ལྡན། །འཛུམ་པའི་ཞལ་གྱིས་འགྲོ་དབུགས་འབྱིན། །མཐོང་བས་ཚིམ་མཛད་ལ་ཕྱག་འཚལ། །མ་རིག་གཅོད་པའི་རལ་གྲི་དང༌། །སྙིང་པོའི་དོན་སྟོན་གླེགས་བམ་གྱིས། །ཕྱག་གཉིས་ བརྒྱན་པའི་བགྱིང་བག་ཅན། །དཔའ་བོ་ཁྱོད་ལ་ཕྱག་འཚལ་ལོ། །ཁྱོད་ནི་རྒྱལ་བ་ཀུན་གྱི་ཡབ། །འགྲོ་ཀུན་རྗེས་སུ་འཛིན་པའི་མ། །རྒྱལ་ཚབ་གཞོན་ནུའི་ཚུལ་ཡང་འཛིན། །བསམ་མི་ཁྱབ་ལ་ཕྱག་འཚལ་ལོ། །ཤིན་ཏུ་ཞི་བའི་ཉམས་དང་ལྡན། །བལྟ་བས་མི་ངོམས་ཡིད་ འཕྲོག་བྱེད། །གསུང་སྙན་ཤིན་ཏུ་འཇམ་པ་ཡིས། །ལེགས་འདོམས་ཁྱོད་ལ་ཕྱག་འཚལ་ལོ། །བརྗོད་ལས་འདས་པའི་ཞིང་ཀུན་ཏུ། །དུ་མའི་སྐུ་ཡི་རྣམ་རོལ་གྱིས། །རྒྱལ་བའི་མཛད་པ་ཀུན་མཛད་པ། །མཐུ་ཆེན་ཁྱོད་ལ་ཕྱག་འཚལ་ལོ། །རབ་འབྱམས་ཞིང་གི་མཆོད་ པའི་རྫས། །དཔལ་ལྡན་ཟག་མེད་བདེ་སྟེར་བ། །གུས་པའི་སེམས་ཀྱིས་རྒྱུན་དུ་དབུལ། །བཅོམ་ལྡན་བརྩེ་བས་བཞེས་སུ་གསལ། །དཔག་མེད་སྡུག་བསྔལ་ཀུན་འབྱུང་བ། །ལུས་ངག་ཡིད་ཀྱི་སྡིག་པ་རྣམས། །བསམ་པ་ཐག་པས་ཁྱེད་ལ་བཤགས། །མྱུར་དུ་མ་ 2-3-33b ལུས་བྱང་བར་ཤོག །ཕན་དང་བདེ་བ་ཀུན་གྱི་རྒྱུ། །བསོད་ནམས་དང་ནི་ཡེ་ཤེས་ཀྱི། །ཚོགས་གཉིས་དགེ་བ་གང་དག་གིས། །བསགས་པ་རྣམས་ལ་བདག་ཡི་རང༌། །མགོན་ཁྱོད་ནམ་མཁའ་ཇི་སྲིད་བར། །མྱ་ངན་མི་འདའ་རྟག་བཞུགས་ནས། །མ་རིག་མུན་པར་ལྷུང་རྣཾས་ ལ། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །བདག་གིས་བགྱིས་དང་བགྱིད་འགྱུར་གྱི། །བསོད་ནམས་ཕུང་པོ་ཅི་ཡོད་པ། །དེ་དག་སེམས་ཅན་དོན་ཀུན་ཏུ། །བྱང་ཆུབ་མཆོག་ཏུ་ཡོངས་སུ་བསྔོ། །སྐྱོན་མེད་ཡོན་ཏན་ཀུན་རྫོགས་པ། །ཁྱོད་ཀྱི་གོ་འཕང་མྱུར་ཐོབ་ནས། །སྡུག་ བསྔལ་རྒྱ་མཚོར་ལྷུང་བ་ཡི། །འགྲོ་བ་ཐམས་ཅད་སྒྲོལ་བར་ཤོག །དེ་མ་ཐོབ་པའི་ཚེ་རབས་སུ། །བཤེས་གཉེན་བཟང་པོས་རྗེས་བཟུང་ནས། །རྒྱལ་བའི་རྗེས་སུ་སློབ་པ་ཡིས། །སངས་རྒྱས་ཐམས་ཅད་མཉེས་བྱེད་ཤོག །བསྟན་ལ་རབ་ཏུ་འབྱུང་བ་དང༌། །རྟག་ཏུ་དམ་ཆོས་འཛིན་པ་དང༌། །ཐོས་བསམ་སྒོམ་ ལ་འཇུག་པ་ན། །གེགས་ཀྱི་མཚན་མ་མེད་པར་ཤོག །ཚེ་རབས་འདིར་ཡང་སྐྱབས་གསུམ་ལ། །དད་པ་བརྟན་པོ་ཐོབ་གྱུར་ཏེ། །ཉེ་བར་འཚེ་བ་ཀུན་ཞི་ནས། །ཕུན་ཚོགས་ཆོས་བཞིན་འགྲུབ་པར་ཤོག །ཅེས་རྗེ་བཙུན་འཇམ་པའི་དབྱངས་ལ་བསྟོད་པ་འདི་ནི། དཔོན་ཆུང་གྲཌ་ པ་དབང་ཕྱུག་དཔལ་བཟང་པོས་གསོལ་བ་བཏབ་པའི་དོན་དུ། ཤཱཀྱའི་དགེ་སློང་བློ་བཟང་གྲགས་པའི་དཔལ་གྱིས་དགའ་བ་གདོང་གི་ཡང་དགོན་དུ་སྦྱར་བ་དགེ་ལེགས་སུ་གྱུར་ཅིག།། ༈ །།ན་མོ་གུ་རུ་མཉྫུ་གྷོ་ཤཱ་ཡ། །ཕུན་ཚོགས་དགེ་ལེགས་བྱེ་བས་བསྐྲུན་པའི་ སྐུ། །དམར་སེར་འོད་ཀྱི་དྲ་བ་འཁྱུག་པ་ཡིས། །སྐལ་ལྡན་རྣམས་ཀྱི་མིག་ལ་དཔལ་སྟེར་བ། །རྒྱལ་སྲས་གཞོན་ནུས་རྟག་ཏུ་སྐྱོང་གྱུར་ཅིག །ལེགས་པར་སྤྱད་ན་གཏན་གྱི་བདེ་སྟེར་བའི། །རྗེས་སུ་བསྟན་པར་མཐུན་པར་མི་འཛིན་པ། །དེ་དག་རྣམས་ལའང་ལྷག་པར་རྗེས་བརྩེ་བ། ། 2-3-34a ཁྱོད་ཀྱི་རྣམ་པར་ཐར་པ་དེ་རྨད་དོ། །མ་རུངས་འགྲོ་བ་སྒྲོལ་བའི་ཁུར་གྱིས་ནི། །གནས་སྐབས་འགར་ཡང་ངལ་བར་མི་མཛད་པ། །ཚུལ་འདི་རིག་ན་སེམས་དང་ལྡན་པ་རྣམས། །གཉེན་ཁྱོད་མགོན་དུ་མི་བསྟེན་སུ་ཞིག་ཡོད། །གང་ནས་ཞུས་ཀྱང་མི་གསན་ མེད། །འགྲོ་བ་ཀུན་ལ་མཚུངས་པར་བྱམས། །མཆོད་སྦྱིན་མཛད་པའི་དབང་པོ་སྟེ། །དེ་སྒྲུབ་པ་ཡང་གཡེལ་བ་སྤངས། །དེ་ཕྱིར་ཁྱེད་ལ་སྐྱབས་བཅས་པའི། །སྐྱེ་བོ་འདི་ཡིས་ད་དུང་ཡང༌། །འདོད་པའི་དོན་འགའ་གསོལ་བགྱིད་ན། །ཕོངས་པའི་རེ་བ་འབྲས་ལྡན་ མཛོད། །བདེ་ལེགས་འདོད་ཀྱང་ཆེད་དུ་སྤངས་པ་བཞིན། །ཕྱི་ཕྱིར་སྡུག་བསྔལ་བརྒྱ་ཡི་རླབས་འཕྲེང་གིས། །ཀུན་ནས་གཡོ་བའི་སྲིད་པའི་རྒྱ་མཚོར་ལྷུང༌། །ད་དུང་གཏིང་མཐའ་མ་མཐོང་འཁྱམས་པ་འདི། །དམ་པའི་བཤེས་ཀྱིས་རྗེས་སུ་བཟུང་བ་དང༌། །དེ་ཡི་རྨད་བྱུང་ གདམས་པའི་སྣོད་གྱུར་པ། །འདི་གཉིས་དང་ནི་བྲལ་བ་ཁོ་ནས་ནོངས། །དེ་ཕྱིར་མགོན་པོ་ཁྱོད་ལ་གསོལ་བ་ནི། །བདག་ཅག་སྲིད་ནས་སྲིད་དུ་རྒྱུ་བ་ན། །རིང་ནས་སྐྱབས་སུ་བཟུང་བའི་ལྷག་པའི་ལྷ། །རྗེ་བཙུན་ཁྱོད་ཀྱིས་ནམ་ཡང་མི་འབྲལ་བར། །ཐེག་པ་མཆོག་གི་ བཤེས་གཉེན་མཛད་པ་དང༌། །འདི་ན་བྱེད་པོ་འགའ་ཡང་མེད་པས་ན། །རང་གི་རྟོགས་པ་གཞན་ལ་སྦྱིན་དུ་མེད། །དེ་ཕྱིར་དམ་པའི་མགོན་གྱིས་བཟུང་བ་ན། །དེ་ཡི་གདམས་པའི་སྣོད་དུ་འགྱུར་བའི་ཕྱིར། །བདག་གིས་བགྱིས་དང་བགྱིད་འགྱུར་བསོད་ནམས་གང༌། ། མ་ལུས་བསམ་པ་དག་པས་ཡོངས་སུ་བསྔོ། །བློ་ལྡན་རྣམས་ཀྱི་སྨོན་ལམ་མཆོག་གི་གནས། །འདི་ནི་བདེ་བླག་འགྲུབ་པར་མཛད་དུ་གསོལ། །ཁྱོད་ཀྱི་སྐུ་ལ་སེམས་པའི་ཏིང་འཛིན་དང༌། །ཉིད་ཀྱི་གསང་སྔགས་ཚུལ་བཞིན་བགྲང་ལ་སོགས། །ནང་གི་ཡན་ལག་ 2-3-34b གུས་པས་རབ་བསྒྲུབ་མོད། །འོན་ཀྱང་བདག་ཅག་བསམ་པའི་སྟོབས་ཞན་པས། །ཕྱི་ཡི་ཡན་ལག་གཙོ་བོ་མགོན་ཁྱོད་ཀྱིས། །བདག་ལ་མ་བསྟན་ན་ནི་ལམ་གྱི་སྲོག །དྲི་མེད་རྣམ་དཔྱོད་རྙེད་པར་མི་འགྱུར་བས། །རྒྱུན་མི་འཆད་པར་རྗེས་སུ་དགོངས་པར་རིགས། །རྗེ་བཙུན་ ཁྱེད་ཀྱིས་བདག་ལ་དགོངས་པའི་མཐུས། །སྐྱེ་དགུའི་དོན་གཉིས་འགྲུབ་པའི་ལམ་གྱི་གནད། །ཇི་བཞིན་རྟོགས་པའི་ཤེས་རབ་འཕེལ་བ་དང༌། དེ་དོན་སྒྲུབ་ལ་གཡེལ་བ་མེད་པར་ཤོག །མདོར་ན་རྒྱལ་བའི་བསྟན་པའི་གནད། །གསལ་བར་མཐོང་ཞིང་དེ་ཡི་ ཚེ། །སྙིང་རྗེ་ཆེན་པོས་ཡིད་དྲངས་ནས། །ཀུན་ལའང་དེ་ལྟར་འདོམས་པར་ཤོག །འཇམ་པའི་དབྱངས་ལ་བསྟོད་པའི་གཙོ་བོ་གཉིས། །ཡོངས་སུ་འགྲུབ་པར་གསོལ་བའི་ཚིགས་བཅད་འདི། འཇམ་དཀར་ཞེས་གྲགས་འཇམ་དཔལ་ཆོས་བཟང་གིས། །གསོལ་ བ་བཏབ་ཕྱིར་བློ་བཟང་གྲགས་པས་སྦྱར།། ༈ །།ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། །སྡེ་པ་གཞན་ལ་མི་འཇིགས་མཆོག་བརྙེས་པས། །ཁྱུ་མཆོག་བཞིན་དུ་ཞལ་གྱིས་འཆེས་པ་མཆོག །འཁོར་མང་དབུས་ན་སེང་གེའི་སྒྲ་ཆེན་སྒྲོགས། །བླ་མེད་འཁོར་ལོ་ལེགས་ པར་བསྐོར་ལ་འདུད། །ཁྱོད་ཀྱིས་དཔག་ཡས་བསྐལ་པ་རུ། །ཟབ་དང་རྒྱ་ཆེའི་ཆོས་ཀུན་ལ། །ལེགས་པར་སྦྱངས་པས་ཤེས་བྱ་ཀུན། །ཇི་བཞིན་མངོན་དུ་བྱས་སོ་ཞེས། །རྨད་བྱུང་མཁས་པའི་འཁོར་ནང་དུ། །ཚངས་པའི་དབྱངས་ཀྱིས་བསྒྲོགས་པ་ན། །ཕས་ ཀྱི་རྒོལ་བ་ཐམས་ཅད་ཀྱི། །སྤོབས་པ་འཕྲོག་ལ་ཕྱག་འཚལ་ལོ། །དེ་བཞིན་བཅད་དཀའི་འཆིང་བཅད་ཅིང༌། །འདི་ནི་ལམ་ཡིན་འདི་དག་ནི། །བར་དུ་གཅོད་པའི་ཆོས་ཡིན་ཞེས། །ཀུན་ལ་ཞལ་གྱིས་འཆེས་པ་ན། །དོན་དང་ལྡན་པའི་རྩོད་སྨྲ་བ། །འགའ་ཡང་ 2-3-35a འདི་ན་མ་གཟིགས་པས། །གང་གིས་རེ་བའི་མཆོག་བརྙེས་པ། །འཇམ་དབྱངས་དེ་ལ་གུས་ཕྱག་འཚལ། །དེ་ལྟར་ཡང་དག་དམ་བཅའ་བཞིས། །ཕས་རྒོལ་ཀུན་ལས་ལེགས་རྒྱལ་བར། །བསྟོད་པས་ལུས་ཅན་ཐམས་ཅད་ནི། །འཇིགས་པ་ མེད་པའི་གནས་ཐོབ་ཤོག །ཅེས་རྗེ་བཙུན་འཇམ་པའི་དབྱངས་ལ་བསྟོད་པའི་ཚིགས་སུ་བཅད་པ་འདི་ནི། ཤཱཀྱའི་དགེ་སློང་བློ་བཟང་གྲགས་པའི་དཔལ་གྱིས་ཏེའུ་ར་ཞེས་བྱ་བའི་གནས་མཆོག་ཏུ་སྦྱར་བའོ།། ༈ །།སྭ་སྟི། །མཚམས་སྤྲིན་གཞོན་ནུའི་མདངས་བཞིན་ མཛེས་པའི་སྐུ། །འཆི་མེད་བདག་པོའི་དབྱངས་ལྟར་སྙན་པའི་གསུང༌། །ཆུ་གཏེར་ཆེན་པོའི་ཀློང་བཞིན་ཟབ་པའི་ཐུགས། །འཇམ་དབྱངས་རྒྱལ་བའི་ཡབ་ལ་ཕྱག་འཚལ་ལོ། །རབ་འབྱམས་བསྐལ་པར་གྲངས་མེད་རྒྱལ་བ་ལ། །རབ་འབྱམས་ཞིང་དུ་དཔག་མེད་ལེགས་བཤད་ ཚོགས། །རབ་འབྱམས་བརྩོན་པས་ཐོས་པའི་མཐར་སོན་པའི། །མཚུངས་མེད་མཁྱེན་པའི་དབང་ཕྱུག་ཁྱོད་ལ་འདུད། །འཁོར་བའི་ཐ་མའི་མཚམས་གང་ཇི་སྲིད་པ། །དེ་སྲིད་ཉམ་ཐག་འགྲོ་ཀུན་བསྐྱབ་པའི་ཕྱིར། །སེམས་ཅན་ཁུར་ཆེན་ཁྱེར་བས་མི་ངལ་བའི། །མཚུངས་ མེད་སྙིང་རྗེའི་དབང་ཕྱུག་ཁྱོད་ལ་འདུད། །རྒྱལ་སྲས་ཐུ་བོའི་སྐུ་ཡིས་ཞིང་ཀུན་ཏུ། །རྨད་བྱུང་བཀོད་པའི་མཛད་པའི་རྒྱ་མཚོ་ལས། །སྐྲ་རྩེས་བླངས་པའི་ཆ་ཤས་ཕྲ་མོ་ཙམ། །མཁའ་མཉམ་འགྲོ་བའི་དོན་དུ་འདི་བཀོད་པས། །ཚེ་རབས་ཀུན་ཏུ་རྗེ་བཙུན་འཇམ་དབྱངས་ཀྱིས། ། ཐེག་མཆོག་སྟོན་པའི་བཤེས་གཉེན་མཛད་པ་དང༌། །སྡུག་བསྔལ་རྒྱ་མཚོར་བྱིང་བའི་དྲིན་ཅན་རྣམས། །མ་ལུས་སྒྲོལ་ལ་འཇམ་དབྱངས་འདྲ་བར་ཤོག།། ༈ །།སྭ་སྟི། །འདབ་བརྒྱ་པ་དང་རི་བོང་ཅན་སྟེང་ན། །མཉམ་པའི་སྟབས་ཀྱིས་རབ་བཞུགས་དམར་སེར་མདོག ། 2-3-35b འཇའ་ཚོན་ལྟར་བཀྲའི་སྨད་གཡོགས་ལེགས་བགོས་ཤིང༌། །འཛུམ་བའི་ཞལ་གྱིས་ཡིད་འཕྲོག་དེ་ལ་འདུད། །རིན་ཆེན་རྒྱན་གྱིས་སྐུ་ལ་དཔལ་འབར་ཞིང༌། །འཇམ་མཉེན་ཟླུམ་ཞིང་ལེགས་པའི་ཕྱག་ཟུང་གིས། །འཆི་མེད་རབ་སྟེར་བདུད་རྩིའི་བུམ་པ་མཆོག །ཐུགས་ དཀར་བཟུང་བ་ཁྱོད་ལ་ཕྱག་འཚལ་ལོ། །དྲན་པ་ཙམ་གྱིས་དོན་ཆེན་གྲུབ་མཛད་པ། །འཇམ་དབྱངས་དེ་ཡི་བཀོད་པ་བསྒྲུབས་པའི་མཐུས། །མར་གྱུར་སེམས་ཅན་ཀུན་གྱི་དོན་ཕྱིར་དུ། །རྫོགས་པའི་སངས་རྒྱས་མྱུར་དུ་ཐོབ་པར་ཤོག །དེང་ནས་བཟུང་སྟེ་སངས་རྒྱས་མ་ཐོབ་ པར། །ཚེ་རབས་ཀུན་ཏུ་རབ་ཏུ་འབྱུང་བ་དང༌། །ཚེ་རིང་ནད་མེད་བདེ་དང་ལྡན་གྱུར་ནས། །བྱང་ཆུབ་སེམས་ཀྱི་རྟག་ཏུ་མཛེས་པར་ཤོག།། ༈ །།སྭ་སྟི། །དང་བའི་མཚོ་སྔོན་སྟེང་ན་རབ་དམར་བའི། །འདབ་བརྒྱའི་པད་སྡོང་ཅུང་ཟད་ལྡེམ་པ་བཞིན། །སེང་སྔོན་སྟེང་ན་གོས་ ལྗང་ལྷབ་ལྷུབ་ཅན། །སྨྲ་བའི་སེང་གེས་རྟག་ཏུ་བདག་སྐྱོངས་ཤིག །ཕྲག་པའི་ངོས་གཉིས་དག་ཏུ་རབ་རྒྱས་པའི། །ཨུཏྤལ་ལྟེ་བར་རལ་གྲི་གླེགས་བམ་ནི། །གཡས་གཡོན་ཕྱག་གི་ཆོས་འཁོར་ཕྱག་རྒྱ་ཡིས། །ཐུགས་ཀར་བཟུང་བ་ཁྱོད་ལ་ཕྱག་འཚལ་ལོ། །འཇམ་དབྱངས་ སྨྲ་སེང་ལ་བསྟོད་པ་ཚིགས་སུ་བཅད་པ་གཉིས་པའང་བློ་བཟང་གྲགས་པས་སྨྲས་སོ།། ༈ །།སྭ་སྟི། །སྟོན་དུས་དག་པའི་མཁའ་ལ་ཟླ་འོད་བཞིན། །དཀར་བའི་འོད་བརྒྱ་རྒྱས་པ་དཀྲིགས་པའི་སྐུ། །མཆོག་སྦྱིན་དང་ནི་ཐུགས་ཀར་སོན་པའི་ཕྱག །གླེགས་བམ་ རལ་གྲིས་མཚན་ལ་ཕྱག་འཚལ་ལོ། །ཞི་ཞིང་གཡས་སུ་འགྱིང་ལ་བཞད་པའི་ཉམས། །མཛེས་ཤིང་ཡིད་འོང་རིན་ཆེན་རྒྱན་གྱིས་བརྒྱན། །བརྟན་ཅིང་མི་གཡོ་རྡོ་རྗེའི་སྐྱིལ་ཀྲུང་ཅན། །སྒེག་ཅིང་རོལ་པ་ཁྱོད་ལ་ཕྱག་འཚལ་ལོ།། ༈ །།ཤྲཱི་བཛྲ་བྷཻ་ར་ཝཱ་ཡ་ 2-3-36a ན་མཿ། ཐལ་ཆེན་མདོག་ཅན་མ་ཧེའི་སྟེང་ན། །མ་ཧེའི་གདོང་ཅན་གཤིན་རྗེ་གཤེད་ནི། །འཇིགས་རུང་ཞལ་གདངས་མཆེ་བ་གཙིགས་ཏེ། །རྔམ་པའི་སྒྲ་དབྱངས་སྒྲོག་ལ་ཕྱག་འཚལ། །མིག་སྨན་ལྟ་བུར་གནག་པའི་སྐུ་ནི། །རབ་ཏུ་ཁྲོས་པའི་ཁྲོ་ གཉེར་དང་ལྡན། །དམར་ལ་ཟླུམ་པའི་སྤྱན་གསུམ་བགྲད་ནས། །བདུད་དཔུང་ཕྱེ་མར་འཐག་ལ་ཕྱག་འཚལ། །གཡས་གཡོན་ཕྱག་གིས་འབར་བའི་གྲི་གུག །བདུད་རྩིས་གང་བའི་ཐོད་པ་འཛིན་ཅིང༌། །བརྐྱང་བསྐུམ་ཞབས་ཀྱི་གར་སྟབས་བརྗིད་པས། །ལོག་འདྲེན་ཟིལ་ གྱིས་གནོན་ལ་ཕྱག་འཚལ། །གཅེར་བུ་རུས་པའི་རྒྱན་གྱིས་མཛེས་ཤིང༌། །རལ་པ་སེར་སྐྱ་གྱེན་དུ་རབ་འབར། །གློག་ལྟར་འཁྱུག་པའི་ལྗགས་ནི་བསྐྱོད་པས། །ས་གསུམ་གཡོ་བར་མཛད་ལ་ཕྱག་འཚལ། །ཐོད་སྐམ་ལྔ་ཡིས་དབུ་ལ་ལེགས་བརྒྱན། །བརྒྱ་ཕྱེད་ཐོད་ཕྲེང་དོ་ ཤལ་འཕྱང་ཞིང༌། །ཉིན་བྱེད་འབུམ་ཕྲག་བསྡོམས་པའི་མདངས་ལྡན། །ཡེ་ཤེས་མེད་དཔུང་འཕྲོ་ལ་ཕྱག་འཚལ། །རབ་འབྱམས་ཞིང་ན་དབང་པོའི་ཉེར་འཚོ། །རབ་ཏུ་མཛེས་པའི་མཆོད་སྤྲིན་རྒྱ་མཚོ། །རབ་མཆོག་ཕུལ་དུ་བྱུང་བ་དུ་མ། །རབ་དང་ཡིད་ཀྱིས་མཆོད་པར་འབུལ་ལོ། ། མ་རིག་མཐུ་ཡིས་ཐོག་མ་མེད་ནས། །མ་བསྡམས་སྒོ་ནས་ཉེས་པ་གང་བགྱིས། །མ་ལུས་རྒྱལ་བ་སྲས་བཅས་སྤྱན་སྔར། །མ་གསང་འགྱོད་པའི་བསམ་པས་བཤགས་སོ། །འཇིག་རྟེན་འཇིག་རྟེན་འདས་པའི་ལེགས་རྒྱུ། །འཕགས་དང་བྱིས་པའི་སྐྱེ་བོའི་དགེ་རྩ། །མ་ལུས་ལུས་ པ་མེད་པར་ཀུན་ལ། །ལྷག་བསམ་བསམ་པ་ཐག་པས་ཡི་རང༌། །མཐའ་ཡས་ཡོན་ཏན་ཚོགས་ཀྱི་གཏེར་ཆེན། །མ་རིག་ཐིབས་པོར་ཞུགས་པའི་སྒྲོན་མེ། །སྐྱེ་དགུའི་ལམ་སྟོན་རྒྱལ་བ་རྣམས་ལ། །ཐེག་མཆོག་གསུང་ཕྱིར་གུས་པས་བསྐུལ་ལོ། །གྲངས་མེད་འགྲོ་བའི་བློ་དང་ 2-3-36b འཚམ་པར། །རང་རང་རྗེས་འཛིན་མཛད་པ་རྫོགས་ཚེ། །ཞི་བར་གཞོལ་བར་བཞེད་པ་རྣམས་ལ། །སྲིད་མཐའི་བར་དུ་བཞུགས་པར་གསོལ་ལོ། །དགེ་འདིས་མཚོན་པའི་ལེགས་ཚོགས་ཐམས་ཅད། །ཀུན་ནས་བསྡོམས་པའི་མཐུ་ལ་བརྟེན་ནས། །རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ གཅིག་བསྡུས། །གཤིན་རྗེ་གཤེད་ནི་འགྲུབ་པར་གྱུར་ཅིག །ཅེས་རྡོ་རྗེ་འཇིགས་བྱེད་ལ་བསྟོད་པ་འདི་ནི། མང་དུ་ཐོས་པ་བློ་བཟང་གྲགས་པའི་དཔལ་གྱིས་སྦྱར་བའོ།། ༈ །།རྗེ་བཙུན་མི་གཡོ་མགོན་པོ་ལ་བསྟོད་པ་བྱིན་རླབས་ཀྱི་ཆུ་གཏེར་ཞེས་བྱ་བ། གངྒཱའི་བྱེ་ སྙེད་གྲངས་མཉམ་ཕྱོགས་བཅུའི་རྒྱལ་རྣམས་ཀྱིས། །ཡན་ལག་དྲུག་ཅུའི་དབྱངས་ཀྱིས་རྟག་ཏུ་མགོན་པོ་ཁྱོད། །མཆོག་ཏུ་བསྟོད་མོད་འོན་ཀྱང་བདག་གིས་གུས་པ་ཡིས། །ལྷག་པའི་ལྷ་ཁྱོད་བསྟོད་དོ་རྗེས་སུ་བཟུང་དུ་གསོལ། །སྲིད་པའི་སྐྱོན་སྤངས་མཚོ་སྐྱེས་འདབ་མ་བརྒྱད། ། ལོག་ལྟའི་མུན་སེལ་འོད་སྟོང་ལྡན་པ་ཅན། །དྲི་མེད་པད་ཉིའི་གདན་ལ་རབ་བརྗིད་པའི། །བརྐྱང་བསྐུམ་ཞབས་ཀྱིས་བཞུགས་ལ་ཕྱག་འཚལ་ལོ། །འཁོར་འདས་ཀུན་གྱི་གཤིས་ལུགས་སྟོང་པ་ཉིད། །རང་བཞིན་འོད་གསལ་དྲི་མེད་ཆོས་ཀྱི་སྐུ། །མི་འགྱུར་འགྱུར་བ་ མེད་པ་མཚོན་པའི་ཕྱིར། །ཨིནྡྲ་ནཱི་ལའི་མདོག་ཅན་ཁྱོད་ཕྱག་འཚལ། །ཁམས་སེར་རལ་བའི་སྐྲ་ལོ་གྱེན་དུ་བརྫེས། །དམར་ཟླུམ་སྤྱན་གསུམ་སྡང་ཐབས་ཚུལ་གྱིས་བགྲད། །འཇིག་པའི་ཁྲོ་གཉེར་དབྲལ་པའི་དབུས་སུ་བསྡུས། །བདུད་དཔུང་བརླག་པར་མཛད་ལ་ཕྱག་ འཚལ་ལོ། །བགེགས་དང་ལོག་འདྲེན་གདུག་པ་ཅན་རྣམས་ཀྱི། །མགུལ་པ་རྩད་ནས་འབྲེག་པར་མཛད་པའི་ཕྱིར། །གཡས་པའི་ཕྱག་གིས་འབར་ཞིང་རབ་འབར་བའི། །རལ་གྲི་འཕྱར་བར་མཛད་ལ་ཕྱག་འཚལ་ལོ། །སྲིད་ན་དྲེགས་པར་རློམ་པའི་དྲེགས་པ་ཅན། ། 2-3-37a ཚངས་དང་དབང་པོ་ཁྱབ་འཇུག་ལ་སོགས་ཀྱང༌། །སྡིགས་མཛུབ་ཕྱག་གིས་རེངས་པར་མཛད་པའི་ཕྱིར། །གཡོན་པས་སྡིགས་མཛུབ་མཛད་ལ་ཕྱག་འཚལ་ལོ། །བདུད་བཞིའི་འཇིགས་པས་བསྐྱོད་པར་མི་ནུས་ཕྱིར། །གཡས་བསྐུམ་ཞབས་ཀྱི་མཐིལ་ གྱིས་ཉི་གདན་ལ། །ཤིན་ཏུ་བརྟན་པའི་ཚུལ་གྱིས་བཞུགས་གྱུར་པ། །བདུད་འཇོམས་དཔའ་བོ་ཁྱོད་ལ་ཕྱག་འཚལ་ལོ། །མི་འགྱུར་བདེ་བ་ཆེན་པོའི་སྐུ་བརྙེས་ཀྱང༌། །རང་ཉིད་ཞི་བདེའི་འདོད་པ་སྤངས་གྱུར་ནས། །རྟག་ཏུ་གཞན་གྱི་དོན་དུ་གཤེགས་མཛད་ཕྱིར། །གཡོན་ཞབས་ བརྐྱང་པར་མཛད་ལ་ཕྱག་འཚལ་ལོ། །ནང་གི་དུག་གསུམ་རྩད་ནས་བཅད་པའི་མཐུས། །ཕྱི་རོལ་དབྱིག་དུག་སྦྱར་བའི་དུག་ལ་སོགས། །འགལ་རྐྱེན་ཀུན་གྱིས་བརྫི་བར་མི་ནུས་ཕྱིར། །སྦྲུལ་གདུག་དོ་ཤལ་མཛད་ལ་ཕྱག་འཚལ་ལོ། །མཁྱེན་བརྩེའི་དཔུང་གིས་འཁོར་བའི་ གཡུལ་ངོ་བཟློག །བདག་འཛིན་དགྲ་ཆེན་མ་རུངས་ཕམ་པར་བྱས། །རྒྱལ་དཀའི་གཡུལ་ལས་ལེགས་པར་རྒྱལ་བའི་ཕྱིར། །དཔའ་བོའི་སྟག་ལྤགས་མནབས་ལ་ཕྱག་འཚལ་ལོ། །གང་གི་ཁྱོད་བསྒོམ་སྙིང་པོ་བཟླས་པ་དང༌། །རྩེ་གཅིག་ཡིད་ཀྱིས་ཁྱོད་ལ་དད་བྱེད་ན། །དེ་ ལ་གང་འདོད་འབྲས་བུ་སྩོལ་བའི་ཕྱིར། །རིན་ཆེན་དུ་མས་བརྒྱན་ལ་ཕྱག་འཚལ་ལོ། །དམར་ནག་རབ་ཏུ་འཁྱུག་པ་བསྐལ་པའི་མེ། །གདོན་བགེགས་ཐལ་པར་སྲེག་པའི་ཚ་ཟེར་ཅན། །ཤིན་ཏུ་བཟོད་དཀའ་བལྟ་བར་མི་ནུས་པའི། །མེ་དཔུང་དབུས་ན་བཞུགས་ལ་ཕྱག་འཚལ་ལོ། ། ནད་དང་གདོན་སོགས་ཕྱི་ནང་འཚེ་བ་ནི། །རྣམ་པ་དུ་མས་ཤིན་ཏུ་ཉམ་ཐག་ཚེ། །ལྷ་མཆོག་ཁྱོད་ལ་གུས་པས་སྐྱབས་བཅོལ་ན། །བར་ཆད་ཞི་མཛད་ཁྱོད་ལ་ཕྱག་འཚལ་ལོ། །གང་ཚེ་གནས་ལུགས་དོན་ལ་རྨོངས་པ་ཡི། །གཏི་མུག་མུན་པས་བློ་མིག་ཁེབས་པའི་ཚེ། །ཡེ་ཤེས་ 2-3-37b སྣང་བསྐྱེད་པར་གསོལ་བཏབ་ན། །ཤེས་རབ་མིག་སྦྱིན་ཁྱོད་ལ་ཕྱག་འཚལ་ལོ། །གང་ཚེ་ཚེ་ཡི་འཕེལ་རྐྱེན་ཟད་པའི་མཐུས། །མི་འདོད་འཆི་ལྟས་དུ་མ་ཤར་བའི་ཚེ། །ལོ་མང་བྱེ་བ་གནས་ཕྱིར་གསོལ་བཏབ་ན། །ཚེ་དཔག་མེད་སྟེར་ཁྱོད་ལ་ཕྱག་འཚལ་ལོ། །དངོས་སམ་རྨི་ལམ་དུས་ སུ་ཚབས་ཆེན་གདོན། །ཤིན་ཏུ་དབྲལ་དཀས་བཏབ་པའི་ལྟས་བྱུང་ཚེ། །ལྷ་མཆོག་དྲན་ཞིང་རིག་སྔགས་བགྲངས་གྱུར་ན། །གདོན་གྱི་འཇིགས་ལས་སྒྲོལ་མཛད་ཁྱོད་ཕྱག་འཚལ། །མདོར་ན་མི་འདོད་སྣ་ཚོགས་ཞི་བ་དང༌། །མཐུན་རྐྱེན་ཚེ་དང་དཔལ་འབྱོར་རྒྱས་ལ་སོགས། །གང་གང་ འདོད་པ་དེ་ཀུན་གསོལ་བཏབ་ན། །མ་ལུས་སྩོལ་བར་མཛད་ལ་ཕྱག་འཚལ་ལོ། །དེ་ལྟར་ལྷག་པའི་ལྷ་མཆོག་བཅོམ་ལྡན་འདས། །ཁྲོ་བོའི་རྒྱལ་པོ་འཕགས་མཆོག་མི་གཡོ་མགོན། །ཁྱོད་ལ་དང་བའི་ཡིད་ཀྱིས་བསྟོད་པའི་མཐུས། །བདག་གི་བསམ་པའི་དོན་རྣམས་འགྲུབ་པར་མཛོད། ། ཇི་སྲིད་ཁྱོད་ཀྱི་གོ་འཕང་མ་ཐོབ་པ། །དེ་སྲིད་བདག་ནི་ཚེ་རབས་ཐམས་ཅད་དུ། །ལྷ་མཆོག་ཁྱོད་བསྒོམས་རིག་སྔགས་བཟླས་པ་ལ། །སྐད་ཅིག་ཙམ་ཡང་གཡེལ་བར་མ་གྱུར་ཅིག །ཟག་བཅས་ལུས་འདི་རྣམ་ཤེས་དང་བྲལ་ཞིང༌། །ཚེ་འདིའི་སྣང་བ་ནུབ་པར་གྱུར་མ་ཐག །བཅོམ་ ལྡན་ཁྱོད་ཀྱི་ཞབས་ཀྱི་དྲུང་དུ་བདག །སྐྱེས་ནས་ཁྱོད་མཉེས་ཁོ་ན་བགྱིད་པར་ཤོག །གང་ཞིག་བསྟོད་པ་འདི་ཡིས་ལྷག་པའི་ལྷ། །ཁྲོ་རྒྱལ་མི་གཡོ་མགོན་ལ་བསྟོད་བྱེད་པ། །དེ་ཡི་སྙིང་ལ་བཅོམ་ལྡན་མི་གཡོ་མགོན། །རྟག་ཏུ་འབྲལ་བ་མེད་པར་གནས་གྱུར་ཅིག །རིགས་རུས་ཕུན་ ཚོགས་དཔལ་གྱིས་རབ་མཐོ་ཞིང༌། །རྣམ་ཐོས་བུ་ཡི་འབྱོར་པའང་ཟིལ་གནོན་པ། །ལྷག་བསམ་བཟང་པོ་ཅན་དེས་བསྐུལ་བའི་ངོར། །དཀའ་བཞི་སྨྲ་བ་བློ་བཟང་གྲགས་པས་སྦྱར།། ༈ །།སྭ་སྟི། བདག་གིས་ཚེ་རབས་ཀུན་ཏུ་བསྟེན་པ། །ལྷག་པའི་ལྷ་མཆོག་མི་གཡོ་མགོན་ 2-3-38a པོ། །ཁྱོད་ཀྱིས་མཁྱེན་པར་མཛད་དུ་གསོལ་གྱིས། །དྲི་མེད་སྨོན་ལམ་བདག་གིས་གདབ་བོ། །བདག་ནི་གང་དུ་སྐྱེས་པར་གྱུར་ཀྱང༌། །ལྷ་མཆོག་ཁྱོད་ཀྱི་བསྒོམ་བཟླས་དྲི་མེད། །སྒོ་གསུམ་གུས་པས་ཉམས་སུ་ལེན་ལ། །ནམ་ཡང་གཡེལ་བ་མེད་པར་གྱུར་ ཅིག །ལྷག་པའི་ལྷ་ཁྱོད་བསྒྲུབས་པའི་མཐུ་ཡིས། །མ་ནོར་ལམ་སྟོན་བཤེས་གཉེན་བཟང་པོས། །བརྩེ་བའི་ཐུགས་ཀྱིས་རྗེས་སུ་བཟུང་སྟེ། །ཟབ་མོའི་ལམ་རྣམས་སྟོན་པར་གྱུར་ཅིག །གང་ཚེ་ཤིན་ཏུ་ཟབ་པའི་ཉེ་ལམ། །བདག་གིས་གུས་པས་སྒྲུབ་པ་དེ་ཚེ། །ཁྲོ་བོའི་རྒྱལ་ པོ་ཁྱོད་ཀྱི་མཐུ་ཡིས། །འགལ་བའི་རྐྱེན་རྣམས་ཞི་བར་གྱུར་ཅིག །བདག་ནི་བདག་འཛིན་ཞགས་པ་དམ་པོས། །འཁོར་བའི་བཙོན་རར་བསྡམས་པ་དེ་ཚེ། །བུ་གཅིག་པ་ལ་མ་ཡིས་བརྩེ་བཞིན། །སྡུག་བསྔལ་མཚོ་ལས་སྒྲོལ་བར་གྱུར་ཅིག །ལས་ངན་རླུང་གི་ཤུགས་ ཀྱིས་བདས་ཏེ། །ངན་འགྲོའི་གཡང་ལ་ལྷུང་བ་དེ་ཚེ། །ཐུགས་རྗེའི་ཕྱག་ནི་ལེགས་པར་བརྐྱངས་ནས། །ངན་འགྲོའི་འཇིགས་ལས་སྐྱོབ་པར་གྱུར་ཅིག །མདོར་ན་འཕྲལ་དུ་ནད་གདོན་བར་ཆད། །མ་ལུས་ཞི་ཞིང་མཐར་ཐུག་རྒྱལ་བའི། །སྐུ་བཞིའི་འབྲས་བུ་དཀའ་བ་ མེད་པར། །མྱུར་དུ་བདག་གིས་ཐོབ་པར་གྱུར་ཅིག །བཅོམ་ལྡན་མི་གཡོ་མགོན་པོའི་སྒོ་ནས། །སྨོན་ལམ་འདེབས་ཚུལ་ཚིགས་བཅད་བདུན་འདི། །མྱུར་བ་མྱུར་བར་རྩོམས་ཞེས་བསྐུལ་ཚེ། །དེ་ལྟ་དེ་ལྟར་བདག་གིས་སྦྱར་རོ། །ཞེས་པ་འདི་ཡང་དཔོན་དཔལ་འབྱོར་ བཟང་པོས་བསྐུལ་བའི་ཚེ་བློ་བཟང་གྲགས་པས་ཇའི་གྲལ་དུ་སྨྲས་པའོ།། ༈ །།སྭ་སྟི། །གང་གི་མཁྱེན་པ་ནམ་མཁའི་མཐར་སོན་པས། །དྲི་མེད་མཁྱེན་པའི་གཏེར་དུ་རབ་གྲགས་པ། །འཇམ་པའི་དབྱངས་དེའི་རྣམ་དཀར་འཕྲིན་ལས་ཀྱིས། །ད་དུང་བྱང་ 2-3-38b ཆུབ་བར་དུ་སྐྱོང་གྱུར་ཅིག །ལུས་ཅན་ཀུན་གྱི་བླ་མེད་བསོད་ནམས་ཞིང༌། །ཕོངས་པའི་རེ་བ་ཡིད་བཞིན་སྐོང་བའི་གཏེར། །ཐར་འདོད་རྣམས་ཀྱི་གཙུག་གི་རྒྱན་གྱི་མཆོག །དཀོན་མཆོག་གསུམ་ལ་གུས་པས་ཕྱག་འཚལ་ལོ། །འགྲོ་བའི་ཕུན་ཚོགས་ཀུན་ནས་ཉམས་བྱེད་པའི། །ནག་པོའི་རྩ་ ལག་སྡེ་དང་བཅས་པའི་དཔུང༌། །མ་ལུས་རྩད་ནས་གཞོམ་ཕྱིར་རྒྱལ་བ་ཡིས། །གང་སྐུ་རྡོ་རྗེའི་ལུས་སུ་བྱིན་བརླབས་པ། །དེ་ནི་གནོད་སྦྱིན་རྣམས་ཀྱི་སྡེ་དཔོན་ཏེ། །དཔལ་ལྡན་རྣམ་པར་འཇོམས་པ་ཞེས་སུའང་གྲགས། །འབར་བའི་རྡོ་རྗེ་ཕྱག་ན་བསྣམས་པ་ཡིས། །བགེགས་དཔུང་རྣམ་པར་འཇོམས་ ལ་ཕྱག་འཚལ་ལོ། །སྐལ་བཟང་རྒྱལ་བ་སྟོང་གི་བསྟན་པའི་ཁུར། །གང་ལ་གཏད་ནས་སྲུང་བར་ཞལ་བཞེས་ཤིང༌། །རིག་སྔགས་འཆང་བ་ཀུན་གྱི་རྗེར་གྱུར་པ། །རྡོ་རྗེ་གཏུམ་པོ་ཅུང་ཟད་བདག་ལ་གསོན། །ཉིད་ཀྱི་ཁུར་དུ་བསྣམས་པའི་བསྟན་པ་དེ། །རིང་དུ་གནས་པ་བཤད་དང་སྒྲུབ་པ་ ཡིས། །ཇི་བཞིན་འཛིན་པ་ཉིད་ལ་རག་ལས་ན། །འདི་ན་དེ་ལྟར་རྗེས་སུ་སློབ་པ་ལ། །ནག་ཕྱོགས་འབྱུང་པོས་ལྷག་པར་འཚེ་བར་བྱེད། །ཚུལ་འདི་ཡལ་བར་དོར་ན་ཕན་བདེའི་གཏེར། །བསྟན་པ་རིན་ཆེན་ཕྱོགས་རྣམས་ཐམས་ཅད་དུ། །སྲུང་བར་མཛད་པའང་ཚིག་ཙམ་སྙིང་པོར་ཟད། །དེ་སླད་ མཐུ་སྟོབས་བདག་པོས་བརྩེར་དགོངས་ལ། །བདག་ཅག་རྣམས་ཀྱི་ཡིད་ལ་རེ་བའི་དོན། །མངོན་པར་གསོལ་བ་འདི་རྣམས་བདེ་བླག་ཏུ། །མྱུར་དུ་འབྲས་བུ་མཆིས་པར་མཛད་དུ་གསོལ། །མ་རུངས་བདུད་སྡེ་འཇོམས་ལ་ཐོགས་མེད་ཅིང༌། །ཕས་ཀྱི་རྒོལ་བས་ཕམ་པར་མི་ནུས་ལ། །འདོད་དོན་ མ་གྲུབ་སྒྲུབ་ཅིང་གྲུབ་པ་རྣམས། །ཆུད་མི་ཟ་བར་བྱེད་པའི་རིག་སྔགས་མཆོག །ཚུལ་བཞིན་ཟློས་པས་སྡིག་དང་སྡུག་བསྔལ་སེལ། ཚེ་དང་བསོད་ནམས་ཐམས་ཅད་འཕེལ་ལ་སོགས། །མདོར་ན་འདོད་པ་ཐམས་ཅད་སྦྱིན་ནོ་ཞེས། །བཅོམ་ལྡན་ཁྱོད་ཀྱིས་ལེགས་པར་བཀའ་སྩལ་པ། །དེ་ལ་ 2-3-39a ཡིད་ཆེས་རེ་བ་ཆེར་བཅས་ཏེ། །ཁྱོད་སྐུ་དྲན་ནས་གཟུངས་སྔགས་ཟློས་པ་ལ། །སྐལ་ངན་སྐྱེ་བོའི་འཕྱས་ཀྱི་གནས་མེད་པར། །ཕན་ཡོན་མངོན་དུ་འགྱུར་བར་མཛད་དུ་གསོལ། །མ་ནི་ཉམ་ཐག་བུ་ལ་ལྷག་པར་བརྩེ། །དེ་བཞིན་ཁྱོད་ཀྱི་ཐུགས་རྗེ་དམན་ ལ་འཇུག །བདུད་དཔུང་ཟིལ་གྱིས་གནོན་པའི་ཚུལ་ལ་མཁས། །མི་མཐུན་འཇོམས་པའི་སྟོབས་ཀྱི་ཕུལ་དུ་བྱུང༌། །དེ་སླད་ཁྱོད་ལ་སྐྱབས་སུ་བསྟེན་པ་བདག །ཉམ་ཐག་ང་རོས་འབོད་པ་འདི་གསོན་ལ། །ཐབས་མཁས་སྤྲུལ་པས་ཇི་ལྟར་རིགས་པ་ཡིས། །ཕྱི་ནང་ཉེར་འཚེ་ཐམས་ ཅད་བཟློག་ཏུ་གསོལ། །གང་གང་མི་བསྲུན་འབྱུང་པོས་གཙེས་གྱུར་པ། །དེ་དང་དེ་ཡི་སྐྱབས་ནི་ང་ཡིན་ཞེས། །གསུང་དེ་ཐོས་ནས་མགོན་དུ་ཁྱོད་བསྟེན་ན། །བདེན་པ་གསུང་བ་ཁྱོད་ཀྱིས་ཇི་ལྟར་དགོངས། །ཁྱོད་ཀྱི་ཕྱག་བརྙན་ཐ་མ་ཞིག་གིས་ཀྱང༌། །མང་པོའི་བགེགས་ཚོགས་ རྡུལ་དུ་བརླག་མཛད་ན། །མཐུ་ཆེན་ཁྱོད་ལ་རྟག་ཏུ་བསྟེན་པ་བདག །ཉམ་ཐག་གྱུར་པ་འདི་ནི་ཀྱེ་མ་མཚར། །ཁྱོད་ནི་མཐུ་སྟོབས་བདག་པོར་རྒྱལ་བས་བསྔགས། །ཚུལ་དེ་རིག་ནས་རེ་བ་འཆའ་བ་འདིའི། །རྨད་བྱུང་དད་པའི་མྱུ་གུ་སྤེལ་སླད་དུ། །ཉིད་ཀྱི་མཐུ་རྩལ་མངོན་སུ་ བསྟན་དུ་གསོལ། །མཚམས་སྤྲིན་གཞོན་ནུས་ཡོངས་སུ་བསྐོར་བ་ཡི། །རིན་ཆེན་མར་གད་རི་བོ་ཇི་བཞིན་དུ། །ཡེ་ཤེས་མེ་ཆེན་འབར་བའི་ཀློང་དཀྱིལ་ན། །ཁྲོ་འཛུམ་ཉམས་ཀྱིས་བརྗིད་ལ་ཕྱག་འཚལ་ལོ། །སྤྲོས་བྲལ་ཆོས་སྐུའི་ངང་ལས་མ་གཡོས་པར། །གྲངས་མེད་ སྤྲུལ་པ་ཕྱོགས་བཅུར་སྤྲོས་པ་ཡིས། །སྒྲུབ་པ་པོ་ལ་དངོས་གྲུབ་མཆོག་སྩོལ་པ། །དཔག་ཡས་རྡོ་རྗེའི་རིགས་ལ་ཕྱག་འཚལ་ལོ། །དེ་ལྟར་འཁོར་དང་བཅས་པའི་བཅོམ་ལྡན་གྱིས། །བགེགས་ཚོགས་རྣམས་ཀྱི་ཉེར་འཚེ་དེ་ཡི་རྒྱུ། །ལས་ཀྱི་སྒྲིབ་པ་བག་ཆགས་བཅས་པ་ 2-3-39b ཀུན། །མྱུར་དུ་བྱང་ཞིང་དག་པར་མཛད་དུ་གསོལ། །ཚེ་དང་ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་སོགས། །དཀར་ཕྱོགས་ཡར་ངོའི་ཟླ་བཞིན་རྒྱས་པ་དང༌། །སྙིང་རྗེས་དབང་དུ་བྱས་ནས་ཕན་སྐྱེད་པ། །དེ་དག་དགུག་པའི་ལས་ཀྱིས་བསྡུ་བར་མཛོད། །རེ་ཞིག་ངེས་པའི་ ལས་ཀྱིས་མི་འདུལ་བའི། །མ་རུངས་སྐྱེ་བོ་དེ་ཡང་བསད་བསྐྲད་དང༌། །རྨོངས་རེངས་མནན་པ་ལ་སོགས་ཐབས་མཁས་ཀྱི། །དྲག་པོའི་འཕྲིན་ལས་རྣམས་ཀྱིས་གཞོམ་པར་མཛོད། །མདོར་ན་གསང་བའི་བདག་པོ་མགོན་ཁྱོད་ཀྱིས། །རྗེས་སུ་བཟུང་ནས་བསྟན་པ་སྤེལ་ བ་དང༌། །འགྲོ་བའི་དོན་ལ་མཐུ་དང་ལྡན་པ་དང༌། །བསྒྲུབ་པའི་བྱ་བ་ཕ་མཐར་ཕྱིན་པར་ཤོག །རྒྱལ་བའི་བསྟན་པ་སྤྱི་དང་ཁྱད་པར་དུ། །རིག་སྔགས་འཆང་བའི་བསྟན་པ་རྒྱས་མཛད་པ། །བདག་གིས་ཅུང་ཟད་བསྟོད་པས་བསོད་ནམས་ནི། །གང་ཞིག་སྐྱེད་དེས་འགྲོ་བ་ ཁྱོད་འདྲར་ཤོག །ཁྱོད་ཀྱི་གོ་འཕང་སྩོལ་བའི་ལམ་གྱི་གཙོ། །བློ་མཆོག་རྣམས་ལ་རྨད་བྱུང་དགའ་སྐྱེད་པ། །ཐུབ་པའི་ལེགས་བཤད་སྙིང་པོ་གསང་བའི་ལམ། །ཇི་བཞིན་རྟོགས་ནས་ཚུལ་བཞིན་སྒྲུབ་པར་ཤོག །ཅེས་རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བ་རྗེ་བཙུན་གསང་ བའི་བདག་པོ་ལ་ཅུང་ཟད་བསྟོད་པ་འདི་ནི། སྡོམ་བརྩོན་ཤེས་རབ་རྒྱལ་མཚན་ལ་སོགས་པ་མང་པོས་གསོལ་བ་བཏབ་པའི་ངོར། ཐེག་པ་མཆོག་ལ་བརྟེན་པ་བློ་བཟང་གྲགས་པའི་དཔལ་གྱིས་བྱམས་པ་གླིང་དུ་སྦྱར་བའོ། །འདིས་ཀྱང་བསྟན་པ་རིན་པོ་ཆེ་ཕྱོགས་ ཀུན་ཏུ་རྒྱས་པར་བྱེད་ནུས་བར་གྱུར་ཅིག།། ༈ །།ན་མཿཤྲཱི་གུ་རུ་མཉྫུ་གྷོ་ཥཱ་ཡ། མཐུ་ཆེན་སྟོབས་ཀྱིས་བགེགས་དཔུང་མ་ལུས་འཇོམས། །གྲངས་མེད་སྤྲུལ་པས་རྒྱལ་བའི་མཛད་པ་བསྒྲུབ། །བདེ་གཤེགས་ཀུན་གྱི་གསང་བའི་མཛོད་འཛིན་པ། །གནོད་ 2-3-40a སྦྱིན་སྡེ་དཔོན་ཆེན་པོས་རིང་དུ་སྐྱོངས། །ཨིནྡྲ་ནཱི་ལའི་རི་བོ་བཞིན་དུ་འབར། །རིན་ཆེན་ལྷུན་པོ་ལྟ་བུར་རབ་ཏུ་བརྗིད། །འཇིག་དུས་མེ་ཡི་དཔུང་བཞིན་འོད་འཕྲོ་བ། །མཐུ་སྟོབས་བདག་པོ་ཁྱོད་ལ་ཕྱག་འཚལ་ལོ། །ནུབ་རིའི་རྩེ་ལ་མཚམས་སྤྲིན་ གཞོན་ནུ་བཞིན། །དམར་སེར་རལ་པའི་ཁུར་འཛིན་དྲག་ཏུ་ཁྲོས། །ཆར་སྤྲིན་སྟུག་པོའི་ཁྲོང་ན་གློག་ཕྲེང་བཞིན། །སྤྱན་གསུམ་བགྲད་པའི་ཁྲོ་གཉེར་ཅན་ལ་འདུད། །ཐུང་ཞིང་སྦོམ་ལ་རགས་ཤིང་གྲིམས་པའི་སྐུ། །འབྲུག་གི་སྒྲ་ལྟར་རབ་ཏུ་གསལ་བའི་གསུང༌། །ནམ་ མཁའི་དབྱིངས་བཞིན་དཔག་པར་དཀའ་བའི་ཐུགས། །གདུལ་དཀའ་འདུལ་མཛད་ཁྱོད་ལ་ཕྱག་འཚལ་ལོ། །མ་རུངས་སྐྲག་མཛད་འཇིགས་པའི་མཆེ་བ་བཞི། །རྣམ་པར་གཙིགས་ནས་བགེགས་ཀྱི་སྲོག་ལ་རྔམ། །མི་སྡུག་སྨིན་མ་སྨ་ར་འབར་བ་ལས། །མེ་ཡི་ ཚ་ཚ་འཕྲོ་ལ་ཕྱག་འཚལ་ལོ། །ཡིད་འཕྲོག་རིན་ཆེན་རྒྱན་གྱིས་རབ་ཏུ་སྒེག །གདུག་པའི་ཀླུ་ཡི་ཚོགས་ཀྱིས་ཡན་ལག་བརྒྱན། །རབ་ཏུ་འབར་བའི་རྩེ་མོ་ཅན་དབུས་ན། །འཇིགས་རུང་ཉམས་ཀྱིས་བཞུགས་ལ་ཕྱག་འཚལ་ལོ། །ནམ་མཁའ་འགེངས་པའི་བཞད་པའི་ ང་རོ་དང༌། །ས་གསུམ་གཡོ་བའི་ཞབས་ཀྱི་གར་སྟབས་ཀྱིས། །བདུད་དང་ལོག་འདྲེན་མཐའ་དག་ཚར་གཅོད་པའི། །གསང་བདག་འགྲོ་བའི་སྐྱབས་ལ་ཕྱག་འཚལ་ལོ། །རང་བཞིན་སྟོང་ཉིད་རྣམ་པ་མཆོད་པའི་རྫས། །དབང་པོའི་ཉེར་འཚོ་ཟག་མེད་བདེ་སྟེར་བ། །མུ་མེད་ ཞིང་ན་ཇི་སྙེད་མཆིས་པ་རྣམས། །གུས་པའི་ཡིད་ཀྱིས་བདག་གིས་དབུལ་བར་བགྱི། །རབ་རྨོངས་ཆགས་དང་མི་བཟོད་ཞེ་སྡང་གིས། །ཀུན་ནས་བསླང་བའི་ལུས་དང་ངག་ཡིད་ཀྱིས། །ཉེས་སྤྱོད་ཇི་སྙེད་བགྱིད་པ་དེ་དག་ཀུན། །འགྱོད་ཅིང་སྡོམ་པའི་སེམས་ཀྱིས་སོ་སོར་ 2-3-40b བཤགས། །རྒྱལ་དང་རྒྱལ་སྲས་ཉན་ཐོས་རང་རྒྱལ་དང༌། །ལུས་ཅན་རྣམས་ཀྱི་ལེགས་པར་སྤྱད་པའི་ཚོགས། །མ་ལུས་པ་ལ་དབུལ་པོས་གཏེར་རྙེད་བཞིན། །བསམ་པ་ཐག་པས་བདག་ནི་ཡི་རང་ངོ༌། །ཤིང་དབང་དྲུང་དུ་བདུད་རྩིའི་མཆོག་བརྙེས་ནས། །རིང་དུ་མ་ལོན་ རྒྱལ་བ་དེ་དག་ལ། །འགྲོ་ལ་བདུད་རྩིའི་དགའ་སྟོན་སྩལ་བའི་ཕྱིར། །བླ་མེད་འཁོར་ལོ་བསྐོར་བར་བདག་བསྐུལ་ལོ། །ཞིང་ཁམས་གང་ན་འགྲོ་བའི་སྒྲོན་མེ་མཆོག །མྱ་ངན་འདའ་བར་བཞེད་པ་དེ་དག་ལ། །ལུས་ཅན་བསོད་ནམས་ཞིང་དུ་ཡུན་རིང་དུ། །སྲིད་མཐའ་ཇི་སྲིད་བཞུགས་པར་ གསོལ་བ་འདེབས། །དེ་ལྟར་བདག་གིས་ཐོག་མེད་སྲིད་པ་ནས། །ཅུང་ཟད་བསགས་པའི་དགེ་པའི་རྩ་བ་རྣམས། །བཟོད་དཀའི་སྡུག་བསྔལ་གྱིས་མནར་འགྲོ་བའི་ཕྱིར། །བླ་མེད་བྱང་ཆུབ་མཆོག་ཏུ་བསྔོ་བར་བགྱི། །དེས་ནི་རྒྱ་ཆེ་ཡོངས་སུ་དག་གྱུར་པ། །ཐེག་པ་མཆོག་ལ་གཞོལ་བ་ཤ་སྟག་ གིས། །ཡོངས་སུ་གང་བའི་ངོ་མཚར་ཞིང་མཆོག་ཏུ། །མྱུར་དུ་བདེ་གཤེགས་གོ་འཕང་ཐོབ་གྱུར་ཅིག །སྟོབས་བཅུའི་གོ་འཕང་མངོན་དུ་མ་བྱས་པའི། །ཚེ་རབས་ཀུན་ཏུ་དལ་འབྱོར་རྟེན་རྙེད་ནས། །ཐུབ་པའི་རྗེས་སུ་རབ་ཏུ་བྱུང་གྱུར་ཏེ། །ཚངས་སྤྱོད་ཡོན་ཏན་བཞི་ལྡན་མཐར་ཕྱིན་ ཤོག །རྒྱལ་བ་དགྱེས་པའི་ལམ་ལ་མཁས་གྱུར་པའི། །བཤེས་གཉེན་དམ་པས་བརྩེ་བས་རྗེས་འཛིན་ཅིང༌། །ཚུལ་བཞིན་བསྟེན་ནས་ལུང་རྟོགས་ཡོན་ཏན་ཀུན། །ཡར་ངོའི་ཟླ་བཞིན་རབ་ཏུ་རྒྱས་པར་ཤོག །སྐྱོན་བྲལ་རིགས་མཐོ་ཡིད་འོང་གཟུགས་མཛེས་ཤིང༌། །དབང་ ཕྱུག་འབྱོར་པ་ཤེས་རབ་ནད་མེད་ཚེ། །མཐོ་རིས་ཡོན་ཏན་མཚུངས་མེད་ཐོབ་པ་དང༌། །དེ་ཡང་ལམ་བཟང་གྲུབ་པའི་གྲོགས་སུ་ཤོག །གང་དང་ཕྲད་ན་གཏན་གྱི་བདེ་འཕྲོག་པའི། །བཤེས་གཉེན་ངན་དང་ལོག་པའི་ཆོས་ལུགས་དང༌། །བདུད་ཀྱི་ཕོ་ཉ་སྡིག་པའི་གྲོགས་རྣམས་ 2-3-41a དང༌། །སྐད་ཅིག་ཙམ་ཡང་ཕྲད་པར་མ་གྱུར་ཅིག །སྲིད་པར་གྱུར་ཚེ་སྐྱེས་མ་ཐག་ཏུ་ནི། །ལམ་བཟང་སྒྲུབ་པའི་བསམ་པ་སྐྱེ་བ་དང༌། །བསམ་དོན་བདེ་བླག་ཉིད་དུ་སྒྲུབ་པ་ལ། །གེགས་ཀྱི་མིང་ཡང་གཏན་ནས་མེད་པར་ཤོག །སྐྱེ་བ་འདིར་ཡང་ཇི་ལྟར་འདོད་པ་ བཞིན། །ཡིད་ལ་བསམས་པ་ཆོས་བཞིན་འགྲུབ་པ་དང༌། །མི་འདོད་དངོས་པོ་མཐའ་དག་ཞི་གྱུར་ནས། །ཉིན་མཚན་ཀུན་ཏུ་ཆོས་ཀྱིས་འདའ་བར་ཤོག །ཚེ་ཡི་འདུ་བྱེད་བཏང་བར་གྱུར་མ་ཐག །ཞིང་གི་མཆོག་གྱུར་བདེ་བ་ཅན་གྱི་ཞིང༌། །གང་དེར་སྐྱེས་ནས་འདྲེན་པ་འོད་དཔག་ མེད། །དེ་ཡི་སྲས་ཀྱི་ཐུ་བོར་བདག་གྱུར་ཅིག །རབ་འབྱམས་ཞིང་གི་རྒྱལ་བ་བྱང་སེམས་དང༌། །རང་རྒྱལ་ཉན་ཐོས་རྣམས་ཀྱི་བདེན་སྟོབས་དང༌། །ནམ་ཡང་བསླུ་བ་མེད་པའི་རྟེན་འབྲེལ་མཐུས། །བདག་གི་སྨོན་ལམ་མྱུར་དུ་འགྲུབ་པར་ཤོག །ཅེས་རྗེ་བཙུན་གསང་བའི་བདག་པོ་ ལ་བསྟོད་པ་བདུན་རྣམ་དག་སྨོན་ལམ་དང་བཅས་པ་འདི་ནི། ཉེ་གནས་ནམ་མཁའ་རྡོ་རྗེས་ནན་ཆེར་བསྐུལ་བའི་དོན་དུ་མང་དུ་ཐོས་པའི་རྒྱལ་ཁམས་པ་བློ་བཟང་གྲགས་པའི་དཔལ་གྱིས་སྟོད་རི་ཉི་ཤར་གྱི་དབེན་གནས་སུ་སྦྱར་བའོ།། ༈ །།རྗེ་བཙུན་གསང་བའི་བདག་ པོ་ལ་གུས་པས་ཕྱག་འཚལ་ལོ། །དཔག་མེད་བསྐལ་པའི་སྔོན་དུ་སངས་རྒྱས་ཀྱང༌། །ཚད་མེད་ཐུགས་རྗེས་འཁོར་བ་ཇི་སྲིད་བར། །གྲངས་མེད་འགྲོ་བ་བསྐྱབ་ཕྱིར་རྒྱལ་སྲས་ཀྱི། །མཐའ་མེད་སྤྱོད་པ་མཛད་ལ་བསྟོད་པར་བགྱི། །དམར་སེར་པ་ལས་བྱུང་བའི་པདྨ། །རཾ་ཡིག་ ལས་སྐྱེས་འོད་སྟོང་ལྡན་སྟེང༌། །ཧཱུཾ་ལས་འཁྲུངས་པའི་དཔལ་ལྡན་གསང་བདག །ཆར་སྤྲིན་མདོག་ཅན་ཁྱོད་ལ་ཕྱག་འཚལ། །བསྐལ་པ་འཇིག་པའི་དུས་ཀྱི་མེ་ལྟར། །ཀུན་ནས་རབ་ཏུ་འབར་བའི་མེ་དཔུང༌། །བདུད་དཔུང་བསྲེག་པར་མཛད་པའི་དབུས་ན། །བརྐྱང་བསྐུམས་ 2-3-41b ཞབས་ཀྱིས་བཞུགས་ལ་ཕྱག་འཚལ། །རལ་པ་ཁམ་སེར་གྱེན་དུ་བརྫེས་ཤིང༌། །སྤྱན་རྩ་དམར་པོ་གློག་འཕྲེང་ལྟར་འཁྱུག །མཆེ་བ་གཙིགས་ཤིང་རྔམ་པའི་སྒྲ་སྒྲོག །སྲིད་གསུམ་དབང་དུ་སྡུད་ལ་ཕྱག་འཚལ། །ལོག་འདྲེན་བགེགས་ཀྱི་མགོ་བོ་འགེམས་བྱེད། ། བདུད་སྡེའི་སྙིང་ལ་བསྣུན་པའི་གནམ་ལྕགས། །རབ་ཏུ་འབར་བའི་རྡོ་རྗེ་རྩེ་ལྔ། །གཡས་ཀྱི་ཕྱག་ན་བསྣམས་ལ་ཕྱག་འཚལ། །གང་གི་མཐུ་ཡིས་བར་ཆད་འབྱུང་པོ། །འཇིགས་པའི་འོ་དོད་དྲག་པོ་བཏོན་ཏེ། །ནམ་མཁའི་མཐའ་ཀླས་བར་དུ་བསྐྲོད་ཕྱིར། །གཡོན་པས་སྡིགས་ མཛུབ་མཛད་ལ་ཕྱག་འཚལ། །མཐུ་ཆེན་ཁྱོད་ཀྱིས་གདུལ་དཀའ་ཐམས་ཅད། །འཕྲིན་ལས་རྣམ་བཞིས་ཚར་བཅད་མཛད་ནས། །བསྡུ་བ་བཞི་ཡིས་རྗེས་སུ་འཛིན་ཕྱིར། །སྟག་ལྤགས་ཤམ་ཐབས་མཛད་ལ་ཕྱག་འཚལ། །ས་འོག་གནས་པའི་ནག་པོའི་ཀླུ་རིགས། ། མ་ལུས་པ་རྣམས་འཇིགས་པར་མཛད་ཕྱིར། །བྲང་འགྲོའི་རྒྱལ་པོ་དུ་མས་ཁྱོད་ཀྱི། །ཡན་ལག་ལྔ་ནི་བརྒྱན་ལ་ཕྱག་འཚལ། །ཉི་མ་བྱེ་བའི་འོད་དཔུང་བསྡོམས་བཞིན། །ཡེ་ཤེས་མེ་འོད་ཚ་ཟེར་ཕྱོགས་བཅུར། །ཀུན་ནས་འཕྲོ་བའི་གཟི་བརྗིད་རྒྱལ་པོས། །ཁྱོད་སྐུ་ ཀུན་ནས་བརྗིད་ལ་ཕྱག་འཚལ། །ཧ་ཧའི་གད་རྒྱངས་དྲག་པོས་ས་གསུམ། །མ་ལུས་རྒྱས་པར་འགེངས་པའི་ང་རོ། །ཐོས་པ་ཙམ་གྱིས་བགེགས་རྣམས་གཟིར་བྱེད། །འཇིགས་པའི་གསུང་དབྱངས་ལྡན་ལ་ཕྱག་འཚལ། །ཇི་སྙེད་ཤེས་བྱའི་དཀྱིལ་འཁོར་མ་ ལུས། །སྤྲིན་བྲལ་ནམ་མཁའི་དཀྱིལ་ན་ཟླ་ལྟར། །མ་འདྲེས་གསལ་བར་མཁྱེན་པའི་ཡེ་ཤེས། །སྒྲིབ་མེད་མངའ་བ་ཁྱོད་ལ་ཕྱག་འཚལ། །གདུལ་བྱའི་རེ་སྐོང་དབང་གི་རྒྱལ་པོ། །འབད་མེད་གཞན་དོན་འབྱུང་བའི་དཔག་བསམ། །མི་ཤེས་མུན་ཚོགས་འཇོམས་པའི་ 2-3-42a ཉིན་བྱེད། །དགེ་ལེགས་ཕུང་པོ་ཁྱོད་ལ་ཕྱག་འཚལ། །ཐ་དད་གདུལ་བྱའི་འདོད་པ་བཞིན་དུ། །དུ་མའི་མཛད་པས་སྐལ་ལྡན་འགྲོ་ཀུན། །ཀུན་མཁྱེན་སར་བགྲོད་སྲིད་པའི་འཇིགས་སྐྱོབ། །སྐྱོབ་པ་བླ་མེད་ཁྱོད་ལ་ཕྱག་འཚལ། །གཡོ་མེད་ བསམ་པས་བཅོམ་ལྡན་ཁྱོད་ལ། །གུས་པས་སྐྱབས་སུ་སོང་བ་གང་དེ། །འདི་དང་ཕྱི་མ་བར་དོ་ཀུན་ཏུ། །འཇིགས་པ་ཀུན་ལས་སྐྱོབ་ལ་ཕྱག་འཚལ། །ཁྱོད་སྐུ་གསལ་བའི་ཏིང་འཛིན་ངང་ནས། །ཁྱོད་གསུང་ཟབ་མོའི་རིག་སྔགས་རྒྱལ་པོ། །ཁྱོད་ཐུགས་བསྐུལ་ཕྱིར་དྲན་པ་དེ་ལ། ། ཁྱོད་ཀྱི་གོ་འཕང་སྟེར་ལ་ཕྱག་འཚལ། །ཚེ་རབས་ཀུན་ཏུ་བསྟེན་པའི་ལྷ་མཆོག །གཏན་གྱི་སྐྱབས་མགོན་ཁྱོད་ཀྱིས་བདག་གི། ཐོག་མེད་བསགས་པའི་སྡིག་དང་ནད་གདོན། །འགལ་རྐྱེན་མཐའ་དག་ཞི་བར་མཛོད་ཅིག །དཔལ་འབྱོར་དབང་ཕྱུག་ཚེ་དང་བསོད་ནམས། ། འཇིག་རྟེན་འཇིག་རྟེན་འདས་པའི་བདེ་འབྱོར། །མཐའ་དག་ཡར་ངོའི་དུས་ཀྱི་ཟླ་བཞིན། །གོང་ནས་གོང་དུ་རྒྱས་པར་མཛོད་ཅིག །རྒྱལ་བ་རྒྱལ་སྲས་ཉན་ཐོས་རང་རྒྱལ། །ལྷ་དང་མི་དང་ལྷ་མིན་ཀུན་གྱི། །མཐུ་དང་ནུས་པ་ཡོན་ཏན་གཟི་བརྗིད། །མ་ལུས་དབང་དུ་བྱེད་པར་གྱུར་ཅིག ། མི་སྡུག་གཟུགས་ཀྱིས་ཀུན་ལ་ཉེར་འཚེ། །བར་དུ་གཅོད་པའི་འབྱུང་པོ་ཐམས་ཅད། །བསད་བསྐྲད་རྨོངས་རེངས་དྲག་པོའི་ལས་ཀྱིས། །འདུལ་བའི་མཐུ་དང་ལྡན་པར་གྱུར་ཅིག །མདོར་ན་ཡི་དམ་མཆོག་གི་ཐུགས་རྗེས། །ཚེ་མཐར་ཕྱིན་ཅིང་བཤེས་གཉེན་དམ་པས། །རྗེས་སུ་བཟུང་ སྟེ་དལ་འབྱོར་ཐོབ་པ། །རྟག་ཏུ་དོན་ལྡན་བྱེད་པར་གྱུར་ཅིག །དེ་ལྟར་གསང་བདག་བཅོམ་ལྡན་འདས་ཀྱི། །སྐུ་དང་གསུང་དང་ཐུགས་དང་ཡོན་ཏན། །འཕྲིན་ལས་རྣམས་ལ་བདག་གིས་བསྟོད་ཅིང༌། །ཞི་རྒྱས་དབང་དྲག་སྒོ་ནས་གསོལ་འདེབས། །རྗེས་བསྔགས་ཚུལ་གྱི་ལེགས་ 2-3-42b པར་བསྡེབས་འདི། །དད་གཏོང་རིགས་གཟུགས་ཡོན་ཏན་ནོར་བུས། །ཀུན་ནས་གཏམས་པའི་རྒྱ་མཚོ་ཆེ་དེའི། །གསུང་གི་རླབས་ཀྱིས་བསྐུལ་བར་གྱུར་ཚེ། །བསྟོད་པའི་ཚིག་གི་ཆུ་ཡི་གཟེགས་མ། །མུ་ཏིག་སྟར་ལ་བརྒྱུས་འདྲ་འདི་ནི། །མང་ཐོས་བློ་བཟང་གྲགས་པའི་དཔལ་གྱིས། ། དང་དཀར་ཞེས་བྱའི་གནས་མཆོག་དེར་སྦྱར། །ཡི་གེ་པ་ནི་སྡེ་སྣོད་འཛིན་པ་གྲགས་པ་བློ་གྲོས་ཀྱིས་བགྱིས་སོ།། ༈ །།ན་མཿཤྲཱི་གུ་རུ་མཉྫུ་གྷོ་ཥཱ་ཡ། །ས་གསུམ་འགྲོ་བའི་རེ་སྐོང་དངོས་གྲུབ་གཏེར། །ལེགས་བཤད་འོད་སྟོང་འགྱེད་པའི་ཉིན་མོར་བྱེད། །ཡོན་ ཏན་ཆ་ཤས་ཀུན་རྫོགས་འོད་དཀར་ཅན། །དཔལ་ལྡན་བླ་མ་ལུས་ཅན་གཙུག་ན་རྒྱལ། །གང་ལ་བརྟེན་ན་བློ་གྲོས་མཆོག་སྟེར་ཞིང༌། །འཆི་བདག་བེ་ཅོན་རི་མོའི་དབྱུག་པ་ལྟར། །གང་གིས་མཛད་པའི་ལྷ་མོ་འགྲོ་བའི་སྐྱབས། །གཙུག་ཏོར་རྣམ་རྒྱལ་ཅུང་ཟད་བསྟོད་པར་བགྱི། །མིག་ བྲལ་སྐྱེ་བོས་སྣ་ཚོགས་གཟུགས་ལ་བཞིན། །ཁྱོད་ཀྱི་ངང་ཚུལ་བདག་ལ་རིང་དུ་བསྐལ། །འོན་ཀྱང་དམ་ཆོས་ཡང་དག་སྡུད་པའི་ཕུག །བདེ་བ་ཅན་གྱི་ཁང་བཟང་མཆོག་ཉིད་ན། །འཇིག་རྟེན་རྣམ་འདྲེན་ཚེ་དཔག་མེད་མགོན་གྱིས། །ཁྱོད་ལ་རྒྱ་ཆེར་བསྔགས་པ་ཐོས་པ་ལས། །འཕགས་ མའི་ཞབས་ཟུང་རིང་ནས་བསྟེན་པ་བདག །འདི་སྐད་གླེང་བའི་གོ་སྐབས་ཅུང་ཟད་རྙེད། །ཡིད་འཕྲོག་འོད་ཟེར་སྟོང་གི་དྲ་བ་ཅན། །ཕུལ་བྱུང་ཆུ་ཞེང་གབ་པ་ཁྱོད་ཀྱི་སྐུ། །འོ་མའི་ཆུ་གཏེར་དབུས་ན་གངས་རི་བཞིན། །པད་ཟླའི་སྟེང་ན་མཛེས་ལ་ཕྱག་འཚལ་ལོ། །ཆུ་ཤེལ་བཙོ་མའི་གསེར་དང་ཨིནྡྲ་ རྙིལ། །ཡོངས་སུ་དག་པའི་འོད་ལྟར་རབ་གསལ་བའི། །དབུས་དང་གཡས་གཡོན་ཞལ་བཟང་རྒྱས་པ་ནི། །སྒེག་དང་ཞི་དང་ཁྲོ་ལ་ཕྱག་འཚལ་ལོ། །གདུགས་མཛེས་ཏོག་ལ་ཨིནྡྲ་ནཱི་ལ་བཞིན། །རབ་རྒྱས་དབུ་ལ་རལ་པའི་ཐོར་ཅོག་ནི། །དྲི་བྲལ་མཁའ་ལ་འཁྱོག་པའི་འཇའ་ཚོན་ལྟར། ། 2-3-43a མཐོན་མཐིང་སྤྱན་མཆོག་སྨིན་མ་རིང་པོས་མཛེས། །དབྱིབས་ལེགས་ཤངས་ཀྱི་རྒྱུད་ནི་ཡིད་དུ་འོང༌། །མཆུ་སྒྲོས་མཛེས་པའི་ཞལ་ནི་བལྟ་ན་སྡུག །མཉེན་ལེགས་སྙན་གྱི་བུག་པར་རིན་ཆེན་འཕྱང༌། །རྨད་བྱུང་ཉམས་ཀྱིས་ཡིད་འཛིན་ཁྱོད་ལ་འདུད། །སྐར་ ཕྲེང་བཀྲ་བའི་མདངས་ལྟར་རབ་གསལ་བའི། །དོ་ཤལ་མཆོག་གིས་མགྲིན་པར་རབ་ཏུ་འཁྱུད། །འོ་མའི་རྒྱུན་འཛིན་ནུ་འབུར་ཟུང་གཅིག་གིས། །རབ་ཡངས་བྲང་ལ་ངང་པས་པད་མཚོར་བཞིན། །རིན་ཆེན་རྒྱན་གྱིས་མཛེས་པའི་འཇམ་མཉེན་ཕྱག །པདྨའི་རྩ་བ་ལྟར་ དཀར་ཟུང་བཞི་ཡིས། །དང་པོ་རྡོ་རྗེ་སྡིགས་མཛུབ་ཞགས་པ་སྟེ། །གཉིས་པ་འོད་དཔག་མེད་དང་མི་འཇིགས་སྦྱིན། །གསུམ་པས་མདའ་གཞུ་བཞི་པའི་ཕྱག་ཟུང་གིས། །མཆོག་སྦྱིན་བུམ་པ་བཟུང་ནས་འགྲོ་བ་ལ། །འཆི་མེད་ཚེ་ཡི་དཔལ་སྟེར་བཅོམ་ལྡན་མ། །ཚེ་དཔག་ མེད་པ་ཁྱོད་ལ་ཕྱག་འཚལ་ལོ། །ཡིད་བཞིན་མཚོ་ཡི་ངོགས་ཀྱི་པད་སྡོང་བཞིན། །དྲང་ཞིང་ལྡེམ་པའི་སྐེད་སྐབས་གསལ་བ་ཅན། །འཇའ་ཚོན་གུར་ཕུབ་ཤེལ་གྱི་མཆོད་སྡོང་ལྟར། །དྲི་མེད་མཛེས་སྐུ་བཀྲ་བའི་གོས་ཀྱིས་སྤུད། །མི་ཕྱེད་སྐྱིལ་ཀྲུང་མཆོག་གིས་ལེགས་ གནས་ཤིང༌། །བརྒྱད་གཉིས་ལང་ཚོའི་དཔལ་འཛིན་རྒྱལ་བའི་ཡུམ། །མི་འདྲའི་རྣམ་འཕྲུལ་དུ་མས་རྣམ་རོལ་པ། །འགྲོ་བའི་ཡིད་བཞིན་འཇུག་ལ་ཕྱག་འཚལ་ལོ། །རྔ་ཡབ་དཀར་པོ་བསྣམས་པའི་རྒྱལ་བའི་སྲས། །ཕྱག་ན་པདྨ་རྡོ་རྗེ་འཛིན་པ་གཉིས། །གཡས་གཡོན་ གནས་ནས་ཁྱོད་སྐུར་མངོན་ཕྱོགས་ཏེ། །རྟག་ཏུ་བསྒྲིམས་ཏེ་བལྟས་ཀྱང་ངོམས་པ་མེད། །རལ་གྲི་ལྕགས་ཀྱུ་དབྱུག་པ་རྡོ་རྗེ་གཡས། །གཡོན་པས་མ་རུངས་འདུལ་བའི་སྡིགས་མཛུབ་ཅན། །མི་གཡོ་འདོད་རྒྱལ་དབྱུག་སྔོན་སྟོབས་པོ་ཆེ། །ཁྱོད་ཀྱི་ཕྱོགས་བཞིར་ 2-3-43b གནས་ནས་བགེགས་དཔུང་འཇོམས། །འཆི་མེད་བདུད་རྩིའི་ཆར་གྱི་རྒྱུན་འབེབས་པའི། །གཙང་མའི་གནས་ཀྱི་ལྷ་ཡི་བུ་གཉིས་ནི། །སྟེང་གི་ཕྱོགས་ནས་རིན་ཆེན་བུམ་པ་ཡིས། །དག་པའི་ཆུ་རྒྱུན་འབེབས་ལ་མངོན་པར་བརྩོན། །མ་ལུས་ཤེས་བྱ་མཐའ་དག་མངོན་ དུ་གྱུར། །མུ་མེད་འགྲོ་ལ་རྒྱུན་ཆད་མེད་པར་བརྩེ། །མེ་མཚོན་དུག་སོགས་འཇིགས་པ་ཀུན་ལས་སྐྱོབ། །མི་དང་ལྷ་ཡི་རྣམ་འདྲེན་ཁྱོད་ལ་འདུད། །ཤེས་བྱ་ཀུན་ལ་རྨོངས་པའི་དྲ་བ་བཅད། །སེམས་ཅན་ཀུན་ལ་སྙོམས་པའི་ཐུགས་དང་ལྡན། །གནས་སྐབས་ཀུན་ཏུ་ ཕན་དང་བདེ་སྟེར་བ། །འཇིག་རྟེན་ཀུན་གྱི་སྐྱབས་ལ་ཕྱག་འཚལ་ལོ། །ཤིན་ཏུ་བརྟན་པ་ཞེས་བྱ་ལྷ་ཡི་བུས། །ཁྱོད་ཀྱི་གཟུངས་སྔགས་ཞག་དྲུག་བགྲངས་པས་ཀྱང༌། །འཇིགས་པ་ཆེ་ལ་ཡོངས་སུ་ཐར་གྱུར་ཏེ། །མཆོག་གི་ཚེ་ཐོབ་ངན་འགྲོ་དག་གྱུར་ན། །འདི་ན་ཁྱོད་ལ་རྩེ་གཅིག་ ཡིད་ཀྱིས་ནི། །རྒྱུན་དུ་སྐྱབས་སུ་བཟུང་ནས་ཏིང་འཛིན་དང༌། །བཟླས་བརྗོད་མཆོད་པས་དུས་རྣམས་འདའ་བ་ལ། །ཅི་ལགས་རེ་བ་མི་སྐོང་བཅོམ་ལྡན་མ། །བརྩེ་བའི་མ་ཡིས་ཡིད་འོང་བུ་ལ་བཞིན། །ཡིད་ལ་ཁྱོད་སེམས་དད་པའི་བུ་ཡིས་ནི། །ཡང་ཡང་བོས་ཀྱང་རྗེས་སུ་མི་ འཛིན་ན། །བརྩེ་བའི་གཏེར་དུ་བདག་གིས་ཅི་ལས་དཔག །ཁྱོད་ནི་འགྲོ་བ་ཀུན་གྱི་བསམ་པ་མཁྱེན། །སྔོན་ཚེ་དེ་དག་དོན་དུ་ཐུགས་ཀྱང་བསྐྱེད། །ཇི་ལྟར་འདུལ་བའི་ཐབས་ལ་ཤིན་ཏུ་མཁས། །སྲིད་ཞིའི་རྒུད་པ་སེལ་བའི་མཐུ་དང་ལྡན། །དེ་ཕྱིར་རྟག་ཏུ་དག་པའི་སྐྱེ་ བ་འཛིན། །རྒྱལ་དང་ཕྲད་ཅིད་རྒྱལ་སྲས་རིགས་སུ་འགྱུར། །བློ་རྣོ་ཚེ་རབས་དྲན་ཞིང་ངག་ནི་བཙུན། །དྲན་དང་ལྡན་ཞིང་བདེ་བ་ཅན་དུ་སྐྱེ། །དཔག་མེད་ཚེ་ཐུབ་འབྱུང་པོའི་གནོད་པ་མེད། །དུས་མིན་འཆི་བ་བརྒྱད་དང་ནད་ལས་གྲོལ། །ཀུན་གྱི་མཆོད་འོས་དགྲ་ལས་རྒྱལ་བ་ 2-3-44a དང༌། །རལ་གྲི་རིག་འཛིན་མཁའ་ལ་འགྲོ་བ་སོགས། །རྒྱལ་བས་གསུངས་པའི་གཟུངས་ཀྱི་ཕན་ཡོན་ཀུན། །སྒྲུབ་པ་པོ་ཡིས་ཇི་ལྟར་གསོལ་བ་བཞིན། །ཐུགས་རྗེའི་དབང་གྱུར་འཕགས་མའི་དྲིན་གྱིས་ནི། ། ཡིད་ལ་རེ་བ་ཡོངས་སུ་རྫོགས་པར་མཛོད། །གཟུངས་མཆོག་གང་ལ་གཏད་པའི་ལྷ་དབང་དང༌། །གང་དེ་འཛིན་པའི་སླད་བཞིན་འབྲངས་ནས་ནི། །རྟག་ཏུ་བསྲུང་བར་ཞལ་གྱིས་ལེགས་བཞེས་པ། །ཆོས་ཀྱི་རྒྱལ་པོ་གཤིན་རྗེ་ཆེན་པོས་ཀྱང༌། །སྙིགས་དུས་སྐྱེ་བོའི་ངང་ཚུལ་མི་ ལྟ་བར། །རྒྱལ་བའི་སྤྱན་སྔར་དམ་བཅས་དགོངས་མཛོད་ལ། །གཟུངས་ཀྱི་ཕན་ཡོན་གང་ཡིན་དེ་དག་ཀུན། །མྱུར་དུ་མངོན་དུ་འགྱུར་བའི་འཕྲིན་ལས་མཛོད། །དེ་ལྟར་འགྲོ་བའི་སྐྱབས་གྱུར་རྗེ་བཙུན་མ། །ཅུང་ཟད་བསྟོད་ལས་བྱུང་བའི་དགེ་བ་དེས། །འཕགས་མའི་གོ་ འཕང་མཆོག་དེ་མྱུར་ཐོབ་ནས། །ཉམ་ཆུང་ལུས་ཅན་ཀུན་གྱི་མགོན་བགྱིད་ཤོག །མི་བསྲུན་ཡིད་ཀྱི་བྲན་དུ་གྱུར་པའི་མཐུས། །མི་འདོད་འབྲས་བུ་སྟེར་བའི་གནག་པའི་ལས། །མི་ཤེས་དབང་གིས་བགྱིས་པ་གང་ཡིན་པ། །མ་ལུས་བདེ་བླག་ཉིད་དུ་ཞི་གྱུར་ཅིག ། མཆོག་གི་ཚེ་དང་རླབས་ཆེན་རྣམ་དཔྱོད་དང༌། །དད་དང་སྙིང་རྗེ་བརྩོན་འགྲུས་ཏིང་འཛིན་སོགས། །ལུང་དང་རྟོགས་པའི་ཡོན་ཏན་ཇི་སྙེད་པ། །མཐའ་དག་གོང་ནས་གོང་དུ་རྒྱས་པར་ཤོག །བྱང་ཆུབ་སྒྲུབ་པའི་རྗེས་སུ་རབ་གཞོལ་བ། །བདེ་གཤེགས་དགྱེས་པའི་རབ་འབྱམས་ དབང་གི་ལས། །དེ་དག་ཐམས་ཅད་ཇི་ལྟར་སྨོན་པ་བཞིན། །འདོད་པ་ཙམ་གྱི་རྗེས་སུ་བྱེད་པར་ཤོག །ཐོས་བསམ་སྒོམ་པས་བདག་རྒྱུད་འདུལ་བའི་ཚེ། །ཡང་དག་ལམ་གྱི་གེགས་ལ་མངོན་བརྩོན་པ། །ནག་པོའི་རྩ་ལག་རྣམས་ཀྱི་སྟོབས་དང་དཔུང༌། །མངོན་སྤྱོད་ལས་ཀྱི་ 2-3-44b ཐམས་ཅད་ཚར་གཅོད་ཤོག །མཐོང་ཐོས་དྲན་དང་རེག་པ་ཙམ་གྱིས་ཀྱང༌། །འགྲོ་བ་ཀུན་གྱི་རེ་བ་གང་ཡིན་པ། །མཐའ་ཡས་ཡོངས་སུ་རྫོགས་པར་བྱེད་པ་ལ། །ཡིད་བཞིན་ནོར་དང་དཔག་བསམ་ཤིང་བཞིན་ཤོག མདོར་ན་བཤེས་གཉེན་དམ་པ་མཉེས་བྱས་ནས། །ཐུབ་ པའི་དགོངས་པ་རྙེད་པའི་མང་ཐོས་ཀྱིས། །བསྒྲུབ་པའི་བྱ་བ་ལེགས་པར་མཐར་ཕྱིན་ནས། །རྒྱལ་བའི་བསྟན་པ་ཕྱོགས་བཅུར་རྒྱས་བྱེད་ཤོག །བཅོམ་ལྡན་འདས་གཙུག་ཏོར་རྣམ་པར་རྒྱལ་མ་ལ་བསྟོད་པ་འཆི་མེད་གྲུབ་པ་ཞེས་བྱ་བ་འདི་ནི། མང་དུ་ཐོས་པའི་རྒྱལ་ཁམས་པ་བློ་ བཟང་གྲགས་པའི་དཔལ་གྱིས། གསལ་རྗེ་གངས་ཀྱི་དབེན་གནས་ཡར་འདྲེན་དུ་སྦྱར་བའོ།། ༈ །།ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། གང་གི་གསུང་གིས་སྐལ་བཟང་འགྲོ་བའི་ཚོགས། །ལེགས་པར་དབུགས་འབྱིན་མཛད་པ་རྒྱལ་བའི་སྲས། །འཇམ་པའི་དབྱངས་ཞེས་ བླ་མའི་ཞབས་ཀྱི་རྡུལ། །བསམ་པ་ཐག་པས་སྤྱི་བོར་བཟུང་བར་བགྱི། །མཛེས་ལྡན་པདྨ་དྲི་མེད་རི་བོང་ཅན། །དེ་སྟེང་སྒེག་པའི་ཉམས་ཀྱིས་ཡིད་འཕྲོག་ཅིང༌། །གཟི་བྱིན་ཉི་མ་འབུམ་ལྟར་རབ་ཏུ་བརྗིད། །ཕྱག་གི་མཐིལ་ན་ཚེ་དཔག་མེད་བཞུགས་ཤིང༌། །བདུད་དང་ཉོན་མོངས་ དགྲ་ལས་ལེགས་རྒྱལ་བས། །འཇིག་རྟེན་གསུམ་ན་རྣམ་པར་རྒྱལ་མ་ཞེས། །གང་གི་སྙན་པ་རབ་ཏུ་གསལ་བ་ཅན། །བཅོམ་ལྡན་འདས་མ་དེ་ལ་མགོས་ཕྱག་འཚལ། །དེ་ཡི་ཀུན་ཏུ་བཟང་པོའི་འཕྲིན་ལས་རྣམས། །དགོངས་པ་ཇི་བཞིན་སྐོང་བའི་ཕུན་ཚོགས་འཁོར། ། རྗེ་བཙུན་ཐུགས་རྗེའི་གཏེར་དང་གསང་བའི་བདག །དཔལ་ལྡན་ཁྲོ་བོའི་དབང་པོ་བཞི་ལ་འདུད། །འཆི་བདག་སྟོབས་འཕྲོག་བདུད་རྩིའི་རྒྱུན་འབེབས་ཤིང༌། །རྡོ་རྗེའི་ཚེ་ཡི་དཔལ་རབ་སྟེར་མཛད་པས། །རབ་མཆོག་ལྷ་ཡི་བུ་ནི་ཟུང་གཅིག་ལ། །རྒྱུན་དུ་དང་བས་བདག་ནི་ 2-3-45a ཕྱག་འཚལ་ལོ། །ཕུལ་བྱུང་གཟུགས་མཛེས་ཡིད་འཕྲོག་རྒྱན་གྱིས་སྤུད། །ལང་ཚོ་རབ་རྒྱས་གླུ་དང་གར་ལ་མཁས། །དབང་པོ་དྲུག་ལ་རྨད་བྱུང་བདེ་བ་སྟེར། །ཀུན་གྱི་དགའ་བསྐྱེད་མཆོད་པའི་ལྷ་མོ་ནི། །ཁ་ཅིག་མེ་ཏོག་སྣ་ཚོགས་སྐོན་བུ་ཐོགས། །གཞན་ དག་དྲི་ཞིམ་བདུག་པས་ཕྱོགས་ཀུན་འགེངས། །ལ་ལ་སྣང་གསལ་དྲི་དང་བདུད་རྩི་འཛིན། །དེ་འདྲའི་མཆོད་པའི་སྤྲིན་གྱིས་བདག་མཆོད་ན། །འཁོར་དང་བཅས་པའི་བརྩེ་ལྡན་བཅོམ་ལྡན་མས། །བདག་གི་བསོད་ནམས་སྤེལ་སླད་བཤམས་པ་དང༌། །ཡིད་ཀྱིས་སྤྲུལ་པའི་ རབ་འབྱམས་མཆོད་པའི་ཚོགས། །དགྱེས་ཤིང་བཞེས་ཏེ་མཆོག་རྣམས་སྩལ་དུ་གསོལ། །བདག་ཅག་ཚུ་རོལ་མཐོང་བའི་བྱིས་པ་སྟེ། །དེ་ཕྱིར་མ་རིག་དབང་དུ་གྱུར་པས་ན། །ཐུབ་པས་བཅས་པའི་མཚམས་རྣམས་དྲལ་བ་དང༌། །དེ་བཞིན་ཉེས་སྤྱོད་གཞན་གང་བགྱིས་པ་དང༌། ། ལྷག་པར་རྗེ་བཙུན་མ་ཁྱོད་འཁོར་བཅས་ཀྱི། །སྐུ་གསུངས་ཐུགས་དང་འགལ་བ་སྨད་པའི་ལས། །ཅུང་ཟད་བགྱིས་པ་དེ་དག་བདག་འཆགས་ཀྱིས། །བརྩེ་ལྡན་རྣམས་ཀྱིས་བཟོད་པ་དམ་པ་མཛོད། །འདི་ན་བྱིས་པ་ཆུང་དུས་མི་རིགས་པ། །བྱེད་པར་མཐོང་མོད་དེ་ལ་མཛངས་པའི་མ། ། མི་དགའ་མེད་ན་འགྲོ་བ་ཀུན་གྱི་ཡུམ། །ཁྱོད་ལ་མི་དགྱེས་མེད་པ་སྨོས་ཅི་འཚལ། །འོན་ཀྱང་རང་གི་ནོངས་པ་སྦྱོང་བའི་ཕྱིར། །ཁྱོད་ལ་བདག་གི་ཉེས་པ་གསོལ་བ་ན། །བརྩེ་བས་ནོངས་པ་བཤགས་པའི་ཤིང་མཛད་ནས། །ཉེས་སྤྱོད་མ་ལུས་བྱང་བར་མཛད་དུ་གསོལ། །བདག་ཕན་ ཐབས་ལ་ལོག་པར་བསྒྲུབ་པ་ཡི། །བྱིས་པའི་ཉེས་སྤྱོད་དུ་མས་མི་སྐྱོ་བར། །འགྲོ་བ་མ་ལུས་སྒྲོལ་བའི་ཁུར་འཁྱེར་བའི། །ཁྱོད་ཀྱི་རླབས་ཆེན་སྤྱོད་ལ་ཡི་རང་ངོ༌། །མཐོ་རིས་ཐར་པའི་ལམ་ནི་ལྟ་བའི་མིག །རྒྱལ་བའི་ཆོས་ཚུལ་རྣམ་པར་འཕེལ་བའི་ཕྱིར། །འགྲོ་བ་ཀུན་ལ་ཟབ་ 2-3-45b དང་རྒྱ་ཆེ་བའི། །ཆོས་ཀྱི་འཁོར་ལོ་མ་ལུས་བསྐོར་དུ་གསོལ། །ཁྱོད་མི་བཞུགས་ན་འཇིག་རྟེན་གསུམ་པོ་རྣམས། །དེ་མ་ཐག་ཏུ་མུན་ཁྲོད་ཆེན་པོར་ལྟུང༌། །དེ་ཕྱིར་ནམ་མཁའ་ཇི་སྲིད་གནས་ཀྱི་བར། །མྱ་ངན་མི་འདའ་རྟག་ཏུ་བཞུགས་སུ་གསོལ། །བདག་ལ་ལེགས་པར་སྤྱད་པ་ཇི་ སྙེད་ཅིག །མཆིས་པ་དེ་ཀུན་ཐུབ་པའི་བསྟན་པ་མཆོག །ཉམས་པ་མེད་པར་ཆེ་ཆེར་འཕེལ་བའི་རྒྱུར། །བསམ་པ་ཐག་པས་ཡོངས་སུ་བསྔོ་བར་བགྱི། །དེས་ནི་ཐོག་མཐར་བར་དུ་དགེ། ཐུན་མོང་མ་ཡིན་ཡོངས་སུ་རྫོགས། །ཤཱཀྱའི་རྒྱལ་པོའི་སྐྱོན་བྲལ་ལུགས། །ཕྱོགས་རྣམས་ཀུན་ ཏུ་རྒྱས་པའི་རྟེན། །བཤེས་གཉེན་དམ་པ་གང་ཡིན་ཀུན། །འཁོར་བ་སྲིད་དུ་ཞབས་བརྟན་ཅིང༌། །དེ་ཡི་ལེགས་པར་བཤད་པ་ནི། །སྐྱེ་བོ་ཀུན་གྱིས་འཛིན་གྱུར་ཅིག །བསྟན་པ་གཞན་ལས་ཁྱད་ཞུགས་པའི། །ཐུབ་པའི་བསྟན་པའི་གནད་རྣམས་ཀུན། །ཇི་བཞིན་རྙེད་ནས་རྒྱལ་ བ་རྣམས། །ཚུལ་བཞིན་བསྒྲུབ་པས་མཉེས་བྱེད་ཤོག །རང་གིས་ཁོང་དུ་ཆུད་པ་བཞིན། །མ་རྟོགས་རྣམས་ལ་བརྩེ་བ་ཡིས། །ལེགས་པར་འདོམས་པར་བྱེད་པ་ལ། །ནམ་ཡང་སྐྱོ་བར་མ་གྱུར་ཅིག །དམ་ཆོས་ཉག་ཅིག་འགྲོ་ཀུན་གྱི། །ཕན་བདེའི་གཏེར་དུ་ཡིད་ཆེས་ནས། ། ལུས་དང་སྲོག་ལ་མི་ལྟ་བར། །རྒྱལ་བའི་དམ་ཆོས་འཛིན་པར་ཤོག །དེ་ཚེ་རྒྱལ་བ་རྒྱལ་སྲས་དང༌། །རང་རྒྱལ་ཉན་ཐོས་རྣམས་དང་ནི། །དེ་བཞིན་མཐུ་ཆེན་ཀུན་གྱིས་ཀྱང༌། །རྟག་ཏུ་གྲོགས་ནི་མཛད་གྱུར་ཅིག །དེ་ལྟར་རྒྱལ་དང་རྒྱལ་སྲས་དང༌། །དེ་ཡི་འཕྲིན་ལས་ཀྱིས་ བསྐྲུན་པས། །རྒྱལ་བའི་དམ་ཆོས་བཟུང་བའི་ཕྱིར། །ཚུལ་འདི་བློ་བཟང་གྲགས་པས་སྦྱར།། ༈ །།ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། རྒྱལ་བ་བྱེ་བ་བདུན་དང་འཕགས་པའི་འཁོར། །དྲང་སྲོང་རིག་སྔགས་འཆང་དང་ཚངས་དབང་དང༌། །དྲག་པོ་རི་སྲས་དང་བཅས་ 2-3-46a སྲེད་མེད་བུ། །ལེགས་ལྡན་ནག་པོ་གདུང་བདུན་བདེ་གཤེགས་བཅུ། །ཕྱག་འོས་རྣམས་ལ་གུས་པས་ཕྱག་བྱས་ནས། །བདེ་གཤེགས་གཙུག་ནས་གསང་སྔགས་ཚིག་ཕྱུང་སྟེ། །གང་གི་བསྔགས་པ་འཁོར་ལ་བཀའ་སྩལ་པའི། །དཔལ་ལྡན་གདུགས་དཀར་ཅན་ལ་ བསྟོད་པར་བྱ། །འཆི་མེད་དབང་པོའི་མདུན་ས་ཆོས་བཟང་དུ། །ཤཱཀྱའི་རྒྱལ་པོའི་མཚན་མཆོག་གཙུག་ཏོར་ནས། །ལེགས་འཁྲུངས་བདུད་ཀྱི་རིས་ཀྱིས་མི་ཐུབ་ཅིང༌། །ཕས་ཀྱི་རྒོལ་བ་ཐམས་ཅད་ཕྱིར་བཟློག་པས། །གཞན་གྱིས་མི་ཐུབ་གཙུག་ཏོག་གདུགས་དཀར་ཞེས། །ཡོངས་སུ་ གྲགས་པས་ས་གསུམ་ཀུན་ཁྱབ་པ། །དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ་གཅིག་པུ། །བཅོམ་ལྡན་འདས་མ་ཁྱོད་ལ་བདག་ཕྱག་འཚལ། །གདོན་དང་རྒྱུ་སྐར་གཟའ་ཡི་གནོད་པ་དང༌། །དུས་མིན་འཆི་དང་སྡིག་པའི་རྨི་ལམ་དང༌། །དུག་མཚོན་མེ་དང་ཆུ་ཡི་གནོད་པ་སོགས། །མ་ལུས་ཞི་ མཛད་ཁྱོད་ལ་ཕྱག་འཚལ་ལོ། །སྐུ་ཡི་དཀྱིལ་འཁོར་ཁྱོན་ནི་ཤིན་ཏུ་ཡངས། །དུ་མའི་ཉམས་ཅན་དབུ་ནི་སྟོང་ཕྲག་དང༌། །འབར་བའི་ཕྱག་མཚན་ལྡན་པའི་ཕྱག་སྟོང་ཅན། །ས་གསུམ་དཀྱིལ་འཁོར་ཀུན་ལ་དབང་མཛད་མ། །དྲག་ཤུལ་ཆེ་སོགས་ཉེར་གཉིས་ཕྱག་རྒྱའི་འཁོར། །གདུག་ པ་འདུལ་བའི་ལས་ལ་ཐོགས་མེད་པས། །ནག་པོའི་སྡེ་རྣམས་རྡུལ་དུ་བརླག་མཛད་པའི། །རིག་སྔགས་ལྷ་མོའི་ཚོགས་ལ་ཕྱག་འཚལ་ལོ། །དུས་མིན་འཆི་དང་ནད་ཀྱི་འཇིགས་པ་སོགས། །མི་དང་མི་མིན་འབྱུང་པོས་བསྐྱེད་པ་ཡིས། །འཇིགས་པ་དྲན་ནས་ཁྱོད་ལ་སྐྱབས་འཆའ་ན། ། འཇིགས་པ་ཀུན་ལས་རྟག་ཏུ་བསྲུང་དུ་གསོལ། །ལྷ་ཀླུ་ལྷ་མ་ཡིན་ལ་སོགས་པ་ཡི། །གདོན་ཆེན་རྣམས་དང་གཟི་བརྗིད་མདངས་འཕྲོག་ཅིང༌། །མངལ་དང་ཤ་ཁྲག་ལ་སོགས་ཟ་བ་ཀུན། །ཁྱོད་ཞབས་དྲན་པ་ཙམ་གྱིས་བཟློག་ཏུ་གསོལ། །གང་གི་སྒོ་ནས་མི་བསྲུན་སྐྱེ་བོ་ཡིས། །བདག་ 2-3-46b ཅག་བདེ་ལེགས་འཕྲོག་པའི་རིག་སྔགས་སོགས། །མ་ལུས་གཅོད་དང་འབར་བའི་ཕུར་བུ་ཡིས། །དེ་དག་རྣམས་ལ་གདབ་པའི་འཕྲིན་ལས་མཛོད། །ཅེས་གཙུག་ཏོར་གདུགས་དཀར་ཅན་ལ་བསྟོད་པ་འདི་ནི། བློ་བཟང་གྲགས་པའི་དཔལ་གྱིས་སྡོམ་བརྩོན་ཤེས་རབ་རྒྱལ་མཚན་ལ་སོགས་ པས་བསྐུལ་བའི་ངོར་སྦྱར་བའོ།། ༈ །།སྭ་སྟི། རྒྱལ་བ་ཀུན་གྱི་མཚན་མཆོག་གཙུག་ཏོར་ནས། །ལེགས་པར་འཁྲུངས་པའི་རྨད་བྱུང་ལྷ་མོ་ནི། །གཞན་གྱིས་མི་ཐུབ་གཙུག་ཏོར་གདུགས་དཀར་ཞེས། །ཡོངས་སུ་གྲགས་པ་དེ་ལ་ཕྱག་འཚལ་ལོ། །སྤྲུལ་པའི་དབུ་དང་ཕྱག་ ནི་སྟོང་མངའ་ཞིང༌། །བྱེ་བ་བརྒྱ་སྟོང་སྤྱན་ལྡན་དཔའ་མོ་གང༌། །ཕས་རྒོལ་འཇོམས་ལ་ཐོགས་མེད་མཐུ་ལྡན་པ། །མི་ཕྱེད་འབར་བའི་རྟགས་ཅན་དེ་ལ་འདུད། །དུག་དང་མཚོན་དང་རྒྱལ་པོའི་གནོད་པ་སོགས། །འདི་ཕྱིའི་གནོད་པ་ཐམས་ཅད་རབ་བསལ་ནས། །ཕུན་ཚོགས་གོ་ འཕང་ཐམས་ཅད་སྩོལ་མཛད་པ། །བཅོམ་ལྡན་འདས་མ་ཁྱོད་ལ་ཕྱག་འཚལ་ལོ། །འདི་ཡང་རྗེ་ཉིད་ཀྱིས་མཛད་པའོ།། ༈ །།ཨོཾ་བདེ་ལེགས་སུ་གྱུར་ཅིག །ཆུ་འཛིན་དཀར་པོའི་གློག་འཕྲེང་དྲ་བ་ཅན། །མཁའ་ཡི་མཛེས་བྱེད་འདྲ་བའི་ཡིད་འཕྲོག་མ། །དྲི་ཟའི་ན་ཆུང་དབུས་ན་ འཇོ་སྒེག་མཁན། །རིང་ནས་བརྩེ་བའི་ལྷ་མོ་ད་ཚུར་བྱོན། །པདྨའི་བཞིན་ལ་གཡོ་ལྡན་བུང་བའི་མིག །མཐོན་མཐིང་རལ་པའི་རྩེ་ན་འོད་དཀར་ཅན། །རོལ་སྒེག་གར་གྱིས་འགྱིང་བའི་དབྱངས་ཅན་མ། །ད་དུང་བདག་ལ་ངག་གི་དབང་ཕྱུག་སྩོལ། །རོལ་རྩེད་གར་གྱི་ཉམས་ལྡན་རི་ དྭགས་མིག །མིག་གིས་ལྟ་བས་མི་ངོམས་ཡིད་འཕྲོག་མ། །མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག །ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད། །སྟོན་ཟླ་རྒྱས་པའི་དཔལ་ལས་ལྷག་པར་མཛེས། །ཚངས་དབྱངས་སྙན་པའི་གདངས་ཀྱང་ཟིལ་གྱིས་གནོན། །ཟབ་དབྱངས་རྒྱ་ 2-3-47a མཚོའི་འཇིང་ལྟར་དཔག་དཀའ་བ། །དབྱངས་ཅན་ལྷ་མོའི་སྐུ་གསུང་ཐུགས་ལ་འདུད། །ཅེས་སྒྲ་དབྱངས་ལྷ་མོ་སྤྱན་དྲངས་ནས་བསྟོད་ཅིང་གསོལ་བ་གདབ་པ་ཡུལ་བྱང་ཕྱོགས་ཀྱི་སྙན་དངགས་མཁན་བློ་བཟང་གྲགས་པའི་དཔལ་གྱིས་སྦྱར་བའོ།། ༈ །།ཨོཾ་བདེ་ལེགས་སུ་གྱུར་ཅིག ། སྒྲ་དབྱངས་ལྷ་མོ་དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །མར་གད་ཞུ་བ་འཁྱིལ་འདྲའི་མཚོ་འགྲམ་དུ། །བསིལ་ཟེར་བྱེད་པའི་སྟེང་ན་ཀེ་ལ་ཤའི། །མདངས་ཀྱིས་རབ་མཛེས་ཙོག་པུའི་ཚུལ་གྱིས་འགྱིང༌། །རྒྱུད་མང་སྔོན་པོའི་སྒྲ་ཡིས་རོལ་དེར་འདུད། །ཐོར་ཚུགས་མེ་ཏོག་དཀར་པོའི་ཕྲེང་ བ་ཡིས། །མཛེས་པར་བྱས་པའི་རྩེ་མོར་ཟླ་བས་སྤུད། །མཐོན་མཐིང་དབུ་སྐྲའི་ཟར་བུས་སྐུ་སྟོད་ཁེབས། །ཚངས་པའི་བུ་མོ་གཞན་ཡིད་འཕྲོག་མ་ཁྱོད། །ལྷ་ཡི་ལམ་ལ་རྒྱུ་སྐར་བདག་པོའམ། །པདྨོའི་མཚོ་ལ་ངང་མོ་རྩེན་པ་བཞིན། །རབ་ཡངས་རྙོག་བྲལ་སེམས་ཀྱི་ དགའ་ཚལ་དེར། །རིང་དུ་གནས་ཏེ་སྤོབས་པ་མཆོག་སྩོལ་མཛོད། །ས་འཛིན་དཀར་པོའི་རྩེ་ལ་སྟོན་དུས་ཀྱི། །སྤྲིན་བྲལ་མཚན་མོའི་ཟླ་འོད་ལྷུང་བ་ལྟར། །གསལ་མཛེས་ཆེས་དཀར་ལྟ་བས་མི་ངོམས་པའི། །ཁྱོད་སྐུ་འོ་མའི་རྒྱ་མཚོ་མཐོང་བའི་ཚེ། །རྣམ་དགེ་ཚུལ་ ཁྲིམས་སྤུ་སྡུག་གོས་ཀྱིས་ཀླུབས། །ལུང་དང་རིགས་པའི་འདབ་གཉིས་བསྐྱོད་པ་ཡིས། །རྒྱ་ཆེན་ཤེས་བྱའི་མཁའ་ལ་རྣམ་རོལ་པ། །བློ་གསལ་དང་བའི་ཡིད་དེ་དགའ་བས་ཕྲོགས། །རབ་བརྗིད་ཏི་སིའི་གངས་ཀྱིས་ལྷ་ཡི་ལམ། །རབ་མཛེས་ཐོར་ཅོག་བྱས་ནས་ཟུར་མིག་ གིས། །རབ་སྙན་རྒྱུད་མང་སྒྲོག་ལ་ལྟ་བྱེད་ན། །རབ་དཀར་ལྷ་མོ་ཁྱོད་དང་མཚུངས་པར་འགྱུར། །མཉེན་ལྕུག་ཕྱག་གི་འདུ་བྱེད་བསྒྱུར་བ་དང༌། །ཨུཏྤལ་སྤྱན་གྱི་ཟུར་མིག་གཡོ་བ་གཉིས། །རབ་མཛེས་པི་ཝང་ངོགས་སུ་བཀོད་བྱས་ནས། །གདངས་སྙན་སྒྲ་ཡིས་རྣ་ 2-3-47b བའི་དགའ་སྟོན་འགྱེད། །འོད་འབར་གསེར་གྱི་རྣ་ཆས་སྙན་ཤལ་གཉིས། །འོད་སྟོང་ལྡན་པས་པདྨོའི་ཚལ་ལ་བཞིན། །རྣམ་དག་ཚེམས་ཀྱི་ཕྲེང་བས་ཞལ་གྱི་ངོགས། །རྣམ་བཀྲ་རྒྱུ་སྐར་ཕྲེང་བས་མཁའ་ལ་བཞིན། །དྲི་མེད་ཤེལ་གྱི་ས་འཛིན་ངོས་དག་ལ། །དབང་པོའི་གཞུ་ ཡིས་ཀུན་ནས་བཀྲ་བ་བཞིན། །མཛེས་སྡུག་སྐུ་ཡི་ཆ་ཤས་མ་ལུས་པ། །ཡིད་འཛིན་རྒྱན་རྣམས་ཀུན་གྱིས་ལྷམ་མེར་གྱུར། །ཨིནྡྲ་རྙིལ་གྱི་མདོག་ལྟར་རབ་སྔོ་བའི། །རྐང་འཐུང་གོས་ཀྱི་ཕྲེང་བས་གངས་ཀྱི་རི། །ཀུན་ནས་མཛེས་པ་ཇི་བཞིན་ཁྱོད་ཀྱི་སྐུ། །རྒྱུད་མང་སྔོན་པོས་གཡོན་ གྱི་ཕྱོགས་ན་མཛེས། །དྲུག་ལྷག་བཅུ་ཡི་དབྱངས་ཀྱི་ཕྲེང་བ་ཅན། །སྙིང་གི་ཆུ་སྐྱེས་དབུས་ན་ཁྱོད་ཀྱི་སྐུ། །མཁའ་གོས་དཀར་གསལ་དཀྱིལ་ན་མདངས་མཛེས་པའི། །ཡིད་འོང་གློག་ཕྲན་གཞོན་ནུ་འགྱུ་བ་བཞིན། །གང་གསུང་དྲི་བྲལ་ཆ་ཡི་ཆ་ཤས་ཙམ། །གང་གི་རྣ་བའི་ལམ་ དུ་ལྷུང་ཙམ་གྱིས། །གང་གི་སྒྲིབ་པའི་བློ་ཡི་མི་ཤེས་པ། །གང་གིས་གཅོད་མཛད་ཁྱོད་གསུང་ཚངས་པའི་དབྱངས། །ལྷ་ལ་ལྷ་ཡི་ཡོངས་འདུའི་ཤིང་བཞིན་དུ། །གང་ལ་གང་ཞིག་འདོད་པའི་འབྲས་སྟེར་ཞིང༌། །སྲིད་ལ་སྲིད་པའི་བར་དུ་རབ་བརྩེ་བ། །ཀུན་ལ་ཀུན་ནས་སྒྲིབ་མེད་ཁྱོད་ ཀྱི་ཐུགས། །ཉེས་ཟད་སྐུ་ནི་གངས་རི་ལྟ་བུར་དཀར། །ཡིད་འཕྲོག་གསུང་ནི་འབྲུག་གི་དབྱངས་ལྟར་བརྗིད། །སྤྲོས་བྲལ་ཐུགས་ནི་མཁའ་བཞིན་གཡོ་བ་མེད། །དགེ་ལེགས་གཏེར་ཆེན་ཁྱོད་ཀྱིས་བདག་སྐྱོངས་ཤིག །སྒྲ་ཚད་ཉི་ཟླའི་འོད་ཀྱི་གོས་བཟང་བགོས། །སྡེབ་སྦྱོར་བང་རིམ་ བཞི་ཡི་སྐ་རགས་བཅིངས། །སྙན་དངགས་ནོར་བུའི་ཅོག་གི་ཐོད་ཀྱིས་མཛེས། །མངོན་བརྗོད་གཟི་ལྡན་རི་དབང་ལྷ་མོ་དེ། །མཁས་མཆོག་ཀླུ་དབང་སྟོང་གིས་ཡོངས་བཟུང་བས། །རྩོམ་འཆད་རྩོད་པའི་རླབས་འཕྲེང་བརྒྱ་གཡོ་བའི། །བདག་ཡིད་རོལ་མཚོའི་འཇིང་དེའི་དཔལ་བསྐྱེད་ 2-3-48a ནས། །དང་བའི་ཆུ་གཏེར་ཆེ་དེར་རིང་དུ་རོལ། །རབ་དང་ཤུགས་ལྡན་གདུང་བའི་ང་རོ་ཡིས། །བསྟོད་པའི་མོད་ལ་རེ་བ་རྫོགས་མཛད་མ། །སྒྲ་དབྱངས་ལྷ་མོ་ཚེ་རབས་ཐམས་ཅད་དུ། །བདག་གི་སྙིང་ལ་འབྲལ་བ་མེད་གྱུར་ཅིག །དེ་ལྟར་ཉམས་དང་འགྱུར་བའི་རོ་མཆོག་ལྡན། །ངོ་མཚར་རྒྱན་མང་མདངས་ཀྱིས་མཛེས་གྱུར་པའི། །བསྟོད་ཚིག་བདུད་རྩིའི་རྒྱུན་དེ་སྙན་དངགས་ཀྱི། །རིང་ནས་འདྲིས་པ་ཁོ་ནའི་དགའ་སྟོན་ཡིན། །ཚུལ་ལུགས་འདི་ནི་ཚུལ་ཁྲིམས་ནོར་གྱིས་འབྱོར། །ངང་ཚུལ་བཟང་པོའི་ངང་ཚད་དཔོན་པོ་ཡིས། །ལྷག་བསམ་དག་པས་ལྷག་པར་བསྐུལ་བའི་ངོར། །སྙན་དངགས་གཞུང་བཞིན་སྙན་པའི་ངག་གིས་སྨྲས། །སྒྲ་དབྱངས་ལྷ་མོ་དབྱངས་ཅན་མ་ལ་བསྟོད་པའི་ཚིགས་སུ་བཅད་པ་ཡུལ་བྱང་ཕྱོགས་ཀྱི་སྙན་དངགས་མཁན་བློ་བཟང་གྲགས་པའི་དཔལ་གྱིས་བྱ་ཡུལ་དུ་ཆོས་བར་ལ་བྱོན་པའི་ཚེ་སྦྱར་བའོ།། ༈ །།ཨོཾ་བདེ་ལེགས་སུ་གྱུར་ཅིག །ལྷག་བསམ་རྣམ་དག་བྱ་ལམ་ཡངས་པའི་གཞིར། །སྡེབ་ལེགས་ཚིག་གི་རྒྱུ་སྐར་འཕྲེང་བཀོད་ནས། །འོད་དཀར་ཅན་ཁྱོད་བདག་གིས་མཛེས་པར་བྱ། །བདག་བློའི་ཀུ་མུད་ཁྱོད་ཀྱིས་རྒྱས་པར་མཛོད། །དྲི་མེད་འོད་སྟོང་ལྡན་བཞིན་གསལ་བའི་ཐུགས། །སྐྱོན་བྲལ་ཚངས་པའི་དབྱངས་ལྟར་སྙན་པའི་གསུང༌། །ལྷུན་སྡུག་གངས་རིའི་རྩེ་འདྲའི་སྐུ་མངའ་བ། །ལྷག་པའི་ལྷ་མོ་ཁྱོད་ལ་ཕྱག་འཚལ་ལོ། །མ་རིག་མཚན་མོའི་གྲོགས་ཀྱིས་འགྲོ་རྣམས་ཀྱི། །བློ་གྲོས་བད་ཚལ་ཟུམ་པར་བྱས་པའི་ཚེ། །མི་ཤེས་ཟླ་འོད་བསྐྱེད་ཕྱིར་ཁྱོད་ཀྱི་སྐུ། །སྔོན་མེད་འོད་སྟོང་ལྡན་འདི་བསྟན་ནས་སྙམ། །འབུམ་ཕྲག་གློག་འཕྲེང་འཁྱུག་འདྲའི་སྤྱན་རྩ་དམར། །གངས་རི་ཚར་དུ་དངར་ལྟའི་མཆེ་བ་གཙིགས། །གནམ་ལྕགས་འབར་བ་ལྟ་བུའི་འོད་འཕྲོ་བ། །དཔའ་མོ་ཁྱོད་ཀྱིས་སྲིད་གསུམ་གཡོ་བར་མཛད། །རྣམ་པ་དུ་མར་སྣང་བའི་ཀུན་རྫོབ་དང༌། ། 2-3-48b རང་བཞིན་ཅི་ཡང་མི་དམིགས་དོན་དམ་སྟེ། །ཆོས་ཀུན་བདེན་པ་གཉིས་སུ་འདོམས་པའི་ཕྱིར། །མཛེས་པའི་སྤྱན་གཉིས་ལྡན་ལ་ཕྱག་འཚལ་ལོ། །བདག་ལྟའི་རྩིག་པ་སྟུག་པོས་ཀུན་ནས་བསྐོར། །མ་རིག་ཐིབས་པོས་བར་མཚམས་མེད་པར་དཀྲིགས། །འཁོར་བའི་ཁང་བཟང་བྱིས་པ་འབྲིད་པའི་གནས། །ཀུན་ནས་འཇིག་ཕྱིར་གཡས་ན་རྡོ་རྗེ་བསྣམས། །སྲིད་པའི་བཙོན་རར་འགྲོ་འདི་ཐར་མེད་པའི། །མངོན་ཞེན་ལྕགས་སྒྲོག་དམ་པོས་འཆིང་བྱེད་པ། །ཉོན་མོངས་བདུད་ཀྱི་མགོ་བོ་སྔོན་མེད་པའི། །ཡེ་ཤེས་མཚོན་གྱིས་བཅད་ནས་གཡོན་ན་འཛིན། །རྒལ་དཀའ་སྲིད་པའི་མཚོ་ལས་སྒྲོལ་བའི་གྲུ། །བདེ་ཆེན་ཐར་པའི་ཐང་ལ་བགྲོད་པའི་ཐབས། །ཐབས་ཤེས་རང་བཞིན་བརྐྱང་བསྐུམ་ཞབས་གཉིས་ཀྱིས། །པད་ཉིའི་སྟེང་དུ་གདུག་པའི་རོ་ལ་བརྫིས། །ཉེས་བྲལ་ཁྱོད་སྐུ་ཀུན་ནས་མཛེས་པ་ནི། །ཆ་ཤས་ཡོངས་སུ་རྫོགས་པའི་ཟླ་རྒྱས་སམ། །ཉི་ཤར་འོད་ཀྱིས་མཛེས་པའི་གངས་རི་བཞིན། །རིན་ཆེན་དུ་མའི་འོད་ཀྱིས་ལྷམ་མེ་བ། །རིན་ཆེན་རུས་པའི་རྒྱན་གྱིས་མཛེས་པ་ཁྱོད། །མཁའ་ལ་ཆུ་འཛིན་ཕྲེང་བ་འཁྲིགས་པའམ། །རྣམ་པ་དུ་མར་བཀྲ་བའི་འཇའ་ཚོན་ལྟར། །མ་འདྲེས་གསལ་བར་སྣང་ཡང་ངོས་གཟུང་བྲལ། །དཔག་མེད་ཡོན་ཏན་དུ་མའི་དཔལ་གྱིས་མཐོ། །ལྟ་བས་མི་ངོམས་བརྗིད་པ་ཁྱོད་ཀྱི་སྐུ། །མཐོང་བར་གྱུར་ཚེ་ལྷུན་པོ་ངོ་ཚ་ནས། །གཏིང་ཡངས་རྒྱ་མཚོའི་ནང་དུ་ཞུགས་པ་འདྲ། །འགྲོ་བའི་ཉེས་ཚོགས་ལྗན་ལྗིན་འཁྲུད་པའི་ཆུ། །ཡན་ལག་དྲུག་ཅུའི་དཔལ་མངའ་ཁྱོད་ཀྱི་གསུང༌། །འདི་ཐོས་གྱུར་ཚེ་གངྒཱ་ཡིད་ཞུམ་ནས། །ངལ་བ་མེད་པར་རྒྱ་མཚོར་སྙེགས་སམ་སྙམ། །ཇི་སྙེད་ཤེས་བྱའི་གནས་རྣམས་མ་ལུས་པ། །ཇི་བཞིན་མ་འདྲེས་གསལ་བ་ཁྱོད་ཐུགས་ལ། །ཇི་ཙམ་འབད་ཀྱང་ 2-3-49a འགྲན་པར་མ་བཟོད་ནས། །རྟ་ལྗང་ཅན་དེ་ཕྱོགས་རྣམས་ཀུན་ཏུ་བྲོས། །བདག་གི་ལྷག་པའི་ལྷ་མོ་རྗེ་བཙུན་མ། །ཁྱོད་ཀྱི་ཡོན་ཏན་མ་ལུས་སུས་བརྗོད་ནུས། །དེ་ལྟ་ན་ཡང་ཡོན་ཏན་རྒྱ་མཚོ་ལས། །ཆུ་ཐིགས་ཙམ་ཞིག་བླངས་ཏེ་ཁྱོད་ལ་བསྟོད། ། དེ་ལྟར་ལྷག་པའི་ལྷ་མོ་ཁྱོད་བསྟོད་པས། །དོན་མཐོང་བློ་གྲོས་མིག་དང་བྲལ་བའི་མཐུས། །སྲིད་པའི་བཙོན་རར་ལྷུང་བའི་མགོན་མེད་བདག །ཐར་པའི་གྲོང་ཁྱེར་མཆོག་ཏུ་བཀྲི་བར་མཛོད། །ལྟ་ངན་དབང་གིས་ཡང་དག་ལམ་སྟོར་པས། །འཁོར་བའི་གཅོང་རོང་ གཏིང་ཟབ་དག་ཏུ་ལྷུང༌། །ཐར་དཀའི་གནས་འདིར་འཁོད་པའི་ལུས་ཅན་རྣམས། །སྟོབས་ལྡན་ཁྱོད་ཀྱིས་བརྩེ་བས་བསྒྲལ་དུ་གསོལ། །ལས་ཉོན་མི་མཐུན་རླུང་གིས་དྲག་ཏུ་བདས། །སྡུག་བསྔལ་རྩ་བ་སྐྱེ་བའི་ཆུ་སྲིན་ཁར། །རང་དབང་མེད་པར་འཕེན་པའི་མ་ རིག་པ། །བརྩེ་ལྡན་ཁྱོད་ཀྱིས་རྩད་ནས་བཅད་དུ་གསོལ། །དམིགས་མེད་ཐུགས་རྗེའི་ཆུ་གཏེར་ཆེན་པོས་བརླན། །འགྲོ་བའི་བདེ་ལེགས་མ་ལུས་འབྱུང་བའི་གཞི། །བློ་ཡི་རྒུད་པ་སེལ་བའི་ཡིད་བཞིན་ནོར། །ཀུན་ལ་བུ་སྡུག་ལྟར་དགོངས་མ་ཁྱོད་ཀྱིས། །དམ་ པའི་འབྱོར་པ་ཤེས་རབ་ནོར་གྱིས་དབུལ། །མཁས་པའི་མདུན་སར་བགྲོད་པའི་བདེ་བས་ཕོངས། །མ་རིག་སྦུབས་སུ་ཚུད་པའི་ཉམ་ཐག་ལ། །རབ་འབྱམས་ཡེ་ཤེས་སྣང་བ་བསྐྱེད་དུ་གསོལ། །ཟུག་རྔུ་ཀུན་སེལ་སྔོན་མེད་སྨན་པ་ཁྱོད། །མ་རིག་ལིང་ཏོག་སྟུག་པོས་ འགྲོ་རྣམས་ཀྱི། །བློ་གྲོས་མིག་བསྒྲིབས་ཡལ་བར་འདོར་གྱུར་ན། །ཁྱོད་ཐུགས་ཀུན་ལ་བརྩེ་བའང་མིང་དུ་ཟད། །འོན་ཏེ་གཞན་བློའི་རབ་རིབ་སེལ་བའི་ཐབས། །མི་ཤེས་ཤེས་ཀྱང་སེལ་བར་མི་ནུས་ན། །ད་ནི་ཁྱོད་ཀྱིས་མ་ལུས་མཁྱེན་པ་དང༌། །འཕྲིན་ལས་ནུས་ 2-3-49b པའི་ཚུལ་དེའང་བདག་གིས་འཁུམས། །གང་ཚེ་བུ་སྡུག་ཉམ་ངའི་ལམ་འགྲོ་བ། །བརྩེ་བའི་མ་ཡིས་བཟློག་པར་མི་བྱེད་ན། །དེ་ཚེ་དེ་ལ་དེ་བས་བརྩེ་བའི་མགོན། །གཞན་པ་གང་གིས་དེ་ལ་སྐྱོབ་པར་བྱེད། །བློ་ལྡན་གང་གིས་ཁྱོད་སྐུ་དྲན་བྱེད་ཅིང༌། །གདུང་བའི་ཤུགས་ ཀྱི་ཚུལ་འདིས་བསྟོད་བྱེད་པ། །དེ་ཡི་མི་ཤེས་མུན་པ་སྐད་ཅིག་ལ། །ཁྱོད་ཀྱི་ཐུགས་རྗེའི་ཤུགས་ཀྱིས་མཐར་བྱེད་ཤོག །ཅེས་རྗེ་བཙུན་མ་ཤེས་རབ་གསལ་བྱེད་མའི་བསྟོད་པ་འདི་ནི། སྡེ་སྣོད་འཛིན་པ་ཉི་མ་སེང་གེས་བསྐུལ་བའི་དོན་དུ་ཡུལ་བྱང་ཕྱོགས་ཀྱི་རྒྱུད་དུ་བྱུང་ བའི་སྙན་དངགས་མཁན་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་སྦྱར་བའོ།། ༈ །།ན་མཿཤྲཱི་བཛྲ་བྷཻ་ར་ཝཱ་ཡ། བརྐྱང་བསྐུམ་ཞབས་ནི་ཅུང་ཟད་བརྡབས་པ་ཙམ་གྱིས་དཀྱིལ་འཁོར་བཞིར་བཅས་རི་དབང་ཤིག་ཤིག་པོར་འགྱུར་ཞིག །གཏུམ་ དྲག་མ་ཧེའི་ཞལ་ནི་རབ་ཏུ་གདངས་པས་བསྒྲགས་པའི་གད་རྒྱངས་ཆེན་པོས་ས་གསུམ་ཀུན་འགེངས་པ། །རྒྱལ་བའི་ཡབ་གཅིག་འཇམ་པའི་དབྱངས་གང་མ་རུངས་འདུལ་ཕྱིར་དྲག་པོའི་སྐུར་བསྟན་བཅོམ་ལྡན་གཤིན་རྗེའི་གཤེད། །གང་དེར་གུས་པས་བཏུད་ནས་ གཤིན་རྗེའི་རྒྱལ་པོ་བསྟོད་ཀྱི་ད་ནི་བགེགས་རྣམས་བག་ཡོད་དུས་ལ་བབ། །རི་བོ་རལ་ཞིང་ཆུ་གཏེར་འཁྲུགས་པ་ལྟ་བུར་འུར་འུར་ཞེས་པའི་སྒྲ་ཆེན་རྒྱུད་མར་རབ་སྒྲོག་པ། །དྲག་པོའི་མེ་ལྕེ་གནག་པའི་དུ་བས་འཁྱུད་པའི་ཚོགས་རྣམས་འབུམ་ཕྲག་གློག་ཕྲེང་ཆར་སྤྲིན་ ནང་འཁྱུག་བཞིན། །ཤིན་ཏུ་བཟོད་དཀའི་རེག་བྱ་ཚ་བའི་ངར་ལྡན་ཁ་དོག་ལྔ་ཡི་ཕྲེང་བས་ཟླུམ་པོར་བསྐོར་བའི་དབུས། །མུན་པ་བྱེ་བས་བྱུགས་ལྟར་གནག་པའི་ཆོས་འབྱུང་ཆལ་ཆིལ་གཡོ་བའི་ཁྲག་ཞག་རྒྱ་མཚོས་གང་བའི་སྟེང༌། །རྟ་བདུན་བདག་པོའི་གདན་ལ་ 2-3-50a གནོད་བྱེད་ནག་པོ་གན་རྐྱལ་བསྒྱེལ་བའི་སྟེང་ན་གཤིན་རྗེའི་རྒྱལ་པོ་ནི། །མིག་སྨན་ལྟར་གནག་ཐུང་ལ་སྦོམ་པའི་ལུས་ཅན་གཡས་བརྐྱང་གཡོན་བསྐུམ་ས་ཆེན་གཡོ་བའི་གོམ་སྟབས་ཅན། །སེར་སྐྱའི་རལ་པ་གྱེན་དུ་འཛིངས་པའི་ དབུ་ལ་ཐོད་སྐམ་ལྔས་བརྒྱན་དྲག་པོའི་རྡོ་རྗེ་སྤྱི་བོར་འཛིན། །ཁྲག་གིས་སྦགས་པའི་མགོ་རློན་འཕྲེང་བ་མགྲིན་པར་འཕྱང་ཞིང་སྤྱན་གསུམ་བགྲད་པའི་སྡང་མིག་གཡོ་བ་ཅན། །མཆེ་བ་རྣོན་པོ་གཙིགས་པའི་བགྲད་པའི་ཞལ་ནས་དབུགས་ཕྲེང་གཡོ་བ་ གདུག་པའི་སྦྲུལ་གྱི་ཁ་རླངས་བཞིན། །གཡས་པས་འབར་བའི་གྲི་གུག་བདུད་དཔུང་ཀླད་ལ་འཕྱར་ཞིང་ཁྲག་ལྡན་ཐོད་པ་གཡོན་གྱིས་བཟུང་ལ་རོལ། །སྟག་ལྤགས་སྨད་གཡོགས་བགོས་པའི་གཏུམ་ཆེན་ཁྱོད་ཀྱིས་གཤིན་རྗེའི་གཤེད་ལ་ཇི་ལྟར་ ཞལ་བཞེས་དེ་བཞིན་དུ། །མ་གཡེལ་མ་གཡེལ་མྱུར་དུ་དྲན་པར་མཛོད་ལ་རྣལ་འབྱོར་བདག་གིས་གང་ཞིག་བསྒོ་བ་ཐམས་ཅད་སྒྲུབས། །གཞན་ཡང་ཁྱོད་ཀྱི་ཕྱོགས་བཞིར་རྭ་དང་རྨིག་པ་རབ་ཏུ་རྣོ་བའི་མ་ཧེ་དྲག་པོའི་གདན་སྟེང་ན། །དཀར་དང་སེར་ དང་དམར་དང་གནག་པའི་གཤིན་རྗེ་ཆེན་པོ་དྲག་ཏུ་ཁྲོས་པའི་མ་ཧེའི་གདོང་པ་ཅན། །བརྐྱང་བསྐུམ་སྟབས་ཀྱིས་རབ་ཏུ་འགྱིང་ཞིང་དུར་ཁྲོད་ཆས་ཀྱིས་ལེགས་བརྒྱན་ཞལ་གདངས་མིག་རྩ་ཀུན་ཏུ་དམར། །བགེགས་དཔུང་འཇོམས་ལ་རྡོ་རྗེའི་ ཐོག་ལྟར་བསྔགས་པ་དེ་དག་གིས་ཀྱང་ཞི་རྒྱས་དབང་དྲག་ལས་ཀུན་སྒྲུབས། །མདོར་ན་རྒྱལ་བ་ཀུན་གྱིས་ཡང་དང་ཡང་བསྔགས་འཇམ་པའི་དབྱངས་ཞེས་ས་སྟེང་ཀུན་ཏུ་གྲགས་པ་དེའི། །ཕུན་ཚོགས་གོ་འཕང་མཆོག་དེ་མཁའ་མཉམ་ལུས་ 2-3-50b ཅན་ཀུན་གྱི་དོན་དུ་ཇི་སྲིད་བདག་གིས་མ་མནན་པ། །དེ་སྲིད་གཤིན་རྗེའི་གཤེད་ཀྱི་བཀའ་ནི་གུས་པས་ལྷུར་ལེན་ཆོས་རྒྱལ་གཤིན་རྗེ་འཁོར་དང་བཅས་པ་ཡིས། །ཡང་དག་ལམ་གྱི་ནོར་མཆོག་འཕྲོག་ལ་བརྩོན་པའི་ནག་པོའི་རྩ་ལག་སྡེ་དང་བཅས་པ་གཞོམ་པར་མཛོད། ། ཅེས་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ལ་ནང་སྒྲུབ་ཀྱི་ཚུལ་དུ་བསྟོད་པ་བདུད་དཔུང་རྣམ་པར་འཐག་པ་ཞེས་བྱ་བ་འདི་ནི་སྡོམ་བརྩོན་སྡེ་སྣོད་འཛིན་པ་འཇམ་དཔལ་རྒྱ་མཚོ་ཞེས་པའི་རང་གི་སློབ་མས་གསོལ་བ་བཏབ་པའི་དོན་དུ་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ་མང་དུ་ཐོས་པའི་ རྒྱལ་ཁམས་པ་བློ་བཟང་གྲགས་པའི་དཔལ་གྱིས་སྦྱར་བའོ།། ༈ །།རྗེ་བཙུན་མཁྱེན་པའི་གཏེར་ལ་ཕྱག་འཚལ་ལོ། །ཚོགས་གཉིས་བསགས་པའི་མཐུ་ལས་བྱུང་བའི་སྐུ་མཆོག་ཁྱོད། །ཐུགས་རྗེ་མཉེས་པའི་སྤྱན་གྱིས་ཕྱོགས་བཅུར་ཀུན་ནས་གཟིགས། །སྲིད་ པའི་རྟེན་གཞི་རྨོངས་རྣམས་རྩད་ནས་དྲུངས་ཕྱུང་སྟེ། །ཐར་པའི་སྲོག་ཤིང་ཤེས་རབ་ཆེན་པོ་འགྲོ་ལ་སྩོལ། །ཀ་ཏ་ར་ཡི་གྲོང་ཁྱེར་དུ། །སྐྱེད་མོས་ཚལ་གྱི་མེ་ཏོག་རྒྱས། །བུང་བ་མང་པོ་དེ་ལ་རོལ། །བདུད་རྩི་མཆོག་ཀྱང་འཐུང་བར་སྣང༌། །རྗེ་བཙུན་ཐམས་ཅད་མཁྱེན་པས་རྒྱ་ སོག་ཕུར། །རྗེ་བཙུན་འཇམ་དབྱངས་ཞལ་གཟིགས་ཚུལ་ཁྱད་པར་བ་བྱུང་དུས་ཉམས་ལེན་མདོར་བསྡུས་གསུངས་པའི་ཚེ་བསྟོད་པའོ། །དེའི་ཚེ་རྗེ་བཙུན་ཉིད་ཀྱིས་གསུངས་པའི་ཉམས་ལེན་མདོར་བསྡུས་གསུངས་པ་ནི་འདི་ལྟར། གང་ལ་གནས་པ་མེད་པར་ནི། །སེམས་ཉིད་ ནམ་མཁའ་ལྟ་བུར་བསྒོམ། །དེ་ཡི་གྲོགས་རྣམས་ཀུན་ལ་འབད། །བསེ་རུ་ལྟ་བུར་གནས་པར་བྱ། །འདུ་འཛི་དག་ཀྱང་སྤང་བར་བྱ། །ནང་དུ་མཉམ་པར་བཞག་པར་བྱ། །བྱང་ཆུབ་ཆེན་པོ་མཉེས་པར་བྱ། །ལས་ཀྱི་རྣམ་པར་སྨིན་པ་གདོན་མི་ཟ། །ངེས་པར་འབྱུང་དང་བྱང་ཆུབ་ 2-3-51a སེམས་བསྒོམ་སྟེ། །དྲན་པའི་མེ་ཆེན་རྒྱུན་ཆད་མེད་པར་སྦར། །ཡུལ་དྲུག་བུད་ཤིང་ངེས་པར་འཚིག་པར་འགྱུར། །འཁོར་དང་མྱ་ངན་འདས་པའི་ཆོས་རྣམས་ཀུན། །སྔོན་ཆད་གང་གིས་མ་དམིགས་མི་དམིགས་ཕྱིར། །ནམ་མཁའ་བཞིན་དུ་འདི་ཡི་ མཐའ་དང་བྲལ། །ཡུལ་གྱི་སྣང་བ་ནམ་མཁའི་པདྨོ་བཞིན། །སེམས་ཀྱི་འཛིན་པ་བདེ་གཤེགས་སུ་ཡིས་རྙེད། །དབྱིངས་རིག་གཅིག་པ་མོ་གཤམ་བུ་ཡིས་བསྒྲུབས། །དེ་འདྲ་གང་ཡིན་དེ་དག་རྒྱལ་བའི་ལམ། །ཞེས་བྱ་བ་འདི་ཉིད་དོ། །བྱང་ཆུབ་ཏུ་བགྲོད་པར་བྱེད་པའི་ལམ་ ལ་ཐབས་དང་ཤེས་རབ་གཉིས། ཐབས་ལ་ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་གཉིས་ཀྱི་ཐུན་མོང་མ་ཡིན་པ་ལ་དངོས་དང༌། བསྒོམ་པའི་ཚུལ། ཕན་ཡོན་དང་གསུམ། ཤེས་རབ་ལ་མདོར་བསྟན་རྒྱས་བཤད་གཉིས་ཀྱི་རྒྱས་བཤད་ལ། གཟུང་བ་དགག །འཛིན་ པ་དགག །དབྱིངས་རིག་གཅིག་པའི་རང་རིག་དགག །ལམ་གྱི་ཆེ་བ་བསྟན་པ་དང་བཞི། དེ་ལྟར་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་གསུངས་པའི་ཉམས་ལེན་མདོར་བསྡུས་ཤློོ་ཀ་བཞི་དང༌། རྐང་པ་གཉིས་ཀྱི་བསྡུས་དོན་འདི་ནི། རྗེ་བཙུན་ཐམས་ཅད་མཁྱེན་པ་ ཙོང་ཁ་པ་ཉིད་ཀྱིས་མཛད་པའོ།། ༈ །།དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འཕགས་པའི་གཏམ་ལས་དཔལ་ལྡན་འདུས་པའི་དོན། །རྒྱལ་བས་རྒྱས་བཏབ་ཁྲོལ་བར་མ་གྱུར་ན། །རྡོ་རྗེ་ཐེག་པའི་གནད་དོན་རྙེད་མི་འགྱུར། །དེ་ཕྱིར་ཀླུ་སྒྲུབ་ གདམས་པ་གཅེས་པར་གཟུང༌། །འདི་ལ་ཆེས་དཀའི་གནས་ནི་གཉིས་སུ་མཐོང༌། །ལམ་འདིའི་ཐུན་མོང་མིན་པའི་ཐོབ་བྱ་དང༌། །ལམ་དེ་ཕྱག་རྒྱ་ལ་ནི་ལྟོས་པའོ། །ཇི་སྲིད་དང་པོ་ངེས་པར་མ་གྱུར་པ། །དེ་སྲིད་དུ་ནི་ལམ་བཟང་རྟོགས་མི་འགྱུར། །གང་ཚེ་དང་པོ་ 2-3-51b ཚུལ་བཞིན་ངེས་གྱུར་ན། །དེ་ཚེ་ལམ་དེ་བདེ་བླག་རྟོགས་པར་འགྱུར། །དེ་ནས་རིམ་གཉིས་ལམ་དུ་འཇུག་པ་ལ། །ཐུན་མོང་མིན་པའི་ངེས་པ་རྙེད་འགྱུར་ཞིང༌། །དེ་ལ་རྡོ་རྗེའི་ཐེག་ལ་གུས་པ་དང༌། །དགའ་དང་སྤྲོ་བ་རྒྱ་ཆེན་སྐྱེས་པ་ཡི། །བླ་མེད་ཐེག་པའི་རིགས་ཀྱི་ནུས་ པ་ནི། །ཡང་དང་ཡང་དུ་ཡོངས་སུ་རྒྱས་པར་བྱེད། །དེ་ཕྱིར་བློ་ལྡན་ལམ་འདིར་གུས་པར་བྱེད། །རྩ་བ་བོར་ནས་ཡལ་ག་མ་འཚོལ་བར། །ཐུན་མོང་མིན་པའི་བསྒྲུབ་བྱ་གུས་པས་ཚོལ། །དེ་ཡང་ཀླུ་སྒྲུབ་ལུགས་ལས་གཞན་དུ་མིན། །ཕྱག་རྒྱ་མཆོག་དང་ཀུན་ཏུ་འདུས་ གྱུར་ཏེ། །རྡོ་རྗེ་པདྨ་སྦྱོར་བའི་སྙོམས་འཇུག་གིས། །བདེ་བ་ཆེན་པོའི་རང་བཞིན་མ་བཙལ་ན། །ལམ་བཟང་མྱུར་བའི་མཐར་ཐུག་གང་ལས་ཡིན། །དེ་ཕྱིར་སྟོང་པ་བཞི་ཡི་ཏིང་ངེ་འཛིན། །ཕྱག་རྒྱ་བཟང་མོའི་རྗེས་སུ་འགྲོ་ལྡོག་པར། །རྣམ་དག་རིགས་པས་བསྒྲུབ་པར་ མ་ནུས་ན། །ཕོ་ཉའི་ལམ་ལ་དགའ་བ་དགའ་བ་ཙམ། །འདོད་ཡོན་ལམ་བྱེད་ལམ་འདིའི་ཁྱད་ཆོས་ཏེ། །དེ་ཡི་གཙོ་བོ་རེག་བྱ་དེ་ཡི་ཡང༌། །ཕུལ་དུ་བྱུང་བ་ཆོས་འབྱུང་རེག་བྱ་སྟེ། །དེས་བསྐྱེད་བདེ་བ་ལམ་བྱེད་ལམ་གྱི་ཕུལ། །ཚུལ་དེ་ལམ་དུ་བྱེད་པའི་རྟེན་དང་ དུས། །ཡུལ་གྱི་ཁྱད་པར་མཐའ་དག་མ་འཚོགས་པར། །དབང་པོ་གཉིས་ཀྱི་བདེ་ལ་གཙོར་འཛིན་པ། །ཀྱེ་མ་ངན་འགྲོའི་མེ་ཆེན་བུད་ཤིང་ངོ༌། །གང་ཞིག་ཐུན་མོང་ལམ་གྱིས་རྒྱུད་སྦྱངས་ཤིང༌། །དབང་གིས་ལེགས་སྨིན་སྡོམ་པ་ཡོངས་སུ་དག །དྲན་པ་གཅིག་ པའི་རྣལ་འབྱོར་མཐར་ཕྱིན་ཅིང༌། །རྡོ་རྗེ་གསུམ་གྱི་ཏིང་འཛིན་རྙེད་པ་དེས། །སྒྱུ་མ་འོད་གསལ་བདེན་པ་གཉིས་ཀྱི་ལམ། །ཆོས་དང་གཟུགས་སྐུ་གཉིས་ནི་མཐོང་ཆོས་ལ། །མངོན་དུ་འགྱུར་བའི་ཉེར་རྒྱུར་འཇུག་པ་ན། །ཕྱག་རྒྱ་བཟང་ལས་བདེ་ཆེན་མཚོན་པར་ 2-3-52a བྱ། །རྡོ་རྗེ་ཐེག་པའི་ཐོབ་པར་བྱ་བ་དང༌། །མྱུར་དུ་ཐོབ་པའི་ཉེ་རྒྱུ་ཕྱག་རྒྱའི་གནད། །གང་ཞིག་ངེས་ན་རྒྱུད་ཀྱི་སྙིང་པོའི་དོན། །མཐའ་དག་ངེས་པའི་དཀའ་གནས་འདིར་གཟུང་ངོ༌། །རྣལ་འབྱོར་བླ་ན་མེད་པའི་ཐུན་མོང་མིན་པའི་གནད་ཐམས་ཅད་ ངེས་པའི་རྒྱུ། ཐུན་མོང་མིན་པའི་འབྲས་བུ་ངེས་པར་བྱ་བ་དང༌། དེར་བགྲོད་པ་ཕྱག་རྒྱ་དང་འདུས་པ་ལ་ལྟོས་པའི་རྒྱུ་མཚན་ངེས་པར་བྱ་དགོས་སོ། །ཞེས་དཀའ་བའི་གནས་བསྟན་པ་རྗེ་རིན་པོ་ཆེ་ཉིད་ཀྱིས་དགེ་ལྡན་དུ་བར་སྐབས་སུ་གསུངས་པའོ།། ༈ །།དཔལ་ དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །སོ་སོར་སྡུད་དང་བསམ་གཏན་ཡན་ལག་གིས། །ཨ་ཝ་དྷཱུ་ཏིའི་ཡར་སྣར་སྲོག་སྡུད་ཤེས། །སྒྲ་གཅན་ལམ་ནས་རླུང་སྔགས་མི་ཕྱེད་པས། །ལྷུན་གྱིས་གྲུབ་པའི་ཟབ་མོ་རྡོར་བཟླས་ཤེས། །བུམ་པ་ཅན་གྱིས་སྲོག་དང་ཐུར་སེལ་ གཉིས། །དབུ་མའི་ནང་དུ་ཁ་སྦྱོར་བྱེད་ཚུལ་ཤེས། །འཛིན་པ་ཐིག་ལེ་ལ་ནི་སྲོག་ཞུགས་པས། །དག་པའི་སྐུ་ལས་སྤྲོ་དང་བསྡུ་བ་ཤེས། །རྗེས་དྲན་སྟོང་གཟུགས་ཕྱག་རྒྱའི་ཆུ་སྐྱེས་ཀྱིས། །མི་འགྱུར་བདེ་བ་ཆེན་པོའི་འདྲེན་ཚུལ་ཤེས། །དེ་ཕྱིར་ལུགས་འདི་དུས་ འཁོར་ཚུལ་སྨྲ་པ། །ལུགས་གཞན་དག་ལས་ཁྱད་པར་འཕགས་པ་སྟེ། །དེ་ལྟར་མི་ཤེས་དུས་འཁོར་ཚུལ་སྨྲ་བ། །དེ་དག་ཆུ་ནང་ཤར་བའི་ཟླ་གཟུགས་བཞིན། །ཞེས་དུས་ཀྱི་འཁོར་ལོའི་སྦྱོར་བ་ཡན་ལག་དྲུག་གི་རྡོ་རྗེའི་ཚིགས་སུ་བཅད་པ་རྗེ་ཐམས་ཅད་མཁྱེན་ པས་གསུངས་པའོ། །རྗེ་བཙུན་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །བྱཱ་གྷྲའི་གོང་གི་ཙནྡྲ་ནི། །མིག་དང་ཟླ་བའི་གྲངས་གསུམ་ལ། །བགྲོ་བ་མཛད་པའི་ཆུ་འདྲེས་ཆུས། །ཀ་ལ་ཤ་བཀང་སྟེར་རྩིས་བྱེད། །ཕུལ་བྱུང་ནས་ནི་སུམ་བརྒྱ་བཅུ། །སོང་ཟེར་ 2-3-52b ཡབ་གཅིག་དཀྱིལ་འཁོར་གཙོ། །བགྲོ་བ་མཛད་པ་གཉིས་ཀྱང་སྣང༌། །གྲངས་བཞི་པ་ལ་རྣམ་པ་ཅན། །ཁྲི་ཡི་སྟེང་ནས་རྩ་བ་ནི། །གཏད་ནས་འདི་བདག་གྱིས་ཞེས་ཚེ། །སྔགས་རྒྱས་ལན་གསུམ་བཏེག་སྔོན་གྱི། །དེ་འདྲའི་ལྟས་གོ་ལྔ་པ་ལ། །ལྷོ་ཡི་ཐུགས་བཅུད་ དམ་པ་ལ། །འཕྲིག་ཆུད་དེ་ནས་དྲུག་པ་ལ། །ངེས་རྙེད་དེ་ནས་བདུན་པ་ལ། །རྟོག་བསྲེས་ལས་ནི་ཤིན་ཏུ་ངེས། །ཤིད་ཟན་ཞེས་པའང་དེ་ནས་གོ། །དེ་འདྲའི་ངོ་མཚར་རྨད་དུ་བྱུང༌། །བརྗེད་ཀྱིས་དོགས་ནས་ཡི་གེར་བཀོད། །དེ་དོན་སྒྲུབ་པ་མཐར་ཕྱིན་ཤོག །གླང་གི་ལོ་ཟླ་ བ་བཅུ་གཉིས་པའི་ཚེས་བདུན་ལ་འོལ་ཁའི་བསམ་གཏན་གླིང་དུ་བྲིས་པའོ། །ཞེས་པ་གནས་དེར་ངོ་མཚར་བའི་ལྟས་ཁྱད་པར་ཅན་གཟིགས་པ་དག་རྗེ་རྡོ་རྗེ་འཆང་གཉིས་པ་རང་ཉིད་ཀྱིས་བརྗེད་བྱང་དུ་མཛད་པའོ།། ༈ །།ཨོཾ་བདེ་ལེགས་སུ་གྱུར་ ཅིག །འཇིག་རྟེན་མཐོ་རིས་བྱང་གྲོལ་ལྟ་བའི་མིག །སྲིད་ལམ་འཁྱམས་པས་དུབ་པའི་ངལ་གསོའི་གནས། །བདེ་ལེགས་རྩ་བ་དྲིན་ཅན་བླ་མ་དང༌། །རྗེ་བཙུན་མཁྱེན་པའི་གཏེར་གྱི་ཞབས་ལ་འདུད། །འབད་པ་ཆུ་ངུས་རླབས་ཆེན་ཚོགས་སྡུད་ལ། །དགེ་ལ་རྗེས་སུ་ ཡི་རང་མཆོག་ཏུ་གསུངས། །ཁྱད་པར་རང་གིས་སྔོན་བྱས་དགེ་བ་ལ། །རློམ་སེམས་བྲལ་བས་དགའ་བ་ཆེར་བསྐྱེད་ན། །སྔོན་བྱས་དགེ་བ་གོང་དུ་འཕེལ་ལོ་ཞེས། །རྒྱལ་བས་གསུངས་པའི་དོན་དེ་བསྒྲུབ་ཕྱིར་དང༌། །དགོས་པ་གཞན་ཡང་མང་དུ་མཐོང་བས་ན། ། སེམས་ཁྱོད་དགའ་བ་འདི་ལྟར་བསྐྱེད་ན་ལེགས། །དང་པོར་རྒྱ་ཆེན་མང་དུ་ཐོས་པ་བཙལ། །བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར། །ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས། །ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོས། །ཚུལ་འདི་བསམས་ཤིང་ 2-3-53a མདུན་མ་ལེགས་ནས་གདའ། །བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །བླང་དོར་གནས་ལ་ཀུན་ནས་འཐོམས་པའི་མུན། །ཡང་དག་ཐོས་པའི་སྒྲོན་མེས་མ་བསལ་བར། །ལམ་མི་ཤེས་ན་ཐར་པའི་གྲོང་མཆོག་ཏུ། །འཇུག་པར་འགྱུར་བ་སྨོས་ ཀྱང་ཅི་ཞིག་དགོས། །དེ་ཉིད་ཕྱིར་ན་མི་ཕམ་ཆོས་རྗེ་དང༌། །འཛམ་གླིང་རྒྱན་དྲུག་མཆོག་གཉིས་ཞེས་གྲགས་པའི། །གཞུང་ལ་ཕྱོགས་རེ་བ་དང་རགས་པ་རེས། །ཚིམ་པར་མ་བྱས་ཀུན་ལ་ཞིབ་ཏུ་སྦྱངས། །ཚུལ་འདི་བསམས་ཤིང་མདུན་མ་ལེགས་ནས་གདའ། །བཀའ་ དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །ཁྱད་པར་ཚུ་རོལ་མཐོང་བས་དངོས་པོ་ཡི། །དེ་ཉིད་གཏན་ལ་འབེབས་པའི་སྒོ་གཅིག་པུ། །ཡང་དག་རིགས་པའི་གཞུང་གི་དཀའ་གནས་ལ། །འབད་པ་དུ་མས་ཡང་ནས་ཡང་དུ་སྦྱངས། །ཚུལ་འདི་བསམས་×བཀའ་དྲིན་ཆེའོ× མདོ་སྔགས་གཞུང་ལ་ངལ་བ་མང་བྱས་ཀྱང༌། །ཟབ་དོན་ཉམས་སུ་ལེན་དང་སྨྲ་བ་ན། །གང་ཡང་མ་བསླབས་ཅི་ཡང་མི་ཤེས་པའི། །ལྟ་བའི་ཚུལ་ལས་རིང་དུ་མ་སོང་བར། །མཐོང་ནས་ལྷག་པར་ཀླུ་སྒྲུབ་གཞུང་ལུགས་ཀྱི། །ཟབ་མོ་འབྱེད་པའི་ཕྲ་བའི་རིགས་ལམ་ ནས། །ཡང་དག་ལྟ་བ་འདྲེན་པའི་གནད་ཀུན་ལ། །ལེགས་པར་སྦྱངས་ཏེ་ཐེ་ཚོམ་ཆོད་པར་བྱས། །ཚུལ་འདི་×བཀའ་དྲིན་×འདི་ན་རྫོགས་སངས་རྒྱས་སུ་བགྲོད་པ་ལ། །ཟབ་མོ་རྡོ་རྗེ་ཐེག་དང་ཕར་ཕྱིན་ཐེག །རྣམ་པ་གཉིས་ཡོད་གསང་སྔགས་ཕར་ཕྱིན་ལས། ། ཤིན་ཏུ་ཁྱད་པར་འཕགས་པ་ཡིན་ནོ་ཞེས། །ཉི་མ་ཟླ་བ་ལྟ་བུར་ཀུན་ཏུ་གྲགས། །ཚིག་དེ་བདེན་པའི་ཚིག་ཏུ་འདོད་བཞིན་དུ། །ཟབ་མོའི་ཐེག་དེ་ཇི་ལྟ་བུ་ཞིག་ཅེས། །ཚོལ་བར་མི་བྱེད་མཁས་པའི་ཁུར་འཛིན་པ། །དེ་འདྲ་དེ་ཡང་ཤེས་རབ་ཅན་ཡིན་ན། ། 2-3-53b དེ་ལས་གཞན་པའི་དབང་པོ་རྟུལ་པོ་གང༌། །ཤིན་ཏུ་ཕྲད་དཀའ་གོང་ན་མེད་པའི་ལམ། །འདི་འདྲ་ཡལ་བར་འདོར་བ་ཀྱེ་མའོ་མཚར། །དེ་ཉིད་ཕྱིར་ན་རྒྱལ་བའི་ཐེག་པ་མཆོག །སངས་རྒྱས་ལས་ཀྱང་དཀོན་པའི་རྡོ་རྗེ་ཐེག །དངོས་གྲུབ་གཉིས་ཀྱི་གཏེར་གྱུར་ཟབ་མོ་དེར། །ཞུགས་ནས་འབད་པ་ མང་པོས་རིང་དུ་སྦྱངས། །ཚུལ་འདི་×བཀའ་དྲིན་× རྒྱུད་སྡེ་འོག་མ་གསུམ་གྱི་ལམ་གྱི་ཚུལ། །མི་ཤེས་དེ་ཡིས་རྣལ་འབྱོར་བླ་མེད་རྒྱུད། །རྒྱུད་སྡེ་ཀུན་གྱི་མཆོག་ཏུ་ཐག་བཅད་ཀྱང༌། །དམ་བཅའ་ཙམ་དུ་ཟད་པར་ལེགས་མཐོང་ནས། །གསང་བ་སྤྱི་རྒྱུད་ལེགས་པར་གྲུབ་པ་དང༌། །དཔུང་བཟང་ གིས་ཞུས་བསམ་གཏན་ཕྱི་མ་སོགས། །བྱ་རྒྱུད་རིགས་གསུམ་སྤྱི་དང་བྱེ་བྲག་གི། རྒྱུད་སྡེ་རྣམས་ལ་རིང་དུ་འདྲིས་པར་བྱ། །ཚུལ་འདི་×བཀའ་དྲིན་× རྒྱུད་སྡེ་གཉིས་པ་སྤྱོད་པའི་རྒྱུད་རྣམས་ཀྱི། །གཙོ་བོར་གྱུར་པ་རྣམ་སྣང་མངོན་བྱང་གི། རྒྱུད་ལ་སྦྱངས་པས་སྤྱོད་པའི་རྒྱུད་ཀྱི་ཕྱོགས། ། གང་ཡིན་དེ་ཡང་ལེགས་པར་ངེས་པར་བྱས། །ཚུལ་འདི་×བཀའ་དྲིན་× རྒྱུད་སྡེ་གསུམ་པ་རྣལ་འབྱོར་རྒྱུད་རྣམས་ཀྱི། །གཙོ་བོར་དཔལ་ལྡན་དེ་ཉིད་བསྡུས་པའི་རྒྱུད། །བཤད་རྒྱུད་རྡོ་རྗེ་རྩེ་མོ་ལ་སོགས་ལ། །སྦྱངས་པས་རྣལ་འབྱོར་རྒྱུད་ཀྱི་དགའ་སྟོན་མྱོང༌། །ཚུལ་འདི་×བཀའ་ དྲིན་× བཞི་པ་རྣལ་འབྱོར་བླ་ན་མེད་པ་ལ། །འཕགས་ཡུལ་མཁས་པ་རྣམས་ལ་ཉི་ཟླ་ལྟར། །ཡོངས་སུ་གྲགས་པའི་ཕ་རྒྱུད་འདུས་པ་དང༌། །རྣལ་འབྱོར་མ་རྒྱུད་ཀྱཻ་རྡོར་བདེ་མཆོག་གི། རྩ་རྒྱུད་བཤད་པའི་རྒྱུད་ལ་སོགས་པ་དང༌། །བསྡུས་རྒྱུད་གཞན་དང་བཤད་སྲོལ་མི་འདྲ་ བའི། །ཤིང་རྟའི་སྲོལ་འབྱེད་དུས་ཀྱི་འཁོར་ལོའི་རྒྱུད། །གསལ་བྱེད་དྲི་མ་མེད་པའི་འོད་ལ་སྦྱངས། །ཚུལ་འདི་×བཀའ་དྲིན་× དང་པོར་རྒྱ་ཆེན་པོའི་མང་དུ་ཐོས་པ་བཙལ་བའི་སྐབས་ཏེ་དང་པོའོ།། །།དེ་ནས་གདུལ་བྱའི་བློ་མུན་སེལ་བའི་མཆོག །འཇམ་པའི་ 2-3-54a དབྱངས་ལ་ཤུགས་དྲག་རྒྱུན་རིང་གི། དད་པ་བརྟན་པོས་གཞུང་ལུགས་གདམས་པ་རུ། །འཆར་ཕྱིར་གསོལ་བཏབ་རྒྱུ་ཚོགས་ཀུན་ལ་འབད། །ཚུལ་འདི་×བཀའ་དྲིན་ཆེའོ་× དེ་ལྟར་འབད་པས་ཀླུ་སྒྲུབ་ཐོགས་མེད་ལས། །རིམ་བཞིན་བརྒྱུད་པའི་བྱང་ཆུབ་ལམ་ རིམ་ལ། །ཐུན་མོང་མིན་པའི་ངེས་པ་རྙེད་གྱུར་ནས། །ཟབ་མོའི་གཞུང་མཆོག་ཕར་ཕྱིན་གདམས་པར་ཤར། །ཚུལ་འདི་×བཀའ་དྲིན་× བྱང་ཕྱོགས་འདི་ན་ཚད་མའི་གཞུང་ལུགས་ལ། །སྦྱངས་དང་མ་སྦྱངས་དུ་མ་མགྲིན་གཅིག་ཏུ། །མདོ་དང་སྡེ་བདུན་ཀུན་ལ་བྱང་ཆུབ་ ཏུ། །བགྲོད་པའི་ཉམས་ལེན་རིམ་པ་ཡོད་མིན་ཟེར། །འཇམ་པའི་དབྱངས་ཀྱིས་ཕྱོགས་ཀྱི་གླང་པོ་ལ། །དངོས་སུ་འདི་རྩོམས་འདི་ནི་མ་འོངས་དུས། །འགྲོ་བ་ཀུན་གྱི་མིག་ཏུ་འགྱུར་རོ་ཞེས། །གསུང་གི་གནང་བ་སྩལ་པའང་ཚད་མར་བྱེད། །དེ་ནི་མི་རིགས་སྨྲ་བའི་ཕུལ་བྱུང་དུ། ། མཐོང་ནས་ལྷག་པར་ཚུལ་དེར་དཔྱད་པ་ན། །ཚད་མ་ཀུན་ལས་བཏུས་པའི་མཆོད་བརྗོད་དོན། །ཚད་མ་གྲུབ་པར་ལུགས་འབྱུང་ལུགས་ལྡོག་གིས། །རྣམ་གྲོལ་དོན་དུ་གཉེར་ལ་བཅོམ་ལྡན་འདས། །ཚད་མར་བསྒྲུབས་ཤིང་དེ་ལས་དེ་ཡི་ནི། །བསྟན་པ་ཁོ་ན་ཐར་འདོད་ འཇུག་ངོགས་སུ། །ངེས་པ་གཏིང་ནས་རྙེད་པས་ཐེག་གཉིས་ཀྱི། །ལམ་གྱི་གནད་ཀུན་འདྲིལ་བར་རིགས་ལམ་ནས། །ལེགས་པར་ཐོན་པས་ལྷག་པར་དགའ་བ་རྙེད། །ཚུལ་འདི་×བཀའ་དྲིན་× དེ་ནས་བྱང་ས་མདོ་སྡེའི་རྒྱན་གཉིས་པོ། །ལེགས་པར་སྦྱར་ཏེ་ཚུལ་བཞིན་རབ་ འབད་པས། །མི་ཕམ་ཆོས་རྗེའི་གཞུང་དང་རྗེས་འབྲང་གི། གཞུང་ཀུན་ཉམས་སུ་ལེན་པའི་གདམས་པར་ཤར། །ཚུལ་འདི་×བཀའ་དྲིན་× ལྷག་པར་ཟབ་ཅིང་རྒྱ་ཆེའི་གསུང་རབ་ཚོགས། །བསྒྲིགས་པའི་གོ་རིམ་ཉིད་ལས་ལམ་གྱི་གནད། །ཀུན་ལ་ངེས་སྟེར་བསླབ་ 2-3-54b པ་ཀུན་བཏུས་ལ། །བརྟེན་ནས་མདོ་སྡེ་ཀུན་ལས་བཏུས་པ་སོགས། །ཀླུ་སྒྲུབ་ལུགས་ཀྱི་གཞུང་མཆོག་དུ་མའི་དོན། །ཉམས་སུ་ལེན་པའི་རིམ་པ་ལེགས་པར་མཐོང༌། །ཚུལ་འདི་×བཀའ་དྲིན་× དེ་ནས་བསམ་གཏན་ཕྱི་མ་རྣམ་སྣང་ནི། །མངོན་པར་བྱང་ཆུབ་སངས་རྒྱས་གསང་བ་ ཡིས། །ལེགས་པར་བཤད་པའི་མན་ངག་ལ་བརྟེན་ནས། །ལམ་གྱི་གནད་ཀུན་ལེགས་པར་གདམས་པར་ཤར། །ཚུལ་འདི་×བཀའ་དྲིན་× དཔལ་ལྡན་དེ་ཉིད་བསྡུས་པའི་ལམ་གྱི་གནད། །ཏིང་འཛིན་གསུམ་གྱིས་བསྡུས་པར་མཐོང་བ་ནི། །ཅུང་ཟད་སླ་ཡང་ ལམ་དེར་ཟམ་མོའི་དོན། །སྒོམ་ཚུལ་རྟོགས་པར་དཀའ་བ་པཎ་ཆེན་ནི། །སངས་རྒྱས་གསང་བས་རྩ་བཤད་ཆ་མཐུན་རྒྱུད། །རྣམ་གསུམ་སྦྱར་ཏེ་ཚུལ་བཞིན་བཤད་པ་དང༌། །རྒྱུད་སྡེ་གསུམ་གྱི་ཟབ་མོའི་ཉམས་ལེན་རྣམས། །སྒོམ་རིམ་ཇི་བཞིན་བཤད་པས་བློ་མུན་ བསལ། །ཚུལ་འདི་×བཀའ་དྲིན་× ཐུབ་པའི་ལེགས་བཤད་ཀུན་གྱི་མཐར་ཐུག་པ། །དཔལ་ལྡན་རྣལ་འབྱོར་བླ་ན་མེད་པའི་རྒྱུད། །དེ་ཡི་ནང་ནས་ཤིན་ཏུ་ཆེས་ཟབ་པ། །དཔལ་ལྡན་གསང་བ་འདུས་པའི་རྒྱུད་རྒྱལ་ལ། །སྨྲ་བའི་དམ་པ་ཀླུ་སྒྲུབ་འདི་སྐད་གསུང༌། །རྩ་ བའི་རྒྱུད་དུ་ལམ་གྱི་གནད་རྣམས་ནི། །མཐར་དྲུག་ཚུལ་བཞིའི་རྒྱུ་ཡིས་བཏབ་སྟེ་གནས། །དེ་ཕྱིར་བཤད་པའི་རྒྱུད་ཀྱི་རྗེས་འབྲངས་ནས། །བླ་མའི་མན་ངག་ལས་ནི་ཤེས་བྱར་གསུངས། །ཚུལ་དེ་གནད་དུ་བཟུང་ནས་མན་ངག་གི། མཐར་ཐུག་མདོར་བྱས་སྤྱོད་བསྡུས་ རྣམ་གཞག་སོགས། །འདུས་པ་འཕགས་པའི་སྐོར་གྱི་ཕྲན་ཀུན་ལ། །རིང་དུ་འདྲེས་པར་བྱས་ཏེ་རྩ་བའི་རྒྱུད། །སྒྲོན་མེ་ལྟ་བུར་གསལ་བར་བྱེད་པ་ལ། །བརྟེན་ནས་བཤད་རྒྱུད་ཆེན་པོ་ལྔ་དང་ནི། །ལེགས་པར་སྦྱར་ལ་འབད་པ་ཆེན་པོས་སྦྱངས། །སྦྱངས་བས་འདུས་ 2-3-55a པའི་རིམ་གཉིས་སྤྱི་དང་ནི། །ཁྱད་པར་རྫོགས་པའི་རིམ་པའི་གནད་ཀུན་རྙེད། །ཚུལ་འདི་×བཀའ་དྲིན་× དེ་ཡི་མཐུ་ལས་བདེ་དགྱེས་དུས་འཁོར་སོགས། །རྒྱུད་སྡེ་མང་པོའི་གནད་དོན་གདམས་པར་ཤར། །དེ་དག་བདག་གིས་གཞན་དུ་བཤད་པས་ན། ། འདིར་ནི་རྣམ་དཔྱོད་ཅན་ལ་སྒོམ་ཙམ་ཞིག །ཚུལ་འདི་×བཀའ་དྲིན་× བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར་བའི་སྐབས་ཏེ་གཉིས་པའོ།། །།དེ་ལྟར་གདམས་པའི་གཏེར་དུ་གྱུར་པ་ན། །ཐེག་ཆེན་གཉིས་ཀྱི་ཐུན་མོང་ལམ་དང་ནི། །ཐུན་མོང་ མིན་པའི་ལམ་གྱི་རིམ་པ་གཉིས། །གནད་བསྡུས་ཚང་བའི་ལམ་ལ་འདྲིས་པར་སྦྱངས། །ཚུལ་འདི་×བཀའ་དྲིན་× རྒྱལ་སྲས་སྨོན་ལམ་གང་གཱའི་ཀླུང་རྣམས་ནི། །དམ་ཆོས་འཛིན་པའི་སྨོན་ལམ་ནང་འདུས་པར། །གསུངས་ཕྱིར་དགེ་རྩ་ཇི་སྙེད་བསགས་པ་ནི། །ཀུན་ ཀྱང་ཐུབ་བསྟན་རྒྱས་པའི་ཆེད་དུ་བསྔོས། །ཚུལ་འདི་×བཀའ་དྲིན་× ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས་པ་དང༌། ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོས་པའི་སྐབས་ཏེ་གསུམ་པའོ།། །།རང་གི་དགེ་བ་རྒྱ་ཆེར་སྤེལ་ཕྱིར་དང༌། །རྣམ་དཔྱོད་ ལྡན་པའི་སྐལ་བཟང་མང་པོ་ལ། །འཇུག་སྒོ་མ་ནོར་ཚུལ་བཞིན་བསྟན་པའི་ཕྱིར། །རང་གི་རྟོགས་པ་བརྗོད་པ་འདི་བྱས་སོ། །དེ་ལས་ཐོབ་པའི་དགེ་བའི་ཚོགས་རྣམས་ཀྱི། །རིམ་པ་འདི་ཡིས་འགྲོ་བ་མ་ལུས་ཀུན། །ཐུབ་པའི་བརྟུལ་ཞུགས་བླ་ན་མེད་བཟུང་ནས། །རྒྱལ་བ་ དགྱེས་པའི་ལམ་ལ་འཇུག་པར་ཤོག །ཅེས་རང་གི་རྟོགས་པ་བརྗོད་པ་མདོ་ཙམ་དུ་བཤད་པ་འདི་ནི་མང་དུ་ཐོས་པའི་དགེ་སློང་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་སྦྱར་བའི་ཡི་གེ་པ་ནི་དཀའ་ 2-3-55b བཞི་པ་རིན་ཆེན་དཔལ་ལོ། །འདིས་ཀྱང་བསྟན་པ་རིན་པོ་ཆེ་ཕྱོགས་ཀུན་ཏུ་རྒྱས་པར་བྱེད་ནུས་པར་གྱུར་ཅིག། ༈ །།ཕུན་ཚོགས་དགེ་ལེགས་བྱེ་བས་བསྐྲུན་པའི་སྐུ། །མཐའ་ཡས་འགྲོ་བའི་རེ་བ་སྐོང་བའི་གསུང༌། །མ་ལུས་ཤེས་བྱ་ཇི་བཞིན་གཟིགས་པའི་ ཐུགས། །ཤཱཀྱའི་གཙོ་བོ་དེ་ལ་མགོས་ཕྱག་འཚལ། །ཟླ་མེད་སྟོན་པ་དེ་ཡི་སྲས་ཀྱི་མཆོག །རྒྱལ་བའི་མཛད་པ་ཀུན་གྱི་ཁུར་བསྣམས་ནས། །གྲངས་མེད་ཞིང་དུ་སྤྲུལ་པས་རྣམ་རོལ་བ། །མི་ཕམ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཤིན་ཏུ་དཔག་པར་དཀའ་བ་ རྒྱལ་བའི་ཡུམ། །ཇི་བཞིན་དགོངས་པ་འགྲེལ་མཛད་འཛམ་གླིང་རྒྱན། །ཀླུ་སྒྲུབ་ཐོགས་མེད་ཅེས་ནི་ས་གསུམ་ན། །ཡོངས་སུ་གྲགས་པའི་ཞབས་ལ་བདག་ཕྱག་འཚལ། །ཤིང་རྟ་ཆེན་པོ་གཉིས་ལས་ལེགས་བརྒྱུད་པའི། །ཟབ་མོའི་ལྟ་བ་རྒྱ་ཆེན་སྤྱོད་པའི་ལམ། །མ་ནོར་ཡོངས་སུ་ རྫོགས་པའི་གནད་བསྡུས་པའི། །གདམས་པའི་མཛོད་འཛིན་མར་མེ་མཛད་ལ་འདུད། །རབ་འབྱམས་གསུང་རབ་ཀུན་ལ་ལྟ་བའི་མིག །སྐལ་བཟང་ཐར་པར་བགྲོད་པའི་འཇུག་ངོགས་མཆོག །བརྩེ་བས་བསྐྱོད་པའི་ཐབས་མཁས་མཛད་པ་ཡིས། །གསལ་མཛད་བཤེས་གཉེན་ རྣམས་ལ་གུས་ཕྱག་འཚལ། །འཛམ་གླིང་མཁས་པ་ཡོངས་ཀྱི་གཙུག་གི་རྒྱན། །སྙན་པའི་བ་དན་འགྲོ་ན་ལྷང་ངེ་བ། །ཀླུ་སྒྲུབ་ཐོབ་མེད་གཉིས་ལས་རིམ་བཞིན་དུ། །ལེགས་བརྒྱུད་བྱང་ཆུབ་ལམ་གྱི་རིམ་པ་ནི། །སྐྱེ་དགུའི་འདོད་དོན་མ་ལུས་སྐོང་བས་ན། །གདམས་ པ་རིན་ཆེན་དབང་གི་རྒྱལ་པོ་སྟེ། །གཞུང་བཟང་སྟོང་གི་ཆུ་བོ་འདུ་བའི་ཕྱིར། །དཔལ་ལྡན་ལེགས་པར་བཤད་པའི་རྒྱ་མཚོའང་ཡིན། །བསྟན་པ་ཐམས་ཅད་འགལ་མེད་རྟོགས་པ་དང༌། །གསུང་རབ་མ་ལུས་གདམས་པར་འཆར་བ་དང༌། །རྒྱལ་བའི་དགོངས་པ་བདེ་བླག་རྙེད་ 2-3-56a པ་དང༌། །ཉེས་སྤྱོད་ཆེན་པོའི་གཡང་ས་ལས་ཀྱང་བསྲུང་། །དེ་ཕྱིར་རྒྱ་བོད་མཁས་པའི་སྐྱེ་བོ་ནི། །སྐལ་ལྡན་དུ་མས་བསྟེན་པའི་གདམས་པ་མཆོག །སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཡིས། །ཡིད་རབ་མི་འཕྲོག་དཔྱོད་ལྡན་སུ་ཞིག་ཡོད། །གསུང་རབ་ཀུན་གྱི་སྙིང་ པོ་བསྡུ་བསྡུ་བ། །ཚུལ་འདི་ཐུན་རེ་སྟོན་དང་ཉན་པས་ཀྱང༌། །དམ་ཆོས་འཆད་དང་ཐོས་པའི་ཕན་ཡོན་ཚོགས། །རླབས་ཆེན་སྡུད་པར་ངེས་པས་དེ་དོན་བསམ། །དེ་ནས་འདི་ཕྱིའི་ལེགས་ཚོགས་ཇི་སྙེད་པའི། །རྟེན་འབྲེལ་ལེགས་པར་འགྲིག་པའི་རྩ་བ་ནི། །ལམ་སྟོན་བཤེས་གཉེན་དམ་ པ་འབད་པ་ཡིས། །བསམ་དང་སྦྱོར་བས་ཚུལ་བཞིན་བསྟེན་པ་རུ། །མཐོང་ནས་སྲོག་གི་ཕྱིར་ཡང་མི་གཏོང་བར། །བཀའ་བཞིན་བསྒྲུབ་པའི་མཆོད་པས་མཉེས་པར་བྱེད། །རྣལ་འབྱོར་ངས་ཀྱང་ཉམས་ལེན་དེ་ལྟར་བགྱིས། །ཐར་འདོད་ཁྱེད་ཀྱང་དེ་བཞིན་བསྐྱང་འཚལ་ལོ། །དལ་ བའི་རྟེན་འདི་ཡིད་བཞིན་ནོར་ལས་ལྷག །འདི་འདྲ་རྙེད་པ་ད་རེས་ཙམ་ཞིག་ཡིན། །རྙེད་དཀའ་འཇིག་སླ་ནམ་མཁའི་གློག་དང་འདྲ། །ཚུལ་འདི་བསམས་ནས་འཇིག་རྟེན་བྱ་བ་ཀུན། །སྦུན་པ་འཕྱར་བ་བཞིན་དུ་རྟོགས་གྱུར་ནས། །ཉིན་མཚན་ཀུན་ཏུ་སྙིང་པོ་ལེན་པ་དགོས། ། རྣལ་འབྱོར་ངས་ཀྱང་ཉམས་ལེན་དེ་ལྟར་བགྱིས། །ཐར་འདོད་ཁྱེད་ཀྱང་དེ་བཞིན་བསྐྱང་འཚལ་ལོ། །ཤི་ནས་ངན་འགྲོར་མི་སྐྱེའི་གདེང་མེད་ཅིང༌། །དེ་ཡི་འཇིགས་སྐྱོབ་དཀོན་མཆོག་གསུམ་དུ་ངེས། །དེ་ཕྱིར་སྐྱབས་འགྲོ་ཤིན་ཏུ་བརྟན་པ་དང༌། །དེ་ཡི་བསླབ་བྱ་ ཉམས་པ་མེད་པར་བྱ། །དེ་ཡང་དཀར་ནག་ལས་འབྲས་ལེགས་བསམས་ནས། །བླང་དོར་ཚུལ་བཞིན་བསྒྲུབ་ལ་རག་ལས་སོ། །རྣལ་འབྱོར་ངས་ཀྱང་×ཐར་འདོད་ཁྱེད་ཀྱང་×ལམ་མཆོག་བསྒྲུབ་ལ་མཚན་ཉིད་ཚང་བའི་རྟེན། །མ་རྙེད་བར་དུ་ས་ཕྱོད་མི་འོང་ 2-3-56b བས། །དེ་ཡི་མ་ཚང་མེད་པའི་རྒྱུ་ལ་བསླབ། །སྒོ་གསུམ་སྡིག་ལྟུང་དྲི་མས་སྦགས་པ་འདི། །ལྷག་པར་ལས་སྒྲིབ་སྦྱོང་བ་གནད་ཆེ་བས། །རྒྱུན་དུ་སྟོབས་བཞི་ཚང་བར་བསྟེན་པ་གཅེས། །རྣལ་འབྱོར་ངས་ཀྱང་×ཐར་འདོད་ཁྱེད་ཀྱང་×སྡུག་བདེན་ཉེས་དམིགས་བསམ་ལ་མ་འབད་ན། ། ཐར་པ་དོན་གཉེར་ཇི་བཞིན་མི་སྐྱེ་ཞིང༌། །ཀུན་འབྱུང་འཁོར་བའི་འཇུག་རིམ་མ་བསམས་ན། །འཁོར་བའི་རྩ་བ་གཅོད་ཚུལ་མི་ཤེས་པས། །སྲིད་ལས་ངེས་འབྱུང་སྐྱོ་ཤས་བརྟན་པ་དང༌། །འཁོར་བར་གང་གིས་བཅིངས་པ་ཤེས་པ་གཅེས། །རྣལ་འབྱོར་ངས་ཀྱང་×ཐར་འདོད་ཁྱེད་ ཀྱང་× སེམས་བསྐྱེད་ཐེག་མཆོག་ལམ་གྱི་གཞུང་ཤིང་སྟེ། །རླབས་ཆེན་སྤྱོད་པ་རྣམས་ཀྱི་གཞི་དང་རྟེན། །ཚོགས་གཉིས་ཀུན་ལ་གསེར་འགྱུར་རྩི་ལྟ་བུ། །རབ་འབྱམས་དགེ་ཚོགས་སྡུད་པའི་བསོད་ནམས་གཏེར། །དེ་ལྟར་ཤེས་ནས་རྒྱལ་སྲས་དཔའ་བོ་རྣམས། །རིན་ཆེན་སེམས་ མཆོག་ཐུགས་དམ་མཐིལ་དུ་འཛིན། །རྣལ་འབྱོར་ངས་ཀྱང་×ཐར་འདོད་ཁྱེད་ཀྱང་×སྦྱིན་པ་འགྲོ་བའི་རེ་སྐོང་ཡིད་བཞིན་ནོར། །སེར་སྣའི་མདུད་པ་གཅོད་པའི་མཚོན་ཆ་མཆོག །མ་ཞུམ་སྙིང་སྟོབས་བསྐྱེད་པའི་རྒྱལ་སྲས་སྤྱོད། །སྙན་པའི་གྲགས་པ་ཕྱོགས་བཅུར་སྒྲོག་པའི་ གཞི། །དེ་ལྟར་ཤེས་ནས་ལུས་དང་ལོངས་སྤྱོད་དགེ། ཡོངས་སུ་གཏོང་བའི་ལམ་བཟང་མཁས་པས་བསྟེན། །རྣལ་འབྱོར་ངས་ཀྱང་×ཐར་འདོད་ཁྱེད་ཀྱང་×།ཚུལ་ཁྲིམས་ཉེས་སྤྱོད་དྲི་མ་འཁྲུད་པའི་ཆུ། །ཉོན་མོངས་ཚ་གདུང་སེལ་བའི་ཟླ་བའི་འོད། །སྐྱེ་དགུའི་དབུས་ན་ལྷུན་ པོ་ལྟ་བུར་བརྗིད། །སྟོབས་ཀྱིས་བསྡིགས་པ་མེད་པར་འགྲོ་ཀུན་འདུད། །དེ་ལྟར་ཤེས་ནས་ཡང་དག་བླངས་པའི་ཁྲིམས། །དམ་པ་རྣམས་ཀྱིས་མིག་བཞིན་བསྲུང་བར་མཛད། །རྣལ་འབྱོར་ངས་ཀྱང་×ཐར་འདོད་ཁྱེད་ཀྱང་×བཟོད་པ་སྟོབས་ལྡན་རྣམས་ལ་རྒྱན་གྱི་མཆོག ། 2-3-57a ཉོན་མོངས་གདུང་བའི་དཀའ་ཐུབ་ཀུན་གྱི་ཕུལ། །ཞེ་སྡང་ལག་འགྲོའི་དགྲ་ལ་ནམ་མཁའ་ལྡིང༌། །ཚིག་རྩུབ་མཚོན་ལ་སྲ་བའི་གོ་ཆ་ཡིན། །དེ་ལྟར་ཤེས་ནས་བཟོད་མཆོག་གོ་ཆ་ལ། །རྣམ་པ་སྣ་ཚོགས་ཚུལ་གྱིས་གོམས་པར་མཛད། །རྣལ་འབྱོར་ངས་× ཐར་འདོད་ཁྱེད་ཀྱང་×མི་ལྡོག་བརྟན་པའི་བརྩོན་འགྲུས་གོ་བགོས་ན། །ལུང་རྟོགས་ཡོན་ཏན་ཡར་ངོའི་ཟླ་བཞིན་འཕེལ། །སྤྱོད་ལམ་ཐམས་ཅད་དོན་དང་ལྡན་པར་འགྱུར། །གང་བརྩམས་ལས་ཀྱི་མཐའ་རྣམས་ཡིད་བཞིན་འགྲུབ། །དེ་ལྟར་ཤེས་ནས་ལེ་ལོ་ཀུན་སེལ་ བའི། །རླབས་ཆེན་བརྩོན་འགྲུས་རྒྱལ་སྲས་རྣམས་ཀྱིས་བརྩམས། །རྣལ་འབྱོར་ངས་ཀྱང་×ཐར་འདོད་ཁྱེད་ཀྱང་×བསམ་གཏན་སེམས་ལ་དབང་བསྒྱུར་རྒྱལ་པོ་སྟེ། །བཞག་ན་གཡོ་མེད་རི་ཡི་དབང་པོ་བཞིན། །བཏང་ན་དགེ་བའི་དམིགས་པ་ཀུན་ལ་འཇུག །ལུས་ སེམས་ལས་སུ་རུང་བའི་བདེ་ཆེན་འདྲེན། །དེ་ལྟར་ཤེས་ནས་རྣལ་འབྱོར་དབང་པོ་རྣམས། །རྣམ་གཡེང་དགྲ་འཇོམས་ཏིང་འཛིན་རྒྱུན་དུ་བསྟེན། །རྣལ་འབྱོར་ངས་ཀྱང་×ཐར་འདོད་ཁྱེད་ཀྱང་×ཤེས་རབ་ཟབ་མོའི་དེ་ཉིད་ལྟ་བའི་མིག །སྲིད་པའི་རྩ་བ་དྲུངས་ནས་འབྱིན་ པའི་ལམ། །གསུང་རབ་ཀུན་ལས་བསྔགས་པའི་ཡོན་ཏན་གཏེར། །གཏི་མུག་མུན་སེལ་སྒྲོན་མེའི་མཆོག་ཏུ་གྲགས། །དེ་ལྟར་ཤེས་ནས་ཐར་འདོད་མཁས་པ་ཡིས། །ལམ་དེ་འབད་པ་དུ་མས་བསྐྱེད་པར་མཛད། །རྣལ་འབྱོར་ངས་ཀྱང་×ཐར་འདོད་ཁྱེད་ཀྱང་×རྩེ་གཅིག་ བསམ་གཏན་ཙམ་ལ་འཁོར་བ་ཡི། །རྩ་བ་གཅོད་པའི་ནུས་པ་མ་མཐོང་ཞིང༌། །ཞི་གནས་ལམ་དང་བྲལ་བའི་ཤེས་རབ་ཀྱིས། །ཇི་ཙམ་དཔྱད་ཀྱང་ཉོན་མོངས་མི་ལྡོག་པས། །ཡིན་ལུགས་ཕུ་ཐག་ཆོད་པའི་ཤེས་རབ་དེ། །གཡོ་མེད་ཞི་གནས་རྟ་ལ་བསྐྱོན་ནས་ནི། །མཐའ་ 2-3-57b བྲལ་དབུ་མའི་རིགས་པའི་མཚོན་རྣོན་གྱིས། །མཐར་འཛིན་དམིགས་གཏད་ཐམས་ཅད་འཇིག་བྱེད་པའི། །ཚུལ་བཞིན་དཔྱོད་པའི་ཡངས་པའི་ཤེས་རབ་ཀྱིས། །དེ་ཉིད་རྟོགས་པའི་བློ་གྲོས་རྒྱས་པར་མཛད། །རྣལ་འབྱོར་ངས་ཀྱང་×ཐར་འདོད་ཁྱེད་ཀྱང་×རྩེ་གཅིག་གོམས་ པས་ཏིང་འཛིན་འགྲུབ་པ་ནི། །སྨོས་པར་ཅི་འཚལ་ཚུལ་བཞིན་དཔྱོད་པ་ཡི། །སོ་སོར་རྟོག་པ་ཡིས་ཀྱང་ཡིན་ལུགས་ལ། །གཡོ་མེད་ཤིན་ཏུ་བརྟན་པར་གནས་པ་ཡི། །ཏིང་འཛིན་བསྐྱེད་པར་མཐོང་ནས་ཞི་ལྷག་གཉིས། །ཟུང་འབྲེལ་སྒྲུབ་ལ་བརྩོན་རྣམས་ཡ་མཚན་ནོ། །རྣལ་ འབྱོར་ངས་ཀྱང་×ཐར་འདོད་ཁྱེད་ཀྱང་×མཉམ་གཞག་ནམ་མཁའ་ལྟ་བུའི་སྟོང་ཉིད་དང༌། །རྗེས་ཐོབ་སྒྱུ་མ་ལྟ་བུའི་སྟོང་པ་གཉིས། །བསྒོམས་ནས་ཐབས་ཤེས་ཟུང་དུ་འབྲེལ་བ་ཡིས། །རྒྱལ་སྲས་སྤྱོད་པའི་ཕ་རོལ་འགྲོ་བར་བསྔགས། །དེ་ལྟར་རྟོགས་ནས་ཕྱོགས་རེའི་ལམ་ གྱིས་ནི། །ཚིམ་པ་མེད་པ་སྐལ་བཟང་རྣམས་ཀྱི་ལུགས། །རྣལ་འབྱོར་ངས་ཀྱང་×ཐར་འདོད་ཁྱེད་ཀྱང་× དེ་ལྟར་རྒྱུ་དང་འབྲས་བུའི་ཐེག་ཆེན་གྱི། །ལམ་མཆོག་གཉིས་ཀར་དགོས་པའི་ཐུན་མོང་ལམ། །ཇི་བཞིན་བསྐྱེད་ནས་མཁས་པའི་དེད་དཔོན་གྱི། །མགོན་ལ་བརྟེན་ ནས་རྒྱུད་སྡེའི་རྒྱ་མཚོ་ཆེར། །ཞུགས་ནས་ཡོངས་རྫོགས་མན་ངག་བརྟེན་པ་དེས། །དལ་འབྱོར་ཐོབ་པ་དོན་དང་ལྡན་པར་བྱས། །རྣལ་འབྱོར་ངས་ཀྱང་ཉམས་ལེན་དེ་ལྟར་བགྱིས། །ཐར་འདོད་ཁྱེད་ཀྱང་དེ་བཞིན་བསྐྱང་འཚལ་ལོ། །རང་གི་ཡིད་ལ་གོམས་པར་བྱ་ཕྱིར་དང༌། ། སྐལ་བཟང་གཞན་ལའང་ཕན་པར་བྱ་བའི་ཕྱིར། །རྒྱལ་བ་དགྱེས་པའི་ཡོངས་སུ་རྫོགས་པའི་ལམ། །གོ་སླའི་ངག་གིས་བཤད་པའི་དགེ་བ་དེས། །འགྲོ་བ་ཀུན་ཀྱང་རྣམ་དག་ལམ་བཟང་དང༌། །འབྲལ་མེད་གྱུར་ཅིག་ཅེས་ནི་སྨོན་ལམ་འདེབས། །རྣལ་འབྱོར་ངས་ཀྱང་ 2-3-58a སྨོན་ལམ་དེ་ལྟར་བཏབ། །ཐར་འདོད་ཁྱེད་ཀྱང་དེ་བཞིན་འདེབས་འཚལ་ལོ། །ཞེས་བྱང་ཆུབ་ལམ་གྱི་རིམ་པའི་ཉམས་ལེན་གྱི་རྣམ་གཞག་མདོར་བསྡུས་ཏེ་བརྗེད་བྱང་དུ་བྱས་པ་འདི་ནི། མང་དུ་ཐོས་པའི་དགེ་སློང་སྤོང་བ་པ་བློ་བཟང་གྲགས་པའི་དཔལ་ གྱིས། འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་སྦྱར་བའོ།། ༈ །།ཨོཾ་བདེ་ལེགས་སུ་གྱུར་ཅིག །བླ་ན་མེད་པའི་རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བ་ཞེས་བྱ་བ། རྗེ་བཙུན་བླ་མ་འཇམ་པའི་དབྱངས་ཀྱི་ཞབས་ཀྱི་པདྨོ་ལ་གུས་པས་སྐྱབས་སུ་མཆིའོ། ། རབ་བརྟེན་དད་པས་རྒྱལ་བའི་རྗེས་འཇུག་ཅིང༌། །མངོན་པར་སྦྱོར་བ་མི་དམན་རྣམ་དཔྱོད་ཀྱིས། །ཐུབ་པའི་གསུང་ལས་སྙིང་པོ་ལེན་འདོད་ལ། །རིན་ཆེན་གཏམ་གྱི་སྦྱོར་བ་སྒྲོག་འདོད་པས། །གང་གི་ཐུགས་རྗེའི་གཟེགས་མའི་ཆ་ཤས་ཙམ། །ཡིད་ལ་ཞུགས་པ་ཡིས་ ཀྱང་རྩོལ་མེད་པར། །ཚིག་གི་མཆོག་སྦྱིན་སྟེར་མཛད་འཇམ་པའི་དབྱངས། །དེ་ལ་འདུད་དོ་རེ་བ་འབྲས་ལྡན་མཛོད། །སྲིད་པའི་ཕུན་ཚོགས་གཡོ་བ་གློག་གི་གར། །ལང་ཚོ་མི་སྡོད་རྒྱུག་པའི་རི་གཟར་ཆུ། །དེ་ལྟར་རྟོགས་ནས་བློ་གྲོས་ཆེན་པོ་འགས། །བདག་གིས་ རིག་གནས་གང་ལ་སྦྱངས་སྙམ་ན། །རིགས་ལམ་ཕྲ་མོ་ཕྱེད་པའི་རྣམ་དཔྱོད་དང༌། །གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་དང༌། །ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ། །ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང༌། །འདི་ནི་ཤིན་ཏུ་དཀོན་ཞིང་ འདོད་པ་འཇོ། །རྨད་དུ་བྱུང་བའི་དགའ་བ་རྒྱས་བྱེད་པས། །རིན་པོ་ཆེ་ཞེས་མཁས་པ་རྣམས་ལ་གྲགས། །མཁས་པའི་ཡིད་འཕྲོག་རིན་ཆེན་གཞན་ཡོད་མིན། །སྨྲ་བའི་ཁྱུ་མཆོག་འཕགས་པ་ཡབ་སྲས་དང༌། །ལོག་སྨྲ་ཚར་གཅོད་ཕྱོགས་གླང་གྲགས་པ་ལས། །ལེགས་ 2-3-58b པར་འོངས་པའི་རིགས་ལམ་བདུད་རྩིའི་ཆུས། །བློ་མིག་དྲི་མ་ཡང་ཡང་མ་བཀྲུས་ན། །ཤིན་ཏུ་ཟབ་གནས་མཐོང་བ་སྨོས་ཅི་དགོས། །རིགས་པའི་ལུང་དོན་ལ་ཡང་དཔྱོད་པ་ན། །ཕལ་ཆེར་ལོག་པར་རྟོག་པ་འཕེལ་འགྱུར་ཞིང༌། །གལ་ཏེ་ཡང་དག་དམ་བཅའ་ཙམ་ཞིག་གིས། ། ངེས་པ་རྙེད་ཀྱང་སྒྲུབ་དང་སུན་འབྱིན་གྱི། །ཚད་མའི་སྟོབས་ཀྱིས་ཐེ་ཚོམ་མ་ཆོད་ཕྱིར། །འདམ་ལ་བཏབ་པའི་ཕུར་པ་བཞིན་འགྱུར་བས། །ཡང་དག་བག་ཆགས་བརྟན་པོ་འཇོག་མི་ནུས། །འདི་ན་རིགས་གཞུང་གཉིས་ལ་རབ་སྦྱངས་ཀྱང༌། །ཤར་དུ་འགྲོ་འདོད་ནུབ་ཏུ་བགྲོད་ པ་དང༌། །ཟླ་འོད་ཕོག་པས་ཡི་དྭགས་བསྲེག་པ་བཞིན། །རིགས་གཞུང་ཉིད་ལ་བརྟེན་པའི་ལོག་རྟོག་གིས། །བློ་མིག་ཡང་དང་ཡང་དུ་བསླད་པའི་མཐུས། །འདི་ཕྱིའི་དགེ་ལེགས་ཀུན་འཇོམས་ཡུན་རིང་དུ། །ཡང་དག་ལྟ་ལས་ཕྱིར་ཕྱོགས་འགྱུར་བའི་རྒྱུ། །ཆེས་ཆེར་ བརྟན་པོ་གསོག་པ་མང་དུ་སྣང༌། །དེ་ཕྱིར་བློ་གྲོས་ཕྲ་ཞིང་མཛངས་པ་དང༌། །ཀུ་ཤའི་རྩེ་ལྟར་མ་གྱུར་དེ་སྲིད་དུ། །ངོམས་མི་སླ་བར་རིགས་པའི་གཞུང་ལུགས་ལ། །མཁས་པའི་བཤེས་ལ་བསྟེན་ཏེ་ལེགས་པར་སྦྱངས། །དེ་ལྟར་བློ་གྲོས་མིག་ནི་བྱེ་བ་དེས། །རྒྱལ་བས་ཐེག་ པ་མཆོག་གི་ཟབ་མོའི་དོན། །རྣམ་རིག་ཙམ་དང་ངོ་བོ་ཉིད་མེད་ཚུལ། །རྣམ་གཉིས་གསུངས་པའི་དགོངས་པ་རྙེད་པར་འགྱུར། །དེ་ནས་མི་ཕམ་ཆོས་རྗེ་ཀླུ་སྒྲུབ་དང༌། །ཐོགས་མེད་མཆེད་ལ་སོགས་པའི་ཤིང་རྟའི་སྲོལ། །དྲི་མེད་གཞུང་མང་རྣམས་ལ་སྦྱངས་པ་ན། །རྒྱ་ཆེའི་ གཏམ་གྱིས་དང་པོའི་ལས་ཅན་རྣམས། །ད་ལྟ་ཉིད་ནས་སངས་རྒྱས་ས་ཡི་བར། །ལེགས་པར་འཁྲིད་པའི་ཟབ་མོའི་གདམས་པ་ལ། །ནང་བྱིན་ཚུད་པས་བཀའ་དང་དགོངས་འགྲེལ་ཀུན། །གདམས་པའི་མཆོག་ཏུ་ཤར་ལ་མཁས་པ་ཟེར། །ལྷག་མ་ནེ་ཙོའི་འདོན་པ་ལྟ་བུ་དང༌། 2-3-59a ཆུ་མེད་ཁྲོན་པ་རི་མོའི་མར་མེ་བཞིན། །ཅི་ཕྱིར་ཞེ་ན་མཁས་པའི་མཆོག་རྣམས་ཀྱིས། །གཞུང་རྣམས་ཉམས་ལེན་ཤེས་ཕྱིར་བརྩམས་ཕྱིར་རོ། །ཀྱེ་མའོ་སྐྱེ་དགུའི་དོན་གཉིས་འགྲུབ་པ་ནི། །རྣམ་དག་གཞུང་ལུགས་དག་ལ་མ་བརྟེན་མིན། །དེ་ལ་ བརྟེན་པའང་སྒྲ་ཙམ་ལྷུར་ལེན་པས། །འདས་པར་བྱས་ནས་དེ་ལས་བསླུས་པ་གང༌། །ཆུས་ཁྱེར་འགའ་ཞིག་སྐོམ་པས་ཤི་བ་བཞིན། །མང་དུ་ཐོས་ཀྱང་ཆོས་ཀྱི་ཕོངས་པ་ནི། །གཞུང་ལུགས་གདམས་པར་ཤར་བ་མེད་པས་ནོངས། །དེ་ཕྱིར་གང་བསླབས་གདམས་པར་ཤར་ བ་གཅེས། །དེ་ལྟར་དོན་གྱི་གནད་རྣམས་མ་འཕྱུགས་ན། །ཚིག་སྦྱོར་དམན་ན་ཉེས་པ་ཆུང་མོད་ཀྱང༌། །རྒྱལ་བ་ཉིད་ཀྱིས་གསུང་རབ་བསྔགས་པ་ན། །དོན་བཟང་བ་དང་ཚིག་འབྲུ་བཟང་པོ་ཞེས། །གསུངས་ཤིང་ཤིན་ཏུ་དཀར་བའི་ཁང་བཟང་ལའང༌། །བསིལ་ཟེར་བྱེད་པའི་འོད་ ཀྱིས་བྱུགས་པ་བཞིན། །དོན་བཟང་བ་ལའང་ཡིད་འཕྲོག་ཚིག་སྦྱོར་གྱིས། །སྤྲས་པར་གྱུར་ན་ཆེས་ཆེར་མཛེས་པར་འགྱུར། །དམར་སེར་ཅན་དང་རྒྱལ་བའི་ལྷས་བཀོད་པ། །པྲྀཏྟ་དང་ནི་ཛཱ་ཏི་ཞེས་བྱ་བའི། །སྡེབ་སྦྱོར་ཇི་བཞིན་བོད་སྐད་ལ་མེད་ཀྱང༌། །ཚིགས་བཅད་ལྷུག་པ་གཉིས་ ཀ་སྤེལ་བའི་ལུས། །དོན་དང་ཚིག་གི་རྒྱན་ལ་སོགས་པ་ཡི། །མཛེས་བྱེད་རྒྱན་གྱིས་སྤུད་པའི་ཚིག་སྦྱོར་ཚུལ། །སྙན་དངགས་གཞུང་བཞིན་ལེགས་པར་སྦྱར་བ་ན། །བློ་གསལ་རྣམས་ལ་དགའ་བ་རྒྱས་པར་བྱེད། །དེ་ལྟར་རིན་ཆེན་རྣམ་པ་གསུམ་གའི་ཡང༌། །རྩ་བ་དམ་པ་ཐེག་ མཆོག་དགེ་བའི་བཤེས། །འདིས་མ་ཟིན་ན་སྐྱེ་བ་དུ་མར་ཡང༌། །དལ་བརྒྱས་འབད་ཀྱང་རྟོགས་པར་མི་འགྱུར་བ། །བཤེས་དེས་ཟིན་ན་ཚེ་གཅིག་ཉིད་ལ་ཡང༌། །བདེ་བླག་ཉིད་དུ་ངེས་པ་སྟེར་བའི་ཕྱིར། །ཚེ་རབས་ཀུན་ཏུ་བཤེས་གཉེན་དམ་པ་ཡིས། །རྗེས་སུ་འཛིན་དང་ཟིན་པའི་ 2-3-59b ཐབས་ལ་འབད། །ཐར་འདོད་བློ་གྲོས་ཅན་གྱི་འཇུག་ངོགས་མཆོག །རིན་ཆེན་གཏམ་གྱི་སྦྱོར་བ་འདིར་འབད་ལས། །བྱུང་བའི་བསོད་ནམས་དེ་ཡིས་འགྲོ་བ་ཀུན། །བཤེས་གཉེན་དམ་པའི་མགོན་དང་འབྲལ་མེད་ཤོག །དེ་སྟེན་པ་ལས་བློ་མིག་དག་གྱུར་ཏེ། །རྒྱལ་བའི་ ལུགས་བཟང་ཇི་བཞིན་རྟོགས་པ་དང༌། །རྟོགས་མ་ཐག་ཏུ་ཉམས་སུ་ལེན་པ་དང༌། །དེ་ལྟར་སྒྲུབ་ལ་བར་ཆད་མེད་པར་ཤོག །མ་རྟོགས་འགྲོ་ལ་བརྩེ་བས་ཐོག་མར་ནི། །ཟང་ཟིང་སྦྱོར་བས་དགའ་བར་བྱས་པའི་མཐར། །དོན་བཟང་ཚིག་ལེགས་སྙན་པར་སྨྲ་བ་ཡིས། །བསྐུལ་ བས་བཟང་པོའི་སྤྱོད་ལ་འགོད་པར་ཤོག །ཅེས་བླ་ན་མེད་པའི་རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བ་ཞེས་བྱ་བ་མང་དུ་ཐོས་པའི་དགེ་སློང་སྤོང་བ་པ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་སྦྱར་བའི་ཡི་གེ་པ་ནི་ དཀའ་བཞི་པ་རིན་ཆེན་དཔལ་ལོ། །འདིས་ཀྱང་བསྟན་པ་རིན་པོ་ཆེ་ཕྱོགས་ཀུན་ནས་རྒྱས་པར་བྱེད་ནུས་པར་གྱུར་ཅིག །ཆོས་ཀྱི་རྗེ་སངས་རྒྱས་བཅོམ་ལྡན་འདས་རྒྱལ་བ་ཐུགས་རྗེ་ཆེན་པོ་དང་ལྡན་པས་གདུལ་བྱ་ཕན་བདེ་ལ་སྦྱོར་བའི་རིམ་པ་ནི་འདི་ཡིན་ཏེ། དང་པོར་ ནི་མངོན་པར་མཐོ་བའི་བདེ་བ་དང༌། ཕྱིས་ནི་ངེས་པར་ལེགས་པའི་བདེ་བ་ལ་འགོད་པའོ། །འདི་ཙམ་གྱིས་ནི་སྐྱེས་བུའི་གནས་སྐབས་དང༌། མཐར་ཐུག་གི་འདོད་པ་ཐམས་ཅད་ཡོངས་སུ་རྫོགས་པའི་ཕྱིར་དོན་དུ་གཉེར་བར་བྱ་བ་ནི་འདི་དག་ཏུ་ཡོངས་སུ་ཚང་བར་ལྟ་བར་བྱ་སྟེ། ལྷག་པ་དང་མ་ ཚང་བ་མེད་པའོ། །དེའི་ཕྱིར་ཅི་ཙམ་བཤད་ཀྱང་རན་པ། གང་ནས་བཤད་ཀྱང་འབྲེལ་པ་ཆ་ཤས་ཕྲ་མོ་རེས་ཀྱང་སྐྱེ་དགུ་རྣམས་ལ་འཕྲལ་དང་ཡུན་དུ་བདེ་བ་ཚད་མེད་པ་སྟེར་བའི་གདམས་པ་དང་རྗེས་སུ་བསྟན་པ་ཇི་སྙེད་ཅིག་བཀའ་སྩལ་པ་ཐམས་ཅད་ཀྱང་མངོན་པར་མཐོ་བ་དང་ངེས་པར་ 2-3-60a ལེགས་པ་ལས་བརྩམས་པ་ཤ་སྟག་སྟེ། དེ་ལ་ནི་རིམ་པ་བཞིན་དུ་གསལ་བའི་གཏམ་དང་ཟབ་པའི་གཏམ་ཞེས་ཀྱང་གྲགས་སོ། །དེ་ལ་མངོན་པར་མཐོ་བ་ནི་ལུས་དང་ལོངས་སྤྱོད་ཕུན་སུམ་ཚོགས་པའོ། །ངེས་པར་ལེགས་པ་ནི་མྱ་ངན་ལས་འདས་པའོ། ། འདི་གཉིས་བསྒྲུབ་པའི་རྗེས་སུ་མཐུན་པའི་ཐབས་ཀྱང་མདོར་ན་གཉིས་ཏེ། ལས་དང་འབྲས་བུ་ལ་ཡིད་ཆེས་པའི་དད་པ་དང༌། དེ་ཁོ་ན་ཉིད་ཀྱི་དོན་རིག་པའི་ཤེས་རབ་བོ། །འདི་གཉིས་ལ་ཡང་སྲིད་པའི་རྩ་བ་གཅོད་པར་ནུས་པའི་ཕྱིར་ཤེས་རབ་ནི་གཙོ་བོ་དང༌། དད་པ་ནི་ཕལ་པའོ། ། འོན་ཀྱང་དད་པ་སྔོན་དུ་འགྲོ་བ་ཅན་གྱི་ཤེས་རབ་སྐྱེད་པར་བྱེད་ཀྱི། དད་པ་ནི་སྲིད་པའི་འབྲས་བུ་ཅན་ནོ། །ཤེས་རབ་ནི་ཐར་པའི་འབྲས་བུ་ཅན་ཡིན་པའི་ཕྱིར་སྙམ་དུ་བསམས་ནས་དད་པ་ལ་རྩིས་མེད་པར་བྱས་ཏེ། ཤེས་རབ་ནས་འཇུག་པར་བྱའོ་ཞེས་པ་སྐྱེ་བོ་བླུན་པོ་དགེ་བའི་བཤེས་ གཉེན་གྱི་དམིགས་བུ་དང་བྲལ་བ། མང་དུ་ཐོས་པའི་དོན་ཚུལ་བཞིན་དུ་དཔྱོད་པའི་རིགས་པའི་ནོར་གྱིས་དབུལ་བ། འགྲོན་པོ་ཕྱོགས་བསླད་པ་ལྟར་ལམ་དང་ལམ་མ་ཡིན་པ་རྣམ་པར་འབྱེད་པའི་བློ་ཡི་ནུས་པ་དང་བྲལ་བ་རྣམས་ཀྱི་འཇུག་ངོགས་སུ་ནི་ནམ་ཡང་འགྲོ་ བར་མི་བྱའོ། །འདི་ལ་གཏན་ཚིགས་བསྟན་པ། སྲིད་པ་དུ་མར་གོམས་པ་ལས། །རྙེད་པར་འགྱུར་བའི་ཐར་པ་ནི། །བདེ་འགྲོ་ལས་ཡིན་དེ་ཡང་ནི། །ཡང་དག་ལྟ་བས་དྲངས་པ་ཡི། །ལུས་ངག་ཡིད་ཀྱི་རྩོམ་པ་རྣམས། །ཁ་ན་མ་ཐོ་དང་བྲལ་བའི། །ལེགས་པར་སྤྱད་པའི་ལས་ རྣམས་ལ། །རྟག་ཏུ་འཇུག་ལས་ཐོབ་ཕྱིར་དང༌། །སྲིད་པར་འགྲོ་བའི་རིམ་པ་རྣམས། །ཇི་བཞིན་རྟོགས་པར་གྱུར་པ་ཡིས། །ཇི་སྲིད་ཡིད་སྐྱོ་མ་གྱུར་པ། །དེ་སྲིད་ཞི་གུས་ག་ལ་ཡོད། །འདི་ནི་རྒྱུ་མཚན་གཙོ་བོ་སྟེ། །མཁས་པས་འདི་ལ་དཔགས་ནས་ནི། །རིམ་པ་འདི་ལས་ 2-3-60b མི་འདའ་བའི། །རྒྱུ་མཚན་གཞན་ཡང་ཤེས་པར་བྱ། །ཞེས་པ་འདི་ཤཱཀྱའི་དགེ་སློང་བློ་བཟང་གྲགས་པའི་དཔལ་གྱིས་སྦྱར་བའོ།། ༈ །།ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། །འཇིག་རྟེན་མིག་གྱུར་དཔའ་བོ་སྨྲ་བའི་མཆོག །རྣམ་གྲོལ་གླིང་སྐྱེས་སྔོན་མེད་དེད་དཔོན་མཆོག ། རྟག་ཏུ་ཕན་པ་ཉིད་གསུང་བརྩེ་བའི་བདག །སྟོན་པ་བླ་མེད་དེ་ལ་སྐྱབས་སུ་མཆི། །ཐུབ་དབང་མཛད་པ་རྨད་བྱུང་འགྲོ་ལ་སྒྲུབ། །རྒྱལ་བའི་ཆོས་ཀྱི་མཛོད་ལ་དབང་བསྒྱུར་བ། །རྒྱལ་ཚབ་མི་ཕམ་པ་ཞེས་གྲགས་པ་དེས། །སྲིད་མཐའི་བར་དུ་རྗེས་སུ་འཛིན་གྱུར་ཅིག །བརྩེ་ལྡན་དེ་ ཡིས་ལྷ་མིའི་སྟོན་པ་ལ། །ཡོངས་སུ་ཞུས་པའི་ལྷག་བསམ་བསྐུལ་བའི་མདོ། །དང་པོའི་ལས་ཅན་བཀྲི་བའི་གནད་ཀྱི་གནས། །གསལ་བར་སྟོན་པའི་ཉམས་སུ་ལེན་ཚུལ་བཤད། །གང་ཞིག་ཉེས་པ་ཀུན་གྱི་གཞིར་གྱུར་པའི། །ཁྱིམ་ན་གནས་པ་སྤངས་ནས་མངོན་བྱུང་བ། ། ཤེས་རབ་སྟོབས་ཀྱིས་ཉོན་མོངས་གཞོམ་འདོད་དེས། །ཐོག་མ་ཉིད་དུ་འདི་ལྟར་བརྟག་པར་བྱ། །བྱང་ཆུབ་ཡན་ལག་ཡོངས་སུ་ཉམས་པའི་རྒྱུ། །རྙེད་དང་བཀུར་སྟི་འདུ་འཛི་གཉིད་དང་རྨུགས། །སྨྲ་དང་ལས་དང་སྤྲོས་ལ་དགའ་བ་ཡི། །ཉེས་དམིགས་ལེགས་པར་བརྟགས་ ལ་སུན་དབྱུང་བྱ། །འདོད་ཆུང་གཅིག་པུར་གནས་དང་མི་ཉལ་བརྩོན། །དོན་སེམས་ལས་བཟང་བསྒྲུབ་དང་བྱམས་ལ་གནས། །དེ་དག་ཕན་ཡོན་ཐུབ་པས་བསྔགས་པ་ལ། །ཡང་ཡང་འདྲིས་པར་བྱས་ཏེ་སྤྲོ་བ་བསྐྱེད། །བཀུར་སྟི་རྙེད་ལ་སྲེད་སོགས་དེ་དག་ཀྱང༌། །སྔོན་ བྱས་ལས་ཀྱི་སྒྲིབ་པས་བསྐྱེད་པས་ན། །བཤགས་ཤིང་མི་བྱེད་ཡི་དམ་བརྟེན་པོ་བྱ། །བདག་ཉིད་མི་ཉམས་ཐབས་ལ་རབ་ཏུ་འབད། །ཕན་བདེའི་རྩ་བ་གཅོད་པའི་མི་བཟད་ལས། །ཆོས་སྨྲ་ཆོས་ལ་འཁྲུགས་ནས་སུན་འབྱིན་པ། །སྲོག་གི་ཕྱིར་ཡང་ནམ་ཡང་མི་ 2-3-61a བྱེད་པའི། །ཡི་དམ་བརྟན་པོ་ལྷག་པར་བསྟེན་པར་བྱ། །རྒྱལ་བའི་དགོངས་པ་ཤིན་ཏུ་ཟབ། །ཚུལ་དེར་བློ་ཆུང་བདག་འདྲ་ཡིས། །སྤོབས་པར་གྱུར་པ་མི་རིགས་མོད། །ཐུབ་དབང་ཉིད་ལ་བརྟེན་ནས་སོ། །ལྷག་བསམ་བསྐུལ་བ་ལྷག་བསམ་དག་པ་ཅན། ། བློ་བཟང་གྲགས་པའི་བློ་ཡིས་ལེགས་བརྟགས་ནས། །གདུལ་དཀའི་སེམས་གདུལ་བྱ་ཕྱིར་བཤད་པ་འདིས། །སྟོན་པའི་ལུགས་བཟང་སྟོན་པའི་མཆོག་གྱུར་ཅིག།། ༈ །།ཨོཾ་བདེ་ལེགས་སུ་གྱུར་ཅིག །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །གང་ལ་ བརྟེན་ན་བདེ་བླག་ཏུ། །ཐར་པའི་གྲོང་དུ་བགྲོད་པའི་ཐབས། །བདེ་གཤེགས་བསྟན་པའི་སྙིང་པོ་མཆོག །སོ་སོར་ཐར་ཅེས་གྲགས་པ་གང༌། །ངོ་བོ་དང་ནི་རབ་དབྱེ་དང༌། །སོ་སོའི་ངོས་འཛིན་སྐྱེ་བའི་རྟེན། །གཏོང་བའི་རྒྱུ་དང་ཕན་ཡོན་ཏེ། །རྣམ་པ་དྲུག་གིས་ཇི་བཞིན་བཤད། ། ངེས་འབྱུང་བསམ་པས་རྒྱུ་བྱས་ནས། །གཞན་གནོད་གཞི་དང་བཅས་པ་ལས། །ལྡོག་པ་དེ་ཡང་ལུས་ངག་ལས། །གཟུགས་ཅན་ཡིན་ཞེས་འདོད་པ་དང༌། །སྤོང་བའི་སེམས་པ་རྒྱུན་ཆགས་པ། །ས་བོན་དང་བཅས་ཡིན་ནོ་ཞེས། །འདོད་པའི་ཚུལ་ནི་རྣམ་པ་གཉིས། །རང་ གི་སྡེ་པ་གོང་འོག་སྨྲ། །བསྙེན་གནས་དགེ་བསྙེན་ཕ་མ་དང༌། །དགེ་ཚུལ་ཕ་མ་དགེ་སློབ་མ། །དགེ་སློང་མ་དང་དགེ་སློང་སྟེ། །སོ་སོར་ཐར་པ་རིགས་བརྒྱད་དོ། །ཁྱིམ་པའི་སྡོམ་པ་དང་པོ་གསུམ། །རབ་བྱུང་སྡོམ་པ་ཐ་མ་ལྔ། །རྩ་བ་བཞི་དང་ཡན་ལག་བཞི། །བརྒྱད་སྤོང་ བསྙེན་གནས་སྡོམ་པའོ། །མི་ཚངས་སྤྱོད་དང་མ་བྱིན་ལེན། །སྲོག་གཅོད་རྫུན་དུ་སྨྲ་བ་རྣམས། །རྩ་བ་བཞི་ཡིན་མལ་ཆེ་མཐོ། །ཆང་འཐུང་གར་སོགས་ཕྲེང་སོགས་དང༌། །ཕྱི་དྲོའི་ཁ་ཟས་ཡན་ལག་བཞི། །གསོད་རྐུ་སྨྲ་དང་ལོག་པར་གཡེམ། །མྱོས་འགྱུར་འཐུང་བ་ལྔ་ 2-3-61b སྤོང་བ། །དགེ་བསྙེན་གྱི་ནི་སྡོམ་པའོ། །སྣ་གཅིག་སྣ་འགའ་ཕལ་ཆེར་སྤྱོད། །ཡོངས་རྫོགས་སྤྱོད་དང་ཚངས་སྤྱོད་དང༌། །སྐྱབས་འགྲོའི་དགེ་བསྙེན་རྣམ་པ་དྲུག །རྩ་བ་བཞི་ལས་གཅིག་གཉིས་གསུམ། །འདོད་ལོག་མི་ཚངས་སྤྱོད་སྤོང་དང༌། །སྐྱབས་འགྲོ་ཙམ་གྱི་དགེ་ བསྙེན་དུ། །ཁས་ལེན་རྣམས་དང་གོ་རིམ་བཞིན། །རྩ་བ་བཞི་དང་ཡན་ལག་དྲུག །བཅུ་སྤོང་དགེ་ཚུལ་སྡོམ་པའོ། །གར་སོགས་ཕྲེང་སོགས་རྣམ་གཉིས་དང༌། །གསེར་དངུལ་ལེན་དང་རྣམ་པ་གསུམ། །ཕྱེ་བས་ཡན་ལག་དྲུག་ཏུ་འགྱུར། །མཁན་པོར་གསོལ་བ་གདབ་པ་ དང༌། །ཁྱིམ་པའི་རྟགས་ནི་སྤོང་བ་དང༌། །རབ་བྱུང་རྟགས་ནི་ལེན་པ་ལས། །ཉམས་པ་རྣམ་གསུམ་བསྣན་པ་ཡིས། །སྤང་བྱ་བཅུ་གསུམ་དག་ཏུ་འགྱུར། །དགེ་ཚུལ་སྡོམ་པ་ཐོབ་རྗེས་སུ། །རྩ་བའི་ཆོས་དྲུག་རྗེས་མཐུན་གྱི། །ཆོས་དྲུག་སྤོང་བའི་སྡོམ་པ་ནི། །དགེ་སློང་མ་ཡི་སྡོམ་པ་ཡིན། །གཅིག་པུ་ ལམ་དུ་འགྲོ་མི་བྱ། །ཆུ་བོའི་ཕ་རོལ་རྐྱལ་མི་བྱ། །སྐྱེས་པ་ལ་ནི་རེག་མི་བྱ། །སྐྱེས་པ་དང་ནི་འདུག་མི་བྱ། །སྨྱན་དུ་འགྱུར་བ་མི་བྱ་ཞིང༌། །ཁ་ན་མ་ཐོ་འཆབ་མི་བྱ། །དེ་དག་རྩ་བའི་ཆོས་དྲུག་སྤོང༌། །གསེར་ལ་གཟུང་བར་མི་བྱ་ཞིང༌། །འདོམས་ཀྱི་སྤུ་ནི་བྲེག་མི་བྱ། །བྱིན་ལེན་ མ་བྱས་ཟ་མི་བྱ། །གསོག་འཇོག་བྱས་པ་བཟའ་མི་བྱ། །རྩྭ་སྔོན་མི་གཙང་འདོར་མི་བྱ། །ས་ནི་བརྐོ་བར་མི་བྱ་བ། །རྗེས་མཐུན་ཆོས་ནི་རྣམ་དྲུག་སྤོང༌། །ཕམ་བརྒྱད་ལྷག་མ་ཉི་ཤུ་དང༌། །སྤང་བའི་ལྟུང་བྱེད་སུམ་ཅུ་གསུམ། །ལྟུང་བྱེད་འབའ་ཞིག་བརྒྱ་བརྒྱད་ཅུ། ། སོ་སོར་བཤགས་པ་བཅུ་གཅིག་དང༌། །ཉེས་བྱས་བརྒྱ་དང་བཅུ་གཉིས་ཏེ། །སུམ་བརྒྱ་དྲུག་ཅུ་རྩ་བཞི་རྣམས། །སྤོང་བར་བྱེད་པ་དགེ་སློང་མ། །ཕམ་པ་བཞི་དང་ལྷག་མ་ནི། །བཅུ་གསུམ་སྤང་ལྟུང་སུམ་ཅུ་དང༌། །ལྟུང་བྱེད་འབའ་ཞིག་དགུ་བཅུ་དང༌། །སོར་བཤགས་བཞི་ 2-3-62a དང་ཉེས་བྱས་ནི། །བརྒྱ་རྩ་བཅུ་གཉིས་བསྡོམས་པ་ཡིས། །ཉིས་བརྒྱ་ལྔ་བཅུ་རྩ་གསུམ་རྣམས། །སྤོང་བར་བྱེད་པ་དགེ་སློང་ངོ༌། །དེ་ལྟར་སོ་ཐར་རིས་བརྒྱད་པོ། །སྒྲ་མི་སྙན་པ་མ་གཏོགས་པའི། །གླིང་གསུམ་སྐྱེས་པ་བུད་མེད་ཀྱི། །རྟེན་ལ་སྐྱེ་ཡི་ཟ་མ་དང༌། ། མ་ནིང་མཚན་གཉིས་སོགས་ལ་མིན། །སྡོམ་པ་གཏོང་བའི་རྒྱུ་ལ་གཉིས། །བསླབ་པ་ཕུལ་དང་ཤི་འཕོས་དང༌། །མཚན་གཉིས་བྱུང་དང་ལན་གསུམ་གྱུར། །དགེ་རྩ་ཆད་རྣམས་ཐུན་མོང་ངོ༌། །ཉི་ཤུ་མ་ལོན་དེར་ཤེས་དང༌། །བསྟེན་ཕྱིར་ཁས་བླངས་ཉིན་ཞག་འདས། །རིམ་བཞིན་ དགེ་སློང་དགེ་སློབ་མ། །བསྙེན་གནས་རྣམས་ཀྱི་ཐུན་མོང་མིན། །རྩ་བའི་ལྟུང་བ་བྱུང་བ་དང༌། །དམ་པའི་ཆོས་ནི་ནུབ་པ་ལས། །སྡོམ་པ་གཏོང་ཞེས་འདོད་པའང་ཡོད། །ཁ་ཆེ་བྱེ་བྲག་སྨྲ་བ་རྣམས། །སྡོམ་ལྡན་རྩ་ལྟུང་བྱུང་བ་ལ། །བུ་ལོན་ནོར་ལྡན་བཞིན་དུ་འདོད། །སྡོམ་པ་དེ་དག་ བསྲུངས་པ་ལས། །གནས་སྐབས་འབྲས་བུ་ལྷ་མི་དང༌། །མཐར་ཐུག་འབྲས་བུ་བྱང་ཆུབ་གསུམ། །ཐོབ་པར་འགྱུར་ཞེས་གསུངས་པའི་ཕྱིར། །བརྩོན་ལྡན་རྣམས་ཀྱིས་སོ་སོར་ཐར། །རྟག་ཏུ་གུས་པས་འབད་དེ་བསྲུང༌། །དགེ་དེས་སྐྱེ་བར་ལུས་ཅན་རྣམས། །རྟག་ཏུ་ཚངས་སྤྱོད་ལ་ གནས་ཤོག །ཅེས་སོ་སོར་ཐར་པའི་སྡོམ་པ་གཏན་ལ་དབབ་པ་འདུལ་བ་རྒྱ་མཚོའི་སྙིང་པོ་བསྡུས་པ་ཞེས་བྱ་བ་འདི་ནི། ཡུལ་གངས་ཅན་གྱི་མཐར་སྐྱེས་པའི་སྙན་དངགས་མཁན་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་སྦྱར་བའོ།། ༈ །།དེ་ཉིད་ལ་རྗེ་རེད་ མདའ་པའི་གསུང་ལན། དབེན་པའི་གཏམ་དང་བཅས་པའི་ནང་ན་མན་ངག་འདི་པའི་ལུགས་ལ་ངེས་འབྱུང་དང་སེམས་བསྐྱེད་ལ་འཁྲིད་ཚུལ་དང་བོགས་འདོན་ཁྱད་པར་ཅན་ཞིག་ཡོད་པ་འདྲ་སྟེ། ཡི་གེར་ཞིབ་ཏུ་བཀོད་ནས་རྒྱ་བྱས་ཏེ། དབུས་ནས་བརྒྱུད་ནས་བསྐུར་བ་བྱུང་ན་ཁྱད་ཆེ། 2-3-62b གསུངས་བ་དེ་ཉིད་ཀྱི་ལན། ངེས་འབྱུང་དང་བྱང་སེམས་ལ་དམིགས་རྣམ་ཁྱད་པར་ཅན་བཅར་བའི་ཚུལ་དང༌། གོ་རིམ་ངེས་པ་ཅན་གྱི་འཁྲིད་ཚུལ། སླར་ཡང་རྗེ་བཙུན་གྱི་གསུང་གི་གནང་བ་ནོས་པའི་ཞུ་ཡིག་ཕྱི་མ། སྤྱིར་འདི་ལ་ཡང༌། ཞུ་ཡིག་སྔ་མའི་ལན། རྗེ་རེད་མདའ་བའི་ གསུང་ལན་དང་སྦྱར་ན། གོ་ཕན་ཆེ་བར་འདུག་པས་གསུང་ལན་ལས་ངེས་འབྱུང་སོགས་ཆོས་གསུམ་པོ་དེ་ཉམས་ལེན་གྱི་གནད་སྲོག་ནས་གཟུང་བའི་གདམས་པ་ཡིན་ཚུལ་དང༌། ངེས་འབྱུང་དེ་ཡང༌། གང་ཟག་གསུམ་གྱི་རྒྱུད་ལ་ཡོད་ཚུལ་དང༌། ཆོས་གསུམ་གྱི་ངོ་བོ་དང༌། དེའི་ཇི་ལྟར་རྒྱུད་ལ་བསྐྲུན་པའི་ཚུལ་དང༌། སྐྱེས་པའི་ཚད་དང༌། དེ་གསུམ་གོ་རིམ་ངེས་ཅན་དུ་འཁྲིད་ཚུལ་དང༌། རང་ཉིད་ཀྱིས་དབུ་མའི་ལྟ་བའི་དགོངས་ཚུལ་བཞི་བྱུང་བའི་ཚུལ་རྣམས་ཞུ་ཡིག་སྔ་ཕྱི་བསྒྲིགས་ན་ཕན་ནུས་ཆེ་བར་ཡོད་པས་འདིར་དེའི་ཐོ་ཙམ་བྲིས་པ་ཡིན།། ༈ །། དེ་ཡང་སྤྱིར་སྟོང་པས་ཡོད་མཐའ་དང་སྣང་བས་མེད་མཐའ་སེལ་བ་འདི་རྒྱང་ཕན་གྱི་བར་ལ་ཐུན་མོང་བ་ཡིན་པས་ཐལ་འགྱུར་བའི་ཁྱད་ཆོས་ལ། སྣང་བས་ཡོད་མཐའ་དང་སྟོང་པས་མེད་མཐའ་སེལ་ཞིང༌། སྟོང་ཉིད་རྒྱུ་འབྲས་སུ་འགྲོ་ཚུལ་ཤེས་དགོས་ལ། འཁོར་འདས་ ཀྱི་ཆོས་རྣམས་རྒྱུ་ལ་བརྟེན་ནས་འབྲས་བུ་འབྱུང་ཞིང་མི་སླུ་བའི་ཚུལ་རང་ལུགས་སུ་ཁས་ལེན་ལ། དེ་ཉིད་ཀྱིས་མཐའ་ཐམས་ཅད་སྤོང་བའི་སྟོང་པ་ཉིད་དུ་འགྱུར་ཚུལ་སོགས་དཔག་ཏུ་མེད་པ་ཡོད་ལ། དེ་ཡང་གཞན་ངོར་རྒྱུ་འབྲས་མི་སླུ་ཞིང༌། རང་ལུགས་ལ་སླུ་མི་ སླུའི་རྣམ་གཞག་གང་ཡང་ཁས་མི་ལེན་ཟེར་བ་ཡང་མིན། མ་དཔྱད་ན་རྒྱུ་འབྲས་མི་སླུ་བར་མཐོང་ཞིང༌། དཔྱད་ན་འདི་ཡིན་མ་རྙེད་ནས། ད་གཟོད་རྒྱུ་འབྲས་མཐོང་ཙ་ན་དེ་གཉིས་གཞི་གཅིག་གི་སྟེང་དུ་སྦྱོར་བ་ལ་བསམས་ནས། རྟེན་འབྲེལ་དང་སྟོང་པ་དབྱེར་མེད་ 2-3-63a དུ་བྱེད་པ་ཡང་མིན་པར་རྒྱུ་ལ་བརྟེན་ནས་འབྲས་བུ་འབྱུང་བ་མི་སླུ་བར་མཐོང་བའི་བློ་དེ་ཉིད་ཀྱིས་བློ་གཞན་ལ་ལྟོས་མེད་དུ་དམིགས་གཏད་ཞིག་པའི་སྟོང་པ་ཡང་འོང་བའི་ཚུལ་དང༌། རྒྱུ་འབྲས་མི་སླུ་བའི་གཏན་ཚིགས་དེ་ཉིད་ཀྱིས་རྟགས་གཞན་ ལ་ལྟོས་མེད་དུ་ཡོད་མཐའ་སོགས་དང་བྲལ་བའི་སྟོང་པར་འགྲུབ་པའི་ཚུལ་ལས་རྒྱུ་འབྲས་མི་སླུ་བ་ལ་གཏིང་ནས་ངེས་ཤེས་འདྲོངས་ཤིང༌། དེ་ག་ནས་དམིགས་གཏད་ཐམས་ཅད་ཞིག་པའི་ཞེན་མེད་ཀྱང་འོང་པ་ཡིན། དེ་ཡང་སྤྱིར་ཆོས་ཀྱི་རྣམ་གྲངས་མང་ཡང་ ཐར་པའི་རྒྱུར་འགྲོ་བ་ནི་ངེས་འབྱུང་བྱང་ཆུབ་ཀྱི་སེམས་ལྟ་བ་རྣམ་དག་གོ། ད་ལྟ་འདི་གསུམ་ལ་མྱོང་བ་ཐོན་པ་ལྟ་ཞོག །གོ་བ་རྣམ་དག་ཡོད་པ་ཡང་དཀོན། དེ་ལ་དང་པོ་གཉིས་ཀྱི་གོ་བས་ཐར་པའི་ས་བོན་འཇོག་མི་ནུས། ཕྱི་མ་སྟོབས་ཆེ་བས་འཇོག་ནུས། དང་པོ་ གཉིས་གོ་བ་ཙམ་ལ་མ་ལུས་པར་ཡིད་འགྱུར་བའི་མྱོང་བ་ཐོན་པས་ས་བོན་འཇོག །དེ་ཡང་འབད་པ་དྲག་པོས་དམིགས་རྣམ་ཡིད་ལ་བྱས་པ་ན་གོམས་པའི་མཐུས་ཡིད་འགྱུར་བ་ན། རྩོལ་བཅས་ཀྱི་མྱོང་བ་ཐོན་པས་དེས་ཐར་པའི་ས་བོན་འཇོག་ནུས་ཀྱང་ལམ་གྱི་སྣར་མ་སླེབ། སྲིད་པའི་བདེ་འབྱོར་དྲན་ཙམ་དང་སེམས་ཅན་དྲན་ཙམ་གྱིས་ངེས་འབྱུང་དང་བྱང་སེམས་རྒྱུན་ལྡན་དུ་འཇུག་པའི་མྱོང་བ་ཐོན་ན་ཚོགས་ལམ་ཆུང་ངུར་འཇོག །དེ་ཡང་འཁོར་བའི་ཉེས་དམིགས་དང་ཐར་པའི་ཕན་ཡོན་མཐོང་བའི་དྲན་ཤེས་ན་རེ་བསྟེན་ནས་སྣང་ཤས་ལ་བློ་འགྲོར་ མི་སྟེར་བར་སྲིད་པའི་མཚང་བཅར་ཞིང༌། ཐར་པའི་ཕན་ཡོན་ལ་སེམས་འཛིན་པའི་དམིགས་རྣམ་གོམས་ནས་ངེས་འབྱུང་ལ་མྱོང་བ་མ་བཏོན་པར་སྦྱིན་པ། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན་གྱི་དགེ་རྩ་གང་གོམས་ཀྱང་ཐར་པའི་རྒྱུར་གཏན་ནས་མི་འགྲོ་བས་ 2-3-63b ཐར་འདོད་ཀྱིས་ཐོག་མར་གདམས་ངག་གང་ཟབ་ཟེར་བ་གཞན་ཐམས་ཅད་བཞག་ནས་ངེས་འབྱུང་ལ་རྟོག་བསྒོམ་བྱ་དགོས། ཐེག་ཆེན་སྒྲུབ་པ་པོས་རང་དོན་ཡིད་བྱེད་ཀྱི་སྐྱོན་དང༌། གཞན་དོན་གྱི་ཕན་ཡོན་ལ་དྲན་ཤེས་ཐུན་རེ་བསྟེན་ནས་སེམས་བསྐྱེད་ལ་མྱོང་བ་འདོན་པའི་དམིགས་རྣམ་ ནས་གོམས་པར་མ་བྱས་ན་གཞན་གང་བྱས་ཀྱང་ལམ་དུ་མི་འགྱུར་ཏེ། གཞན་དུན་དགེ་རྩ་རྣམས་རང་དོན་ཡིད་བྱེད་ཀྱིས་དབང་བྱས་ནས་དམན་པའི་བྱང་ཆུབ་ཀྱི་རྒྱུ་འབའ་ཞིག་ཏུ་འགྱུར་བའི་ཕྱིར་ཏེ། དཔེར་ན་ངེས་འབྱུང་ལ་དྲན་ཤེས་བསྟེན་པའི་དམིགས་རྣམ་གོམས་པར་མ་བྱས་ན་ དགེ་བ་ཐམས་ཅད་སྣང་ཤས་ཀྱིས་དབང་བྱས་ནས་འཁོར་བ་འབའ་ཞིག་གི་རྒྱུ་བྱེད་པ་བཞིན་ནོ། །དེས་ན་སྔགས་ལ་སོགས་པའི་གདམས་ངག་གང་ཟབ་ཟེར་བ་རྣམས་བཞག་ནས་ཐོག་མར་ངེས་འབྱུང་དང་བྱང་སེམས་ལ་མྱོང་བ་ཐོན་པ་རེ་ངེས་པར་བྱ་དགོས། དེ་སྐྱེས་པ་དང་དེ་ ནས་དགེ་བ་ཐམས་ཅད་ཐར་པ་དང་ཐམས་ཅད་མཁྱེན་པའི་རྒྱུར་དབང་མེད་དུ་འགྲོ་བས། དེས་ན་འདི་ལ་སྒོམ་རིན་མི་ཆོག་པར་བྱེད་པ་ནི་ལམ་གྱི་གནད་གཏན་ནས་མ་ཤེས་པ་ཡིན་གསུང༌། དེ་ལྟར་དེ་གཉིས་ཀྱིས་ཐོག་མར་རྒྱུད་སྨིན་པར་བྱས་ནས་གྲོལ་བར་བྱེད་པ་ནི་ཐོག་ མར་མི་རྟོག་པ་ལ་དྲན་ཤེས་བརྟེན་ནས་གནས་པ་བརྟན་པོ་འོང་བའི་ཞི་གནས་འགྲོ་འཆག་ཉལ་འདུག་གི་སྤྱོད་ལམ་དང་བསྲེ་ཐུབ་པའི་གནས་པ་བརྟན་པོ་ཞིག་བཙལ་ལ། དེ་ནས་ལྷག་མཐོང་བསྒོམ་དགོས་ཏེ། དེ་ཡང་སེམས་ཀྱི་གནས་ཆ་ཞིག་མ་རྙེད་པའི་གོང་ དུ་ལྷག་མཐོང་བསྒོམས་ཀྱང་འཕྲོ་དྲགས་པས་མྱོང་བ་མི་ཐོན། གནས་ཆ་རྙེད་ཀྱང་ཐོས་པ་རྣམ་དག་གི་སྟོབས་ཀྱིས་བདག་མེད་ལ་ངེས་ཤེས་འདྲོངས་ངེས་ཤིག་མེད་ན་ལྷག་མཐོང་གི་མྱོང་བ་རྣམ་དག་སྐྱེ་བའི་སྐབས་མེད། དེས་ན་གནས་ཆ་ནམ་རྙེད་པ་དང་དེ་ནས་ 2-3-64a ལྟ་བ་ལ་མྱོང་བ་གདོན་ཏེ། དེ་ཡང་འདི་ལྟར་ཡུལ་སྣང་གཞན་ལ་ཡང་རང་བཞིན་མེད་པར་གཏན་ལ་ཕབ་ནས་བསྒོམས་ན་ཡང་མྱོང་བ་ཐོན་པ་འོང་མོད། འོན་ཀྱང་གནད་དུ་ཆེ་བ་ནི་དང་པོར་གང་ཟག་གི་བདག་མེད་རྣམ་པ་བདུན་གྱིས་བཙལ་ན་བདག་མེད་པ་ དེ་ལྟ་བུ་ལེགས་པར་རིགས་པས་གཏན་ལ་ཕབ་ནས་མ་རྙེད་པ་དང་དེ་གའི་ངང་ལ་དྲན་ཤེས་བསྟེན་ནས་བཞག །ནམ་འཕྲོ་བ་དང་ཡང་སྔར་བཞིན་རིགས་པས་བཙལ་ནས་མ་རྙེད་པ་དང་དེ་གའི་ངང་ལ་བཞག་སྟེ། དཔྱོད་པ་འདི་ཧ་ཅང་མང་དྲགས་ན་འཕྲོ་ཤས་ཆེར་སོང་ནས་མྱོང་ བ་མི་ཐོན། དེས་ན་ད་ལྟའི་གདམས་ངག་པ་རྣམས་འདོད་པ་ལྟར་སེམས་ཅིར་ཡང་མི་རྟོག་པར་བཞག་ནས། དེ་ནས་ལྟ་བས་གནས་ལུགས་ཅིར་ཡང་ཐ་སྙད་གདགས་ས་མེད་པར་གཏན་ལ་ཕབ་པ་དང་གཉིས་གཅིག་ཏུ་བསྲེས་ནས་སྐྱོང་ལུགས་ཅི་ཡང་ཡིད་ལ་མི་བྱེད་པར་འཇོག་པ་ འདིས་སེམས་གནས་ཙམ་མ་གཏོགས་པ་ལྷག་མཐོང་ལ་མྱོང་བ་ཐོན་པ་མི་སྲིད་གསུང་པས་གནས་པ་རྙེད་ནས་མཚན་ཉིད་ཐེག་པ་ནས་གསུངས་པའི་དཔྱད་སྒོམ་མ་བྱས་ན་ལྟ་བ་ལ་མྱོང་བ་མི་ཐོན་པས་དཔྱད་སྒོམ་བྱ་དགོས། དཔྱད་སྒོམ་ཡང་སྔར་ལྟར་ཡིན་གྱི། འགའ་ཞིག་ ལྟར་རྒྱུན་པར་བསམ་བློ་འབའ་ཞིག་གཏོང་བར་ཡང་མ་ཡིན། གནས་ཆ་གཏན་མ་བཙལ་བར་ལྟ་བ་སྐྱོང་བ་ཡང་མ་ཡིན། དེས་ན་ད་ལྟའི་སྒོམ་ཆེན་གྱི་གནས་པ་སྐྱོང་ལུགས་འདི་གཏན་ནས་ལམ་ངོ་བོ་མིན་གསུང༌། འདི་རྣམས་རང་རེ་དང་མཐུན་ཤས་ཆེ་བས་ཟུར་ཙམ་སྨོས་པ་ དང་ངེས་ཤེས་རྔམ་ཅན་འདྲོངས་མཆི། ངེད་ཀྱི་ཡིད་ལ་ཐལ་འགྱུར་བའི་ལུགས་ཀྱིས་སྒོམ་དང་ལྟ་བ་ཁྱད་མི་སྣང་བས་རུང་ལ། རང་རྒྱུད་ཕྱིན་ལ་སྒོམ་ལུགས་འདི་ལ་ངོ་བོའི་སྒོམ་ལུགས་སུ་འོངས་ཡེ་མི་འདུག་སྙམ་ནས་ཞུས་པས་ཕྱི་མ་དེ་གར་འདུག །ཐལ་འགྱུར་བའི་ 2-3-64b ལུགས་ཀྱི་ཀྱང་དེ་ལྟར་བྱས་ནས་བསྒོམས་ན་སེམས་གནས་སྐྱོང་བ་རྐྱང་པར་འགྱུར་གྱི། ལྷག་མཐོང་ལ་ནི་ངེས་པར་དཔྱད་སྒོམ་བྱ་དགོས་གསུང༌། མདོར་ན་དངོས་པོའི་གནས་ལུགས་ཅི་ཡང་མིན་པ་དང་བློས་ཀྱང་ཅི་ཡང་མི་འཛིན་པ་གཉིས་མཐུན་པར་འདུག་བསམ་པ་དང༌། མདོ་རྒྱུད་རྣམས་སུའང་ཅི་ཡང་མི་སྒོམ་པ་གནས་ལུགས་བསྒོམ་པར་གསུངས་པ་ལྟ་བུ་མང་དུ་བྱུང་བ་རྣམས་ཀྱི་འཁྲུལ་གཞི་བྱས་ནས་ཅི་ཡང་ཡིད་ལ་མི་བྱེད་པ་སྒྲ་རྟོག་བཀག་པའི་སྒོམ་ལ་གནས་ལུགས་བསྒོམ་པར་འཁྲུལ་འདུག་པ་འདི་གཏན་མི་རིགས་ཏེ། ཅི་ཡང་མི་ སྒོམ་པ་གནས་ལུགས་བསྒོམ་པར་གསུངས་ཤིང༌། དེའི་བསྔགས་པ་དཔག་མེད་གསུངས་པ་ནི། སྒྲ་རྟོག་ཙམ་མ་ཡིན་པར་འཛིན་པ་མཐའ་དག་དག་ནས་རྣམ་གྲངས་མ་ཡིན་པའི་དོན་དམ་དང་བློ་གཉིས་དབྱེར་མེད་དུ་སོང་བ་འཕགས་པའི་མཉམ་གཞག་ལ་དགོངས་ ལ། སོ་སྐྱེ་ལ་རྣམ་གྲངས་མིན་པའི་དོན་དམ་པ་དང་བློ་གཉིས་རོ་གཅིག་ཏུ་སོང་བའི་དོན་མཐུན་པ་གཏན་ནས་མེད་པའི་ཕྱིར་དང༌། སོ་སྐྱེ་ལ་གནས་ལུགས་ལྐོག་ཏུ་གྱུར་པས་སྒྲ་རྟོག་བཀག་པའི་སྒོམ་ཙམ་གྱིས་དེ་ཡུལ་དུ་བྱ་མི་ནུས་པའི་ཕྱིར་དང༌། རྟོག་མེད་ཀྱིས་ གནས་ལུགས་ཡུལ་དུ་བྱས་ན་མངོན་གྱུར་དུ་ཐལ་བའི་ཕྱིར་རོ། །དེས་ན་རྣམ་གྲངས་མིན་པ་ལ་སོ་སྐྱེའི་རྟོག་མེད་ཀྱི་ཉམས་ལེན་བྱ་མི་ནུས་པས་དེ་འཕགས་པ་ལ་ཡིན་ལ། དེ་ལ་འཇུག་པའི་ཐབས་སུ་རྟེན་འབྲེལ་རང་བཞིན་མེད་པ་སོགས་ལ་གནས་ལུགས་སུ་ཞེན་ནས་ དཔྱད་སྒོམ་གྱིས་ཞུགས་པས་རྣམ་གྲངས་མ་ཡིན་པའི་དོན་དམ་དང་རོ་གཅིག་པའི་རྟོག་མེད་ཐོབ་པར་འགྱུར་གསུང༌། དེས་ན་སྒོམ་དུ་མ་ཟད་ལྟ་བས་གཏན་ལ་འབེབས་པ་ན་ཡང་རྣམ་གྲངས་མ་ཡིན་པའི་དོན་དམ་མངོན་དུ་གྱུར་པའི་དེ་ལྟར་བྱེད་ན། གང་གིས་བཤད་ 2-3-65a ནས་གང་གིས་ཉན། སུས་གོ་འོན་ཀྱང་རྟོག་པས་ལྟ་བའི་གོ་ཡུལ་བཙལ་དགོས། དེ་མ་བྱས་ན་ལྟ་བ་གོ་བ་གར་སྲིད། དེས་མཚོན་ནས་དཔག་ཏུ་མེད། དེའི་ཕྱིར་ཐལ་འགྱུར་བ་འཕགས་པ་ཆེན་པོ་རྣམས་ལ་མཉམ་གཞག་ན་ཁས་ལེན་ཐམས་ཅད་ཞིག་པས་ མཉམ་གཞག་དང་ཁྱད་མེད། དེ་དག་གི་རྗེས་ཐོབ་ན་རྟེན་འབྲེལ་གཟུགས་བརྙན་ལྟ་བུ་དགག་ཏུ་མེད་པར་འཆར་བས། སོ་སྐྱ་ཐལ་འགྱུར་བས་ཀྱང་རང་བཞིན་མེད་པའི་རྟེན་འབྲེལ་གཟུགས་བརྙན་ལྟ་བུ་ངེས་པར་རང་ལུགས་ལ་ཡང་འདོད་དགོས། དེ་ཁས་བླངས་ཀྱང་རེ་ཞིག་ ལ་སྐྱོན་དུ་མི་འགྱུར། དེ་དགག་ཏུ་ཡང་མི་ནུས་པས་ཁས་བླང༌། གཞན་ངོར་ཁས་ལེན་པ་ལ་ནི་ཕྱི་རྒོལ་གྱི་བསམ་པ་ལ་བརྟགས་ནས་དེས་ཁས་བླངས་པའི་ཚུལ་ལ་ལྟོས་ནས་ཁོའི་འདོད་པ་སུན་དབྱུང་དགོས་པས་དེ་ལ་ནི་རྒྱང་ཕན་ཡར་བཅད་ཀྱི་གྲུབ་མཐའ་ལ་ལྟོས་ ནས་ཁས་འདི་ལེན་དང་འདི་མི་ལེན་མེད། དེ་ཡང་ཁོ་གང་འདོད་པའི་ལོག་ཕྱོགས་དེ་ཁས་བླངས་ནས་འགོ་མཚུངས་སོགས་བྱས་པས། མཐར་ཁོའི་འདོད་པ་ལ་གནོད་བྱེད་མཐོང་བ་དང༌། རང་ལུགས་བཞག་པ་དེ་ཡང་དེ་དང་འདྲའོ་ཞེས་བསྟན་ལ། རང་གིས་དགོས་ པའི་དབང་གིས་ཁས་བླངས་པར་བསྟན་པས་གཉིས་ཀ་མཉམ་པོར་འགྲོ། དེ་ཡང་གཞན་ངོར་ཁས་བླངས་ཙམ་ཡིན་གྱི། ངས་ཁས་མ་བླངས་ཟེར་དུ་མི་བཏུབ་ཕྱོགས་གཉིས་ཀ་ལ་ཁོས་སྐྱོན་མ་མཐོང་གི་བར་དུ་རང་གི་ཞེ་འདོད་ཡིན་པ་བཞིན་བྱེད་དགོས་གསུང༌། དེ་ལྟར་གང་ཟག་གི་བདག་མེད་ལ་དཔྱད་སྒོམ་གྱིས་མྱོང་བ་ཐོན་པ་དང༌། དེ་ནས་ཆོས་ཀྱི་བདག་མེད་ཀྱི་དམིགས་རྣམ་དུ་མ་ལ་རྩལ་སྦྱང་ངོ༌། །སྔགས་ཀྱི་རྫོགས་རིམ་རྣམས་ལ་ཡང་མཚན་ཉིད་ཀྱི་ལྟ་བའི་མྱོང་བ་འདོན་ལུགས་འདི་མེད་པས། དེ་རྐྱང་པ་བྱས་ན་ལྟ་བའི་ 2-3-65b གོ་ཡུལ་ཙམ་ཡོད་ཀྱང་ལམ་དུ་གཏན་མི་འགྲོ། བདེ་གསལ་མི་རྟོག་པའི་ཉམས་མཆོག་ཏུ་གྱུར་པ་སྐྱེས་ནས་སྒྲ་རྟོག་གཏན་མི་རྒྱུ་བའམ། རྒྱུ་ཡང་གནས་ཆ་སྟོབས་ཆེས་པས་གཅིག་ནས་གཉིས་སུ་མཚམས་སྦྱོར་མི་ཐུབ་པར་དམིགས་གཏད་ཞིག་པ་སྙམ་བྱེད་ པ་དང༌། ཡུལ་སྣང་ཐམས་ཅད་སྒྱུ་མ་ལྟར་འཆར་བ་ཡང་འོང་སྒྲ་རྟོག་གནས་ཆ་ཆེས་པས་ཞི་གནས་ཀྱི་མཐུས་བཀག་པའི་དམིགས་གཏད་ཞིག་པ་འདྲ་བ་ཞིག་བྱུང་བ་ཡིན་གྱི། གཉིས་སྣང་གི་རྟོག་པ་ལས་མ་འདས་པས་འདི་འཇིག་མི་ཐུབ། བསམ་གཏན་བཞི་ ཐོབ་ན་ཡང་འོང༌། ཡུལ་ལྔའི་སྣང་བ་ཐམས་ཅད་མཉམ་པར་བཞག་པ་ནི་ན་བུན་ལྟར་སྣང་བ་འོང༌། །དེར་མ་ཟད་གཟུགས་མེད་ཐོབ་ན་མཉམ་གཞག་གི་ཚེ་སྣང་བ་འགགས་ནས་ཀྱང་འགྲོ་བ་འོང་སྟེ། ལྷག་མཐོང་གི་མཐུ་མིན་གྱི་ཞི་གནས་ཀྱི་སྟོབས་ཀྱིས་ཡིན་ནོ། ། ཡུལ་སྣང་དེ་ལྟར་སྣང་ཡང་ནང་གི་མྱོང་རིག་ལ་བྲོད་པ་འདོར་མི་ནུས་ཏེ་ལྟ་བ་ལ་མྱོང་བ་མ་ཐོན་པས་སོ། །སྔགས་ཀྱི་ལམ་མྱུར་བར་བཤད་པ་ནི་ཞི་གནས་མྱུར་བ་དང༌། ཞི་གནས་སྟོབས་ལྡན་སྒྲུབ་ལུགས་མཚན་ཉིད་ལ་མེད་པ་རྣམས་ཡོད་ལ། ཞི་གནས་ཅི་ཙམ་ སྟོབས་ཆེ་བ་བཞིན་ལྟ་བ་ལ་མྱོང་བ་སྟོབས་ལྡན་འགྲུབ་པ་ཡོད་པས་མྱུར་བ་ཡིན་ནོ། །དེས་ན་མཚན་ཉིད་ཀྱི་ཐེག་པའི་གནད་གསུམ་གོང་དུ་བསྟན་པ་རྣམས་ཀྱང་ཤེས། སྔགས་ཀྱི་ཐབས་ལམ་གྱི་གདམས་ངག་ཀྱང་ཡོད་པ་ཀླུ་སྒྲུབ་དང་ཟླ་གྲགས་འདྲ་བ་དེ་ མཚན་ཉིད་ཐེག་པ་རྐྱང་པའི་གདུལ་བྱ་ལས་མྱུར་བ་དང་ཆེས་ཁྱད་པར་འཕགས་པ་ཡིན་གྱི། མཚན་ཉིད་ཀྱི་ལམ་གྱི་གནད་མེད་པའི་སྔགས་ཀྱི་ཐུན་མོང་མིན་པའི་གདུལ་བྱ་དེ་མཚན་ཉིད་ཀྱི་གདུལ་བྱ་ལས་དམན་ཏེ། དེས་ལམ་དེ་ཁོ་ན་ལ་བརྟེན་ནས་གཏན་ 2-3-66a ནས་སངས་མི་རྒྱ། མཚན་ཉིད་ཀྱི་དེས་འཚང་རྒྱ་བས་སོ། །དེ་ལྟར་ཐུན་མོང་མ་ཡིན་པའི་ལམ་གྱི་དབང་དུ་བྱས་ན་མཚན་ཉིད་མཆོག་དང༌། སྔགས་ཉོན་མོངས་ཀྱི་དབང་དུ་སོང་དྲགས་ནས་རྒྱུད་མ་དག་པའི་གདུལ་བྱ་ལ་མངོན་མཐོའི་ཐབས་ཙམ་དང༌། ཞི་གནས་སོགས་ ཙམ་བསྟན་པས་དམན་པ་ཡིན་གསུང༌། འདི་རྣམས་ཐམས་ཅད་ལ་དགག་སྒྲུབ་དཔག་མེད་བྱས་ནས་ཞུ་གཏུགས་བྱས་པ་དུ་མ་ཡོད་ཀྱང་བྲིར་མ་ལང༌། འདི་ཐམས་ཅད་རང་རེ་ལ་ངེས་ཤེས་འདྲེན་པའི་རྒྱུར་འགྲོ་ངོ་ཤེས་སྙམ་ནས་བྲིས་པ་ཡིན། ང་ལ་ནི་ཐེ་ཚོམ་གྱི་དྲི་ཙམ་ཡང་མེད། ཞལ་ཏ་ཞུས་པས། སློབ་དཔོན་ཐར་བཟང་གི་ས་ན་ཁོ་རང་གི་ལྟ་ཁྲིད་དེ་ཡོད་ཟེར་བས། དེ་ལ་ལུང་ཐོབ་ཅིག་མཛད་ན་སྙམ་པ་ལགས་ན་ཡང༌། དེའི་དཔེ་ལ་ཞིབ་མོ་ཡང་མེད། ཐར་བཟང་ཁོ་རང་ལ་ཡང་འདིར་རྒྱག་མེད་པས་ཁོང་ཡིད་མ་ཆེས། དེ་བས་ཁྱེད་རང་གིས་རགས་རིམ་ཞིག་བྲིས་ ནས་བསྐུར་ན་ཕན་ཐོགས་པའང་སྲིད་གསུང་བར་གདའ་བས། རང་རེ་མཇལ་འཛོམ་བགྱིད་པ་མ་བྱུང་ན་ཁྱད་ཆེ་སྙམ་ནས་བྲིས་པ་ལགས། ངེས་འབྱུང་སེམས་བསྐྱེད། ལྟ་བའི་མྱོང་བ་འདོན་ལུགས་འདི་རྣམས་ད་ལྟ་སུ་ལ་ཡང་བསྟན་རྒྱུ་མི་སྣང་བས་ཐུན་མོང་མིན་པར་འདུག་ཁྱད་པར་ ལྟ་བའི་མྱོང་བ་འདོན་ལུགས་འདི་ངེས་པར་ཡིན་ངོ་ཤེས་སུ་སྣང༌། འདི་རྡོ་རུས་ཐུག་པ་ཡོད་པའི་གདམས་ངག་ད་ལྟ་གཅིག་ཀྱང་མི་གདའ། བྱེད་ལུགས་འདི་བྱས་ན་རང་རེ་བས་ལམ་དེ་ཙམ་ཐོབ། གདམས་ངག་གཞན་བསྒོམས་ཀྱང་གླགས་མི་ཆེ་གསུང༌། འདི་པ་རང་གི་ལུགས་ ཀྱིས་ངེས་འབྱུང་སོགས་གསུམ་ལ་འཁྲིད་ལུགས་ཞིབ་ཆ་དང་བཅས་པ་གནང་ནས་ཡོད་དེ་རྒྱས་པར་བྲིར་མ་ལང༌། གྱུ་རུ་ལུགས་བྲིས་ཀྱང་འགའ་ཞིག་བླ་མས་བསྟན་པ་ལ་ལྟོས་པར་སྣང་བས་བྲིས་མ་བྱུང༌། དེ་ལྟར་ན་འདི་ཡི་ཕྱོགས་ལ་བསླུས་འདུག་ན་ངའི་མིག་ཏུ་སྒོག་ཆུ་ 2-3-66b བརྡུངས་པས་ཆོག་པས། ཁྱེད་སྒྲུབ་པ་ཞིག་བྱེད་ན་ཅིས་ཀྱང་མཛོད་མཛོད་མཛོད། མྱུར་དུ་འཇལ་འཛོམ་མ་བྱུང་ན་ཚེ་སྒྲུབ་དེ་ཟིན་པ་དང་དེ་ནས་སྔོན་ལ་རྗེ་བཙུན་གྱི་སྒྲུབ་པ་དེ་ལོ་གཅིག་པ་ཅིག་མཛད་ན། དེ་ནས་རྗེ་བཙུན་རང་གིས་དངོས་སུ་ལེགས་པར་འདོམས་པར་གདོན་མི་ཟ་བས་ རྩོལ་བ་སྐྱེད་པ་ཁྱེད་མཁྱེན་མཁྱེན་མཁྱེན། བློ་ཉེས་མ་མཛད་ཅིག །འདི་པའི་ལམ་གྱི་གནད་འདི་རྣམས་རང་རེ་ལ་གཞན་དང་མི་འདྲ་བའི་ངེས་ཤེས་རྨད་དུ་བྱུང་བའི་གསལ་འདེབས་སུ་འགྲོ་མཆིས་པས་ཇི་ལྟར་བྱུང་བའི་རྒྱུ་མཚན་དང༌། རྟེན་འབྲེལ་གྱི་དགོས་ལུགས་ ཐུན་མོང་མ་ཡིན་པ་ཁྱེར་རང་ལ་གང་བྱུང་བ་རྣམས་གསུང་ཤོག་ཞིབ་ཏུ་མཛོད་ལ་བསྐུར་མཛོད། མཐུན་མི་མཐུན་ལྟ་བ་ལགས། ངེད་ཀྱི་ཡིད་ལ་ད་ལྟ་འཆད་ཉན་བྱེད་པ་རྣམས་ལ་ཡང༌། ཐར་འདོད་འཁྲིད་ལུགས་དང་ལམ་གྱི་གནད་འདི་ལྟ་བུ་ལས་བརྩམས་ཏེ་བྲིས་ན། ཚིག་ཟེར་ལུགས་ལ་བལྟས་ན་གོ་བ་འདྲ་བ་ཞིག་སྣང་སྟེ། ཞེ་ཐག་པ་ནས་བློ་གཏད་དེ་འཁྲིད་དུ་བཅུག་ན་ཡིད་བརྟན་དུ་རུང་བ་གཏན་མི་གདའ། བསམ་གཏན་པ་རྣམས་ཀྱང་ངེས་འབྱུང་དང་སེམས་བསྐྱེད་ཐར་པ་དང་ཐམས་ཅད་མཁྱེན་པའི་རྩ་བར་འདུག་པ་ལ། དེ་གཉིས་ དགོས་ཟེར་ཡང་དེ་གཉིས་ཀྱི་གོ་བ་ཙམ་ལ་མྱོང་བ་ཐོན་པར་བསམས་ནས། འདི་གཉིས་སྔོན་ལ་མྱོང་བ་ཐོན་པ་རེ་མི་བྱེད་པར་འདི་གཉིས་ལས་རྩ་རླུང་སོགས་ཀྱི་དམིགས་པ་ཁ་ཅིག་ལ་ཟབ་ཟབ་པོར་འཁྲུལ་ནས་གཙོ་བོར་མི་བྱེད། འགའ་ཞིག་གིས་བྱེད་ཀྱང་འདི་ གཉིས་ཀྱི་གནད་ལེགས་པར་གོ་བའི་གོ་བ་ཤ་ཆོད་རུས་ཆོད་མེད་པས་དེ་གཉིས་ལྟར་སྣང་རེ་མཚན་ཉིད་པར་འཛིན་པར་གདའ། ཕལ་ཆེར་བྱིན་པོ་དེས་ཅིར་ཡང་མི་སེམས་པར་སེམས་བཟུང་བས་སྒྲ་རྟོག་ཙམ་ཁེགས་པའི་བདེ་གསལ་མི་རྟོག་པའི་ཉམས་མྱོང༌། གོང་ 2-3-67a མའི་སེམས་ཀྱི་ཞི་གནས་ལྟ་ཞོག །འདོད་སེམས་རྩེ་གཅིག་པའི་ཆར་གཏོགས་ཀྱི་ཏིང་ངེ་འཛིན་ཞི་གནས་རྗེས་མཐུན་པ་ཙམ་ལ་གནས་ལུགས་བསྒོམ་པར་འཁྲུལ་ནས་སྣང་ལ། དྲག་ཤོས་རྣམས་ཀྱིས་དེ་རང་དགའ་མས་འཆིང་ཟེར་ནས། ལྟ་བའི་གོ་ ཡུལ་སྐམ་པོ་ཞིག་དེ་ལ་བསྐོན་པས་མི་ཞེན་པར་འདོད་པ་དང༌། དེའི་ཐོག་མཐར་སེམས་བསྐྱེད་དང་སྨོན་ལམ་ཚིག་ཙམ་པ་ཁ་གཡར་བྱས་པས་ལམ་དུ་འགྲོ་སྙམ་ཡང་ངེས་འབྱུང་དང་སེམས་བསྐྱེད་གོ་བ་རྣམ་དག་ལ་དྲན་ཤེས་ཀྱིས་དཔྱད་སྒོམ་བྱས་ནས་མྱོང་བ་ཐོན་པ་མེད་པས་ ཐར་པ་དང་ཐམས་ཅད་མཁྱེན་པའི་རྒྱུར་མི་འགྲོ་ལ། སེམས་ཙམ། རང་རྒྱུད། ཐལ་འགྱུར་བ་གང་རུང་གི་ལྟ་བ་ལ་ཕུ་ཐག་ཆོད་པའི་ངེས་ཤེས་འདྲོངས་པར་བྱས་ནས། དེ་རྗེས་གནས་ཆ་བཙལ་བ་རྙེད་པ་དང༌། དཔྱད་སྒོམ་གྱིས་ལྟ་བའི་དམིགས་རྣམ་ལ་དྲན་ཤེས་བརྟེན་ནས་ འདྲིས་པར་བྱས་པའི་ལྷག་མཐོང་གི་མྱོང་བ་མ་ཐོན་པས་ལམ་དུ་གཏན་མི་འགྲོ་བར་གདའ། དེ་བས་ཉན་བཤད་པ་རྣམས་ལ་བདག་མེད་ལ་དམིགས་པའི་གོ་ཡུལ་རགས་པ་རེ་འཐད་བྱས་པ་མང་རབ་འོང་བས། ཐར་པའི་རྒྱུར་འགྲོ་བ་ཉན་བཤད་བག་ཙམ་དྲག་པར་གདའ། འོན་ཀྱང་བཤད་ཉན་པ་རྣམས་ཀྱང་བསྟན་པའི་སྙིང་པོ་བདག་མེད་པ་གཉིས་མཚན་ཉིད་ཀྱི་ཐེག་པའི་དབུ་ཚད་ལྟ་བུ་ནས་གསུངས་པ་ལ་ལེགས་པར་བརྒལ་ཞིང་རྟོག་པའི་བློའི་ནུས་པ་མེད་པས་གཞན་གྱི་ཟེར་བགྲོས་ཉོག་ཉོག་མང་པོ་ཞིག་དང་ཐོས་རྒྱ་ཆེ་ཞིང་དྲག་ པར་སྒོམ་པ་ཁ་ཅིག་ནི་ཟབ་མོའམ་ཞིག་ཡིན་ཟེར་ནས། དཀའ་ལས་མ་ཤི་བར་དུ་བྱ་དགོས་ལ། གནས་ལུགས་ལ་ངེས་ཤེས་ཏིལ་ཙམ་ཡང་འདྲོངས་རྒྱུ་མེད་པའི་རྩིས་དང་སྣོད་བཅུད་ཀྱི་རྣམ་གཞག་དང་བསྐྱེད་རིམ་འཁོར་བཅས་ཀྱི་ཆོ་གའི་སྤྲས་སྤྲོས་དང༌། རྩ་རླུང་སོགས་ 2-3-67b ཀྱི་གཏམ་མང་པོ་ལ་འགོ་མྱོས་མྱོས་ཀྱི་བར་དུ་སེམས་པར་གདའ་བས་དོན་ཆུང་བདག་མེད་ཀྱི་དོན་ལ་ངེས་ཤེས་འདྲོངས་པ་རེ་སྒྲུབ་པ་བྱེད་པ་ལ་མེད་མི་རུང་དུ་འདུག །དེའི་སྒོ་ནས་བཤད་ཉན་བྱས་ན་རང་གཞན་ལ་ཕན་པ་ཆེན་པོ་བྱར་ཡོད་མོད། འོན་ཀྱང་འདིའི་གོ་བ་ཐར་པའི་ རྒྱུར་འགྲོ་ཡང༌། འདིས་སྣང་ཤས་ཟིལ་གྱིས་གནོན་མི་ནུས་པས་ཕལ་ཆེར་གྱི་རྒྱུད་ལ་རྙེད་བཀུར་གྱི་ཕྱིར་མི་དགེ་བ་ཚན་ཆེན་པོ་གསོག །བདག་མེད་ཀྱི་གོ་ཡུལ་རྣམ་དག་མ་རྟོགས་པའི་དགེ་རྩ་གང་བྱས་ཀྱང་འཁོར་བ་འབའ་ཞིག་གི་རྒྱུར་སྣང་ཤས་ཀྱིས་དབང་བྱས་ནས་ཐར་པའི་ རྒྱུར་འགྲོར་མི་སྟེར་བས་སྐྱེ་བ་བརྒྱུད་མ་མང་པོ་ཞིག་ཏུ་བསྟན་པ་ལ་ཕན་བཏགས་པས་ཆོག་པ་དེ་ད་ལྟའི་བསྟན་པ་དུ་མ་ཙམ་པ་འདི་མཉན་འདུག་པས་སྙམ་པའི་སྙིང་རྗེ་དང་བསྟན་པའི་ཁུར་ལྟར་སྣང་ཞིག་གིས་ཉམས་པར་བྱེད་པ་ཡིན། དེ་རྣམས་བྱིས་པའི་མདུན་མ་ཡིན། གདུལ་བྱ་ད་ལྟའི་འདི་འདྲར་མ་ཟད་སེམས་ཅན་མཐའ་མེད་པ་ཞིག་གིས་རྩིས་བཏང་དགོས། བསྟན་པ་ད་ལྟའི་འདི་འདྲར་མ་ཟད་བསྟན་པ་མཐའ་མེད་དང༌། དེ་བཞིན་དུ་སྐྱེ་བ་དང་ཡུལ་དང་དུས་ཐམས་ཅད་ཀྱང་དེ་འདྲའི་རྩིས་བཏང་དགོས་མོད། དེ་བཏང་ན་ད་ལྟའི་འདུ་ཤེས་དེ་ རྒྱ་ཆུང་ཆུང་དུ་འགྲོ། །དེས་ན་གཞན་དོན་འདོད་ནའང་སྟོབས་མི་གཅིག །རྒྱ་ཆེ་ཆུང་མི་གཅིག །ཡུན་རིང་ཐུང་མི་གཅིག་པར་གོ་ལགས། དེ་ལྟར་འདི་རྣམས་ཡིད་ཆེས་ཀྱི་གནས་ལས་འོངས་པ་འབའ་ཞིག་ཡིན་ཅིང་རང་རེ་ལ་འདི་རྣམས་ལྷག་པར་ཐུགས་ཡུལ་དུ་གཞན་དང་ མི་འདྲ་བར་རྨད་དུ་གྱུར་པ་ཞིག་ཏུ་འགྱུར་ཞིག་གུ་སྙམ་དུ་བསམས་ནས་བྲིས་པ་ལགས་པས། ཐུགས་ཡུལ་དུ་གང་བྱུང་ཡང་འདི་ལྟར་ཡིན་གྱི་གཏམ་རྣམས་གཞན་ལ་མི་འཕེལ་བའི་ཐབས་ལ་རང་རེས་ངེད་མ་བསླུས་པ་ཞིག་མཁྱེན་མཁྱེན། དོན་དུ་མི་འགྱུར་བ་ 2-3-68a ཡིན་པ་གདའ། རྒྱུ་མཚན་དེ་རྣམས་ལེགས་པར་ཐུགས་སུ་ཆུད་པ་དང་ཡི་གེ་འདི་མེ་ལ་ཕུལ་མཛོད། མདོར་ན་སངས་རྒྱས་ཀྱི་འཕྲིན་བསྐྱལ་བ་ལགས་པས་གྲོས་སུ་ལ་ཡང་མ་དྲིས་པར་ཐུགས་ཐག་རྦད་བཅད་ནས། ཤི་མིན་གསོན་མིན་དུ་མ་སོང་བའི་ སྒྲུབ་པའི་རྒྱལ་མཚན་ཞིག་ཚུགས་དང་སྐྱེ་བ་ཕྱི་མ་ལ་ལྟ་ཞོག །སྐུ་ཚེ་འདི་ལ་ཡང་གཞན་དོན་སྟོབས་ལྡན་འགྲུབ་པའི་རྒྱུ་ཐུན་མོང་མ་ཡིན་པའི་ཡོན་ཏན་ཟུར་དུ་བྲིས་པ་འདི་རྣམས་དང༌། མངོན་ཤེས་རྫུ་འཕྲུལ་ལ་སོགས་པའང་ཐོབ་པར་གདོན་མི་ཟ་བར་ལུང་བསྟན་ པ་ལགས་སོ། །དགེ་འདིས་མཚོན་ནས་དུས་གསུམ་དང་འབྲེལ་བའི། །བདག་གཞན་དགེ་བའི་རྩ་བ་ཇི་སྙེད་པ། །དེ་དག་ཐམས་ཅད་སྐྱེ་ཞིང་སྐྱེ་བ་རུ། །བྱང་ཆུབ་མཆོག་གི་རྗེས་སུ་མི་མཐུན་པའི། །ཤེས་ཀྱི་ཁེ་འདོད་པ་དང་གྲགས་པ་དང༌། །འཁོར་དང་ལོངས་སྤྱོད་རྙེད་ དང་བཀུར་སྟིའི་རྒྱུར། །སྐད་ཅིག་ཙམ་ཡང་ནམ་ཡང་མི་སྨིན་པར། །བླ་མེད་བྱང་ཆུབ་ཁོ་ནའི་རྒྱུར་གྱུར་ཅིག །གཞན་ཡང་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རྗེ་བཙུན་འཇམ་པའི་དབྱངས་དང་མི་གཉིས་པ། །དཔལ་ལྡན་བླ་མ་ཁྱེད་ཀྱི་ཞབས་པད་མོ། །འབྲལ་མེད་ བསྟེན་ནས་ཁྱོད་མཉེས་བགྱིད་པར་ཤོག །རྨད་བྱུང་སྲས་བཅས་རྒྱལ་བའི་བྱིན་རླབས་དང༌། །རྟེན་འབྲེལ་བསླུ་བ་མེད་པའི་བདེན་པ་དང༌། །བདག་གི་ལྷག་བསམ་དག་པའི་མཐུ་སྟོབས་ཀྱིས། །རྣམ་དག་སྨོན་པའི་གནས་འདི་འགྲུབ་པར་ཤོག །ཅེས་པ་འདི་ནི་རྗེ་ཙོང་ ཁ་པ་ཆེན་པོས་རྗེ་བཙུན་རེད་མདའ་པ་ཆེན་པོ་ས་སྐྱ་ན་བཞུགས་པའི་དྲུང་དུ་འབུལ་བ་ལ་རྟོག་ལྡན་བྱང་སེང་བ་གྲོགས་མཆེད་བཏང་བའི་དུས་ཀྱི་ཞུ་ཡིག་ངོ་བོ་ལས་སློབ་དཔོན་ཀྲེ་བོ་ཐར་བཟང་གིས་ཇི་ལྟ་བར་བཤུས་པ་ལ་ཕྱི་མོ་བགྱིས་པའོ། །ད་ལྟ་གཞན་ 2-3-68b དག་ལ་ཡོད་པ་འདི་ནི་འདི་ནས་བཏུས་པར་བྱེད་པར་འདུག་ཅིང་འདིའི་ཕྱི་མོའི་མགོ་ཤོག་བླ་མ་ཐར་བཟང་པོའི་དཔེ་ཆའི་ནང་ནས་གཞན་དུ་འཁྱེར་བ་འདྲ་ཟེར་ནས་མི་འདུག་གོ།། ༈ །།ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། ལེགས་ཚོགས་དཔག་ཏུ་མེད་པ་སྐུ་ཚེ་དུ་མར་སྤྱད་པ་ལ་བརྟེན་ ནས། བླ་ན་མེད་པའི་མགོན་གྱི་གསུང་གི་བདུད་རྩིས་འགྲོ་བ་མང་པོའི་ཉེར་འཚོ་ཆེན་པོར་གྱུར་པ་བླ་མ་དེའི་དྲུང་དུ་སྙོམས་ལས་པས་ཞུ་བ། སྐུ་ཁམས་རིན་པོ་ཆེ་བསྟན་པའི་དཔལ་དུ་བརྟན་ཞིང་ཟབ་མོའི་དོན་གྱི་དགའ་སྟོན་རྒྱ་ཆེར་འཕེལ་བའི་ཐད་ནས་བཀའ་སྩལ་ཡི་གེར་བྲིས་པ་ དགེ་བཤེས་གཉིས་ལ་བསྐུར་བ་དགེ་བཤེས་རྒྱལ་འོད་ཀྱིས་འཕྲོད་པས་ཟང་ཟིང་མེད་པའི་དགའ་བ་དང་སྤྲོ་བ་རྒྱ་ཆེར་འཕེལ། འདིར་ཡང་དགེ་ཕྱོགས་ལ་འདུན་པ་མ་དོར་ཙམ་བདོག །སྐབས་ཀྱི་ཞུ་བ་ལ། སྤྲེའུ་ལོ་ལ་ཇི་ལྟར་གསུང་གླེང་བྱུང་བ་བཞིན་དུ་སྒྲུབ་པ་ལ་ཐག་བཅད་ ཅིང་དབེན་པ་བསྟེན། དེ་དག་གི་སྐབས་སུ་བློ་ནུས་གང་ཡོད་ཀྱི་མཐའ་དག་པར་དཔྱད་ནས་གཏན་ལ་ཕེབས་པའི་གོ་བ་ཞིག་མ་རྙེད་བར་དུ་མོས་མནོ་ཙམ་གྱི་ཡིད་ཆེས་རེ་ཙམ་ལ་བརྟེན་ནས་སྒྲུབ་པ་བྱེད་ལོ་བྱས་ཀྱང་གནད་དུ་འགྲོ་བ་ཤིན་ཏུ་དཀའ་བར་མཐོང་ནས་ཐོག་མར་སྒྲུབ་པ་ལ་ བློ་བརྟན་དུ་འགྲོ་བའི་ཐབས་རྣམས་ཐུབ་པའི་དགོངས་པ་རྙེད་པའི་ཉེར་ལེན་གྱི་རྒྱུ་ལུང་དོན་ཚུལ་བཞིན་དུ་དཔྱོད་པའི་དབུ་ཚད་ཀྱི་རིགས་པའི་སྒྲོས་ཕྲ་རགས་རྣམས་ལ་ངེས་པར་སེམས་པ་དག་དེ་དག་གི་ལྷན་ཅིག་བྱེད་པའི་རྐྱེན་ཡི་དམ་གྱི་སྒོམ་བཟླས་དང་བསག་སྦྱང་གི་གནད་ ཐུབ་པའི་གསུང་ལས་བྱུང་བ་རྣམས་ལ་ཐུན་ཐུན་དཔྱད་ནས་ཡུན་རིང་པོའི་བར་དུ་ཤིན་ཏུ་འགྲུབ་པར་བྱས་པ་ན། གསང་སྔགས་དང་ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་སྲོག་རྣམས་ཐུན་མོང་དུ་འོང་བ་དང༌། ལྷག་མཐོང་གི་རྟོགས་པ་སྐྱེ་ཚུལ་ལ་ས་བོན་ཙམ་གྱི་གསུང་གླེང་བྱུང་བ་ 2-3-69a ཙམ་གྱིས་ལམ་གྱི་གནད་ལ་ངེས་པ་སྐྱེད་པ་ལ་ཤིན་ཏུ་ཕན་ཆེ་བར་བྱུང༌། སྤྱིར་ད་ལྟ་བོད་ན་གསང་སྔགས་དང་མཚན་ཉིད་ཀྱི་གདམས་པ་མཐའ་ཡས་པ་ཞིག་སྣང་ཞིང་དེ་རྣམས་ཀྱང་སངས་རྒྱས་བྱང་སེམས་ལ་མ་བརྒྱུད་པ་མི་སྣང་བས་ཡི་དམ་རེས་གསུངས་པ་ཙམ་ གྱི་རྒྱུ་མཚན་ལས་གཞན་འགོད་རྒྱུ་མ་རྙེད་ན། ཐད་ཀ་ཐད་ཀའི་བློ་ངོ་འབའ་ཞིག་ཏུ་སོང་ནས་ལམ་གྱི་གནད་མ་འཕྱུགས་པ་ཞིག་ལ་ངེས་པ་རྣམ་དག་སྐྱེ་བའི་ཐབས་མི་འདུག །དེ་ན་གཟུ་བོར་གནས་པའི་སྒོ་ནས་བློ་དང་ལྡན་པ་རྣམས་ཀྱི་ལམ་འཕྱུག་མེད་ཅིག་འཚོལ་ན། མདོ་སྡེ་ དང་རྒྱུད་སྡེ་རྩོད་མེད་གང་དང་ཡང་མི་འགལ་ཞིང་དེ་དག་ནས་ཟིན་པ་དེ་ཡང་ཤིང་རྟ་ཆེན་པོ་གཅིག་གི་རིགས་པའི་རྗེས་སུ་འབྲངས་དྲང་ངེས་ལེགས་པར་ཕྱེ་སྟེ་མཐའ་གཞན་དུ་དྲང་དུ་མི་བཏུད་བར་རིགས་པས་གནོད་མེད་དུ་འགྲུབ་པ་ཞིག་མེད་མི་རུང་དུ་སྣང་བས། གསུང་རབ་ཆེན་པོ་རྣམས་དང་དེའི་དགོངས་པ་འཚོལ་བའི་རིགས་པའི་སྒོ་དྲི་མ་མེད་པ་ལ་རྩིས་པོ་ཆེར་བཟུང་ནས་རྒྱུད་ལ་སྐྱེ་བའི་རིམ་པ་སྔར་མང་དུ་བྱུང་ཡང་དེ་ཙམ་ལ་ཆོག་ཤེས་མ་བྱས་པར་བསྟན་པ་འབའ་ཞིག་ལ་དམིགས་པའི་བསམ་པས་ཀུན་ནས་ བསླངས་ཏེ། ཡི་དམ་དང་བླ་མ་ཐ་མི་དད་པར་བྱས་པ་ལ་རྒྱུན་མི་འཆད་དུ་གསོལ་བ་གདབ། བསག་སྦྱང་གི་སྒོ་དུ་མ་ལ་འབད་པས་ད་ལྟ་གསུང་རབ་སྤྱི་དང་དགོངས་འགྲེལ་གྱི་བསྟན་བཅོས་ཆེན་པོ་རྣམས་ལ་ཁོལ་བཏོན་རེ་ཙམ་མིན་པའི་ལུས་ཡོངས་སུ་རྫོགས་ པ་ཉམས་ལེན་དུ་འགྲོ་བའི་ཕྱོགས་སུ་ཤེས་པ་ཡོད། ཚུལ་དེ་ལ་ངེས་པ་བདེ་བླག་ཏུ་སྟེར་བར་བྱེད་པ་ནི་བདག་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན་ཅིང༌། ནང་རིག་པའི་སྡེ་སྣོད་གསུམ་གྱི་སྙིང་པོ་བསླབ་པ་གསུམ་གྱི་གནད་རྣམས་ཕྱིན་ 2-3-69b ཅི་མ་ལོག་པར་ཤེས་ནས་ཁས་བླངས་པ་ཙམ་ལ་མ་བཞག་པར་ཉམས་འོག་ཏུ་ཚུད་པར་མཛད་པ་མཁས་ལ་གྲུབ་པ་བརྙེས་པའི་དགེ་བའི་བཤེས་གཉེན་དུ་མས་རྗེས་སུ་བཟུང་བ་ལྷག་པའི་ལྷ་དཔག་ཏུ་མེད་པས་བྱིན་གྱིས་བརླབས་པའི་སེམས་དཔའ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ ཀྱི་གདམས་པ་བྱང་ཆུབ་ལམ་གྱི་རིམ་པའི་མཚན་ཉིད་དང་སྔགས་ཀྱི་ཐེག་པའི་ལམ་གྱི་རིམ་པ་ཕྱིན་ཅི་མ་ལོག་པར་གཏན་ལ་ཕབ་པ་ཉིད་ཡ་མཚན་པར་མཐོང་ནས་སློབ་མ་བཀྲི་བའི་རིམ་པ་རྣམས་དེ་ཁོ་ནའི་སྟེང་ནས་བྱེད་ཀྱིན་ཡོད། གདམས་ངག་དེ་ཡང་གསུང་རབ་དགོངས་འགྲེལ་ གྱི་བསྟན་བཅོས་མན་ངག་མཐའ་དག་ལམ་གྱི་རིམ་པ་གཅིག་ཏུ་དྲིལ་ནས་སྟོན་པར་སྣང་བས་འཆད་ཤེས་པ་དང༌། ཉན་ཤེས་པ་གཉིས་ཀྱིས་བཤད་ཅིང་ཉམས་སུ་བླངས་ན་མན་ངག་ཆུང་ཆུང་དུ་མ་ཟད་གསུང་རབ་མཐའ་དག་གི་གུང་འགྲིག་ནས་འོང་བར་སྣང་བས་འཁྲིད་ཀྱི་རྣམ་གྲངས་ མང་པོ་སྟོན་པ་མ་བྱས། ངེད་རང་གི་ཡང་ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་དང༌། ལྟ་བའི་འཁྲིད་རྣམས་ཀྱི་འཁྲིད་ཚུལ་དང༌། གསང་སྔགས་དང་ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཉམས་ལེན་དུ་འགྲོ་ཚུལ་གསུངས་པ་རྣམས་དང་ཐིག་གཅིག་ཏུ་འོང་ བར་སྣང་ཞིང༌། ངེད་རང་གི་དེ་རྣམས་ས་བོན་ཙམ་དུ་སྣང་ལ་ལམ་རིམ་རྒྱ་ཆེར་འགྲེལ་ལྟ་བུར་སྣང་བ་དང༌། ལམ་རིམ་ཀུན་ལ་རྩོད་མེད་དུ་གྲུབ་ཅིང༌། ངེད་རང་གི་གདམས་པ་རྣམས་བསྟན་ན་སྒྲོ་སྐུར་གྱི་གཞི་ཆེན་པོར་སོང་ནས་ཕན་ཤིན་ཏུ་ཆུང་ཞིང་ཉེས་དམིགས་ཤིན་ཏུ་ཆེ་བ་ཞིག་ འོང་བར་མཐོང་ནས་ལམ་རིམ་འདེབས་པ་མ་གཏོགས་དེ་རྣམས་ཀྱི་ཁྲིད་ཟུར་དུ་མ་བགྱིས་ལགས། འདིར་ཡང་སྒྲུབ་པ་ལ་ཕྱིན་འཕྲལ་ནས་གདུལ་བྱའི་རིགས་འགའ་ཞིག་ལ་ཡི་དམ་གྱི་སྐུ་དང་གསུང་གི་སྣང་བ་བྱུང་བ་ཐེ་ཚོམ་ནམ་འདོད་ཀྱིས་བཅད་པས་ཆོག་པ་བྱུང་འདུག་ 2-3-70a ཅིང༌། ཁྱད་པར་དུ་གཅིག་ལ་ནི་གསུང་ཕལ་མོ་ཆེ་ངེས་དོན་དུ་འོང་ཞིང་མང་པོ་མི་གསུང་བར་སྣང་ནའང་གསུང་རབ་དགོངས་འགྲེལ་དང་བཅས་པའི་གཞི་གང་ལ་དཔྱོད་དང་ཚུལ་ཇི་ལྟར་དཔྱོད་དང་དེ་ལྟར་དཔྱད་པ་རྫོགས་མ་རྫོགས་རྣམས་འཕྱུག་མེད་དུ་ འོང་བར་སྣང་བས་ཆོས་གང་སྟོན་དང་འཁོར་ཇི་ལྟ་བུ་སྟོན་དང༌། གནས་གང་དུ་སྡོད་ལ་སོགས་པ་ཕལ་ཆེ་བ་རྣམས་རང་བཟོས་ཞུགས་པ་ཆེན་པོ་མ་བྱས་ལགས། སྣང་བ་དེ་དག་གི་གསུང་ལ་ཡང་ངེད་ཀྱིས་བསྟན་པ་རྣམས་ལ་གསུང་རབ་དང་བསྟན་བཅོས་ཆེན་པོ་རྣམས་ལ་དཔྱོད་ དང་ཕལ་ཆེར་མཐུན་པ་ཤ་སྟག་འོང༌། བརྒྱ་ལ་གལ་ཏེ་གཞུང་ཆེན་མོ་རྣམས་དང་མི་མཐུན་པ་རེ་ཙམ་བྱུང་ན་འདོར་བའི་སྤུས་མན་ངག་ཏུ་འདོད་པ་རྣམས་ལ་འབབ་ཀྱི། གསུང་རབ་ཆེན་པོ་རྣམས་རྣམ་པ་ཐམས་ཅད་དུ་འདོར་དུ་མི་རུང་བར་རྩིས་པོ་ཆེར་བཟུང་དགོས་ཞེས་གསུང་པ་ མན་ངག་གི་མཆོག་ཏུ་མཐོང་ནས། དེ་བཞིན་དུ་ལེགས་པར་བསྙད་པ་འདི་ལ་ཚོད་ཀ་དང་དཔགས་པའི་ཕན་ཆེ་རབ་ཅིག་ཐོགས་པ་འདྲ་བ་འདུག་ཅིང༌། དེ་མིན་ནའང་རང་ཉིད་ཀྱི་རྒྱུད་ས་ལམ་རྣམ་པར་དག་པའི་བག་ཆག་ཤིན་ཏུ་བརྟན་པ་ཞིག་ལུང་རིགས་ཀྱིས་ཕུ་ཐག་ལེགས་ པར་བཅད་པའི་ངེས་ཤེས་གཏིང་ཐུག་པ་ནས་སྐྱེ་བ་ཞིག་བཞག་པ་ནི་གདོན་མི་ཟ་བར་འདུག་པས་ཅིས་ཀྱང་མཇལ་བའི་ཐབས་ཤིག་མཛད་པར་ཞུ། ཞེས་པ་འདི་ནི་རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོས་བླ་མ་དབུ་མ་པ་ལ་མདོ་ཁམས་སུ་ཕུལ་བའོ།། ༈ །།ན་མཿཤྲཱི་ བཛྲ་གུ་རུ་པཱ་ཎི་ཡ། གདོང་བཞི་དགའ་མའི་བདག་པོ་སྤྲིན་ལ་ཞོན། །འཕྲོག་བྱེད་སྟོབས་ལྡན་གསོད་དང་རབ་འཕྱང་གསོད། །གདོང་དྲུག་ཡི་དྭགས་དབང་པོ་སྔོན་གྱི་ལྷ། །གདེངས་ཅན་དབང་པོ་རིག་འཛིན་གྲུབ་པའི་རྗེ། །སྲིད་ན་དྲེགས་པའི་ཁུར་གྱིས་རབ་བརྗིད་པའི། །གང་གི་གཙུག་རྒྱན་ 2-3-70b ནོར་བུས་མཚན་པ་ལ། །ཡིད་འོང་ཞབས་ཀྱི་རྡུལ་གྱིས་རེག་གྱུར་པ། །མཐུ་སྟོབས་བདག་པོས་འགྲོ་ཀུན་སྐྱོང་གྱུར་ཅིག །སྐལ་བཟང་བདེ་གཤེགས་སྟོང་གི་བསྟན་པ་ལ། །མཚན་དཔེའི་དྲ་བས་བཀྲིགས་པའི་གཟུགས་ཀྱི་སྐུ། །མ་ལུས་སྲུང་བའི་དོན་དུ་དབང་བསྐུར་བ། །རྒྱལ་བའི་དབང་པོ་ ཁྱོད་ལ་ཕྱག་འཚལ་ལོ། །མུ་མེད་ཞིང་གི་རྒྱལ་བ་སྲས་བཅས་ཀྱི། །མ་ལུས་སྐུ་གསུང་ཐུགས་ཀྱི་གསང་བའི་གནད། །ཀུན་ལ་སྒྲིབ་པ་མེད་པའི་སྤྱན་མངའ་བ། །གློག་འཕྲེང་འཁྱུག་པའི་དབུས་ན་ཆར་སྤྲིན་ཚོགས། །འབྲུག་སྒྲའི་གད་མོས་ནམ་མཁའ་འགེངས་པ་བཞིན། །མི་བཟད་མེ་ དཔུང་དབུས་ན་དྲག་པོའི་སྐུ། །བཞད་པའི་ཉམས་ཀྱིས་ས་གསུམ་གཡོ་ལ་འདུད། །དཔག་མེད་རྒྱལ་ལ་རྒྱ་ཆེན་ཚོགས་གཉིས་བསྐྲུན། །མཐའ་མེད་འགྲོ་བའི་དོན་དུ་སེམས་མཆོག་བསྐྱེད། །ཟད་མེད་སྨོན་ལམ་མཐུ་ལས་ལེགས་འཁྲུངས་པའི། །མཚུངས་མེད་རྒྱལ་བའི་སྲས་པོ་རིང་དུ་རྒྱལ། །རྣམ་ དག་ལམ་ལ་ལྟ་བའི་དམིགས་བུ་བྲལ། །ཐར་པའི་ཁང་བཟང་འཁྲིད་པའི་མགོན་གྱིས་དོར། །སྲིད་པའི་གཡང་སར་ཞུགས་པའི་འགྲོ་རྣམས་ཀྱི། །དཔུང་གཉེན་མཆོག་ཁྱོད་དུས་རིང་ཞབས་བརྟན་མཛོད།། །།དེ་ལྟར་ལྷག་པའི་ལྷ་དང་རྒྱལ་སྲས་ཆེན་པོ་ལ་མཆོད་ཅིང་ ཤིས་པ་བརྗོད་པའི་ངག་སྔོན་དུ་བཏང་ནས་སྐབས་ཀྱི་ཞུ་བ་ནི། སྐུ་ཁམས་རིན་པོ་ཆེ་འགྲོ་བའི་དཔལ་དུ་བརྟན་པའི་ཐད་ནས་གསུང་ཤོག་སྒ་སྐྱའི་རྟེན་དང་བཅས་པ་དགེ་བཤེས་གཞོན་སེང་གིས་འཕྲོད་པས་ཐུགས་ལ་བཏགས་ཤིང་ཁྱད་པར་དུ་རྒྱལ་བ་སྲས་བཅས་ཀྱི་དགོངས་ པའི་གནད་དྲིལ་བའི་མན་ངག་འཕགས་པ་ལག་ན་རྡོ་རྗེའི་གསང་ཚིག །ཞུས་ལན་སྨན་མཆོག་བདུད་རྩིའི་ཕྲེང་བ་གསང་བདག་གི་ཞལ་སྔ་ནས་ཇི་ལྟར་གནང་བ་བཞིན་ལྷག་ཆད་ནོར་གསུམ་དང་བྲལ་བ་ཡི་གེར་བཀོད་པ་གནང་བ་འཕྲོད་པ་ན། གསང་བདག་གསུང་གི་བདུད་ 2-3-71a རྩི་ཡིས། །ཡིད་ཀྱི་རེ་བ་རྫོགས་པར་བྱས། །ཉོན་མོངས་ནད་ལས་རྒྱལ་བར་གྱུར། །ལྕང་ལོ་ཅན་དུ་ཕྱིན་པ་སྙམ། །སླར་ཡང་ཞུ་བ་འགའ་ཞིག་བགྱིད་པར་སྤྲོ་བའི་རྒྱུ་མཚན་ནི། །དིང་སང་ཐུབ་པའི་བསྟན་པ་ནུབ་ཏུ་ནི་ཉེ། བསྟན་པའི་རྩ་ལག་མཆོག་རྣམས་ནི་འདས། སེམས་ཅན་གྱི་སྐལ་བ་བཟང་པོ་བྲི་བའི་སྐབས་སུ་ནི་གྱུར། ཕ་རོལ་ཏུ་ཕྱིན་པ་དང་སྔགས་ཀྱི་ཐེག་པའི་ཉམས་ལེན་གྱི་གནད་སྙན་ནས་སྙན་དུ་བརྒྱུད་པའི་བརྒྱུད་པ་རྣམས་ནི་ཆད། དེའི་སྟོབས་ཀྱིས་བཤད་པ་དང་སྒྲུབ་པ་མཛད་པ་རྣམས་ཀྱང་སྙན་བརྒྱུད་ཀྱི་གདམས་ངག་གི་གནད་མེད་ པར་ཚིག་དང་ཡི་གེ་ཙམ་མཐོང་བ་དང་ཐོས་པ་ལྷུར་བྱས་ཏེ། ལྕགས་ཀྱུ་མེད་པའི་གླང་པོ་ཆེ་བཞིན་དུ་རྒྱལ་བའི་བཀའ་ལ་གྱ་ཚོམ་གྱིས་ཞུགས་ནས་རང་རང་གི་འདོད་པའི་དབང་གིས་འདི་ནི་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་ཕྱོགས་ཡོངས་སུ་བཟུང་ནས། ཉམས་ལེན་ ལ་ཆེད་ཆེར་མི་བྱེད་པར་རྩོད་པ་འབའ་ཞིག་ལྷུར་ལེན་ནོ།། དེར་མ་ཟད་གཞན་གྱི་སྐྱོན་འབའ་ཞིག་རྟོག་པ་ལ་ཞུགས་པས་ཕ་རོལ་གྱི་ཡོན་ཏན་ལྟ་བའི་མིག་ནི་ལོང༌། རང་གི་སྐྱོན་ལ་རྟོག་པའི་བསམ་པ་དང་ནི་བྲལ། རྙེད་པ་དང་བཀུར་སྟིའི་ཞགས་པས་བཅིངས་པ་ལ་བརྟེན་ ནས། ལྐོག་ཏུ་གྱུར་པའི་གང་ཟག་དམ་པ་རེ་རེ་ཙམ་ཡོད་ནའང༌། ཕྲག་དོག་དང་ང་རྒྱལ་གྱི་མུན་པ་ཆེན་པོས་བློ་ཡི་མིག་བསྒྲིབས་པས་མཐོང་བའི་ལམ་དུ་གྱུར་པ་ཆེས་ཤིན་ཏུ་དཀའོ། །བདག་གིས་ཀྱང་མདོ་ཕྱོགས་ཀྱི་བཤད་པ་ཡོད་པ་རྣམས་ལ་ལོ་སྦྲེལ་གྱི་བར་དུ་ཐོས་ པ་ཅུང་ཟད་བགྱིས་ཤིང༌། མན་ངག་ཟབ་པར་གྲགས་པ་འགའ་ཡར་ཡང་ཞུས་པའི་མཐར། རྒྱལ་བ་སྲས་བཅས་ཀྱི་དགོངས་པ། ཐོས་པའི་རྗེས་འཇུག་སྒྲུབ་པ་སྙིང་པོར་བྱེད། །སྐྱེ་བའི་རྫོང་ལས་ཚེགས་ཆུང་ཐར་པར་འགྱུར། །ཞེས་གསུངས་པ་ལྟར་རིག་ནས་སྒྲུབ་པ་ལ་མོས་པ་ 2-3-71b དྲག་པོ་བྱུང་ནའང༌། ཚེ་གཅིག་ལུས་གཅིག་ལ་འཚང་རྒྱ་བ་ཐུན་མོང་མ་ཡིན་པའི་གདམས་ངག་ཡོད་པ་ཡིན་ཟེར་བ་ཤ་སྟག་འདུག་པ་ལ། གསུང་རབ་ནས་བཤད་པ་དང་སྦྱར་ན་ལམ་དངོས་སྐྱེས་པ་ལྟ་ཞོག །དེ་སྐྱེ་བའི་སྣོད་དུ་རུང་བའི་ཡོན་ཏན་རྣམས་སྐྱེས་པའང་དཀའ་བའི་རིགས་ སུ་ཡོད་ཚོད་དུ་འདུག །ཐེག་པ་དམན་པའི་གོ་འཕང་ལ་རྨི་ལམ་དུ་ཡང་འདོད་པ་མེད་པ་སྐད་ཟེར་ཞིང༌། རང་བདེ་འདོད་པ་ལ་ཏིལ་གྱི་ཆ་ཙམ་ཡང་མ་གནོད་པར་ཡོད་པ་འདྲ། ལམ་གྱི་གནད་དམ་པ་རྣམས་ལ་མྱོང་བ་ཕུལ་དུ་ཕྱིན་པར་ཁས་འཆེ་ཞིང༌། ཆོས་བརྒྱད་ཀྱི་གསེབ་ནས་སྐད་ ཅིག་ཀྱང་མ་འཕགས་པར་འདུག་པ་དང༌། ཐམས་ཅད་མཁྱེན་པའི་ཁྱད་ཆོས་རྒྱུ་འབྲས་ཁྱད་དུ་མི་གསོད་པ་ཡིན་པ་ལ། དེ་ལ་ཡིད་མི་ཆེས་པར་ཁྱད་དུ་གསོད་འདོད་པའི་སྐྱབས་ལ། ངེད་གསང་སྔགས་པ་ཡིན་ཟེར་ནས་བླང་དོར་ཡལ་བར་འདོར། དེ་ལྟ་བུར་གྱུར་པའི་སྐབས་སུ་ཐེ་ཚོམ་ཀུན་ གཅོད་ནུས་པའི་གང་ཟག་གཞན་མ་རྙེད་པས། ཁྱེད་སངས་རྒྱས་ལ་དངོས་སུ་ཞུས་པས་ཆོག་པས། ཞུ་བ་འདི་རྣམས་དགེ་བཤེས་འདིས་ཞུ་བར་ཡོད་པས་ཐུགས་ལ་འདོགས་པར་ཞུ། ཞེས་པ་འདི་ནི་ལྷོ་བྲག་མཁན་ཆེན་ཕྱག་རྡོར་བ་ལ། རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་པས་ཕུལ་ བའོ།། ༈ །།བྱང་ཆུབ་རྣམ་དག་སྒྲུབ་པའི་རྟེན་ལ། ལུས་རྟེན་དང༌། བསམ་པའི་རྟེན་གཉིས། དང་པོ་ལ། དལ་འབྱོར་གྱི་ཆོས་བཅོ་བརྒྱད་ཚང་བ་ཞིག་ངེས་པར་དགོས་ཏེ། ངན་སོང་བ་རྣམས་སྡུག་བསྔལ་བཟོད་པར་དཀའ་བས་མནར་བ་དང༌། ལྷ་དང་སྒྲ་མི་སྙན་པ་རྣམས་སྐྱོ་བ་ཤས་ཆུང་ བའི་ཕྱིར་རོ། །དེའི་ཕྱིར་བདག་གིས་དལ་འབྱོར་རྙེད་པའི་ཚེ་བྱང་ཆུབ་སྒྲུབ་དགོས་སོ། །གལ་ཏེ་བྱང་ཆུབ་ཀྱི་ལུས་རྟེན་དལ་འབྱོར་ཡིན་ཀྱང༌། སྐྱེ་བ་གཞན་དུ་ཡང་དེ་རྙེད་པའི་ཚེ་བསྒྲུབ་པས་ཆོག་སྙམ་ན། དེ་རྙེད་དཀའ་བར་བསམ་པ་ལ། འབྲས་བུ་དང༌། རྒྱུའི་སྒོ་ནས་གཉིས་ཀྱི། དང་པོ་ལ། 2-3-72a འགྲོ་བ་རིགས་མི་མཐུན་པ་དང༌། མཐུན་པ་ལ་ལྟོས་ཏེ་རྙེད་དཀའ་བ་བསམ་པ་གཉིས་སོ། །དང་པོ་ནི། དུད་འགྲོ་ལ་ལྟོས་ཏེ། མི་ལུས་ཙམ་ཞིག་ཀྱང་སྲིད་པ་ཙམ་དུ་སྣང་ལ། གཉིས་པ་ནི། མི་ཙམ་ལ་ལྟོས་ཏེ། དལ་འབྱོར་གྱི་རྟེན་ནི་སྲིད་པ་ཙམ་མོ། །རྒྱུའི་སྒོ་ནས་བསམ་པ་ལ་ གཉིས་ཏེ། རྒྱུའི་སྤྱི་དང༌། བྱེ་བྲག་གི་སྒོ་ནས་བསམ་པའོ། །དང་པོ་ནི། མི་ལུས་ཙམ་ཞིག་འགྲུབ་པ་ལའང་དགེ་བའི་ལས་སྟོབས་ལྡན་བསག་དགོས་ཤིང༌། དེ་ཡང་ཆེས་ཤིན་ཏུ་ཉུང་བའི་ཕྱིར་རོ། །གཉིས་པ་ནི། དལ་འབྱོར་གྱི་རྒྱུར་ཚུལ་ཁྲིམས་རྣམ་དག་བསྲུང་བའི་གཞི་མ་སྦྱིན་སོགས་ཀྱི་གྲོགས་ དང༌། སྨོན་ལམ་རྣམ་དག་གིས་མཚམས་སྦྱར་བ་ཞིག་དགོས་ན། དེའང་ཆེས་ཉུང་བའི་ཕྱིར་རོ། །གལ་ཏེ་དེ་རྙེད་དཀའ་ཡང་ད་ལྟ་དེ་རྙེད་ཟིན་པས་ད་གཟོད་བསྒྲུབ་ལོང་ཡོད་སྙམ་ན། མི་རྟག་པ་སེམས་པ་ལ་གསུམ། འཆི་ངེས་པ་དང༌། ནམ་འཆི་ཆ་མེད་པ་དང༌། སྐད་ཅིག་རེ་རེ་ བཞིན་མི་སྡོད་པར་འཆི་བའི་གནས་སུ་སྙེག་པའོ། །བསམ་པའི་རྟེན་ནི། ངེས་འབྱུང་དང༌། བྱང་ཆུབ་ཀྱི་སེམས་དང༌། ལྟ་བ་གསུམ་དུ་འདུས་ཏེ། ཐར་པ་དང་ཐམས་ཅད་མཁྱེན་པའི་དགེ་རྩ་རྣམས་དེ་གསུམ་མམ། དེས་ཟིན་པ་ལ་ངེས་པར་ལྟོས་དགོས་པའི་ཕྱིར་རོ།། ཐམས་ཅད་མཁྱེན་པའི་རྒྱུ་ལ་ཕྱི་མ་ གཉིས་སུ་འདུ་ཡང༌། གཉིས་ཀའི་རྒྱུའི་དབང་དུ་བྱས་ནས་གསུམ་དུ་བྱས་ལ། དེར་བྱེད་པ་ཡང་གང་ཞིག་སྐྱེས་པ་ཙམ་གྱིས་གཞན་གྱིས་ཟིན་པ་ལ་མི་ལྟོས་པར་བྱང་ཆུབ་ཀྱི་རྒྱུར་འགྱུར་བའི་ཆོས་རྣམས་ངོས་བཟུང་བའི་ཕྱིར་རོ། །སྲིད་པའི་བདེ་འབྱོར་ལ་ཟིལ་གྱིས་གནོན་ནུས་པའི་ཞེན་ ལོག་མ་སྐྱེས་ན་ཐར་པ་དོན་གཉེར་གྱི་བློ་མི་སྐྱེ་བས་ངེས་འབྱུང་དང༌། བླ་མེད་བྱང་ཆུབ་དོན་དུ་གཉེར་བ་ལ་ཞེན་ལོག་སྐྱེས་ཀྱང་གཞན་གྱི་དོན་དུ་མིན་ན་དེའི་རྒྱུར་མི་འགྱུར་བས། བྱང་ཆུབ་ཀྱི་སེམས་སྒོམ་དགོས་ལ། དེ་གཉིས་ཀྱིས་ཐར་པ་དང་ཐམས་ཅད་མཁྱེན་བ་ལ་ཡིད་ 2-3-72b བསྐུལ་ཡང་བདག་འཛིན་གྱི་འཆིང་བ་བཅད་མི་ནུས་པ་དེའི་ཕྱིར་ལྟ་བ་སྒོམ་དགོས་ཤིང༌། དབང་པོའི་རིམ་པ་ལ་ངེས་པ་མེད་པས་གོ་རིམ་ལ་ངེས་པ་མེད་དོ། །དེ་ལྟར་དེ་དག་སྒོམ་དགོས་པའི་རྒྱུ་མཚན་བསམས་པའི་འོག་ཏུ་ངེས་འབྱུང་བསྒོམ་པ་ནི་སྣང་ཤས་ཀྱི་རྩ་བ་ཡིན་པའི་ཕྱིར། ཐོག་མར་བདག་ཉིད་གཞན་གྱི་ངོར་གྲུབ་འདོད་ལ་རྣམ་གྲངས་དུ་མའི་སྒོ་ནས་སྐྱོན་དུ་བལྟའོ། །དེ་ནས་སྲིད་པ་ལ་ཆགས་པ་བཟློག་པའི་ཕྱིར། སྡུག་བསྔལ་དང་པོ་གཉིས་ཀྱི་སྒོ་ནས་བྱེ་བྲག་དང་ཐ་མའི་སྒོ་ནས་འཁོར་བ་སྤྱིའི་ཉེས་དམིགས་རང་རྒྱུད་ཀྱི་སྟེང་དུ་དཔགས་ཏེ་བསྒོམ་པར་ བྱའོ། །དེ་ནས་དགེ་སྡིག་ལ་འཇུག་ལྡོག་བྱ་བའི་ཕྱིར། སྲིད་པའི་བདེ་སྡུག་གི་རྣམ་སྨིན་རྣམས་དཀར་ནག་གི་ལས་ཀྱི་རྒྱུ་ཅི་འདྲ་བ་ལས་བྱུང་བ་རྣམས་མངོན་སུམ་གྱི་སྟོབས་ཀྱིས་མི་བསླུ་བར་ངེས་པའི་རྒྱུ་འབྲས་ཚར་གཅིག་ལ་དཔགས་ཏེ་བསམ་པར་བྱའོ། །ཚུལ་དེས་དམིགས་རྣམ་རིང་ དུ་སྦྱངས་པས་སྲིད་པ་ལ་དམིགས་ནས་འབྲལ་བར་འདོད་པའི་རྣམ་པ་ཅན་གྱི་ཞེན་ལོག་སྐྱེ་ལ། དེ་སྐྱེས་པ་ན་ཐར་པ་ལ་དམིགས་ནས་ཐོབ་པར་འདོད་པའི་རྣམ་པ་ཅན་གྱི་ངེས་འབྱུང་དམིགས་རྣམ་སྦྱོང་བ་ལ་མི་ལྟོས་པར་ངང་གིས་སྐྱེའོ། །ཞེས་ལམ་གྱི་གནད་གསུམ་བསྟན་པ་འདི་ནི། མང་ དུ་ཐོས་པའི་རྒྱལ་ཁམས་པ་དགེ་སློང་བློ་བཟང་གྲགས་པའི་དཔལ་གྱིས་སྦྱར་བའོ།། ༈ །།ན་མོ་གུ་རུ་མཉྫུ་ཤྲི་ཡེ། དགེ་སྦྱོར་གྱི་གནད་ཀྱི་དྲི་བ་སྙན་བསྐུལ་ལྷག་བསམ་རབ་དཀར་ཞེས་བྱ་བ། ལི་ཁྲིའི་ཆར་གྱིས་སྦགས་པར་གྱུར་པའི་གསེར་གྱི་ས་འཛིན་གྱི། །རྩེ་མོ་ཨིནྡྲ་ ནཱི་ལའི་ཆུ་འཛིན་སྟུག་པོས་དཀྲིགས་པ་ལྟར། །དམར་སེར་སྐུ་ལ་རལ་པའི་ཟུར་ཕུད་ལྔ་ལྡན་རབ་མཛེས་པས། །འཇམ་དབྱངས་བླ་མ་དེ་ཡིས་རྟག་ཏུ་སྐྱོང་ཞིང་དགེ་ལེགས་སྤེལ་བར་མཛོད། །རྒྱལ་བས་གསུངས་པའི་གདམས་ངག་བདུད་རྩིའི་བཅུད། །སྙིང་པོའི་རོ་ལ་རང་ཉིད་རྩེ་ 2-3-73a གཅིག་ཏུ། །གནས་ཤིང་གཞན་ཡང་དེ་ལ་འགོད་འདོད་པའི། །སྒོམ་ཆེན་རྣམས་ལ་དྲི་བ་འདི་འབུལ་གྱི། །རྒྱལ་བས་ཇི་ལྟར་གསུངས་དང་མཐུན་པའི་ལན། །ཐེབས་པ་རྣམས་ལ་སྐད་ཅིག་འབྲལ་མེད་དུ། །སྒོ་གསུམ་གུས་པའི་སྒོ་ནས་ཕྱག་བགྱིད་པས། །གསལ་ བར་མྱུར་དུ་བདག་ལ་སྩལ་ཏུ་གསོལ། །མི་ཐེབས་པ་རྣམས་བདག་ལ་ཕྲག་དོག་དང༌། སྡང་སེམས་མི་འཚལ་སེམས་ལ་བཅད་རྒྱུའི་སྒོམ། །ད་དུང་འཁྲུལ་མེད་ལེགས་པར་མ་བཙལ་ན། །རང་གཞན་ཐམས་ཅད་བསླུས་ནས་ལྷུང་ཉེན་གདའོ། །བདག་གི་དྲི་བ་ཞུ་བ་འདི་རྣམས་ནི། རང་མཁས་འདོད་དང༌། གཞན་དམའ་དབབ་འདོད་དང༌། རྙེད་བཀུར་དང་གྲགས་འདོད་ཀྱི་ཀུན་ནས་བསླང་བ་མ་ཡིན་གྱི། ཅི་སྟེ་ན་འཇམ་དབྱངས་ཀྱི་སྤྲུལ་པ་ས་པཎ་གྱིས་རིག་གཏེར་དུ་གསུངས་པ། རྟག་ཏུ་བརྩོན་པས་ཏིང་འཛིན་བསྒྲུབས་ཀྱང་སངས་རྒྱས་དགྱེས་པའི་ལམ་ལས་ གོལ། །སྙིགས་དུས་སྐྱེ་བོ་ཆོག་ཤེས་ཅན་རྣམས་ལེགས་པར་སོམས་ལ་མཁས་པ་བསྟེན། །ཞེས་དང༌། སྡོམ་གསུམ་རབ་དབྱེ་སོགས་སུ་ཡང་མང་དག་གསུངས་འདུག་པ་དང༌། གཞན་ཡང་རྒྱ་བོད་གཉིས་ཅར་དུ་ལྟ་སྒོམ་སྤྱོད་གསུམ་ལ་ནོར་བ་མཐའ་ཡས་ཤིག་འདུག་ ཅིང༌། དེའི་ནང་ནས་ཀྱང་སྟོང་ཉིད་ཀྱི་ལྟ་སྒོམ་ནོར་ན་ཕུང་འགྲོ་བར་ཀླུ་སྒྲུབ་ཀྱིས་གསུངས་ཏེ། དབུ་མ་རྩ་བར། སྟོང་པ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་བར་འགྱུར། །དཔེར་ན་སྦྲུལ་ལ་གཟུང་ཉེས་དང༌། །རིག་སོགས་ལོག་པར་བསྒྲུབས་པ་བཞིན། །ཞེས་དང༌། གཞན་ ཡང་རྒྱ་བོད་ཀྱི་མཁས་པ་དུ་མའི་གསུངས་ལས། དང་པོར་སྒོམ་རྒྱུ་རང་མ་ནོར་བ་རྙེད་པ་ཤིན་ཏུ་དཀའ། ཞེས་སོགས་མཐའ་ཡས་ཤིག་མཐོང་ཞིང༌། དེ་ལྟ་ན་ཚེ་སྟོང་ཟད་ལ་འགྲོ་བའི་སྒོམ་ལ་རང་ཡང་སྙིང་རུས་སྐྱེད། གཞན་ཡང་འགོད་པ་རྣམས་ལ་ཁོ་བོས་བརྩེ་བས་ 2-3-73b ཀུན་ནས་བསླངས་ཏེ་སྙན་བསྐུལ་དུ་ཞུ་བའི་དྲི་བ་ནི་འདི་ལྟར་རོ། །སྤྱིར་སངས་རྒྱས་ཀྱིས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཐམས་ཅད་ཀྱི་འགག་དྲིལ་བའི་དགོངས་པའི་བཏད་ས་དེ་གང་ཡིན་ཞེས་འདྲི་ན། སེམས་ཅན་རྣམས་འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་ པོ་འདི་ལས་ཐར་བར་བྱེད་པ་དེ་དང་པོའི་དགོས་པ་ཡིན། དེ་ལས་ཐར་རྟིང་ཉན་རང་གི་མྱང་འདས་སུ་མི་ལྟུང་བར་བྱེད་པ་དེ་ཡིན། འདོར་ན་འཁོར་འདས་གཉིས་ལས་རིམ་གྱིས་བརྒལ་ནས་མཐར་རྫོགས་པའི་སངས་རྒྱས་ཐོབ་པར་བྱེད་པ་ཡིན་པས་ན་འདིའི་ནང་དུ་མ་འདུས་པའི་ གདམས་ངག་ག་ལ་སྲིད། དེས་ན་འདི་རྣམས་ཀྱི་དངོས་གཞི་དང༌། སྔོན་འགྲོ་ལས་བརྩམས་པའི་དྲི་བ་བགྱིད་པ་ནི་གླེང་གཞིའོ། །དེའི་དོན་ཡང་རང་རང་གི་རྒྱུད་སྟེང་དུ་འགེལ་ན་འདི་ཡིན་ཏེ། གནས་དབེན་པར་ལུས་དྲང་པོར་བསྲང་ནས་བློ་ནང་དུ་ཕྱོགས་ཏེ་ལེགས་པར་ བསམས་པའི་ཚེ། གང་ན་ང་སྔོན་ཆད་ཐོག་མ་མེད་པའི་འཁོར་བའི་མལ་གཏིང་འདིར་སྡུག་བསྔལ་གྱི་ཟུག་གཟེར་འདི་ཙམ་པ་དུས་རྒྱུན་དུ་མྱོང་བ་རང་རིག་གིས་གྲུབ་པ་འདི་འདྲ་གྱུར་འདུག་པ། ད་འདི་ལྟ་བུའི་གནས་སུ་དེང་ནས་རང་མི་སྐྱེ་བ་ཞིག་ཅི་ནས་བྱ་དགོས། དེ་ལྟར་མ་བྱས་ན་ང་སྙིང་རུལ་སྙམ་པའི་མྱོང་བ་ལྷང་བ་མཁལ་མའི་ཟུག་གཟེར་ཚོར་བ་ལྟ་བུ་ཞིག་སྐྱེ་བའི་ཐབས་ལ་དང་པོར་འབད་དགོས་ཏེ་དེ་ལྟ་བུ་ཤིན་ཏུ་དཀའ། འདི་ལ་མྱོང་བ་མ་སྐྱེས་ན་འཁོར་བ་ལས་ཐར་པའི་ཐབས་ཟབ་མོ་བླ་མས་ཅི་ཙམ་བསྟན་ཅིང་གོ་མོད་ ཀྱང༌། སྔར་ལྟར་འཁྱག་སྟེང་གི་ཆུ་དང་མཚུངས་པར་འགྲོ་སྟེ། དཔེར་ན་ཆུ་འཐུང་འདོད་མེད་ན་འཐུང་བའི་རྩོལ་བ་མི་བྱེད་པར་སྡོད་པ་བཞིན་ནོ། །དེའི་སྒོམ་ལུགས་ཡང་ད་འཁོར་བ་འདིར་མི་སྐྱེ་བ་བྱེད་དགོས་སྙམ་པའི་གདོང་ཚུགས་ཀྱི་གཏུགས་པོ་དེ་ནི་མ་ཡིན་ཏེ། 2-3-74a དེ་ནི་ཤིན་ཏུ་གེགས་ཆེ་ཞིང་གཅོད་ཆུང་བས་སོ། །དེས་ན་ཤིང་བཟོ་བ་མཁས་པའི་འདེགས་བཞིན་དུ་དམིགས་པ་གཞན་མ་གཅིག་གི་གནད་དམ་ས་གཅིག་ནས་བསྒོམས་ན། བྱིན་གཡོས་ཡོང་ས་ཡོད་པ་དེ་གང་ཡིན། མི་རྟག་པ་སྒོམ་པ་ལྟ་བུའམ། དཀོན་མཆོག་ལ་གསོལ་བ་འདེབས་པ་ལྟ་བུ་འམ། སྡིག་པ་བཤགས་སམ། བྱང་ཆུབ་ཀྱི་སེམས་སྒོམ་པའམ། ཕྱིན་དྲུག་ལ་སློབ་པ་ལྟ་བུ་ཡིན་ཟེར་བ་འོང་སྲིད་དེ། དེ་རྣམས་ཀྱིས་ཀྱང་ཁྱད་ཤིན་ཏུ་ཆེ་བར་འོང་མོད་ནའང་དེ་ཀའི་ཐད་ཀྱི་མྱོང་བ་འདོན་པའི་དམིགས་སྐོར་ གནད་དུ་བསྣུན་པ་རྒྱལ་བས་གསུངས་ངོ་ཤེས་པའི་ཐར་པ་དོན་གཉེར་གྱི་བློ་བཅོས་བུ་མིན་པ་སྐྱེ་བའི་ཐབས་དམ་པ་ཞིག་ཡོད་སྣང་བས་དེ་དྲིས་པའོ། །མན་ངག་དེ་ཐུགས་ཀྱིས་དགོངས་ན་ད་འོ་ན་འཁོར་བ་འདི་ལས་རང་རེ་རྣམས་ཐར་བར་བྱེད་པའི་ཐབས་དམ་པ་ བཅར་པ་རྒྱལ་བས་གསུངས་པའི་གཅིག་ཆོག་འཆད་ཐུབ་ངོ་ཤེས་པ་དེ་གང་ཡིན་འདྲིའོ། །དེ་ལ་ཡང་སྔོན་དུ་རང་རེ་རྣམས་འཁོར་བ་འདིར་སྐྱེ་བར་བྱེད་པའི་རྒྱུའི་གཙོ་བོ་དངོས་གཞི་མཐར་ཐུག་པ་རང་ཞིག་ངོས་ཟིན་དགོས་པས་དེ་ལྟ་བུ་རྒྱལ་བས་གསུངས་པ་དེ་གང་ཡིན། འདིར་བཅར་པ་ངོས་མ་ཟིན་ན་འདི་འཇོམས་པའི་གཉེན་པོ་གང་ཡིན་དང་འཇོམས་ལུགས་ཇི་ལྟར་བྱེད་བཅར་པ་ཡང་ངོས་མི་ཟིན་པར་ཕོ་ཚོད་ཙམ་ལས་མི་འོང་སྟེ། དཔེར་ན་དགྲ་ངོས་མ་ཟིན་པར་དམག་འདྲེན་པ་བཞིན་ནོ། །དེ་ཡང་མ་རིག་པ་ཡིན། དེ་ཡང་གཏི་མུག་ཡིན། དེ་ཡང་དངོས་འཛིན་ཡིན་ཞེས་སོགས་སྨྲ་བ་འོང་ཀྱང་དེ་རྣམས་ཀྱིས་ཀྱང་བཅར་པ་རང་ངོས་མ་ཟིན་ཏེ། དཔེར་ན་རྐུན་མ་གང་ཡིན་ངོས་འཛིན་བཅུག་པའི་ཚེ་མི་ཡིན། དེ་ཡང་བཙུན་པ་ཡིན། དེ་ཡང་གཞོན་པ་ཡིན་ཞེས་ཇི་སྙེད་ཅིག་སྨྲས་ཀྱང༌། གང་ཟག་གཅིག་ལ་ 2-3-74b མཛུབ་མོ་མ་ཚུགས་བར་ལ་རྐུན་མ་ངོས་མི་ཟིན་པ་བཞིན་ནོ། །དེས་ན་རང་རྒྱུད་ལ་བཀར་ནས་བལྟས་པའི་ཚེ། ད་འཁོར་བར་སྐྱེ་བའི་རྒྱུའི་གཙོ་བོ་རང་མཐར་ཐུག་པ་འདི་ཡིན་པར་འདུག་སྙམ་པའི་མྱོང་བ་ལྷང་བ་རྒྱུ་མཚན་ཡང་དག་ལ་བརྟེན་ཅིང་མོས་མནོས་སུ་མ་ སོང་བ་ཞིག་དང་པོར་སྐྱེ་དགོས་ཏེ། དཔེར་ན་སྨན་གཏོང་བ་ལ་དང་པོར་ནད་ངོ་ཤེས་དགོས་པ་དང་འདྲ་བས་སོ། །གཞན་ཡང་རང་རེ་རྣམས་འཁོར་བ་འདིར་གཅིག་ནས་གཅིག་ཏུ་བརྒྱུད་དེ་འཁོར་བའི་འཁོར་ཚུལ་ལ་མྱོང་བ་ལྷང་བ་མ་སྐྱེས་ན་ནི་འཁོར་བ་ལ་ཞེན་ ལོག་དང་སྐྱོ་ཤས་ངེས་འབྱུང་རྣམས་རྣལ་མ་འོང་ས་མེད་ཅིང༌། དེ་ལྟར་འཁོར་བར་འཁྱམས་ཚུལ་ལ་མྱོང་བ་ལྷང་བ་སྐྱེ་བ་ནི། རྟེན་འབྲེལ་བཅུ་གཉིས་ཀྱི་འཁོར་ཚུལ་སྒོམ་པ་ལ་རག་ལས་པས་ན། དེའི་འཁོར་ཚུལ་དང༌། རྟེན་འབྲེལ་བཅུ་གཉིས་ཀྱི་གྲངས་དང་གོ་ རིམ་ངེས་པ་ཅན་དང༌། དེ་རྣམས་རྒྱུ་འབྲས་སུ་འགྲོ་ཚུལ་དང༌། དེའི་ཁོང་ནས་སྐྱེས་བུ་གསུམ་གྱི་ཁྲིད་འོང་ཚུལ་རྣམས་གང་ཡིན། དེ་རྣམས་ངོས་ཟིན་ན་ད་འདི་རྣམས་འདྲི་སྟེ། ངེས་དོན་སྒོམ་པ་དང་བྱང་ཆུབ་ཀྱི་སེམས་སྒོམ་པ་གཉིས་ཀྱི་ནང་ནས་རྫོགས་པའི་ སངས་རྒྱས་སྒྲུབ་པའི་ཐུན་མོང་མ་ཡིན་པ་རང་གི་རྒྱུ་དེ་གང་ཡིན། འཁོར་བ་ལས་འདོན་པའི་གཙོ་བོ་དེ་ཡང་གང་ཡིན། བྱང་ཆུབ་ཀྱི་སེམས་སྒོམ་པའི་དང་པོར་ཡང་སེམས་ཅན་ཐམས་ཅད་རང་གི་མར་ཤེས་པ་ལ་མྱོང་བ་ཐོན་དགོས་ཤིང༌། དེ་ཡང་སེམས་ཅན་ ཐམས་ཅད་ལྟ་ཞོག །སྒོ་རྩའི་ཁྱི་འདི་ཙམ་ཞིག་ལ་དམིགས་པའི་ཚེ། འདི་རང་གི་མ་ཡིན་ངེས་སྙམ་པའི་མྱོང་བ་ལྷང་བ་ཞིག་དང་པོར་མི་སྐྱེ་ཁ་མེད་ཡིན་པས་ན། དེའི་སྒོམ་ལུགས་ཇི་ལྟར་བྱེད། ཁྱི་འདི་ངའི་མ་ཡིན་སྙམ་པའི་མུ་ཐུག་དེ་ཙམ་ཀ་ཡིན་ནམ། 2-3-75a འཕྲུལ་འདེགས་བཞིན་དམིགས་པ་གཞན་གཅིག་ནས་བྱས་ཡོད། ཡོད་ན་དེ་གང་ཡིན། ཡང་བདག་གཞན་བརྗེ་བ་སྒོམ་ཞེས་གསུངས་པའི་བརྗེ་ལུགས་ཡང་གང་ཡིན། ཚུ་ཁའི་རང་དང་ཕ་ཁའི་གཞན་གཉིས་པོ་བརྗེ་བ་ལ་དམིགས་པ་གཏོད་པ་ཡིན་ ནམ། དེ་ལས་གཞན་གཅིག་ཡོད། དང་པོ་ཡིན་ན་དེའི་དགོངས་པ་གང་ཡིན། གཉིས་པ་ཡིན་ན་གདམས་ངག་དེ་རང་གང་ཡིན། གཞན་ཡང་དམིགས་པ་གང་སྒོམ་ཡང་དུས་ཚོད་ལ་ཐུན་དངོས་གཞི་དང་ཐུན་པར་གཉིས་སུ་འབྱེད་དགོས་པས་ན་ཐུན་དངོས་གཞིའི་ཚེ་ དམིགས་པ་གང་འདྲ་བ་ཞིག་སྒོམ་ན། དེའི་ཐུན་མཚམས་ལ་དགེ་སྦྱོར་རྣམས་ཀྱི་དམིགས་པ་བྱེད་ལུགས་ཇི་འདྲ་ཞིག་བྱེད་ན་དེའི་དངོས་གཞིའི་བོགས་འདོན་དུ་འགྱུར། སྤྱོད་ལམ་རྣམས་དགེ་སྦྱོར་དུ་གཏོང་ལུགས་ཡང་ཇི་ལྟར་བྱེད། ཐུན་དངོས་གཞི་ལ་ཡང་གྲངས་ དང༌། ཐུན་ཚོད་ཇི་ཙམ་ལ་བྱེད། དེ་དུས་ལུས་གནད་སོགས་ཇི་ལྟར་བྱེད། གྲངས་དུར་བགྲོང༌། སྒོམ་རྣམས་ཀྱི་དང་པོའི་འགོར་རྒྱ་གར་སྐད་འདྲ་བ་དེ་འདི་ལ་བྱེད་ཀྱི་རྒྱུ་མཚན་ཇི་ལྟར་ཡོད། དིང་སང་གི་སྒོམ་ཆེན་པ་འགའ་ཞིག་ལ་མཉམ་རྗེས་འདྲེས་པའི་རྟོགས་པ་ཡོད་ཟེར་མཁན་ འདུག་པ་ཨེ་བདེན། བདེན་ན་འདྲེས་ལུགས་ཇི་ལྟར་འོང་གིན་འདུག །མ་འདྲེས་པའི་ཚེ་མཉམ་རྗེས་ཀྱི་མཚམས་གང་གིས་འབྱེད་པ་ཡིན། ཡང་མདོ་རྒྱུད་དགོངས་འགྲེལ་དང་བཅས་པ་ཐམས་ཅད་ནས་ཀྱང་བཤེས་གཉེན་བསྟེན་ཚུལ་ལ་བསྔགས་པ་ཆེ་བར་བརྗོད་འདུག་ཅིང༌། ཁྱད་པར་དུ་སྒོམ་ཆེན་པ་རྣམས་བླ་མའི་རྣལ་འབྱོར་ལ་རྩལ་དུ་འདོན་པ་ཡིན་ན། བླ་མ་བསྒོམ་པའི་གནས། །བླ་མའི་གྲངས། བླ་མའི་རྣལ་འབྱོར་དངོས་གཞིའི་སྒོམ་ཁྱེར། རྩ་བའི་བླ་མ་དང་རྡོ་རྗེ་འཆང་ལྟ་བུ་དབྱེར་མེད་ལུགས། འོད་ཟེར་གྱི་སྤྲོ་བསྡུ་རྣམས་ཇི་ལྟར་བྱེད་ཀྱིན་ཡོད་རྣམས་ 2-3-75b འདྲིའོ། །གཞན་ཡང་དིང་སང་གི་སྒོམ་ཆེན་པ་ཕལ་ཆེ་བ་དལ་འབྱོར་དང་མི་རྟག་པའི་སྒོམ་ལ་སླ་ཆོས་སུ་བྱེད་པར་སྣང་བས་ན་དེ་ལ་འདི་འདྲི་སྟེ། སྤྱིར་གྱིས་དགེ་སྦྱོར་གང་བྱེད་ཐམས་ཅད་ཀྱི་དགོས་པ་ནི། བློ་སྣ་བསྟུངས་ནས་འཁོར་བ་ལས་བརྒལ་ཏེ་རྫོགས་པའི་སངས་རྒྱས་ཐོབ་པར་བྱེད་ པ་ལས་འོས་མེད་ན། འདི་གཉིས་རང་བསྒོམ་པའི་ལག་རྗེས་སུ་ཐུན་མོང་མ་ཡིན་པའི་དགོས་པ་ཆེན་པོ་རེ་རང་རང་ས་ན་ཡོད་པས་དེ་གཉིས་རང་གང་ཡིན། དལ་འབྱོར་སྒོམ་ན་དལ་ལུགས་དང་འབྱོར་ལུགས་དེ་གང་ཡིན། རྒྱུད་སྟེང་དུ་སྒོམ་ན་ཇི་ལྟར་བྱེད་ཀྱིན་ཡོད། མི་རྟག་པ་ལྟ་བུའི་སྒོམ་ ལུགས་ཡང་ཁ་བཤད་དུ་མ་སོང་བར་བྱས་ཏེ་སེམས་ལ་སྒོམ་ན་ཇི་ལྟར་བྱེད་ཀྱིན་ཡོད། རྒྱུད་ལ་འཁུལ་ཆེ་བའི་དེའི་དམིགས་པ་རྣོ་ཤོས་རྒྱལ་བའི་གསུང་ལས་འབྱུང་བ་ཇི་ལྟར་ཡོད་ཡང་ངན་སོང་གི་སྡུག་བསྔལ་སྒོམ་པའི་སྒོམ་ལ་མྱོང་བ་གཤའ་མ་ཞིག་མ་སྐྱེས་ན་སྐྱབས་ འགྲོ་ཡང་དག་པ་ཡོད་མི་སྲིད་ཅེས་སྨྲས་ན། དེ་འདྲ་སྲིད་པར་ཁས་ལེན་ནུས་མཁན་ཇི་ལྟར་ཡོད། མི་སྲིད་ན་དེའི་རྒྱུ་མཚན་གང་ཡིན། སྐྱབས་འགྲོ་ངག་ཏུ་བཏོན་ནས་བྱེད་པ་འདི་ལས་མ་གཏོགས་པ་ཡིད་ལ་སྒོམ་ན་སྒོམ་ལུགས་ཀྱི་རྒྱག་ཁྱེར་ཇི་ལྟར་གདའ། ཡིད་ལ་སྒོམ་དུས་ དཀོན་མཆོག་གསུམ་པོ་ཇི་འདྲ་ཅིག་ཡིད་ངོར་བྱེད། རང་རེ་རྣམས་ཀྱི་སྒོ་ལྔའི་ཡུལ་དུ་སྣང་བའི་དཀོན་མཆོག་གི་རྟེན་གསུམ་འདི་རྣམས་ལས་མ་གཏོགས་པ་ཞིག་ཡིད་ལ་བྱེད་དམ། འདི་རྣམས་ཀ་བྱེད་པ་ཡིན། དང་པོ་ཡིན་ན་གང་འདྲ་ཞིག་ཡིད་ལ་སྒོམ། དེ་བསྒོམས་པས་འདི་རྣམས་ ལ་མོས་གུས་ཆུང་དུ་མ་སོང་བ་བྱེད་ཚུལ་ཇི་ལྟར་ཡོད། གཉིས་པ་ཡིན་ན་དཀོན་མཆོག་གསུམ་པོ་དངོས་དེ་རང་གང་ཡིན། སྐྱབས་འགྲོའི་ངོ་བོ་ཨི་ཐི་བ་དེ་གང་ལ་བྱེད། འདི་རྣམས་ལ་གོ་བ་མ་རྙེད་པར་སྐྱབས་སུ་འགྲོ་བར་ཁས་ལེན་པ་ནི། སྲེག་འཚེད་མི་ནུས་པའི་མེ་དང་མཚུངས་སོ། ། 2-3-76a ཡང་སྡིག་པ་བཤགས་པ་ལ་གཙོ་ཆེ་ཞིང་གལ་ཆེ་ངོས་ཤེས་པ་རང་ཞིག་ངོས་འཛིན་གང་ལ་བྱེད། ཡང་དགེ་སྡིག་སྟོབས་འདྲ་འདྲེས་མར་མཉམ་དུ་སྤྱོད་པ་འདི་ཀུན་གྱི་དགེ་བ་དེའི་མཐུས་སྡིག་པའི་རྣམ་སྨིན་མི་འབྱིན་པར་བྱེད་པ་ཡིན་ནམ་མ་ཡིན། ཡིན་ན་ནི་དེའི་སྡིག་པས་ཀྱང་དགེ་བ་མི་འཇོམས་པའི་རྒྱུ་མཚན་ཅི་ཡིན། འོན་ཏེ་སྡིག་པས་ཀྱང་དགེ་བ་འཇོམས་ཏེ། སྤྱོད་འཇུག་ཏུ། བསྐལ་པ་སྟོང་དུ་བསགས་པ་ཡིན། །སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། །ལེགས་སྤྱད་གང་ཡིན་དེ་ཀུན་ཀྱང༌། །ཁོང་ཁྲོ་གཅིག་གིས་ འཇོམས་པར་བྱེད། །ཅེས་གསུངས་པས་སོ་སྙམ་ན། དེ་ལྟ་ན་དེ་འདྲའི་གང་ཟག་གིས་དགེ་བ་གང་བྱས་སྡིག་པས་བཅོམས་ནས་འབྲས་བུ་འབྱིན་པ་མི་སྲིད་པར་སོང་པས་ན། གང་ཟག་དེ་དགེ་བ་བྱེད་པ་འཁྲུལ་པར་ཁས་ལེན་ཨེ་ནུས། འོན་ཏེ་དགེ་སྡིག་གཉིས་འགོ་བདོས་ ནས་གཉིས་ཀའི་འབྲས་བུ་མི་འབྱིན་པར་བྱེད་པ་ཡིན་སྙམ་ན། འོ་ན་ཞིང་གཅིག་ལ་ནས་སྲན་གཉིས་མཉམ་དུ་བཏབ་པའི་ཚེ་ཡང་དེ་གཉིས་མགོ་བདོས་ལ་སོང་ནས་གཉིས་ཀའི་འབྲས་བུ་མི་འབྱུང་བ་ཡིན་ནམ། ཡང་ན་ནས་སྟོབས་ཆེ་བས་སྲན་མ་བཅོམ་ནས་སྲན་མའི་ འབྲས་བུ་མི་འབྱུང་བ་གང་ཁས་ལེན་ནུས་པ། འོན་ཏེ་དཔེ་དེ་ལྟར་ན་གཉིས་ཀའི་འབྲས་བུ་སོ་སོར་སྨིན་གྱི། ཕན་ཚུན་གཅིག་གིས་གཅིག་ལ་མི་གནོད་དོ་སྙམ་ན། དེ་ལྟ་ན་དགེ་བས་ཀྱང་སྡིག་པ་ལ་མི་གནོད་བས་ན། འོ་ན་དགེ་བ་ལ་བརྟེན་ནས་མཚམས་མེད་ལྔའི་ལས་ སྒྲིབ་མ་ལུས་པར་འདག་པར་གསུངས་པའི་དགོངས་པ་གང་ཡིན། ལུང་དེ་བདེན་ན་སྤྱོད་འཇུག་གི་ལུང་དེའི་དགོངས་པ་ཡང་གང་ཡིན་འདྲིའོ། །སྤྱོད་འཇུག་གི་དེའི་དོན་ནི། ཁོང་ཁྲོ་སྐད་ཅིག་མ་གཅིག་གིས་བསྐལ་པ་སྟོང་དུ་བསགས་པའི་དགེ་བ་ཐམས་ཅད་ 2-3-76b འཇོམས་པ་ལ་བྱེད་ན། འོ་ན་ཁོང་ཁྲོ་སྐད་ཅིག་མ་གཅིག་སྐྱེས་ཡན་གྱི་དགེ་བ་གང་འབད་དོན་མེད་དུ་སོང་བ་ཁས་ལེན་ཨེ་ནུས། ནུས་ན་ནི་དིང་སང་ཁོང་ཁྲོ་སྐད་ཅིག་མ་གཅིག་སྐྱེས་ཤིང༌། སྐྱེ་འགྱུར་ག་ཤས་ཆེའོ། །གཞན་ཡང་སྔར་སྡིག་བཤགས་ཀྱི་དགེ་བ་གང་བྱས་ཐམས་ ཅད་ཀྱང་ཕྱིས་ཀྱི་ཁོང་ཁྲོ་སྐད་ཅིག་མ་གཅིག་པོ་དེས་བཅོམ་པས་ན་བཤགས་པ་ལ་བརྟེན་ནས་སྡིག་པ་དག་པ་རྣམས་ཀྱང་སླར་ལོག་ནས་འབྲས་བུ་སྨིན་དགོས་པ་ཡང་ཁས་ཨེ་ལེན། འདི་རྣམས་ལ་བློ་རྩེ་གཏད་རྒྱུ་མེད་ན་ནི། ངེད་ལས་འབྲས་པ་ཡིན་ཞེས་པ་ཡང་ དད་པ་ཙམ་དུ་བྱས་པས་སོ། །མདོར་ན་ངན་སོང་གི་སྡུག་བསྔལ་སྒོམ་པ། སྐྱབས་འགྲོ། ལས་འབྲས། སྡིག་བཤགས་འདི་རྣམས་ལ་ཡང་དིང་སང་གི་ཉམས་ལེན་པ་རྣམས་སླ་ཆོས་སུ་བྱེད་པ་སྣང་མོད་ཀྱང༌། ཁོ་བོ་བློ་དང་རྩོལ་བ་ཞན། ཉམས་དང་རྟོགས་པ་དམའ་བའི་ གང་ཟག་གི་བློ་ངོར་ནི་འདི་རྣམས་ཡང་གལ་ཆེ་ཞིང་དཀའ་བར་སྣང་ལ། འདིས་མཚོན་ནས་གཞན་ཡང་མང་དག་ཡོད་པ་རྣམས་ནི་མངས་དོགས་ནས་ཡི་གེར་མ་བཀོད་པ་ཡིན་ནོ། །སྤྱིར་རྒྱལ་བས་གསུངས་པའི་གདམས་ངག་རྣམས་ལྟ་སྒོམ་སྤྱོད་གསུམ་དུ་མ་འདུས་པ་ མེད་པས་ན་ཉམས་ལེན་པ་རྣམས་ཀྱང་ནོར་མ་ནོར་ཐུགས་རྟོག་འཇུག་ན་འདི་གསུམ་ལ་འཇུག་རྒྱུར་འདུག་ནས། ཁོ་བོས་ནི་སྔར་ཞུས་རྣམས་སྤྱོད་ཕྱོག་ལས་བརྩམས་པའི་འགག་ཞུས་པའོ། །ད་ནི་ལྟ་སྒོམ་གཉིས་ལས་བརྩམས་པའི་འགག་ཞུ་བས་སྐྱོ་མ་སྔ་བཙན་ དོར་ཏེ་འདི་དགོངས་འཚལ། སྤྱིར་རྒྱལ་བའི་གསུང་ནི་རྒྱ་མཚོ་ལྟར་ཟབ་ཅིང་བརླིང༌། ཁྱད་པར་ལྟ་སྒོམ་འདིའི་མཚམས་ན་ཕུང་འཚེང་གི་གཞི་དང་གོལ་ས་དང་ལྟུང་ཉེན་ཤིན་ཏུ་ཆེ་བས་ཐུགས་ཞིབ་དགོས་ཏེ། གནས་སྐབས་ཀྱི་ལམ་འདི་ཡང་ཉི་མ་གཅིག་ཙམ་ནོར་ 2-3-77a ནའང་ཇི་འདྲ་ཡིན། འདི་ནི་གཏན་གྱི་བྱ་བར་འདུག་པས་ན་གོལ་སའི་མཚམས་རྣམས་ལ་ཞིབ་ཆ་ཇི་འདྲ་དགོས་པ་འདུག་གི་ཐུགས་རྟོག་ལེགས་པར་མཛད་པར་ཞུ་ཞིག །ད་འོ་ན་སྒོམ་ཆེན་རྣམས་ལྟ་སྒོམ་ལ་གཙོ་བོར་འབད་པ་ལགས་ན་ལྟ་བ་སྟོང་ཉིད་རྟོགས་ པའི་བློ་དེ་སྒོམ་པ་ཞི་གནས་དང་མ་བྲལ་བ་ཞིག་དགོས་ཏེ། དེ་བྱུང་ན་ལྟ་སྒོམ་ཟུང་འབྲེལ། ཞི་ལྷག་ཟུང་འཇུག་ཏུ་འགྲོ་བ་ཡིན་ལ། དེ་ལ་ཡང་དང་པོར་འབྱར་རྩི་དང་འདྲ་བའི་ཞི་གནས་བརྟན་པོ་མེད་ན་སྟོང་པ་ཉིད་ལ་སེམས་བཅར་ཏེ་སྡོད་མི་ནུས་ལ། སྟོང་ཉིད་ལ་སེམས་ བཅར་གནས་པའི་མཉམ་གཞག་བཟང་པོ་མེད་ན་རྗེས་ཐོབ་ཏུ་སྣང་བ་རྣམས་སྒྱུ་མ་ལྟ་བུར་འཆར་ས་མེད་པས་ན། ལྷག་མཐོང་ངམ་ངེས་དོན་སྒོམ་པའི་སྔོན་ལ་ཞི་གནས་གལ་ཆེ་ཞིང་དེ་ལ་ཡང་དགྲ་གཉིས་ཡོད་པའི་བྱིང་བ་དེ་གང་ཡིན། རྨུགས་པ་དང་གཅིག་གམ་ མི་གཅིག །གཅིག་ན་ཐོགས་མེད་སོགས་ཀྱིས་དེ་གཉིས་སོ་སོར་ངོས་བཟུང་བ་དེ་ཇི་ལྟར་འགེགས། མི་གཅིག་ན་དེ་གཉིས་ཀྱི་ཁྱད་པར་ཇི་ལྟར་འབྱེད། ཡང་མཉམ་པར་བཞག་དུས་བྱིང་བ་ཕྲ་རགས་སྐྱེ་ཚུལ་ཇི་ལྟར་འོང༌། དེ་གཉིས་མི་སྐྱེ་བར་བྱེད་པའི་གཉེན་པོ་གང་དང་ གང་ཡོད། ཡང་དྲན་པ་དང་ཤེས་བཞིན་གལ་ཆེ་ཟེར་བ་ཞིག །སྒོམ་ཆེན་པ་ཀུན་གྱི་ཞལ་ནས་རླུང་བཞིན་དུ་འོང་གིན་འདུག་པ་དེ་གཉིས་སོ་སོར་ངོས་འཛིན་བཅར་བ་རེ་ཇི་ལྟར་ཡོད་འདྲིའོ། །མ་ཡེངས་ཙམ་འདི་ག་དྲན་པ་ཡིན། ཡེངས་མ་ཡེངས་བྱ་ར་བྱེད་པ་དེ་ཤེས་བཞིན་ ཡིན་ཟེར་ན་ཡེངས་མ་ཡེངས་ཀྱི་དོན་དེ་གང་ཡིན། དམིགས་པ་འདི་འདྲ་གཅིག་ལས་ཡེངས་པ་དང་མ་ཡེངས་པ་ཞེས་འཇོག་གམ། དམིགས་པ་ལ་མི་རྩི་བར་ཡིད་འདི་མ་འཕྲོས་ཙམ་བྱེད་པ་ལ་དྲན་པ་དང༌། འཕྲོས་མ་འཕྲོས་བྱ་ར་བྱེད་པ་ལ་ཤེས་བཞིན་ཡིན་ཞེས་འཇོག་པ་ 2-3-77b ཡིན། ཡང་བདེ་གསལ་མི་རྟོག་པ་སྒོམ་གྱི་ཡང་རྩེ་ཡིན་ཟེར་བ་ཞིག་ཡང་འདུག་པ། འདིའི་གསལ་བ་དང་མི་རྟོག་པ་གཉིས་པོ་ཇི་ལྟར་ངོས་འཛིན། གསལ་བའི་དོན་དེ་ཡང་སེམས་འདི་ལ་དམིགས་རྟེན་གསལ་བ་ཞིག་དགོས་པ་ཡིན་ནམ། དམིགས་རྟེན་ལ་མི་རྩི་བར་གང་དུ་ཡང་མ་འཕྲོས་ ཙམ་གྱི་ངང་ནས་སེམས་འདི་གེ་གསལ་ལེ་ཧྲིག་གེ་བའི་དྭངས་ཆ་ཅན་དེ་གས་ཆོག་པ་ཡིན། མི་རྟོག་པའི་དོན་ཡང་དམིགས་རྟེན་གཅིག་ལ་གཏད་ནས་དེ་ལས་གཞན་གང་ལ་ཡང་མི་རྟོག་པ་ཞིག་དགོས་སམ། དམིགས་རྟེན་ལ་མི་རྩི་བར་སེམས་འདི་ག་གང་ལ་ཡང་མི་རྟོག་པའམ། མི་ འཕྲོ་བར་གནས་པ་ཙམ་གྱིས་ཆོག་པ་ཡིན་འདྲིའོ། །དེ་ལ་ལན་དང་པོ་ལྟར་དུ་དྲན་པ་ཡང་དམིགས་རྟེན་གཅིག་ལས་མ་ཡེངས་པ་ཞིག་ལ་བྱ་དགོས། ཤེས་བཞིན་ཡང་དམིགས་རྟེན་གཅིག་པོ་དེ་ལས་ཡེངས་མ་ཡེངས་ཀྱི་བྱ་ར་བྱེད་པ་ཅིག་དགོས། གསལ་བ་ལ་ཡང་དམིགས་རྟེན་ གསལ་བ་ཞིག་དགོས། མི་རྟོག་པ་ལ་ཡང་དམིགས་རྟེན་གཅིག་ལ་གནས་ནས་དེ་ལས་གཞན་གང་ལ་ཡང་མི་རྟོག་པ་ཞིག་དགོས་ཟེར་ན། དེ་འདྲའི་དྲན་ཤེས་བཞིན་དང་གསལ་ལ་མི་རྟོག་པ་ལྡན་པའི་ཞི་གནས་དེ་ངེས་དོན་གྱི་སྐབས་སུ་མ་ཚང་ན་ནི་ཞི་ལྷག་ཟུང་འབྲེལ་གྱི་ གཅིག་གང་ལ་བྱེད། ཚང་ན་ནི་དེ་འདྲའི་ཞི་གནས་དེ་ལྷག་མཐོང་དང་སྦྲེལ་བའི་ཚེ་ལྷག་མཐོང་དེ་ཡང་དམིགས་རྟེན་ལ་གཏད་འདུག་པས་ན་དམིགས་བཅས་སྒོམ་པར་སོང་གི་དམིགས་མེད་སྒོམ་པ་མ་ཡིན་ནོ་ཟེར་ན་དེ་ལ་ལན་ཇི་ལྟར་འདེབས། དེས་ན་དེ་ལ་འགའ་ཞིག་འདི་སྙམ་ དུ་སེམས་ཏེ། དེ་ཐམས་ཅད་དམིགས་རྟེན་ལ་མི་རྩི་བར་སེམས་འདི་ག་གང་ལ་ཡང་མི་འཇུག་པར་མ་ཡེངས། མ་འཕྲོས་མི་རྟོག་པར་ཙེ་ན་ནེ་གནས་ཤིང་དེའི་ངང་ནས་སེམས་འདི་ག་ཧྲིག་གེ་བའི་དྭངས་ཆ་ཅན་དེ་ལ་ཡུན་ཇི་ཙམ་སྡོད་ཐུབ་པའི་ཚེ་ནི། དེ་ལ་དྲན་ 2-3-78a ཤེས་བཞིན་དང་བདེ་གསལ་མི་རྟོག་པ་ལྔ་ཆར་ཚང་ཞིང༌། ཞི་ལྷག་ཟུང་འཇུག་ཡང་འདི་ག་ཡིན། མདོར་ན་ངེས་དོན་སྒོམ་པ། སྟོང་ཉིད་སྒོམ་པ་ཕྱག་རྒྱ་ཆེན་པོའི་དངོས་གཞི་ཡིན། སྦྱོར་བ་ཡན་ལག་དྲུག་གི་དང་པོ་སོ་སོར་སྡུད་པ་རྣམས་འདི་ག་ཡིན་སྙམ་ པ་ཡང་འདུག་སྟེ། དེ་རྣམས་ཐམས་ཅད་ཨེ་ཡིན་པ་འདུག་ནི་མདོ་རྒྱུད་དེའི་དགོངས་འགྲེལ་རྣམས་ལས་ཤེས་དགོས་ལ། རྒྱལ་བའི་གདམས་ངག་རྣམས་ཀྱི་དགོངས་འགྲེལ་ཡང་རྒྱ་གར་དུ་ཤིང་རྟའི་སྲོལ་འབྱེད་ཆེན་པོ་གཉིས་སུ་གྲགས་ཏེ། ཀླུ་སྒྲུབ་ཡབ་སྲས་ཀྱི་བརྒྱུད་ པ་ཚན་གཅིག་དང༌། ཐོགས་མེད་སྐུ་མཆེད་ཀྱི་བརྒྱུད་པ་ཚན་གཅིག་སྟེ་འདི་གཉིས་སུ་ངེས་ཤིང༌། དེ་གཉིས་ཀྱིས་གསུངས་པའི་དྲན་ཤེས་བཞིན་དང༌། གསལ་ལ་མི་རྟོག་པ་རྣམས་དང་ནི་ཁྱོད་ཀྱི་དེ་མི་འགྲིག་པ་འདུག །ཁྱད་པར་དུ་མཁས་པ་ཆེན་པོ་ཀ་མ་ལ་ཤཱི་ལས་སྒོམ་ རིམ་རྣམ་པ་གསུམ་གསུངས་པ་ཡོད་པས་དེ་རྣམས་ལེགས་པར་གཟིགས་དང་དེ་ཧྭ་ཤང་དང་རྩོད་གཞི་ཅན་དུ་གསུངས་ཡོད་པས་ན། མཁས་པ་དེ་རྣམས་ནོར་རོ་ཞེས་ཁས་ལེན་ཨེ་ནུས། གཞན་ཡང་སྒོམ་ལ་དཔྱད་སྒོམ་དང་འཇོག་སྒོམ་གཉིས་འོང་ངམ་མི་འོང༌། མི་འོང་ ན་རྒྱ་གར་བའི་ཚད་ལྡན་རྣམས་ཀྱིས་གསུངས་པ་འདི་འགོག་གམ། འོང་ན་སྒོམ་ལ་དེ་གཉིས་སུ་འབྱེད་པའི་རྒྱུ་མཚན་ཅི་ཡིན། ཡང་དཔྱད་སྒོམ་སྒོམ་ཡིན་ནམ་མ་ཡིན། མ་ཡིན་ན་རྒྱ་གར་མཁས་པ་རྣམས་ཀྱིས་སྒོམ་དུ་གསུངས་འདུག་པ་དེ་ནོར་རམ། དེ་སྒོམ་ཡིན་ན་ བློ་འཕྲོ་བ་སྒོམ་གྱི་གེགས་ཡིན་པས། འཕྲོར་མི་བཏུབ་ཟེར་བའི་རྒྱུ་མཚན་གང་ཡིན། ཐོས་པ་སྔོན་དུ་སོང་བའི་མཁས་པ་དང་མ་སོང་བའི་བླུན་པོ་གཉིས་སྒོམ་པའི་ཚེ་སྒོམ་བཟང་ངན་ལ་ཁྱད་མེད་ཟེར་བའི་རྒྱུ་མཚན་ཡང་ཅི་ཡིན། གཞན་ཡང་འཕྲོ་བ་སྒོམ་གྱི་གེགས་ 2-3-78b ཡིན་ན་ཐོགས་མེད་ཀྱི་མངོན་པ་ཀུན་ལས་བཏུས་སུ། ཐོས་བསམ་ལ་མ་བརྟེན་པར་སྒོམ་པ་ཡང་དག་མི་ཡོང་བར་བཤད་པ་དང༌། གཞན་ཡང་མཁས་པ་དུ་མས་ཐོས་བསམ་སྒོམ་གྱི་གྲོགས་སུ་གསུངས་པ་རྣམས་ཕྱིན་ཅི་ལོག་བསྟན་པ་ཡིན་ནམ། ཡང་འགའ་ཞིག་ནི་འཕྲོ་བ་སྒོམ་ གྱི་གེགས་ཡིན་ཟེར་བ། དེ་མཐར་ཐུག་གི་ངེས་དོན་སྒོམ་པའི་དུས་ཡིན་གྱི་རྣམ་པ་ཀུན་ཏུ་མ་ཡིན་ནོ་སྙམ་ན། འོ་ན་ངེས་དོན་སྒོམ་པའི་ཚེ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་དགོས་སམ་མི་དགོས། དགོས་ན་ནི་འཕྲོ་བ་སྒོམ་གྱི་གེགས་ཡིན་ཟེར་བ་འགལ་ལ། མི་དགོས་ ན་ནི་ད་འདྲའི་ངེས་དོན་དེ་ཀླུ་སྒྲུབ་ལུགས་ཀྱི་ལྷག་མཐོང་དང་འགལ་བས་ན་དེ་མཐར་ཐུག་གི་སྒོམ་ཡིན་པ་དོར་ཅིག །ཡང་འགའ་ཞིག་འཕྲོ་བ་དང་སྒོམ་གཉིས་མི་འགལ། འཕྲོ་བ་སྒོམ་དུ་འགྲོ་བའི་མན་ངག་ཡོད་སྙམ་ན་དེ་ལ་འདི་འདྲ་སྟེ། རྒོད་པ་དང་འཕྲོ་བ་གཅིག་གམ་ མི་གཅིག །ཞི་གནས་དང་སྒོམ་གཉིས་གཅིག་གམ་མི་གཅིག་གཅིག་ན་ཞི་གནས་ཀྱི་དགྲ་བྱིང་རྒོད་ཡིན་པས་ན་འཕྲོ་བ་སྒོམ་གྱི་གེགས་བྱེད་པར་སོང་ལ་མི་གཅིག་ན་ཁྱད་པར་གང་ཡིན། ཡང་འཇོག་སྒོམ་བྱེད་དུས་སེམས་འདི་དམིགས་པ་གཅིག་ལ་བཏགས་ནས་འཇོག་གམ་ མི་འཇོག །མི་འཇོག་ན་འདི་ལ་འདི་འཇོག་མེད་པའི་འཇོག་སྒོམ་དེ་ཇི་འདྲ་ཞིག་འོང་བ་ཡིན། འོན་ཏེ་དམིགས་པ་འདི་ལ་འཇོག་མི་དགོས་ཀྱི། སེམས་ཁོ་རང་གང་དུ་ཡང་འཕྲོ་མི་འཇུག་པར་ཙེན་ནེ་འཇོག་པས་ན་འཇོག་སྒོམ་ཟེར་བ་ཡིན་སྙམ་ན་ནི། དམིགས་པ་གང་ཡང་ སེམས་ངོ་ན་འཁྱེར་རྒྱུ་མེད་པའི་སེམས་ཧད་དེ་བ་དེ་འདྲ་འཇོག་སྒོམ་ཡང་དག་ཏུ་གང་ནས་བཤད། འདི་ནི་སྙན་ནས་སྙན་དུ་བརྒྱུད་པ་ཡིན་པས་ན། མདོ་རྒྱུད་ཀྱི་དཔང་བཞག་ཀྱང་མི་བྱེད། ཐོས་པ་ཡང་མི་དགོས། འདི་ག་རང་བསྐྱངས་པས་མཐར་ཐུག་འགྲུབ་བོ་སྙམ་ན་ནི། 2-3-79a གང་ཡང་ཡིད་ལ་མ་བྱས་པར་ཧད་དེ་བསྡད་པ་རང་གིས་དུས་གསུམ་ཅིག་ཅར་དུ་མཁྱེན་པའི་ཀུན་མཁྱེན་ཐོབ་འོང་ན་ལེགས་ཀྱི། ཁོ་བོས་ནི་དེ་ལྟའི་སྒོམ་དེ་ཧྭ་ཤང་གི་སྒོམ་ལུགས་ལས་ཁྱད་པར་གཏན་ནས་མ་ཕྱེད་དོ། །འོན་ཏེ་ཧྭ་ཤང་གི་ལུགས་དང་ཁྱད་པར་ ཤིན་ཏུ་ཆེ་སྟེ། ཧྭ་ཤང་ནི་སྦྱིན་སོགས་ཀྱི་དགེ་བ་ཀུན་ལ་སྐྱོན་དུ་ལྟ་ཞིང༌། ངེད་ནི་དགེ་བ་ཀུན་ལ་ཡོན་ཏན་དུ་ལྟ་བས་སོ་སྙམ་ན་དེ་ནི་ལྟ་སྒོམ་ལ་ཁྱད་མི་འདུག་ཅེས་སྨྲས་པའི་ལན་དུ་སྤྱོད་པ་ལ་ཁྱད་ཡོད་དོ་ཞེས་སྨྲ་བ་ཡིན་ཏེ་དེ་ནི། དཔེར་ན་གདོང་དཀར་ནག་དྲིས་པའི་ ཚེ། བཤད་ལམ་ཆེ་ཆུང་གི་ལན་འདེབས་པ་དང་འདྲའོ། །འོན་ཀྱང་ངེད་ཀྱི་སྒོམ་འདི་གང་ཡང་ཡིད་ལ་མི་བྱེད་པ་མ་ཡིན་གྱི་ཕྱག་རྒྱ་ཆེན་པོ་ཡིད་ལ་བྱེད་པའོ་སྙམ་ན། ཁྱེད་འདོད་པའི་ཕྱག་རྒྱ་ཆེན་པོ་དེ་ཀླུ་སྒྲུབ་ཀྱི་ལྟ་སྒོམ་དང་མཐུན་པར་འདུག་གམ་མི་ འདུག་གཟིགས་ལ། མི་མཐུན་པ་དེ་ནི་ཁྱི་ལ་སེང་གེ་ཡིན་ཞེས་པ་དང་ཁྱད་པར་ཅི་འདུག་མཐུན་ན་ནི་ཀླུ་སྒྲུབ་ཀྱི་ལྟ་སྒོམ་ལ་ནི་དེའི་གོལ་ས་རྟག་ཆད་དུ་མ་ཤོར་བ་ཤིག་དགོས་པ་ཡོད་པས། གང་འདྲ་ཞིག་ལ་སེམས་བཞག་ན་རྟག་ལྟར་འགྲོ། གང་འདྲ་ཞིག་ ལ་བཞག་ན་ཆད་ལྟའི་སྒོམ་དུ་འགྲོ་བ་ཡིན་ལེགས་པར་གསུངས་ཤིག །དེ་འདྲའི་རྣམ་དབྱེ་འབྱེད་པ་མི་ཤེས་ཀྱི་ངེད་རང་གི་འདི་ག་ལ་འོང་པ་ཡོད་དོ་སྙམ་ན་ནི། གོལ་སར་ཤོར་བ་དང་མ་ཤོར་བའི་གནས་མ་ཤེས་པར་ནི། ཁྱེད་རང་གིས་ད་ལྟའི་སྒོམ་དེ་ཡང་མ་ ནོར་བར་རྒྱུ་མཚན་ཡང་དག་ལ་བརྟེན་པའི་བརྟན་པ་ཐོབ་པ་དེར་མ་སོང་བས། ངེས་པ་གཏིང་ནས་འདྲོངས་ཤིང་བློ་ཐག་ཆོད་པའི་སྒོམ་དུ་རློམ་ཡང་དེར་མ་སོང་གི་མོས་མནོས་ཙམ་དུ་སོང་བ་དགོངས་པར་མཛོད་ཅིག །འོན་ཏེ་ཡོད་པ་ལ་བལྟས་ན་རྟག་ལྟར་འགྲོ། མེད་ 2-3-79b པ་ལ་བལྟས་ན་ཆད་ལྟར་འགྲོ། དེ་གཉིས་ཀར་ལྟ་བ་དང༌། དེ་ལས་གཞན་དུ་ལྟ་བ་ཡང་མཐར་ལྟར་འགྲོ་བས་ན་མུ་དེ་བཞི་དང་བྲལ་བའི་ལྟ་ཚུལ་དེ་ཀླུ་སྒྲུབ་ཀྱི་ལྟ་སྒོམ་ཡིན་སྙམ་ན་ནི། དེ་བཞི་དང་བྲལ་བའི་ལྟ་ལུགས་དེ་ཇི་འདྲ་ཞིག་ཡིན། དེ་ལྟ་བ་ཡིན་ཞེས་ སྨྲས་ཀྱང་གང་ལའང་མ་ལྟོས་པར་སོང་འདུག་པ་དེ་མ་དགོངས་སམ། སྔར་སྨྲས་ཟིན་པའི་ཧྭ་ཤང་གི་ཕྱོགས་སུ་བསླན་པའི་ཧད་དེ་པ་གང་ཡང་ཡིད་ལ་མི་བྱེད་པ་དེར་ད་དུང་མ་སོང་འདུག་གམ། འོ་ན་གང་ཡང་ཡིད་ལ་མི་བྱེད་ཅིང་མི་སྒོམ་པ་དེ་ག་སྒོམ་པའི་ མཆོག་ཡིན། གང་ལ་ཡང་མི་ལྟ་བ་དེ་ག་ལྟ་བའི་མཆོག་ཡིན། གང་ལ་ཡང་མི་སྤྱོད་པ་དེ་ག་སྤྱོད་པའི་མཆོག་ཡིན་སྙམ་ན་ནི། དེ་འདྲ་སྨྲ་བ་དེ་ཉམས་རྟོགས་བཟང་བཟང་འདྲ་བ་ཞིག་འདུག་སྟེ། དེ་ལྟ་ན་དགེ་སྦྱོར་མ་བྱས་པ་དེ་ག་བྱས་པ་ཡིན། སྒྲིབ་པ་མ་དག་ པ་དེ་ག་དག་པར་ཡང་སོང་ཞིང༌། དེ་ལྟ་ན་རྐྱག་གཏད་མི་འདུག་པས་རི་ཕུག་ཏུ་ཞེན་ལས་མ་བཞུགས་པར་ཅི་དྲན་ལག་ལ་བླངས་པས་ཆོག་པ་གདའ་བ། དེ་འདྲ་བྱས་ཆོག་པའི་མཚམས་ཞིག་ཀྱང་ཨེ་ཡོད་ན་ཡོད་དེ། དེར་ད་དུང་མ་སླེབས་པས་གཟབ་པ་ གལ་ཆེའོ། །འོ་ན་ཅི་ཡང་མི་མཐོང་བ་དེ་ག་མཐོང་བའི་མཆོག་དང༌། གང་ལ་ཡང་མི་ལྟ་བ་དེ་ག་ལྟ་བའི་མཆོག་ཏུ་རྒྱལ་བས་གསུངས་འདུག་པ་ཅི་ཡིན་སྙམ་ན། དེའི་དགོངས་པ་ནི་ཤིན་ཏུ་ཟབ་པར་ཡོད་པ་དོན་དུ་གཉེར་ཞིང་གཟུ་བོར་གནས་ན་སྔར་གྱི་རྩིང་ པོ་དེ་རྣམས་མ་ཡིན་གྱི། ཕ་བླ་མ་མཁས་པའི་མན་ངག་ཁུངས་མ་ཁོ་བོས་འབོགས་པར་འདོད་དེ། རེ་ཞིག་དུས་ལ་མ་བབ་སྣང་བས་ད་དུང་གཞན་རྣམས་ལ་དྲི་བར་བྱའོ། །གཞན་ཡང་སྟོང་ཉིད་སྒོམ་པ་བླ་ན་མེད། ཅེས་གསུངས་པའི་སྒོམ་རྒྱུའི་སྟོང་པ་ 2-3-80a ཉིད་དེ་གང་ཡིན། གང་དུ་ཡང་མ་གྲུབ་པ་དེ་ཡིན་སྙམ་ན། གང་དུ་ཡང་མ་གྲུབ་པར་སྒོམ་པའི་འབྲས་བུ་ཡང་གང་དུའང་མ་གྲུབ་པ་ཞིག་ལས་འོས་མེད་པས་དེ་འདྲའི་སྒོམ་དེ་བླ་ན་མེད་པ་མ་ཡིན་ནོ། འོ་ན་ཏེ་སྟོང་པ་ཉིད་ཀྱི་དོན་དེ་ནི། གང་དུ་ཡང་མི་དམིགས་པ་དེ་ག་ཡིན་ནོ་སྙམ་ན། འོ་ན་གང་དུ་ཡང་མི་དམིགས་པའི་དོན་དེ་གང་ཡིན། གང་ལ་ཡང་རྣམ་རྟོག་མི་འཇུག་པ་དེ་ཡིན་སྙམ་ན། འོ་ན་འཁོར་གསུམ་མི་དམིགས་པའི་སྦྱིན་པ་གཏོང་ན་ཇི་ལྟར་བྱེད། སྦྱིན་པ་པོ་དང༌། སྦྱིན་ ཡུལ་དང༌། སྦྱིན་པའི་ངོ་བོ་གསུམ་ལ་རྣམ་རྟོག་ཞུགས་ན་ནི་དམིགས་བཅས་ཀྱི་སྦྱིན་པར་འགྲོ་བར་འདུག་ལ། དེ་གསུམ་ཅར་ལ་རྣམ་རྟོག་མ་ཞུགས་པར་ནི་སོ་སོ་སྐྱེ་བོས་སྦྱིན་པ་གཏོང་མི་ཤེས་པས་སོ། །འོན་ཏེ་གསུམ་ཅར་ལ་བདེན་པར་མི་འཛིན་པར་སྦྱིན་པ་གཏོང་ བ་དེ་འཁོར་གསུམ་ཡོངས་དག་གི་སྦྱིན་པ་ཡིན་ནོ་སྙམ་ན། དེ་བདེན་པར་མི་འཛིན་པའི་དོན་དེ་གང་ལ་བྱེད། སྔར་གྱི་རྣམ་རྟོག་བཀག་སྡོད་པ་དེ་ག་ཡིན་ནམ། བདེན་པར་མེད་སྙམ་པའི་མུ་རྟུགས་དེ་ལ་བྱེད། གཞན་ཡང་ཆོས་ཐམས་ཅད་བདེན་པར་མེད་ཟེར་བ་ ཞིག་ཐམས་ཅད་ཀྱི་ཞལ་ནས་རླུང་འཕྱོ་བ་བཞིན་དུ་འོང་གིན་འདུག་པ་ལ་འདི་འདྲི་བར་འདོད་དེ། ཆོས་ཐམས་ཅད་རེ་ཞིག་གཞོག་དང་པོར་གང་ཟག་རང་རེ་བདེན་པར་མེད་པའི་དོན་དེ་གང་ལ་བྱེད། བདེན་པར་གྲུབ་སྲིད་ན་ཇི་འདྲ་ཞིག་འོང་རྒྱུ་ཡིན། དཔེར་ན་རི་བོང་ གི་མགོ་ལ་རྭ་མི་སྲིད་མོད། བརྒྱ་གལ་ཏེ་སྲིད་ན་འཆགས་ལུགས་འདི་ཙམ་ཞིག་འོང་རྒྱུ་ཡིན་སྙམ་པ་བློ་ལ་འཆར་དགོས་པ་བཞིན་དུ་བདེན་པར་གྲུབ་པའི་ཆགས་ལུགས་ཀྱང་འདི་ལྟ་བུ་ཞིག་འོང་རྒྱུ་ཡིན་སྙམ་པ་དགོས་པ་དེ་གང༌། ང་བདེན་སྙམ་དུ་ 2-3-80b འཛིན་པ་འདི་ག་ལ་བྱེད་སྙམ་ན། འོ་ན་ང་བདེན་མེད་དུ་སྒོམ་ལུགས་ཀྱང་ང་མི་བདེན་སྙམ་པ་འདི་ག་ལ་བྱེད་པར་སོང་ལ། དེ་གཉིས་ཀ་ནི་རྒྱུ་མཚན་གང་ལ་ཡང་མ་བརྟེན་པའི་མོས་མནོས་ཙམ་ཡིན་ནོ། །འོན་ཏེ་གང་དུ་ཡང་མ་གྲུབ་པ་དེ་བདེན་མེད་ཀྱི་དོན་ ཡིན་སྙམ་ན། འོ་ན་དེར་ལྟ་བ་ནི་ཆད་ལྟ་ཡིན་པས་དོར་རྒྱུ་ཡིན་ནོ། །གཞན་ཡང་བདེན་པར་མི་འཛིན་པ་དང༌། བདེན་མེད་དུ་འཛིན་པ་གཉིས་ལ་ཁྱད་པར་ཡོད་དམ་མེད། མེད་ན་ནི་མི་དགེ་བ་མི་བྱེད་པ་དང་དགེ་བ་བྱེད་པ་གཉིས་ལ་ཁྱད་མེད་ཅིང༌། དེ་ལྟ་ ན་མི་དགེ་བ་མ་ཡིན་པ་དང༌། དགེ་བ་ཡིན་པ་གཉིས་ལ་ཡང་ཁྱད་མི་འོང་རྒྱུ་ཡིན་ལ། དེ་ལྟ་ན་དགེ་མི་དགེ་གང་ཡང་མ་ཡིན་པའི་ལུང་མ་བསྟན་མི་སྲིད་པར་འགྱུར་ཞིང༌། ངན་པ་མ་ཡིན་པ་ཙམ་གྱིས་བཟང་པོར་འགྱུར་དགོས་ལ། དེ་ལྟ་ན་བཟང་ངན་ འབྲིང་གསུམ་མི་སྲིད་པར་སོང་ངོ༌། །འོན་ཏེ་བདེན་པར་མི་འཛིན་པ་དང་བདེན་མེད་དུ་འཛིན་པ་གཉིས་ལ་ཁྱད་པར་ཡོད་ན་ཁྱད་པར་གང་ཡིན་གསུངས་ཤིང༌། གཞན་ཡང་འགའ་ཞིག་སེམས་འདི་ཁ་དོག་དང་དབྱིབས་གང་དུ་གྲུབ་འདུག་ལེགས་པར་ བལྟས་པའི་ཚེ། དེ་གཉིས་གང་དུ་ཡང་མ་གྲུབ་པར་མཐོང་བ་དེ་ག་སེམས་མཐོང་བ་ཡིན་སྙམ་པ་འདུག་སྟེ། དེ་ལྟ་ན་རྭ་རྣོ་ལ་རིང་བ་དེ་བོང་བུའི་མགོ་ལ་གྲུབ་བམ་རྟའི་མགོ་ལ་གྲུབ་འདུག་ལེགས་པར་བལྟས་པའི་ཚེ། དེ་གཉིས་གང་དུ་ཡང་མ་གྲུབ་པར་ མཐོང་བ་དེ་ག་རྭ་མཐོང་བ་ཡིན་ནམ། ཡང་འགའ་ཞིག་སེམས་འདི་ཁ་དོག་དུ་འདུག་གམ་དབྱིབས་སུ་འདུག་བལྟས་ནས་དེ་གཉིས་གང་དུ་ཡང་མ་མཐོང་བའི་ཚེ་སེམས་མ་གྲུབ་བོ་ཞེས་ངོ་སྤྲོད་པ་འདུག་སྟེ། དེ་ལྟ་ན་ཁྱི་འདི་སེང་གེར་འདུག་གམ་ཝར་ 2-3-81a འདུག་ལེགས་པར་བལྟས་པས་དེ་གཉིས་གང་དུ་ཡང་མ་མཐོང་བའི་ཚེ་ཁྱི་མ་གྲུབ་པ་ཡིན་ཞེས་སྨྲ་ནུས་སམ། འདི་གཉིས་མཚུངས་ཏེ། དཔེར་ན་ཁྱི་དེ་སེང་གེ་དང་ཝར་མ་གྲུབ་པས་མ་གྲུབ་པར་མི་འགྲོ་བ་བཞིན་དུ་སེམས་འདི་ཡང་ཁ་ དོག་དང་དབྱིབས་སུ་མ་གྲུབ་པས་མ་གྲུབ་པར་མི་འགྲོ་ཞེས་པའི་དོན་ནོ། །ཡང་འགའ་ཞིག་སེམས་འདི་དེ་ལྟར་བལྟས་པའི་ཚེ་ཁ་དོག་དང་དབྱིབས་གང་དུ་ཡང་མ་མཐོང་བ་དེ་སེམས་ཀྱི་གནས་ལུགས་སམ་ངོ་བོ་མཐོང་བ་ཡིན་ཞེས་ངོ་སྤྲོད་པ་འདུག་སྟེ། དེ་ལྟ་ན་ཁྱི་དེ་སེང་གེ་དང་ཝར་ཨེ་འདུག་བལྟས་པའི་ཚེ། དེ་གཉིས་གང་དུ་ཡང་མ་མཐོང་བ་དེ་ཁྱིའི་གནས་ལུགས་སམ་ངོ་བོ་མཐོང་བ་ཡིན་ནམ། འདི་གཉིས་མི་མཚུངས་པའི་རྒྱུ་མཚན་ཅི་ཡིན་གསུང་ཤིག །ཡང་འགའ་ཞིག་འདི་སྙམ་དུ་སེམས་ པ་ཡང་འདུག་སྟེ། ད་ལྟའི་སེམས་སྐད་ཅིག་མ་འདི་གའི་ངོ་ལ་ཅེར་བལྟ་བའི་དྲན་འཛིན་ཐོངས་ན། དེ་གའི་མོད་སྐད་ཅིག་མ་གཉིས་པ་དེ་ལ་སེམས་སྟོང་པར་རྟོགས་འོང་བས་ན་རྣམ་པར་རྟོག་པ་གང་འདྲ་ཞིག་ཤར་ཡང་གང་ཤར་གྱི་སྐད་ཅིག་མ་དེ་ གའི་ངོ་ལ་ཅེར་ལྟ་བའི་དྲན་པ་འདི་དང་མ་བྲལ་བ་གལ་ཆེ་སྟེ། དེ་ལྟའི་དྲན་འཛིན་གྱིས་སྐྱོང་ཐུབ་ན། ཅི་ཐུབ་པའི་བར་ལ་རྣམ་རྟོག་གང་སྐྱེས་ཐམས་ཅད་ཆུ་བུར་བཞིན་དུ་གང་ཤར་རང་དག་ཏུ་འགྲོ་བ་རྟོགས་འོང་བས་ན། མདོར་ན་སྐད་ཅིག་དང་པོ་ལ་རྣམ་ པར་རྟོག་པ་ཡིན་ཀྱང་དེ་འདྲའི་དྲན་པས་བསྐྱངས་པའི་ཚེ་སྔ་མའི་རྣམ་རྟོག་དེ་སྐད་ཅིག་གཉིས་པ་ལ་ཆོས་སྐུར་འཆར་བ་ཡིན་པས་ན་རྣམ་པར་རྟོག་པ་བཟང་ངན་ཅི་འདྲ་ཞིག་སྐྱེས་ཀྱང་མི་དགག་ཆོས་སྐུ་དང་ཡེ་ཤེས་ཟུར་ནས་མི་འཚོལ་གྱི་རྣམ་རྟོག་ 2-3-81b གང་སྐྱེས་ཡེ་ཤེས་སུ་གཏོང་བའམ་གང་ཤར་ཆོས་སྐུའི་ཞལ་ལྟ་བ་འདི་མཉམ་རྗེས། འཆི་ཁར་བར་དོ་སོགས་རྐྱེན་ཆེ་ཆུང་ཐམས་ཅད་དུ་འཁྱེར་བ་ཡིན་འདི་ལས་ཟབ་པ་མེད། སྣོད་བཅུད་ཐམས་ཅད་རྣམ་རྟོག་ལས་མ་འདས། རྣམ་རྟོག་ཐམས་ཅད་ཆོས་སྐུར་ རོ་སྙོམས་པས་ན་རོ་སྙོམས་ཡིན་ཟེར་བ་འདུག་པ་ལ་འདི་འདྲི་སྟེ། སེམས་ཀྱི་ངོ་ལ་ལྟ་ཚུལ་དེ་ཀླུ་སྒྲུབ་ཀྱི་མན་ངག །སངས་རྒྱས་ནས་དམྱལ་བའི་བར་གྱི་ཕྱི་ནང་གང་ཤར་ཀྱང་དེ་གའི་ངོ་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་ནས་ལྟ་ཚུལ་ཞིག་ཡོད་པ་དེ་ ཡིན་ནམ། དེ་འདྲ་མི་བྱེད་པར་སྦོམ་འཇོག་ཏུ་ལྟ་བ་དེ་ཡིན། དང་པོ་ཡིན་ན་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱོད་ལུགས་ཇི་འདྲ་ཞིག་ཡོད། གཉིས་པ་ཡིན་ན་དེ་འདྲའི་ལྟ་ཚུལ་གྱིས་ཆོས་སྐུ་ལྟ་ཞོག །སྟོང་པ་ཉིད་རྟོགས་པ་ཡང་ཤེས་བྱ་ལ་མི་སྲིད་ དོ། །ཅི་སྟེ་སྐད་ཅིག་དང་པོ་ལ་རྣམ་རྟོག་རང་ཤར་བྱུང་དུས་དེ་ག་ལ་ཅེར་བལྟས་པས་སྐད་ཅིག་གཉིས་པའི་ཚེ་རང་ཡལ་ལ་འགྲོ་བ་འདུག་པ་དེ་ག་ལ་ཆོས་སྐུར་ཤར་བ་ཟེར་སྙམ་ན། སྐད་ཅིག་དང་པོ་ལ་ཐོལ་སྐྱེས་པ་སྐད་ཅིག་གཉིས་པར་མི་སྡོད་ པར་མཐོང་བ་དེ་ནི་མི་རྟག་པར་ལྟ་བའི་ཚུལ་ཡིན་གྱི། ཀླུ་སྒྲུབ་ལུགས་ཀྱི་སྟོང་པའི་བལྟ་ཚུལ་དང་ཕྱོགས་མི་གཅིག་ལ། གལ་ཏེ་སྟོང་པའི་ལྟ་ཚུལ་ཡིན་དུ་ཆུག་ན་ཡང་ཉན་ཐོས་སྡེ་གཉིས་ཀྱི་སྟོང་པའི་ལྟ་ཚུལ་ལས་མ་འཕགས་ཞུས་ན་ཅི་ གསུང༌། སྤྱིར་གྱིས་མདོ་རྒྱུད་དགོངས་འགྲེལ་དང་བཅས་པ་རྣམས་ནས་སྟོང་པ་དང་ཆོས་སྐུ་གཉིས་ལ་ཁྱད་པར་ཤིན་ཏུ་ཆེ་བར་གསུངས་པའི་བརྡ་ཆད་ལས་འགལ་བའི་སྟོང་པ་དང་ཆོས་སྐུ་གཅིག་པའི་བརྡ་ཆད་འདི་སུ་ཡི་རང་བཟོ་ཡིན་དྲིས་ན་ཅི་ཟེར། 2-3-82a འོན་ཀྱང་ཆོས་སྐུར་འགྲོ་རྒྱུའི་གཞི་ཡིན་པ་ཙམ་ལ་དགོངས་ནས་ཆོས་སྐུ་ཞེས་བརྡ་ཆད་མཛད་ན་ནི་འགལ་བ་མེད་དོ། །གཞན་ཡང་ནང་གི་སེམས་འདིར་མ་ཟད་ཆོས་ཐམས་ཅད་ལ་ལྟ་ཚུལ་གཉིས་ཡོད་པའི་དོན་དམ་དཔྱོད་བྱེད་ཀྱི་ རིགས་པ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ལྟ་ཚུལ་འདི་ལས་གཞན་པའི་ལྟ་ཚུལ་ནི་བློའི་ངོར་དང་ངེས་པ་ཅི་འདྲ་ཅིག་གི་སྒོ་ནས་བལྟས་ཀྱང་ཀུན་རྫོབ་ཀྱི་ལྟ་ཚུལ་ལས་མ་འདས་པས་ན། ལྟ་ཚུལ་དེས་ཆོས་སྐུ་ལྟ་ཞོག་སྟོང་པ་ཉིད་རྟོགས་པ་མི་སྲིད་དོ་ཞེས་ སྨྲས་ན་ལན་ཅི་གདའ། དེ་ལྟ་ན་དོན་དམ་དཔྱོད་པའི་རིགས་ཤེས་དེས་བལྟས་ན་རྣམ་རྟོག་གི་གནས་ལུགས་སམ། ངོ་བོ་འམ། གཤིས་དེ་རྙེད་འོང་ལ། དེ་ལྟར་རྙེད་པ་དེ་སྟོང་པ་ཡིན་བདེ་བར་གཤེགས་པའི་སྙིང་པོ་ཡིན་བྱས་ན་ལན་ཅི་གདའ། མདོར་ན་ཀླུ་སྒྲུབ་ལུགས་ཀྱི་ལྟ་ཚུལ་དང་འགལ་བའི་ལྟ་བ་ནི་ཅི་འདྲ་ཞིག་ཡིན་ཞེས་བརྒྱ་ཕྲག་སྨྲས་སུ་ཟིན་ཡང་ལྟ་བ་ནོར་ཞེས་སྨྲ་ན་ཅི་ཟེར། མདོར་ན་སྔར་ཞུས་འདི་རྣམས་ཀྱི་མཚམས་ན་ལྟ་བའི་གནད་དམ་པ་འདུག་པས་རགས་རིམ་བསྡུས་ནས་ཞུས་ པ་ཡིན་མོད། སྤྱིར་ནི་ལྟ་བའི་འཆར་ཚུལ་མཐའ་ཡས་པ་འདི་ལྟར་སྣང་སྟེ། འགའ་ཞིག་ནི་རྟོག་པ་ཡིན་ཕྱིན་ཆད་བཟང་ངན་གང་འདུག་དགག་རྒྱུ་ཡིན་ཟེར་བའི་ཚན་པ་གཅིག་དང༌། ཡང་འགའ་ཞིག་རྟོག་པ་བཟང་ངན་ཐམས་ཅད་དགག་རྒྱུ་ མ་ཡིན་རྟོག་པ་ཅི་ཙམ་རྒྱས་པ་ཙམ་གྱིས་ཉམས་རྟོག་རྒྱས་པ་ཡིན། དཔེར་ན་བུད་ཤིང་ཇི་ཙམ་མང་གི་ན་མེ་ལྕེ་རྒྱས་འོང་བ་ཡིན་ཟེར་བའི་ཚན་པ་གཅིག་སྟེ་དེ་གཉིས་འགལ་བ་ལྟག་སྤྲོད་དོ། །ཡང་འགའ་ཞིག་རྣམ་རྟོག་མ་རིག་ཆེན་པོ་སྟེ། ཞེས་ 2-3-82b གསུངས་པས་རྣམ་རྟོག་ནི་མ་རིག་པ་ཡིན་ཟེར་བའི་ཚན་པ་གཅིག་དང༌། ཡང་འགའ་ཞིག་རྣམ་རྟོག་ཆོས་སྐུ་ཡིན་ཟེར་བའི་ཚན་པ་གཅིག་སྟེ་དེ་གཉིས་ཀྱང་ལྟག་སྤྲོད་དོ། །ཡང་འགའ་ཞིག་ཡིད་འདི་མ་འཕྲོས་པར་ཙེན་ནེ་གནས་པའི་ཚེ་སངས་རྒྱས་སམ་མྱང་འདས་ཡིན། ཅུང་ ཞིག་འཕྲོས་པའི་ཚེ་སེམས་ཅན་ནམ་འཁོར་བ་ཡིན་ཟེར་བའི་ཚན་གཅིག་དང༌། ཡང་འགའ་ཞིག་རྣམ་རྟོག་འཕྲོས་པའི་ཚེ་བརྒྱུད་པ་ཇི་ཙམ་འཕྲོས་ཀྱང་དེ་རྣམས་ཀྱི་ངོ་ལ་ཅེར་ཅེར་བལྟས་པས་ཆོས་སྐུར་ལམ་ལམ་འཆར་ཟེར་བའི་ཚན་གཅིག་སྟེ་དེ་གཉིས་ཀྱང་འགལ་ བའོ། །ཡང་འགའ་ཞིག་མུན་ཁང་དང༌། ལུས་གནད་དང༌། རྣམ་རྟོག་བཀག་པ་ཙམ་ལས་བྱུང་བའི་མཐོང་སྣང་བ་ན་བུན་དེ་ཆོས་སྐུ་ཡིན། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཡིན་པས་ན་སོ་སོ་སྐྱེ་བོས་ཀྱང་ཆོས་སྐུ་མངོན་སུམ་དུ་མཐོང་བར་ངོ་སྤྲོད་པའི་ཚན་པ་གཅིག་དང༌། ཡང་འགའ་ ཞིག་དེ་ལྟ་བུ་དེ་ཆོས་སྐུ་ཡོངས་སུ་རྫོགས་པ་མཐོང་བ་མིན་གྱི་ཆོས་སྐུའི་སྣ་རྩེའམ། ཡན་ལག་གམ་ཆ་ཤས་མཐོང་བ་ཡིན་ཟེར་བའི་ཚན་གཅིག །ཡང་འགའ་ཞིག་དེ་ལྟ་བུ་ཆོས་སྐུ་ཡོངས་རྫོགས་དང་ཆ་ཤས་གང་ཡང་མཐོང་བ་མིན་གྱི་སྟོང་པ་ཙམ་མཐོང་བ་ཡིན། སྟོང་པ་ལ་ཡང་རང་སྟོང་དང་གཞན་སྟོང་གཉིས་ཡོད་པའི་ནང་ནས་ཟླ་གྲགས་དང་སེང་བཟང་འདོད་པའི་རང་སྟོང་ངན་པ་དེ་མིན་གྱི། དབུ་མ་པ་ཆེན་པོ་ཐོགས་མེད་འདོད་པའི་གཞན་སྟོང་དེ་ཡིན་ཞེས་པའི་ཚན་གཅིག་དང༌། ཡང་གཞན་རྣམས་སྔ་མ་བཞིན་ལ། མཐོང་སྣང་དེ་རང་སྟོང་ཡིན་ཞེས་པའི་ཚན་གཅིག་སྟེ་དེ་གཉིས་ཀྱང་འགལ་ལོ། །ཡང་འགའ་ཞིག་སྟོང་པ་དངོས་མིན་གྱི་སྟོང་པའི་གཟུགས་སམ་མདངས་ཡིན། ཆོས་སྐུ་མ་ཡིན་གྱི་ཆོས་སྐུའི་རྟགས་ཡིན། དཔེར་ན་མེ་འོང་བའི་རྟགས་ལ་དུ་བ་མཐོང་བ་བཞིན་ནོ་ཟེར་བའི་ཚན་གཅིག་དང༌། ཡང་འགའ་ 2-3-83a ཞིག་ཕྱག་རྒྱ་ཆེན་པོའི་ལྟ་བ་དངོས་གཞི་དེ་དང་སྦྱོར་བ་ཡན་ལག་དྲུག་གི་སོར་སྡུད་གཉིས་གནད་གཅིག་རང་སྟོང་ཡིན། དེའི་སྟེང་དུ་སྦྱོར་དྲུག་གི་བསམ་གཏན་གྱི་ལྟ་བ་གཞན་སྟོང་གི་ལྟ་བ་འཕར་རྒྱུ་ཡོད། དེས་ན་ཕྱག་ཆེན་ལས་ སྦྱོར་དྲུག་ལྟ་བ་མཐོ་ཟེར་བ་སོགས་མཐའ་ཡས་པ་ཞིག་སྣང་ཞིང༌། གཞན་ཡང་སྲོག་རྩོལ་སོགས་སྦྱོར་བ་ལྷག་མ་རྣམས་ཀྱི་སྐབས་དང༌། ནཱ་རོ་ཆོས་དྲུག་དང༌། ནི་གུ་ཆོས་དྲུག་གི་སྐབས་རྣམས་སུ་རྩ་རླུང་ཐིག་ལེ་ཁྱད་པར་དུ་གཏུམ་མོའི་སྒོམ་ཚུལ་ སོགས་ཀྱང་མི་གཅིག་པ་མང་རབ་འདུག་ནའང་དེ་རྣམས་ནི་གསང་སྔགས་ཀྱི་ཐུན་མོང་མ་ཡིན་པའི་ཐབས་ལམ་དུ་སྣང་བས་གསང་བ་སྒྲོག་པའི་སྐྱོན་དུ་འགྲོ་བའང་སྲིད་ནས་ཡི་གེར་མ་བཀོད་དོ། །འོ་ན་སྔ་མའི་ངེས་དོན་ཟབ་མོའི་སྐབས་རྣམས་ཀྱང་བྱ་ཤོར་ དུ་མི་འགྲོ་འམ་སྙམ་ན་དེ་ཀུན་ལ་ནི་བྱ་ལན་བརྒྱ་སྟོང་དུ་ཤོར་ཡང་དགག་བྱ་མི་འདུག་ཅིང༌། ལྟ་བ་ཟབ་མོ་རྟོགས་པའི་དགོས་པ་འདུག་སྙམ་ནས་ཡི་གེར་བཀོད་པ་ཡིན་ནོ། །མདོར་ན་མི་མཐུན་པའི་གྲུབ་མཐའ་འགལ་འདུ་ཅན་སྣ་ཚོགས་ཅིག་ རང་རང་ས་ནས་སྨྲ་བར་འདུག་ནའང་མདོ་རྒྱུད་སོགས་དང་མི་བསྟུན་པར་རང་བཟོའི་བརྡ་ཆད་འབའ་ཞིག་བྱེད་ན་ནི་གང་ལ་ཡང་མ་གཏོགས། དེ་ལྟ་མིན་པར་མདོ་རྒྱུད་དང་དེའི་དགོངས་འགྲེལ་ཚད་ལྡན་གྱི་བརྡ་ཆད་དཔང་དུ་བཙུགས་ཏེ་རང་ རང་གི་རྣམ་དཔྱོད་ཀྱི་རིགས་པས་ཀྱང་འཐད་མི་འཐད་ཀྱི་རྒྱུ་མཚན་བརྟགས་ནས་སྟོང་པ་དང་ཆོས་སྐུ་ལ་ཁྱད་ཨེ་འདུག །ཆོས་སྐུ་མཐོང་བའི་མཚམས་ག་ཙམ་ལ་བྱས་འདུག །ཕྱག་ཆེན་དང་སྦྱོར་དྲུག་གཉིས་ཀ་རྒྱུད་སྡེ་ཟབ་མོ་རྣམས་ 2-3-83b ནས་མཐར་ཐུག་གི་ཁྲིད་དུ་ཁྱད་པར་མེད་པར་ཨེ་གསུངས། གསུངས་ན་ལྟ་བ་ལ་ཁྱད་འོང་རྒྱུར་འདུག་གམ་མི་འདུག །ཁྱད་པར་དུ་སེམས་འདི་དང་སེམས་ཀྱི་གནས་ལུགས་ལ་ཁྱད་པར་ཨེ་འདུག །གནས་ལུགས་སྟོང་པ་ཉིད་ཀྱང་འཚོལ་ལུགས་གང་ འདྲ་ཞིག་བྱེད་དགོས་པར་འདུག་རྣམས། རྒྱལ་བའི་དགོངས་པ་དང་མཐུན་པའི་རྣམ་གཞག་བྱེད་ན་ནི་རྒྱལ་བའི་གསུང་རབ་དྲི་མ་མེད་པ་ལ་འདྲིས་ཆེ་བའི་དགོངས་འགྲེལ་མཁན་པོ་རྣམས་ཀྱི་གསུང་དང༌། ཁྱད་པར་དུ་ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་ ལས་བཙལ་ན་ལེགས་པའི་དམིགས་ཕྱེད་འོང་ངོ༌། །ད་ནི་གདམས་ངག་ཟབ་མོ་རྣམས་ལ་ལྷད་འཇུག་པའི་རྒྱུ་མཚན་ནི་འདིར་སྣང་སྟེ། ཉམས་ལེན་ལ་རྩེ་གཅིག་ཏུ་གཞོལ་འདོད་ཁ་ཅིག་ནི་ཐོས་བསམ་ལ་གེགས་སུ་འཛིན་པར་འདུག །ཡང་ཐོས་བསམ་ བྱེད་འདོད་ལ་ལ་ཡང་ཐོག་མ་ནས་རང་རྒྱུད་ལ་སྒོམ་དོན་འཚོལ་བའི་རྩིས་མི་བྱེད་པར་གཞན་སྨྲ་དབབ་འདོད་དང༌། རང་མཁས་འདོད་ཀྱི་གྲགས་སྐམ་སྒྲུབ་པའི་བསམ་པས་ཁ་ཕྱིར་ལྟས་སུ་ཤོར་ནས་ནང་དུ་མ་བསྒོམས་པས་ལན་པས་སོ། །དེས་ ན་རྒྱལ་བའི་བསྟན་པ་འདི་ཐོས་བསམ་སྒོམ་པ་གསུམ་གའི་སྒོ་ནས་འཛིན་དགོས་པའི་རྒྱུ་མཚན་ཡང་འདི་ཡིན་ནོ། །ཁོ་བོས་འདི་ལྟར་དུ་རིགས་པ་དང༌། མི་རིགས་པ་ཅུང་ཟད་རྣམ་པར་ཕྱེ་བ་ལ་ཡང་འགའ་ཞིག་ན་རེ། ད་དུང་རྒྱུད་མ་ཐུལ་འདུག་ ཟེར་བ་ཡང་སྣང་ཞིང༌། ཡང་འགའ་ཞིག་གིས་འགལ་འདུའི་གྲུབ་མཐའ་དེ་རྣམས་ལ་ཆོས་ཐམས་ཅད་དུ་མ་རོ་གཅིག་ཡིན་པས་དེ་ཐམས་ཅད་ཕུན་སུམ་ཚོགས་པ་ཡིན་ཟེར་བ་ལ་ཡང་ཕལ་ཆེ་བ་ཆོས་པ་རང་ཇོ་བོ་བཟང་ཞེས་དད་པར་གདའ་ནའང༌། 2-3-84a ཁོ་བོ་ནི་དེ་ལ་ཡང་འདི་འདྲི་སྟེ། ཆོས་ཐམས་ཅད་དུ་མ་རོ་གཅིག་ཡིན་པའི་རྒྱུ་མཚན་ཅི་ཡིན་འདྲིའོ། །འཁོར་འདས་མཉམ་ཉིད་ཡིན་ཟེར་ན། འོ་ན་སངས་རྒྱས་དང་དམྱལ་བའང་མཉམ་མམ། དགེ་སྡིག་ཡང་རོ་གཅིག་ཡིན་ནམ། ཞེས་དྲིས་དུས་སྔ་མའི་རྩ་བ་མནན་ནས་དེ་རྣམས་ཐམས་ཅད་མཉམ་རོ་གཅིག་ཡིན་ཞེས་ཐམས་ཅད་ལ་མཐོ་དམའ་དང་བཟང་ངན་མེད་པར་ཁས་ལེན་ཞིང༌། བྱམས་པས། སྲིད་དང་ཞི་བ་མཉམ་ཉིད་དང༌། ཞེས་པའི་དགོངས་པ་གང་ཡིན་མ་ཤེས་ པར་སྨྲ་བ་རྣམས་ལ་ཇོ་བཟང་ཡིན་ཞེས་མི་སྨྲ་སྟེ། དེའི་རྒྱུ་མཚན་ནི་ལུང་རིགས་ཀྱི་གནོད་པ་ཆར་བཞིན་འབབ་ཅིང༌། སྔ་ཕྱི་འགལ་བ་ལྟག་སྤྲད་པ་དེ་རྣམས་མ་རིག་པར་ཐམས་ཅད་ལེགས་པོ་ཡིན་སྙམ་ནས་དེ་སྐད་ཟེར་བ་ཡིན་ན་ནི་དེ་བླུན་པོ་མ་ཡིན་ནམ། ཡང་འགལ་བ་སོགས་རིག་ཅིང་དགག་བཞག་བྱེད་ཡང་ཤེས། བྱས་ན་འགྲོ་དོན་ཡང་འོང་བ་རིག་བཞིན་དུ་འགལ་འདུ་ལུང་རིགས་ཀྱི་གནོད་པ་འབབ་པ་དེ་རྣམས་ལ་ཐམས་ཅད་ཕུན་སུམ་ཚོགས་ཟེར་ན་ནི་བསྟན་པ་ལ་གཅེས་སྤྲས་མེད་པ་དང༌། སྙིང་རྗེ་ཆུང་ བར་ཡང་མི་འགྱུར་རམ། ཡང་དེ་ལྟར་ཤེས་ཀྱང་གདུལ་བྱ་ལ་ཕན་པའི་དགོས་པ་ཆུང་ཞིང༌། དེ་བས་ཀྱང་ཆེ་བའི་དགག་བྱ་ཅིག་འདུག་ན་ཡང་སྐྱོན་ཅན་དེ་རྣམས་ལ་དེ་ཙམ་གྱིས་ཕུན་སུམ་ཚོགས་ཟེར་བའི་ཁ་ན་མེད་ཀྱི་བཏང་སྙོམས་སུ་བཞག་རྒྱུ་ཡིན་ནོ། །འོ་ན་ ཁྱོད་གྲུབ་མཐའ་དགག་བཞག་འདི་ལྟར་བྱེད་པ་ལ། དགག་བྱ་ཆུང་ཞིང་དགོས་པ་ཕུན་སུམ་ཚོགས་པ་གང་མཐོང་སྙམ་ན། ཁོ་བོས་ནི་འདི་བསམས་ཏེ། ལྟ་སྒོམ་སྤྱོད་གསུམ་གོལ་སར་ཤོར་ཞིང༌། གནད་ཟབ་མོ་དང་བྲལ་འདུག་ཀྱང་དེ་རྣམས་ལ་སྙིང་ 2-3-84b རུས་དང་དཀའ་དཔྱད་དུས་འདའ་བ་མང་པོ་གཅིག་སྟོང་ཟད་ལ་སོང་ན་མི་བཟོད་བར་མཐོང་བ་དང༌། ཡང་ཁོ་བོས་ཟུར་ཙམ་གྱི་དགག་བཞག་བྱས་པ་འདི་ཙམ་ཡང་མདོ་རྒྱུད་ཀྱི་དགོངས་པ་དྲང་ངེས་ཀྱི་སྒོ་ནས་བླངས་ཏེ། སྒྲོ་འདོགས་མཐའ་དག་པར་ བཅད་ནས་གནས་ལུགས་ལ་རྩེ་གཅིག་ཏུ་གནས་པར་མཛད་པའི་ཐོས་བསམ་སྒོམ་པ་གསུམ་ཅར་མཐར་ཕྱིན་པའི་ཆོས་ཀྱི་སྤྱན་ལྡན་རྣམས་ཀྱིས་གཟིགས་ན་ཐུགས་དགྱེས་པའི་མཆོད་པ་ཆེན་པོར་འགྱུར་བ་ཡོད་པ་དང༌། ཡང་འདི་རྣམས་ལ་སྔར་ཐུགས་ རྟོག་མ་ཞུགས་པ་རྣམས་ཀྱང་འཇུག་པར་འགྱུར་བ་དང༌། ཡང་སྒོམ་པ་ལ་འཇུག་པ་ལས་དང་པོ་པ་རྣམས་ཀྱིས་ཟུར་ཙམ་ཐོས་ན་ཡང་ཐམ་ཐོམ་གྱིས་མི་འཇུག་པར་ལེགས་པར་བརྟགས་ཏེ་ཡོངས་འཛིན་མཁས་པ་བསྟེན་པ་སོགས་ཀྱི་དགོས་པ་མང་པོ་ འདུག་ཅིང༌། ཡང་རང་ཉིད་སྔོན་ཆད་འདི་རྣམས་ལ་རྣམ་དཔྱོད་མ་ཞུགས་ཤིང༌། ཁོ་བོས་འདི་ལྟར་དགག་བཞག་བྱས་པ་ལ་ཡང་ཕྲག་དོག་གིས་ཀུན་ནས་བསླངས་ཏེ། རེ་རེ་གཉིས་གསུམ་གྱིས་རྒྱུ་མཚན་མ་མཐོང་བཞིན་དུ་ཁ་ཙམ་སྨྲ་བའི་དགག་ བྱ་ཅུང་ཞིག་འདུག་ནའང་དགག་བྱ་ཕྲ་མོ་དེ་ཙམ་ནི། དགོས་པ་སྔ་མ་དེ་རྣམས་ཀྱིས་སེལ་ནུས་པར་འདུག་ནས། ཁོ་བོས་ཅུང་ཟད་ཙམ་བསྡུས་ཏེ་གདམས་ངག་གི་གནད་འགག་ཡི་གེར་ཞུས་པ་ལགས་པས། མདོར་ན་འདི་གཟིགས་ཏེ་སྒྲུབ་པ་ལ་རྩེ་ གཅིག་ཏུ་གཞོལ་བའི་དམ་པ་རྣམས་ཀྱིས་ལྟ་སྒོམ་སྤྱོད་གསུམ་གྱི་གོལ་ས་རྣམས་རིང་དུ་སྤངས་ཏེ། རྒྱལ་བའི་མན་ངག་འཁྲུལ་མེད་ཟབ་མོའི་སྦྲང་རྩི་ལ། ཉམས་ལེན་གྱི་བུང་བས་རྩེ་གཅིག་ཏུ་རོལ་བར་མཛད་དུ་གསོལ། རྟག་ཆད་མཐར་ལྟའི་མུན་པ་ 2-3-85a མ་བསལ་ན། །གནས་ལུགས་འོད་གསལ་རྟ་བདུན་མི་མཐོང་བས། །ཐོས་བསམ་སྒོམ་པ་གསུམ་ལ་འདྲིས་པ་ཡི། །ཡིད་བཞིན་ནོར་འདྲའི་བཤེས་གཉེན་མི་འཚོལ་བར། །འབྲས་བུ་མཐོ་ན་འདུ་ཤེས་མེད་པའི་ལྟ། ། དམའ་ན་དུད་འགྲོའི་རྒྱུ་ལ་ཉིན་མཚན་དུ། །འབད་པའི་སྒོམ་ཆེན་རྣམས་ལ་མ་བཟོད་ནས། །ཟུར་ཙམ་ཞུས་མོད་ནོངས་ན་བཟོད་པར་མཛོད། །བདག་གིས་ལྷག་བསམ་དཀར་བས་ཀུན་བསླངས་ཏེ། །ལྟ་སྒོམ་སྤྱོད་པའི་དྲི་བ་ཞུས་པ་ཡི། །དགེ་འདིས་ སྒྲུབ་པ་བསམ་གཏན་འཁོར་ལོ་ཡི། །བསྟན་པ་རྒྱལ་བ་ཉིད་ཀྱིས་དགོངས་པའི་དོན། །ལོག་པར་རྟོག་པའི་ལྟ་ངན་རང་བཟོ་ཡི། །དྲི་མ་མཐའ་དག་བཀྲུས་ཏེ་རྒྱལ་བ་ཡིས། །ཇི་ལྟར་དགོངས་པའི་ལྟ་སྒོམ་སྤྱོད་པ་ལ། །བདག་གིས་དེང་ནས་ཐམས་ ཅད་འགོད་པར་ཤོག །ཅེས་པ་འདི་ནི་མདོ་རྒྱུད་མང་དུ་ཐོས་ཏེ། དེ་དོན་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བའི་བསམ་གཏན་པ། འཇམ་དབྱངས་བླ་མས་རྗེས་བཟུང་ཞེས་བགྱི་བས། དབེན་པའི་སྒྲུབ་གནས་ཁྱད་པར་ཅན་གྱི་རི་སུལ་ནས་ཞུས་པ་འདི་ཙམ་ གྱིས་ཀྱང་བསྟན་པ་ལ་ཕན་པ་རྒྱ་ཆེར་འབྱུང་བར་གྱུར་ཅིག། ༈ །།ན་མཿཤྲཱི་གུ་རུ་མཉྫུ་གྷོ་ཥཱ་ཡ། ཕུལ་བྱུང་མཛད་པས་འགྲོ་ལ་མི་ཟད་དཔལ་སྟེར་ཞིང༌། །ལན་ཅིག་དྲན་པས་འཆི་བདག་འཇིགས་པ་རིང་དུ་འདོར། །རྟག་ཏུ་བརྩེ་བས་འགྲོ་ལ་ བུ་བཞིན་དགོངས་གྱུར་པ། །ལྷ་མིའི་འདྲེན་པ་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །ཐུབ་པའི་དབང་པོས་ལན་གྲངས་དུ་མ་རུ། །ལེགས་པར་ཡོངས་སུ་བསྔགས་པའི་ཞིང་གི་མཆོག །བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་འགའ། །བརྩེ་བའི་དབང་གིས་ཇི་ 2-3-85b ལྟར་ནུས་བཞིན་བརྗོད། །དེ་ལ་དྲི་མ་མེད་པའི་གསུང་རབ་རྣམས་ལས་རྒྱལ་བའི་དབང་པོ་རྣམས་ཀྱིས་སྔོན་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ལ་སློབ་པ་ན་ཇི་ལྟར་ཐུགས་བསྐྱེད་ཅིང་སྨོན་ལམ་བཏབ་པ་དེ་བཞིན་དུ་ཡོངས་སུ་གྲུབ་པའི་སྤྲུལ་པའི་སྐུ་ཡི་ཞིང་གི་ བཀོད་པ་མང་དུ་གསུངས་པ་ཡོད་མོད། འོན་ཀྱང་བདེ་བ་ཅན་གྱི་ཞིང་འདི་ནི་ཐུབ་པའི་དབང་པོས་ཞིང་གི་ཡོན་ཏན་གྱི་བཀོད་པ་རྒྱས་པར་གསུངས་ཤིང༌། ཞིང་གཞན་དཔག་ཏུ་མེད་པ་ནས་ཀྱང་རང་རང་གི་བདེ་བར་གཤེགས་པས་བསྔགས་པ་ལན་གྲངས་ དུ་མར་གསུངས་པ་ལ་བརྟེན་ནས། བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་རྣམས་ཞིང་དེར་སྐྱེ་བར་གསུངས་པ་དང༌། ཞིང་འདིར་ཡང་དེའི་དུས་དང་མ་འོངས་པའི་གང་ཟག་གི་དབང་དུ་མཛད་ནས་བདེ་བ་ཅན་དུ་འགྲོ་བ་ལ་མོས་པ་དྲག་པོ་བསྐྱེད་དགོས་པར་ གསུངས་པ་དང༌། གཞན་ཡང་མདོ་དང་རྟོག་པ་དང་གཟུངས་དུ་མར་ཕན་ཡོན་གྱི་སྐབས་སུ་བདེ་བ་ཅན་དུ་སྐྱེ་བར་བཀའ་སྩལ་པའི་སྒོ་ནས་ཞིང་དེར་སྐྱེ་བའི་ཐབས་མང་དུ་གསུངས་ཤིང༌། དེ་རྣམས་ཀྱང་ད་ལྟར་གྱི་གང་ཟག་རྣམས་ཀྱིས་ཀྱང་སྒྲུབ་པར་མི་ནུས་པ་མི་ སྣང་བ་དང༌། གཞན་ཡང་ཞིང་ཁ་ཅིག་ནི་སྙིགས་མ་ལྔས་སྦགས་པས་དེར་སྐྱེས་པ་རྣམས་ཉམས་པར་སླ་ཞིང༌། ཁ་ཅིག་ནི་བྱང་ཆུབ་སེམས་དཔའི་འཁོར་ཤ་སྟག་གིས་གང་བ་ལ་སོགས་པ་སྣོད་བཅུད་ཀྱི་འབྱོར་པ་ཧ་ཅང་ཡང་རླབས་ཆེ་བས་སྐྱེ་བར་དཀའ་བ་ དང༌། བདེ་བ་ཅན་དུ་སྐྱེས་པ་རྣམས་ནི་ཡང་དག་པ་ཉིད་ཀྱི་ཚོགས་འབའ་ཞིག་ཏུ་ངེས་པའི་ཕྱིར་དང༌། མདོར་ན་ཞིང་གང་ལ་འདུན་པ་ཤས་ཆེ་བ་དེ་ཞིང་དེར་སྐྱེ་བ་མྱུར་ཞིང་འདིའི་གང་ཟག་རྣམས་བདེ་བ་ཅན་ལ་མོས་པ་མང་པའི་ཕྱིར། བདག་ཅག་རྣམས་ 2-3-86a ཀྱིས་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བ་འཛིན་པའི་སྨོན་ལམ་ནི་གཙོ་བོར་བདེ་བ་ཅན་གྱི་ཞིང་ལ་དམིགས་ཏེ་བགྱིད་པར་རིགས་སོ། །རྒྱུ་ཇི་ལྟ་བུ་བསྒྲུབས་པས་ཞིང་དེར་སྐྱེ་བ་ནི། ཞིང་བཀོད་ཀྱི་མདོ་ལས་འབྱུང་བ་བཞིན་དུ་ཇི་སྐད་དུ། ཀུན་ དགའ་བོ་སེམས་ཅན་གང་དག་ཁ་ཅིག་དེ་བཞིན་གཤེགས་པ་དེ། རྣམ་པས་ཡང་དང་ཡང་དུ་ཡིད་ལ་བྱེད་པ་དང༌། དགེ་བའི་རྩ་བ་མང་པོ་དཔག་ཏུ་མེད་པ་སྐྱེད་པ་དང༌། བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡོངས་སུ་བསྔོས་ཏེ། འཇིག་རྟེན་གྱི་ཁམས་དེར་སྐྱེ་བར་ སྨོན་ལམ་འདེབས་པ་དེ་དག་འཆི་བའི་དུས་ཉེ་བར་གནས་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་དེ་དགེ་སློང་གི་ཚོགས་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་བཞུགས་པར་གྱུར་ཏེ། དེ་དག་གིས་བཅོམ་ལྡན་འདས་འོད་དཔག་མེད་མཐོང་ནས་རབ་ཏུ་དང་བའི་སེམས་ཀྱིས་ཤི་འཕོས་ཏེ་འཇིག་རྟེན་གྱི་ཁམས་བདེ་བ་ཅན་ཉིད་དུ་སྐྱེ་བར་འགྱུར་རོ། །ཀུན་དགའ་བོ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་བདག་གིས་ཚེ་འདི་ལ་འོད་དཔག་ མེད་མཐོང་ཡང་ཅི་མ་རུང་སྙམ་དུ་སེམས་པ་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ལ་ལྷག་པའི་བསམ་པའི་རྒྱུད་ཀྱི་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་བྱ་བའི་ཕྱིར་སེམས་ཡང་དག་པར་བཏང་སྟེ། དགེ་བའི་རྩ་བ་རྣམས་བསྐྱེད་ པར་བྱ་ཞིང་ཡོངས་སུ་བསྔོ་བར་བྱའོ། །ཀུན་དགའ་བོ་གང་དག་ཡང་དེ་བཞིན་གཤེགས་པ་དེ་ཡང་དང་ཡང་དུ་ཡིད་ལ་བྱེད་ཅིང༌། དགེ་བའི་རྩ་བ་མང་པོ་དཔག་ཏུ་མེད་པ་རྒྱུན་དུ་བསྐྱེད་ལ། སངས་རྒྱས་ཀྱི་ཞིང་དེར་སེམས་ཡང་དག་པར་གཏོང་བ་དེ་དག་འཆི་ 2-3-86b བའི་དུས་ཉེ་བར་གནས་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་དེའི་ཁ་དོག་དང༌། དབྱིབས་དང༌། ཆུ་ཞེང་དང༌། ཞམ་རིང་བ་དགེ་སློང་གི་དགེ་འདུན་ཅི་འདྲ་བ་དེ་འདྲ་བའི་སངས་རྒྱས་ཀྱི་སྤྲུལ་པ་ དག་མདུན་དུ་གནས་པར་གྱུར་ཏེ། དེ་དག་དེ་བཞིན་གཤེགས་པ་མཐོང་བས་རབ་ཏུ་དང་བ་ལ་དམིགས་པའི་ཏིང་ངེ་འཛིན་དང༌། བརྗེད་པ་མེད་པའི་དྲན་པས་ཤི་འཕོས་ནས་སངས་རྒྱས་ཀྱི་ཞིང་དེ་ཉིད་དུ་སྐྱེ་བར་འགྱུར་རོ་ཞེས་གང་གསུངས་པའོ། །དེ་ ལ་མདོ་དང་པོས་རྒྱལ་བ་འོད་དཔག་མེད་ཡང་ཡང་དྲན་པ་དང༌། དགེ་རྩ་སྒོ་དུ་མ་ནས་དཔག་ཏུ་མེད་པ་གསོག་པ་དང༌། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། བསགས་པའི་དགེ་བ་རྣམས་ཞིང་དེར་སྐྱེ་བའི་ཕྱིར་དུ་སྨོན་ལམ་འདེབས་པ་དང་བཞི་བྱས་ན་སྐྱེ་བར་ གསུངས་པའི་གསུམ་པ་ནི། ཞིང་དེ་ན་ཐེག་པ་ཆེ་ཆུང་གཉིས་ཡོད་པའི་ཐེག་ཆེན་གྱི་རིགས་སུ་སྐྱེ་བ་འཛིན་པའི་དབང་དུ་མཛད་ལ། ལྷག་མ་གསུམ་ནི་ཐུན་མོང་གི་དབང་དུ་མཛད་པའོ། །མདོ་གསུམ་པས་ནི་ཞིང་དེར་སེམས་ཡང་དག་པར་གཏོང་བ་ཡང་སྐྱེ་བའི་ རྒྱུར་གསུངས་པ་ནི་སྔ་མ་ལ་ཡང་དགོས་ལ། དེའི་དོན་ནི་ཞིང་གི་ཡོན་ཏན་གྱི་བཀོད་པ་ཡང་ཡང་དྲན་པར་བྱས་ནས་བསམ་པ་ཐག་པ་ནས་ཞིང་དེར་སྐྱེ་བ་འཛིན་པར་འདོད་པའོ། །མདོ་བར་པས་ནི་ཤི་འཕོས་ནས་ཞིང་དེར་སྐྱེ་བའི་རྒྱུར་བསྟན་པ་རྣམས་ཚེ་འདི་ཉིད་ལ་ འོད་དཔག་མེད་མཐོང་བར་འདོད་པས་ཀྱང་བྱ་བར་གསུངས་སོ། །དེ་ལྟར་ན་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པར་བྱས་ལ་དགེ་བའི་རྩ་བ་སྒོ་དུ་མ་ནས་རྒྱུན་དུ་བསག་ཅིང་དེ་དག་ཀྱང་བདེ་བ་ཅན་གྱི་ཞིང་དུ་ཐེག་པ་ཆེན་པོའི་རིགས་ཅན་ཁོ་ནར་སྐྱེ་བ་གཟུང་བའི་ཕྱིར་ 2-3-87a དུ་བསམ་པ་ཐག་པ་ནས་སྨོན་ལམ་གདབ་ཅིང་རྒྱལ་བ་འོད་དཔག་མེད་ཡང་ཡང་ཡིད་ལ་བྱ་བར་གསུངས་པ་ནི་མཚོན་པ་ཙམ་སྟེ། ཞིང་དེའི་སྣོད་བཅུད་ཀྱི་ཡོན་ཏན་གྱི་བཀོད་པ་མདོ་ལས་གསུངས་པ་རྣམས་ཡང་ཡང་དྲན་པར་བྱ་ཞིང༌། ཁྱད་པར་དུ་ སྨོན་ལམ་འདེབས་པའི་ཐོག་མར་ཞིང་གི་ཡོན་ཏན་རྣམས་དྲན་ནས་རྒྱལ་བ་འོད་དཔག་མེད་འཁོར་དང་བཅས་པ་ལ་དམིགས་པའི་དད་པ་བརྟན་པོ་དང་ཞིང་གི་ཡོན་ཏན་གྱི་བཀོད་པ་ཕུལ་དུ་བྱུང་བ་རྣམས་ལ་དམིགས་ནས་དེར་སྐྱེ་བའི་འདུན་པ་དྲག་པོ་དང་སྨོན་པའི་ གནས་རྣམས་གེགས་མེད་པར་བདེ་བླག་ཏུ་འགྲུབ་པའི་དབང་པོ་མཛད་ན་ཅི་མ་རུང་སྙམ་པའི་བསམ་པ་ཤུགས་དྲག་པོར་བྱ་བ་ནི་གནད་དུ་ཆེའོ། །དེ་ལྟར་ན་དཔང་པོ་དང་ཞིང་གི་ཡོན་ཏན་བརྗོད་པ་འཇུག་པ་གཅིག་ཏུ་བྱས་ན་བདེ་ཞིང༌། ཞིང་དུ་སྐྱེ་བའི་འདུན་པ་དྲག་པོ་ དེར་སྐྱེ་བའི་རྒྱུའི་གཙོ་བོ་ཡིན་ལ། དེ་ཡང་ཞིང་གི་ཡོན་ཏན་ཤེས་ནས་ཡང་ཡང་སེམས་པ་ལ་རག་ལས་པས་ན་དེའི་ཕྱིར་ཐོག་མར་ཞིང་གི་བསྔགས་པ་བརྗོད་པར་བྱའོ། །མི་མཇེད་ཞིང་ནས་ནུབ་ཀྱི་ཕྱོགས་ཉིད་དུ། །བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་སངས་རྒྱས་ཀྱི། །ཞིང་ ཁམས་རྣམས་ནི་འདས་པར་གྱུར་པ་ན། །རྨད་བྱུང་བདེ་བ་ཅན་ཞེས་བྱ་བ་ཡོད། །དེ་ནི་ས་གཞི་རིན་ཆེན་དུ་མས་སྤྲས། །ཤིན་ཏུ་ཉམས་དགའ་ལག་མཐིལ་ལྟ་བུར་མཉམ། །རིན་ཆེན་ལས་གྲུབ་རི་བོ་མ་གཏོགས་པ། །ནག་པོའི་རི་རྣམས་ཀུན་གྱིས་དབེན་ཞིང་གཙང༌། །མཛེས་ ཤིང་ཡིད་འོང་རྣམ་དག་ཞིང་གི་མཐའ། །རིན་ཆེན་བདུན་གྱི་ཆུ་ཤིང་ལྗོན་པ་དང༌། །རིན་ཆེན་ཏ་ལའི་ཤིང་གི་ཕྲེང་བ་ཡིས། །ཡོངས་སུ་བསྐོར་བས་སྐར་མས་ཟླ་བ་བཞིན། །དེ་ལྟ་བུའི་ས་གཞི་དེ་ནི་ཤིང་ལྗོན་པ་རྣམ་པ་དུ་མས་མཛེས་པར་བྱས་པ་སྟེ། ཤིང་ལྗོན་པ་རེ་རེ་ 2-3-87b ལའང་རྩ་བ་དང་སྡོང་པོ་དང༌། ཡལ་ག་དང༌། ལོ་མ་དང༌། འདབ་མ་དང༌། མེ་ཏོག་དང༌། འབྲས་བུ་བདུན་བདུན་ཡོད་ལ། དེ་ཡང་ཁ་ཅིག་གི་རྩ་བ་ནི་གསེར། སྡོང་པོ་ནི་དངུལ། ཡལ་ག་ནི་བཻ་ཌཱུརྱ། ལོ་མ་ནི་ཤེལ། འདབ་མ་ནི་སྦུག །མེ་ཏོག་ནི་མུ་ ཏིག་དམར་པོ། འབྲས་བུ་ནི་རྡོའི་སྙིང་པོ་ལས་བྱས་པ་ཡོད་ལ། ཁ་ཅིག་ནི་རྩ་བ་ལ་སོགས་པ་བདུན་ག་རིན་པོ་ཆེ་སྣ་རེ་རེ་ལས་བྱས་པ་དང༌། དེ་བཞིན་དུ་རིན་པོ་ཆེ་སྣ་གཉིས་དང༌། གསུམ་དང་བཞི་དང་ལྔ་དང་དྲུག་ལས་བྱས་པ་དང༌། རྩ་བ་ལ་སོགས་པ་རེ་ རེ་ཡང་རིན་པོ་ཆེ་སྣ་བདུན་ག་ལས་བྱས་པའང་ཡོད་དེ། དེ་ལྟ་བུ་ལ་སོགས་པའི་ཤིང་ལྗོན་པ་རྣམས་ལ་ཅོད་པན་དང༌། རྣ་རྒྱན་དང༌། དོ་ཤལ་དང༌། གདུ་བུ་དང༌། དཔུང་རྒྱན་དང༌། སོར་གདུབ་དང༌། གསེར་གྱི་སྐ་རགས་དང༌། གསེར་གྱི་དྲ་བ་དང༌། མུ་ཏིག་ གི་དྲ་བ་དང༌། རིན་པོ་ཆེ་ཐམས་ཅད་ཀྱི་དྲིལ་བུ་གཡེར་ཁའི་དྲ་བ་ལ་སོགས་པ་རྒྱན་ཇི་ལྟ་བུ་འདོད་པ་དེ་ལྟ་བུའི་རྒྱན་རིན་པོ་ཆེ་བརྒྱ་སྟོང་དུ་མས་སྤྲས་པ་འཕྱང་བས་སངས་རྒྱས་ཀྱི་ཞིང་དེ་ཡོངས་སུ་གང་བ། སྔ་དྲོའི་དུས་ཀྱི་ཚེ་ཕྱོགས་བཞི་ནས་རླུང་ལངས་ཏེ། རླུང་དེས་ལྷའི་སྤོས་དྲི་རབ་ཏུ་ཞིམ་པ་སྣ་ཚོགས་ཀྱིས་བསྒོས་ཤིང་ཁ་དོག་དུ་མ་དང་ལྡན་པའི་རིན་པོ་ཆེའི་ཤིང་ལྗོན་པ་དེ་དག་བསྐྱོད་ཅིང་བསྐུལ་བ་ན་ཡིད་དུ་འོང་བའི་དྲི་བསུང་དང་ལྡན་ཞིང༌། ལྟ་ན་སྡུག་པའི་མེ་ཏོག་རྣམ་པ་མང་པོ་རིན་པོ་ཆེའི་ས་གཞི་ཆེན་པོ་ལ་བྲུལ་ཏེ། མེ་ཏོག་དེ་དག་གིས་སངས་རྒྱས་ཀྱི་ཞིང་དེ་མིའི་བོང་ཚོད་བདུན་ཙམ་དུ་ཁྱབ་པར་གྱུར་ཏོ། །མེ་ཏོག་དེ་དག་ནི་གོས་ཀ་ན་ཙ་ལནྟི་ཀ་ལྟར་འཇམ་ཞིང་རེག་ན་བདེ་བའོ། །དེ་ལ་རྐང་པ་བཞག་པ་ན་སོར་བཞི་ཙམ་གྱིས་དམའ་བར་འགྱུར་ཞིང༌། རྐང་པ་བཏེག་པ་ན་སོར་ 2-3-88a བཞི་ཙམ་གྱིས་མཐོ་བར་འགྱུར་རོ། །སྔ་དྲོའི་དུས་འདས་མ་ཐག་མེ་ཏོག་རྙིང་པ་དེ་དག་མ་ལུས་པ་མེད་པར་གྱུར་ཏེ། དེའི་འོག་ཏུ་སངས་རྒྱས་ཀྱི་ཞིང་དེ་དབེན་པ་དང༌། ཉམས་དགའ་བ་དང༌། དག་པར་འགྱུར་ཞིང༌། དེ་ནས་ཡང་ ཕྱོགས་བཞི་ནས་རླུང་ལངས་ཏེ་སྔར་བཞིན་དུ་མེ་ཏོག་གསར་པ་དག་འགྲེམས་པར་བྱེད་དོ། །སྔ་དྲོའི་དུས་ཇི་ལྟ་བར་ཉིན་གུང་དང༌། ཕྱི་དྲོ་དང་སྲོད་དང་ནམ་གྱི་གུང་དང་ཐོ་རངས་ཀྱང་དེ་བཞིན་ནོ། །གསེར་དངུལ་བཻ་ཌཱུརྱ་དང་ཤེལ་དང་སྦུག །མུ་ཏིག་དམར་པོ་ རྡོ་ཡི་སྙིང་པོ་སྟེ། །རིན་ཆེན་བདུན་ལས་གྲུབ་པའི་ལྗོན་པ་ལ། །ཡིད་ལ་བསམ་དགུའི་རྒྱན་བཟང་དཔག་མེད་འཕྱང༌། །ཤིང་གི་རྩ་བ་སྡོང་བུ་ཡལ་ག་སོགས། །འཇམ་ཞིང་རེག་ན་བདེ་སྟེར་དྲི་ཞིམ་ལྡན། །དྲི་ཡི་བཞོན་པས་བསྐྱོད་ཚེ་རྣར་སྙན་པའི། །མཉན་ པས་ཆོག་མི་ཤེས་པའི་སྒྲ་རྣམས་འབྱུང༌། །ས་བཞི་མཛེས་པར་བྱེད་པའི་རྒྱན་གྱི་ཤིང་གི་ཡོན་ཏན་བརྗོད་པའི་སྐབས་སོ།། །།གཞན་ཡང་ས་གཞི་དེ་ནི་སྤོས་མཆོག་གིས་ཡོངས་སུ་བསྒོས་པའི་ཆུ་ཀླུང་རྣམ་པ་སྣ་ཚོགས་པས་མཛེས་པར་བྱས་ པ་རྣམས་ཀྱི་ཟབས་སུ་ནི་དཔག་ཚད་བཅུ་གཉིས་པར་མཚུངས་ལ། ཁ་ཞེང་ནི་དཔག་ཚད་གཅིག་དང་བཅུ་དང་ཉི་ཤུ་དང་སུམ་ཅུ་དང་བཞི་བཅུ་དང་ལྔ་བཅུའི་བར་དང་བརྒྱ་སྟོང་གི་ཚད་དག་ཀྱང་ཡོད་དོ། །དེ་ཡང་འབབ་སྟེགས་བདེ་བ། འདམ་རྫབ་མེད་པ། གསེར་གྱི་བྱེ་མ་བདལ་པ། ལྷའི་མེ་ཏོག་ཨུཏྤལ་དང༌། པདྨ་དང༌། ཀུ་མུ་ཏ་དང༌། པདྨ་དཀར་པོ་ལ་སོགས་པ། དྲི་རབ་ཏུ་ཞིམ་པའི་མེ་ཏོག་གིས་ཁེབས་པ། ཁོལ་ཁོལ་དག་ན་བྱ་ངང་པ་དང༌། བཞད་དང༌། ཁྲུང་ཁྲུང་དང༌། ངུར་པ་དང༌། ཀ་རན་ད་ 2-3-88b དང༌། ནེ་ཙོ་དང༌། རི་སྐེགས་དང༌། ཁུ་བྱུག་དང༌། ཀུ་ན་ལ་དང༌། ཀ་ལ་པདྐི་དང༌། རྨ་བྱ་ལ་སོགས་པ་སྒྲ་ཡིད་དུ་འོང་བ་འབྱིན་པའི་སྤྲུལ་པའི་བྱའི་ཚོགས་དུ་མས་བསྟེན་པ། འགྲམ་གཉིས་ནི་རིན་པོ་ཆེའི་སྤོས་ཀྱི་ཤིང་ལྗོན་པས་གང་བའོ། །དག་པའི་ སེམས་ཅན་རྣམས་ཀྱི་ཉེར་འཚོའི་གཞི། །ཡིད་འཛིན་ཏ་མ་ལ་དང་ཨ་ཀ་རུ། །རྒྱ་སྤོས་ཙན་དན་སྦྲུལ་སྙིང་གིས་བསྒོས་པའི། །ཉལ་འགྲོའི་རྒྱུན་རྣམས་སྒྲ་སྙན་སྒོག་ཅིང་འབབ། །ས་གཞི་མཛེས་པར་བྱེད་པའི་རྒྱན་གྱི་ཆུའི་ཡོན་ཏན་བརྗོད་པའི་སྐབས་སོ། ། གཞན་ཡང་ས་གཞི་ཐམས་ཅད་ཀྱང་གསེར་གྱི་དྲ་བས་ཁེབས་ཤིང་རིན་པོ་ཆེ་སྣ་བདུན་གྱི་པདྨས་གང་བ་སྟེ། པདྨ་ཁ་ཅིག་ནི་དཔག་ཚད་ཕྱེད་ཙམ་ཡོད་ཁ་ཅིག་ནི་དཔག་ཚད་གཅིག་དང་གཉིས་དང་གསུམ་དང་བཞི་དང་ལྔ་ནས་བཅུའི་བར་གྱི་ཚད་ཙམ་ཡོད་དེ་ རིན་པོ་ཆེའི་པདྨ་ཐམས་ཅད་ཀྱང་འོད་ཟེར་བྱེ་བ་སྟོང་ཕྲག་སུམ་ཅུ་རྩ་དྲུག་དྲུག་འབྱུང་ཞིང་འོད་ཟེར་གྱི་རྩེ་མོ་ཐམས་ཅད་ལས་ཀྱང་སངས་རྒྱས་ཀྱི་སྐུ་གསེར་གྱི་ཁ་དོག་ཅན་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་མངའ་བ་བྱེ་བ་བརྒྱ་སྟོང་ཕྲག་སུམ་ཅུ་ རྩ་དྲུག་དྲུག་བྱུང་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གྲངས་མེད་དཔག་ཏུ་མེད་པ་དག་ཏུ་གཤེགས་ནས་སེམས་ཅན་རྣམས་ལ་ཆོས་སྟོན་ནོ། །རབ་འབྱམས་སྨོན་ལམ་སྟོབས་ལས་འོང་བ་ཡི། །རིན་ཆེན་པདྨོས་བསྐྲུན་པའི་འོད་ཟེར་རྩེར། ། དམ་ཆོས་སྦྲང་རྩིའི་དགའ་སྟོན་འགྱེད་པ་ཡི། །སྤྲུལ་སྐུས་གདུལ་བྱའི་བུང་བ་ཚིམ་པར་མཛད། །ས་གཞི་མཛེས་པར་བྱེད་པའི་རྒྱན་གྱི་པདྨའི་ཡོན་ཏན་བརྗོད་པའི་སྐབས་སོ།། །།གཞན་ཡང་ས་གཞི་དེ་ནི་ཁང་བཟང་རྣམས་ཀྱིས་ 2-3-89a མཛེས་པར་བྱས་པ་སྟེ། དེ་ཡང་རིན་པོ་ཆེ་སྣ་ཚོགས་ཀྱི་བ་གམ་བརྒྱ་སྟོང་གིས་བརྒྱན་པ། རིན་པོ་ཆེའི་ཁྲི་ལྷའི་རིས་བཅོས་བུ་སྣ་ཚོགས་བཏིང་བ་སྔས་ཁྲ་བོ་བཞག་པ་དང་ལྡན་པའི་གཞལ་མེད་ཁང་དུ་མ་དང༌། གཞན་ཡང་ས་ གཞི་དེ་ནི་སྤོས་དང་ཕྲེང་བ་དང་བྱུག་པ་དང་ཕྱེ་མ་དང་གདུགས་དང་རྒྱལ་མཚན་དང་བ་དན་དང་སིལ་སྙན་དང་གོས་ཁ་དོག་བརྒྱ་སྟོང་དུ་མ་ཇི་ལྟ་བུ་འདོད་པ་དེ་ལྟ་བུའི་སྤོས་དང་ཕྲེང་བ་ནས་གོས་ཀྱི་བར་གྱིས་ཡོངས་སུ་ཁྱབ་བོ། །དེ་བཞིན་དུ་ཞིང་དེ་ནི་སྤོས་ སྣ་ཚོགས་དྲི་རབ་ཏུ་ཞིམ་པའི་ངད་ལྡང་ཞིང་དུས་དུས་སུ་ལྷའི་སྤོས་ཆུའི་སྤྲིན་གྱི་ཆར་དང༌། ལྷའི་མེ་ཏོག་ཐམས་ཅད་དང་ལྡན་པ་དག་དང༌། ལྷའི་རིན་པོ་ཆེ་སྣ་བདུན་དང༌། ལྷའི་ཙན་དན་གྱི་ཕྱེ་མ་དང༌། ལྷའི་གདུགས་དང་རྒྱལ་མཚན་དང༌། བ་དན་གྱི་ཆར་འབབ་པ་དང༌། ནམ་མཁའ་ལ་ལྷའི་བླ་བྲེ་དང་ལྷའི་རིན་པོ་ཆེའི་གདུགས་རྔ་མའི་བསིལ་ཡབ་དང་བཅས་པ་འཛིན་ཅིང༌། ལྷའི་རོལ་མོའི་སྒྲ་དབྱངས་དག་ཀྱང་སྒྲོག་ལ། ལྷའི་བུ་མོ་དག་ཀྱང་གར་བྱེད་དོ། །ཡིད་ཀྱི་རེ་བ་ རྫོགས་བྱེད་ལོངས་སྤྱོད་རྫོགས། །ཕུན་ཚོགས་འབྱོར་བས་ས་དང་བར་སྣང་ཀུན། །མི་མཉམ་མེད་པར་ཡོངས་སུ་དཀྲིགས་པ་ནི། །གསེར་གྱི་གཞི་ལ་ཆུ་གཏེར་ཆེན་པོ་བཞིན། །ས་གཞི་མཛེས་པར་བྱེད་པའི་རྒྱན་གྱི་ཁང་པ་དང་ལོངས་ སྤྱོད་ཀྱི་ཡོན་ཏན་བརྗོད་པའི་སྐབས་སོ།། །།དེ་དག་ནི་བདེ་བ་ཅན་གྱི་སྣོད་ཀྱི་ཡོན་ཏན་ཡིད་ལ་བྱ་བའི་ཚུལ་མདོར་བསྡུས་པའོ། །གཞན་ཡང་དེ་ན་ངན་སོང་གསུམ་དང་ལྷ་མ་ཡིན་གྱི་རིས་མེད་ཅིང་དེར་སྐྱེས་ནས་འགྲོ་བ་དེ་ 2-3-89b བཞིར་སླར་ལྡོག་པ་ཡང་མེད། མི་ཁོམ་པ་ལྷག་མ་རྣམས་ཀྱང་མེད། མ་ངེས་པ་དང་ལོག་པ་ཉིད་དུ་ངེས་པའི་སེམས་ཅན་མེད་ཅིང༌། ཡང་དག་པ་ཉིད་དུ་ངེས་པ་ཤ་སྟག་ཡིན་ལ། སྨོན་ལམ་གྱི་དབང་མ་གཏོགས་པ་དུས་མ་ཡིན་པར་འཆི་ བ་མེད། དེར་སྐྱེས་པའི་སེམས་ཅན་རྣམས་ནི་རིན་པོ་ཆེའི་པདྨ་ལས་བརྫུས་ཏེ་སྐྱེས་པ་ཤ་སྟག་ཡིན་ཞིང༌། འགྲོ་བ་ནི་ལྷ་དང་མི་གཉིས་སུ་ངེས་ལ་དེ་ཡང་ལྷ་མིའི་ཐ་སྙད་ཙམ་མ་གཏོགས་པ་མཚུངས་ཏེ། ལོངས་སྤྱོད་ནི་གཞན་འཕྲུལ་ དབང་བྱེད་པའི་ལྷ་རྣམས་ཇི་ལྟ་བ་བཞིན་ནོ། །དེ་དག་ཐམས་ཅད་ཀྱང་ལུས་ལ་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པ་དང༌། སེམས་ཀྱིས་སྐད་ཅིག་ཐང་ཅིག་ལ་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་འདས་པའི་རྫུ་འཕྲུལ་གྱི་མངོན་ ཤེས་དང༌། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་རྗེས་སུ་དྲན་པའི་སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་ཤེས་དང༌། འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མཐོང་བའི་ལྷའི་མིག་གི་མངོན་ཤེས་དང༌། སངས་རྒྱས་ཀྱི་ ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་ཅིག་ཅར་དུ་ཆོས་ཉན་པའི་ལྷའི་རྣ་བའི་མངོན་ཤེས་དང༌། སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་གཏོགས་པའི་སེམས་ཅན་རྣམས་ཀྱི་སེམས་ཤེས་པའི་ཕ་རོལ་གྱི་སེམས་ཤེས་པའི་མངོན་ ཤེས་ཏེ་མངོན་པར་ཤེས་པ་ལྔ་ཚང་བ་ཐོབ་པ་དང༌། སྔ་དྲོ་བཞིན་དུ་སངས་རྒྱས་ཀྱི་ཞིང་གཞན་དག་ཏུ་ཕྱིན་ནས་སངས་རྒྱས་ཕྲག་མང་པོ་ནས་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་ལ་སངས་རྒྱས་ཀྱི་མཐུས་མཆོད་པའི་རྫས་ 2-3-90a ཐམས་ཅད་ཀྱིས་རྙེད་བཀུར་བར་ནུས་པ་སྟེ། ཐེ་ཚོམ་ཟོས་པའི་ལས་ཀྱི་དབང་གིས་པདྨའི་སྦུབས་ན་རིང་དུ་གནས་དགོས་པའི་སེམས་ཅན་རྣམས་ནི་མངོན་ཤེས་ཚང་བ་དང༌། ཞིང་གཞན་དུ་དེ་བཞིན་གཤེགས་པ་ རྣམས་ལ་མཆོད་དུ་འགྲོ་བའི་ནུས་པ་དང་མི་ལྡན་ནོ། །གཞན་ཡང་སེམས་ཅན་དེ་རྣམས་ཁམས་ཀྱི་ཟས་རགས་པ་ནི་མི་ཟ་མོད། འོན་ཀྱང་ཁ་ཟས་རྣམ་པ་ཇི་ལྟ་བུ་འདོད་པ་དེ་ལྟ་བུའི་ཁ་ཟས་དང༌། སྔར་བཤད་པའི་གོས་དང་རྒྱན་གྱི་བྱེ་བྲག་ཇི་ལྟར་ འདོད་པ་དེ་རྣམས་བསམས་མ་ཐག་ཏུ་རྙེད་ནས་ལུས་ཚིམ་པ་དང༌། ལུས་ལ་བགོས་པ་དང༌། ལུས་བརྒྱན་པར་འགྱུར་ཞིང་ཆུ་ཀླུང་ཆེན་པོ་རྣམས་ལས་ལྷའི་གླུ་དབྱངས་ཡན་ལག་བྱེ་བ་བརྒྱ་སྟོང་དང་ལྡན་པའི་སིལ་སྙན་མཁན་མཁས་པ་རྣམས་ཀྱིས་ བྱས་པ་བས་ཀྱང་ལྷག་པའི་སྒྲ་སྙན་ཅིང་ཡིད་དུ་འོང་བ་མཉན་པས་ཆོག་མི་ཤེས་པ་འབྱུང་བ་རྣམས་ཀྱིས་ཆོས་ཀྱི་རྣམ་གྲངས་དཔག་ཏུ་མེད་པ་སེམས་ཅན་དེ་དག་ལ་ཇི་ལྟར་རིགས་པ་སྟོན་ཅིང་སྤྲུལ་པའི་བྱའི་ཚོགས་ཀྱིས་ཀྱང་སངས་རྒྱས་ཀྱི་ཞིང་ དེ་ཐམས་ཅད་སྒྲས་གོ་བར་བྱེད་ཅིང་དེས་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་རྗེས་སུ་དྲན་པ་དང་མི་འབྲལ་བར་འགྱུར་རོ། །སེམས་ཅན་དེ་དག་སྔར་བཤད་པ་ལྟ་བུའི་གཞལ་མེད་ཁང་ཇི་ལྟ་བུ་འདོད་པ་དེ་ལྟ་བུའི་གཞལ་མེད་ཁང་མདུན་ དུ་བྱུང་སྟེ། དེ་རྣམས་དེའི་ནང་ན་ལྷའི་བུ་མོ་བདུན་སྟོང་བདུན་སྟོང་གིས་བསྐོར་ཅིང་རྩེ་དགའ་ཞིང་དགའ་བར་བྱེད་དོ། །དེ་ལྟར་བཅུད་ཀྱི་ཡོན་ཏན་གྱི་སྐབས་སུ་སྔོན་ཞིང་བཟུང་བའི་དུས་ཀྱི་གནས་དང་གནས་མ་ཡིན་པའི་སྨོན་ལམ་ཅི་རིགས་སུ་ 2-3-90b སྣང་བའི་ནང་ནས་ཡོན་ཏན་འགའ་ཞིག་བཀོད་པ་ནི་ཞིང་དུ་སྐྱེ་བ་འཛིན་པའི་འདུན་པ་ཤུགས་དྲག་པོའི་རྒྱུར་བཀོད་དོ། །དག་པའི་སེམས་ཅན་ལས་བཟང་གིས་སྤྲུལ་པ། །མཚན་དཔེའི་རྒྱན་གྱིས་ལུས་ནི་རབ་ཏུ་མཛེས། །ཡོན་ཏན་དུ་མས་རྒྱུད་ནི་ལེགས་པར་གཏམས། ། གནས་སྐབས་ཀུན་ཏུ་ཆོས་ཀྱི་དགའ་བས་འཚོ། །གློག་བཞིན་འཁྱུག་པའི་ཐོགས་མེད་རྫུ་འཕྲུལ་གྱིས། །ཞིང་མང་བགྲོད་ནས་རྒྱལ་བའི་སྤྱན་སྔ་རུ། །རབ་འབྱམས་ཚོགས་གཉིས་བསྐྲུན་ནས་སླར་ཡང་ནི། །རང་གི་ཞིང་དུ་དགའ་བདེས་རོལ་བར་མཛད། །བཅུད་ཀྱི་ ཞིང་མཛེས་པར་བྱེད་པའི་རྒྱན་གྱི་ཡོན་ཏན་ཐུན་མོང་བ་བརྗོད་པའི་སྐབས་སོ།། །།གཞན་ཡང་ཞིང་དེའི་རྒྱལ་བའི་འཁོར་ནི་གཉིས་ཏེ། ཉན་ཐོས་དང་བྱང་ཆུབ་སེམས་དཔའ་འོ། །དེ་ཡང་ཉན་ཐོས་ཀྱི་འཁོར་འདུས་པ་དང་པོ་ལྟ་བུ་ལ་ཡང་འདོད་ན་སྟོང་གསུམ་གྱི་སྐར་ མ་ཐམས་ཅད་ཉིན་ཞག་གཅིག་གིས་བརྩི་བར་ནུས་པ། རྫུ་འཕྲུལ་དཔག་ཏུ་མེད་པ་དང་ལྡན་པ་མཽ་གལ་གྱི་བུ་ལྟ་བུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་ལོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་ལས་གཞན་མི་བྱེད་པར་བརྩིས་ཀྱང་ཆ་ཤས་ཙམ་ཡང་གྲངས་ཆོད་པར་མི་འགྱུར་ན། འདུས་པ་གཉིས་པ་དང་གསུམ་པ་ལྟ་ཅི་སྨོས་ཏེ། དེ་ལྟ་བུའི་ཉན་ཐོས་ཀྱི་འཁོར་གྲངས་མེད་པ་ཡོད་ལ། དེ་ཐམས་ཅད་ཀྱང་འོད་འདོམ་གང་བ་ཤ་སྟག་གོ། ཉན་ཐོས་ཀྱི་འཁོར་གྱི་ཡོན་ཏན་བརྗོད་པའོ། །བྱང་ཆུབ་སེམས་དཔའི་འཁོར་ནི། གྲངས་དཔག་ཏུ་མེད་ཅིང་ཡོན་ཏན་ མཐའ་ཡས་པ་མུ་མེད་པ་དང་ལྡན་པ་ཤ་སྟག་སྟེ། དེ་ཡང་སེམས་ཅན་ཐམས་ཅད་ལ་མཉམ་པའི་སེམས་དང་ཕན་པའི་སེམས་དང་བྱམས་པའི་སེམས་དང་ལྡན་པ། སེམས་ཀྱི་རྒྱུད་སྒྱུ་མའི་རང་བཞིན་ལ་བློ་རབ་ཏུ་ཞུགས་པ་ཤེས་རབ་རྒྱ་མཚོ་ཆེན་པོ་དང་མཉམ་པ་བློ་རི་ 2-3-91a རབ་དང་མཚུངས་པ། ཡོན་ཏན་དུ་མ་བསགས་པ། ཡེ་ཤེས་ཀྱི་མངོན་པར་འཕགས་པས་རི་རབ་དང་མཚུངས་པ། འཁྲུག་པ་མེད་པས་རྒྱ་མཚོ་ཆེན་པོ་དང་འདྲ་བ། སེམས་ཅན་ཐམས་ཅད་ཀྱི་དགེ་བ་དང་མི་དགེ་བ་བཟོད་པས་ས་དང་མཚུངས་པ། ཉོན་མོངས་པའི་ དྲི་མ་འཁྲུད་པས་འབབ་ཆུ་དང་འདྲ་བ། ཆོས་ཐམས་ཅད་ལ་རློམ་སེམས་སུ་བྱེད་པ་དང་ཉོན་མོངས་པ་རྣམས་བསྲེག་པར་བྱེད་པས་མེའི་རྒྱལ་པོ་དང་མཚུངས་པ། འཇིག་རྟེན་ཐམས་ཅད་ལ་མི་ཆགས་པའི་ཕྱིར་རླུང་དང་འདྲ་བ། ཆོས་ཐམས་ཅད་ངེས་པར་ཕིགས་པ་དང་ཅི་ལ་ ཡང་མི་དམིགས་པའི་ཕྱིར་ནམ་མཁའ་དང་མཚུངས་པ། འཇིག་རྟེན་གྱི་སྐྱོན་ཐམས་ཅད་ཀྱིས་མ་གོས་པའི་ཕྱིར་པདྨ་དང་འདྲ་བ། ཆོས་དང་ཆོས་མ་ཡིན་པ་མངོན་པར་སྒྲོགས་པས་དུས་ཀྱི་རྗེས་སུ་འབྲང་བའི་འབྲུག་ཆེན་པོ་དང་མཚུངས་པ། ཆོས་ཀྱི་ཆུ་ཡི་ཆར་མངོན་ པར་འབེབས་པས་སྤྲིན་ཆེན་པོ་དང་འདྲ་བ། ཚོགས་ཆེན་པོ་ཟིལ་གྱིས་གནོན་པས་ཁྱུ་མཆོག་དང་མཚུངས་པ། སེམས་མཆོག་ཏུ་དུལ་བས་གླང་པོ་ཆེ་དང་འདྲ་བ། ཤིན་ཏུ་དུལ་བས་རྟ་ཅང་ཤེས་བཟང་པོ་དང་འདྲ་བ། རྩལ་དང་མི་འཇིགས་པས་སྐྲག་པ་མེད་པའི་ཕྱིར་རི་ དྭགས་ཀྱི་རྒྱལ་པོ་སེང་གེ་དང་འདྲ་བ། སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པས་ཤིང་གི་རྒྱལ་པོ་ནྱ་གྲོ་ཏ་དང་མཚུངས་པ། ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་མི་གཡོ་བས་རིའི་རྒྱལ་པོ་རི་རབ་དང་འདྲ་བ། བྱམས་པ་ཚད་མེད་པ་བསྒོམས་པས་ནམ་མཁའ་དང་འདྲ་བ། དགེ་ བའི་ཆོས་ཐམས་ཅད་ཀྱི་དབང་དུ་བྱ་བའི་སྔོན་དུ་འགྲོ་བས་ཚངས་པ་ཆེན་པོ་དང་འདྲ་བ། གནས་སུ་གསོག་པ་མེད་པས་བྱ་དང་མཚུངས་པ། ཕས་ཀྱི་རྒོལ་བ་ཐམས་ཅད་རྣམ་པར་འཇོམས་པས་བྱའི་རྒྱལ་པོ་ནམ་མཁའ་ལྡིང་དང་འདྲ་བ། འཇིག་རྟེན་ན་འབྱུང་བར་དཀའ་ 2-3-91b བའི་ཕྱིར་ཨུ་དུམ་ཝཱ་ར་དང་མཚུངས་པ། ཆོས་ཀྱི་རྔ་ཆེན་པོ་བརྡུང་བ། ཆོས་ཀྱི་དུང་ཆེན་པོ་འབུད་པ། ཆོས་ཀྱི་རྒྱལ་མཚན་ཆེན་པོ་བསྒྲེང་བ། ཆོས་ཀྱི་བ་དན་ཆེན་པོ་འཛིན་པ། ཆོས་ཀྱི་སྒྲོན་མེ་ཆེན་པོ་རབ་ཏུ་འབར་བར་བྱེད་པ། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་ལ་དགེ་ བའི་རྩ་བ་མང་པོ་བསྐྱེད་པ། རྒྱལ་བ་རྣམས་ཀྱིས་བསྔགས་པ། སྐྱོན་མེད་པའི་ཚུལ་ཁྲིམས་ལྷུར་ལེན་པས་སེམས་ཀྱི་རྒྱུད་བཻ་ཌཱུརྱ་ལྟར་རྣམ་པར་དག་པ། ཆོས་ཐམས་ཅད་ལ་ཐོས་པ་རྒྱ་མཚོ་ལྟ་བུར་གྱུར་པ། རྒྱལ་སྲས་རེ་རེ་ཡང་དཔག་ཚད་བྱེ་བ་བརྒྱ་སྟོང་གི་འོད་དང་ལྡན་པ། །སྲས་ཀྱི་ཐུ་བོ་གཉིས་ཀྱི་འོད་ཀྱིས་ནི་འཇིག་རྟེན་གྱི་ཁམས་དེ་ཁོར་ཡུག་ཏུ་སྣང་བས་ཁྱབ་པར་བྱེད་དོ། །དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་དང་མཐུ་ཆེན་ཐོབ་བོ། །ཡེ་ཤེས་རྒྱ་མཚོ་སེམས་ཅན་རྒྱ་མཚོའི་ ཕྱིར། །སྙིང་སྟོབས་རྒྱ་མཚོས་མ་ཞུམ་གོ་བགོས་ཤིང༌། །རྒྱལ་བ་རྒྱ་མཚོའི་དྲུང་དུ་ཐུགས་བསྐྱེད་ནས། །ཐོས་པ་རྒྱ་མཚོ་ཚོལ་བས་ངོམས་པ་མེད། །མ་ལུས་ཆོས་ཚོལ་ཚུལ་ལ་རབ་ཏུ་མཁས། །འཇིག་རྟེན་འདས་པའི་གཏམ་གྱི་སྙིང་པོ་རྟོགས། །ཆོས་ཀྱི་གཏམ་ལ་ནམ་ཡང་འཇིག་ པ་མེད། རྟག་ཏུ་སེམས་ཅན་གྲོལ་བར་བྱེད་ལ་བརྩོན། །དེ་ནི་འདྲེན་པའི་གཙོ་བོ་འོད་དཔག་མེད། །ཐུབ་མཆོག་དེ་ཡི་རིགས་སུ་སྐྱེས་གྱུར་པ། །རྒྱལ་བའི་གདུང་འཚོབ་གྲགས་ལྡན་དཔའ་བོ་ཆེ། །དག་པའི་ཞིང་གི་རྒྱལ་སྲས་རྣམས་ཡིན་ནོ། །བྱང་ཆུབ་སེམས་དཔའི་འཁོར་གྱི་ ཡོན་ཏན་ཕྱོགས་ཙམ་བརྗོད་པའོ། །དེ་ལྟ་བུའི་སྣོད་བཅུད་ཀྱི་ཡོན་ཏན་ཕུལ་དུ་བྱུང་བ་དང་ལྡན་པའི་ཞིང་གི་མཆོག་དེའི་དབུས་ན་བྱང་ཆུབ་ཀྱི་ཤིང་གི་དབང་པོ་ཆེན་པོ་འཕང་དུ་དཔག་ཚད་སྟོང་དྲུག་བརྒྱ་ཡོད་པ། ཡལ་ག་དང་ལོ་མ་དང་འདབ་མ་དཔག་ཚད་བརྒྱད་བརྒྱ་ 2-3-92a ཚུན་ཆད་དུ་འཕྱང་བ། རྩ་བའི་སྦོམས་དང་ཁྲུར་དཔག་ཚད་ལྔ་བརྒྱ་ཡོད་པ། ལོ་མ་དང་མེ་ཏོག་དང་འབྲས་བུ་རྣམས་རྒྱུན་དུ་འཕྱང་བ། ཁ་དོག་ཐ་དད་པ་བརྒྱ་སྟོང་དུ་མ་ཡོད་པ། ལོ་མ་དང་མེ་ཏོག་དང་འབྲས་བུ་ཐ་དད་པ་དུ་མ་དང་ ལྡན་པ། ཟླ་བ་ལྟར་སྣང་བའི་ནོར་བུ་རིན་པོ་ཆེས་ཡོངས་སུ་གསལ་བ། བརྒྱ་བྱིན་གྱིས་ཐོགས་པའི་ནོར་བུ་རིན་པོ་ཆེས་རྣམ་པར་སྤྲས་པ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེས་གང་བ། རྒྱ་མཚོའི་ནོར་བུ་རིན་པོ་ཆེ་མཆོག་གིས་སྤྲས་པ། གསེར་གྱི་སྐུད་པ་ དང་སེ་མོ་དོས་མཛེས་པ་དང་རིན་པོ་ཆེའི་ཆུན་པོ་དང་དོ་ཤལ་ཆིག་རྐྱང་དང་མུ་ཏིག་སྔོན་པོ་དང་མུ་ཏིག་དམར་པོའི་རྒྱན་ཕྲེང་དང་སེང་གེའི་ཁ་ནས་འཕྱང་བའི་སྐ་རགས་ཀྱི་ཚོགས་ཡོད་པ། རིན་པོ་ཆེ་ཐམས་ཅད་ཀྱི་དྲ་བ་དང་དྲིལ་བུ་གཡེར་ཁའི་དྲ་བས་བླ་བྲེར་ བྲེས་པ། ཆུ་སྲིན་དང་བཀྲ་ཤིས་དང་གཡུང་དྲུང་འཁྱིལ་བ་དང་ཟླ་གམ་ལྟ་བུས་ལེགས་པར་བརྒྱན་པ་སྟེ། མདོར་ན་སེམས་ཅན་གྱི་བསམ་པའི་རྣམ་པར་རིག་པ་ཇི་ལྟ་བུ་བཞིན་དུ་རྣམ་པར་བརྒྱན་པའོ། །བྱང་ཆུབ་ཀྱི་ཤིང་དེ་རླུང་གིས་བསྐྱོད་པ་ན་སྒྲ་ དབྱངས་འབྱུང་བ་གང་ཡིན་པ་དེས་འཇིག་རྟེན་གྱི་ཁམས་ཚད་མེད་པ་གོ་བར་བྱེད་དོ། །ཤིང་དེའི་སྒྲ་ཐོས་པ་དང་མཐོང་བ་དང་དེའི་དྲི་ཚོར་བ་དང་དེའི་འབྲས་བུའི་རོ་མྱོང་བ་དང་དེའི་འོད་ཀྱིས་རེག་པ་ཐམས་ཅད་ནི་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རྣ་བ་དང་ མིག་དང་སྣ་དང་ལྕེ་དང་ལུས་ལ་ནད་ཀྱིས་བཏབ་པ་མི་འབྱུང་ངོ༌། །ཤིང་དེ་ཡིད་ལ་སེམས་པ་དེ་དག་ཀྱང་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སེམས་གཡེང་བར་མི་འགྱུར་རོ། །བྱང་ཆུབ་ཀྱི་ཤིང་གི་དབང་པོ་དེའི་དྲུང་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་ 2-3-92b པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པ་རྡུལ་མེད་ཅིང་རྣམ་པར་དག་པ་བཞུགས་ཤིང་འཚོ་ཞིང་གཞེས་ལ་འཁོར་རྒྱ་མཚོ་ལྟ་བུའི་དབུས་ན་ཆོས་སྟོན་པར་མཛད་དོ། །དེ་ཡང་བསྐལ་བ་བརྒྱ་ཕྲག་ནས་བསྐལ་པ་བྱེ་ བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་གི་བར་འདི་སྙེད་ཅིག་ཐུབ་བོ་ཞེས་སྐུ་ཚེའི་ཚད་རྟོགས་པར་མི་ནུས་ཏེ་དེའི་ཕྱིར་རྒྱལ་བ་དེ་ནི་ཚེ་དཔག་མེད་ཅེས་བྱའོ། །དེ་བཞིན་དུ་ཕྱོགས་བཅུ་རེ་རེར་ཡང་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གངྒཱའི་ཀླུང་གི་བྱེ་མའི་ གྲངས་ཇི་སྙེད་པ་དེའི་འོད་ཀྱིས་ཁྱབ་པར་གནས་ཏེ་དེའི་ཕྱིར་རྒྱལ་བ་དེ་ནི་འོད་དཔག་མེད་ཅེས་བྱ་སྟེ། འོན་ཀྱང་སྨོན་ལམ་གྱི་དབང་གིས་འོད་འདོམ་གང་བ་སོགས་སུ་འགྱུར་བ་ནི་མ་གཏོགས་སོ། །འོད་དེ་ནི་ཤེས་གོང་ལྟར་དྲི་མ་མེད་པ། ནམ་མཁའ་ལྟར་ཤིན་ཏུ་རྒྱས་པ། ལུས་ལ་བདེ་བ་སྐྱེད་པ། སེམས་དགའ་བར་བྱེད་པ། གང་ལ་རེག་པའི་སེམས་ཅན་རྣམས་མཆོག་ཏུ་དགའ་བར་བྱེད་པའོ། །དེ་ལྟར་འོད་ཟེར་གྱི་ཕུང་པོ་ཆེན་པོ་མཐའ་ཡས་པས་རོལ་མཚོས་ གསེར་གྱི་རི་རྣམས་ལ་འཁྱུད་པ་བཞིན་དུ་ཡོངས་སུ་བསྐོར་བའི་དྲང་སྲོང་ཆེན་པོ་འོད་དཔག་ཏུ་མེད་པའི་སྐུའི་གཟི་བརྗིད་ཀྱི་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་འཁོར་གྱི་ཚོགས་ཐམས་ཅད་ཟིལ་གྱིས་མནན་ནས་མངོན་པར་འཕགས་ཏེ་ལྷམ་མེ་ ལྷང་ངེ་ལྷན་ནོར་ཕྱོགས་ཀུན་དུ་གསལ་བར་སྣང་བ་ནི་རིའི་རྒྱལ་པོ་རི་རབ་རི་ཐམས་ཅད་ཀྱི་དབུས་ན་མངོན་པར་མཐོ་བ་བཞིན་ནོ། །ཐུབ་པའི་མཆོག་ཆེན་པོ་དེ་མཐོང་མ་ཐག་ཏུ་ཡིད་ཚིམ་པར་བྱེད་པའི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང༌། དཔེ་ 2-3-93a བྱད་བཟང་པོ་བརྒྱད་ཅུ་བསྐལ་པ་དཔག་ཏུ་མེད་པར་བསྒྲུབས་པའི་དགེ་བའི་རྩ་བ་དུ་མའི་རྒྱུ་ལས་བྱུང་བ་དག་ཅིང༌། གསལ་ལ་མཛེས་པ་ཐམས་ཅད་ཡོངས་སུ་རྫོགས་པ་རྣམས་ཀྱིས་སྐུའི་ཁྱོན་ཐམས་ཅད་མཛེས་པར་བྱེད་པ་ལ་འགྲན་པ་བཞིན་ དུ་གྱུར་པ། སྟོན་གྱི་དུས་ཀྱི་མཚན་མོ་སྤྲིན་དང་བྲལ་བའི་ནམ་མཁའི་དཀྱིལ་དུ་ཆ་ཤས་ཐམས་ཅད་ཡོངས་སུ་རྫོགས་པའི་ཟླ་བའི་དཀྱིལ་འཁོར་ཤར་བ་མུ་ཏིག་གི་འབྲུམ་བུ་ལྟ་བུའི་རྒྱུ་སྐར་བྱེ་བའི་དཀྱིལ་ན་མཛེས་པ་བཞིན་དུ་རྒྱུད་དང་དབང་པོ་དང་དགེ་ བའི་རྩ་བ་ཤིན་ཏུ་རླབས་ཆེ་བ་ཡོངས་སུ་སྨིན་པའི་བྱང་ཆུབ་སེམས་དཔའི་འཁོར་དཔག་ཏུ་མེད་པས་ཡོངས་སུ་བསྐོར་བ་རབ་ཏུ་བརྗིད་པའི་གཟུགས་དང་ལྡན་ཞིང་ཤིན་ཏུ་དལ་བའི་འགྲོས་ཀྱིས་མཛེས་པའི་ཁྱུ་མཆོག་བ་ལང་བརྒྱ་སྟོང་གི་རྗེས་སུ་འབྲང་བ་ དང་བཅས་ནས་འགྲོ་བ་བཞིན་དུ་སྤྱན་དང་རྫུ་འཕྲུལ་དང་མངོན་པར་ཤེས་པ་དུ་མས་མཛེས་པའི་དགྲ་བཅོམ་པའི་འཁོར་གྱི་མདུན་དུ་བདར་བ། ཤེས་བྱ་ཐམས་ཅད་ལ་ཆགས་པ་དང་ཐོགས་པ་མེད་པའི་མཁྱེན་པ་དང༌། འཁོར་བ་ཇི་སྲིད་དུ་ཇི་ལྟར་འཚམ་ པར་ཆོས་སྟོན་པ་ཟད་མི་ཤེས་པས་སྤོབས་པ་དང་མཐའ་ཡས་པའི་སེམས་ཅན་གྱི་དོན་འབའ་ཞིག་ལྷུར་མཛད་པའི་ཐུགས་རྗེ་ཆེན་པོ་ལ་བརྟེན་ནས་དཔའ་ཞིང་ཡང་རྩལ་ཆེ་བའི་རི་དྭགས་ཀྱི་རྒྱལ་པོ་སེངྒེ་་རི་དྭགས་དུ་མའི་ཚོགས་ཀྱི་འཁོར་གྱི་ནང་ན་བག་ ཚ་བ་མེད་པར་ཕྱོགས་ཀུན་ཏུ་སེང་གེའི་སྒྲ་སྒྲོགས་པ་ལྟར་གྲངས་མེད་པའི་འཁོར་གྱི་དབུས་ན་ཕས་ཀྱི་རྒོལ་བའི་འཇིགས་པ་ཐམས་ཅད་དང་བྲལ་བ་ཟབ་པ་དང་རྒྱ་ཆེ་བའི་སེང་གེའི་སྒྲ་ཆེན་པོ་རྒྱུན་མི་འཆད་དུ་སྒྲོགས་པའོ། །བདེ་བ་ཅན་གྱི་ཞིང་ན་འགྲོ་བའི་སྐྱབས། ། 2-3-93b ལྗོན་པའི་དབང་པོའི་དྲུང་ན་འོད་དཔག་མེད། །རྒྱ་ཆེན་འཁོར་གྱི་དབུས་ན་བརྗིད་པའི་སྐུ། །མཐའ་ཡས་བསོད་ནམས་ཕུང་པོ་ཁྱོད་ལ་འདུད། །འདྲེན་པ་ཁྱོད་ཀྱི་འོད་ཀྱི་ཚོགས། །འཇིག་རྟེན་ཁམས་སུ་ཤོང་གྱུར་པ། །ཀྱེ་མ་རྒྱལ་བའི་ཞིང་གི་ནི། །རྒྱ་ཁྱོན་ཁོངས་དག་ཤིན་ཏུ་ ཡངས། །རྒྱལ་བ་ཀུན་གྱི་གསང་གསུམ་ཡོན་ཏན་རྣམས། །ཁྱོད་ཉིད་གཅིག་པུས་བདག་གིར་མཛད་པས་ན། །མི་མཇེད་ཞིང་གི་སེམས་ཅན་འདི་དག་རྣམས། །སྙིགས་མ་ལྔ་ཡི་ཉེས་པས་སྦགས་སམ་སྙམ། །རབ་མཐོ་རི་ཡི་དབང་པོ་སྟེ། །རབ་རྒྱས་ཟླ་བའི་བཞིན་ལྡན་ཞིང༌། །རབ་མཛེས་ ཨུཏྤལ་སྔོན་པོའི་མིག །རབ་ཏུ་ལྡན་ན་ཁྱོད་དང་མཚུངས། །མཁྱེན་བརྩེའི་ཡོན་ཏན་དུ་མའི་དཔལ་འབར་ཞིང༌། །འཁོར་ཚོགས་དབུས་སུ་ལེགས་བཤད་དགའ་སྟོན་འགྱེད། །སྲིད་མཐའི་བར་དུ་གཞན་གྱི་དོན་བཞུགས་པ། །གནས་སྐབས་ཀུན་ཏུ་ཁྱོད་ཀྱིས་ འགྲོ་ཀུན་སྐྱོངས། །ཞིང་གི་གཙོ་བོའི་ཡོན་ཏན་ཕྱོགས་ཙམ་བརྗོད་པའོ། །དེ་དག་ནི་བཅུད་ཀྱི་ཡོན་ཏན་ཡིད་ལ་བྱ་བའི་ཚུལ་མདོར་བསྡུས་པ་སྟེ། རྒྱས་པར་ཕྱེ་ན་རྒྱལ་བ་འདིས་སངས་རྒྱས་འཇིག་རྟེན་དབང་ཕྱུག་རྒྱལ་པོའི་སྤྱན་སྔར་ ཞིང་འདི་སྨོན་ལམ་ཇི་ལྟ་བུས་བཟུང་བ་དང༌། དེ་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་རྣམས་ཇི་ལྟར་རྫོགས་པར་སྤྱད་པ་དང༌། མཐར་སྨོན་པའི་གནས་འགྲུབ་པའི་ཞིང་གི་ཡོན་ཏན་རྣམས་ཤིན་ཏུ་གསལ་བར་ཞིང་བཀོད་ ཀྱི་མདོར་གསུངས་པས་དེར་བལྟ་བར་བྱའོ། །དེ་ལྟར་ན་འདུན་པོའི་ཡུལ་ཞིང་གི་ཡོན་ཏན་མདོར་བསྡུས་པ་དེ་རྣམས་དམིགས་ཕྱེད་པར་བྱས་ནས་ཞིང་དེར་སྐྱེ་བ་ལ་འདུན་པ་ཡང་ཡང་སྦྱངས་ནས་འདུན་པོ་ཤུགས་དྲག་པ་ཤིན་ཏུ་གལ་ཆེ་བ་དང༌། དེ་ལྟར་བྱས་པའི་ 2-3-94a ཕན་ཡོན་ནི། ཞིང་བཀོད་ཀྱི་མདོ་ལས་ཇི་སྐད་དུ། གང་གི་ཕྲ་རབ་རྡུལ་སྙེད་འཇིག་རྟེན་ཁམས། །བཤིག་ཅིང་གཤགས་ཏེ་རྡུལ་དུ་བྱས་གྱུར་པ། །དེ་བས་མང་བའི་འཇིག་རྟེན་ཁམས་ཀྱི་རྣམས། །རིན་ཆེན་བཀང་སྟེ་སྦྱིན་པ་བྱིན་པས་ནི། །གང་གིས་ དཔག་ཏུ་མེད་པའི་འོད་མཚན་དང༌། །བདེ་བ་ཅན་གྱི་ཡོན་ཏན་ཁྱད་འཕགས་རྣམས། །ཐོས་ནས་དགའ་སྟེ་ཐལ་མོ་སྦྱོར་བྱེད་པ། །བསོད་ནམས་འདི་ཡི་ཆར་ཡང་འགྱུར་མ་ཡིན། །དེ་ལྟ་བས་ན་དེ་བཞིན་གཤེགས་དེ་ཡི། །ཡོན་ཏན་ཐོས་ནས་མགུ་དང་དད་སྐྱེད་ལ། །བདེ་བ་ ཅན་གྱི་འཇིག་རྟེན་ཁམས་མཆོག་ཏུ། །འགྲོ་བར་བྱ་ཕྱིར་མོས་པ་དྲག་པོ་སྐྱེད། །གང་གིས་བདེ་བ་ཅན་གྱི་འཇིག་རྟེན་གྱི། །མིང་ཐོས་པ་ཡི་བསོད་ནམས་དེ་ལ་ནི། །ཞིང་མཆོག་ཐ་གྲུ་ཆེན་པོ་དེ་དག་ཀུན། །ཆ་དང་དཔེར་ཡང་འགྱུར་བ་མ་ཡིན་ནོ། །ཡང་དག་རྒྱལ་བའི་བཀའ་དང་ཤེས་ རབ་ཅན། །དེ་དག་དེ་བས་བསོད་ནམས་མང་དུ་འགྱུར། །དོན་དམ་ཐོབ་ཕྱིར་དད་པ་རྩ་བ་སྟེ། །དེ་ལྟ་བས་ན་ཐོས་ནས་ཡིད་གཉིས་སོལ། །ཞེས་གང་གསུངས་པའོ། །དེའི་ཕྱིར་ཐུབ་པའི་དབང་པོས་ཞིང་གི་ཡོན་ཏན་གྱི་བཀོད་པ་གསུངས་པ་དང་རྒྱུ་འདི་ལྟ་བུ་བསྒྲུབས་ན་དེར་སྐྱེ་ འོ་ཞེས་གསུངས་པ་རྣམས་ནི་རྒྱལ་བའི་ཡེ་ཤེས་དཔང་དུ་བྱས་ཏེ། ཐེ་ཚོམ་ཅུང་ཟད་ཀྱང་མི་ཟ་བར་ཡིད་ཆེས་པ་ཤིན་ཏུ་གལ་ཆེ་སྟེ། ཐེ་ཚོམ་ཟ་བཞིན་དུ་དེར་སྐྱེ་བའི་རྒྱུ་བསྒྲུབས་པ་རྣམས་ནི་ཞིང་དེར་སྐྱེས་ཀྱང་པདྨའི་སྦུབས་ནས་ཐོགས་མེད་དུ་འབྱུང་མི་ནུས་པར་ པདྨའི་མངལ་ན་ལོ་ལྔ་བརྒྱར་སངས་རྒྱས་མཐོང་བར་དང་ཆོས་ཉན་པ་སོགས་བྱར་མེད་པར་གནས་དགོས་པའི་ཉེས་དམིགས་ཤིན་ཏུ་ཆེ་བར་གསུངས་པའི་ཕྱིར་རོ། །འདུན་པའི་ཡུལ་དུ་ཞིང་གི་ཡོན་ཏན་སྔར་གྱི་དེ་ཙམ་ཞིག་སྨོས་པ་དེ་ནི། འགོ་སྨོས་པས་གོ་བའི་ 2-3-94b དབང་པོ་རྣོན་པོ་རྣམས་ལ་དེ་ཙམ་མི་དགོས་མོད། འོན་ཀྱང་བདག་ལྟ་བུའི་དབང་པོ་རྟུལ་པོ་རྣམས་ལ་དེ་བཞིན་དུ་མ་སྨོས་ན་སྐྱེ་བར་འདོད་པའི་འདུན་པའི་ཡུལ་དམིགས་མི་ཕྱེད་ཅིང༌། དམིགས་མ་ཕྱེད་ན་ཞིང་གི་ཡོན་ཏན་མཐོང་བས་རྒྱུ་བྱས་པའི་འདུན་པ་དྲག་པོ་མི་སྐྱེ་བར་སྣང་བས་ ཅུང་ཟད་སྤྲོས་ཏེ་བཤད་པ་ཡིན་ནོ། །དེ་ལྟར་ཇི་སྐད་བཤད་པའི་རྒྱལ་བ་འཁོར་དང་བཅས་པ་ལ་སྨོན་པའི་གནས་ཐམས་ཅད་བདེ་བླག་ཏུ་འགྲུབ་པའི་དབང་པོ་མཛད་དུ་གསོལ་བ་ནི། བླང་དོར་གནས་རྣམས་མ་རིག་འཐུག་པོས་བསྒྲིབས། །ཁོང་ཁྲོའི་མཚོན་གྱིས་ མཐོ་རིས་སྲོག་འཕྲོག་ཅིང༌། །འདོད་སྲེད་ཞགས་པས་འཁོར་བའི་བཙོན་རྭར་བཅིངས། །ལས་ཀྱི་ཆུ་བོས་སྲིད་པའི་རྒྱ་མཚོར་ཁྱེར། །ན་རྒའི་སྡུག་བསྔལ་རྦ་རླབས་མང་པོས་གཡེངས། །མི་བཟད་འཆི་བདག་ཆུ་སྲིན་ཁར་ཆུད་པས། །མི་འདོད་སྡུག་བསྔལ་ཁུར་གྱིས་ནོན་གྱུར་ པ། །མགོན་མེད་བདག་གི་ཉམ་ཐག་ང་རོ་ཡི། །ཡིད་ལ་སྨོན་པ་འགྲུབ་པའི་དཔང་པོ་རུ། །ཕོངས་པའི་གཉེན་གཅིག་འདྲེན་པ་འོད་དཔག་མེད། །སྤྱན་རས་གཟིགས་དབང་རྒྱལ་སྲས་མཐུ་ཆེན་ཐོབ། །འཁོར་དང་དང་བཅས་ལ་གུས་པས་གསོལ་འདེབས་ན། །དཔག་མེད་བསྐལ་ པར་བདག་ཅག་རྣམས་ཀྱི་ཕྱིར། །ཐུགས་མཆོག་སྐྱེད་པའི་དམ་བཅའ་མ་བསྙེལ་བར། །འདབ་བཟང་གཙོ་བོ་ལྷ་ཡི་ལམ་ལ་བཞིན། །རྫུ་འཕྲུལ་སྟོབས་ཀྱིས་བརྩེ་བས་འདིར་གཤེགས་ཤིག །བདག་དང་གཞན་གྱི་དུས་གསུམ་དང་འབྲེལ་བའི་ཚོགས་གཉིས་ཀྱི་རྒྱ་མཚོ་ རྣམས་ཕྱོགས་གཅིག་ཏུ་བསྡོམས་པའི་མཐུ་ལ་བརྟེན་ནས་བདག་འཆི་བའི་དུས་ཉེ་བར་གནས་པ་ན་འདྲེན་པ་འོད་དཔག་ཏུ་མེད་པ་སྲས་ཀྱི་ཐུ་བོ་གཉིས་ལ་སོགས་པའི་འཁོར་གྱིས་བསྐོར་བ་མངོན་སུམ་དུ་མཐོང་ཞིང༌། དེའི་ཚེ་རྒྱལ་བ་འཁོར་དང་བཅས་ལ་དམིགས་པའི་ 2-3-95a རབ་ཏུ་དད་པ་དྲག་པོ་སྐྱེས་ཏེ། གནད་གཅོད་ཀྱི་སྡུག་བསྔལ་མེད་པ་དང༌། དད་པ་ཡུལ་དང་བཅས་པ་མ་བརྗོད་པའི་དྲན་པས་ཤི་འཕོས་མ་ཐག་ཏུ་རྒྱལ་བའི་སྲས་པོ་བརྒྱད་རྫུ་འཕྲུལ་གྱིས་ལྷགས་ནས་བདེ་བ་ཅན་དུ་འགྲོ་བའི་ལམ་ཇི་ལྟ་བ་བཞིན་དུ་ བསྟན་པ་ལ་བརྟེན་ནས་བདེ་བ་ཅན་གྱི་ཞིང་དུ་རིན་པོ་ཆེའི་པདྨ་ལས་ཐེག་པ་ཆེན་པོའི་རིགས་ཅན་དབང་པོ་རྣོན་པོ་ཤ་སྟག་ཏུ་སྐྱེ་བར་གྱུར་ཅིག །སྐྱེས་མ་ཐག་ཏུ་གཟུངས་དང་ཏིང་ངེ་འཛིན་དང༌། དམིགས་པ་མེད་པའི་བྱང་ཆུབ་ཀྱི་སེམས་དང༌། ཟད་མི་ཤེས་པའི་སྤོབས་ པ་ལ་སོགས་པ་ཡོན་ཏན་གྱི་ཚོགས་དཔག་ཏུ་མེད་པ་ཐོབ་པ་དང༌། སྟོན་པ་བླ་ན་མེད་པ་འོད་དཔག་ཏུ་མེད་པ་ལ་སོགས་པ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་མཉེས་པར་བྱས་ནས་ཐེག་པ་ཆེན་པོའི་བཀའ་ལུང་ཡང་དག་པར་ནོད་པར་གྱུར་ཅིག །དེ་རྣམས་ ཀྱི་དོན་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་ནས་སྐད་ཅིག་རེ་རེ་ལ་སངས་རྒྱས་ཀྱི་ཞིང་རབ་འབྱམས་སུ་རྫུ་འཕྲུལ་གྱིས་ཐོགས་མེད་དུ་བགྲོད་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པར་གྱུར་ཅིག །དག་པའི་ཞིང་དུ་སྐྱེས་ནས་ཀྱང་བརྩེ་ བ་ཤུགས་དྲག་པོས་ཀུན་ནས་བསླང་བའི་ཐོགས་པ་མེད་པའི་རྫུ་འཕྲུལ་གྱིས་གཙོ་བོར་མ་དག་པའི་ཞིང་དུ་ཕྱིན་ནས་སེམས་ཅན་ཐམས་ཅད་ཀྱི་རང་རང་གི་སྐལ་བ་ཇི་ལྟ་བ་བཞིན་དུ་ཆོས་བསྟན་པ་ལ་བརྟེན་ནས་རྒྱལ་བས་བསྔགས་པའི་ལམ་རྣམ་པར་དག་པ་ལ་འགོད་ ནུས་པར་གྱུར་ཅིག །སྤྱོད་པ་རྨད་དུ་བྱུང་བ་དེ་དག་མྱུར་དུ་རྫོགས་པར་བྱས་པའི་སྒོ་ནས་མཐའ་ཡས་པའི་འགྲོ་བའི་དོན་དུ་རྒྱལ་བའི་གོ་འཕང་བདེ་བླག་ཏུ་ཐོབ་པར་གྱུར་ཅིག །ནམ་ཞིག་ཚེ་ཡི་འདུ་བྱེད་གཏོང་བ་ན། །འཁོར་ཚོགས་རྒྱ་མཚོས་བསྐོར་བའི་འོད་དཔག་ 2-3-95b མེད། །མིག་གི་ལམ་དུ་གསལ་བར་མཐོང་གྱུར་ཏེ། །དད་སོགས་སྙིང་རྗེས་བདག་རྒྱུད་གང་བར་ཤོག །བར་དོའི་སྣང་བ་ཤར་བ་གྱུར་མ་ཐག །རྒྱལ་སྲས་བརྒྱད་ཀྱིས་མ་ནོར་ལམ་བསྟན་ཏེ། །བདེ་བ་ཅན་དུ་སྐྱེས་ནས་སྤྲུལ་པ་ཡིས། །མ་དག་ཞིང་གི་འགྲོ་བ་འདྲེན་གྱུར་ཅིག ། དེ་ལྟ་བུའི་གོ་འཕང་མཆོག་མ་ཐོབ་པའི་སྐྱེ་བ་ཐམས་ཅད་དུའང་རྒྱལ་བའི་བསྟན་པ་ལུང་དང་རྟོགས་པ་ལ་ཐོས་པ་དང་བསམ་པ་དང་སྒོམ་པ་རྣམ་པར་དག་པ་སྒྲུབ་པའི་རྟེན་ཤ་སྟག་ཐོབ་པར་གྱུར་ཅིག །རྟེན་དེ་ཡང་མཐོ་རིས་ཀྱི་ཡོན་ཏན་བདུན་གྱི་རྒྱན་དང་མི་འབྲལ་བར་གྱུར་ ཅིག །དེ་ལྟ་བུའི་གནས་སྐབས་ཐམས་ཅད་དུའང་སྔོན་གྱི་གནས་ཇི་ལྟ་བ་དྲན་པའི་ཚེ་རབས་དྲན་པ་ཐོབ་པར་གྱུར་ཅིག །སྐྱེ་བ་ཐམས་ཅད་དུ་སྲིད་པ་མཐའ་དག་སྙིང་པོ་མེད་པར་མཐོང་ཞིང༌། ཐར་པའི་ཡོན་ཏན་གྱིས་ཡིད་ཕྲོགས་པའི་བསམ་པས་ཀུན་ནས་བསླང་སྟེ་བཅོམ་ ལྡན་འདས་ཀྱིས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་བྱེད་པར་གྱུར་ཅིག །རབ་ཏུ་བྱུང་བའི་ཚེ་ཡང་ཉེས་ལྟུང་ཕྲ་མོས་ཀྱང་མ་གོས་པར་ཚུལ་ཁྲིམས་ཀྱི་ཕུང་པོ་མཐར་ཕྱིན་པར་མཛད་པའི་སྒོ་ནས་བྱང་ཆུབ་ཆེན་པོ་བརྙེས་པ་དགེ་སློང་མི་འཁྲུགས་པ་ ལྟ་བུར་གྱུར་ཅིག །གཞན་ཡང་སྐྱེ་བ་ཐམས་ཅད་དུ་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་ཚུལ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་ནས་མཐར་ཕྱིན་པའི་ཡན་ལག་ཆོས་རྣམས་ཀྱི་ཚིག་དང་དོན་མ་ལུས་པ་མི་བརྗེད་པར་འཛིན་པའི་གཟུངས་ཕུན་སུམ་ཚོགས་པ་ཐོབ་ པར་གྱུར་ཅིག །རང་ཉིད་ཀྱིས་གཟུང་བ་བཞིན་དུ་གཞན་ལ་སྟོན་པ་ལ་ཐོགས་པ་མེད་པའི་སྤོབས་པ་རྣམ་པར་དག་པ་ཐོབ་པར་གྱུར་ཅིག །གཞན་ཡང་སྐྱེ་བ་ཐམས་ཅད་དུ་དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་གྱི་སྒོ་རྣམས་དང༌། ཤའི་མིག་ལ་སོགས་པའི་ 2-3-96a སྤྱན་རྣམས་དང༌། རྫུ་འཕྲུལ་གྱི་ཡུལ་ཤེས་པ་ལ་སོགས་པའི་མངོན་པར་ཤེས་པ་རྣམས་ཐོབ་པ་དང་མི་འབྲལ་བར་གྱུར་ཅིག །གཞན་ཡང་སྐྱེ་བ་ཐམས་ཅད་དུ་བླང་དོར་གྱི་གནས་རྣམས་རང་སྟོབས་ཀྱིས་འབྱེད་ནུས་པའི་ཤེས་རབ་རླབས་ཆེ་བ་ཐོབ་པར་ གྱུར་ཅིག །ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆ་ཤས་ཕྲ་ཞིང་ཕྲ་བ་རྣམས་ཇི་ལྟ་བ་བཞིན་དུ་མ་འདྲེས་པར་འབྱེད་ནུས་པའི་ཤེས་རབ་གསལ་བ་ཐོབ་པར་གྱུར་ཅིག །མ་རྟོགས་པ་དང་ལོག་པར་རྟོག་པ་དང་ཐེ་ཚོམ་གྱི་བསམ་པ་སྐྱེས་མ་ཐག་ཏུ་མ་ལུས་པར་ འགོག་ནུས་པའི་ཤེས་རབ་མྱུར་བ་ཐོབ་པར་གྱུར་ཅིག །གཞན་གྱིས་ཚད་གཟུང་མི་ནུས་པར་གསུང་རབ་ཀྱི་ཚིག་དོན་ལ་གཏུགས་པ་མེད་པར་འཇུག་པའི་ཤེས་རབ་ཟབ་པ་ཐོབ་པར་གྱུར་ཅིག །མདོར་ན་འཆལ་བའི་ཤེས་རབ་ཀྱི་སྐྱོན་ཐམས་ཅད་དང་བྲལ་བའི་ཤེས་ རབ་ཀྱིས་གསུངས་རབ་ཀྱི་ཚིག་དོན་འབྱེད་པ་ལ་ཐབས་མཁས་པའི་ཤེས་རབ་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཀྱི་མཐར་སོན་པ་རྗེ་བཙུན་འཇམ་པའི་དབྱངས་ལྟ་བུར་གྱུར་ཅིག །དེ་ལྟར་ཤེས་རབ་ཆེ་བ་གསལ་བ་མྱུར་བ་ཟབ་པ་བདེ་བླག་ཏུ་རྙེད་ནས་སྐལ་ ལྡན་རྗེས་སུ་འཛིན་པ་དང་ལོག་སྨྲ་ཚར་གཅོད་པ་དང༌། མཁས་པ་མགུ་བ་སྐྱེད་པའི་ཡན་ལག་རྒྱལ་བའི་གསུང་རབ་མཐའ་དག་ལ་དམིགས་པའི་འཆད་པ་དང་རྩོད་པ་དང་རྩོམ་པ་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པར་གྱུར་ཅིག །གཞན་ཡང་སྐྱེ་བ་ཐམས་ཅད་དུ་རང་གི་དོན་ གཙོ་བོར་འཛིན་པའི་ཡིད་ལ་བྱེད་པ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ལ་སྒྱིད་ལུག་ཅིང་ཞུམ་པའི་བསམ་པ་ཐམས་ཅད་བཀག་ནས། གཞན་གྱི་དོན་ལྷུར་ལེན་ཅིང་སྙིང་སྟོབས་མཆོག་གི་ཕ་རོལ་ཏུ་སོན་པ་ལ་ཐབས་མཁས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ 2-3-96b སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཀྱི་མཐར་སོན་པ་རྗེ་བཙུན་སྤྱན་རས་གཟིགས་དབང་ཕྱུག་ལྟ་བུར་གྱུར་ཅིག །གཞན་ཡང་སྐྱེ་བ་ཐམས་ཅད་དུ་རང་དང་གཞན་གྱི་དོན་ལ་འཇུག་པ་ན་བདུད་དང་མུ་སྟེགས་དང་ཕས་ཀྱི་རྒོལ་བ་ཐམས་ཅད་འཇོམས་པར་བྱེད་པ་ལ་ཐབས་ མཁས་པའི་ནུས་པའི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཀྱི་མཐར་སོན་པ་རྗེ་བཙུན་གསང་བའི་བདག་པོ་ལྟ་བུར་གྱུར་ཅིག །སྐྱེ་བ་ཐམས་ཅད་དུ་ལེ་ལོ་སྤངས་པའི་བརྩོན་འགྲུས་ཀྱི་བྱང་ཆུབ་ཀྱི་སྤྱོད་པ་ཡོངས་སུ་རྫོགས་པར་བྱེད་པ་ལ་དང་པོ་ཐུགས་བསྐྱེད་པ་ནས་སྐད་ ཅིག་ཀྱང་གཡེལ་བ་མེད་པར་རླབས་པོ་ཆེའི་བརྩོན་འགྲུས་ཀྱིས་བྱང་ཆུབ་ཆེན་པོ་བརྙེས་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་ལྟ་བུར་གྱུར་ཅིག །སྐྱེ་བ་ཐམས་ཅད་དུ་བྱང་ཆུབ་སྒྲུབ་པའི་བར་ཆད་ལུས་དང་སེམས་ཀྱི་ནད་ཐམས་ཅད་འཇོམས་པ་ལ་མཚན་ནས་སྨོས་པ་ཙམ་གྱིས་ལུས་ ངག་ཡིད་གསུམ་གྱི་ཟུག་རྔུ་ཐམས་ཅད་ཞི་བར་བྱེད་ནུས་པ་བདེ་བར་གཤེགས་པ་སྨན་པའི་རྒྱལ་པོ་ལྟ་བུར་གྱུར་ཅིག །གཞན་ཡང་སྐྱེ་བ་ཐམས་ཅད་དུ་ཇི་ལྟར་འདོད་པ་བཞིན་ཚེ་མཐར་ཕྱིན་པ་ལ་མཚན་ནས་སྨོས་པ་ཙམ་གྱིས་དུས་མ་ཡིན་པའི་འཆི་བ་ཐམས་ཅད་འཇོམས་པར་ ནུས་པ་རྒྱལ་བ་ཚེ་དཔག་ཏུ་མེད་པ་ལྟ་བུར་གྱུར་ཅིག །ཚེའི་བར་ཆད་འབྱུང་དུ་ཉེ་བ་ན་སྐྱོབ་པ་ཚེ་དཔག་ཏུ་མེད་པས་འཕྲིན་ལས་བཞི་གང་གིས་འདུལ་བ་དང་རྗེས་སུ་མཐུན་པའི་སྐུའི་སྣང་བ་རབ་ཏུ་བསྟན་པ་མཐོང་ཞིང༌། མཐོང་མ་ཐག་ཏུ་ཚེའི་བར་དུ་གཅོད་པ་མ་ལུས་པ་ཉེ་བར་ཞི་བར་ གྱུར་ཅིག །གང་གིས་འདུལ་བ་དང་འཚམ་པའི་སྐུའི་སྣང་བ་བསྟན་པ་དེ་ཡང་མགོན་པོ་ཚེ་དཔག་ཏུ་མེད་པ་ཡིན་པར་ངོ་ཤེས་ནས་བཅོས་མ་མ་ཡིན་པའི་དད་པ་བརྟན་པོ་སྐྱེས་ཤིང་དེའི་མཐུ་ལ་བརྟེན་ནས་སྐྱེ་བ་ཐམས་ཅད་དུ་རྒྱལ་བ་ཚེ་དཔག་མེད་ཀྱིས་དགེ་བའི་བཤེས་ 2-3-97a གཉེན་དངོས་སུ་མཛད་པ་དང་མི་འབྲལ་བར་གྱུར་ཅིག །གཞན་ཡང་སྐྱེ་བ་ཐམས་ཅད་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཐམས་ཅད་ཀྱི་རྩ་བ་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པས་མཉེས་བཞིན་ དུ་རྗེས་སུ་འཛིན་པར་གྱུར་ཅིག །རྗེས་སུ་བཟུང་བའི་ཚེ་ན་ཡང་དགེ་བའི་བཤེས་གཉེན་ལ་མི་ཕྱེད་པའི་དད་པ་བརྟན་པོ་ཐོབ་སྟེ་སྒོ་ཐམས་ཅད་ནས་མཉེས་པ་ཁོ་ན་བྱེད་པར་གྱུར་ཅིག །མི་མཉེས་པ་སྐད་ཅིག་ཙམ་ཡང་མི་སྒྲུབ་པར་གྱུར་ཅིག །དགེ་བའི་བཤེས་གཉེན་ གྱིས་གདམས་པ་དང༌། རྗེས་སུ་བསྟན་པ་མ་ཚང་བ་མེད་པ་འདོམས་པར་གྱུར་ཅིག །དེའི་དོན་ཐམས་ཅད་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་ནས་སྒྲུབ་པས་མཐར་ཕྱིན་པར་བྱེད་ནུས་པར་གྱུར་ཅིག །མི་དགེ་བའི་བཤེས་གཉེན་དང་སྡིག་པའི་གྲོགས་པོའི་དབང་དུ་སྐད་ ཅིག་ཙམ་ཡང་མི་འགྲོ་བར་གྱུར་ཅིག །སྐྱེ་བ་ཐམས་ཅད་དུ་ལས་འབྲས་ལ་ཡིད་ཆེས་པའི་དད་པ་དང༌། ངེས་འབྱུང་དང༌། བྱང་ཆུབ་ཀྱི་སེམས་དང༌། ལྟ་བ་རྣམ་པར་དག་པ་མཐའ་དག་པ་ཁོང་དུ་ཆུད་ནས་རྩོལ་བ་མེད་པའི་མྱོང་བ་རྒྱུན་མི་འཆད་དུ་འཇུག་པར་གྱུར་ ཅིག །སྐྱེ་བ་ཐམས་ཅད་དུ་ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་དགེ་བའི་རྩ་བ་ཇི་སྙེད་ཅིག་བྱས་པ་ཐམས་ཅད་གཞན་དོན་དང་བྱང་ཆུབ་རྣམ་པར་དག་པ་ཁོ་ནའི་རྒྱུར་གྱུར་ཅིག །ཇི་སྲིད་ཐུབ་མཆོག་གོ་འཕང་དམ་པ་དེ། །བདག་གིས་མངོན་དུ་མ་བྱས་དེ་སྲིད་ དུ། །རྣམ་དག་ལམ་བཟང་སྒྲུབ་པའི་རྟེན་རྙེད་ཅིང༌། །རབ་ཏུ་འབྱུང་ཞིང་ཚེ་རབ་དྲན་པར་ཤོག །གཟུངས་སྤོབས་ཏིང་འཛིན་མངོན་ཤེས་རྫུ་འཕྲུལ་སོགས། །མཐའ་ཡས་ཡོན་ཏན་དུ་མའི་མཛོད་འཛིན་ཅིང༌། །མཁྱེན་བརྩེ་ནུས་པ་ཟླ་དང་བྲལ་ཐོབ་ནས། ། 2-3-97b བྱང་ཆུབ་སྤྱོད་པ་མྱུར་དུ་མཐར་ཕྱིན་ཤོག །དུས་མིན་འཆི་བའི་མཚན་མ་མཐོང་བ་ན། །དེ་ཡི་མོད་ལ་ཚེ་དཔག་མེད་མགོན་སྐུ། །གསལ་བར་མཐོང་ནས་འཆི་བདག་དཔའ་བཅོམ་སྟེ། །འཆི་མེད་རིག་འཇིན་མྱུར་དུ་ཐོབ་པར་ཤོག །ཚེ་རབས་ཀུན་ཏུ་ཚེ་དཔག་མེད་པ་ཡིས། །ཐེག་ མཆོག་བཤེས་གཉེན་དངོས་སུ་མཛད་པའི་མཐུས། །རྒྱལ་བས་བསྔགས་པའི་ལམ་བཟང་དེ་ཉིད་ལས། །སྐད་ཅིག་ཙམ་ཡང་ལྡོག་པར་མ་གྱུར་ཅིག། །།དེ་ལྟར་བདེ་བ་ཅན་གྱི་ཞིང་དུ་སྐྱེ་བ་འཛིན་པ་ལས་བརྩམས་པའི་སྨོན་ལམ་རྣམ་པར་དག་པ་བཏབ་པའི་དགེ་བའི་རྩ་ བ་འདིས་མཚོན་ནས། ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་དགེ་བ་ཐམས་ཅད་ཕྱོགས་གཅིག་ཏུ་བསྡོམས་པའི་མཐུ་ལ་བརྟེན་ནས་བདག་གིས་ནམ་མཁའ་ཇི་སྲིད་པ་དེ་སྲིད་དུ་ཁྱབ་པའི་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་གོ་འཕང་མྱུར་དུ་ཐོབ་པར་ གྱུར་ཅིག །བདག་མ་འོངས་པ་ན་གང་དུ་མངོན་པར་རྫོགས་པར་འཚང་རྒྱ་བའི་སངས་རྒྱས་ཀྱི་ཞིང་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་རྒྱལ་བ་ཀུན་ཏུ་གཟིགས་པ་ཞེས་པར་འཚང་རྒྱ་བའི་སངས་རྒྱས་ཀྱི་ཞིང་ཕྱི་རིན་པོ་ཆེས་ བསྐོར་བའི་མཐོ་ཁྱད་སྲིད་པའི་རྩེ་མོ་ཙམ་དུ་མཐོ་བ། རིན་པོ་ཆེ་རེ་རེའི་ཡོན་ཏན་བརྗོད་པ་ལ་ཡང་ལོ་བྱེ་བའི་བར་དུ་བརྗོད་དགོས་པ་དེ་ལྟ་བུས་ཞིང་དེ་ཡོངས་སུ་གང་བ། ས་གཞི་ནི་གང་ཟག་དེར་སྐྱེས་པ་རྣམས་ཀྱིས་རིན་པོ་ཆེ་སྣ་བདུན་ལ་སོགས་པ་གང་འདོད་ཀྱིས་ཁ་དོག་ དུ་མར་དུས་ཅིག་ཅར་དུ་མཐོང་བ་ལ་སོགས་པའི་སྣོད་ཀྱི་ཡོན་ཏན་དང་སྟོང་གསུམ་བཅུའི་ཚད་དང་མཉམ་པའི་བྱང་ཆུབ་ཀྱི་ཤིང་གི་དྲུང་ན་རྒྱལ་བ་ཀུན་ཏུ་གཟིགས་པ་སྐུ་ཐ་མལ་བ་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཙམ་ཡོད་པ་བཞུགས་ནས་ཕྱོགས་བཅུ་གྲངས་མེད་པ་ 2-3-98a རྣམས་སུ་སྤྲུལ་པ་དཔག་ཏུ་མེད་པ་འགྱེད་པའོ། །འཁོར་རྣམས་ནི་ལུས་ཐ་མལ་བ་དཔག་ཚད་བཞི་ཁྲི་ཉིས་སྟོང་ཙམ་པ། ཞིང་དེར་ཚེའི་འདུ་བྱེད་མི་གཏོང་བ། ཡོན་ཏན་གྱི་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བའི་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ ཤ་སྟག་སྟེ། ཉན་རང་ལ་སོགས་པ་སེམས་ཅན་གཞན་མེད་ཅིང༌། དེ་རྣམས་ཀྱིས་སངས་རྒྱས་ཀུན་ཏུ་གཟིགས་ཡིད་ལ་བསམ་མ་ཐག །དེ་དག་གི་མདུན་ཉིད་ན་བཞུགས་པར་མཐོང་ནས་ཆོས་བསྟན་མི་དགོས་པར་ཐེ་ཚོམ་གཅོད་ནུས་པ་ལ་སོགས་པ་བཅུད་ཀྱི་ཡོན་ ཏན་གྱི་བཀོད་པ་ཕུལ་དུ་བྱུང་བའི་སྒོ་ནས། དག་པའི་ཞིང་གཞན་དུ་མ་ལས་ཁྱད་པར་དུ་འཕགས་པའི་ཞིང་དེ་བས་ཀྱང་ཆེས་ཤིན་ཏུ་ཐ་གྲུ་ཆེ་བ། ཆེས་ཤིན་ཏུ་ཡངས་པ། ཆེས་ཤིན་ཏུ་གྱ་ནོམ་པ། ཞིང་དེས་ཆ་ཤས་ཙམ་དུ་ཡང་བསྐྲུན་པར་མི་ནུས་པའི་ཞིང་དེ་ལྟ་བུ་ ཞིག་ཏུ་གྱུར་ཅིག །ཞིང་དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་དེ་ཐམས་ཅད་ཀྱང་སྤྱན་དང་མངོན་པར་ཤེས་པ་མཐའ་ཡས་པས་འཇིག་རྟེན་ལ་གཟིགས་པ་ན་མ་དག་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་ཀྱི་ཉོན་མོངས་པ་དང༌། །ལས་དང༌། དེའི་འབྲས་ བུ་སྡུག་བསྔལ་རྣམ་པ་གསུམ་དང་བཅས་པ་ཇི་ལྟ་བ་བཞིན་དུ་མཐོང་བར་གྱུར་ཅིག །མཐོང་བའི་མོད་ལ་སེམས་ཅན་དེ་རྣམས་ཀྱི་སྡུག་བསྔལ་ལ་དམིགས་པའི་བརྩེ་བའི་འགྱུར་བ་དྲག་པོས་ཡིད་རང་དབང་མེད་པར་གཞན་གྱི་དོན་ལ་བསྐུལ་བ། ཡིད་དང་སྙིང་དུ་ གཅགས་པའི་བུ་གཅིག་པ་མེའི་ཁྲོད་དུ་ལྷུང་བ་མཐོང་བའི་མ་བཞིན་དུ་གྱུར་ཅིག །མ་དག་པའི་ཞིང་གི་སེམས་ཅན་རྣམས་མནོག་ཆུང་ཞིང་ཤིན་ཏུ་ཉེས་དམིགས་ཆེ་བའི་རྙེད་བཀུར་གྱིས་དབྱེན་སྤྱོས་ནས། ཉོན་མོངས་པའི་དབང་དུ་འགྲོ་བར་མཐོང་བ་ན། མི་ 2-3-98b བཟད་པའི་དུག་དང་འདྲེས་པའི་ཁ་ཟས་བཟང་པོ་ཟ་བའི་སྡུག་པའི་བུ་མཐོང་བའི་མ་བཞིན་དུ་གྱུར་ཅིག །མ་དག་པའི་ཞིང་གི་སེམས་ཅན་རྣམས་སྡིག་པའི་ལས་ཤིན་ཏུ་ལྕི་བ་སོགས་ལྷུར་བླངས་ནས། ངན་འགྲོར་ལྷུང་བར་འགྱུར་བ་མཐོང་བ་ན། ཕན་པ་དང་གནོད་པ་ངོ་མི་ཤེས་ པའི་བུ་ཆུང་དུ་དཔག་ཚད་དུ་མའི་འཕང་དང་ལྡན་པའི་གཡང་ཁར་རབ་ཏུ་འགྲོ་བ་མཐོང་བའི་མ་བཞིན་དུ་གྱུར་ཅིག །མ་དག་པའི་ཞིང་གི་སེམས་ཅན་ལས་དང་ཉོན་མོངས་པའི་འཆིང་བ་དམ་པོས་བཅིངས་བ་མཐོང་བ་ན། བརྩེ་བ་མེད་ཅིང་གཏུམ་ལ་ཤ་འཁོན་ཆེན་པོ་དང་ བཅས་ཤིང༌། སྟོབས་དང་ལྡན་པའི་དགྲ་བོས་ཐར་དཀའ་བའི་བཙོན་རར་ལྕགས་སྒྲོག་གིས་བཅིངས་ནས་ཉིན་རེ་བཞིན་དུ་གནོད་པ་དུ་མས་ཉེ་བར་འཚེ་བའི་བུ་མཐོང་བའི་མ་བཞིན་དུ་གྱུར་ཅིག །མ་དག་པའི་ཞིང་གི་སེམས་ཅན་རྣམས་ཤུགས་དྲག་པོའི་ཉོན་མོངས་ཀྱི་ནད་ཀྱིས་ གཟིར་ནས་འཕྲལ་དང༌། ཕུགས་ཀྱི་བདེ་བ་རྣམས་དང་བྲལ་བར་མཐོང་བ་ན། འཆི་ངེས་པའི་ལྟས་ཀྱིས་ཟིན་པའི་ལྷའི་བུ་གཞོན་ནུས་རང་ཉིད་མཐོ་རིས་ཀྱི་དགའ་ཚལ་དང༌། ལྷའི་བུ་མོ་རྣམས་དང་འབྲལ་བར་མཐོང་བ་བཞིན་དུ་གྱུར་ཅིག །དེ་ལྟ་བུའི་ བསམ་པ་སྐྱེས་ནས་ཀྱང་དག་པའི་ཞིང་གི་བདེ་བའི་ཁྱད་པར་རྣམས་ལ་ཅུང་ཟད་ཀྱང་མི་ཆགས་པར་དམན་པའི་སེམས་ཅན་རྣམས་ཀྱི་རང་རང་གི་རིགས་དང་མཐུན་པར་ཐབས་མཁས་པའི་སྨོན་ལམ་དང༌། བརྩེ་བའི་དབང་གིས་སྐྱེ་བ་འཛིན་པར་འདོད་པ། ཤིན་ཏུ་སྐོམ་པ་ལ་ཆུའི་གཏམ་གླེང་བ་བཞིན་དུ་གྱུར་ཅིག །སེམས་ཅན་དེ་རྣམས་ཀྱི་དོན་དུ་འགྱུར་བར་མཐོང་ན་ནི་མནར་མེད་པའི་དམྱལ་བའི་གནས་སུ་ཡང་ཚམ་ཚོམ་མེད་པར་འཇུག་པ། པདྨའི་ཚལ་གྱིས་ལེགས་པར་བརྒྱན་པའི་ཤིན་ཏུ་དང་ 2-3-99a བའི་མཚོ་ཆེན་པོར་ངང་པའི་རྒྱལ་པོ་འཇུག་པ་བཞིན་དུ་གྱུར་ཅིག །སེམས་ཅན་དེ་རྣམས་སྡུག་བསྔལ་བརྒྱ་ཕྲག་དུ་མའི་ནང་ནས་འདོན་པའི་སྦྱོར་བ་ལ་མ་ཞུམ་པའི་སྒོ་ནས་འཇུག་པ་ལ་བུ་གཅེས་པ་གཡུལ་དུ་ལུས་པའི་ཕྱིར་དུ་ཕ་དཔའ་བོ་ གཡུལ་དུ་འཇུག་པ་བཞིན་དུ་གྱུར་ཅིག །སེམས་ཅན་དེ་རྣམས་ཀྱི་དོན་བསྒྲུབས་པ་ཉིད་ཀྱིས་རང་ལ་དགའ་བ་དང༌། མཆོག་ཏུ་དགའ་བ་རྒྱ་ཆེན་པོ་སྐྱེ་བ་དབུལ་པོས་གཏེར་རྙེད་པ་ལྟ་བུར་གྱུར་ཅིག །སེམས་ཅན་དེ་རྣམས་ཀྱི་ཉོན་མོངས་པའི་ཚ་གདུང་བསལ་ བའི་ཕྱིར་དུ་སྡུག་བསྔལ་གྱི་རྒྱ་མཚོར་སྤྲོ་བཞིན་དུ་འཇུག་པ་སོས་ཀའི་དུས་ཀྱི་ཚ་བས་གདུངས་པའི་གླང་པོ་ཆེ་ཉི་མའི་གུང་ལ་བབ་པ་ན་ཆུའི་དབུས་སུ་འཇུག་པ་བཞིན་དུ་གྱུར་ཅིག །མདོར་ན་བདག་མ་འོངས་པ་ན་མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ། རྒྱལ་བ་ དེའི་མཚན་ཅུང་ཟད་བརྗོད་པ་དང་ཡིད་ལ་དྲན་པ་ཙམ་གྱིས་དེ་དག་གི་མདུན་དུ་འོད་ཟེར་གྱི་ཕུང་པོ་ཆེན་པོའི་ཡོན་ཏན་དུ་མས་སྤྲས་པའི་བདེ་བར་གཤེགས་པའི་སྐུ་ལྷམ་མེ་ལྷན་ནེ་ལྷང་ངེར་བཞུགས་པ་ལ་འཁོར་བྱང་ཆུབ་སེམས་དཔའ་ཉན་ཐོས་དང༌། རང་སངས་རྒྱས་ ཀྱི་ཚུལ་བཟུང་ནས་ནམ་མཁའ་ལ་འགྲོ་བ་དང༌། འགྲེང་བ་དང༌། འདུག་པ་དང༌། ཉལ་བ་དང༌། བདུད་འདུལ་བ་ལ་སོགས་པ་མཛད་པ་མཐའ་ཡས་པ་སྟོན་པ་དཔག་ཏུ་མེད་པ་རྣམས་ལ་ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། སྲིན་པོ་དང༌། དྲི་ཟ་དང༌། མི་ འམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་ལ་སོགས་པ་རྣམས་ཀྱིས་མཆོད་པའི་ཁྱད་པར་དཔག་ཏུ་མེད་པ་ཐོགས་ནས་མཆོད་པར་བྱེད་པ་མངོན་སུམ་དུ་མཐོང་བར་གྱུར་ཅིག །མཐོང་བའི་མོད་ལ་དེ་དག་གི་རྒྱུད་ཀྱི་སྲིད་པ་དང་ཞི་བ་ལ་གཞོལ་བའི་སྐྱོན་ཐམས་ཅད་དྲུངས་ 2-3-99b ཕྱུང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འབའ་ཞིག་ལ་སྦྱོར་བར་གྱུར་ཅིག །དག་པའི་ཞིང་མང་ནང་ན་ཕུལ་བྱུང་ཞིང༌། །ཀུན་གཟིགས་ཞིང་གི་ཡོན་ཏན་ཇི་སྙེད་པ། །ཐམས་ཅད་བདག་གི་ཞིང་ལ་འདུས་ནས་ཀྱང༌། །དེ་བས་ཆེས་ལྷག་ཞིང་མཆོག་འགྲུབ་པར་ ཤོག །ཤིན་ཏུ་བསྒྲུབས་དཀའི་ཞིང་དེ་སྦྱོང་ཕྱིར་དུ། །ཕྲ་རབ་རྡུལ་དེའི་སྟེང་དུའང་མ་ལུས་པའི། །རྡུལ་གྱི་གྲངས་དང་མཉམ་པའི་ཞིང་ཡོད་ལ། །དེ་དག་ཀུན་ཀྱང་སྲས་བཅས་རྒྱལ་བས་གང༌། །དེ་ལྟའི་རྒྱལ་བ་རེ་རེའི་སྤྱན་སྔར་ཡང༌། །ཆོས་ཚུལ་ཀུན་འཛིན་མཐའ་མེད་ མཆོད་རྫས་ཀྱིས། །མཆོད་པའི་ལས་ཚུལ་མ་ལུས་བསྒྲུབས་པ་ལ། །སྐད་ཅིག་ཙམ་ཡང་སྐྱོ་བ་མེད་གྱུར་ཅིག །མཆོག་ཏུ་གྱུར་པའི་ཞིང་དེ་བསྒྲུབས་པའི་ཕྱིར། །ཐོག་མ་མེད་ནས་སྲིད་པའི་ཐ་མ་ཡི། །བསྐལ་པ་ཇི་སྙེད་ཡོད་པ་དེ་སྙེད་ཀྱི། །བསྐལ་པར་འཇུག་ལ་ཞུམ་པ་ མེད་པར་ཤོག །ནམ་མཁའ་ཇི་སྲིད་ཁྱབ་པ་དེ་སྲིད་ཀྱི། །ལུས་ཅན་ཀུན་གྱིས་ཀུན་མཁྱེན་མ་ཐོབ་པར། །ད་དུང་རྒྱལ་སྲས་སྤྱོད་པ་སློབ་དགོས་ཀྱང༌། །གོ་འཕང་མཆོག་ཕྱིར་བརྩོན་པ་ཉམས་མ་གྱུར། །སེམས་ཅན་ཡལ་བར་དོར་ནས་རང་དོན་ལ། །རེ་བའི་བློ་ནི་ནམ་ཡང་མི་སྐྱེ་ ཞིང༌། །གཞན་དོན་སྒྲུབ་པའི་ཚུལ་མ་རྨོངས་པའི། །ཐབས་ལ་མཁས་པས་གཞན་དོན་ལྷུར་ལེན་ཤོག །བདག་གི་ཞིང་གི་རྒྱན་གྱུར་རྒྱལ་སྲས་ཀུན། །མ་དག་ཞིང་གི་སེམས་ཅན་མཐོང་བ་ན། །བཟོད་གླགས་མེད་པའི་སྙིང་རྗེས་རབ་བསྐྱོད་ནས། །ཐབས་མཁས་སྤྱོད་ པས་འགྲོ་བའི་མགོན་བགྱིད་ཤོག །བདག་གི་མིང་ཙམ་བརྗོད་དང་དྲན་པས་ཀྱང༌། །སྡིག་པའི་ལས་ཀྱི་འབྲས་བུས་མནར་བ་ཀུན། །ཕུན་ཚོགས་བདེ་བའི་དཔལ་རབ་འབྱོར་གྱུར་ནས། །ཐེག་མཆོག་བགྲོད་པའི་ཐེམ་སྐས་འཛེག་གྱུར་ཅིག །རྒྱལ་བའི་སྲས་ཀྱི་རྣམ་ཐར་ 2-3-100a ཕྱོགས་ཙམ་ཞིག །མཚོན་པར་བྱས་པས་རྒྱལ་སྲས་སྤྱོད་པའི་གེགས། །མ་ལུས་ཞི་ཞིང་མཐུན་པའི་འཚོག་ཆེས་ཀུན། །ཡིད་ལ་བསམས་པ་ཙམ་གྱིས་ཐོབ་པར་ཤོག །ཤཱཀྱའི་དབང་པོ་འདྲེན་པ་འོད་དཔག་མེད། །མི་ཕམ་འཇམ་དབྱངས་ གསང་བདག་སྤྱན་རས་གཟིགས། །བདེ་གཤེགས་འཁོར་བཅས་རྟེན་འབྲེལ་མི་བསླུ་བའི། །བདེན་པས་སྨོན་ལམ་འདི་དག་མྱུར་འགྲུབ་ཤོག །བདེ་བ་ཅན་གྱི་ཞིང་དུ་སྐྱེ་བ་འཛིན་པའི་སྨོན་ལམ་ཞིང་མཆོག་སྒོ་འབྱེད་ཅེས་བྱ་བ་འདི་ནི་བློ་བཟང་གྲགས་པའི་དཔལ་ གྱིས་རྫིང་ཕྱིའི་གཙུག་ལག་ཁང་དུ་སྦྱར་བའི་ཡི་གེ་པ་ནི་བཟང་སྐྱོང་གིས་བགྱིས་སོ།། ༈ །།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུའི་རྟོགས་པ་བརྗོད་པའི་སྙན་དངགས་དཔག་བསམ་གྱི་ལྗོན་པ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་ སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །གང་ཞིག་རྟོགས་ན་མཐའ་དག་སྤྲོས་པའི་ཚོགས། །འདབ་བརྒྱའི་གཉེན་གྱིས་རེག་པའི་བ་མོ་བཞིན། །མ་ལུས་དྲུངས་ནས་འབྱིན་པ་ཟབ་མོའི་ལམ། །བརྒྱ་ཕྲག་དཀའ་བས་བསྒྲུབ་ལ་བརྩོན་རྣམས་རྒྱལ། །སྔོན་ཚེ་སྔོན་ གྱི་རྒྱལ་བ་དུ་མ་ལ། །ལྷག་བསམ་ལྷག་པར་བསྐྲུན་པའི་མཐུ་རྟས་པ། །རྒྱལ་བའི་རྒྱལ་སྲས་དམ་པ་རྟག་ཏུ་དུས། །ཆོས་ཕྱིར་ཆོས་འཕགས་བསྟེན་ཚུལ་འདིར་བཤད་བྱ། །གང་ཡང་ལུས་དང་སྲོག་ལ་མི་ལྟ་བའི་བརྩོན་འགྲུས་ཀྱི་སྟོབས་བསྐྱེད་ན། བགྲང་བ་ལས་ འདས་པའི་བསྐལ་པར་མི་ཙམ་ཡང་ཐོས་པར་དཀའ་བའི་བླ་ན་མེད་པ་བྱང་ཆུབ་ཀྱང་རྙེད་པར་མི་དཀའ་ན། མངོན་པར་མཐོ་བའི་ཕུན་སུམ་ཚོགས་པ་ལྟ་ཅི་སྨོས། དེའི་ཕྱིར་སྲིད་པའི་བདེ་བ་དབང་པོའི་གཞུ་ལྟར་གཡོ་བའི་ངང་ཚུལ་ཅན་དུ་རྟོགས་པའི་མཁས་ 2-3-100b པ་རྣམས་ཀྱིས་གཏན་གྱི་བདེ་བ་བསྒྲུབ་པའི་ཕྱིར་བརྩོན་འགྲུས་ཀྱི་སྟོབས་བསྐྱེད་པ་ལ་འབད་པར་རིགས་སོ། །དེ་ཡང་འདི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྒྲ་དབྱངས་མི་ཟད་པར་སྒྲོག་པའི་སྲས་ཀྱི་ཐུ་བོར་ གྱུར་པ། རྒྱལ་བ་དུ་མ་ལ་དགེ་བའི་རྩ་བ་རླབས་པོ་ཆེ་བསྐྲུན་པའི་རྒྱུད་དང་དབང་པོ་ཡོངས་སུ་སྨིན་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་གོ་ཆ་ཆེན་པོ་བགོས་པ། ནག་པོའི་རྩ་ལག་སྡེ་དང་བཅས་པ་གཞོམ་པ་ལ་ཞུམ་པ་མེད་ པའི་བློ་དང་ལྡན་པའི་དཔའ་བོ་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ཞེས་བྱ་བ་དེས་སྔོན་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ལ་སྤྱོད་པ་ན། རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པའི་ངོར་མི་བལྟ་ཞིང༌། ལུས་དང་སྲོག་ལ་གནོད་པའི་ སྡུག་བསྔལ་མཐའ་དག་ཁྱད་དུ་བསད་ནས་དགེ་བའི་བཤེས་གཉེན་ལས་གདམས་ངག་དང་རྗེས་སུ་བསྟན་པ་བཙལ་ཞེས་ཐོས་སོ། །དཔག་མེད་བསྐལ་པར་གཞན་དབང་གྱུར་པའི་སྙིང་རྗེ་ཤུགས་དྲག་གོམས་པའི་མཐུས། །འགྲོ་བའི་དོན་ལ་རབ་ཏུ་བརྩོན་པའི་ཁུར་ ཆེན་ཁྱེར་བར་གྱུར་པ་ཡི། །སེམས་དཔའ་མཆོག་རྣམས་བྱང་ཆུབ་སྤྱོད་ལས་ཕྱིར་ཕྱོགས་གྱུར་པའི་སྐབས་མེད་དེ། །རྒྱ་མཚོར་འབབ་པའི་གངྒཱའི་རྒྱུན་ནི་སུ་ཞིག་གིས་ནི་བཟློག་པར་ནུས། །དེ་ལྟར་བདག་ཉིད་ཆེན་པོ་དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཙལ་བའི་སླད་ དུ་དབེན་པའི་ས་ཕྱོགས་ཤིག་ཏུ་ཕྱིན་པ་དང༌། གཟུགས་མི་མངོན་པར་བར་སྣང་ལས་སྒྲ་འདི་ལྟ་བུ་ཞིག་ཐོས་སོ། །རིགས་ཀྱི་བུ་ཁྱོད་ཀྱིས་ལུས་ངལ་བ་དང༌། གཉིད་དང་རྨུགས་པ་དང༌། བཟའ་བ་དང་བཏུང་བ་དང༌། ཉིན་མོ་དང་མཚན་མོ་དང༌། ཚ་བ་དང་གྲང་བ་ 2-3-101a ཡིད་ལ་མི་བྱེད་ཅིང་ཕྱོགས་དང་ཕྱོགས་མཚམས་སུ་མ་བལྟ་བར་འདི་ནས་ཤར་ཕྱོགས་སུ་སོང་ཞིག་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོས་པར་འགྱུར་རོ། །གཞན་ཡང༌། ཁྱོད་ཀྱིས་སྲིད་པའི་བདེ་ལ་མ་ཆགས་ཤིང༌། །ཀུན་ཏུ་རྟོག་པའི་ ལམ་གཞན་དོར་གྱིས་ལ། །རྣམ་པར་མི་རྟོག་རྩེ་གཅིག་ལམ་བཟང་ལ། །ལེགས་པར་ཞུགས་ན་འདོད་པའི་དོན་འགྲུབ་འགྱུར། །གང་ཞིག་མངོན་ཞེན་དྲ་བར་ཚུད་པ་ན། །ཐར་པ་རིང་དུ་གྱུར་ཅིང་སྲིད་པར་འཆིང༌། །དེ་སླད་ཀུན་ཏུ་རྟོག་པའི་མུན་པ་ཀུན། །མི་རྟོག་སྒྲོན་ མེས་བསལ་ནས་བགྲོད་པར་རིགས། །དེ་ནས་བདག་ཉིད་ཆེན་པོ་དེས། །མགྲིན་པའི་སྦུབས་དང་མི་ལྡན་ལ། །སོ་དང་རྐན་ལས་བྱུང་མིན་ཞིང༌། །རོ་འཛིན་བསྐྱོད་པ་མེད་ན་ཡང༌། །ལེགས་ལམ་ལེགས་པར་སྟོན་པའི་ངག །སྒྲ་སྙན་སྒྲ་འདྲ་དེ་ཐོས་ནས། །ཇི་བཞིན་ཇི་ ལྟར་བསྟན་པའི་ཚུལ། །དེ་ལྟར་དེ་ཡི་རྗེས་སུ་ཞུགས། །འདི་ཡི་བརྩོན་པའི་སྟོབས་ཀྱིས་ཟབ་མོའི་ཚུལ། །ནམ་མཁའི་མཐའ་ཀླས་ཚོལ་བར་མཐོང་བའི་ཚེ། །རང་གི་ཕ་མཐའ་མཐོང་བར་དོགས་གྱུར་ནས། །མཁའ་ཡིས་འདི་ལ་ལམ་རྒྱུས་བསྙད་པ་སྙམ། །ཡང་སྒྲ་ དེ་ལས་འདི་སྐད་ཅེས་ཀྱང་ཐོས་སོ། །མཚན་མོའི་བློ་དང་སྡིག་པའི་གྲོགས་པོ་རིང་དུ་བོར། །སྟོང་པ་ཉིད་དང་དགེ་བའི་བཤེས་ལ་ཉེ་བར་བསྟེན། །འདོད་ཡོན་རྣམས་དང་མེ་ཏོག་མདའ་ཅན་བཅོམ་བྱས་ན། །ཕ་རོལ་ཕྱིན་དང་དེ་སྟོན་ཆོས་སྨྲ་མཐོང་བར་འགྱུར། །སྒྱུ་མའི་ ན་ཆུང་ལུས་ལ་རོལ་བ་ལྟར། །ཐབས་ལ་མཁས་པའི་འདོད་ཡོན་བསྟེན་པ་ཡི། །དགེ་བའི་བཤེས་ལ་མ་དད་སྤང་བྱ་སྟེ། །ཟང་ཟིང་མེད་པའི་སེམས་ཀྱིས་བསྟེན་པའི་རིགས། །མཁའ་ལ་ཆུ་འཛིན་ལང་ལིང་གཡོ་བའི་ནང༌། །གསལ་ཞིང་བརྗིད་པའི་འབྲུག་གི་སྒྲ་ 2-3-101b དབྱངས་ལྟར། །སྙིང་ལ་བབ་པའི་གཏམ་བཟང་སྙན་པའི་སྒྲ། །ངོ་མཚར་གདམས་ངག་བདུད་རྩིའི་ཆུ་རྒྱུན་དེ། །ཐོས་པའི་ལམ་ལས་རབ་ཏུ་ཞུགས་པའི་ཚེ། །ཡིད་ནི་གདུང་བའི་རིམས་ནད་དག་ལས་གྲོལ། །དེ་ནས་སེམས་དཔའ་ཆེན་པོ་དེས། །དངོས་འཛིན་གདོན་གྱི་སྤ་ བཀོང་ཕྱིར། །སྟོང་ཉིད་རིག་སྔགས་ཚོལ་བ་ལ། །དགོན་པའི་ལམ་དུ་ཞུགས་པར་གྱུར། །དེ་དེ་ལྟར་སྒྲ་དེ་ལས་རྗེས་སུ་བསྟན་པ་བླངས་ནས་ཤར་ཕྱོགས་ག་ལ་བ་དེར་སོང་བ་དང༌། རིང་པོར་མ་ལོན་པར་འདི་སྙམ་དུ། ཀྱེ་མ་བདག་གིས་སྒྲ་དེ་ལ་ཇི་སྲིད་དུ་འགྲོ་བར་བྱ་བ་མ་ དྲིས་སོ་སྙམ་དུ་ངུ་ཞིང་མྱ་ངན་བྱེད་དེ་ཕྱོགས་དེ་ཉིད་དུ་འདུག་གོ། ཡིད་ལ་བུད་ཤིང་མེད་ན་ཡང༌། །སྡུག་བསྔལ་མེ་ཆེན་རབ་འབར་ཞིང༌། །མིག་གི་མཁའ་ལ་སྤྲིན་མེད་ཀྱང༌། །མཆི་བའི་ཆར་རྒྱུན་འབབ་པར་གྱུར། །དེ་ལྟར་ཚུལ་དེས་དགུང་བདུན་གྱི་བར་དུ་ཇི་ལྟར་བུ་གཅིག་ པ་འཆི་བའི་དུས་བྱེད་པ་ན། མ་དེ་ལ་ཡིད་ལ་བྱེད་པ་གཞན་མི་འབྱུང་བ་དེ་བཞིན་དུ་བདག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོས་པར་ནམ་ཞིག་འགྱུར་སྙམ་པ་མ་གཏོགས་པ་ཡིད་ལ་བྱེད་པ་གཞན་མེད་པར་ས་ཕྱོགས་དེ་ཉིད་ན་འཁོད་དོ། །དེ་ལྟར་ཞག་བདུན་འདས་པ་ དང༌། དེའི་མདུན་ན་དེ་བཞིན་གཤེགས་པའི་སྐུ་གཟུགས་ཤིན་ཏུ་མཛེས་པ་བལྟ་ན་སྡུག་པ། མཐོང་བ་ཙམ་གྱིས་ཡིད་འཕྲོག་པ་ཞིག་བཞུགས་པ་མཐོང་ངོ༌། །ཉོན་མོངས་དྲི་མ་དང་བྲལ་བའི། །དེ་ཡི་ཡིད་ཀྱི་མེ་ལོང་ལ། །རྒྱལ་བའི་ཡེ་ཤེས་གཟུགས་བརྙན་ ནི། །སྒྱུ་མ་བཞིན་དུ་མངོན་སུམ་སྣང༌། །དེ་ནས་དེ་བཞིན་གཤེགས་པའི་སྐུ་གཟུགས་དེས། དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ལེགས་སོ་ལེགས་སོ། །འདི་ལྟར་ཁྱོད་ཡི་དམ་བརྟན་པས་དགེ་བའི་བཤེས་གཉེན་དང་གདམས་ངག་འཚོལ་བ་ལྟར། 2-3-102a སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་ཡོངས་སུ་བཙལ་ཏོ། །རིགས་ཀྱི་བུ་ཤར་ཕྱོགས་སུ་སོང་ཤིག་དང༌། འདི་ནས་དཔག་ཚད་ལྔ་བརྒྱ་ན་གྲོང་ཁྱེར་སྤོས་ལྡན་ཞེས་བྱ་བ་ཡོད་དེ། དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་ཆོས་འཕགས་ཞེས་བྱ་བ་བཞུགས་ཏེ། དེ་ན་ཡུན་རིང་པོ་ནས་ཁྱོད་ཀྱི་དགེ་བའི་བཤེས་གཉེན་ཡིན་ནོ། །རིགས་ཀྱི་བུ་དེས་ཀྱང་ད་ལྟ་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཙལ་བ་ལྟར་སྔོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བཙལ་ལོ། །དེ་བས་ན་ཁྱོད་ ཀྱིས་ཡིད་ལ་བྱེད་པ་རྒྱུན་མ་བཅད་པར་སོང་ཞིག་དང༌། རིང་པོར་མི་ཐོགས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོས་པར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང༌། བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་དགའ་བ་དང་ཡིད་བདེ་བས་ལུས་སེམས་ཁྱབ་པར་གྱུར་ཏོ། །ཇི་ ལྟར་མདའ་དུག་ཅན་གྱིས་གནད་དུ་ཕོག་པའི་མི་དག །བདག་གི་སྡུག་བསྔལ་འདི་ལས་ཐར་བར་བྱེད་པའི་ཟུག་རྔུ་འབྱིན་པའི་སྨན་པ་ནམ་ཞིག་རྙེད་པར་འགྱུར་སྙམ་དུ་ཡིད་ལ་བྱེད་པ་གཞན་མི་སྐྱེད་པ་དེ་བཞིན་དུ། འཇིག་ཚོགས་སུ་ལྟ་བའི་རྩིག་པ་སྟུག་པོ་དྲུངས་ནས་འབྱིན་ པར་བྱེད་པའི་ཡེ་ཤེས་ཀྱི་རྡོ་རྗེ། དམིགས་པའི་ཚང་ཚིང་མ་ལུས་པ་སྲེག་པར་བྱེད་པའི་དུས་མཐའ་ཉིན་བྱེད། བློ་གྲོས་ཀྱི་མིག་ལྡོངས་པ་རྣམས་ལ་ཤེས་རབ་ཀྱི་མིག་སྦྱིན་པར་བྱེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་དེ་བདག་གིས་ ནམ་ཞིག་ན་མཐོང་བར་འགྱུར་སྙམ་དུ་ཡིད་ལ་བྱེད་ཅིང༌། གཞན་ཡང་ས་ཕྱོགས་དེར་ཆོས་ཐམས་ཅད་ལ་མི་གནས་པའི་འདུ་ཤེས་བསྐྱེད་པས་ཏིང་ངེ་འཛིན་གྱི་སྒོ་དུ་མ་ལ་དབང་འབྱོར་པར་གྱུར་ཏོ། །དེ་ཚེ་དེ་ཡི་ཡིད་ཀྱི་མཁའ། །མཐའ་དབུས་སྤྲོས་པ་ཀུན་ 2-3-102b གྱིས་དབེན། །ཀུན་རྟོག་གཡོ་བའི་ཆུ་འཛིན་ཞི། །ལྷག་མཐོང་སྣང་བས་ལྷམ་མེར་གྱུར། །དེ་ཡིད་ཏིང་འཛིན་ཆུ་གཏེར་ལ། །ཕྱོགས་བཅུའི་རྒྱལ་བའི་གཟུགས་ཀྱི་སྐུ། །རྒྱུ་སྐར་ཕྲེང་བ་ཤར་ལྟར་སྣང༌། །ཀུན་ཀྱང་ཟབ་མོའི་དེ་ཉིད་སྟོན། །དེ་བཞིན་གཤེགས་པ་དེ་དག་གིས་ཀྱང་ དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ལེགས་སོ་ལེགས་སོ་ཞེས་དབུགས་དབྱུང་བར་མཛད་དེ། ངེད་ཀྱང་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚོལ་བ་ན་ཡང་དེ་བཞིན་དུ་བཙལ་ཞིང༌། དེའི་ཚེ་ཡང་ཏིང་ངེ་འཛིན་འདི་དག་ཐོབ་ སྟེ། གང་ལ་མཉམ་པར་བཞག་པར་བྱ་བ་དང༌། གང་གིས་མཉམ་པར་བཞག་པར་བྱ་བ་དང༌། གང་མཉམ་པར་བཞག་པར་བྱ་བའི་ཆོས་དེ་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ། ངེད་ཀྱིས་ཀྱང་འདི་ལ་བརྟེན་ནས་ལུས་གསེར་གྱི་ ཁ་དོག་ལྟ་བུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་དང༌། འོད་འདོམ་གང་པ་དང༌། སྟོབས་དང་མི་འཇིགས་པ་དང༌། སོ་སོ་ཡང་དག་པར་རིག་པ་དང་གཟུངས་དང༌། སྤོབས་པ་ལ་སོགས་པ་ཡོན་ཏན་གྱི་ཚོགས་དུ་མ་མངོན་དུ་གྱུར་ཏོ།། དེ་བས་ན་ཁྱོད་ཀྱིས་ཀྱང་དགེ་བའི་བཤེས་ གཉེན་ཡང་དག་པར་བསྙེན་བཀུར་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་དུ་གཉེར་བར་བྱའོ། །ཞེས་བཀའ་སྩལ་པ་ཐོས་ནས། བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས་འདི་སྐད་ཅེས་གསོལ་ཏོ། །ཇི་ལྟར་རབ་དྭང་མཚོ་ལ་ཟླ་གཟུགས་ལྟར། །དཔག་ཡས་ཤེས་བྱའི་ གནས་རྣམས་ལྷམ་མེ་བ། །གང་ལ་བརྟེན་ནས་སྲིད་པ་མཐར་བྱེད་པ། །བདག་གི་དགེ་བའི་བཤེས་སུ་སུ་ཞིག་འོས། །དེ་ནས་དེ་བཞིན་གཤེགས་པ་དེ་དག་གིས་ཀྱང་འདི་སྐད་ཅེས་བཀའ་སྩལ་ཏོ། །བསྐལ་པ་བསྐལ་པར་འབད་པས་བསྙེན་བཀུར་བའི། །ཆོས་འཕགས་ 2-3-103a ཆོས་སྨྲའི་མཆོག་དེ་ཉིན་དང་མཚན། །རྟག་ཏུ་རྟག་ཏུ་ངུ་ཡིས་བསྟེན་ནས་སུ། །ཡང་དང་ཡང་དུ་མཆོད་པས་མཆོད་པར་གྱིས། །དེ་ལྟར་དེ་བཞིན་གཤེགས་པ་དེ་དག་གིས་བདག་ཉིད་ཆེན་པོ་དེ་དབུགས་ཕྱུང་ནས་མི་སྣང་བར་གྱུར་ཏོ། །དེ་ནས་བྱང་ ཆུབ་སེམས་དཔའ་རྟག་ཏུ་ངུ་ཡང་ཏིང་ངེ་འཛིན་དེ་ལས་ལངས་ནས་དེ་བཞིན་གཤེགས་པ་དེ་དག་གང་ནས་བྱོན་པ་དང་གང་དུ་བཞུད་པ་མ་འཚལ་ཏེ། དེ་དག་མ་མཐོང་བས་ཡིད་རབ་ཏུ་གདུང་ཞིང་མི་དགའ་བར་འཁོད་དོ། །དེ་ཡིད་ནུབ་ཀྱི་ས་འཛིན་རྩེ། །རྒྱལ་བ་ཉིན་ མོར་བྱེད་པས་བོར། །དགའ་བ་ཉམས་པའི་ཟླ་ཟེར་དང༌། །གདུང་བའི་ཀུ་མུད་མཉམ་དུ་གཡོས། །འོན་ཀྱང་ཐེ་ཚོམ་གནས་དེ་དག །མཐའ་ཡས་ཡོན་ཏན་གཏེར་གྱུར་པ། །ཆོས་འཕགས་སྨྲ་བའི་དབང་པོ་ལ། །སླད་ནས་བདག་གིས་དྲི་བར་བྱ། །དེ་ནས་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་འདི་སྙམ་དུ་སེམས་ཏེ། བདག་ནི་ཤིན་ཏུ་དབུལ་བར་གྱུར་པས་བྱང་ཆུབ་སེམས་དཔའ་ཆོས་འཕགས་ལ་གོས་རིན་པོ་ཆེའམ། གསེར་དང་དངུལ་དང་མུ་ཏིག་དང༌། བྱུ་རུ་དང་། མུ་མེན་དང༌། བཻ་ཌཱུརྱ་ལ་སོགས་ པའི་རིགས་སམ། སྤོས་དང༌། མེ་ཏོག་དང༌། ཕྲེང་བ་དང༌། བྱུག་པ་དང༌། བདུག་པ་ལ་སོགས་པ་དེ་ལྟ་བུ་དག་གིས་བསྙེན་བཀུར་བའི་ཆས་ནི་བདག་ལ་མེད་ན། བདག་འདི་བཞིན་དུ་བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱི་དྲུང་དུ་སོང་ན་ནི། བདག་གིས་ ཚུལ་མ་ཡིན་པ་བྱས་པར་གྱུར་ཏ་རེ་སྙམ་དུ་བསམས་སོ། །དེ་དེ་ལྟར་ཡིད་ལ་བྱེད་ཅིང་བླ་མ་ལ་གུས་པ་ཉེ་བར་བཞག་ནས་མཐར་གྱི་གྲོང་ཁྱེར་ཞིག་ཏུ་ཕྱིན་པ་དང༌། དེའི་གྲོང་བར་གྱི་དབུས་སུ་འདི་ལྟ་བུའི་བསམ་པ་ཞིག་སྐྱེས་པར་གྱུར་ཏོ། །བདག་ལྟའི་གཞི་ 2-3-103b རྩ་ཆེས་ཆེར་རབ་བརྟན་གསེར་གྱི་གཞིར། མ་རིག་ཆུ་གཏེར་ལས་ཀྱི་མགྱོགས་འགྲོས་བསྲུབས་ལས་བྱུང་། །སྡུག་བསྔལ་ལྷུན་པོ་སྐྱེ་ཤིའི་བང་རིམ་ཁྱུད་མོས་བསྡམས། །སྲིད་མཚོར་ཡུན་རིང་དོན་མེད་འདའ་བ་དེ་མཐོང་ནས། །ཕངས་པ་མེད་པར་བདག་གི་ལུས། ། བཙོངས་ཏེ་དེ་ཡི་རིན་ཐང་གིས། །དགེ་བའི་བཤེས་ལ་བསྙེན་བཀུར་བར། །འདོད་ནས་གྲོང་དུ་ཞུགས་པར་གྱུར། །སྟོད་སྨད་ལུས་འདི་མཛོད་ཀྱི་སྒོ་གསལ་ཏེ། །མཆིལ་མ་སྣབས་དང་བཤང་བ་གཅི་ལ་སོགས། །དྲི་ང་རྒྱུན་དུ་འབབ་པར་སྟོན་པ་འདི། །མི་གཙང་ རུལ་པའི་བང་མཛོད་དག་ལ་ནི། །ཡིད་འོང་དངོས་པོ་ཅུང་ཟད་ཡོད་རེ་ཞེས། །འདི་ཡིས་མནའ་ནི་དོར་ཕྱིར་བཀོད་ལྟ་ཡི། །ལུས་ཀྱི་ངང་ཚུལ་འདི་འདྲ་རིག་ནས་ནི། །སེམས་ལྡན་སུ་ཞིག་འདི་ལ་སྲེད་པར་བྱེད། །དེ་ལྟར་བདག་ཉིད་ཆེན་པོ་དེ་ལུས་བཙོང་བའི་ཕྱིར་ གྲོང་བར་དུ་འདུག་ནས། སུ་དག་ཁོ་བོའི་ལུས་འདོད་ཅེས་ཡང་ཡང་སྒྲོག་་་པས། བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ལ་ཞུགས་པ་དེ་བདུད་སྡིག་ཅན་དེས་རིག་ནས་འདི་སྙམ་དུ་སེམས་སོ། །འདི་ཡིས་སྤྱོད་པའི་ལང་ཚོ་རྫོགས་པ་ན། །ཐབས་ལ་ མཁས་པའི་དེད་དཔོན་མཆོག་གྱུར་ནས། །འགྲོ་འདི་སྐུ་གསུམ་རྒྱ་མཚོའི་འཇུག་ངོགས་སུ། །ལམ་བཟང་བདག་མེད་གྲུ་ཡིས་ལེགས་བསྒྲལ་ནས། །རྣམ་གྲོལ་ནོར་བུའི་གླིང་དུ་ཁྲིད་པའི་ཚེ། །བདག་རིས་སྡེ་དང་བཅས་པའི་སྤྱོད་ཡུལ་ལས། །ཤིན་ཏུ་འདས་ ཤིང་ཅི་བགྱིར་མ་མཆིས་པས། །དེ་ཕྱིར་དེང་ནས་བར་ཆད་བརྩམ་པར་བྱ། །ཉམ་ཆུང་སྒྲོན་མེ་མྱུར་དུ་འཇིག་སླ་ཡི། །སྟོབས་ཆེན་ནགས་ཀྱི་མེ་ལ་དེ་ལྟ་མིན། །དེ་ལྟར་བསམས་ནས་བདག་ཉིད་ཆེན་པོའི་ཚིག །གཞན་གྱིས་ཐོས་པའི་ལམ་ལས་བསྐལ་ 2-3-104a པར་བྱས། །དེ་ནས་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས་བདག་ཉོ་བ་མ་རྙེད་པ་དེའི་ཚེ། རང་གི་མངོན་པར་འདོད་པའི་དོན་མ་གྲུབ་པས། ཀྱེ་མ་བདག་ནི་སྐལ་བ་དམན་པ་ཞིག་གོ་སྙམ་དུ་སེམས་ཤིང་མཆི་མ་བླགས་ནས་འདུག་གོ། །ལྷ་ཡི་ ལམ་ཡང་མ་ཡིན་ཞིང༌། །ཆུ་འཛིན་གོས་དང་བྲལ་ན་ཡང༌། །ཁྱོད་ཀྱི་གདོང་ལ་མཆི་མ་ཡི། །ཆར་རྒྱུན་རྟག་ཏུ་འབབ་པ་འདི། །འཇིག་རྟེན་ཆར་གྱི་རྒྱུན་དག་གི། ཡ་མཚན་གཞོམ་སླད་བྱས་པ་འདྲ། །དེའི་ཚེ་དེ་ལྟར་བཞུགས་པ་མཐོང་ནས་ལྷའི་དབང་པོ་ བརྒྱ་བྱིན་གྱིས་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུའི་ལྷག་པའི་བསམ་པ་བརྟག་པའི་ཆེད་དུ། བྲམ་ཟེའི་ཁྱེའུའི་ཆ་བྱད་དུ་སྤྲུལ་ནས་དེའི་མདུན་དུ་འདུག་སྟེ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་ཅིའི་ཕྱིར་དུ་ཡིད་ཁོང་དུ་ཆུད་ཅིང་མིག་ནས་མཆི་མ་ འབབ། བྱང་ཆུབ་སེམས་དཔས་སྨྲས་པ། བདག་གི་ལུས་བཙོངས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བྱང་ཆུབ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་བཀུར་སྟི་བྱ་སྙམ་ན་བདག་གི་ལུས་ཉོ་བ་སུ་ཡང་མ་རྙེད་པས་དེའི་སླད་དུའོ། །དེ་ནས་ བྲམ་ཟེའི་ཁྱེའུ་དེས་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་ལ་འདི་སྐད་ཅེས་སྨྲས་སོ། །བདག་གི་རིག་བྱེད་ལས་འབྱུང་བའི། །མཆོད་སྦྱིན་སྦྱིན་སྲེག་སྒྲུབ་པའི་རྫས། །མི་ཡི་ཤ་དང་སྙིང་དང་ཁྲག །རྐང་དང་རུས་པ་ཚོལ་བར་བྱེད། །གལ་ཏེ་དེ་དག་ གཏོང་ནུས་ན། །ཇི་ལྟར་འདོད་པ་རིན་དུ་སྦྱིན། །དེ་དུས་སྐྱེས་བུ་མཆོག་དེ་ཡི། །སྙིང་སྟོབས་རྒྱ་མཚོ་ཆེར་འཕེལ་ཏེ། །གཏམ་སྙན་ཆུ་བོས་གང་བ་བཞིན། །ཡིད་ནི་ཀུན་ཏུ་དགའ་བར་གྱུར། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ 2-3-104b དེས་ཚམ་ཚོམ་མེད་པར་རང་གི་ལུས་ཀྱི་བརླ་གཡས་པའི་ཤ་བཏོགས་ནས་མཚོན་རྣོན་པོས་ལུས་ཕུག་སྟེ། ཁྲག་ཟག་ཅིང་རུས་པ་གཅོག་ཏུ་རྩིག་པའི་དྲུང་དུ་ཕྱིན་ནོ། །དེའི་ཚེ་ཚོང་དཔོན་གྱི་བུ་མོ་ཞིག་སྔོན་གྱི་རྒྱལ་བ་དུ་མ་ལ་དགེ་བའི་རྩ་བ་བསྐྲུན་པ་ན་ གཟུགས་མཛེས་ཤིང་བལྟ་ན་སྡུག་པ། ལང་ཚོ་དར་ལ་བབ་པ། མིག་ཨུཏྤལ་སྔོན་པོ་ལྟ་བུ་སྐྲ་མཐོན་མཐིང་དུ་འདུག་ཅིང་ནུ་མ་རབ་ཏུ་རྒྱས་པ། དགའ་ཚལ་གྱི་ལྷའི་བུ་མོ་ལྟ་བུ་ཡོད་པ་དེ། རང་གི་ཕའི་ཁང་པའི་ཡང་ཐོག་གི་སྟེང་ན་བུ་མོའི་འཁོར་བརྒྱ་ཕྲག་དུ་མས་ ཡོངས་སུ་བསྐོར་ཏེ་ཕ་ལ་རོལ་མོ་བྱེད་ཅིང་གནས་སོ། །སྐྱེ་བ་གཞན་དུ་སྦྱངས་པའི་བསོད་ནམས་མཐུས། །དེ་ཡི་ལུས་ནི་ཤིན་ཏུ་མཛེས་གྱུར་ཏེ། །འཆི་མེད་བུ་མོ་མངོན་སུམ་སྣང་བ་བཞིན། །ཆགས་ལྡན་སྐྱེ་བོའི་མིག་གི་བདུད་རྩིར་གྱུར། །དེ་ཡི་བཞིན་རས་ཆུ་གཏེར་ མཛེས་བྱེད་པ། །མིག་གི་ཨུཏྤལ་ཟུང་དག་འགྲན་པ་བཞིན། །བྲང་གི་དཀྱིལ་འཁོར་ནུ་མའི་ཁུར་གྱིས་སྒེག །རོ་སྨད་རྒྱས་ཤིང་སྐབས་ཕྱེད་ཡན་ལག་མཛེས། །དུལ་ཞིང་ཡིད་གཞུངས་དབང་པོ་ཉེར་ཞི་བ། །དེ་ནི་ན་ཆུང་ཚོགས་ཀྱིས་ཡོངས་བསྐོར་ནས། །དྲི་ཟའི་གླུ་ དབྱངས་ལྟ་བུར་སྙན་པ་ཡི། །པི་ཝང་སྒྲ་ཡིས་དགའ་བར་རོལ་ཞིང་འཁོད། དེ་སྔོན་གྱི་དགེ་བའི་རྩ་བའི་མཐུས་བསྐུལ་ནས་ཁང་པའི་བ་གམ་ཞིག་ནས་བལྟས་པས། བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས་བྲམ་ཟེའི་ཁྱེའུ་ལ་རང་གི་ཤ་དང་ཁྲག་ཏོང་བ་ལ་ཞུགས་པ་ མཐོང་ནས་མྱུར་བ་མྱུར་བར་བབས་ཏེ་འོངས་པའི་ཚེ། དེ་རང་གི་ལུས་དུར་ཁྲོད་ཀྱི་རོ་ལ་བྱ་བ་བཞིན་དུ་ཆགས་པ་མེད་པར་མཐོང་ངོ༌། །བདག་གི་ལུས་ལའང་ཆགས་མེད་པར། །བྲམ་ཟེ་ཤ་ཁྲག་འདོད་པ་ལ། །གཏོང་བར་ཞུགས་པ་དེ་མཐོང་ནས། །བཟང་མོ་དེ་ཡི་ 2-3-105a ལུས་དང་སེམས། །ཤིན་ཏུ་འདར་བར་གྱུར་པ་ནི། །གཡོ་བའི་མཚོ་ནང་ཟླ་གཟུགས་བཞིན། །དེ་ནས་བུ་མོ་དེས་བྱང་ཆུབ་སེམས་དཔའ་བྱ་དཀའ་བ་སྤྱོད་པ་དེ་མཐོང་ནས་ལུས་ཤིན་ཏུ་གཡོ་བའི་རླུང་གིས་བསྐྱོད་པའི་ཤིང་ལྟར་འདར་ཞིང་ མིག་མཆི་མས་གང་བཞིན་དུ་འདི་སྐད་ཅེས་སྨྲས་སོ། །གང་ཞིག་ལང་ཚོ་གསར་པའི་མེ་ཏོག་གིས་བཀྲ་ཞིང༌། །མཐོ་རིས་ཡོན་ཏན་ཡལ་གའི་ཁྱོན་ཡངས་ཤིན་ཏུ་མཛེས། །དལ་འབྱོར་ཡོངས་སུ་མཛེས་པའི་ལུས་འདི་ཅི་སླད་དུ། །བརྩེ་བྲལ་བྲམ་ཟེ་འདི་ལ་དེ་རིང་གཏོང་ བར་བྱེད། །དེ་སྐད་སྨྲས་ཚེ་སེམས་དཔའ་ཆེ། །རབ་རྒྱས་ཞལ་གྱི་ཆུ་སྐྱེས་མཆོག །གེ་སར་སོ་ཕྲེང་གསལ་ལྡན་པས། །བཟང་མོ་ལ་ནི་འདི་སྐད་ཅེས། །སྲིང་མོ་བདག་ནི་བཀྲེན་པ་སྟེ། །དགེ་བའི་བཤེས་དང་གདམས་ངག་དག །དོན་དུ་གཉེར་ལ་མཆོད་པའི་ རྫས། །སྒྲུབ་སླད་ལུས་འདི་འདི་ལ་གཏོང༌། །དེ་སྐད་ཅེས་སྨྲས་པ་དང༌། བུ་མོ་དེས་འདི་སྐད་ཅེས་སྨྲས་སོ། །ཁྱོད་ཀྱིས་དེ་ལ་བསྙེན་བཀུར་བས་ཡོན་ཏན་གྱི་རྣམ་པ་ཅི་ཞིག་ཐོབ། གདོང་བཞི་པའམ་མིག་སྟོང་ལྡན་པའམ། །དྲག་པོའམ་དཔལ་མོའི་གཉེན་ནམ་མདའ་ ལྔ་པ། །རྣམ་ཐོས་བུའམ་ཉི་མའམ་ཟླ་བའམ། །འཁོར་ལོས་བསྒྱུར་རམ་གང་ཞིག་ཐོབ་པར་འདོད། །ཅེས་སྨྲས་པ་དང༌། བྱང་ཆུབ་སེམས་དཔས་སྨྲས་པ། སྐྱེ་དགུ་གླིང་བཞིའི་རྒྱན་དུ་འགྱུར་བ་དང༌། །གཏིང་ཟབ་སྟོང་ཉིད་རྒྱ་མཚོ་གསལ་བའི་ཕྱིར། །ཉིན་ མཚན་སྡོད་པ་བཅོམ་པའི་བརྩོན་འགྲུས་ཀྱིས། །རྣམ་གྲོལ་པད་ཚལ་འབྱེད་པའི་ཉིན་བྱེད་འདིས། །གཞན་ལ་ལམ་སྟོན་འགྱུར་བ་ལྟ་ཞོག་གི། །རང་གི་ལུས་ཀྱང་གསལ་བར་མི་ནུས་པའི། །མེ་ཁྱེར་འོད་ལ་སྨོན་པར་བྱེད་པ་ནི། །འཇིག་རྟེན་འདི་ན་འགའ་ཙམ་ 2-3-105b མཐོང་ངམ་ཅི། །དེ་ལྟར་སེམས་དཔའ་ཆེན་པོ་དེས་བཞིན་གྱི་མདངས་རབ་ཏུ་གསལ་བས་དོན་དུ་གཉེར་བར་བྱ་བའི་གནས་ཟབ་མོ་བསྟན་པ་དེ་ཐོས་ནས་བུ་མོ་དེའི་སྔོན་གྱི་དགེ་བའི་རྩ་བའི་མཐུ་རྟས་པར་གྱུར་ཅིང༌། བྱ་དཀའ་བའི་གནས་གཞན་དུ་བདག་གི་ལུས་ལའང་ ལྟོས་པ་མེད་པར་གཏོང་བ་དེ་མཐོང་ནས་འདི་སྙམ་དུ་བསམས་སོ། །ཀྱེ་མ་སྐྱེས་བུ་དམ་པ་རྣམས་ནི་ཆོས་ཀྱི་ཕྱིར་བདག་གི་ལུས་ཀྱང་རྩྭ་ལྟར་འདོར་བར་བྱེད་ན་ཟང་ཟིང་གི་ལོངས་སྤྱོད་ལ་སུ་ཞིག་ཆགས་པར་བྱེད། དེ་བས་ན་འདི་ལ་དགོས་པའི་ཡོ་བྱད་ནོར་བུ་དང༌། མུ་ཏིག་དང༌། གསེར་དང༌། དངུལ་དང༌། སྤུག་དང༌། རྡོའི་སྙིང་པོ་དང༌། མན་ཤེལ་དང༌། བྱུ་རུ་དང༌། མུ་མེད་དང༌། བཻ་ཌཱུརྱ་དང༌། གཞན་ཡང་གོས་དང༌། རྒྱན་དང༌། བཟའ་བ་དང༌། བཅའ་བ་དང༌། མྱང་བ་དང༌། བལྡག་པར་བྱ་བ་རྣམས་དང༌། མེ་ཏོག་དང༌། བདུག་པ་དང༌། དྲི་དང་ཕྱེ་མ་དང༌། རོལ་མོ་ལ་སོགས་པ་ཐམས་ཅད་བདག་གི་ཕ་ཚོང་དཔོན་གྱི་ཁྱིམ་ནས་བླངས་ནས་བྱིན་ལ་བདག་ཀྱང་དགེ་བའི་བཤེས་གཉེན་དེ་བལྟ་བ་དང༌། བསྙེན་བཀུར་བའི་སླད་དུ་འདིའི་ཕྱི་བཞིན་དུ་འགྲོ་བར་བྱའོ་སྙམ་དུ་ཡིད་ལ་ངེས་པར་ གྱུར་ཏོ། །སྙིང་སྟོབས་ཚ་ཟེར་རབ་འབར་ཞིང༌། །ཆགས་མེད་འོད་སྟོང་འཕྲོ་བ་ཅན། །རྒྱལ་སྲས་སྤྱོད་པ་འདབ་བརྒྱའི་གཉེན། །མཐོང་བས་བཟང་མོ་དེ་ཡི་ཡིད། །འབྱུང་བའི་མུན་པ་རབ་བཏང་སྟེ། །གཏོང་བའི་སྣང་བས་གསལ་གྱུར་ཅིང༌། །དང་བའི་པད་ཚལ་ ཆེར་རྒྱས་ནས། །སེམས་དཔའ་ཆེ་ལ་འདི་སྐད་སྨྲས། །གང་གིས་བདག་ཉིད་གདུང་བྱེད་པའི། །བྱ་བ་འདི་ལས་ཁྱེད་ཐུགས་ལྡོག །མཆོད་པའི་ཡོ་བྱད་མཁོ་དགུ་དག །ཁོ་མོས་ཁྱོད་ལ་སྦྱིན་གྱིས་ལོང༌། །བདག་ཀྱང་ཁྱོད་ལ་བརྟེན་ནས་ནི། །སེམས་དཔའ་ 2-3-106a མཆོག་དེ་མཐོང་བར་འདོད། །དེ་སྐད་ཅེས་སྨྲས་པ་དང༌། བྱང་ཆུབ་སེམས་དཔས་ཀྱང་ཁས་བླངས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་སེམས་དཔའ་ཆེན་པོ་དེའི་ལྷག་པའི་བསམ་པ་གཡོ་བ་མེད་པར་མཁྱེན་ནས། སྤྲུལ་པའི་ལུས་ མི་སྣང་བར་བྱས་ཏེ། རང་གི་གཟུགས་ཀྱིས་དེ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ང་ལ་སྙིང་དང་ཁྲག་དང་རྐང་དང་ཤ་དག་གིས་དགོས་པ་མེད་དེ་ངས་ཁྱོད་ཉམས་སད་པའི་ཕྱིར་དུ་འོངས་སོ། །རིགས་ཀྱི་བུ་ལེགས་སོ་ལེགས་སོ། ཁྱོད་ཀྱི་བརྩོན་པ་ འདི་ལྟ་བུ་དང་དོན་དུ་གཉེར་བ་འདི་ལྟ་བུ་དང་ལྡན་པ་ནི་ལེགས་སོ། །སྔོན་གྱི་རྣམ་འདྲེན་རྒྱལ་བ་དེ་དག་ཀྱང༌། །སྤྱོད་ཚུལ་ཟབ་མོའི་ལམ་བཟང་འདི་ནས་གཤེགས། །དེ་དག་གཤེགས་པའི་ལམ་བཟང་དམ་པ་ནས། །རིང་པོར་མི་ཐོགས་ཁྱོད་ ཀྱང་འགྲོ་བར་འགྱུར། །དེ་ལྟ་བས་ན་བདག་ལ་དམ་པ་སྩོལ་ཅིག །བྱང་ཆུབ་སེམས་དཔས་སྨྲས་པ། བརྒྱ་བྱིན་སངས་རྒྱས་ཀྱི་ཆོས་བླ་ན་མེད་པ་སྩོལ་ཅིག །བརྒྱ་བྱིན་གྱིས་སྨྲས་པ། གང་ཞིག་སྲིད་ལས་རྒལ་བ་ཡི། །སློབ་མ་དང་ནི་བསེ་རུས་ཀྱང༌། ། མྱོང་བར་མ་གྱུར་གནས་དེ་ནི། །བདག་གི་སྤྱོད་ཡུལ་མ་ཡིན་ནོ། །དེ་ལྟ་བས་ན་མཆོག་གཞན་སྩོལ་ཅིག །བྱང་ཆུབ་སེམས་དཔས་སྨྲས་པ། བདག་ལུས་ཉམས་པའི་རྨ་འདི་ཡིས། །ཁྱོད་ཡིད་གདུང་བར་བྱ་མི་དགོས། །བདེན་ཚིག་རིག་སྔགས་ཟབ་ མོའི་མཐུ། །མངོན་སུམ་ཉིད་དུ་བསྟན་པར་བྱ། །ལྷའི་དབང་པོ་བདེན་པ་གང་གིས་བདག་བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ལུང་བསྟན་ཅིང་བདག་ 2-3-106b གི་ལྷག་པའི་བསམ་པ་གཡོ་མེད་པར་མཁྱེན་ཅེ་ན། བདེན་པ་དེ་ཡི་མཐུས་བདག་གི་ལུས་སྔོན་བཞིན་དུ་གྱུར་ཅིག །དེ་སྐད་བདེན་ཚིག་བརྗོད་མ་ཐག །དེ་ལུས་སྒྲ་གཅན་ལས་གྲོལ་བའི། ཉ་རྒྱས་ཟླ་ལྟར་མཛེས་མཐོང་ནས། །གྲོང་འཇོམས་མི་སྨྲའི་བརྟུལ་ཞུགས་འཛིན། ། དེ་ནས་བརྒྱ་བྱིན་སྤོབས་པ་མེད་ཅིང་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །ལང་ཚོའི་མེ་ཏོག་མཛེས་པས་རབ་ཏུ་སྤུད་པའི་ལུས་ཀྱི་རྫིང་དག་ལ། ཁྲག་གི་རྒྱ་མཚོ་ཀུན་ནས་འཁྱིལ་ཞིང་རུས་པའི་ཀུ་མུད་གསལ་བ་འདི། །རྒྱལ་སྲས་ངང་པའི་སྙིང་གི་དགའ་བ་ལྷག་པར་སྐྱེད་པའི་ ཆེད་དུའམ། །རང་གི་བདེན་ཚིག་ནུས་པ་བསྟན་པས་ལྷ་དབང་སྐྱེངས་ཕྱིར་བཀོད་པ་སྙམ། །དེ་ནས་ཚོང་དཔོན་གྱི་བུ་མོ་དེས་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཚུར་ཤོག་ཁོ་མོའི་ཁྱིམ་དུ་འདོང་ངོ༌། །ཁོ་མོའི་ཕ་མ་ལ་ནོར་བླངས་ཏེ་ དེས་ཆོས་དང་ཆོས་སྨྲ་བ་ལ་བཀུར་སྟི་གྱིས་ཤིག་ཅེས་སྨྲས་ནས། དེ་གཉིས་འགྲོགས་ནས་ཚོང་དཔོན་གྱི་བུ་མོའི་ཁྱིམ་ག་ལ་བ་དེར་སོང་ངོ༌། །དེ་ནས་ཚོང་དཔོན་གྱི་བུ་མོ་དེས་བདག་གི་ཁྱིམ་དུ་ཕྱིན་ནས་ཕ་མ་ལ་འདི་སྐད་ཅེས་སྨྲས་སོ། །ཡབ་ཡུམ་བདག་ལ་གསེར་ དང་དངུལ་དང༌། ནོར་བུ་དང་མུ་ཏིག་དང༌། བྱུ་རུ་དང་མན་ཤེལ་དང༌། སྤུག་དང་རྡོའི་སྙིང་པོ་དང༌། བཻ་ཌཱུརྱ་དང་། མུ་མེན་དང༌། གཞན་ཡང་གདུགས་དང༌། རྒྱལ་མཚན་དང་བ་དན་དང༌། ཕྱེ་མའི་ཕུར་མ་དང་གོས་རིན་པོ་ཆེ་དང༌། སྤོས་དང་མེ་ཏོག་དང་བྱུག་པ་ དང༌། ཞལ་ཟས་དང༌། རོལ་མོའི་ཚོགས་ཆེས་མང་བ་དག་སྩོལ་ཅིག །ཕ་མས་སྨྲས་པ། དེས་ཁྱོད་ལ་ཅི་ཞིག་བྱ། བུ་མོས་སྨྲས་པ། གང་གིས་བྱ་བ་ཆུང་ངུ་ཡང༌། །རྣམ་སྨིན་འབྲས་བུ་ཆེར་སྐྱེད་པའི། །དམ་པའི་ཞིང་མཆོག་དག་ལ་ནི། །བདག་གིས་བསོད་ 2-3-107a ནམས་བྱ་བར་འདོད། །ཕ་མས་སྨྲས་པ། བསོད་ནམས་ཀྱི་ཞིང་དེ་ཇི་ལྟ་བུ་ཞིག །བུ་མོས་སྨྲས་པ། བསྐལ་པ་བརྒྱ་ཕྲག་དུ་མར་ཡང༌། །མཚན་ཙམ་ཐོས་པའང་རྙེད་དཀའ་བ། །སེམས་དཔའ་མཆོག་ཅིག་བདག་གིས་ནི། །བསོད་ནམས་མཐུ་ ཡིས་དེ་རིང་མཐོང༌། །བྱང་ཆུབ་སྤྱོད་པའི་ཀློང་འཁོར་ཟབ་ཡངས་ལྡན། །སྙིང་སྟོབས་ནོར་བུ་དུ་མས་ཀུན་ནས་གཏམས། །བརྩོན་འགྲུས་རྦ་རླབས་ལྡོག་པར་སླ་མིན་པ། །ཡོན་ཏན་མཆོག་གི་རྒྱ་མཚོ་ཆེན་པོ་ཞིག །མིག་སྟོང་སྒྱུ་མའི་སྦྱོར་བ་སྟོན་པ་ལ། །རང་གི་ལུས་ ཀྱང་སོག་མའི་ཕུང་པོ་ལྟར། །ཆགས་མེད་གཏོང་ལ་ཞུམ་པ་མ་མཆིས་ཤིང༌། །བདེན་ཚིག་གྲུབ་པས་ལྷ་དབང་སྤོབས་པ་བཅོམ། །དེ་ལྟར་བུ་མོ་དེས་ཇི་ལྟར་གྱུར་པ་རྣམས་ཕ་མ་ལ་རྒྱས་པར་བསྙད་དོ། །དེ་ནས་བུ་མོ་དེའི་ཕ་མས་བུ་མོ་དེ་ལ་འདི་སྐད་ཅེས་སྨྲས་ སོ། །རིགས་ཀྱི་བུ་མོ། དེ་ད་ལྟ་གང་ན་འདུག །སྨྲས་པ། ད་ལྟ་འོ་སྐོལ་གྱི་སྒོ་དྲུང་ན་མཆིས་སོ། །ཕ་མས་སྨྲས་པ་དེ་ལྟ་ན་ཁྱོད་ཀྱིས་སྐབས་ཕྱེ་ཞིག་དང་བདག་ཅག་ཀྱང་ཁྱོད་དང་ལྷན་ཅིག་ཏུ་འགྲོའོ། །དེ་ནས་བུ་མོ་དེས་སྐབས་ཕྱེ་ནས་བུ་མོ་དེའི་གཡོག་མོ་ལྔ་བརྒྱ་ ཡང་རྒྱན་གྱིས་བརྒྱན་ཏེ། ཤིང་རྟ་ལྔ་བརྒྱ་ལེགས་པར་བརྒྱན་པར་བཀོད། །བྱང་ཆུབ་སེམས་དཔའ་རྟག་ཏུ་དུ་ཡང་ཚོང་དཔོན་གྱི་བུ་མོ་དེ་དང་ལྷན་ཅིག་ཏུ་རིན་པོ་ཆེའི་རྒྱན་དུ་མས་སྤྲས་པའི་ཤིང་རྟ་ཆེན་པོ་གསེར་གྱི་དྲ་བས་གཡོགས་པའི་གླང་པོ་ཆེའི་མཆོག་གངས་ ཀྱི་དུམ་བུ་འགྲོ་ཤེས་པ་ལྟ་བུས་དྲངས་པའི་ནང་དུ་ཞུགས་ཏེ་བུ་མོ་དེའི་ཕ་མ་དང་བཅས་པ་འཁོར་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་ནས་ཤར་ཕྱོགས་ལོགས་སུ་གྲོང་ཁྱེར་ཆེན་པོ་སྤོས་ལྡན་གྱི་ལམ་ག་ལ་བ་དེར་ཞུགས་སོ། །སྔོན་སྤྱད་མ་དྲོས་མཚོ་ལས་ 2-3-107b ལེགས་འོངས་ཤིང༌། །ངོ་མཚར་སྤྱོད་པའི་རླབས་ཆེན་ཆལ་ཆིལ་གཡོ། །བརྩོན་པའི་རྦ་རླབས་ཕྲེང་བ་དྲག་ཏུ་འཁྲུགས། །ལྷག་བསམ་ཁུར་ཅན་རྒྱལ་སྲས་གངྒཱའི་རྒྱུན། །འཇམ་པའི་ལུས་མཛེས་དལ་བའི་འགྲོས་དང་ལྡན། །སྙན་པའི་སྒྲ་སྒྲོགས་མཛེས་མའི་ཆུ་ཕྲན་ འཁོར། །ལྔ་བརྒྱར་བཅས་ཏེ་ཤར་གྱི་ཕྱོགས་ཉིད་དུ། །སྤོས་ལྡན་རྒྱ་མཚོའི་ངོགས་སུ་ཞུགས་པར་གྱུར། །དེ་ལྟར་མཐར་གྱིས་སོང་སོང་བ་དང༌། བདག་ཉིད་ཆེན་པོ་དེས་རྒྱང་རིང་པོ་ཞིག་ནས་གྲོང་ཁྱེར་སྤོས་ལྡན་དང་དེའི་དབུས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་ཆོས་འཕགས་སྐྱེ་བོའི་ཚོགས་བརྒྱ་སྟོང་དུ་མ་ལ་ལེགས་པར་འདོམས་པ་མཐོང་བར་གྱུར་ཏོ། །རྒྱུ་སྐར་ཁྲོད་ན་ཀུ་མུད་གཉེན་ལྟར་མཐོང་བ་ཙམ་གྱིས་གདུང་བ་སེལ། །རི་དྭགས་ཁྲོད་ན་སེང་གེ་ལྟ་བུར་འཁོར་དུ་འཇིགས་པ་ཀུན་དང་བྲལ། །གླིང་བཞིའི་དབུས་ན་ལྷུན་པོ་ ཇི་བཞིན་དགེ་མཚན་དུ་མས་ཀུན་ནས་བརྗིད། །རིང་མོ་ཞིག་ནས་ཡང་ཡང་ཡིད་ལ་གཅགས་པའི་ཆོས་འཕགས་དེ་ཡིས་མཐོང༌། །དེ་ཚེ་དེ་ཡི་ཡིད་ཀྱི་མཚོ། །དགའ་བའི་རླབས་ཀྱིས་བསྐྱོད་པ་ནི། །ཡང་དག་འཇོག་གི་བསམ་གཏན་གྱི། །བདེ་བས་དཔེར་ཡང་མི་བཟོད་ དོ། །དེ་ནས་སེམས་དཔའ་ཆེན་པོ་དེ་ཤིང་རྟའི་ནང་དུ་ཞུགས་བཞིན་དུ་བདག་དགེ་བའི་བཤེས་གཉེན་གྱི་དྲུང་དུ་འགྲོ་བ་ནི་ཚུལ་དང་མཐུན་པ་མ་ཡིན་ནོ་སྙམ་དུ་བསམས་ནས་རང་གི་ཤིང་རྟ་ལས་བབས་སོ། །དེ་བབས་པ་དང་དུས་མཉམ་དུ་བུ་མོ་ལྔ་བརྒྱ་ཡང་ཤིང་རྟ་ ལས་བབས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་ཚོང་དཔོན་གྱི་བུ་མོ་ལ་སོགས་པ་བུ་མོ་ལྔ་བརྒྱས་བསྐོར་ཅིང་མདུན་ནས་བདར་ཏེ། བཀོད་པ་ཤིན་ཏུ་མཛེས་པ་དང་ལྡན་པས་གྲོང་ཁྱེར་སྤོས་ལྡན་ག་ལ་བ་དེར་སོང་ངོ༌། །དེ་ལྟར་རིམ་གྱིས་སོང་བ་དང༌། རིན་པོ་ 2-3-108a ཆེ་སྣ་བདུན་ལས་བྱས་པའི་གྲོང་ཁྱེར་ཆུ་དང་ཞེང་དུ་དཔག་ཚད་བཅུ་གཉིས་བཅུ་གཉིས་ཡོད་པ། འབྱོར་པ་རྒྱས་པ་བདེ་བ་ལོ་ལེགས་པ་སྐྱེ་བོ་མང་པོས་གང་བ། རིན་པོ་ཆེ་སྣ་བདུན་ལས་བྱས་པའི་རྭ་བ་རིམ་པ་བདུན་དང་འོབས་རིམ་པ་བདུན་དང༌། རྟ་བབས་རིམ་པ་བདུན་གྱིས་ཡོངས་སུ་བསྐོར་བ། མཉམ་པའི་སྲང་བར་ལྔ་བརྒྱ་ལྔ་བརྒྱ་དག་གིས་རི་མོར་བྲིས་པ་བཞིན་དུ་གཏམ་ཤིང༌། བར་བར་དུ་ཟམ་པ་བཏགས་པ། གྲོང་ཁྱེར་གྱི་ཁོར་ཡུག་ཏུ་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་ལྕགས་རིས་ཡོངས་སུ་ བསྐོར་བ། དེའི་མདའ་ཡབ་རྣམས་ནི་འཛམ་བུ་ཆུ་བོའི་གསེར་ལས་བྱས་པ། མཐོ་ཞིང་ཚད་དང་ལྡན་པ་མདའ་ཡབ་ཐམས་ཅད་ཀྱི་རྩེ་མོ་ལས་ཀྱང་རིན་པོ་ཆེ་སྣ་བདུན་གྱི་ཤིང་རིན་པོ་ཆེ་སྣ་ཚོགས་ཀྱི་འབྲས་བུའི་ཁུར་གྱིས་དུད་པ་སྐྱེས་ཤིང༌། དེ་ཐམས་ཅད་ལས་ ཀྱང་རིན་པོ་ཆེའི་ཐི་གུ་བྱུང་བས་ཤིང་གཉིས་པ་གཞན་དང་འབྲེལ་བར་གྱུར་པ། གྲོང་ཁྱེར་དེ་དག་ཐམས་ཅད་གསེར་གྱི་དྲིལ་བུ་གཡེར་ཁའི་དྲ་བས་ཁེབས་ཏེ། དེ་ལ་རླུང་གིས་བཏབ་པའི་ཚེ་འཇམ་ཞིང་སྙན་པའི་སྒྲ་ཡིད་དུ་འོང་བ་ལས་སྟོང་པ་ཉིད་དང་མཚན་མ་ མེད་པ་དང་སྨོན་པ་མེད་པ་ལ་སོགས་པ་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་རྣམ་གྲངས་དུ་མ་བྱུང་བས་སེམས་ཅན་དེ་དག་གི་ཡིད་འཁོར་བ་ལས་ཕྱིར་ཕྱོགས་པར་བྱེད་ཅིང༌། སྟོང་པ་ཉིད་ཀྱི་ས་བོན་ཀུན་ནས་རྟས་པར་བྱེད་ལ་སེམས་ཅན་དེ་རྣམས་རྩེ་དཔའ་བས་དུས་ འདའ་བར་བྱེད་པས་དགའ་མགུར་སྤྱོད་དོ། །གཞན་ཡང་གྲོང་ཁྱེར་དེའི་ཕྱི་རོལ་ཏུ་ཡན་ལག་བརྒྱད་དང་ལྡན་པའི་ཆུས་ཡོངས་སུ་གང་བའི་འོབས་ཡོད་པ། ཆུ་དེ་དག་ལས་ཀྱང་མེ་ཏོག་ཨུཏྤལ་དང་ཀུ་མུ་ད་དང་པདྨ་དཀར་པོ་གཟུགས་མཛེས་ཤིང་དྲི་ཞིམ་པ་ 2-3-108b དུ་མས་ཡོངས་སུ་ཁེབས་པར་གཡོགས་པ་སྟོང་གསུམ་གྱི་འཇིག་རྟེན་ན་ཡོད་པའི་མེ་ཏོག་གི་རིགས་དག་ལ་དེ་ན་མེད་པ་གང་ཡང་མེད་དོ། །ཆུ་དེ་ལ་སེམས་ཅན་དེ་རྣམས་ཀྱི་སྔོན་གྱི་བསོད་ནམས་ལས་བྱུང་བའི་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གྲུ་དག་ཡོད་དེ། སེམས་ཅན་ དེ་དག་དེར་ཞུགས་ནས་རྩེ་དགའ་བས་ཀུན་ཏུ་རོལ་བར་བྱེད་དོ། །འོག་གཞི་ནོར་བུའི་ཕུང་པོ་བདལ་བ་བཞིན། །ལོགས་རྣམས་སྟོན་གའི་འཇའ་ཚོན་བཀྲ་བ་བཞིན། །བ་གམ་སྤྲིན་དཀར་ཐོར་ཅོག་བཅིངས་པ་བཞིན། །ཀུན་གྱིས་མཛེས་པ་གཅིག་ཏུ་བསྡུས་པ་བཞིན། ། འདི་ཡི་ངོ་ཚར་རྨད་བྱུང་ཡོན་ཏན་ཚོགས། །མཐོང་བར་གྱུར་ཚེ་ཆེས་ཆེར་ཡིད་གཡོ་བའི། །བཻ་ཌཱུར་སྔོན་པོ་བཞུ་བ་འབབ་འདྲ་ཡི། །རྒྱ་མཚོ་ཆེན་པོས་ལུས་ཀྱི་རླབས་བསྐྱོད་དེ། །གང་གི་གྲོང་ཁྱེར་མཛེས་པ་སྐྱེད་པའི་རྒྱན། །གཟུགས་མཛེས་ཡིད་འོང་དྲི་དང་ལྡན་པ་ ཡི། །སྣ་ཚོགས་མེ་ཏོག་གོས་བཟང་གྱོན་ནས་སུ། །ལྷུན་པོ་དོར་ཏེ་འདི་རུ་འོངས་སམ་སྙམ། །སྔོ་བསངས་ལུས་མཛེས་རྙོག་པའི་དྲི་མ་བྲལ། །བཞིན་གྱི་ཆུ་སྐྱེས་འཛུམ་པའི་ཟེའུ་འབྲུ་ཅན། །གནག་ཅིང་སྣུམ་པའི་བུང་བའི་མིག་དཀྱུས་རིང༌། །རིན་ཆེན་གྲུ་ཡི་ནུ་མའི་ འབུར་དང་ལྡན། །རླབས་ཕྲེང་དོ་ཤལ་ཐོགས་པ་ཡི། །དགའ་བས་འདི་རྣམས་རང་གི་ལུས། །རིན་ཆེན་འོབས་ཀྱི་ཁང་བཟང་དུ། །བསྐྱོད་པའི་ཟློས་གར་མཐོང་བའི་ཚེ། །ལང་ཚོའི་ལྷུན་སྟུག་གསལ་བའི་མདངས་ཀྱིས་བཀྲ། །ཐོར་ཙུགས་འབྲས་བུའི་ཁུར་གྱིས་ལྷག་ པར་བརྗིད། །རིན་ཆེན་གཡེར་ཁའི་འཕྲེང་བས་མགུལ་བརྒྱན་པའི། །མདའ་ཡབ་གསེར་ཁྲིའི་སྟེང་གི་གཞོན་ནུ་འགའ། །འོབས་ཀྱི་ཁང་བཟང་ཕྱོགས་སུ་མངོན་ཕྱོགས་ནས། །མཉེན་ལྕུག་ཡལ་གའི་ལག་པའི་རྩེ་མོ་རྣམས། །ཕན་ཚུན་སྦྲེལ་ཏེ་སྙན་པའི་གླུ་ 2-3-109a ལེན་ཅིང༌། །འདོད་པ་བསྟེན་ཕྱིར་ལག་པ་གཡོབ་བ་འདྲ། །དེ་ལྟ་བུའི་གྲོང་ཁྱེར་དེ་མཐོང་ནས་བུ་མོ་དེ་དག་ཤིན་ཏུ་ངོ་མཚར་བར་གྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ལ་འདི་སྐད་ཅེས་སྨྲས་སོ། །སྔོན་ཆད་འདི་ཡི་ མིང་ཙམ་ཡང༌། །ཐོས་པའི་ཡུལ་དུ་མ་གྱུར་པ། །མཛེས་པའི་རིན་ཆེན་ཕོ་བྲང་འདི། །སུ་ཡི་ལགས་པ་བསྟན་ཏུ་གསོལ། །དེ་སྐད་ཅེས་སྨྲས་པ་དང༌། བྱང་ཆུབ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས་བུ་མོ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །བུ་མོ་འདི་ནི་བདག་ཅག་རྣམས་ གང་གི་མཐུས་སྡུག་བསྔལ་གྱི་རྒྱ་མཚོ་མུ་མེད་པ་ལས་སྒྲོལ་བའི་མཉན་པ་ཆེན་པོ་ཆོས་འཕགས་ཞེས་བྱ་བ་དེ་བཞུགས་པའི་གྲོང་ཁྱེར་ཏེ། ད་ནི་རིང་པོར་མི་ཐོགས་པར་རིགས་ཀྱི་བུ་དེས་བདག་ཅག་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདོམས་པར་འགྱུར་ བས་དགའ་བ་དང་ཡིད་བདེ་བར་གྱིས་ཤིག་ཅེས་སྨྲས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་འཁོར་དང་བཅས་པ་གྲོང་ཁྱེར་དེའི་སྒོ་ནས་ཞུགས་ཏེ་དོང་བ་དང༌། དེའི་ནང་དུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་སྐྱེད་མོས་ཚལ་དབྱིབས་མཛེས་ ལ་རྣམ་པར་བཀྲ་ཞིང་བལྟ་ན་སྡུག་པ་ནེ་ཙོའི་གཤོག་པ་ལྟར་ལྗང་ཞིང་མཉེན་པའི་ལོ་འདབ་ཀྱིས་ཀླུབས་ཤིང༌། མེ་ཏོག་དང་འབྲས་བུའི་ཁུར་གྱིས་དུད་པའི་ཚལ་ལྔ་བརྒྱ་ཡོད་པ་དེ་དག་གིས་མཐོང་བར་གྱུར་ཏོ། །དེ་མཐོང་མ་ཐག་ཏུ་ཚལ་དེ་འདི་འདྲ་བ་ཞིག་གོ་སྙམ་ ནས་བུ་མོ་དེ་དག་གིས་སྨྲས་པ། མརྒད་ལོ་མའི་གོས་གྱོན་ཅིང༌། །མེ་ཏོག་སར་པའི་ཐོད་བཅིངས་ཏེ། །བསིར་བུས་དལ་གྱིས་བསྐྱོད་པ་ན། །མགྲིན་པ་ཅུང་ཟད་བཀུག་ནས་ནི། །ཤུབ་བུའི་སྒྲ་ཡིས་སྔགས་ཟློ་བ། །འདི་དག་སྔོན་མེད་རིག་སྔགས་མཁན། །དེ་ནས་ཡང་ 2-3-109b དོང་བ་དང༌། སྐྱེད་མོས་ཚལ་དེ་དག་རེ་རེ་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མོས་པའི་སེམས་ཅན་དེ་དག་གི་སྔོན་གྱི་ལེགས་པར་སྤྱད་པ་ལས་གྲུབ་པའི་རྫིང་བུ་ཁོར་ཡུག་ཏུ་རྒྱང་གྲགས་ཀྱི་ཚད་ཙམ་པ་ལྔ་བརྒྱ་ལྔ་བརྒྱ་ཡོད་པ། དེ་ལ་ཡང་མེ་ཏོག་ཁ་དོག་སྔོན་པོ་དང་སེར་ པོ་དང་དམར་པོ་དང་དཀར་པོ་རྣམས་ཚད་ཤིང་རྟའི་འཕང་ལོ་ཙམ་སྣ་ཚོགས་ཀྱིས་ཡོངས་སུ་བཀང་ནས་མཛེས་པར་བྱས་པ། ངང་པ་དང་ངུར་པ་དང་ཁྲུང་ཁྲུང་དང་ཀ་རན་ཏ་ག་དང་ས་ར་ས་ལ་སྒྲ་སྙན་ཅིང་སྤུའི་མདོག་སྡུག་པའི་བྱ་དུ་མ་སྐད་སྙན་པ་འབྱིན་པ། སྐྱེད་མོས་ཚལ་དང་ རྫིང་དེ་དག་ཀྱང་བདག་གི་བའི་རིས་སུ་ཚད་པ་མེད་པ་ལ་སེམས་ཅན་དེ་རྣམས་དགའ་མགུར་སྤྱོད་པ་མཐོང་བར་གྱུར་ཏོ། །དེ་ལྟར་མཐོང་མ་ཐག་ཏུ་བུ་མོ་དེ་རྣམས་ཀྱིས་རྫིང་གི་ཡོན་ཏན་བསྔགས་ཏེ་སྨྲས་པ། ངོགས་རྣམས་མཛེས་པའི་ལྗོན་ཤིང་དུ་མས་དཀྲིགས། །སྟེང་དུ་སྤུ་ སྡུག་བྱ་རྣམས་དགའ་བས་རྩེ། །འགྲམ་ན་ལྡེམ་ལྡེམ་གཡོ་བའི་པདྨོའི་ཚོགས། །རྫིང་གི་ཡོན་ཏན་མཐོང་ཚེ་རྒོད་པ་བཞིན། །འབད་པས་བསྒྲུབས་པ་མེད་ན་ཡང༌། །འདོད་དགུའི་རིན་ཆེན་ལྗོན་པ་ལ། །བདག་གིར་བཟུང་བ་མེད་པར་སྤྱོད། །ལྷུན་པོའི་བྱིང་དུ་ཕྱིན་པ་འདྲ། །དེ་ནས་ ཡང་མཐར་གྱིས་དོང་བ་དང༌། གྲོང་ཁྱེར་དེའི་དབུས་ཀྱི་བཞི་མདོ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱི་ཁང་པ། རིན་པོ་ཆེ་སྣ་བདུན་ལས་བྱས་པ། ཁོར་ཡུག་ཏུ་དཔག་ཚད་ཀྱི་ཚད་ཙམ་རྣམ་པར་བཀྲ་ཞིང་ལྟ་ན་སྡུག་པ་རྭ་བ་རིམ་པ་བདུན་དང༌། ཤིང་ཏ་ལའི་ཕྲེང་བ་རིམ་པ་བདུན་གྱིས་ཡོངས་སུ་བསྐོར་བ། ཁང་པ་དེ་ན་ཁང་པའི་ལོངས་སྤྱོད་དུ་གྱུར་པའི་སྐྱེད་མོས་ཚལ་བཞི་ཡོད་ཅིང༌། སྐྱེད་མོས་ཚལ་རེ་རེ་ལའང་རིན་པོ་ཆེ་དུ་མ་ལས་གྲུབ་པའི་རྫིང་བུ་བརྒྱད་བརྒྱད་ཡོད་པ། གྲོང་ཁྱེར་ཆེན་པོ་ལྟ་ན་སྡུག་པ་འཕོས་ 2-3-110a པའམ། སྒྱུ་མ་མཁན་མཁས་པ་ཞིག་གིས་སྤྲུལ་པ་དེ་ལྟ་བུ་དེ་མཐོང་ནས་བུ་མོ་དེ་དག་གིས་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་ལ་འདི་སྐད་ཅེས་སྨྲས་སོ། །གང་གི་བཀོད་པའི་ལྕགས་ཀྱུ་ཡིས། །དབང་པོའི་གཉིས་འཐུང་འཛིན་བྱེད་པ། །ཉམས་ དགའི་རིན་ཆེན་ཕོ་བྲང་འདི། །འཆི་མེད་དབང་པོའི་ཕོ་བྲང་ངམ། །འོན་ཏེ་སུ་ཡི་སྒྱུ་མའི་མཐུས། །བདག་ཅག་མིག་ལམ་སྣང་བར་གྱུར། །རྟག་ཏུ་ངུས་སྨྲས་པ། གང་གིས་རང་གཞན་དོན་གཉིས་ཐེག་པའི་ས་སྲུངས་མཆོག་ལ་ལེགས་གནས་ཤིང༌། །བདག་མེད་རྡོ་རྗེ་ རབ་ཏུ་འབར་བས་འཇིག་ཚོགས་ལྟ་བའི་ལྷ་མིན་འཇོམས། །ཆོས་རྣམས་མ་ལུས་སྟོང་པར་གཟིགས་པའི་སྤྱན་སྟོང་རབ་ཏུ་གསལ་ལྡན་པ། །བཤེས་གཉེན་ལྷ་དབང་བརྒྱ་བྱིན་གང་དེའི་ཕོ་བྲང་མཆོག་དེ་འདི་ཡིན་ནོ། །རྟེན་འབྲེལ་སྒྱུ་མ་ཐུགས་ཆུད་ནས། །ཆོས་ཀུན་ སྒྱུ་མ་སྟོན་མཛད་པ། །རྒྱལ་སྲས་སྒྱུ་མ་མཁན་དེ་ཡིས། །ལེགས་སྤྱད་སྒྱུ་མ་ལས་བྱུང་བའི། །བཀོད་པ་སྒྱུ་མ་ལྟ་བུ་འདི། །གདུལ་བྱ་སྒྱུ་མའི་སེམས་ཅན་ལ། །རྣམ་འཕྲུལ་སྒྱུ་མའི་ཚུལ་བསྟན་པ། །བདག་གིས་སྒྱུ་མའི་གཟུགས་སུ་མཐོང༌། །དེ་ནས་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་དེས་ཚོང་དཔོན་གྱི་བུ་མོ་ལ་སོགས་པ་བུ་མོ་ལྔ་བརྒྱའི་འཁོར་དང་བཅས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱི་སྐྱེད་མོས་ཚལ་དང་རྫིང་བུ་དེ་དག་ལྟ་བ་ལ་ཞུགས་པ་ན། རྟག་ཏུ་དགའ་བ་དང༌། མྱ་ངན་མེད་པ་ དང༌། མྱ་ངན་དང་བྲལ་བ་དང༌། མེ་ཏོག་སྣ་ཚོགས་པ་ཞེས་བྱ་བའི་སྐྱེད་མོས་ཚལ་བཞི་ཡོད་དེ། སྐྱེད་མོས་ཚལ་དེ་དག་རེ་རེ་ན་ཡང༌། བཟང་པོ་ཞེས་བྱ་བ་དང༌། བཟང་མཆོག་ཅེས་བྱ་བ་དང༌། དགའ་བ་ཞེས་བྱ་བ་དང༌། དགའ་མཆོག་ཅེས་བྱ་བ་དང༌། བདེ་བ་ 2-3-110b ཞེས་བྱ་བ་དང༌། བདེ་ལྡན་ཞེས་བྱ་བ་དང༌། ངེས་པ་ཞེས་བྱ་བ་དང༌། མི་འབབ་ཅེས་བྱ་བའི་རྫིང་བུ་བརྒྱད་བརྒྱད་ཡོད་པ་མཐོང་ངོ༌། །རྫིང་བུའི་ར་བ་ཐམས་ཅད་ཀྱང་གསེར་དང༌། དངུལ་དང་བཻ་ཌཱུརྱ་དང་ཤེལ་ལས་གྲུབ་པ་ངོས་བཞི་བཞི་དང་ལྡན་པ། ནང་གི་ས་གཞི་ཀེ་ཀེ་རུ་ལས་ བྱས་པ་གསེར་གྱི་བྱེ་མ་བདལ་བ། རྫིང་བུ་དེ་དག་རེ་རེ་ལ་ཡང་ཕྱོགས་དང་མཚམས་རྣམས་སུ་ཐེམ་སྐས་བརྒྱད་བརྒྱད་བཙུགས་ཤིང༌། དེ་དག་གི་བར་བར་ན་འཛམ་བུ་ཆུ་བོའི་གསེར་ལས་གྲུབ་པའི་ཤིང་སྐྱེས་པས་མཛེས་པ། རྫིང་གི་ཆུ་རྣམས་ཀྱང་མེ་ཏོག་གི་ཤིང་གིས་ གཏམས་པ་དེ་དག་རླུང་གིས་བསྐྱོད་པའི་ཚེ་མེ་ཏོག་རྣམས་རྫིང་བུའི་ནང་དུ་ལྷུང་བས། རྫིང་བུའི་ཆུ་དེ་དག་ཐམས་ཅད་ཀྱི་ཆུ་ཡང་ཙན་དན་གྱི་དྲི་དང་ལྡན་པར་བྱེད་པ། གྲོང་ཁྱེར་དེ་ན་ཡོད་པའི་སྐྱེས་པ་དང་བུད་མེད་རྣམས་ཀྱང་སྐྱེད་མོས་ཚལ་དང་རྫིང་དེར་འདོད་པའི་ ཡོན་ཏན་ལྔ་དང་ལྡན་པས་རྩེ་དགའ་ཞིང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱང༌། བཙུན་མོ་དྲུག་ཁྲི་དང་བཅས་པ་སྐྱེད་མོས་ཚལ་དེར་དུས་དུས་སུ་འདོད་པའི་ཡོན་ཏན་ལྔས་དགའ་མགུར་ལོངས་སྤྱོད་པར་བྱེད་དོ། །འགྲོ་འདོད་ཡིད་ཀྱི་རླབས་ འཁྲུག་དྲག་པོ་ཡིས། །གཞོན་ནུའི་ཆུ་གཏེར་མཐའ་རུ་བསྐྱོད་པའི་ཚེ། །རྫིང་གི་ལྷུན་པོའི་ན་ཆུང་མཛེས་མ་དེས། །འདི་ཡིས་བདག་ལ་འཁྱུད་པ་འདོར་སྙམ་ནས། ཁ་དོག་བཞི་ཡིས་བཀྲ་བའི་གཞོན་ནུའི་མཚོ། །བླངས་ནས་རང་གི་སྟེང་དུ་འཁོད་པ་འདྲ། །དྭངས་ཤིང་དྲི་ མ་མེད་པའི་ཆུ་གཏེར་སྟེང༌། །གངས་རིའི་ཏོག་ལྟར་དཀར་བའི་ངང་པའི་ཚོགས། །གཤོག་པ་ཟུང་གི་འདབ་མ་བགྲད་བྱས་ནས། །མཚར་དུ་དངར་བས་ཁེབས་པར་སྣང་བ་འདི། །སྟོན་དུས་ལྷ་ཡི་ལམ་ནི་མཛེས་བྱེད་པའི། །སྤྲིན་དཀར་ཕྲེང་བ་འཁྲིགས་ལ་འགྲན་པ་བཞིན། །འཚེ་བ་བྲལ་ 2-3-111a ཞིང་པདྨའི་རྩ་བ་ཟ། །གུར་ཀུམ་མདོག་གི་འདབ་མའི་ཤུགས་བསྐྱོད་ནས། །མཛེས་པ་འགྲན་འདྲའི་རྫིང་གི་གནས་རྣམས་སུ། །དགའ་བས་ཕན་ཚུན་འཕུར་བའི་ངུར་པ་འདི། །རིང་ནས་དབང་པོ་ཐུལ་པའི་དྲང་སྲོང་འགའ། །ནགས་ཚལ་མེ་ཏོག་ལྡན་པའི་བསྟི་གནས་ སུ། །ཏིང་འཛིན་མཐུ་ཡིས་བསྒྲུབས་པའི་རྫུ་འཕྲུལ་གྱིས། །རང་གི་ལུས་ལ་དུ་མར་སྟོན་པ་ལྟ། །དེ་ལྟར་ཡོན་ཏན་གྱི་རྣམ་པ་དེ་ལྟ་བུ་དང་ལྡན་པའི་སྐྱེད་མོས་ཚལ་དང༌། རྫིང་དེ་དག་མཐོང་བས་བུ་མོ་དེ་དག་ཆེས་ཡ་མཚན་དུ་གྱུར་ནས་མིག་བགྲད་དེ་ཨ་ལ་ལ་ཞེས་སྒྲོག་པར་བྱེད་དོ། ། དེ་ལྟ་བུའི་བཀོད་པ་ཤིན་ཏུ་མཛེས་པའི་གྲོང་ཁྱེར་གྱི་དབུས་ཀྱི་བཞི་མདོ་ན། གྲོང་ཁྱེར་སྤོས་ལྡན་ན་འཁོད་པ་དེ་དག་གིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཆོས་སྟོན་པའི་ཁྲི། གསེར་དང་དངུལ་དང་ཤེལ་དང་བཻ་ཌཱུརྱ་ལས་གྲུབ་པའི་རྐང་པ་བཞི་བཙུགས་ པ། དེའི་སྟེང་དུ་སྟན་ནང་ཚངས་ཅན་བཏིང་བ། སྟེང་སྙིང་པོ་ཅན་དུ་བྱས་པ་འཕང་དུ་རྒྱང་གྲགས་ཕྱེད་ཡོད་པ་བཤམས་ཏེ། སྟེང་གི་བར་སྣང་ལ་ཀ་ཤི་ཀའི་རས་ཀྱི་བླ་བྲེ་ལ་མེ་ཏོག་གི་ཆུན་པོ་འཕྱང་བས་བརྒྱན་པ་བྲེས་ཤིང༌། ས་ཕྱོགས་དེའི་ཁོར་ཡུག་ཐམས་ཅད་ཀྱང་རིན་པོ་ ཆེའི་མེ་ཏོག་དུ་མ་གཅལ་དུ་བཀྲམ་པ། སྤོས་ཀྱི་ཆུས་ཆག་ཆག་བཏབ་ཅིང༌། བདུག་སྤོས་ཀྱི་སྣོད་དུ་མ་ནས་ཀྱང་སྤོས་ཀྱི་དྲི་ཞིམ་པ་དུ་མའི་དུད་པ་འཐུལ་བར་བྱེད་དོ། །དེ་ལྟར་ཁྲི་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་བཞུགས་ནས་སྐྱེ་བོའི་ཚོགས་ དུ་མ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་ནོ། །སེམས་ཅན་དེ་དག་ཀྱང་ལ་ལ་ནི་ལུང་ནོད། ལ་ལ་ནི་ཁ་ཏོན་བྱེད། ལ་ལ་ནི་ཡི་གེར་འབྲི། ལ་ལ་ནི་ཚུལ་བཞིན་དུ་ཡིད་ལ་བྱེད་པས་སོ་སོར་རྟོག་པར་བྱེད་དེ། དེ་དག་ཀྱང་འཇིག་ཚོགས་ལ་ལྟ་བ་རིང་དུ་དོར་བ། བླ་ན་མེད་ 2-3-111b པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཤ་སྟག་གོ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱི་ཕོ་བྲང་དེ་དང༌། ཧ་ཅང་ཡང་ཐག་མི་རིང་བ་ཞིག་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་བཞུགས་པའི་ཁང་པ་བརྩེགས་པ་རིན་པོ་ཆེ་སྣ་ བདུན་ལས་བྱས་པ། ཙན་དན་དམར་པོའི་ཀ་བ་དུ་མས་སྤྲས་ཤིང་མུ་ཏིག་གི་དྲ་བས་གཡོགས་པ། ཁང་བུ་བརྩེགས་པ་དེའི་ནང་གི་གྲྭ་བཞིར་རིན་པོ་ཆེ་འོད་འབར་བ་བཞི་སྒྲོན་མེའི་བྱ་བ་བྱེད་པའི་ཆེད་དུ་བཀོད་པ། ཕྱོགས་བཞིར་དངུལ་ལས་བྱས་པའི་བདུག་སྤོས་ཀྱི་སྣོད་ རིན་པོ་ཆེ་སྣ་ཚོགས་པས་སྤྲས་པ་བཞིའི་ནང་ན་ཨ་ཀ་རུ་ནག་པོ་འབའ་ཞིག་གི་དུ་བ་རྒྱུན་མི་འཆད་དུ་འཐུལ་བ། དེའི་དབུས་ན་རིན་པོ་ཆེ་སྣ་བདུན་གྱི་སེང་གེའི་ཁྲི་ཆེན་པོ་བཞི་བཙུགས་པ། ལྷ་རྫས་ཀྱི་གོས་ཁ་དོག་རྣམ་པར་བཀྲ་བ་དུ་མས་མཛེས་པར་ཀླུབས་པའི་སྟེང་དུ། རིན་པོ་ཆེ་དུ་མའི་འཆིང་བ་རྣམ་པར་བཀྲ་བའི་རིན་པོ་ཆེའི་སྒྲོམ་ཆེན་པོ་བཞི་བཞག་པ་མཐོང་ངོ༌།། ཀ་བ་དུ་མས་ལེགས་དཀྲིགས་ཀ་གཞུ་ནོར་བུའི་ཕྲ་ཡིས་སྤྲས། །ཁ་ཁྱེར་ཁྱུང་བརྩེགས་ལེགས་བསྐོར་ཁ་བད་པུ་ཤུ་སྤ་ཞིང་མཐོ། །པ་ཏྲ་འཁྱིལ་བས་ཀུན་ནས་ལེགས་ བརྒྱན་པ་ལ་ཤ་ལྟར་ཡིད་འོང་བརྗིད། །བ་གམ་མང་པོས་ཀུན་ནས་ལེགས་སྤྲས་བ་མོའི་མདངས་ལྟར་ཆེས་དཀར་གསལ། །དེ་ཡི་བཀོད་པའི་ཡ་མཚན་ལ། །སྐྲག་པས་མིག་སྟོང་ལྡན་པའི་གྲོང༌། །ལྷ་ཡི་ལམ་ནས་རབ་འཕགས་ཏེ། །ལྷུན་པོའི་སྟེང་དུ་བྲོས་པ་ ལྟ། །དེ་ལྟར་ཁང་པ་བརྩེགས་པ་དེ་ལ་ལྷའི་དབང་པོ་བརྒྱ་བྱིན་ཡང་ལྷའི་བུ་སྟོང་ཕྲག་དུ་མ་དང་བཅས་ཏེ་ལྷ་རྫས་ཀྱི་མེ་ཏོག་མནྡ་ར་བ་ཆེན་པོ་དང༌། ལྷའི་ཙན་དན་གྱི་ཕྱེ་མ་དང༌། གསེར་དང་དངུལ་གྱི་མེ་ཏོག་འཐོར། ལྷ་རྫས་ཀྱི་སིལ་སྙན་དུ་མའི་སྒྲ་ 2-3-112a ཡིད་དུ་འོང་བ་བརྡུང་ཞིང་ཁང་པ་བརྩེགས་པ་དེ་ལ་བཀུར་སྟི་ཆེན་པོ་སྒྲུབ་པ་མཐོང་ངོ༌། །དེ་མཐོང་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །གང་གི་ལྷ་བརྒྱའི་ཡན་ལག་མཆོག་དང་ ལག་པའི་པདྨ་མཛེས་བྱེད་པའི། །རྣ་རྒྱན་མཆོག་དང་གདུབ་སྐོར་འཁྲོལ་བའང་མྱུར་དུས་ལ་ལྟུང་བྱེད་ཅིང༌། །རོལ་མོའི་སྒྲ་དང་མེ་ཏོག་འཐོར་ལ་ཁྱེད་ཀྱང་མངོན་པར་བརྩོན་བྱེད་ན། །ཁང་བཟང་ཡིད་འོང་མཛེས་པ་མཆོག་འདིར་ཚངས་པའི་དབང་པོ་བཞུགས་སམ་ཅི། །བརྒྱ་བྱིན་གྱིས་ སྨྲས་པ། གང་གིས་ཚངས་དབང་མཆོག་གི་ཡང༌། །ཅོད་པན་ས་ལ་ལྟུང་བྱེད་པ། །སྲིད་པ་གསུམ་གྱི་མཆོད་པའི་གནས། །རྒྱལ་བ་ཀུན་གྱི་ཡུམ་བཞུགས་སོ། །སྐུ་གསུམ་དཀྱིལ་འཁོར་རབ་རྒྱས་པ། །དུག་གསུམ་མུན་པའི་ཚོགས་འཇོམས་ཤིང༌། །ཐེག་གསུམ་པདྨོའི་ཚལ་ སྐྱོང་བ། །མཁྱེན་གསུམ་ཉིན་མོའི་དབང་ཕྱུག་བཞུགས། །བདེན་བཞི་རྟོགས་པའི་འོད་དཀར་ཅན། །སྐུ་བཞི་རྒྱ་མཚོ་འཕེལ་བྱེད་ཅིང༌། །གླིང་བཞི་འགྲོ་བའི་གདུང་སེལ་བ། །སྦྱོར་བཞི་རྒྱུ་སྐར་རྒྱལ་པོའང་བཞུགས། །འགྲོ་བའི་སྐྱབས་གཅིག་དོན་དམ་སྐུ། །ཀུན་མཁྱེན་ཉག་ གཅིག་ཁོ་ནའི་ཡུམ། །ཆོས་སྐུ་རོ་གཅིག་སྤྲོས་བྲལ་དབྱིངས། །རྒྱལ་བའི་ཡུམ་གཅིག་ཆོས་སྐུ་བཞུགས། །སྤྲོས་བྲལ་དབུ་མའི་མཁའ་ལ་ལེགས་གནས་ཤིང༌། །མཐའ་བརྒྱད་མུན་པའི་དམག་དཔུང་ཉམས་བྱེད་པ། །རྒྱལ་ཡུམ་ཉིན་མོའི་དཔལ་འདི་མཐོང་བའི་ཚེ། ། པདྨོའི་གཉེན་འདིའང་སྐྲག་ནས་བྲོས་པ་འདྲ། །སྟོང་ཉིད་སྤྲོས་དང་བྲལ་བའི་དབྱིངས་འདི་ཡིས། །ལྷ་ཡི་ལམ་གྱིས་ཁྱབ་པའི་གོ་ཕྲོགས་ཤིང༌། །ཀུན་ལ་རང་ཉིད་རྗེས་སུ་ཞུགས་པ་ན། །མཁའ་འདིའང་བསྐྲད་པས་མིག་ལམ་མི་སྣང་གྱུར། །རིགས་ཀྱི་བུ་འདིའི་ནང་ན་དེ་ 2-3-112b བཞིན་གཤེགས་པ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པར་བྱེད་པའི་གླེགས་བམ་བཞུགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཀོའུ་ཤི་ཀ་ དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་བདག་ལ་སྟོན་ཅིག །བརྒྱ་བྱིན་གྱིས་སྨྲས་པ། རིགས་ཀྱི་བུ་ཟབ་མོའི་གནས་དེ་ནི་སྨྲ་བ་དང་བསམ་པའི་ཡུལ་ཐམས་ཅད་ལས་འདས་ཤིང་སྤྲོས་པའི་མཚན་མ་ ཐམས་ཅད་ཉེ་བར་ཞི་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང་སྨོན་པ་མེད་པའི་རྒྱས་བཏབ་པ་མཚན་མའི་བློ་ཐམས་ཅད་དང་མ་བྲལ་བ་རྣམས་ཀྱིས་བལྟ་བ་དང་བརྟག་པའི་གནས་མ་ཡིན་པ། ཐམས་ཅད་མཁྱེན་པ་ཁོ་ནའི་ སྤྱོད་ཡུལ་དུ་གྱུར་པ་ངེད་ཀྱིས་ཁྱོད་ལ་མིང་ཙམ་ཡང་སྟོན་པར་ནུས་རེ་སྐན། རྟག་ཏུ་ངུས་སྨྲས་པ། དེ་ལྟ་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་བདག་ལ་སྟོན་ཅིག །བརྒྱ་བྱིན་གྱིས་སྨྲས་པ། རིགས་ཀྱི་བུ་དེ་ཡང་གསེར་གྱི་གླེགས་བམ་ལ་བཻ་ཌཱུརྱ་བཞུ་ བས་བྲིས་པ་རྙད་པར་དཀའ་ཞིང་དོན་ཆེ་བ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱིས་སྐ་རགས་བདུན་བདུན་གྱིས་ཤིན་ཏུ་དམ་པར་བཅིངས་ནས་མདུད་པའི་གནས་བདུན་ལ་རང་མིང་གི་རྒྱ་རིམ་པ་བདུན་གྱིས་བཏབ་ནས་བཞག་པས། ངེད་ཀྱིས་ ཁྱོད་ལ་ཤིན་ཏུ་བསྟན་པར་དཀའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་དང༌། ཚོང་དཔོན་གྱི་བུ་མོ་ལ་སོགས་པ་བུ་མོ་ལྔ་བརྒྱ་པོ་དེ་དག་ཐམས་ཅད་ཀྱིས་མེ་ཏོག་གི་ཕྲེང་བའི་ཚུན་པོ་དང༌། གོས་རིན་པོ་ཆེ་དང་མུ་ཏིག་གི་དོ་ཤལ་དང༌། མེ་ 2-3-113a ཏོག་དང་བདུག་པ་དང་ཕྱེ་མ་དང་གདུགས་དང༌། རྒྱལ་མཚན་དང་བ་དན་དང་ཙན་དན་གྱི་ཕྱེ་མ་དང༌། གསེར་དང་དངུལ་གྱི་མེ་ཏོག་ཁང་པ་བརྩེགས་པ་དེ་ལ་གཏོར་ཞིང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ ལ་མཆོད་པར་བྱ་བའི་ཕྱིར་ཆ་ཤས་ཀྱིས་ཀྱང་བཞག་གོ། མ་ལུས་སྲས་བཅས་རྒྱལ་བའི་ཡུམ། །མི་གནས་མྱང་འདས་སྟོན་ཏེ་ལ། །མུ་ཏིག་དོ་ཤལ་རྒྱན་རྣམས་དང༌། །མེ་ཏོག་སིལ་མས་མངོན་པར་གཏོར། །དེ་ནས་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་རྟག་ཏུ་ངུ་འཁོར་དང་བཅས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ག་ལ་བ་དེར་ཕྱིན་ནས། ཆོས་ལ་མཆོད་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་མེ་ ཏོག་དང༌། བདུག་པ་དང་སྤོས་དང་ཕྲེང་བ་དང་བྱུག་པ་དང་ཕྱེ་མ་དང༌། ཆོས་གོས་དང་གདུགས་དང་རྒྱལ་མཚན་དང༌། བ་དན་དང་ཙན་དན་གྱི་ཕྱེ་མ་དང༌། གསེར་དང་དངུལ་གྱི་ཕྱེ་མ་དང༌། མེ་ཏོག་དག་གིས་ནམ་མཁའ་ལ་གཏོར་རོ། །དེ་ནས་མེ་ ཏོག་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱི་སྤྱི་བོའི་སྟེང་ན་མེ་ཏོག་གི་ཁང་བུ་བརྩེགས་པ་ཞིག་ཏུ་གྱུར་ཏོ། །གསེར་དང་དངུལ་གྱི་མེ་ཏོག་དག་ཀྱང་ནམ་མཁའ་ལ་གཞལ་མེད་ཁང་འདྲ་བར་འདུག་པར་གྱུར་ཏོ། །ཆོས་ གོས་དང་གོམ་རིན་པོ་ཆེ་དེ་དག་ཀྱང་རིན་པོ་ཆེ་སྣ་ཚོགས་ཀྱི་སྤྲིན་གྱི་དཀྱིལ་འཁོར་འདྲ་བར་འདུག་པར་གྱུར་ཏོ། །འདི་ཡིས་ཆོས་འཕགས་བསྙེན་བཀུར་ཕྱིར། །ཕངས་པ་མེད་པར་གཏོར་བ་རྣམས། །མཁའ་ཡིས་རང་ལ་བྱིན་སྙམ་ནས། །ལག་ 2-3-113b པས་དམ་དུ་བཟུང་བ་འདྲ། །གཞན་གྱི་འབྱོར་པ་དུ་མ་རྣམས། །མ་བྱིན་པར་ཡང་བདག་གིར་བྱེད། །རྫས་ལ་སྲེད་པའི་བརྣབ་སེམས་ཅན། །ཁྱོད་ལས་ཁྲེལ་བ་གཞན་སུ་ཞིག །ཡང་ན་མཆོད་རྫས་མཆོག་འདི་མཐོང་བའི་ཚེ། །ཤིན་ཏུ་ཡ་མཚན་ལྡན་པའི་ བློ་སྐྱེས་ནས། །འདི་ལ་ས་ཡིས་གོས་ན་མི་རུང་ཞེས། །མཁའ་ཡིས་བར་སྣང་དབྱིངས་འདིར་བཀོད་པ་བཞིན། །དེ་མཐོང་ནས་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་དང༌། ཚོང་དཔོན་གྱི་བུ་མོ་ལ་སོགས་པ་བུ་མོ་ལྔ་བརྒྱ་པོ་དེ་དག་གིས་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱི་རྫུ་འཕྲུལ་གྱི་རྣམ་འཕྲུལ་དེ་དག་མཐོང་ནས་འདི་སྙམ་དུ་སེམས་སོ། །ཀྱེ་མ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་འདི་ལྟར་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡང་འདི་ལྟ་བུའི་ཆོ་འཕྲུལ་ དང༌། རྣམ་པར་འཕྲུལ་པ་མངའ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་ན། འདི་ལས་ཀྱང་ཆེས་ཁྱད་དུ་འཕགས་པའི་རྣམ་པར་འཕྲུལ་པ་ཅི་འདྲ་བ་དག་འབྱུང་སྙམ་དུ་ངོ་མཚར་སྐྱེས་ནས་རབ་ཏུ་ དགའ་བའི་རླུང་གི་ཤུགས་དྲག་པོས་བསྐྱོད་པའི་སྨོན་ལམ་གྱི་རླབས་ཆེན་པོ་བླ་ན་མེད་པའི་བྱང་ཆུབ་ཀྱི་ཕྱོགས་སུ་གཞོལ་བ་ལྡོག་ཏུ་མེད་པས་འདི་སྐད་ཅེས་སྨྲས་སོ། །དགེ་བའི་རྩ་བ་འདིས་བདག་ཅག་རྣམས་མ་འོངས་པའི་དུས་ན་སྟོབས་དང་མི་ འཇིགས་པ་དང༌། མ་འདྲེས་པའི་ཡོན་ཏན་གྱི་གཏེར་ཆེན་པོ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་ཐམས་ཅད་ཀྱི་སྟོན་པར་གྱུར་ཅིག །བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ 2-3-114a ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཇི་ལྟ་བ་དེ་ལྟར་བདག་ཅག་རྣམས་ཀྱང་ཆོས་ཟབ་མོ་སྟོན་པ་ལ་སྤོབས་པ་འཇུག་ཅིང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་འདི་ལྟ་བུའི་བཀུར་སྟི་བྱེད་པར་གྱུར་ཅིག ། ཅེས་སྨྲས་ནས་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་བཀུར་སྟི་བྱས་ཏེ་ལོགས་ཤིག་ཏུ་འཁོད་དོ། །གང་གིས་རྒྱལ་བའི་སྲས་པོ་ཡིས། །བྱང་ཆུབ་སྤྱོད་པ་ཟབ་མོའི་ཚུལ། ། སྔོན་མེད་རྣམ་འཕྲུལ་འདི་མཐོང་ཚེ། །དེ་དག་དགའ་བ་རྒྱས་པར་གྱུར། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་དང༌། ཚོང་དཔོན་གྱི་བུ་མོ་ལ་སོགས་པ་བུ་མོ་ལྔ་བརྒྱ་པོ་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་ཡང་མཆོད་པ་དང་བཀུར་སྟི་བྱས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱི་ཞབས་ལ་མགོ་བོས་གཏུགས་པའི་ཕྱག་འཚལ་ཞིང༌། ཐལ་མོ་སྦྱར་ཏེ་ཕྱོགས་གཅིག་ཏུ་ འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་སྔར་ཇི་ལྟར་གྱུར་པ་རྣམས་བསྙད་ཅིང་ཁྱད་པར་དུ་དོན་འདི་དྲིས་སོ། །འཕགས་པ་བདག་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ཚོལ་བ་ལ་ཞུགས་པའི་ཚེ་དབེན་པའི་ཕྱོགས་ཤིག་ཏུ་ཏིང་ངེ་འཛིན་གྱི་སྒོ་དུ་མ་མངོན་དུ་གྱུར་པ་ན་བདག་གིས་དེ་བཞིན་གཤེགས་པའི་སྐུ་བགྲང་བ་ལས་འདས་པ་མཐོང་ཞིང༌། དེ་དག་གིས་བདག་དབུགས་དབྱུང་བ་མཛད་ 2-3-114b དེ། ལེགས་པར་བསྟན་ནས་མི་སྣང་བར་གྱུར་ཏོ། །དེ་ནས་བདག་ཏིང་ངེ་འཛིན་དེ་ལས་ལངས་ནས་འདི་སྙམ་དུ་ཀྱེ་མ་བདག་གིས་དེ་བཞིན་གཤེགས་པ་རྣམས་ལ་གང་ནས་བྱོན་པ་དང༌། གང་དུ་བཞུད་པ་མ་དྲིས་སོ་སྙམ་དུ་ཡིད་ཁོང་དུ་ཆུད་པར་གྱུར་ ཏོ། །དེ་ནས་ཡང་བདག་འདི་སྙམ་དུ་དོན་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་དྲི་བ་གོར་མ་ཆག་སྙམ་ན། འཕགས་པ་བདག་ལ་དེ་བཞིན་གཤེགས་པ་དེ་དག་གང་ནས་བྱོན་པ་དང་བཞུད་པའི་དོན་བཤད་དུ་ གསོལ། །དེ་སྐད་ཅེས་སྨྲས་པ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་འདི་སྙམ་དུ་སེམས་ཏེ་སྐྱེས་བུ་མཁས་པ་རྣམས་ནི་དཔེའི་སྒོ་ནས་དོན་ཟབ་མོ་བདེ་བླག་ཏུ་རྟོགས་པར་འགྱུར་བས། བདག་གིས་དཔེ་དུ་མའི་ སྒོ་ནས་དོན་དེ་བསྙད་པར་བྱའོ་སྙམ་ནས། ཐོག་མར་སྨིག་རྒྱུའི་དཔེས་དེ་བཞིན་གཤེགས་པ་དེ་དག་བྱོན་པ་དང་བཞུད་པ་མེད་པར་བསྟན་པར་བཞེད་ནས། ཤིན་ཏུ་གསལ་བའི་བཞིན་འཛུམ་མུལ་ཏེ་འདི་སྐད་ཅེས་སྨྲས་སོ། །ཉལ་འགྲོའི་རྒྱུན་ རྣམས་སྒྲོག་གི་རྒྱ་ལས་གྲོལ། །ལྗོན་ཤིང་ལོ་འདབ་གསར་པའི་གོས་ལྗང་བགོས། །བཀྲ་བའི་མེ་ཏོག་དུ་མའི་རྒྱན་གྱིས་སྤུད། །ཁུ་བྱུག་མྱོས་པའི་ཅ་ཅོ་སྒྲོགས་པ་ན། །མཁའ་ཡང་ཆུ་འཛིན་གོས་ཀྱིས་དོར། །པདྨོའི་གཉེན་ཡང་གུང་ལ་ བབ། །དེ་ཚེ་གཡོ་བའི་སྨིག་རྒྱུ་བ། །མཐོང་བའི་མི་མཁས་སྐྱེས་བུ་འགས། །གང་ལ་ཞེན་པས་བདག་ཉིད་ངལ་བའི་རྒྱུ། །ཀུན་རྟོག་ཡིད་ཀྱིས་མེད་པའི་ཆུར་བཏགས་པ། །དེ་ནི་དང་པོར་འཇུག་ངོགས་གང་ནས་འོངས། །མཐར་ཡང་ས་ཕྱོགས་ 2-3-115a གང་དུ་གཞོལ་བར་འགྱུར། །དེ་ཕྱིར་འགྲོ་དང་འོང་བའི་ཚུལ་བརྟགས་ན། །ཤེས་ལྡན་སུ་ཡིས་དེ་ཡི་འགྲོ་འོང་རྙེད། །ཡང་རྟོགས་པར་དཀའ་བའི་དོན་ཟབ་མོ་དེ་ཉིད་སྒྱུ་མའི་དཔེས་ཀྱང་སྟོན་པར་བཞེད་ནས། བདག་ཉིད་ཆེན་པོ་དེས་ སྐད་ཀྱི་གདངས་གསལ་བར་འདི་སྐད་ཅེས་སྨྲས་སོ། །གང་ཡང་འདི་ན་སྒྱུ་མ་མཁས་པ་འགས། །རལ་པ་གྱེན་དུ་བསྒྲེང་ཞིང་མིག་རྩ་དམར། །འཁྱུག་ཅིང་དམར་བའི་གློག་ལྟར་ལྕེ་གཡོ་ཞིང༌། །རྔམ་པའི་ཤུགས་འབྱིན་རྣོ་བའི་མཚོན་བཟུང་བའི། །འཇིགས་ རུང་གཤིན་རྗེའི་སྐྱེས་བུ་མང་སྤྲུལ་ནས། །དེ་ཡིས་སྐྱེ་བོ་འགའ་ཡི་ལྟོ་དྲལ་ཏེ། །སྒྱུ་མའི་ཞགས་པས་རང་གི་མགུལ་ལ་བརྒྱན། །ལུས་ནི་ཁྲག་གིས་ཀུན་ནས་གོས་པར་བྱས། །ལག་པས་མགོ་བོ་བཟུང་ནས་ཀླད་པ་ལྡག །འདི་དག་མཐོང་ཚེ་བྱིས་པ་ རྨོངས་པ་འགའ། །མཆི་མས་གདོང་གཡོགས་བྱིན་པ་སྒྲོག་ཏུ་བཅུག །སྙིང་ཡང་ལྐོག་མར་སླེབ་པ་ལྟར་གྱུར་ནས། །སྔར་བའི་འཇིགས་སྐྲག་སྐྱེས་ནས་འབྲོས་མོད་ཀྱང༌། །དེ་ཡི་ངང་ཚུལ་རིག་པའི་མཁས་པ་དག །འདི་ལ་འཇིགས་པ་སྐྱེ་བ་ག་ལ་ ཞིག །འཇིགས་པའི་གནས་དེ་ཉིད་ཀྱང་དམིགས་པ་མེད། དེ་ནས་གནས་ཟབ་མོའི་འདི་རྨི་ལམ་གྱི་དཔེས་ཀྱང་བསྙད་པར་འདོད་ནས་སྨྲ་བའི་ཁྱུ་མཆོག་དེས་ཡང་འདི་སྐད་ཅེས་སྨྲས་སོ། །དབང་པོའི་གྲོང་ཁྱེར་ཡུལ་ལྔ་གསལ་བའི་ཉིན་བྱེད་ནུབ། །མིག་གི་ ཟེ་འབྲུ་ཆུ་སྐྱེས་འདབ་མའི་པགས་པས་བཀབ། །ཡིད་ཀྱི་སྐྱེས་བུ་ཡུལ་ལ་རྒྱུ་བའི་གོ་སྐབས་བཅོམ། །ཡིད་ཀྱི་ས་འཛིན་གཉིད་ཀྱི་མུན་པས་ནོན་པ་འགས། །ངོ་མཚར་རྒྱལ་བའི་ཚོགས་མཐོང་ནས། །སད་ཚེ་དེ་དག་མི་སྣང་འགྱུར། །འོན་ཀྱང་རྨི་ལམ་ 2-3-115b རྒྱལ་བ་རྣམས། །ངོ་བོ་ཉིད་ཀྱིས་རབ་ཞི་ན། །དེ་ཡི་ཁྱད་པར་སྐྱེ་དང་འགག །སུ་ཞིག་གིས་ནི་དམིགས་པར་འགྱུར། །དེ་ལྟ་བས་ན་རིགས་ཀྱི་བུ་དཔེ་དེ་བཞིན་དུ་དེ་བཞིན་གཤེགས་པ་དེ་དག་བྱོན་པ་དང་བཞུད་པ་མེད་པར་ཁོང་དུ་ཆུད་པར་བྱའོ། །དེ་ལྟར་སྒྱུ་ མའི་སྐྱེས་བུ་གཤིན་རྗེས་སྨིག་རྒྱུའི་ཆུ། །རྨི་ལམ་རྒྱལ་བ་ཇི་འདྲ་དེ་འདྲ་བར། །ཆོས་ཀུན་རྟེན་དང་བྲལ་བར་རྟོགས་པ་དེས། །ཐུབ་རྣམས་བྱོན་དང་བཞུད་པར་མི་འཛིན་ནོ། །བདེ་བར་གཤེགས་པ་ཇི་ལྟར་བཟུང་བས་སྟོང༌། །སྟོང་ཉིད་ཡིན་ཕྱིར་སྐྱེ་དང་ འགག་པ་མེད། །མེད་པ་སྣང་བ་འཁྲུལ་པའི་འཛིན་སྟངས་སུ། །སུ་ཡིས་རྟོགས་པ་དེ་ཡི་དམིགས་པ་ཞི། །དེ་ལྟར་དེ་བཞིན་གཤེགས་པ་དེ་དག་གདོད་མ་ནས་སྐྱེ་བ་དང་འགག་པས་དབེན་ཡང༌། བློ་གྲོས་ཀྱི་མིག་མ་རིག་པའི་ལིང་ཏོག་གིས་ལྡོངས་ཤིང༌། སྟོང་པ་ཉིད་རྟོགས་པའི་མིག་སྨན་དང་བྲལ་བའི་མངོན་ཞེན་ཅན་གྱི་ངོར། སྐྱེ་བ་དང་འགག་པར་སྣང་བའི་ཚུལ་པི་ཝང་གི་སྒྲ་ཡི་དཔེས་བསྙད་པའི་ཕྱིར་འདི་སྐད་ཅེས་སྨྲས་སོ། །རིན་ཆེན་དུ་མའི་ཕྲ་ཡིས་མཛེས་པ་ཡི། །ཡིད་འོང་བཻ་ཌཱུར་ལས་གྲུབ་ཁོག་པ་ ནི། །ཁ་དོག་བཀྲ་བའི་རྒྱུད་ཀྱིས་སྤྲས་པ་ལ། །ཆགས་པའི་མིག་གིས་ཀུན་ཏུ་ལྟ་བྱེད་ཅིང༌། །གདུ་བུ་འཁྲོལ་བའི་ལག་པས་གཞུ་བཟུང་བའི། །དྲི་ཟའི་ན་ཆུང་རྣམས་ཀྱིས་སྦྲེངས་བ་ན། །སྲེད་ལྡན་རྣམས་ལ་ཡིད་ཀྱི་དགའ་སྐྱེད་པའི། །པི་ཝང་སྒྲ་ དབྱངས་སྙན་པ་འབྱུང་མོད་ཀྱང༌། །མཁས་པས་ཁོག་པ་རྒྱུད་དང་ལག་པ་གཞུ། །འདི་དག་གང་ལས་འོངས་ཞེས་བརྟགས་པ་ན། །རེ་རེ་ལས་མིན་ཚོགས་ལའང་མ་ཡིན་ཏེ། །སྒྲ་འདི་གང་ལའང་མི་གནས་ངོ་བོས་སྟོང༌། །འདི་ཡི་རྒྱུ་ཡང་དེ་ལྟར་ 2-3-116a བཙལ་བ་ན། །དེ་ཡང་མིང་ཙམ་བརྡ་ཙམ་བཏགས་པ་ཙམ། །ནམ་ཡང་སྨིག་རྒྱུའི་རྫིང་གི་ཆུ། །ནམ་མཁའི་པདྨོའི་རྒྱུ་མིན་ལྟར། །རྫུན་པའི་རྒྱུ་ཡིས་བདེན་པ་ཡི། །འབྲས་བུ་འགའ་ཡང་སྐྱེད་རེ་སྐན། །འོན་ཀྱང་དམིགས་པ་ཅན་གྱི་ ངོར། །བཏགས་པའི་རྐྱེན་རྣམས་ཡོད་པ་དང༌། །མེད་པ་ཉིད་དུ་སྣང་བ་ན། །པི་ཝང་སྒྲ་ཡང་སྐྱེ་དང་འགག །དེ་ལྟར་རྒྱལ་བ་དག་གི་སྐུ་རྣམས་ཀྱང༌། །རྟེན་འབྲེལ་རྐྱེན་རྣམས་ཉེ་བར་གནས་པ་ན། །སྐྱེ་བར་སྣང་ཞིང་དེ་དག་མེད་པའི་ཚེ། །འགག་པ་ལྟ་བུར་དམིགས་ པ་ཅན་ལ་སྣང༌། །ལྗོན་ཤིང་རྒྱས་པའི་རྩ་བ་ཆད་པ་ན། །ཡལ་ག་ལོ་མ་འཕེལ་བའི་གནས་མེད་ལྟར། །གང་གིས་དེ་བཞིན་གཤེགས་པ་མ་དམིགས་པ། །དེ་ཡིས་སྤྲོས་ཀུན་ཆོས་ཀྱི་དབྱིངས་སུ་ཞི། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ འཕགས་ཀྱིས་ཆོས་ཐམས་ཅད་འགྲོ་བ་དང་འོང་བ་བྲལ་བའི་དོན་འདི་བསྟན་པའི་ཚེ། ས་ཆེན་པོ་འདི་ཡང་རྣམ་པ་དྲུག་ཏུ་གཡོས། བདུད་ཀྱི་གནས་ཐམས་ཅད་སྐྲག་ཅིང་སྤ་བཀོང་བར་གྱུར་ཏོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་རྩྭ་ དང་ཤིང་གེལ་པ་དང་ནགས་ཚལ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་མགོ་རབ་ཏུ་བཏུད་དེ་སྟེང་གི་བར་སྣང་ལ་དུས་མ་ཡིན་པའི་མེ་ཏོག་གི་ཆར་བབ་པར་གྱུར་ཏོ། །གང་གི་ལེགས་བཤད་ འཆི་མེད་རྔ་ཡི་སྒྲས། །བདག་ཏུ་ལྟ་བ་སྟོབས་ལྡན་སྤ་བཀོང་ནས། མཐའ་ཡས་སྐྱེ་དགུ་ལྷུན་པོར་གནས་པའི་ཚོགས། །སྲིད་པ་ལྷ་མིན་འཇིགས་ལས་བསྒྲལ་བའི་ཚེ། །ལུས་ཅན་འདི་དག་སྲིད་འདིར་མི་གནས་ན། །བདག་ཉིད་གཅིག་པུ་སྐྱོ་བར་ 2-3-116b གྱུར་མཐོང་ནས། །རྒྱ་མཚོའི་གོས་ཅན་འདི་ཡང་ལུས་བསྐྱོད་དེ། །ཕོ་ཉར་མངགས་པའི་རྩྭ་དང་ནགས་ཚལ་རྣམས། །ཆོས་འཕགས་འགྲོ་བ་སྒྲོལ་བའི་དེད་དཔོན་ལ། །མགོ་བོ་བཏུད་ནས་གསོལ་བ་འདེབས་པ་ལྟ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་དང་འཇིག་ རྟེན་སྐྱོང་བ་བཞིས་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་ལ་ལྷའི་ཙན་དན་གྱི་ཕྱེ་མ་དང༌། ལྷའི་མེ་ཏོག་གིས་གཏོར་ནས་འདི་སྐད་ཅེས། རིགས་ཀྱི་བུ་ཁྱོད་ཀྱི་དྲིན་གྱིས་དེང་བདག་ཅག་གིས་ཀྱང་དོན་དམ་པའི་གཏམ་འཇིག་རྟེན་ཐམས་ཅད་དང་མི་མཐུན་པ་འཇིག་ ཚོགས་ལ་ལྟ་བར་ལྟུང་བ་ཐམས་ཅད་ཀྱིས་མ་བསྟན་པ་ཐོས་སོ་ཞེས་འཛེར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་ས་གཡོ་བའི་རྒྱུ་དང་རྐྱེན་དྲིས་པ་དང༌། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཆོས་འཕགས་ཀྱིས་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་འདི་ནི་ཁྱོད་ཀྱིས་དེ་བཞིན་གཤེགས་པ་རྣམས་བྱོན་པ་དང་བཞུད་པ་མེད་པའི་དོན་དྲིས་ཏེ་བཤད་པ་ན། སྲོག་ཆགས་བརྒྱ་སྟོང་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ། སྲོག་ཆགས་ ཁྲག་ཁྲིག་བརྒྱ་སྟོང་གིས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད། སྲོག་ཆགས་དྲུག་ཁྲི་བཞི་སྟོང་གིས་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་ཐོབ་པའི་མཐུ་ཡིན་ནོ། །དེ་སྐད་ཅེས་སྨྲས་པ་ཐོས་པ་ན། བྱང་ཆུབ་སེམས་དཔའ་རྟག་ཏུ་ ངུ་འདི་སྙམ་དུ་བདག་གིས་དེ་བཞིན་གཤེགས་པ་རྣམས་བྱོན་པ་དང་བཞུད་པ་མེད་པའི་དོན་དྲིས་པས་སེམས་ཅན་འདི་སྙེད་ཅིག་གི་དོན་བྱས་པ་ནི་བདག་གིས་རྙེད་པ་ལེགས་པར་རྙེད་དོ། །བདག་གི་དགེ་བའི་རྩ་བ་འདིས་ད་ནི་བདག་བླ་ན་མེད་པའི་བྱང་ཆུབ་ 2-3-117a ཏུ་གདོན་མི་ཟ་བར་འཚང་རྒྱ་བར་འགྱུར་རོ་སྙམ་ནས་དགའ་བ་དང་བདེ་བས་ཤིན་ཏུ་རངས་པར་གྱུར་ཏོ། །སྲིད་པའི་འདམ་དུ་བྱིང་བའི་སེམས་ཅན་ཚོགས། །གྲངས་མེད་སྲིད་ལས་རྒལ་བར་མཐོང་བའི་ཚེ། །རྒྱལ་སྲས་མཆོག་དེའི་ཡིད་ཀྱི་ བྱ་ལམ་དེར། །དགའ་བའི་དྲི་བཞོན་ཆེས་ཆེར་གཡོས་པར་གྱུར། །དེ་ནས་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་དགའ་བ་དང་ཡིད་བདེ་བ་དང་ལྡན་པས་ཤིང་ཏ་ལ་བདུན་སྲིད་དུ་ནམ་མཁའ་ལ་འཕགས་ཏེ་བདག་ནམ་མཁའ་ལ་འདུག་ནས། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་བཀུར་སྟི་བྱའོ་སྙམ་པ་དང༌། ལྷའི་དབང་པོ་བརྒྱ་བྱིན་གྱིས་དེའི་བསམ་པ་རྟོགས་ནས་ལྷའི་མེ་ཏོག་མན་ད་ར་བ་དུ་མ་བྱིན་ཏེ་འདི་སྐད་ཅེས། མེ་ཏོག་འདིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ འཕགས་ལ་བཀུར་སྟི་གྱིས་ཤིག །རིགས་ཀྱི་བུ་ཁྱོད་ཀྱི་མཐུས་སྲོག་ཆགས་བརྒྱ་སྟོང་མང་པོའི་དོན་བྱས་ཏེ། རིགས་ཀྱི་བུ་ཇི་ལྟར་ཁྱོད་གཞན་དོན་ལ་སྤྲོ་བར་བྱེད་པ་འདི་ལྟ་བུས་སེམས་ཅན་ཐམས་ཅད་ཀྱི་ཕྱིར་བསྐལ་པ་གྲངས་མེད་པ་སྤྲོ་བར་བྱེད་ པའི་སེམས་ཅན་དེ་དག་ནི་རྙེད་པར་དཀའོ་ཞེས་སྨྲས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས་ལྷའི་དབང་པོ་བརྒྱ་བྱིན་ལས་མེ་ཏོག་དེ་དག་བླངས་ཏེ། བྱང་ཆུབ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་གཏོར་རབ་ཏུ་གཏོར། མངོན་པར་རབ་ཏུ་གཏོར་རོ། །རྒྱལ་སྲས་སྤྱོད་པ་ལྷ་ཡི་ལམ་ནས་རྒྱུ། །གདུལ་བྱའི་གླིང་བཞི་ཀུན་ལ་སྙོམས་པ་ཅན། །ཤུགས་དྲག་བརྩོན་འགྲུས་རྟ་ལྗང་ལྗོན་པ་ཞིག །ཆུ་སྐྱེད་དུ་མའི་འོད་སྟོང་ཐོགས་ནས་སུ། །གདུལ་བྱ་གསེར་རིའི་དབུས་ན་ 2-3-117b ལྷམ་མེ་བ། །ཆོས་འཕགས་ལྷུན་པོའི་ངོས་ལ་འཐོར་བར་བྱེད། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་རང་གི་ལུས་ཀྱིས་མངོན་པར་བཀབ་ནས་འདི་སྐད་ཅེས་སྨྲས་ སོ། །འཕགས་པ་དེང་སླན་ཆད་ཁྱོད་ཀྱི་ཞམས་འབྲིང་བགྱི་བའི་སླད་དུ་བདག་གི་ལུས་ཁྱོད་ལ་འབུལ་ལོ་ཞེས་རང་གི་ལུས་ཕུལ་ནས་དེའི་མདུན་དུ་ཐལ་མོ་སྦྱར་ན་འདུག་གོ། དེ་ནས་ཚོང་དཔོན་གྱི་བུ་མོ་དང་བུ་མོ་ལྔ་བརྒྱ་པོ་དེ་དག་གིས་བྱང་ཆུབ་སེམས་དཔའ་རྟག་ ཏུ་ངུ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་བདག་ཅག་ཀྱང་ཁྱོད་ལ་ལུས་འབུལ་གྱི། དགེ་བའི་རྩ་བ་འདིས་ཁྱོད་དང་ལྷན་ཅིག་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་བཀུར་སྟི་བྱེད་ཅིང་ཆོས་ཟབ་མོ་འདི་ལྟ་བུ་ཐོས་པར་གྱུར་ཅིག །དེ་སྐད་ ཅེས་སྨྲས་པ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས་བུ་མོ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །བུ་མོ་ཁྱེད་ཅག་གིས་བདག་ལ་ལྷག་པའི་བསམ་པས་གནས་པར་བྱེད་ན་ལུས་བདག་ལ་བྱིན་ཅིག་དང༌། བདག་གིས་དགོས་པ་ཞིག་ གི་ཕྱིར་དུ་བླང་བར་བྱའོ། །བུ་མོ་དེ་དག་གིས་སྨྲས་པ། བདག་ཅག་བསམ་པ་ཐག་པ་ནས་ཁྱེད་ཀྱི་རྗེས་སུ་སློབ་ན་ཅིའི་ཕྱིར་མི་སྦྱིན། དེ་བས་ཇི་ལྟར་དགོས་པ་དག་མཛོད། །དེ་ནས་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས་བུ་མོ་དེ་དག་རྒྱན་ཐམས་ཅད་ཀྱིས་བརྒྱན་ ཏེ། བྱང་ཆུབ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་ཕུལ་ལོ། །ཟབ་མོ་ཟབ་པའི་མཐར་ཐུག་འདི་ཐོས་ཚེ། །རབ་དང་རབ་ཏུ་གཡོས་པའི་གཏོང་སེམས་ཀྱིས། །མཛེས་མ་མཛེས་མའི་ཤིང་རྟ་དེ་དག་དང༌། །བདག་ཉིད་བདག་ཏུ་བཟུང་བ་མེད་པར་བཏང༌། ། 2-3-118a དེ་ལྟ་བུའི་གཏོང་བ་ཆེན་པོ་ལ་ཞུགས་པ་དེ་མཐོང་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཆེད་དུ་བརྗོད་པ་དུ་མས་ཆེད་དུ་བརྗོད་ནས་འདི་སྐད་ཅེས་སྨྲས་སོ། །ལེགས་སོ་ལེགས་སོ་རིགས་ཀྱི་བུ་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་བདོག་པ་ཐམས་ཅད་ཡོངས་སུ་བཏང་ནས་བླ་ན་མེད་པའི་བྱང་ཆུབ་བསྒྲུབས་ཏེ། ཐབས་མཁས་པ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བཙལ་ལོ། །རིགས་ཀྱི་བུ་ཁྱོད་ཀྱིས་ ཀྱང་བདོག་པ་ཐམས་ཅད་ཡོངས་སུ་བཏང་བར་བྱའོ། །གཏོང་བ་འདི་ལྟ་བུས་ཆོས་སྨྲ་བ་ལ་མཆོད་པ་བྱས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པ་མཉན་པར་ནུས་ཤིང༌། མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་ འཚང་རྒྱ་བར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱིས་ཚོང་དཔོན་གྱི་བུ་མོ་ལ་སོགས་པ་བུ་མོ་ལྔ་བརྒྱ་པོ་དེ་དག་དང་ཤིང་རྟ་ལྔ་བརྒྱ་པོ་དེ་དག་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུའི་དགེ་བའི་རྩ་བ་ཡོངས་སུ་བསྐང་ བའི་ཕྱིར་བླངས་ཏེ་བླངས་ནས་རིགས་ཀྱི་བུ་རྟག་ཏུ་ངུ་ལ་བྱིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་སྟན་ལས་ལངས་ཏེ་བདག་གི་ཁྱིམ་དུ་ཞུགས་པ་དང༌། ཉི་མ་ནུབ་པར་གྱུར་ཏོ། །ཁྱིམ་དེ་ཉིད་ཀྱི་ནང་དུ་ལོ་བདུན་གྱི་བར་ དུ་ཏིང་ངེ་འཛིན་གཅིག་ལ་སྙོམས་པར་ཞུགས་པར་གྱུར་ཏོ། །ཆོས་འཕགས་སྨྲ་བའི་ཉི་མ་ཡིས། །འགྲོ་བློའི་པད་ཚལ་རྒྱས་བྱས་ནས། །བསམ་གཏན་ཁང་བཟང་ནུབ་རིའི་རྩེར། །སྤྲོས་པའི་སྣང་བ་ཞི་བར་གྱུར། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་ 2-3-118b དཔའ་ཆེན་པོ་རྟག་ཏུ་ངུ་བདག་ཆོས་ཀྱི་ཕྱིར་དུ་འོངས་ནས་འདུག་པ་དང་ཉལ་བ་ནི་ཚུལ་མ་ཡིན་ནོ་སྙམ་ནས་ལོ་བདུན་གྱི་བར་དུ་འདོད་པ་དང་གནོད་སེམས་དང་རྣམ་པར་འཚེ་བའི་རྟོག་པ་ཅུང་ཟད་ཙམ་ཡང་མེད་ཅིང་རོ་ལ་བརྐམ་པ་མ་སྐྱེས་ཏེ། གཞན་དུ་ན་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཏིང་ངེ་འཛིན་ལས་ལངས་ནས་བདག་ཅག་ལ་ཆོས་ནམ་སྟོན་སྙམ་པ་ཡིད་ལ་བྱེད་པ་འབའ་ཞིག་ལ་གནས་ཏེ། འགྲེང་བ་དང་འཆག་པའི་སྤྱོད་ལམ་གཉིས་ཀྱིས་དུས་འདའ་བར་བྱེད་དོ། །ཚོང་དཔོན་གྱི་བུ་མོ་ ལ་སོགས་པ་བུ་མོ་ལྔ་བརྒྱ་པོ་དེ་དག་ཀྱང་ཡིད་ལ་བྱེད་པ་དེ་ལྟ་བུ་དང་སྤྱོད་ལམ་དེ་ལྟ་བུ་དང་ལྡན་པར་གྱུར་ཏོ། །ན་ཆུང་རྒྱུ་དཀར་ཚོགས་ཀྱིས་ཀུན་ནས་བསྐོར། །བརྩོན་འགྲུས་འོད་དཀར་ལྷག་པར་གསལ་བ་ཅན། །གཉིད་ཀྱི་མུན་པ་དོར་བའི་ཟླ་བ་ཞིག །ཉིན་ དང་མཚན་དུ་སྡོད་པ་སྤངས་བར་གྱུར། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ད་སྟེ་ཞག་བདུན་ན་ཏིང་ངེ་འཛིན་དེ་ལས་ལངས་ཏེ་གྲོང་ཁྱེར་གྱི་དབུས་སུ་ཆོས་སྟོན་པར་འགྱུར་རོ། །ཞེས་བར་སྣང་ལ་ལྷས་བསྒྲགས་པའི་སྐད་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས་ཐོས་པ་དང༌། ཡིད་རབ་ཏུ་དགའ་བ་དང་མགུ་བས་ཁེངས་ནས་ཚོང་དཔོན་གྱི་བུ་མོ་ལ་སོགས་པ་བུ་མོ་ལོ་ལྔ་བརྒྱ་དང་བཅས་པས། ས་ཕྱོགས་དེ་བྱི་དོར་བྱས་ནས། རིན་པོ་ཆེ་ཐམས་ཅད་ཀྱིས་སྤྲས་ པའི་ཁྲི་བཤམས་པའི་སྟེང་དུ་བུ་མོ་དེ་དག་གིས་རང་གི་བླ་གོས་ཕུད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་བཞུགས་པའི་གདན་དུ་བཏིང་ངོ༌། །དེ་ནས་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས་ས་ཕྱོགས་དེར་ཆག་ཆག་བཏབ་ 2-3-119a པར་འདོད་ནས་ཕྱིན་པ་དང༌། བདུད་སྡིག་ཅན་གྱིས་དགེ་བའི་རྩ་བ་ནུབ་པར་འགྱུར་བ་དང༌། བཀོད་པ་དེ་ཡང་མི་མཛེས་པར་བྱ་བའི་ཕྱིར། ཆུ་ཐམས་ཅད་མི་སྣང་བར་བྱས་པས་ཀུན་ཏུ་ཆུ་བཙལ་ཡང་མ་རྙེད་དོ། །དེའི་ཚེ་བྱང་ཆུབ་ སེམས་དཔའ་རྟག་ཏུ་ངུ་འདི་སྙམ་དུ་ས་ཕྱོགས་འདི་ནི་རྡུལ་ཆེ་ཏེ། རྡུལ་འདི་དག་གིས་འཕགས་པ་ཆོས་འཕགས་ཀྱི་ལུས་ལ་ཕོག་ན་མི་རུང་ན། བདག་གི་ལུས་གདོན་མི་ཟ་བར་འཇིག་པ་འདིས་ཅི་ཞིག་བྱ། ལུས་འདི་ལན་གྲངས་དཔག་ཏུ་མེད་པར་ ཞིག་ཀྱང་དོན་མེད་པ་འབའ་ཞིག་ཏུ་སོང་ཞིང་འདི་ལྟ་བུའི་བྱ་བས་ནི་མ་ཡིན་ནོ། །དེའི་ཕྱིར་བདག་གི་ལུས་ཕུག་ལ་ཁྲག་གིས་ས་ཕྱོགས་འདིར་ཆག་ཆག་གདབ་བོ་སྙམ་མོ། །དེ་ལྟར་བསམས་ནས་མཚོན་རྣོན་པོས་རང་གི་ལུས་ཕུག་དྲལ་ཏེ་ཁྲག་གིས་ས་ ཕྱོགས་དེ་ཁོ་ར་ཡུག་ཏུ་ཆག་ཆག་བཏབ་པོ། །ཚོང་དཔོན་གྱི་བུ་མོ་ལ་སོགས་པ་བུ་མོ་ལྔ་བརྒྱ་པོ་དེ་དག་གིས་ཀྱང༌། །མཚོན་རྣོན་པོས་རང་རང་གི་ལུས་ལས་བྱུང་བའི་ཁྲག་གིས་ས་ཕྱོགས་དེར་ཆག་ཆག་བཏབ་བོ། །དེ་ལྟར་བྱས་ཀྱང་བྱང་ཆུབ་སེམས་ དཔའ་རྟག་ཏུ་ངུ་དང༌། བུ་མོ་དེ་དག་སེམས་གཞན་དུ་མི་འགྱུར་ཞིང༌། བདུད་སྡིག་ཅན་གྱིས་དགེ་བའི་ཕྱོགས་ཀྱི་བར་ཆད་བྱ་བའི་གླགས་མི་རྙེད་པར་གནས་སོ། །དེ་ལྟར་ཁྲག་གི་ཆག་ཆག་གིས། །ས་གཞི་ཀུན་ནས་བསྟར་བ་འདི། །ཐུན་མཚམས་ སྤྲིན་གྱི་འོད་དག་གིས། །ནམ་མཁའི་ངོས་འདི་ཁེབས་པ་བཞིན། །གང་གིས་འབད་པ་རྣམ་པ་དུ་མ་ཡིས། །དཔག་ཡས་བར་ཆད་རྩོམ་ལ་གཞོལ་གྱུར་ཀྱང༌། །ཡར་ངོའི་ཟླ་བ་འཕེལ་བ་ཇི་བཞིན་དུ། །འདི་ཡི་སྙིང་སྟོབས་ཆེས་ཆེར་འཕེལ་བའི་ཚེ། ། 2-3-119b བདུད་དཔུང་མ་ལུས་མྱ་ངན་གྱུར་ནས་སུ། །ཕྱོགས་འདིར་རང་རང་མགུལ་བ་བྲེགས་པ་བཞིན། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྙམ་དུ་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་འདི་ཅི་ཙམ་དུ་ཆོས་འདོད་པ་དང༌། ཅི་ཙམ་དུ་ཡི་དམ་ལ་བརྟན་པ་དང༌། ཅི་ ཙམ་དུ་གོ་ཆ་ཆེན་པོ་བགོས་པ་དང༌། ལུས་དང་སྲོག་དང་ལོངས་སྤྱོད་ལ་མི་ལྟ་བར་བླ་ན་མེད་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་དཔག་ཏུ་མེད་པ་ལས་ཐར་བར་བྱའོ་སྙམ་དུ་ལྷག་པའི་བསམ་ པས་ཞུགས་པ་ནི་ངོ་མཚར་ཏོ་སྙམ་དུ་བསམས་ནས་ཁྲག་དེ་དག་ཐམས་ཅད་ས་ཕྱོགས་དེའི་ཁོར་ཡུག་ཏུ་དཔག་ཚད་བརྒྱད་དྲི་ལྡང་བའི་ལྷའི་ཙནྡན་གྱི་ཆུར་བྱིན་གྱིས་བརླབས་སོ། །ཆོས་སྨྲ་བསྟེན་ཕྱིར་ཆོས་ལ་བརྩོན་ཚུལ་འདི། །མིག་སྟོང་ལྡན་པའི་ མིག་གིས་མཐོང་བའི་ཚེ། །ཁྲག་གི་ཆག་ཆག་མ་ལ་ཡ་ཡི་རིའི། །ཙནྡན་དྲི་ཡིས་ཀུན་ནས་ཁྱབ་པར་བྱས། །དེ་ལྟར་ལྷའི་དབང་པོ་བརྒྱ་བྱིན་གྱིས་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་ཀྱི་ལྷག་པའི་བསམ་པ་ འདི་ལྟ་བུ་དང༌། བརྩོན་པ་འདི་ལྟ་བུ་དང༌། ཆོས་འདོད་པ་འདི་ལྟ་བུས་སྔོན་གྱི་རྒྱལ་བ་རྣམས་ཀྱི་རྗེས་སུ་སློབ་པ་ནི་ལེགས་སོ་ལེགས་སོ་ཞེས་སྨྲས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་འདི་སྙམ་དུ། བདག་གིས་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཆོས་འཕགས་བཞུགས་པའི་ཁྲི་བཤམས་ཤིང་ས་ཕྱོགས་འདིར་ཆག་ཆག་ནི་བཏབ་ན། ས་ཕྱོགས་འདིར་དགྲམ་པར་བྱ་བ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་ཡང་མངོན་པར་གཏོར་བའི་མེ་ཏོག་དེ་ 2-3-120a དག་གང་ནས་རྙེད་པར་འགྱུར་སྙམ་པ་དང༌། ལྷའི་དབང་པོ་བརྒྱ་བྱིན་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ལ་མེ་ཏོག་མནྡ་ར་བ་ཁལ་སྟོང་བྱིན་ནས། རིགས་ཀྱི་བུ་མེ་ཏོག་འདི་དག་གིས་མངོན་པར་འདོད་པའི་ དོན་སྒྲུབས་ཤིག་ཅེས་སྨྲས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས། མེ་ཏོག་དེ་དག་ལས་ཁ་ཅིག་ནི་ས་ཕྱོགས་དེར་བཀྲམ། ཁ་ཅིག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ཆེན་པོ་ཆོས་འཕགས་ལ་གཏོར་བའི་ཕྱིར་ བཞག་གོ། །མནྡ་ར་བ་དུ་མས་མཛེས་པ་ཡི། །ཆོས་ཚུལ་ཟབ་མོ་སྒྲོག་པའི་མདུན་ས་དེ། །འོད་འབར་རྒྱུ་སྐར་དུ་མས་བཀྲ་བ་ཡི། །སྤྲིན་བྲལ་མཚན་མོའི་མཁའ་བཞིན་སྣང་བར་གྱུར། །དེ་ནས་ལོ་བདུན་འདས་པ་དང༌། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཆོས་འཕགས་ཏིང་ངེ་འཛིན་དེ་ལས་ལངས་ནས། འཁོར་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་ནས་བལྟས་ཏེ། རང་གི་སེང་གེའི་ཁྲི་ག་ལ་བ་དེར་བཞུགས་པ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ ཏུ་ངུས་མཐོང་བར་གྱུར་ཏོ། །དེ་མཐོང་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་དཔེར་ན་དགེ་སློང་བསམ་གཏན་དང་པོ་ཐོབ་པའི་དགའ་བ་དང་བདེ་བ་དེ་ལྟ་བུ་ཐོབ་ནས་དགའ་བས་ཡིད་རངས་པར་གྱུར་ཏོ། །དེ་ནས་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱིས་འཁོར་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པར་མཛད་པ་ནི་འདི་ལྟ་སྟེ། ཆོས་ཐམས་ཅད་མཉམ་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དོ། །ཆོས་ 2-3-120b ཐམས་ཅད་ཁེངས་པ་མེད་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁེངས་པ་མེད་པ་ཉིད་དོ། །ཆོས་ཐམས་ཅད་རོ་གཅིག་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རོ་གཅིག་པ་ཉིད་དོ། །ཆོས་ཐམས་ཅད་སྐྱེ་བ་དང་འགག་པ་མེད་པ་ཉིད་པས་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་དང་འགག་པ་མེད་པ་ཉིད་དོ། །ནམ་མཁའ་མུ་མེད་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པ་ཉིད་དོ། །ཞེས་པ་ལ་སོགས་པའི་ཚུལ་གྱིས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་སྟོང་པ་ཉིད་ཀྱི་དོན་ལེགས་པར་བཀའ་ སྩལ་ཏོ། །སྲིད་ཞིའི་ཆོས་ཀུན་གདོད་ནས་མཉམ་པ་ཉིད། །སྐྱེ་འགག་སྤྲོས་པ་མཐའ་དག་ཉེ་བར་ཞི། །མཚན་མའི་བློ་ཡིས་ཇི་ལྟར་གཟུང་བས་དབེན། །ནམ་མཁའི་རང་བཞིན་ཅི་འདྲ་མུ་མཐའ་བྲལ། །རྟེན་འབྲེལ་རྐྱེན་རྣམས་བློ་ཡིས་བཏགས་པ་ཙམ། ། བློ་དེ་ཉིད་ཀྱང་རང་གི་ངོ་བོས་སྟོང༌། །དེ་ལྟར་རྟེན་དང་བྲལ་བའི་རྟེན་འབྲེལ་གྱིས། །འཁོར་དང་མྱ་ངན་འདས་པ་རབ་ཏུ་འབྱེད། །ཇི་ཙམ་བློ་ཡིས་བཏགས་པའི་སྣང་བ་ལས། །གུད་དུ་གྱུར་པའི་ཆོས་འགའ་དམིགས་པ་མེད། །ཡོད་མེད་རྟག་ཆད་སྐྱེ་འགག་བླང་དོར་ སོགས། །ཇི་སྙེད་དམིགས་པ་འདི་ཡང་བློ་ཡི་ཆོས། །ཀུན་ནས་ཉོན་མོངས་རྣམ་པར་བྱང་བ་ཡང༌། །རང་བཞིན་ཉིད་ནས་རང་གི་ངོ་བོས་དབེན། །དེ་ཕྱིར་སྤང་བྱ་རྣམ་པར་ཟད་པ་དང༌། །གཉེན་པོ་རྣམ་པར་འཕེལ་བ་ཅི་ཞིག་དམིགས། །གང་གིས་གདོད་ནས་སྨིག་རྒྱུའི་ཆུ་ བཞིན་དུ། །ཆོས་རྣམས་རྡུལ་ཙམ་དམིགས་པ་མེད་ན་ཡང༌། །མངོན་པར་ཞེན་རྣམས་སྐྲག་པ་སྤང་བྱའི་ཕྱིར། །གཞན་ངོར་རྟེན་འབྲེལ་ཙམ་ཞིག་ཁས་ལེན་ལ། །དངོས་པོར་ཁས་ལེན་བྲལ་བ་དེ་དག་ལ། །རྟག་དང་ཆད་པའི་ཆོས་རྣམས་རྒྱང་རིང་སྟེ། །ཇི་ལྟར་མོ་ 2-3-121a གཤམ་བུ་ནི་མ་དམིགས་ན། །དེ་ཡི་སྐྱེ་འཆི་དམིགས་པར་མི་འགྱུར་བཞིན། །སྣང་བཞིན་མེད་ཕྱིར་སྣང་བས་སྟོང༌། །སྟོང་པ་སྣང་ཕྱིར་མེད་བཞིན་སྣང༌། །ལམ་ཟབ་ཆེས་དཀའ་རྟོགས་པས་མཁས། །མཁས་པས་རྟོགས་དཀའ་ཆེས་ ཟབ་ལམ། །མཁས་པས་རྟོགས་ཉིད་དེ་བཞིན་གནས། །གནས་བཞིན་དེ་ཉིད་རྟོགས་པས་མཁས། །རྨོངས་རྣམས་མཐོང་བ་ལོག་པས་འཁྲུལ། །འཁྲུལ་པས་ལོག་པ་མཐོང་རྣམས་རྨོངས། །འདི་ན་ཞེན་པས་ཞེན་ན་འདི། །འཁོར་བར་མྱུར་བ་མྱུར་བར་འཁོར། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས། ཆོས་ཟབ་མོ་དེ་དག་ཐོས་མ་ཐག་ཏུ་ས་ཕྱོགས་དེ་ཉིད་ལས་མ་གཡོས་བཞིན་དུ། ཆོས་ཐམས་ཅད་རང་བཞིན་མེད་པར་མཉམ་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སོགས་པའི་ཏིང་ངེ་འཛིན་ གྱི་སྒོ་བརྒྱ་སྟོང་ཕྲག་དྲུག་ཅུ་ཐོབ་པར་གྱུར་ཅིང༌། ཐོབ་མ་ཐག་ཏུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དགེ་སློང་གི་དགེ་འདུན་དང༌། བྱང་ཆུབ་སེམས་དཔའི་དགེ་འདུན་གྱིས་ བལྟས་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པ་བཞིན་དུ་མངོན་སུམ་དུ་མཐོང་བར་གྱུར་ཏོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་དེ་མང་དུ་ཐོས་པ་རྒྱ་མཚོ་ལྟ་བུ་དང་ནི་ལྡན་པར་གྱུར་ཅིང༌། སྐྱེ་བ་ཐམས་ཅད་དུ་ཡང་སངས་རྒྱས་ མཐོང་བ་དང་མི་འབྲལ་ཞིང་ཐ་ན་རྨི་ལམ་ན་ཡང་དེ་བཞིན་གཤེགས་པ་རྣམས་དང་བྲལ་བར་མ་གྱུར་ཏོ། །ཐབས་དང་ཤེས་རབ་གཤོག་པའི་ཤུགས་བསྐྱོད་པས། །སྡུག་བསྔལ་རྒྱ་མཚོ་ཀུན་ནས་མཐར་བྱེད་ཅིང༌། །གཏོང་དང་བརྩོན་པའི་མཆུ་སྡེར་རབ་ 2-3-121b བགྲང་ནས། །རྒྱ་ཆེན་སྤྱོད་པའི་མཁའ་ལ་བརྩོན་པ་ཡི། །རྒྱལ་སྲས་མཁའ་ལྡིང་དབང་པོ་ཁྱོད་མཐོང་ཚེ། །བདུད་དཔུང་ཀླུ་ཡི་ཚོགས་རྣམས་སྤ་བཀོང་འགྱུར། །དེ་ལྟ་བས་ན་སྐྱེས་བུ་དམ་པ་རྣམས་ནི། མཐའ་ཡས་པའི་འགྲོ་བ་རྣམས་སྡུག་བསྔལ་གྱི་རྒྱ་མཚོ་མུ་མེད་པ་ ལས་སྒྲོལ་བའི་ཁུར་ཁྱེར་ནས། བསྐལ་པ་གྲངས་མེད་པ་དུ་མར་ཡང་ལུས་དང་སེམས་ལ་གདུང་བའི་གནོད་པས་ཅུང་ཟད་ཙམ་ཡང་སྐྱོ་བ་མེད་པར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མེ་རབ་ཏུ་འབར་བས་གང་བའི་ནང་ནས་ཀྱང་བཤེས་གཉེན་ལས་ གདམས་ངག་དང་རྗེས་སུ་བསྟན་པ་ཚོལ་བའི་བརྩོན་འགྲུས་རྩོམ་མོ། །ཞེས་བརྩོན་འགྲུས་ཀྱི་བསྔགས་པ་ལ་ཡང་བརྗོད་པར་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ནི་རང་གི་ལུས་དང་སྲོག་ལ་ལྟོས་པ་མེད་པར་ཡང་ཤ་དང་ཁྲག་དང་རྐང་གིས་ཀྱང་ཆོས་དང་ཆོས་སྨྲ་བ་ ལ་བསྙེན་བཀུར་བྱེད་ན། ཟང་ཟིང་གི་ལོངས་སྤྱོད་གཏོང་བ་ལྟ་ཅི་སྨོས། ཞེས་ཐེག་པ་ཆེན་པོ་སྟོན་པའི་དགེ་བའི་བཤེས་གཉེན་ལའང་བཀུར་སྟི་སྒྲུབ་པ་དང་སྦྱིན་པའི་ཡོན་ཏན་བསྔགས་པ་ལ་ཡང་བརྗོད་པར་བྱའོ། །བླ་ན་མེད་པའི་བྱང་ཆུབ་ཏུ་གོ་བགོས་པའི་དཔའ་བོ་ ཆེན་པོ་རྣམས་ནི། བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཇི་སྲིད་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པར་མ་གྱུར་གྱི་བར་དེ་སྲིད་དུ་ཉན་ཐོས་དང༌། རང་རྒྱལ་གྱི་རྣམ་པར་གྲོལ་བ་ལ་སྨོན་པའི་བློ་སྐད་ཅིག་ཀྱང་མི་སྐྱེ་བར་བྱང་ཆུབ་སེམས་དཔའི་སྡོམ་པ་ལ་གནས་ན། ལྷ་དང་ མིའི་དབང་ཕྱུག་ལ་ཡིད་ཆགས་པར་བྱེད་པ་ལྟ་ཅི་སྨོས་ཞེས་བླ་ན་མེད་པའི་ཚུལ་ཁྲིམས་ཀྱི་ཡོན་ཏན་བསྔགས་པ་ལ་ཡང་བརྗོད་པར་བྱའོ། །བདག་ལས་གཞན་གཅེས་པར་འཛིན་པའི་བློ་དང་ལྡན་པ་རྣམས་ནི། གཞན་གྱི་དོན་དུ་འཁོར་བའི་མཐའི་བར་དུ་སེམས་ 2-3-122a ཅན་དམྱལ་བར་གནས་པ་ལ་སྤྲོ་ན། རང་གི་ལུས་དང་སེམས་ལ་གནོད་པ་ཕྲ་མོ་རྣམས་བཟོད་པ་ལྟ་ཅི་སྨོས་ཞེས་བཟོད་པའི་ཡོན་ཏན་བསྔགས་པ་ལ་ཡང་བརྗོད་པར་བྱའོ། །གང་གིས་ཉན་ཐོས་དང་རང་རྒྱལ་རྣམས་ཀྱིས་མིང་ ཙམ་ཡང་མི་ཤེས་པའི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་ཏིང་ངེ་འཛིན་གྲངས་མེད་པ་ལ་འཇུག་པ་དང་ལྡང་བར་ཡང་ནུས་ན་འཇིག་རྟེན་པའི་བསམ་གཏན་གཟུགས་མེད་རྣམས་མངོན་དུ་བྱེད་པ་ལྟ་ཅི་སྨོས་ཞེས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ གྱི་བསྔགས་པ་ལ་ཡང་བརྗོད་པར་བྱའོ། །སྟོང་པ་ཉིད་ཟབ་མོ་ལ་མོས་པ་བརྟས་པ་རྣམས་ནི་མྱ་ངན་ལས་འདས་པ་མིང་ཙམ་དུ་བསྟན་པ་ལ་ཡང་མི་མཐུན་པར་མི་འཛིན་ན། གཡོ་བའི་ངང་ཚུལ་ཅན་གྱི་སྲིད་པ་རང་གི་ངོ་བོས་དབེན་པར་རྟོགས་པ་ལྟ་ཅི་སྨོས་ཞེས་ ཤེས་རབ་ཀྱི་ཆེ་བ་བསྔགས་པ་ལ་ཡང་བརྗོད་པར་བྱའོ། །བྱིས་པ་འགའ་ཞིག་རང་ཉིད་གནས་སྐབས་ཀྱི་མངོན་པར་མཐོ་བ་ཙམ་དོན་དུ་གཉེར་བའི་ཕྱིར། སྡུག་བསྔལ་དུ་མས་ལུས་གདུང་བར་བྱེད་པ་ཡང་དཀའ་བ་སྤྱོད་པ་ཡིན་ནོ། །ཞེས་སྐྱེ་བོ་རྣམས་ངོ་མཚར་དུ་ འཛིན་པར་བྱེད་ན། གང་གིས་མཐའ་ཡས་པའི་འགྲོ་བ་རྣམས་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་བསྒྲལ་ཏེ། མི་གནས་པའི་མྱ་ངན་ལས་འདས་པའི་གླིང་དུ་ཕྱིན་པར་འདོད་པས། བདག་ཉིད་ཀྱི་བདེ་བ་དང་ལུས་དང་སྲོག་ལ་ཡང་མ་ཆགས་པར་གཏོང་ བ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ལ་སུ་ཞིག་གུས་པར་མི་བྱེད་ཅེས་བྱང་ཆུབ་སེམས་དཔའི་ཡོན་ཏན་བསྔགས་པ་ལ་ཡང་བརྗོད་པར་བྱའོ། །དེ་ལྟར་ན་དཀའ་བ་དུ་མས་བསྒྲུབས་པའི་དམ་པའི་ཆོས་དང་ཕྲད་པར་དཀའ་བ་ཡང་ཁོང་དུ་ 2-3-122b ཆུད་པར་བྱས་ནས་རྒྱལ་བ་སྲས་བཅས་རྣམས་ཀྱི་དམ་པའི་ཆོས་མཉན་པ་ལ་སྐྱོ་བ་སྤངས་ཏེ་ཡང་དང་ཡང་དུ་གུས་པ་ཆེན་པོ་ཉེ་བར་བཞག་ནས། ཐོས་པ་དང་བསམ་པ་དང་སྒོམ་པ་ལ་ཡང་འབད་པར་བྱའོ། །གང་གི་ངལ་བརྒྱས་བཤེས་གཉེན་བསྟེན་པའི་ཚུལ། ། ཚུལ་བཞིན་རྒྱལ་བས་གསལ་བར་བསྟན་པ་འདི། །འདི་ཡི་དགོངས་པ་མ་ནོར་ཇི་བཞིན་དུ། །དུ་མའི་རྒྱན་ལྡན་སྡེབས་ལེགས་ཚིག་གིས་སྤེལ། །ལྷག་བསམ་རྣམ་དག་ལྷུན་པོའི་ཁྱོན་ལས་འཁྲུངས། །སྒྲ་དོན་རྒྱན་གྱི་མེ་ཏོག་རྣམ་པར་བཀྲ། །མངོན་བརྗོད་ ཡལ་གའི་རྣམ་གྲངས་དུ་མས་ཕྱུག །རྟོགས་བརྗོད་སྙན་དངགས་དཔག་བསམ་ལྗོན་པ་འདི། །ཐུབ་དབང་མིག་སྟོང་ལྡན་པའི་རྗེས་ཞུགས་ནས། །ཐར་མཆོག་ལྟ་ན་སྡུག་ཏུ་འཇུག་པ་ཡི། །སྐལ་ལྡན་འདོད་ལྷའི་རེ་བ་བསྐང་ཕྱིར་བརྩམས། །འགྲན་འདོད་སྲེག་ ཟའི་བུད་ཤིང་ཆེད་དུ་མིན། །སྨྲ་བའི་གཙུག་རྒྱན་དཔལ་ལྡན་དཔའ་བོ་ཡིས། །སྔོན་དུས་རྒྱལ་བ་ཁོ་ནའི་མཛད་པ་རྣམས། །ལེགས་པར་བསྔགས་ནས་རྒྱལ་སྲས་མཆོག་འདི་ཡི། །རྟོགས་བརྗོད་རེ་ཤིག་བཏང་སྙོམས་བཞག་པ་ན། །སྙན་དངགས་རྒྱ་མཚོར་ ཡང་ཡང་སོན་པའི་མཁས་པའི་དེད་དཔོན་བྲལ་བ་རྣམས། །རླབས་ཆེན་སྤྱོད་པ་ཟབ་དང་རྒྱ་ཆེའི་ཆུ་གཏེར་ངམ་ནག་འདི་མཐོང་ཚེ། །ཤིན་ཏུ་འཇིགས་ནས་ཡུན་རིང་དོར་བ་འདི་ཡི་བློ་ཡིས་མ་བཟོད་ནས། །དཔའ་བོ་ཞེས་གྲགས་དེད་དཔོན་མཆོག་དེ་སླར་ཡང་ ཚུལ་འདིར་ཤུགས་པར་གྱུར། །རྒྱལ་སྲས་རྒྱལ་བའི་རྨད་བྱུང་རྣམ་ཐར་ལ། །རྒྱ་བོད་སྙན་དངགས་ཚུལ་སྦྱངས་རྣམས་ཀྱིས། །བློ་གྲོས་ཐོགས་པ་མེད་པར་འཇུག་པ་བརྫུན། །བདེན་ན་འདི་ཡི་རྟོགས་བརྗོད་མེད་པ་ཅི། །རྒྱ་ཆེན་ཤེས་བྱའི་གནས་རྣམས་ 2-3-123a ཀུན་ནས་གསལ། །མཁས་པའི་ལེགས་བཤད་པདྨོའི་ཚལ་བརྒྱ་འབྱེད། །ཐུབ་བསྟན་བྱ་ལམ་མཛེས་པའི་རྒྱན་གཅིག་པུ། །ཁོ་བོའི་བློ་གྲོས་ཉིན་བྱེད་ཤར་བ་ན། །བླུན་རྨོངས་རྒྱུ་སྐར་ཁྲོད་ན་འོད་གསལ་ཞིང༌། །ཕྲག་དོག་རི་ དྭགས་མཚན་མས་སྤུད་པ་ཡི། །མཁས་པའི་ངང་ཚུལ་ཅན་གྱི་ཟླ་བ་དང༌། །ངན་རྟོག་འབྱུང་པོའི་བྱ་ཡིས་བཟོད་པར་དཀའ། །འདི་ལ་འབད་པས་བསོད་ནམས་གངས་རིའི་གོས། །བྱམས་བརྩེའི་ཚ་ཟེར་འོད་ཀྱིས་བཞུ་བའི་རྒྱུན། །སྐྱེ་དགུའི་ཡིད་ཀྱི་རྫིང་བུར་ ཞུགས་གྱུར་ནས། །ཐར་ལམ་པད་ཚལ་ཀུན་ནས་རྒྱས་གྱུར་ཅིག །བདག་ཀྱང་སྲིད་པར་ལེ་ལོ་བཅོམ་པའི་བརྩོན་འགྲུས་ཀྱིས། །ལུས་ཀྱང་བཏང་ནས་ལམ་བཟང་ཟབ་མོ་སྟོང་པ་ཉིད། །འགས་ཀྱང་སྔོན་ཆད་འཁོར་བར་མ་མྱོང་གནས་འདི་ལ། །ཀུན་ཀྱང་ བཀོད་ནས་རྒྱལ་བའི་ཆོས་ཚུལ་འཛིན་གྱུར་ཅིག །རྒྱལ་དང་རྒྱལ་སྲས་སྤྱོད་པ་མ་ལུས་པ། །སྲིད་ནས་སྲིད་དུ་སྤྱད་པས་མི་ངོམས་ཤིང༌། །ཀུན་ལ་ཀུན་ནས་བརྩེ་བའི་རྟག་ཏུ་ངུས། །ཇི་ལྟ་ཇི་ལྟར་སྤྱད་ལྟར་བདག་གྱུར་ཅིག །བདག་གི་ལེགས་བཤད་ ཉིན་མོའི་དཔལ་འདི་ཡང༌། །མཐའ་ཡས་གདུལ་བྱའི་མིག་ཏུ་གནས་གྱུར་ཏེ། །ལོག་རྟོག་བདུད་དཔུང་ཀུ་མུད་ཟུམ་བྱས་ནས། །བསྟན་པའི་ལྷུན་པོ་རིང་དུ་གསལ་བྱེད་ཤོག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུའི་རྟོགས་པ་བརྗོད་ པ་སྙན་དངགས་དཔག་བསམ་གྱི་ལྗོན་པ་ཞེས་བྱ་བ་འདི་ནི། དལ་འབྱོར་གྱི་ལྷུན་པོ་བསླབ་གསུམ་ནོར་བུའི་ཡོན་ཏན་དུ་མས་བརྗིད་ཅིང༌། ལུང་དང་རིགས་པ་བསྟན་པ་རྒྱ་མཚོའི་དཔལ་ལས་འཁྲུངས་པ། དགེ་བའི་བཤེས་གཉེན་བྱང་ཆུབ་ 2-3-123b བླ་མས་བསྐུལ་ནས། མཐོ་རིས་ཀྱི་ཡོན་ཏན་དུ་མ་དང་ལྡན་ཞིང༌། ཚུལ་ཁྲིམས་དང་ཐོས་པའི་རྒྱན་གྱིས་མཛེས་པ་དགེ་བའི་བཤེས་གཉེན་འཇམ་དཔལ་གྱིས་མཐུན་རྐྱེན་ཉེ་བར་སྦྱར་ཏེ། མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེ་ཕུན་སུམ་ཚོགས་ པའི་བདག་ཉིད་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། ཆོས་ཀྱི་རྗེ་དོན་གྲུབ་རིན་ཆེན་གྱི་ཞབས་ཀྱི་རྡུལ་སྤྱི་བོས་ལེན་ཅིང༌། སྐད་གཉིས་སྨྲ་བའི་དབང་པོ་ནམ་མཁའ་བཟང་པོ་དང༌། ཐམས་ཅད་མཁྱེན་པ་དཔལ་ལྡན་ས་སྐྱ་པ་གཞོན་ནུ་བློ་གྲོས་ཀྱི་དྲིན་ ལས། སྙན་དངགས་དང་ཚིག་རྒྱན་གྱི་བསྟན་བཅོས་ལས་བློའི་སྣང་བ་ཐོབ་པ། ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱི་ཆོས་གྲྭ་ཆེན་པོ་བདེ་བ་ཅན་དུ་སྦྱར་བའི་ཡི་གེ་པ་ནི་བློ་གྲོས་ཀྱི་བང་མཛོད་སྔགས་དང་མཚན་ཉིད་དུ་མའི་ནོར་བུས་ གཏམས་པའི་སྙན་དངགས་མཁན་ཚྭ་ཁོ་བ་ངག་དབང་གྲགས་པའོ།། ༈ །།ཨོཾ་བདེ་ལེགས་སུ་གྱུར་ཅིག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གྲགས་པ་བྱང་ཆུབ་དཔལ་བཟང་པོའི་རྟོགས་པ་བརྗོད་པའི་ སྙན་དངགས་བྱིན་རླབས་ཀྱི་ལྷུན་པོ་ཞེས་བྱ་བ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །ཕྲིན་ལས་རླབས་ཕྲེང་ཕྱོགས་བཅུར་གཡོ། །དམིགས་མེད་སྙིང་རྗེས་ཀུན་ནས་བརླན། །ཡོན་ཏན་རིན་ཆེན་དུ་མའི་གཏེར། །ཐུབ་དབང་གངས་ཅན་ མཚོ་དེ་རྒྱལ། །དགེ་ལེགས་ཤར་རིའི་རྩེ་ནས་མངོན་བྱུང་ཀུན་ཏའི་མཛེས་པ་རབ་ཏུ་འཛིན། །མཚན་དཔེའི་འོད་དཀར་དྲ་བ་འཁྱུག་ཅིང་མི་ཤེས་མུན་པའི་གོ་སྐབས་འཕྲོག །ཐུགས་རྗེའི་བསིལ་ཟེར་ཀུན་ལ་སྙོམས་ཤིང་ཕན་བདེའི་རི་བོང་རྟགས་ཀྱིས་ 2-3-124a མཚན། །བདུད་རྩིའི་འོད་གཏེར་དབྱངས་ཅན་ལྷ་མོས་བདག་བློའི་ཀུ་མུད་རིང་དུ་སྐྱོངས། །གང་གི་གྲགས་པའི་པད་རྫིང་དུ། །བདག་ཡིད་གཉིས་འཐུང་སོང་གྱུར་པས། །བྱང་ཆུབ་ཐུགས་ཀྱི་གཏེར་གྱུར་དེའི། །བསྔགས་པ་བརྗོད་ལ་ སྤྲོ་བར་གྱུར། །འདབ་བཟང་འདབ་མའི་ཤུགས་ནི་བསྐྱོད་པ་ཡིས། །མཁའ་ལ་མཁའ་ཡི་མཐའ་ནི་འཚོལ་བ་ལྟར། །བདག་གིས་བདག་ཉིད་ཆེན་པོའི་ཡོན་ཏན་རྣམས། །བརྗོད་ཀྱང་བརྗོད་པའི་ཡུལ་ལས་འདས་མོད་ཀྱང༌། །རབ་བརྟན་དང་བའི་གསེར་གྱི་ གཞིར། །ཕུལ་བྱུང་ཚིག་དོན་རྒྱན་གྱིས་མཐོ། །བྱིན་རླབས་གཟི་འོད་ལྷམ་མེ་བ། །རྟོགས་བརྗོད་ལྷུན་པོ་བསྐྲུན་པར་བྱ། །གང་ཞིག་མཐོང་ན་དད་ལྡན་དང་བའི་སྤུ་ལོང་གཡོ། །རློམ་པས་ཁེངས་རྣམས་གདོང་ནི་ས་ལ་དུད་པར་བྱེད། །ཕྲག་དོག་ཅན་རྣམས་ ཡིད་ནི་ཚེར་མའི་མལ་ན་ཉལ། །གཟུར་གནས་རྣམས་ཀྱིས་གྲགས་པའི་རྒྱལ་མཚན་ཕྱོགས་བཅུར་བསྒྲེང༌། །དེ་དག་མཁས་པའི་དགའ་སྟོན་མཆོག །སྙན་དངགས་དག་གི་ཡོན་ཏན་ཡིན། །དེ་ཕྱིར་སྙན་དངགས་སྦྲང་རྩིའི་རོས། །བློ་གསལ་བུང་ བའི་དགའ་སྟོན་བྱ། །གང་ཡང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་ལེགས་ཀྱི་ནོར་བུ་ལ་དབང་འབྱོར་པ་ནི། དགེ་བའི་བཤེས་གཉེན་གྱི་དེད་དཔོན་གྱིས་ཡོངས་སུ་ཟིན་པ་རྣམས་འབའ་ཞིག་ལ་ཡིན་པས། དེའི་ཕྱིར་བློ་དང་ལྡན་པ་རྣམས་ ཀྱིས་བཤེས་གཉེན་བཟང་པོ་བཙལ་བ་དང༌། དེ་དག་གི་རྣམ་པར་ཐར་པ་ལ་ཡང་མོས་པར་བྱའོ། །དེ་ཡང་འདིར་རྣམ་པར་དག་པའི་མཁྱེན་པ་ནི་ནམ་མཁའ་ལྟར་མཐའ་ཡས། དམིགས་པ་མེད་པའི་ཐུགས་རྗེ་ནི་ཆུ་བོ་ལྟར་རྒྱུན་ཆད་མེད། དཀོན་ 2-3-124b མཆོག་གསུམ་དང་བླ་མ་ནི་ཅོད་པན་ལྟར་གཙུག་ཏུ་འཁུར། སྐྱེ་བོའི་ཚོགས་མཐའ་དག་ལ་ནི་རྒྱུ་མེད་པར་མཉེས་བཞིན་པའི་ཆོས་ཀྱི་རྗེ་གྲགས་པ་བྱང་ཆུབ་དཔལ་བཟང་པོའི་ཞི་བ་དང་རྗེས་སུ་མཐུན་པའི་རྣམ་པར་ཐར་པ་འབའ་ཞིག་ལས་བརྩམས་ཏེ་ཆེ་ལོང་ ཙམ་ཞིག་བརྗོད་པར་བྱའོ། །དྲི་ཞིམ་རྒྱས་པའི་འདབ་བརྒྱ་དང༌། །འབྲས་བུས་དུད་པའི་རྐང་འཐུང་དང༌། །དམ་པ་རྣམས་ཀྱི་མཛད་པ་ཡིས། །ཡིད་རབ་དད་པར་མི་འགྱུར་སུ། །དེ་ལ་བདག་ཉིད་ཆེན་པོ་འདིའི་རིགས་ནི་ཐམས་ཅད་མཁྱེན་པ་ཞི་བ་འཚོ་ཞེས་ཉི་ཟླ་ལྟར་ གྲགས་པ་དེ་ལ། ཆོས་སྐྱོང་བའི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་བློན་པོ་སད་མི་མི་བདུན་ལ་སོགས་པ་རབ་ཏུ་བྱུང་བ་མཛད་པའི་ནང་ནས། རླངས་ཁམས་པ་གོ་ཅ་ཞེས་བྱ་བའི་ལོ་ཙཱ་བ་དེའི་རིགས་ཡིན་ཏེ། དེ་ནས་རིམ་པར་བརྒྱུད་པ་ལ་ཁམས་གསུམ་ཆོས་ཀྱི་ རྒྱལ་པོ་རྗེ་སྤྱན་སྔ་རིན་པོ་ཆེ། རྒྱལ་བ་རིན་པོ་ཆེ། བཅུ་གཉིས་རིན་པོ་ཆེ། སྤྱན་སྔ་གྲགས་ཡེ་བ། སྤྱན་སྔ་གྲགས་རིན་པའོ། །སྤྱན་སྔ་གྲགས་ཡེ་བའི་གཅུང་པོ་དཔོན་རིན་ཆེན་སྐྱབས་པའི་སྲས། སྤྱན་སྔ་གྲགས་པ་རྒྱལ་མཚན་པ། སྤྱན་སྔ་གྲགས་ ཤེ་བ། ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་པ། དཔོན་བསོད་ནམས་བཟང་པོ་བ་དང་བཞི་ལས་དཔོན་བསོད་ནམས་བཟང་པོའི་སྲས། གུ་ཤྲཱི་ཆེན་པོ་འཇམ་དབྱངས་པ། དྲུང་ཤཱཀྱ་རིན་ཆེན་པ། དཔོན་རིན་རྡོར་བ་དང་གསུམ་མོ། །དེ་ལ་དཔོན་རིན་རྡོར་བ་ནི་ བདག་ཉིད་ཆེན་པོ་འདི་ཡི་ཡབ་དང༌། ཡུམ་ནི་ཟིན་ཟ་བཀྲ་ཤིས་སྐྱིད་ཅེས་པའོ། །ཡབ་ཡུམ་གཉིས་ཀའང་ངོ་ཚ་དང་ཁྲེལ་ཡོད་ཀྱི་གོས་ཀྱིས་ནི་དཀྲིས། རང་བཞིན་གྱི་དབང་པོ་རྣམས་ནི་དུལ། དད་པ་དང་གཏོང་བའི་ནོར་གྱིས་ནི་འབྱོར། །ཡ་རབས་ 2-3-125a ཀྱི་སྤྱོད་ཚུལ་གྱི་མཚམས་ལས་ནི་མི་འདའ་བ་ཞིག་གོ། ཡབ་ཡུམ་དེ་གཉིས་ལས་བལྟམས་པའི་ཚུལ་ནི། ལུག་གི་ལོ་ལ་ལྷུམས་སུ་ཞུགས་ཤིང་དེའི་ཚེ་ཡུམ་ལའང་ཉི་མ་ཤར་བ་ལན་མང་དུ་རྨིས་པ་དང༌། མངལ་ བཟུང་བའི་ཚེ་ནའང་བདེ་བ་ལ་རེག་པར་གནས་པ་ཤ་སྟག་བྱུང་ངོ༌། །ཚངས་པ་གསེར་གྱི་སྒོ་བཞི་དང༌། །གཞོན་ནུ་ཡིས་ནི་ཨུ་མ་དང༌། །དོན་གྲུབ་ཀྱི་ནི་སྒྱུ་འཕྲུལ་བཞིན། །ཡུམ་ནི་མངལ་གྱི་ཁུར་གྱིས་མཛེས། །དེ་ནི་མངལ་ན་གནས་ན་ཡང༌། །དེ་ ཡིས་ཉེས་པའི་སྐབས་མེད་དེ། །འདམ་གྱི་དབུས་ན་འདབ་སྟོང་ཅན། །དག་ཅིད་དྲི་མ་བྲལ་བ་བཞིན། །བརྩེ་བས་དྲངས་པའི་རབ་དཀར་སྨོན་ལམ་གྱིས། །སྲིད་པར་སྐྱེས་ཀྱང་སྲིད་ལ་མི་གནས་པའི། །ཐབས་ནི་ཁོ་བོ་གཅིག་པུ་ལ་ཡོད་ཅེས། །ཁེངས་ པར་མི་རིགས་རྒྱལ་སྲས་ཀུན་གྱི་ཡིན། །དེ་ལྟར་ཟླ་བའི་གྲངས་རྫོགས་པ་ན་མེ་ཕོ་སྤྲེའུའི་ལོ་ཧོར་ཟླ་བཞི་པའི་ཡར་ཚེས་བཅུ་གསུམ་གྱི་ཉི་མའི་དཀྱིལ་འཁོར་ཤར་མ་ཐག །དཔལ་ཁྲ་འབྲུག་གི་གཙུག་ལག་ཁང་ཆེན་པོ་དང་འདབ་ཆགས་པ་དགོན་ གསར་དུ། ཁྱེའུ་གཟུགས་མཛེས་ཤིང་ལྟ་ན་སྡུག་པ་མགོ་གདུགས་ལྟར་རྒྱས་པ། དཔྲལ་བའི་དབྱེས་ཆེ་བ་ཞིག་བཙས་བར་གྱུར་ཏོ། །དྲི་ཡི་གཞོན་པས་གོ་སྐབས་ཕྱེ་བ་ཡི། །སྤྲིན་རུམ་ནས་འཐོན་རྒྱུ་སྐར་བདག་པོ་བཞིན། །མངལ་གྱི་ཁྲོད་ནས་རབ་ མཛེས་གཞོན་ནུའི་སྐུ། །མཚན་བཟང་ཆ་ཤས་ཡོངས་སུ་རྫོགས་པར་འཁྲུངས། །ཟླ་ཞལ་ཨུཏྤལ་མིག་ལྡན་པའི། །གསེར་གྱི་ས་འཛིན་ལྷུན་པོ་ཞིག །གལ་ཏེ་འཇིག་རྟེན་འདིར་རྙེད་ན། །དེ་དང་ཁྱོད་ནི་མཚུངས་པར་འགྱུར། །བྱམས་པ་ཡིད་ལ་རྟག་ 2-3-125b ཏུ་ཉལ་བ་དང༌། །མཁྱེན་པ་ཤེས་བྱ་ཀུན་ལ་འཕྲོ་བ་གཉིས། །སྐབས་གསུམ་ས་འཛིན་ལ་ནི་མ་མཆིས་པས། །སྲིད་ཀྱང་ཁྱོད་ཀྱི་དཔེ་རུ་རུང་མ་ཡིན། །དེ་ལྟར་བཙས་ནས་གདུགས་བཅུ་གཉིས་འདས་པ་ན། གདན་གཅིག་གི་བརྟུལ་ཞུགས་ལ་གནས་པའི་ ཚོགས་ཆེན་པོའི་དགེ་འདུན་རྣམས། དགོན་གསར་དུ་སྤྱན་དྲངས་ནས། དེ་བཞིན་གཤེགས་པ་སྨན་པའི་རྒྱལ་པོ་དང༌། རྗེ་བཙུན་མ་སྒྲོལ་མ་ལ་ཞག་བདུན་གསོལ་བ་བཏབ་པའི་ཚེ། མཁན་ཆེན་བསོད་དབང་པས་ཡུམ་གྱི་པང་པ་ན་ཁྱེའུ་ཞིག་འདུག་ པ་ལ་འོད་དཀར་པོ་སུམ་བསྒྲིལ་ཞིག་ཟུག་འདུག་པ་ནུབ་གསུམ་དུ་རྨིས་པ་ན་ཁྱེའུ་འདི་ལ་ངོ་མཚར་བ་ཞིག་འོང་བར་འདུག་ཅེས་གསུངས་སོ། །དེ་ལྟར་སྐུ་འཁྲུངས་པ་ན་ལྟས་ཁྱད་པར་ཅན་དུ་མ་བྱུང་ཞིང༌། མཚན་ཡང་བྱང་ཆུབ་རྡོ་རྗེ་ཞེས་བཏགས་སོ། །དེ་ ནས་དགུང་ལོ་བཞི་སོང་བ་དང༌། ཀློག་ཡིག་ལ་སྦྱངས་པས་རིང་པོར་མི་ཐོགས་པར་ཐུགས་སུ་ཆུང་ཅིང་སྦྱངས་པའི་གནས་དེ་རྣམས་མཐར་སོན་པར་གྱུར་ཏོ། །སྙིང་རྗེ་ཆེ་ལ་རིང་ནས་གོམས་པའི་ཡིད། །སྙིང་པོ་མེད་པའི་ཡུལ་ལ་དགའ་མི་འགྱུར། །མང་ཐོས་ བག་ཆགས་སེམས་ལ་གོམས་རྣམས་ཀྱིས། །མང་པོའི་ཤེས་བྱ་ཤེས་པར་དཀའ་བ་མིན། །ཆུ་སྲིན་འབྱུང་གནས་ལྟ་བུར་ཟབ་པའི་ཐུགས། །གཞན་ཕན་བསྒྲུབ་ལ་པད་འདབ་བཞིན་དུ་མཉེན། །འགྲོ་བའི་མིག་གི་བདུད་རྩིའི་ཟླ་བ་སྟེ། །གཞོན་ནུ་འཁྲུངས་ པས་འགྲོ་ནི་མགོན་དང་བཅས། དེ་ནས་རྒྱུད་ཀྱི་རྒྱལ་པོ་དཔལ་བརྟག་པ་གཉིས་པ་རྩ་འགྲེལ་གྱི་ཚིག་ཐུགས་ལ་བཟུང་ཞིང༌། །ཉིད་ཀྱི་གཅེན་པོ་རྒྱལ་སྲས་གྲགས་རིན་པའི་དྲུང་དུ་གསན་སྦྱོང་མཛད་པས། རྒྱུད་དོན་རྣམས་ཁོང་དུ་ཆུད་པར་མཛད་དོ། ། 2-3-126a དགུང་ལོ་བཅུ་གཉིས་བཞེས་པ་ན། སྤྱན་སྔ་བསོད་གྲགས་པ་དང་ཐབས་ཅིག་ཏུ་བྱོན་ནས། ལུག་ལོ་ཟླ་བ་གསུམ་པའི་ཡར་ཚེས་བདུན་ལ། སྤྱན་སྔ་རིན་པོ་ཆེ་གྲགས་པ་ཤེས་རབ་པའི་ཞབས་ལ་གཏུགས་ཏེ་དགེ་བསྙེན་གྱི་ སྡོམ་པ་མནོས་མཚན་ཡང་གྲགས་པ་བྱང་ཆུབ་ཅེས་བཏགས་ཤིང༌། སློབ་དཔོན་ཆེན་པོ་ཚུལ་ཁྲིམས་རྒྱལ་མཚན་པས་ཕག་མོ་བརྡ་བཞིའི་སྒོ་ནས་རྒྱུད་ཡོངས་སུ་སྨིན་པར་མཛད་དོ། །ཉི་མ་དེ་ཉིད་ནས་ཆོས་དྲུག་གི་ཁྲིད་ཀྱི་དབུ་བཙུགས་ཤིང༌། ཚེས་དགུའི་ ཉིན་འདུས་པ་རྒྱ་མཚོའི་དབུས་སུ་རྒྱུད་ཀྱི་རྒྱལ་པོ་འཆད་པའི་དགའ་སྟོན་ཕུལ་དུ་བྱུང་བ་མཛད་ནས། ཟླ་བ་ཕྱེད་དང་གཉིས་ལྷག་ཙམ་གྱི་བར་དུ་སྐལ་བར་ལྡན་པའི་གདུལ་བྱ་དཔག་ཏུ་མེད་པ་ཆོས་དང་ཟང་ཟིང་གི་དགའ་སྟོན་གྱིས་ཚིམ་པར་མཛད་དོ། །དེ་ ནས་ལོ་དེའི་ཟླ་བ་ལྔ་པ་ལ་ཆོས་གྲྭ་ཆེན་པོ་རྩེས་ཐང་དུ་བྱོན་ནས་སྡེ་སྣོད་འཛིན་པ་ཆེན་པོ་མང་པོ་ཞིག་ལ་སླར་ཡང༌། དཔལ་བརྟག་པ་གཉིས་པ་གསུངས་པས་ཐམས་ཅད་ཀྱི་ཐུགས་ཚིམ་ཞིང་དད་པའི་ས་བོན་ཀུན་ནས་བརྟས་པར་གྱུར་ཏོ། །གང་གི་མཁྱེན་ པའི་བྱ་ལམ་དུ། །རྒྱུད་དོན་འོད་སྟོང་ལྷང་ངེར་གསལ། །གདངས་སྙན་གསུང་གི་ཚ་ཟེར་གྱིས། །འགྲོ་བའི་ཉེས་ཚོགས་ཚང་ཚིང་སྲེག །རིགས་ཀྱིས་མཐོ་ཡང་ཁེངས་དང་བྲལ། །ལང་ཚོ་ལྡན་ཡང་དུལ་བར་གནས། །གཞོན་ཡང་རྒན་པོའི་བློ་གྲོས་ཅན། ། དེ་ཡིས་གཞན་ཡིད་ཅིས་མི་འཕྲོག །ལེགས་ཚོགས་བདུད་རྩིའི་གཏེར་ཆེན་ལས་འཁྲུངས་པའི། །ཁྱོད་སྐུ་མཚན་མོའི་མགོན་འདི་མཐོང་བ་ན། །དྲི་མས་གོས་ཤིང་སེམས་ཀྱི་གཏོང་བ་ཡི། །རི་བོང་ཅན་ལ་བལྟ་བའི་གོ་སྐབས་བཅོམ། །ནམ་ཡང་ 2-3-126b བྲི་བ་མ་མཆིས་པའི། །ཁྱོད་ཀྱི་ཡོན་ཏན་དཀྱིལ་འཁོར་ལ། །ནག་ཕྱོགས་ལ་ནི་ཟད་འགྱུར་བའི། །ཟླ་བས་ཇི་ལྟར་འགྲན་པར་ནུས། །དེ་ནས་གུ་ཤྲཱི་ཆེན་པོས་དགོན་གསར་དུ་རིགས་བསྐྲུན་པའི་ཞལ་ཏ་མཛད་པ་ན། གཞོན་ནུ་འདི་སྐྱེ་བ་དཔག་ཏུ་མེད་པར་ ཚངས་པར་སྤྱོད་པ་ལ་གོམས་ཤིང༌། ཁྱིམ་འཁོར་བའི་རྒྱ་མཚོ་ལ་ཉེས་དམིགས་ཀྱི་རྣམ་པར་མཐོང་བས་ཐུགས་ཤིན་ཏུ་མ་བདེ་བར་གྱུར་ཏོ། །དེའི་ཚེ་གལ་གྱིས་འཆུས་ཀྱང་འདོད་པའི་དོན་མ་གནང་བས་ལན་ཅིག་དང་གཉིས་སུ་འབྱོན་དགོས་པ་བྱུང་ ཡང་འདོད་པའི་རྣམ་པར་རྟོག་པ་ཅུང་ཟད་ཀྱང་མ་སྐྱེས་ཏེ། གཞན་དུ་ན་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ནམ་ཞིག་ན་རྙེད་པར་འགྱུར་སྙམ་དུ་ཡིད་ལ་བྱེད་ཅིང༌། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པའི་ཁྲིམས་གྲོགས་དང་བཅས་པ་ཁོ་ནར་གནས་པ་མཛད་ དོ། །དེའི་ཚེ་གཞོན་ནུ་འདི་ཡི་ཡིད་ལ་འདི་ལྟ་བུའི་བསམ་པ་རྣམས་སྐྱེས་པར་སེམས་སོ། །སྙིང་རྗེའི་ཆུ་ཡིས་ཡིད་ཀྱི་བཞིན་རས་ཀྱི། །ཞེ་སྡང་དྲི་མ་དག་པར་མ་བྱས་ན། །གསེར་གྱི་བུམ་པར་བླུགས་པའི་དྲིས་བསྒོས་ཆུས། །གདོང་གི་དྲི་མ་དག་ལ་དགོས་པ་ ཅི། །བློ་དང་ལྡན་པ་རྣམས་ཀྱི་ངོ་ཚའི་གོས། །ཚུལ་ཁྲིམས་ཡིན་གྱི་དུ་གུ་ལ་ཡིས་མིན། །མགྲིན་རྒྱན་ལེགས་བཤད་ཡིན་གྱིས་དོ་ཤལ་མིན། །གཙུག་རྒྱན་བླ་མ་ཡིན་གྱི་ནོར་བུས་མིན། །འཚོ་བའི་སྲོག་ནི་སྤྲིན་ལྟར་མི་གཡོ་ཞིང༌། །འབྱོར་ཚོགས་རྒུད་ པའི་ཉེས་པས་མི་རྫི་ལ། །དབང་ཕྱུག་མཁའ་བཞིན་རྟག་ཏུ་མི་འགྱུར་ན། །འདོད་པ་སྤྱོད་ལ་དགའ་བར་སུ་མི་འགྱུར། །དེ་ལྟ་ན་ཡང་སྲིད་པའི་དཔལ། །གློག་ཕྲེང་གཞོན་ནུའི་བྲོ་གར་བཞིན། །གཡོ་བར་མཐོང་ནས་དེ་ཡི་ཡིད། །འདོད་ལ་ཆགས་དང་བྲལ་ 2-3-127a བར་གྱུར། །དེ་ནས་ཞི་བའི་ཕན་ཡོན་ལ་ནི་ཤིན་ཏུ་དགའ། འཁོར་བའི་སྐྱོན་ལ་ནི་རྒྱབ་ཀྱིས་ཕྱོགས། ཁྱིམ་གྱི་གཏམ་ལ་ནི་མི་སྨ་བའི་བརྟུལ་ཞུགས་དང་ལྡན། དབེན་པའི་བསྔགས་པ་ལ་ནི་ཡིད་རབ་ཏུ་རངས་པར་གྱུར་པའི་གཞོན་ ནུ་དེ་ཡི་དམ་བརྟན་པ་ལ་གནས་པར་རིག་ནས་སྤྱན་སྔ་གྲགས་ཤེ་བ་དང༌། འཇམ་དབྱངས་གུ་ཤྲཱི་བ་དང༌། སྐུ་ཞང་རྫིང་ཕྱི་བ་རྣམས་བཀའ་བགྲོ་བ་མཛད་ནས་གཞོན་ནུ་དེ་གངས་རིའི་ཁྲོད་ཀྱི་སྒྲུབ་རྒྱུད་ཀྱི་བསྟན་པའི་རྒྱལ་མཚན་འཛིན་པ་རྣམས་ཀྱི་གཙུག་ན་ མངོན་པར་མཐོ་ཞིང་མཐའ་ཡས་པའི་ཡོན་ཏན་དུ་མའི་གཏེར་ཆེན་པོ་འགྲོ་བའི་མགོན་པོ་ཕག་མོ་གྲུ་བ་ཞེས་ཡོངས་སུ་གྲགས་པ་དེའི་རྒྱལ་ཚབ་ཏུ་དམིགས་ཏེ་ཀུན་ཏུ་བཟང་པོའི་ནགས་ཁྲོད་དཔལ་མཐའ་རྩའི་དབེན་གནས་སུ་བཏང་བར་གྱུར་ཏོ། །སློང་ལ་དཔག་ བསམ་ལྗོན་པ་ཚ་བས་གདུངས་ལ་བསིལ་གྲིབ་དང༌། །ལམ་གོལ་རྣམས་ལ་ལམ་སྟོན་རབ་རིབ་ཅན་ལ་མིག་སྨན་ལྟར། །སྲིད་པའི་དགོན་པར་འཁྱམས་པ་རྣམས་ཀྱི་སྐྱབས་གཅིག་དམ་ཆོས་སུ། །ཡང་ཡང་ཡིད་ལ་བྱས་པ་དེ་ནི་ཞི་བའི་ནགས་སུ་གཤེགས། ། རིང་ནས་སྨོན་པའི་རང་གི་འདོད་པའི་དོན། །འགྲུབ་པར་མཐོང་ཚེ་གཞོན་ནུའི་བཞིན་གྱི་མདངས། །ཟླ་ཟེར་འཐུངས་པའི་ཀུན་དའི་ཚལ་བཞིན་དུ། །འཛུམ་དཀར་འོད་ཀྱིས་ལྷམ་མེར་བྱས་པར་གྱུར། །ཨིནྡྲ་ནཱི་ལའི་སྟོད་གཡོགས་མཛེས། །མརྒད་འཁྱུག་ པའི་རྐང་སྟེགས་ཅན། །གྲུབ་པ་དུ་མས་བསྟེན་པ་ཡི། །ས་འཛིན་ངོས་དེར་གཤེགས་པའི་ཚེ། །དྲི་ཡི་བཞོན་པས་དལ་གྱིས་བསྐྱོད་པ་ཡི། །གཡུ་ལོའི་ངོས་ཅན་རྐང་འཐུང་ཕྲེང་བ་རྣམས། །ལག་པའི་ཡལ་འདབ་མཛེས་པར་གཡོབ་པ་ཡིས། །ཕན་ཚུན་ 2-3-127b དུ་ནི་སྦྲོན་པར་བྱེད་པ་འདྲ། །འཇིགས་བྲལ་བག་ནི་ཕབ་པ་ཡི། །དུལ་བའི་རི་དྭགས་ཕྲུག་གུ་རྣམས། །དཀྱུས་རིང་ཨུཏྤལ་མིག་གིས་ནི། །མགྲིན་པ་ཀྱོགས་ནས་ཡང་ཡང་བལྟ། །འབྲས་བཟང་ཁུར་གྱི་ལྕིད་ཀྱིས་ནོན་པ་ཡི། །ལྗོན་པའི་གསེབ་ནས་སྤུ་ཡི་མདོག་སྡུག་ པའི། །འདབ་བཟང་རྣམས་ཀྱི་སྒྲ་སྙན་སྒྲོག་་་པ་ནི། །གཞོན་ནུ་འོངས་ལ་ལེགས་ཞེས་བརྗོད་པ་བཞིན། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གྲགས་པ་བྱང་ཆུབ་དཔལ་བཟང་པོའི་རྟོགས་པ་བརྗོད་པའི་སྙན་དངགས་བྱིན་རླབས་ཀྱི་ལྷུན་པོ་ཞེས་བྱ་བ་ལས་ རབ་ཏུ་མ་བྱུང་བའི་དུས་ཀྱི་རྟོགས་པ་བརྗོད་པའི་བང་རིམ་སྟེ་དང་པོའོ།། །།པདྨོའི་བཞིན་ལ་གཡོ་ལྡན་བུང་བའི་སྤྱན། །མཐོན་མཐིང་རལ་པའི་རྩེ་ན་འོད་དཀར་ཅན། །རོལ་སྒེག་གཟུགས་ཀྱིས་འགྱིང་བའི་དབྱངས་ཅན་མས། །ད་དུང་བདག་ལ་ ངག་གི་དབང་ཕྱུག་སྕོལ། །དེ་ནས་དགུང་ལོ་བཅོ་ལྔ་ལ་བབ་པ་ན། གདན་ས་རིན་པོ་ཆེར་ལྕགས་ཕོ་ཁྱི་ལོ་ཟླ་བ་དང་པོའི་ཡར་ཚེས་བཅུ་གསུམ་གྱི་ཉིན། བདེ་བར་གཤེགས་པ་ཐམས་ཅད་ཀྱི་མཁྱེན་བརྩེ་གཅིག་ཏུ་བསྡུས་པའི་བདག་ཉིད་གངས་རིའི་ཁྲོད་ཀྱི་ ལུས་ཅན་རྣམས་ཀྱི་མགོན་གཅིག་པུ། རྗེ་བཙུན་འཇམ་པའི་དབྱངས་སྙིགས་མའི་དུས་ཀྱི་འགྲོ་བ་རྣམས་ཀྱི་ཆེད་དུ་སྐྱེ་བ་བཞེས་པ་མཚན་བརྗོད་པར་དཀའ་བ་ཆོས་རྗེ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོས་མཁན་པོ་དང༌། མཁན་ཆེན་གཞོན་ནུ་ དབང་ཕྱུག་པས་སློབ་དཔོན་དང༌། སློབ་དཔོན་ཆོས་སྒོ་བ་ཚུལ་ཁྲིམས་བཟང་པོས་དུས་གོ་བ་མཛད་ཅིང༌། སྤྱན་སྔ་གྲགས་པ་ཤེས་རབ་པས་ཐོག་དྲངས་པའི་དགེ་འདུན་བཅུ་གཉིས་ཀྱི་དབུས་སུ་དགེ་ཚུལ་གྱི་བརྟུལ་ཞུགས་ཡང་དག་པར་བླངས་ཏེ། བཅོམ་ལྡན་ 2-3-128a འདས་ཀྱིས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ངོ༌། །ཡིད་ཀྱི་ཤེལ་ནི་སྤོང་སེམས་ཚོན་གྱིས་བསྒྱུར། །ལག་པའི་པདྨ་ལྷུང་བཟེད་བུང་བས་མཛེས། །སྐུ་ཡི་གསེར་རི་དམར་སེར་བླ་གོས་ཀྱི། །མཚམས་སྤྲིན་གཞོན་ ནུས་ཡོངས་སུ་ཁེབས་པར་གྱུར། །སེམས་ཀྱི་གཉིས་འཐུང་མི་སྲུན་པ། །དྲན་དང་ཤེས་བཞིན་ལྕགས་ཀྱུ་ཡིས། །དབང་དུ་གྱུར་ཏེ་མཁས་རྣམས་ཀྱིས། །སྨད་པའི་ལམ་དུ་ག་ལ་འཇུག །ཐུབ་བསྟན་རྒྱ་མཚོ་ཀུན་གྱི་སྙིང་པོ་མཆོག །སྐལ་ལྡན་འགྲོ་བའི་རེ་ བ་སྐོང་བའི་དཔལ། །དམ་པ་ལག་འགྲོའི་དབང་པོའི་གཙུག་གི་རྒྱན། །ཚུལ་ཁྲིམས་འཕགས་པའི་ནོར་གྱིས་འབྱོར་བར་གྱུར། །དེ་ནས་དགུང་ལོ་བཅུ་དྲུག་བཞེས་པ་ན་གདན་སར་བྱོན་པའི་ཞུ་བ་ཕུལ་ནས་ཕག་ལོ་ཟླ་བ་དང་པོའི་ཚེས་ལྔ་ལ་ཆོས་ཀྱི་རྒྱལ་ཚབ་ཏུ་ མངའ་གསོལ། འདུས་པ་རྒྱ་མཚོའི་ཚོགས་ལ་སྨོན་པ་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་པའི་ཆོས་གསུངས་པས་ས་གཡོ་བ་དང༌། ཤར་ཕྱོགས་ནས་སྒྲ་ཆེན་པོ་གྲགས་པ་ལ་སོགས་པའི་ལྟས་ཁྱད་པར་ཅན་རྣམས་བྱུང་ཞིང་དཔག་ཏུ་མེད་པའི་གདུལ་ བྱ་རྣམས་བླ་ན་མེད་པའི་བྱང་ཆུབ་ཏུ་རིགས་ངེས་པར་མཛད་དོ། །ལོག་སྨྲའི་ཝ་སྐྱེས་ཟིལ་གནོན་གདོང་ལྔའི་ཁྲི། །ཟབ་ཅིང་རྒྱ་ཆེའི་ཆོས་སྒྲ་སྒྲོག་པའི་གཞི། །ནོར་བུའི་འོད་ཚོགས་འདྲེས་པའི་གཟི་བརྗིད་ཀྱིས། །ཉིན་བྱེད་དབང་པོར་འཁྲུལ་པ་སྐྱེད་བྱེད་པ། ། ལྷ་ཡི་རི་བོ་བཞིན་དུ་བྱིན་ཆགས་ཤིང༌། །དུལ་བའི་སྤྱོད་པས་ཡིད་འཕྲོག་དེ་འཛེགས་ཏེ། །དུང་ལྟར་དཀར་བའི་ཚེམས་ཀྱི་སྤྲིན་གསེབ་ནས། །གསལ་བརྗིད་འབྲུག་གི་སྒྲ་ཡིས་ལེགས་བཤད་བསྟན། །དེ་ཚེ་ལྷ་ཡི་རོལ་མོའི་སྒྲས། །ཕྱོགས་རྣམས་ 2-3-128b ཁེབས་པ་བཞིན་དུ་གྱུར། །དབང་པོའི་གཞུ་ཡིས་འཆི་མེད་ལམ། །གོ་སྐབས་མེད་པར་བཀྲ་བར་བྱས། །སྲིད་ན་བླ་ན་མེད་པའི་ཡོན་གནས་དེ། །མཆོད་པར་བྱེད་ལ་སེམས་ལྡན་སྨོས་ཅི་དགོས། །སེམས་མེད་རྣམས་ཀྱང་འོས་པ་ལྟ་བུར་ནི། །མཆོད་པར་བྱེད་ལ་བརྩོན་ པ་དེ་རྨད་དོ། །དེ་ནས་གླང་ལོ་དཔྱིད་ཟླ་ར་བའི་ཡར་ཚེས་བཅུའི་ཉིན་སྣེ་གདོང་དུ་སྙིགས་དུས་ཀྱི་ཤཱཀྱའི་རྒྱལ་པོ་མཁྱེན་བརྩེའི་གཏེར་ཆེན་པོ་ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པས་མཁན་པོ་དང༌། མཁན་ཆེན་གཞོན་ནུ་དབང་ཕྱུག་པས་ལས་ཀྱི་སློབ་དཔོན་དང༌། སློབ་དཔོན་ཚུལ་ཁྲིམས་རྒྱལ་མཚན་པས་གསང་སྟེ་སྟོན་པ་དང༌། ཚིག་དོན་གྱི་འདུལ་བ་འཛིན་པ་ཆེན་པོ་ཚོགས་ཆེན་པའི་མཁན་པོ་བཀྲ་ཤིས་ཚུལ་ཁྲིམས་པས་དུས་གོ་བ་མཛད་ཅིང༌། དད་པའི་དགེ་འདུན་ཉི་ཤུ་རྩ་གསུམ་གྱི་དབུས་སུ་བསྙེན་པར་རྫོགས་ པ་དགེ་སློང་གི་དངོས་པོ་ཐོབ་པས་རྒྱལ་བའི་བསྟན་པ་རིན་པོ་ཆེའི་སྙིང་པོ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་མཐའ་དག་གི་མཛོད་དུ་གྱུར་ཏོ། །དེ་ནས་དཔལ་ལྡན་བླ་མ་དམ་པ་ཆོས་ཀྱི་རྗེ་པའི་ཞལ་ཏ་ནན་ཅན་དང༌། བཀའ་བགྲོ་བ་ལ་དབང་བ་རྣམས་ཀྱིས་ཀྱང༌། བླ་དཔོན་ཕྱོགས་གཅིག་ཏུ་མཛེས་པའི་ཞུ་བ་ནན་ཆེར་ཕུལ་བ་ལ་བརྟེན་ནས། སྤྱན་སྔ་བསོད་ནམས་གྲགས་པ་ལང་ཚོ་མ་སོན་གྱི་བར་དུ་རེ་ཞིག་ཞལ་གྱིས་བཞེས་སོ། །དེ་ལྟར་ཞལ་གྱིས་བཞེས་ནས་རྒྱལ་སྲིད་བསྐྱངས་པའི་དུས་སུ་ཡང་བདག་ཉིད་ཆེན་པོ་ འདི་སྐྱེ་བ་དུ་མར་བཞེས་པ་ལ་གོམས་པ་དང་རླབས་པོ་ཆེའི་བསོད་ནམས་སྐྲུན་པ་དང༌། དམ་པའི་ཆོས་ཁོ་ནས་རྒྱལ་སྲིད་བསྐྱངས་པ་དང༌། རྫོང་གོང་འོག་ཐམས་ཅད་དུའང༌། ཆོ་འཕྲུལ་གྱི་ཟླ་བ་ལ་སྲོག་གཅོད་སྤོང་བ་ལ་སོགས་པ་མཛད་པའི་མཐུས་ 2-3-129a མངའ་རིས་ཐམས་ཅད་དུ་འཁྲུག་པ་དང༌། མུ་གེ་དང༌། ཡམས་ཀྱི་འཚེ་བ་ཐམས་ཅད་ནི་མིང་གི་ལྷག་མ་ཙམ་དུ་སོང༌། ལྷས་དུས་དུས་སུ་ཆར་འབེབས་པ་དང༌། ལོ་ཏོག་ཕུན་སུམ་ཚོགས་པ་དང༌། སེམས་ཅན་རྣམས་བདེ་བ་ལ་རེག་པར་གནས་ པ་ནི་རྫོགས་ལྡན་གྱི་དུས་བཞིན་དུ་གྱུར། བཤད་པ་དང་སྒྲུབ་པས་བསྟན་པ་རིན་པོ་ཆེ་ཆེས་ཆེར་སྤེལ་བའི་ཤཱཀྱའི་སྲས་རྣམས་ནི་ལུང་དང་རྟོགས་པའི་ཡོན་ཏན་རྣམས་ཡར་ངོའི་ཟླ་བ་བཞིན་དུ་འཕེལ་ཏེ། མདོར་ན་རྒྱལ་པོ་བྱམས་པའི་སྟོབས་ཀྱིས། རྒྱལ་ སྲིད་བསྐྱངས་པ་ཇི་ལྟ་བ་དེ་བཞིན་ནོ། །རྡོ་རྗེ་ལྟ་བུར་བརྟན་པའི་ཐུགས་མངའ་ཞིང༌། །རྨོངས་པའི་རབ་རིབ་བཅོམ་པའི་བློ་གྲོས་ཅན། །ཕྱག་གི་པདྨ་གཏོང་བའི་མདངས་ཀྱིས་མཛེས། །ཀུན་ལ་ཁྲོ་བ་བྲལ་བའི་སྙིང་རྗེའི་གཏེར། །དེ་ཡིས་བྱམས་པའི་ཐུགས་ཀྱིས་ ས་འཛིན་འདི། །འཚེ་བ་བྲལ་བར་བསྐྱངས་པའི་གྲགས་པའི་ཚོགས། །སྐྱོན་བྲལ་ཡིད་བབ་བདུད་རྩིའི་ཟེར་འདྲ་དེ། །ལུས་ཅན་ཀུན་གྱི་རྣ་བའི་རྒྱན་དུ་བྱས། །དེ་ལྟ་ན་ཡང་དམ་པ་དེ། །དབེན་པའི་གནས་ལ་ཡི་རང་བས། །འདུ་འཛིས་ཟིལ་གྱིས་ནོན་པ་ཡི། །གནས་ དེ་ལ་ནི་དགའ་མ་གྱུར། །དེའི་ཚེ་བདག་ཉིད་ཆེན་པོ་འདི་རིང་མོ་ནས་སྒྲུབ་པ་ལ་མོས་པ་བརྟན་པར་མཛད་པ་དང༌། འདུ་འཛིའི་གཡེང་བས་ཐུགས་ཕྱུང་བ་དང༌། རྒྱལ་སྲིད་ལ་སྙིང་པོ་མེད་པར་དགོངས་ནས་གྲུབ་པའི་སྐྱེས་བུ་ཆེན་པོ་དྭགས་པོ་རིན་པོ་ཆེས་བྱིན་གྱིས་ བརླབས་པའི་དབེན་གནས་དམ་པ་སྒམ་པོར་གཤེགས་པར་བྱའོ། །སྙམ་དུ་དགོངས་ནས་གདན་ས་རིན་པོ་ཆེར་བྱོན་ཏེ། ཐུགས་དམ་རྩེ་གཅིག་ཏུ་དྲིལ་ནས་རང་གི་ལྷག་པའི་ལྷ་ལ་གསོལ་བ་བཏབ་པའི་ཚེ་ལན་ཅིག་གི་གཟིགས་སྣང་ལ་དགེ་སློང་ངུར་ 2-3-129b སྨྲིག་གི་རྟགས་ཅན་ཞིག་སྔོན་ལ་བྱུང་ཞིང་དེའི་རྗེས་ལ་བུད་མེད་རྒྱན་བཟང་པོས་བརྒྱན་པ་ཞིག་བྱུང་ནས་ད་ནི་གཞན་དུ་འགྲོ་མི་དགོས་པར་འདོད་དོན་མྱུར་དུ་འགྲུབ་པར་འགྱུར་རོ་ཞེས་ཟེར་བ་དང༌། ཐུགས་ལ་དགའ་བདེའི་ཉམས་ཁྱད་པར་ཅན་སྐྱེས་ཤིང༌། ད་ནི་ བདག་ཐེལ་རང་དུ་བསྡད་པས་ཆོག་པར་འདུག་སྙམ་པ་བྱུང་སྟེ། འབྱོན་བཞུད་ཀྱི་ཐུགས་ཐག་བཅད་པས་རིང་པོར་མི་ཐོགས་པར་སྣེ་གདོང་དུ་བཞུགས་པའི་ཁུར་དང་བྲལ་བར་གྱུར་ཏོ།། གུར་ཀུམ་གཞོན་ནུའི་དཔལ་འཛིན་འཇམ་པའི་དབྱངས། །ཐུགས་རྗེས་ སྲིད་ལས་སྒྲོལ་བའི་རྗེ་བཙུན་མ། །རབ་མཛེས་སྐུ་ཡིས་མིག་གི་དགའ་སྟོན་སྒྲུབས། །རྣར་སྙན་གསུང་གིས་སེམས་ཀྱི་ཐེ་ཚོམ་བཅད། །ཞི་བའི་གནས་སུ་མི་རྟོག་ཏིང་ངེ་འཛིན། །འཕེལ་བར་འགྱུར་བའི་མཚན་མ་མཐོང་བ་ན། །བདག་ཉིད་ཆེ་དེ་སྐད་ཅིག་དེ་ཉིད་ ལ། །ཐུགས་ཀྱི་ཆུ་གཏེར་དགའ་བདེའི་རླབས་ཀྱིས་སྐྱོད། །གང་གི་མཐུ་ཡིས་རྒྱལ་བའི་སྐུ། །ཡིད་ཀྱི་མེ་ལོང་ལ་གསལ་བ། །ཀྱེ་མ་དང་བའི་དད་པ་ཡི། །རྨད་བྱུང་མཐུ་འདི་བསམ་མི་ཁྱབ། །དེ་ལྟ་ན་ཡང་དྲི་མེད་ཡིད་ལ་ན། །དག་པའི་རང་གཟུགས་འཆར་ལ་ ངོ་མཚར་ཅི། །རྙོག་བྲལ་དང་བའི་ཆུ་ཡི་སྣོད་དག་ཏུ། །སྤྲིན་བྲལ་ཟླ་གཟུགས་སྣང་བ་ངང་ཚུལ་ཡིན། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གྲགས་པ་བྱང་ཆུབ་དཔལ་བཟང་པོའི་རྟོགས་པ་བརྗོད་པའི་སྙན་དངགས་བྱིན་རླབས་ཀྱི་ལྷུན་པོ་ཞེས་ བྱ་བ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་རྒྱལ་སྲིད་ཆོས་ཀྱིས་བསྐྱངས་པའི་རྟོགས་པ་བརྗོད་པའི་བང་རིམ་སྟེ་གཉིས་པའོ།། །།ཆུ་གཏེར་འགྲམ་དུ་ཆུ་སྐྱེས་དཀར་པོའི་གདན་སྟེང་ན། །ལང་ཚོ་རབ་རྒྱས་ལང་ལིང་གཡོ་བའི་ 2-3-130a རྒྱན་གྱིས་སྤུད། །ངག་གི་ལྷ་མོ་ངག་ལ་སྤོབས་པ་སྩོལ་དེ་ལ། །སྙིང་ནས་འདུད་དོ་སྙིང་གི་ཆུ་སྐྱེས་དབུས་སུ་རོལ། །གཞན་ཡང་བདག་ཉིད་ཆེན་པོ་འདིས་བཤེས་གཉེན་དམ་པ་རྣམས་ཀྱི་དྲུང་དུ་མང་དུ་གསན་པའི་ཐོས་བསམ་ གྱིས་ཤེས་བྱའི་གནས་རྣམས་ལ་མ་རྟོགས་པ་དང་ལོག་པར་རྟོག་པ་དང་ཐེ་ཚོམ་གྱི་དྲ་བ་རྣམས་བསལ་བར་མཛད་དོ། །དེ་ཡང་འདི་ལྟར། གསེར་ཞུན་བརྩེགས་པ་ཇི་བཞིན་མཛེས་པའི་སྐུ། །ཙན་དན་ཡལ་འདབ་ལྟ་བུར་མཉེན་པའི་ཕྱག །བཅོ་ལྔའི་ཟླ་བ་བཞིན་ དུ་རྒྱས་པའི་ཞལ། །འགྲོ་མང་དབུས་ན་ལྷུན་པོ་ལྟ་བུར་མཐོ། །མཁྱེན་པས་ནམ་མཁའི་མཚམས་ལས་བརྒལ། །བརྩེ་བས་སྲིད་གསུམ་ཡོངས་ལ་སྙོམས། །གྲགས་པས་འཛིན་མའི་ཁྱོན་ཀུན་འགེངས། །མཛད་པས་འགྲོ་ཀུན་དགེ་ལ་སྦྱོར། །རྩོད་དུས་ ཐམས་ཅད་མཁྱེན་པ་ས་སྐྱ་པ། །ལུས་ཅན་བསོད་ནམས་དཔལ་དུ་བྱོན་གྱུར་ནས། །མི་ནུབ་བསྟན་པའི་རྒྱལ་མཚན་འཛིན་པའི་མཆོག །སྲིད་ཞིའི་དཔལ་མགོན་ཡོངས་འཛིན་བཟང་པོ་ཞེས། །ཁོར་ཡུག་ས་འཛིན་བར་དག་གི། སྐྱེ་བོ་ཀུན་གྱིས་བསྔགས་ པ་ཡི། །ཡ་མཚན་གཏམ་གྱི་གཞིར་གྱུར་དེའི། །ཞབས་རྡུལ་ཟོལ་མེད་སྤྱི་བོས་ལེན། །མང་ཐོས་འདབ་གཤོག་རྒྱས་པའི་ནམ་མཁའ་ལྡིང༌། །ཕྱི་རྒོལ་གདེངས་ཅན་འཇོམས་པའི་མཆེ་སྡེར་ཅན། །ནག་ཕྱོགས་ལག་འགྲོའི་གཟི་བྱིན་འཕྲོག་བྱེད་པ། །དཔལ་ ལྡན་བླ་མ་འདབ་བཟང་དབང་པོར་འདུད། །བདེ་གཤེགས་གཅིག་གི་བསྟན་པ་ལ། །ཐུབ་དབང་གཉིས་པ་མེད་པ་བརྫུན། །བདེན་ན་རྒྱལ་བའི་དབང་པོ་ཁྱོད། །བསྟན་པ་འདི་ལ་ག་ལ་འབྱོན། །དེ་ལྟར་བརྗོད་མ་ཐག་པས་མཚོན་པའི་བགྲང་བ་ལས་འདས་ 2-3-130b པའི་ཡོན་ཏན་དང་ནི་ལྡན། མ་དག་པའི་སྐྱོན་ཐམས་ཅད་ནི་ཟད། དུལ་བ་ལ་གནས་པའི་ཕ་རོལ་ཏུ་ནི་སོན། མཐོང་བ་དང་ཐོས་པ་ཙམ་གྱིས་ནི་ཡིད་ཐར་པ་ལ་གཡོ་བར་ནུས་པའི་ཆོས་ཀྱི་རྒྱལ་པོ་ཆོས་ཀྱི་རྗེ་ཆོས་ཀྱི་དབང་ཕྱུག །ཤཱཀྱའི་ཏོག་ཆེན་པོ་དེའི་ གསུང་གི་བདུད་རྩི་རྣ་བའི་ལམ་དུ་འོངས་པའི་རགས་པའི་རིམ་པ་ནི་འདི་ལྟ་སྟེ། སོ་སོར་ཐར་བའི་སྡོམ་པའི་ཚིགས་སྔ་ཕྱི་གཉིས་ཀྱི་མཁན་པོ་ཞུས་ཤིང༌། སྨོན་པ་དང་འཇུག་པའི་སེམས་རིན་པོ་ཆེ་བསྐྱེད་པའི་སྒོ་ནས་བྱང་ཆུབ་སེམས་དཔའི་སྡོམ་པ་མནོས་ཏེ། རྡོ་རྗེ་ ཐེག་པའི་སྒོ་ནས་རྒྱུད་སྨིན་པར་བྱེད་པ་ལ། བདེ་མཆོག་འཁོར་ལོ་དང༌། དཔལ་གསང་བ་འདུས་པ་ལ་སོགས་པ་རྒྱུད་སྡེ་བཞི་དང་འབྲེལ་བའི་དབང་བསྐུར་བ་དང༌། རྗེས་སུ་གནང་བ་ཕལ་མོ་ཆེ་དང༌། གྲོལ་བར་བྱེད་པའི་ལམ་ལའང་ལམ་འབྲས་སྦྱོར་དྲུག་ ཆོས་དྲུག་དམར་ཁྲིད་བདེ་མཆོག་རིམ་ལྔ་ལ་སོགས་པ་དུ་མ་དང༌། བཤད་པ་ལ་བརྟག་པ་གཉིས་པ་རྡོ་རྗེ་གུར་སམྦུ་ཊི་རྒྱུད་བླ་མ་ལ་སོགས་པ་རྣམས་གསན་ནོ། །གཞན་ཡང་འགྲོ་བ་དུ་མའི་དཔལ་མགོན་དམ་པ། སྤྱན་སྔ་རིན་པོ་ཆེ་གྲགས་པ་ཤེས་རབ་པ་ དང་། འཕགས་པ་འཇིག་རྟེན་དབང་ཕྱུག་སྙིགས་དུས་ཀྱི་འགྲོ་བའི་དོན་དུ་བྱོན་པའི་རྒྱལ་སྲས་ཐོགས་མེད་བཟང་པོ་དཔལ་དང༌། ཐམས་ཅད་མཁྱེན་པ་བུ་སྟོན་ཞབས་ཀྱི་ཐུགས་སྲས་མཁན་ཆེན་དྷརྨ་ཤྲཱི་བྷ་དྲ་དང༌། འཇམ་དབྱངས་ཤཱཀྱ་རྒྱལ་མཚན་དཔལ་ བཟང་པོ་དང༌། རྒྱལ་བའི་སྲས་པོ་གྲགས་པ་རིན་ཆེན་པ་དང༌། གླན་གྱི་མཁན་བརྒྱུད་འདུལ་བ་འཛིན་པ་ཆེན་པོ་མཁན་ཆེན་གཞོན་ནུ་དབང་ཕྱུག་པ་དང༌། མང་དུ་ཐོས་པ་དང་བསྒོམས་པའི་ཉམས་རྟོགས་ཁྱད་པར་ཅན་གྱི་ནོར་བུས་ཐུགས་ཀྱི་བང་མཛོད་ 2-3-131a བལྟམས་པར་གྱུར་པ་སློབ་དཔོན་ཆེན་པོ་ཚུལ་ཁྲིམས་རྒྱལ་མཚན་པ་དང༌། ལྷག་བསམ་དག་པའི་ཐུགས་ཀྱིས་འགྲོ་བ་དུ་མའི་ཐར་པའི་གོ་སྐབས་འབྱེད་པར་མཛད་པ། སློབ་དཔོན་ཆོས་སྒོ་བ་ཚུལ་ཁྲིམས་བཟང་པོ་དང༌། རིམ་པ་ གཉིས་ཀྱི་ཏིང་ངེ་འཛིན་ལ་བརྟན་པས་མཐུ་ཕུལ་དུ་བྱུང་བ་མངའ་བ་བླ་མ་འབྲི་ཕྱུག་པ་རིན་ཆེན་འབུམ་པ་རྣམས་གུས་པས་བསྟེན་ནས་དབང་རྗེས་གནང་བཤད་པ་ལུང་གང་བཞུགས་པ་རྣམས་ཡོངས་སུ་ཞུས་སོ། །ཁྱད་པར་འགྲོ་མགོན་ཆོས་ཀྱི་རྗེ་ཞི་བའི་དབྱིངས་ ལ་སྙོམས་པར་འཇུག་པ་ལ་ཉེ་བའི་ཚེ། ངེད་ལ་མ་ཐོབ་པའི་བཀའ་ལུང་རྩད་གཅོད་དགོས་རྣམས་མཁན་ཆེན་བྱང་ཆུབ་རྩེ་མོ་ལ་ཞུས་གསུང་པའི་ཞལ་ཆེམས་གུས་པའི་སྤྱི་བོས་མནོས་ནས། རིག་པའི་གནས་ལྔ་ལ་ནི་མཁས་པའི་ཕ་རོལ་ཏུ་སོན། བདག་བས་ གཞན་གཅེས་པའི་བྱང་ཆུབ་ཀྱི་ཐུགས་ནི་འབྱོངས་པར་གྱུར། བདེ་བ་དང་སྟོང་པ་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་ལ་ནི་མངའ་བརྙེས། ཕྱི་ནང་གི་རྟེན་འབྲེལ་བསྒྲིག་པ་ལ་ནི་མཐུ་ཐོགས་པ་མེད་པ་དང་ལྡན། ཆོས་བརྒྱད་ཀྱི་སྣང་བའི་མཚན་མ་ཐམས་ཅད་ནི་ཉེ་བར་ ཞི་བར་གྱུར་པའི་མཁས་གྲུབ་དམ་པ་ལོ་ཙྪ་བ་ཆེན་པོ་བྱང་ཆུབ་རྩེ་མོ་སྤྱན་དྲངས་ནས་གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་པ་དང་བཅས་པ། གསང་འདུས་བདེ་མཆོག་རྩ་རྒྱུད་གདན་བཞི་རྣམས་ཀྱི་བཤད་པ་དང༌། སྦྱོར་དྲུག་ གསང་འདུས་རིམ་ལྔ་བསྙེན་བསྒྲུབ་ནེ་གུ་ཆོས་དྲུག་ལ་སོགས་པའི་ཁྲིད་དང༌། དཔལ་མཆོག། རྩེ་མོ། རིགས་བསྡུས་ལ་སོགས་པའི་དབང་དང་དཔག་ཏུ་མེད་པའི་ལུང་གིས་རྗེས་སུ་བཟུང་བར་གྱུར་ཏོ། །དེ་ལྟར་ན་བདག་ཉིད་ཆེན་པོ་འདིས་བཤེས་ 2-3-131b གཉེན་དམ་པ་དེ་རྣམས་ལ། རྒྱ་གར་ནས་བོད་དུ་འགྱུར་བའི་སྔགས་དང་མཚན་ཉིད་ཀྱི་དབང་བཤད་པ་ལུང་མན་ངག་ཕལ་ཆེར་མ་གསན་པ་མི་སྣང་ཞིང༌། བོད་ཀྱི་རྗེ་ས་སྐྱ་པ་ཡབ་སྲས་ཐམས་ཅད་ཀྱི་བཀའ་འབུམ་དང༌། འཇིག་རྟེན་མགོན་པོ་དཔལ་ཕག་མོ་གྲུ་པ་ དང༌། ཆོས་རྗེ་འབྲི་ཁུང་པ་དང༌། རྗེ་སྤྱན་སྔ་རིན་པོ་ཆེ་ཡབ་སྲས་ཀྱི་བཀའ་འབུམ་ལ་སོགས་པ་གྲགས་ཆེ་བ་ཕལ་མོ་ཆེ་ལ་གསན་པ་མཛད་པ་ནི། འདིར་ཚིག་མངས་སུ་དོགས་ནས་མ་བྲིས་ཏེ། རྒྱས་པར་དེ་ཉིད་ཀྱི་གསན་ཡིག་ཏུ་བལྟས་པས་ངོ་མཚར་བའི་སྣང་ བ་སྐྱེད་པར་བྱེད་དོ། །གཅིག་གིས་ལྷག་པའི་ཡོངས་འཛིན་བཅུ་ཕྲག་གཅིག །གཅིག་པུ་འགྲན་ཟླ་བྲལ་བ་གཏན་གྱི་སྐྱབས། །སྐྱབས་གསུམ་ངོ་བོ་རྩ་བའི་འདྲེན་པ་མཆོག །མཆོག་གི་བླ་མ་གསུམ་དང་བཅས་པ་ཡི། །མཛེས་མཛེས་བསྡུས་འདྲའི་ཞལ་གྱི་ བུམ་པ་ནས། །མཁས་མཁས་གསུང་གི་ལེགས་བཤད་བདུད་རྩིའི་རྒྱུན། །ཡང་ཡང་རྣ་བའི་ལམ་དུ་འོངས་པ་ན། །བཤད་བཤད་དོན་ལ་མཐའ་ཡས་མཁྱེན་པ་རྒྱས། །དཔག་མེད་མདོ་དང་རྒྱུད་སྡེའི་ཐོས་པ་འཛིན། །བླ་མེད་བླ་མའི་གསུང་གི་བདུད་རྩིས་ངོམས། ། གྲངས་མེད་འགྲོ་ལ་རྒྱལ་བའི་མཛད་པ་བསྟན། །མཚུངས་མེད་ཁྱོད་ནི་རྒྱལ་བ་གཉིས་པ་བཞིན། །རྒྱ་ཆེན་ལུང་གི་ཐོས་པས་སྒྲོ་འདོགས་བཅད། །སྐྱོན་བྲལ་སྡོམ་པ་གསུམ་གྱིས་རང་རྒྱུད་བཏུལ། །ལུང་རྟོགས་འཁོར་ལོ་གཉིས་ཀྱིས་བསྟན་པ་སྤེལ། །མཉམ་མེད་ ཁྱོད་ནི་བསྟན་འཛིན་གཙུག་གི་རྒྱན། །རབ་རིབ་བྲལ་བའི་བློ་མིག་དང༌། །ཐོས་ལ་དགའ་བའི་འདུན་པ་དང༌། །མཁས་ལ་འདུད་པའི་སྤྱི་གཙུག་དང༌། །ལེ་ལོ་དོར་བའི་བརྩོན་འགྲུས་ཅན། །དེ་དག་གཞུང་ལུགས་ཆུ་གཏེར་ཆེར། །རྣམ་དཔྱོད་གྲུ་ཡིས་ལེགས་ཞུགས་ 2-3-132a ནས། །རང་གཞན་གྲུབ་མཐའི་རྒྱ་མཚོ་ཡི། །ཕ་རོལ་ཏུ་ནི་ཅིས་མི་སོན། །གཞན་ཡང་བདག་ཉིད་ཆེན་པོ་འདིས་རྟོགས་པའི་མཐུ་ཕུལ་དུ་བྱུང་བ་བརྙེས་པའི་ཚུལ་ཡང་འདི་ལྟ་སྟེ། དགུང་ལོ་བཅུ་གསུམ་པའི་ཚེ་བདེ་མཆོག་ལྷན་སྐྱེས་ ཀྱི་སྒོམ་བཟླས་ལ་བཞུགས་པའི་དུས་གཅིག་ན་བསྐྱེད་བཟླས་ལའང་མུན་ཁང་བྱས་ན་དགའ་བའི་རིགས་སུ་འདུག་གསུང་ནས་མུན་ཁང་དུ་ཐུགས་དམ་མཛད་པའི་སྔ་དྲོ་ཞིག་ལྷའི་ཏིང་ངེ་འཛིན་བརྟན་པའི་ཚེ། རོལ་མོའི་སྒྲ་སིལ་སིལ་ཞིག་གསན་ པས་ལུས་ཀྱི་སྤུ་ལོང་གཡོ་བཞིན་པའི་ངང་ནས། ནམ་མཁའ་ལ་བདེ་མཆོག་ལྷན་སྐྱེས་ཀྱི་རྣམ་པ་མང་པོ་བྱོན་ནས་ལུས་ལ་ཐིམ་པ་སྙམ་བྱེད་པ་བྱུང་བ་དང༌། ཆོས་ཀྱི་རྗེ་ལོ་ཙཱ་བ་ཆེན་པོའི་དྲུང་དུ་ཡན་ལག་དྲུག་གི་རྣལ་འབྱོར་ཞུས་པའི་ཚེ་སོར་སྡུད་ཀྱི་ ཏིང་ངེ་འཛིན་གྱིས་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་རྣམས་གསལ་བར་གཟིགས་ཤིང༌། གཞན་རྒྱུད་ཀྱི་སེམས་ཀྱི་རྒྱུ་བ་ཕྲ་མོའང་མཁྱེན་པ་ལ་སོགས་པ་དང༌། མཐོང་སྨོན་དུ་བཞུགས་དུས་ཞིག་གི་ཚེ། ཐིག་ལེ་ཁ་དོག་རྣམ་པ་ལྔའི་དབུས་ སུ། དེ་བཞིན་གཤེགས་པའི་སྐུ་མཚན་དཔེས་སྤྲས་པ་དུ་མ་གཟིགས་ཤིང༌། གཞན་ཡང་སྟོང་གཟུགས་ཀྱི་ལྷག་པའི་ལྷ་ལ་བདེ་མཆོག་རིམ་པ་ལྔ་པ་གསན་པ་དང༌། མཉམ་གཞག་ལ་བཞུགས་པའི་ཚེ་ལུས་ཀྱི་རྩ་རྣམས་ཀྱི་གནས་ཚུལ། རླུང་གི་ཁ་དོག་དང་རྒྱུ་བའི་ཚུལ་རྣམས་ཇི་ལྟ་བ་བཞིན་གཟིགས་པ་དང༌། ཆོས་རྗེ་ལོ་ཙཱ་བ་ཆེན་པོའི་སྐུ་གདུང་གིས་ཕྱག་ཕེབས་པ་ལ་བསྒྲུབ་མཆོད་དང༌། གསོལ་འདེབས་མཛད་པའི་རྗེས་སུ་སྒྲ་སྒྱུར་ཆེན་པོའི་ཐུགས་རྗེ་དང༌། རང་ཉིད་ཀྱི་ 2-3-132b རླབས་པོ་ཆེའི་དད་པ་དང༌། དམ་ཚིག་དང་སྡོམ་པ་རྣམ་པར་དག་པའི་མཐུས་ཟླ་ཕྱེད་ཙམ་གྱི་བར་དུ་བསམ་གཏན་གྱི་བདེ་བའི་རོ་ཁྱད་པར་ཅན་རྒྱུན་དུ་བྱུང་བས་ཟས་ཀྱི་སྲེད་པ་དང་བྲལ་ཞིང་ཕྱི་ནང་གང་དུ་བཞུགས་ཀྱང་རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་འགག་མེད་དུ་ འཆར་བ་དང༌། སྙིང་རྗེ་ཆེན་པོ་རྩོལ་མེད་དུ་སྐྱེ་བ་དང༌། མནལ་ལམ་དུ་ཆོས་རྗེ་དེ་ཉིད་ལ་ཆོས་མང་པོ་གསན་པ་དང༌། དག་པའི་ཞིང་མང་པོར་བགྲོད་པ་ལ་སོགས་པའི་ཉམས་རྟོགས་ཁྱད་པར་ཅན་རྣམས་འཁྲུངས་སོ། །རྡོ་རྗེའི་ལུས་ལ་རྡོ་རྗེའི་རྣལ་འབྱོར་གྱིས། ། གནད་དུ་བསྣུན་པས་གནད་དོན་ཕྱག་རྒྱ་ཆེ། །དམིགས་བཅས་སྟོང་ཉིད་དམིགས་མེད་སྙིང་རྗེས་འཁྱུད། །ཟུང་དུ་འབྲེལ་བ་ཟུང་འཇུག་དབུ་མའི་ལམ། །ཀུན་རྟོག་རྙོག་པའི་དྲི་མས་དག །མི་རྟོག་ཡན་ལག་དྲུག་གི་མཚོར། །འདབ་སྟོང་སྟོང་གཟུགས་རྫོགས་པ་ལ། ། མི་འགྱུར་འགྱུར་མེད་བུང་བས་རྩེན། །ཟླ་ཉིའི་བགྲོད་པ་ཟླ་བའི་དགྲ་ཡིས་ཟོས། །འཕོ་བའི་དྲི་མ་འཕོ་མེད་ཆུ་ཡིས་བཀྲུས། །སྲོག་འཛིན་ཐུར་སེལ་སྲོག་རྩོལ་ལམ་གྱིས་བསྲེས། །མི་འགྱུར་བདེ་བ་མི་མཆོག་ཁྱོད་ཀྱིས་བརྙེས། །གཞན་ཡང་གདན་ས་རིན་པོ་ཆེར་ བཞུགས་པའི་ཚེ། བླ་མ་རྡོར་འཛིན་པ་དགེ་བ་ལ་སྦྱོར་འདོད་པའི་འཕྲོ་ཞིག་ལ་ཡུན་རིང་མོ་ཞིག་ཙོག་པུའི་ངང་ནས་གཉིད་དུ་སོང་བའི་སང་གི་སྔ་དྲོ་དང་པོ་ལ་ཤོག་གསུང་བའི་ཞལ་ཏས་སྐུ་མདུན་དུ་འོངས་པ་ན། ཁོང་གི་ཀུན་སྤྱོད་ཀྱི་ལད་མོ་ཇི་ལྟ་བ་བཞིན་མཛད་ ནས་བསྟན་པ་མཐོང་བ་དང༌། བླ་མ་རིན་པོ་ཆེ་བདག་གིས་དེ་འདྲ་ཅིག་བགྱིས་ལགས་ཟེར་ནས་དད་པའི་ཤུགས་ཀྱིས་མིག་མཆི་མས་གང་བར་གྱུར་ཏོ། །དེ་བཞིན་དུ་ཁྲིད་གཉེར་བ་དགེ་བཤེས་ཀུན་ཡེས་ཀྱིས་མཚམས་ལ་སྡོད་པའི་ཞུ་བ་ཕུལ་ནས་ཞག་ 2-3-133a བཅུ་སོང་བ་དང༌། སློབ་དཔོན་གྲགས་ལེགས་པ་ལ་ཁྲིད་གཉེར་བ་ཇི་བཏུང་བར་འདོད་ནས་ཁང་སར་ཐོག་ན་ཡོད་མཆི་བ་ཁྲིད་ཤོག་གསུངས་པས། ཁོང་མཚམས་ལ་སྡོད་པར་ཞུས་ནས་ཞག་མང་མི་འགྲོ་བས་མེད་མཆི་ཞུས་པ་ན། ཡོད་མཆི་བས་ད་ལྟ་བོས་ཤོག་གསུང་བ་ལྟར་ཕྱིན་པས། ཇི་ལྟར་གསུང་པ་བཞིན་འདུག་པ་ལ། ཞལ་ཏ་བསྒྱུར་བས། རྗེ་རིན་པོ་ཆེ་ལ་ཐུགས་མཁྱེན་མངའ་བར་འདུག །དེ་བཞིན་དུ་བསམས་ནས་འོངས་པ་ཡིན་ཞེས་སྨྲས་ནས་དྲུང་དུ་ཕྱིན་ནོ། །ཡང་ སློབ་དཔོན་གྲགས་ལེགས་པ་རླུང་སྦྱོར་བསྒོམ་ཞིང་མཚམས་ལ་ཡོད་པ་ནི། སེམས་མི་བདེ་ཞིང་ལུས་ཀྱི་སྟོད་གཟེར་བ་ཞིག་བྱུང་བའི་ཚེ། སྐུ་མདུན་དུ་མྱུར་པོར་ཤོག་གསུང་པའི་ཞལ་ཏ་བྱུང་བས་མཚམས་གྲོལ་ཏེ་མཇལ་ནས་ཕྱག་ཕུལ་ བ་ན། རླུང་སྦྱོར་བསྒོམ་ཞིང་ཡོད་དམ་གསུང༌། ཆེར་མེད་ལགས་ཞུས་པས། རྫུན་མི་དགོས་སྒོམ་པར་ཡོད་འདུག་པས། དེ་ལ་གེགས་ཡོད་པ་ཡིན། ཞག་པར་འདིར་སྡོད་ལ་འཕྲལ་གྱི་བྱ་བ་ལ་བརྩོན་པར་གྱིས་གསུང་བ་བཞིན་བསྒྲུབས་པས། སྲོད་ཀྱི་སྒྲུབ་མཆོད་ཅིག་གི་དུས་སུ། ཁྱོད་ལ་རླུང་སྦྱོར་གྱི་ཡོན་ཏན་ཞིག་སྐྱེ་འདོད་པའི་དུས་སུ་བར་ཆད་ཅིག་འོང་བར་འདུག་པས་གེགས་སེལ་ཐབས་བྱས་པ་ཡིན། ད་སོང་ལ་བསྒོམ་ལུགས་འདི་ལྟར་གྱིས་ལ་སྒོམས་ཤིག་གསུང་བ་དང་ལྷག་པར་ ཡང་དད་དོ། །གཞན་ཡང་བྱི་བ་ལོ་ཟླ་བ་བཞི་པའི་ཚེས་གཅིག་གི་ཉིན་ཡབ་ལ་བསྙེན་པར་རྫོགས་པ་བྱེད་པ་ལ་ཤོག་གསུང་བའི་ཞལ་ཏེ་བསྐུར་བ་ན། རེ་ཤིག་མི་འོང་བའི་དུ་བའི་བྱུང་བས། ཁྱེད་གྲོངས་ནས་བསྙེན་རྫོགས་བྱེད་པ་མིན་མཆི། དེ་ལྟ་མིན་ 2-3-133b ན་མྱུར་པོར་ཤོག་གསུང་བའི་ཞལ་ཏ་བསྐུར་ནས་དེ་མ་ཐག་བསྙེན་རྫོགས་མཛད། དེ་ནས་ཟླ་བ་དེའི་ཉེར་ལྔ་ལ་ཡབ་ཞི་བར་གཤེགས་སོ། །དེ་ལྟར་ན་དེ་ལྟ་བུའི་རྣམ་པར་ཐར་པ་ལ་དཔགས་ན། ཤིན་ཏུ་ལྐོག་ཏུ་གྱུར་པའི་ཡུལ་རྣམས་ལ་ཡང་མངོན་དུ་གྱུར་ པའི་མཁྱེན་པ་འཇུག་པར་ཁོང་དུ་ཆུད་དོ། །དུས་གསུམ་ཤེས་བྱའི་གཟུགས་བརྙན་མ་ལུས་པ། །ཏིང་འཛིན་མེ་ལོང་ནང་དུ་ལྷང་ངེ་བ། །གཞན་ལ་ལྐོག་ཏུ་གྱུར་པའི་གཞན་གྱི་སེམས། །གསལ་སྟོང་ཐུགས་ཀྱི་ཡུལ་དུ་གསལ་བར་གྱུར། །ཤེས་བྱ་ཀུན་ལ་ སྒྲིབ་མེད་སྤྱན། །སྤྱན་རས་གཟིགས་དང་འཇམ་པའི་དཔལ། །དཔལ་ལྡན་གསང་བའི་བདག་པོ་ཀུན། །ཀུན་མཁྱེན་ཁྱོད་དང་དབྱེར་མ་མཆིས། །རྡོ་རྗེའི་ལུས་ཀྱི་རྩ་རླུང་ཐིག་ལེའི་གནད། །མ་ལུས་མངོན་དུ་གྱུར་པས་གདུལ་བྱ་ཡི། །ནང་གི་རྟེན་འབྲེལ་སྒྲིག་ ལ་མངའ་བརྙེས་པ། །རྣལ་འབྱོར་དབང་ཕྱུག་ཁྱོད་ནི་གྲུབ་པའི་མཆོག །གཞན་ཡང་ཟེ་སྔོན་གྱི་རིའི་སྟེང་གི་ནམ་མཁའ་ལ་སྤྱན་རས་གཟིགས་བཅུ་གཅིག་ཞལ་རྣམ་པ་གསལ་པོ་ཞིག་བྱོན་ནས་ང་ལ་ཡི་དམ་བྱེད་ན་སྨྱུང་གནས་ཀྱིས་གསུང་བ་ལ་བརྟེན་ནས། ཟླ་བ་བྱུ་ངོ་ཅོག་གི་བཅོ་ལྔ་ལ། སྨྱུང་གནས་མ་ཆག་པར་མཛད་པ་དང༌། །མནལ་ལམ་དུ་འཇིག་རྟེན་གྱི་མགོན་པོ་རིན་པོ་ཆེ་དཔལ་ཕག་མོ་གྲུ་པ་བྱོན་པ་ལ་ཆོས་གསན་པ་དང༌། ལྷ་སར་སྤྱན་རས་གཟིགས་ཀྱི་དྲི་གཙང་ཁང་གི་ནང་དུ་གཞན་གྱིས་ མ་ཚོར་བའི་དྲི་ཕུན་སུམ་ཚོགས་པ་རྒྱུན་མི་ཆད་དུ་ཚོར་བ་དང༌། མནལ་ལམ་དུ་ལྷ་སའི་སྐོར་ས་ཐམས་ཅད་འཇའ་འོད་ཀྱིས་གང་བའི་གསེབ་ན་དགེ་སློང་བླ་གོས་དང་སྣམ་སྦྱར་སྦྲགས་པ་ཞིག་གི་ཕྱག་ན་དར་དཀར་པོ་བཟུང་བ་ཞིག་གིས་དར་འདི་ 2-3-134a ལ་འཇུས་ན་བདེ་བ་ཅན་དུ་འགྲོ་ཞེས་གསུང་པ་ལ། འདིར་ཕྱག་མཆོད་བྱེད་པ་དང༌། རེ་ཞིག་ལ་མི་འགྲོ་གསུང་བའི་སྣང་བ་བྱུང་བ་དང༌། མུན་ཁང་དུ་དཔལ་དུས་ཀྱི་འཁོར་ལོའི་རྣལ་འབྱོར་དང་བདེ་མཆོག་གི་བསྐྱེད་རིམ་གྱི་ཏིང་ངེ་འཛིན་ མཛད་པའི་ཚེ། སྐུ་དང་རྒྱན་དང་ཕྱག་མཚན་གྱི་འོད་སྤྱན་གྱིས་ལྟ་མི་བཟོད་པ་སྙམ་བྱེད་པ་བྱུང་བ་དང༌། དག་པའི་སྣང་བ་ཅན་གྱི་གང་ཟག་གཞན་གྱིས་ཀྱང་ངོ་མཚར་བའི་གནས་སུ་མཐོང་བའི་རིམ་པ་ནི། ཡར་ཀླུངས་འཕྱོས་སུ་ཐུགས་བསྐྱེད་གསུངས་ བའི་དུས་སུ་བསྟན་པ་རིན་པོ་ཆེའི་རྩ་ལག་མཁས་པའི་དབང་པོ་སྙེ་ཐང་བ་བཀྲ་ཤིས་སེང་གེས། དབུའི་སྟེང་ན་རྗེ་བཙུན་མི་ཕམ་པ་བྱམས་བཞུགས་མཛད་པ་གསེར་བཙོ་མའི་མདོག་ཅན་ལམ་པ་ཅིག་གཟིགས་པ་དང༌། རྟོགས་ལྡན་ཚུལ་རྒྱལ་བས་ སྐུ་མདུན་དུ་དགེ་བ་ལ་སྦྱོར་འདོད་པའི་དུས་གཅིག་ན་སྤྱན་རས་གཟིགས་ཞལ་གཅིག་ཕྱག་བཞི་པར་མཐོང་ནས། དེ་ལ་སེམས་ཟིན་པ་རིང་རབ་ཅིག་བྱུང་བས་ལོ་མང་པོ་ཞིག་ཏུ་སྒྲུབ་པ་བྱས་པ་བས་བོགས་ཆེ་བ་བྱུང་བ་དང༌། ཀ་བཞིའི་སྟེང་ན་སྐོར་བ་ མཛད་པའི་ཚེ་ཤོད་ནས་ཆོས་ཁང་བླ་མཆོད་ཀྱིས་ཕྱག་བཙལ་ནས་བལྟས་པ་ན། སྤྱན་རས་གཟིགས་སུ་མཐོང་བ་ལ་སོགས་པ་ངོ་མཚར་བའི་རྣམ་པར་ཐར་པ་ནི་མཐའ་ཡས་སོ། །ངུར་སྨྲིག་རྟགས་ཀྱིས་མཚན་པའི་འོད་དཔག་མེད། །བརྩེ་བའི་ གཏེར་ལས་འཁྲུངས་པའི་སྤྱན་རས་གཟིགས། །སྤྱི་གཙུག་རྒྱན་དུ་མཛེས་པའི་མི་ཕམ་མགོན། །རྒྱལ་དང་རྒྱལ་བའི་སྲས་ཀྱིས་རྗེས་སུ་བཟུང༌། །ཁྱོད་དང་འཇིག་རྟེན་དབང་ཕྱུག་ལ། །ཡན་ལག་རྒྱན་གྱིས་སྟོང་པ་དང༌། །རལ་པའི་ཁུར་ནི་དོར་བ་ཡི། ། 2-3-134b ཁྱད་པར་འདི་ཙམ་ཞིག་ཏུ་ཟད། །ཡང་ན་སྙིང་རྗེའི་གཞན་དབང་གྱུར་པ་དང༌། །འགྲོ་བའི་སྡུག་བསྔལ་བདག་གིར་མཛད་ནས་སུ། །སྤྱན་རས་གཟིགས་ཀྱི་འཕྲིན་ལས་སྒྲུབ་པས་ན། །ཁྱད་པར་ཅུང་ཟད་ཙམ་ཡང་མེད་པར་ངེས། །གཞན་ཡང་བདག་ཉིད་ཆེན་པོ་འདི་ བསྙེན་པར་རྫོགས་ནས་དགེ་སློང་གི་རྟགས་དང་རྡོ་རྗེ་འཛིན་པའི་ཀུན་ཏུ་སྤྱོད་པ་རྣམས་དང༌། དཔལ་ལྡན་བླ་མ་ཆོས་ཀྱི་རྗེ་དང༌། སྤྱན་སྔ་རིན་པོ་ཆེ་གྲགས་པ་ཤེས་རབ་པ་དང༌། སྒྲ་སྒྱུར་ཆེན་པོ་རྩེ་མོའི་ཞབས་དང་གསུམ་གྱི་སྐུ་དང་འབྲལ་མེད་དུ་མཛད་པ་དང༌། སྤྱིར་རང་གི་བླ་མ་གང་ཡིན་དང་ཁྱད་པར་དུ་མཆོག་གི་བླ་མ་གསུམ་གྱི་མཚན་ཐོས་པ་ཙམ་གྱིས་བ་སྤུ་འཁྲུགས་ཕྱག་ཐལ་མོ་སྦྱར། ཟླ་མཆོད་མ་ཆག་པར་མཛད་པ་དང༌། དགེ་བའི་རྩ་བ་ཆུང་ངུ་ཙམ་སྒྲུབ་པ་གསན་ནའང་དབུལ་པོས་གཏེར་རྙེད་པ་ལྟ་བུའི་ དགའ་བ་བསྒོམ་པ་དང༌། ཡི་རང་མཛད་ཅིང་སྐུ་གསུང་ཐུགས་ཀྱི་རྟེན་དང༌། སྐྱེས་བུ་དམ་པ་རྣམས་འཁྲུངས་པ་དང༌། ཆོས་གསུངས་པ་དང༌། ཉམས་ལེན་མཛད་པའི་གནས་ཐམས་ཅད་དུའང་ཆིབས་པ་གཞོལ་ནས་ཕྱག་མཆོད་མཛད་ཅིང་སྨོན་ལམ་ འདེབས་པ་དང༌། ཡུལ་ཕྱོགས་སུ་འཁྲུག་པ་དང༌། ཡམས་ལ་སོགས་པས་ཉེ་བར་གཙེས་པ་གསན་པ་ན་སྤྱན་ཆབ་འདོན་སྙིང་རྗེ་ཆེན་པོ་སྐྱེ། སྦྱོར་བས་དེ་དག་ཞི་བའི་ཐབས་ལ་རྩོལ་བ་ལྷུར་ལེན་ཅིང་བསམ་པས་ལྷག་པའི་ལྷ་ལ་གནོད་པ་དེ་དག་ཞི་ བའི་གསོལ་བ་འདེབས་པ་བཅོས་མ་མ་ཡིན་པ་མཛད་དོ། །དེ་བཞིན་དུ་ལུང་དང་རྟོགས་པས་གཞན་རྗེས་སུ་བཟུང་བའི་ཚུལ་ཡང་རྒྱ་ནག་ཡན་ཆད། ཁ་ཆེ་ཕྱིན་ཆད་ཀྱི་བགྲང་ལས་འདས་པའི་གདུལ་བྱ་རྣམས་ལ་རང་རང་གི་སྐལ་བ་དང་འཚམ་པར་ 2-3-135a ཡིད་ཐར་པའི་ལམ་གྱི་སྣོད་དུ་འཛིན་པའི་གསལ་བའི་དབྱེ་བ་ནི་བརྗོད་པར་མི་ནུས་ཤིང༌། རགས་པ་ཙམ་ནི། འཇམ་དབྱངས་ཆེན་པོ་ཤཱཀྱ་རྒྱལ་མཚན་དཔལ་བཟང་པོས། །ཆོས་རྗེ་འཇམ་པའི་དབྱངས་བསོད་ནམས་རྒྱལ་མཚན་གྱིས་གཙོ་ མཛད་པའི་དབུས་ཕྱོགས་ཀྱི་ཡོངས་ཀྱི་དགེ་བའི་བཤེས་གཉེན་དགེ་འདུན་ཁྲི་ཕྲག་གསུམ་ལྷག་དང་བཅས་པ་སྤྱན་དྲངས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་སུ། གསང་བདེ། ཟུལ་སྐྱོར། རྩེས་ཐང་གུང་ཐང་ལ་སོགས་པའི་འདུས་པ་རྒྱ་མཚོ་ལྟ་བུ་རྣམས་ལ་ ཐེག་པ་ཆེན་པོ་རྒྱུད་བླ་མ་གསུངས་པས། གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་རིང་ནས་སྦྱངས་པའི་མཁས་པ་རྣམས་ཀྱང་ཐུགས་ནི་ཤིན་ཏུ་ཚིམ་ཞིང༌། ཐམས་ཅད་ཀྱང་དད་པའི་སྤུ་ལོང་གཡོ་བར་མཛད་པ་དང༌། གདན་ས་རིན་པོ་ཆེར་རི་པ་བདུན་བརྒྱ་ཙམ་དབྱར་ དགུན་ཟླ་བ་གཉིས་གཉིས་སུ་མཚམས་བཅད་ནས་ཐུགས་དམ་ལྷུར་ལེན་པའི་ཞལ་ཏ་གནང་ནས། དེ་དག་གི་ཆོས་དང་ཟང་ཟིང་གི་མཐུན་རྐྱེན་ཕུན་སུམ་ཚོགས་པ་མཛད་ཅིང༌། ཁྲིད་བཏབ་པའི་ཚེ་ཡང་དེ་དག་གིས་ལུས་ཀྱི་རྩ་གནས་ལ་སོགས་པ་ཇི་ལྟ་བ་ བཞིན་མཐོང་བ་དང༌། སྐྱིལ་ཀྲུང་མ་ཞིག་པར་རྩིག་པ་ལ་འགྲོ་ནུས་པ་བྱུང་ཞིང༌། དེ་དག་སྐུ་མདུན་དུ་མཇལ་བ་ནའང༌། ལ་ལས་སྤྱན་རས་གཟིགས་སུ་མཐོང་བ་དང༌། ལ་ལས་ལྷ་གཞན་དུ་མཐོང་བ་ལ་སོགས་པའི་ངོ་མཚར་བའི་ལྟས་ཀྱིས་ཐུན་མོང་མ་ཡིན་ པའི་དད་པ་ཐོབ་པ་དང༌། འཇིག་རྟེན་མགོན་པོ་ཡབ་སྲས་ཀྱི་བཀའ་འབུམ་གསུངས་པ་དང༌། སེམས་བསྐྱེད་ཆེན་མོ་མཛད་རེས་ཀྱིས་མེ་ཏོག་གི་ཆར་རྩོད་མེད་དུ་བབ་པ་དང༌། ཆོས་ཁང་སོ་མ་རབ་ཏུ་གནས་པ་མཛད་པའི་ཚེ། མེ་ཏོག་དོར་བ་ནམ་མཁའ་ལ་རྟེན་ 2-3-135b མེད་དུ་ཆགས་པ་ཀུན་གྱིས་མཐོང་བས་དད་པར་གྱུར་པ་དང༌། དྲུང་དུ་བསྡད་པ་ཀུན་ཀྱང་ཚུལ་ཁྲིམས་ཀྱི་དྲི་གཙང་མས་ཡིད་འཕྲོག་པར་བྱེད་དོ། །མཁའ་གོས་གློག་གི་ཕྲེང་བས་གཏམས་པ་ལྟར། །ཕྱི་ཡི་ཀུན་སྤྱོད་སོ་སོར་ཐར་པས་མཛེས། །ལྷུན་པོ་ཉི་ཟླའི་སྐ་ རགས་བཅིངས་པ་བཞིན། །ནང་གི་ཐུགས་ནི་རིམ་གཉིས་ཟབ་མོས་བསྟར། །བརྩེ་དང་མཁྱེན་པ་ཐུགས་ལ་བསྡུས། །ཁྲོ་དང་རྨོངས་པ་རིང་དུ་བསྐྲད། །ལྷ་དང་བླ་མའི་ཏིང་འཛིན་ལ། །དྲན་དང་ཤེས་བཞིན་འབྲལ་བ་མེད། །མཁས་མང་དབུས་ན་ཡོན་ཏན་གཏེར་ཆེན་ ཁྱོད། །རབ་བརྗིད་སེང་གེའི་ཁྲི་ལ་སེང་གེ་བཞིན། །ཞུམ་མེད་ཐུགས་དང་ཚངས་དབྱངས་ང་རོ་ཡིས། །ཁྲི་ཕྲག་འཁོར་ལ་འཁོར་ལོ་གསུམ་པ་བསྐོར། །སླར་ཡང་ཀུན་བཟང་ནགས་ཁྲོད་དུ། །རྒྱུད་སེ་པདྨོ་ལས་འོངས་པའི། །རྫོགས་རིམ་ཟབ་མོའི་སྦྲང་རྩིའི་རོས། །སྐལ་ ལྡན་བུང་བ་ཚིམ་པར་མཛད། །ཉིན་བྱེད་འཆར་ཀའི་མདངས་ལས་ཆེས་ལྷག་པའི། །སྐུ་ཡི་དཀྱིལ་འཁོར་མཐོང་བར་གྱུར་མ་ཐག །མིག་གི་འབྲས་བུར་མཆི་མའི་ཆུ་ཐིགས་གཡོ། །ལག་པའི་ཐལ་མོ་སྙིང་གར་ཟུམ་པར་བྱེད། །བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་གྲགས་པ་བྱང་ཆུབ་དཔལ་བཟང་པོའི་རྟོགས་པ་བརྗོད་པའི་སྙན་དངགས་བྱིན་རླབས་ཀྱི་ལྷུན་པོ་ཞེས་བྱ་བ་ལས། ལུང་དང་རྟོགས་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྟོགས་པ་བརྗོད་པའི་བང་རིམ་སྟེ་གསུམ་པའོ།། །། རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག །མིག་གིས་བལྟ་བས་མི་ངོམས་དབྱངས་ཅན་མ། །མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག །ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད། །དེ་ལྟ་བུའི་བདག་ཉིད་ཆེན་པོ་འདིས་སྐལ་བ་དང་ལྡན་པའི་གདུལ་བྱ་ 2-3-136a རྣམས་ཀྱི་རྒྱུད་སྨིན་པར་བྱས་པའི་མཐར། གླང་ལོ་ནས་སྐུ་བསྙུང་བའི་ཚུལ་བསྟན་ཅིང༌། དེའི་ཚེའང་ཐེལ་ཤོད་ཀྱི་ནང་སོ་གཉིས་ཀྱིས་ཐོག་དྲངས་ནས་བུ་སློབ་སྤྱི་བྱེ་བྲག་དང་བཅས་པས་བླ་མ་དང་དཀོན་མཆོག་ལ་ནི་བཅོས་མ་མ་ཡིན་པའི་ གསོལ་བ་བཏབ། དཔག་ཏུ་མེད་པའི་དགེ་འདུན་ལ་ནི་གྱ་ནོམ་པའི་བསྙེན་བཀུར་གྱིས་མཆོད། བསྟན་སྐྱོང་གི་ཚོགས་རྣམས་ལ་ནི་བསྟན་པ་རིན་པོ་ཆེ་ཡུན་རིང་དུ་གནས་པའི་འཕྲིན་ལས་གཞོལ་བའི་ཆེད་དུ་ཉིན་མཚན་བར་མ་ཆད་དུ་འབད་པའི་ཤུགས་དྲག་ པོ་བསྐྱེད་དོ། །དེ་ལྟར་བྱས་ཀྱང་གསོལ་བ་མི་ཐོབས་པའི་སྔ་ལྟས་སུ་བསམ་གཏན་པ་རྣམས་ཀྱི་མནལ་ལམ་དུ། ཟེ་སྔོན་གྱི་རི་ཉིལ་བ་དང༌། ཐེལ་གྱི་གླིང་རྣམས་ཕག་གྲུའི་རོངས་སུ་ལྷུང་བ་དང༌། གསེར་འབྲུ་སྟེང་དུ་ཁྱེའུ་དང་བུ་མོ་གོས་བཟང་པོ་བགོས་ ཤིང་མེ་ཏོག་གི་ཐོད་དང་ཕྲེང་བ་བཅིངས་པ་མང་པོ་རིན་པོ་ཆེའི་ཁྲི་འོད་འབར་བ་ཞིག་བཏེག་ནས་འདུག་པ་ལ་བདག་ཉིད་ཆེན་པོ་འདི་བླ་གོས་ངུར་སྨྲིག་ཅིག་གསོལ་ནས། ཁྲི་དེའི་སྟེང་དུ་བྱོན་པ་དང༌། ནམ་མཁའ་ལ་གཤེགས་སོ། །དེའི་ཚེ་བདག་རྗེས་སུ་ བཟུང་དུ་གསོལ་ཞེས་གསོལ་བ་བཏབ་པ་ན་ཕྱིར་ལ་ཞལ་ཕྱོགས་ནས་ཕྱག་བརྐྱང་བའི་སྣང་བ་བྱུང་ཞིང༌། དེ་དག་གི་རྒྱུ་མཚན་རྣམས་ཞུ་བར་བྱའོ་སྙམ་དུ་གཉིད་ལས་སད་པ་དང༌། ཡང་ཨ་ཙ་ར་རས་དཀར་པོའི་གོས་གྱོན་ཞིང་དུང་ལོང་གིས་རྣ་བ་ བརྒྱན་པ་ཞིག་གིས་སེང་གེ་གཅིག་ཁྲིད་ནས་བྱུང་བ་ལ་བདག་ཉིད་ཆེན་པོ་འདིས་ཕྱག་གཡས་ན་རྡོ་རྗེ་དང༌། གཡོན་པས་བུད་མེད་གཅིག་གི་ཕྲག་པ་ལ་བརྟེན་པ་ལྷོ་ནུབ་མཚམས་ཀྱི་ནམ་མཁའ་ལ་གཤེགས་པ་དང༌། ཉི་མ་དང་ཟླ་བའི་དཀྱིལ་འཁོར་ 2-3-136b ཤར་མ་ཐག་ནུབ་པ་ལ་སོགས་པའི་མཚན་མ་རྣམས་བྱུང་ངོ༌། །ཟེ་སྔོན་ཟེ་བའི་ཏོག་ནི་ཉིལ་བ་དང༌། །གླིང་རྣམས་གླིང་གི་འོག་ཏུ་ལྷུང་བ་ཡི། །རྨི་ལམ་རྨི་བའི་མཚན་མ་མཐོང་བ་ན། །ཡིད་ལ་ཡིད་མི་བདེ་བའི་ཟུག་རྔུས་ཁྱབ། །གསེར་མདོག་ཆུ་འཛིན་མཁའ་ ལ་རྒྱུ་བ་བཞིན། །ལྷ་ཡིས་ལམ་ནས་འོངས་པའི་རིན་ཆེན་ཁྲི། །གངས་རི་བར་སྣང་དབྱིངས་སུ་གཡོ་འདྲ་ཡི། །རི་དྭགས་རྒྱལ་པོའི་བཞོན་པ་སྣང་བ་ནི། མ་ཕམ་རྒྱལ་བའི་ཕོ་ཉ་བ། །མེ་ཏོག་ཐོད་ཀྱི་མཛེས་རྣམས་ཀྱིས། །མུ་མཐའ་བྲལ་བའི་ལུས་ཅན་སྐྱབས། ། ༔མི་ཡི་ཡུལ་ནས་སྤྱན་འདྲེན་ལྟས། །དེ་ཚེ་མི་རུང་འཇིགས་པ་སྟེར་བྱེད་པའི། །མི་དགེའི་མཚན་མ་མཐོང་ཞིང་ཐོས་པ་ཀུན། །བཞིན་ལ་འཛུམ་བྲལ་སྒྲ་ཡི་སྦྱོར་བ་ཞན། །མིག་གི་ལྟ་སྟངས་དམའ་ཞིང་ཤུགས་རིངས་འདོན། །དེ་ལྟར་བདག་ཉིད་ཆེན་པོ་ འདིས། །གདན་ས་རིན་པོ་ཆེར་ཆོས་ཀྱི་རྒྱལ་སྲིད་ལོ་བཅུ་དྲུག་གི་བར་དུ་བསྐྱངས་ནས། གླང་ལོའི་དགུན་ཚོགས་ཁྲིད་གསུང་བ་ལ་བྱོན་ཏེ། འཁོར་འདུས་པ་རྒྱ་མཚོ་ལྟ་བུ་རྣམས་ལ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་རིན་པོ་ཆེ་མིག་གི་འབྲས་བུ་ལྟར་ གཅེས་པར་སྲུང་བ་དང༌། བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དང་མི་འབྲལ་བར་བྱེད་པ་དང༌། རང་རེའི་བརྒྱུད་པ་འདི་བཀའ་ཕྱག་གཉིས་སུ་མེད་པ་བྱ་བ་ཡིན་པས། ཕྱིའི་ཀུན་སྤྱོད་ལེགས་པར་གསུངས་པའི་ཆོས་འདུལ་བ་དང་མཐུན་ ཞིང་ནང་དུ་རྒྱུད་སྡེ་རིན་པོ་ཆེའི་དགོངས་པའི་བཅུད་རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་བརྩོན་པ་ཤིན་ཏུ་གལ་ཆེ་བ་དང༌། ཕྱོགས་རིས་ནས་འདུས་པའི་གྲྭ་པ་རྣམས་ཀྱང་རང་རང་གི་བློ་དང་འཚམ་པའི་ཀློག་པ་ཐོས་བསམ་དང་སྒྲུབ་པ་བསམ་གཏན་གྱི་འཁོར་ 2-3-137a ལོ་གཉིས་ལ་འབད་པ་ཐོན་ལ། མདོར་ན་སྐྱེས་བུ་དམ་པ་རྣམས་ཀྱི་རྣམ་པར་ཐར་པ་ལ་བལྟས་ནས་སྒོ་གསུམ་གྱི་ཀུན་སྤྱོད་ཐམས་ཅད་དེ་དག་གི་རྗེས་སུ་བསླབ་དགོས་པ་དང༌། སྤྱན་སྔ་རིན་པོ་ཆེ་བསོད་ནམས་གྲགས་པ་ ལ་ཡང༌། ཆོས་ཀྱི་རྒྱལ་སར་བཞུགས་ལ་བསྟན་པ་རིན་པོ་ཆེའི་ཁུར་སྣོམས། བརྒྱུད་པ་རིན་པོ་ཆེའི་རྣམ་པར་ཐར་པ་ཟུངས་ཞེས་པ་དང༌། མིའི་དབང་པོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་པ་དང༌། སྐུ་ཞང་གྲགས་པ་རིན་ཆེན་པ་ལའང་སྡེ་སྲིད་ ཆོས་ཀྱིས་སྐྱོང་དགོས་པ་དང༌། བསྟན་པ་རིན་པོ་ཆེའི་ཞབས་ཏོག་ཏུ་འགྱུར་བའི་ཐབས་ལ་འབད་དགོས་པའི་ཞལ་ཏ་རྣམས་མཛད་དོ། །བརྩེ་བའི་ལྟ་སྟངས་དག་གིས་འཁོར་ལ་གཟིགས། །རྒྱལ་བའི་དགོངས་པ་གསུང་གི་ཐ་མས་བསྟན། །ཀུན་ཀྱང་ ཐོག་མཐའ་བར་དུ་དགེ་ལ་བཀོད། །ཁྱོད་ཀྱི་མཛད་པ་མཐའ་དག་སྐྱོན་དང་བྲལ། །པད་དཀར་ཕྲེང་བས་བརྒྱན་པའི་མཚོ། །རྒྱང་ནས་མཐོང་བའི་ངང་པ་བཞིན། །གཞན་ཕན་ཁོ་ན་དགོངས་པ་ཁྱོད། །གཞན་གྱི་དོན་ལ་སྐྱོ་བ་བྲལ། །ཐོས་པའི་མོད་ལ་མཆི་མ་ ལྷུང་བྱེད་པའི། །གསུང་གི་ཐ་མ་ཐོས་ཚེ་གདུལ་བྱ་རྣམས། །བློ་དང་འཚམ་པའི་གཏམ་གྱིས་རངས་པ་དང༌། །མྱ་ངན་ཁུར་གྱིས་ནོན་པ་མཉམ་དུ་བྱུང༌། །དེ་ལྟར་བདག་ཉིད་ཆེན་པོ་སྐུ་བསྙུང་པའི་ཚུལ་བསྟན་པའི་ཚེ་མུན་ཁང་དུ་སྤོས་ཀྱི་དྲི་ཞིན་པོ་རྒྱུན་ ཆད་མེད་པར་ལྡང་བ་དང༌། མཚན་མོ་ལྷའི་རོལ་མོ་སྒྲ་སྙན་པོས་བར་སྣང་གང་བ་དྲུང་དུ་ཉེ་བར་གནས་པ་ཕལ་མོ་ཆེས་ཐོས་ཤིང༌། སྟག་ལོ་ཟླ་བ་གཉིས་པའི་ཚེས་བཞིའི་ཉིན། བདེ་བ་ཅན་གྱི་ཞིང་བཀོད་ཆོས་རྗེ་རྣམ་པའི་སྐུ་འདྲ་ཤོམས་ 2-3-137b གསུང་ནས་ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱིས་མཆོད། ཐུགས་ཐག་པ་ནས་གསོལ་བ་བཏབ། དྲི་མ་མེད་པའི་སྨོན་ལམ་རྒྱ་ཆེན་པོ་མཛད་ནས། དེའི་ཕྱི་དྲོའི་ཚེ་ནད་འདོན་པ་རང་ལ་འདི་ལྟར་བྱས་ཀྱང་ཆོག་སྟེ། འོན་ཀྱང་ང་རང་དུས་ཚོད་དང་བྱས་ པས་ཞེས་གསུང་ནས་འཁྲུལ་འཁོར་མཛད་ནས་ལྗན་ལྗིན་དང་བཅས་པའི་ཁ་དོག་ནག་པོ་ཇ་སུན་ཙམ་ཁ་ཡར་སྐུ་ནས་འཐོན་པ་མཛད་ཅིང༌། ཚེས་ལྔའི་སྔ་དྲོ་དང་པོའི་ཚེ། སློབ་དཔོན་ཆེན་པོ་ཚུལ་ཁྲིམས་རྒྱལ་མཚན་པ་གདན་དྲོངས་གསུང་ནས་སྤྱན་ དྲངས། དེ་ཉིན་ཉིན་ཞག་ཕྲུགས་གཅིག་གི་ཐུགས་དམ་སྔ་ཕྱིར་མཛད་དགོས་རྣམས་སྔོན་ལ་མཛད་པ་ན། སྤྱན་སྔ་ན་འཁོད་པ་རྣམས་ཀྱིས། སྐུ་ཤེད་ཆུངས་པས་ཐུགས་དམ་གྱི་རིམ་པ་རྣམས་སྔར་བཞིན་མཛད་པ་བྱུང་ན་ཞུས་པས། དེ་རིང་སྔོན་ལ་ བྱེད་སང་ནས་དེ་བཞིན་བྱེད་དོ་གསུང༌། དེ་ནས་ཐུགས་དམ་གྱི་རིམ་པ་ཐམས་ཅད་གྲུབ་པ་དང༌། དེ་ནི་ལེགས་པ་ཡིན། ཡིད་བདེ་བར་གྱིས་ཤིག་གསུངས་ཏེ། དེའང་ཉིན་ཞག་གཅིག་གི་ཐུགས་དམ་ལ། ཐོ་རངས་བླ་མའི་རྣལ་འབྱོར་ཚར་གསུམ་ཁུག་ པ། ནཱ་རོ་མཁའ་སྤྱོད་མའི་བསྐྱེད་རིམ་གསལ་བའི་ངང་ནས་ཨོཾ་གསུམ་མ་བརྒྱ་རྩ་རེ། ཨ་ར་པ་ཙ་ནའི་སྒོམ་བཟླས་དང༌། ནམ་ལངས་མ་ཐག་ཏུ་སྐུ་ཁྲུས་མཛད་ནས་དཀོན་མཆོག་གི་དྲུང་དུ་བརྒྱ་ཕྱག་ཡན་ལག་བདུན་པ་དང་བཅས་པ་རེ། དེ་ནས་སེམས་བསྐྱེད་ རང་གིས་བླང་བའི་ཆོ་ག་ཚར་རེ། ཚ་གོང་དུ་དཀར་གཏོར་ཆ་བཞི། ཐུན་གཏོར་ལྔ། ཛམ་ལྷ་སེར་ནག་གི་ཆུ་སྦྱིན། ཟ་བྱེད་རྡོ་རྗེ་མཁའ་འགྲོའི་སྦྱིན་སྲེག་དང༌། དྲོ་རྗེས་ལ་ཚ་ཚ་བདུན་ནམ་བཅུ་གཅིག་གང་རུང་རེ། བརྒྱ་རྩ། དབྱུ་གུ། མི་གཡོ་བ་སྒྲོལ་ 2-3-138a མ་འོད་ཟེར་ཅན། རྣམ་འཇོམས་ཀྱི་གཟུངས། གཏོར་མ་ཆ་གསུམ་ཆ་བཅུ། དུས་འཁོར་གྱི་ཐུན་མཚམས་ཀྱི་གཏོར་མ། ཡུམ་གྱི་སྒྲུབ་པ་ཡིག་དྲུག་སྟོང༌། སྨན་བླའི་གཟུངས་ཉེར་གཅིག་རེ། འཇམ་དབྱངས་ཀྱི་བསྟོད་པ་ གཉིས་དང་འཇིག་རྟེན་དབང་ཕྱུག་གི་པོ་བསྟོད་དང༌། ཕྱག་འཚལ་ཉེར་གཅིག་རྣམས་ཚར་བདུན་རེ། སྤྱན་རས་གཟིགས་ཀྱི་གཟུངས་རིང་ཐུང་དང༌། ཡི་གེ་བཅུ་པ་དང༌། ཏཱ་རེ་བརྒྱ་ཕྲག་རེ། རྒྱལ་བའི་བཀའ་ལ་གང་གྲུབ་ཀྱི་ཀློག་ཐུན་རེ། སྲོད་ཐུན་ལ་བདེ་ མཆོག་དང༌། དཔལ་ཀྱཻ་རྡོ་རྗེ་གང་རུང་རེའི་སྒྲུབ་མཆོད་རྒྱས་པ་རེ་དང༌། དེ་ནས་བླ་མའི་རྣལ་འབྱོར་དང༌། བསྐྱེད་རིམ་སྔོན་དུ་འགྲོ་བ་ཅན་གྱི་སྒོ་ནས། མཚན་མོའི་ཆ་ལ་ཕྱག་རྒྱ་ཆེན་པོའི་དོན་ལ་རྩེ་གཅིག་ཏུ་མཉམ་པར་འཇོག་པ་དང༌། ཉིན་མོའང་སྔར་བཤད་ པའི་སྐབས་སུ་མཚན་མེད་ཀྱི་ཐུགས་དམ་ལ་གཙོ་བོར་མཛད་དོ། །དེ་ལྟ་བུའི་རིམ་པ་འདི་ནི་གདན་སར་བཞུགས་ནས་མྱ་ངན་ལས་འདས་པའི་ཉིན་མོ་ཡན་ཆད་ལ་ཅུང་ཟད་ཙམ་ཡང་ཆག་པ་མེད་པར་མཛད་པས་ཆོས་བརྒྱད་ཀྱི་མཚན་མའི་རྣམ་པར་རྟོག་པ་ རྒྱུ་བའི་སྐབས་མི་རྙེད་དོ། །དེ་ནས་སྤྱན་ཅུང་ཟད་ཟུམ་པའི་ལྟ་སྟངས་དང་བཅས་པ་ལས། ཞལ་འཛུམ་མཛད་ནས། ད་ལྟ་བུད་མེད་རྒྱན་གྱིས་མཛེས་པ་གཉིས་བྱུང་བའི་གཅིག་གིས་འོ་མ་དཀར་ཡོལ་འབྲུག་རྒྱབ་གང་བཟུང་ནས་འདྲེན་པའི་རྣམ་པ་བྱེད། གཅིག་གིས་དར་ཡུག་དཀར་པོ་སྣ་བརྐྱངས་ཏེ་འདིའི་སྟེང་ནས་འབྱོན་པར་ཞུ་ཟེར་གད་མོ་བྲོ་གསུང་བ་དང༌། གཟིགས་སྣང་གཞན་ཅི་འདྲ་གདའ་ལགས་ཞུས་པས་ཁར་སང་ནས་མང་པོ་བྱུང་སྟེ་ཁྱེད་རྣམས་མཆི་མ་འདོན་པ་གདའ་བ་གསུང༌། དེ་ 2-3-138b རྟིང་སློབ་དཔོན་ཆེན་པོ་པ་ལ་འདའ་ཁ་མ་བསྡུས་པ་དེ་གསུང་བར་ཞུ་དང་གསུང་བ་ན། དེ་མི་དགོས་པར་གདའ་ལགས་ཞུས་པས། ཁར་སང་ནས་རྟགས་འདྲ་བ་བྱུང༌། དས་ཆུ་ལ་ཐིམ་པའི་རྟགས་འཆར་ཞིང་འདུག །ད་ལྟ་གསུང་བར་ ཞུ་གསུང༌། དེ་ནས་ཡུད་ཅིག་ན་ད་ནི་གང་བྱས་ཀྱང་བདེ་བའི་རིགས་ཅིག་གདའོ་གསུང་ངོ༌། །དེའི་རྗེས་ལ་སྤྱན་བཙུམས་ནས་ཡུད་ཙམ་ཞིག་བཞུགས་ཤིང་ཞལ་གྱི་སྒྲོས་ཅུང་ཟད་ཡོ་ཙམ་མཛད་པ་ན། ཕྱག་འཚལ་བ་ནི་ཉི་ཤུ་རྩ་གཅིག་ ཞེས་གསུང་ལྷང་བ་ཞིག་བྱོན་ནས། ནམ་མཁའ་ལ་སྤྱན་ཧྲིག་གེ་གཟིགས་ཏེ་རྗེ་བཙུན་མ་རྗེ་བཙུན་མ་གསུང་ཞིང་དབུ་དུད་དུད་མཛད་པས། སྐུ་མདུན་པ་རྣམས་འཇིགས་པའི་རྣམ་འགྱུར་བྱུང་བ་ལ་ཁྱེད་རྣམས་མ་འཚུབ་སེམས་ལས་ མི་དགོས་ཡི་དམ་གྱི་ལྷ་འདྲ་བ་བྱོན་པ་ཡིན། ཆོས་ཐམས་ཅད་སྒྱུ་མ་དང་རྨི་ལམ་ལྟ་བུ་ཡིན་མོད་གསུང༌། དེ་དུས་སློབ་དཔོན་ཆེན་པོ་པས་ལན་གསུམ་གྱི་བར་དུ་ཐུགས་དམ་གྱི་གསལ་འདེབས་མཛད་དོ། །དེ་ནས་བསྟན་པ་རིན་ པོ་ཆེ་འགྲིབ་པའི་མཐར་ནི་སོན། ལུས་ཅན་རྣམས་ཀྱི་བསོད་ནམས་ཀྱི་དཔལ་ནི་འགྲིབས། དཀར་ཕྱོགས་ཀྱི་ཉིན་བྱེད་ནུབ་རིའི་རྩེར་ན་ལྷུང༌། ནག་ཕྱོགས་ཀྱི་བདུད་རིས་མུན་པའི་སྟོབས་ནི་འཕེལ་བ་ལ་བརྟེན་ནས། སྟག་ལོ་ཟླ་བ་གཉིས་ པའི་ཡར་ཚེས་ལྔའི་ཉི་མའི་དཀྱིལ་འཁོར་ནུབ་ཏུ་ཉེ་བའི་མཚམས་སུ་ལོངས་སྤྱོད་རྫོགས་པའི་སྐུ་ཡིས་གང་ནས་བྱོན་པ་དེ་ཉིད་དུ་སྤྲུལ་པའི་སྐུ་ཡིས་གཤེགས་པར་གྱུར་ཏོ། །ལྷག་བསམ་རྩ་བ་བརྟན་ཅིང་བརྩེ་བའི་ཡལ་འདབ་ཀུན་ཏུ་གཡོ། །ཚུལ་ 2-3-139a ཁྲིམས་དྲི་བསུང་རྒྱས་ཤིང་གཞན་ཕན་བསིལ་གྲིབ་ཕྱོགས་བཅུར་འབབ། །རྣམ་གྲོལ་འབྲས་བུས་བརྗིད་ཅིང་སྐལ་ལྡན་འདོད་ལྷའི་དགའ་སྟོན་དུ། །ལེགས་པར་འཁྲུངས་པའི་དཔག་བསམ་ལྗོན་པ་གློ་བུར་ཉིད་དུ་ལྷུང༌། ། ཀྱི་ཧུད་བསིལ་ཟེར་ཅན་གྱི་སྤུན། །འདྲེན་མཆོག་ཡོངས་འདུའི་ལྗོན་པ་འགྱེལ། །འདོད་ལྷ་གཉིས་པའི་གདུལ་བྱ་རྣམས། །ཡིད་ཀྱི་རེ་བ་འབྲས་མེད་བྱས། །རླབས་ཆེན་སྨོན་ལམ་རྟ་ལྗང་སྟོབས་ཀྱིས་དྲངས། །ཕུན་ཚོགས་དགེ་མཚན་བྱ་ཡི་ལམ་ན་མཛེས། ། ལྷུན་གྲུབ་འཕྲིན་ལས་འོད་སྟོང་དྲ་བ་ཅན། །འདྲེན་མཆོག་བླ་མའི་ཉིན་བྱེད་དཀྱིལ་འཁོར་ནུབ། །ཀྱི་ཧུད་ཐུབ་བསྟན་མཁའ་ཡི་རྒྱན། །ལུས་ཅན་པདྨོའི་གཉེན་གཅིག་མེད། །འགྲོ་བའི་རྐང་དྲུག་ལྡན་པ་ཡི། །དམ་ཆོས་སྦྲང་རྩིའི་དགའ་སྟོན་ཉམས། །བསླབ་གསུམ་ འཛིན་མའི་ཁྱོན་དུ་དུ་མའི་འགྲོ་ལ་དམིགས་པ་ཡི། །ཤུགས་དྲག་སྙིང་རྗེའི་ཆུ་རྒྱུན་རྒྱུན་ཆད་མེད་པར་འབབ་པའི། །དམ་པ་རྣམས་ཀྱི་རྣམ་ཐར་ཐར་འདོད་བུང་བའི་ཡིད་འཕྲོག་པ། །སྤྱོད་ཚུལ་བཟང་པོའི་འདབ་བརྒྱ་བརྒྱ་སྟོང་གིས་མཛེས་རྫིང་བུ་སྐམ། །ཀྱི་ཧུད་ དགེ་ལེགས་པདྨོའི་ཚལ། །བསྐྲུན་པའི་ཡོངས་འཛིན་རྫིང་བུ་མེད། །གདུལ་བྱ་ངང་པའི་ཉེར་འཚོའི་གཞི། །སྒྲ་ཡི་ལྷག་མ་ཙམ་དུ་ཟད། །དེ་ལྟར་བདེ་བར་གཤེགས་པ་ནས་བཟུང་སྟེ་མེ་ཏོག་གི་ཆར་པ་དང༌། འཇའ་ཚོན་ཁ་དོག་སྣ་ཚོགས་པའི་ཕུང་པོ་དང༌། གླིང་ བྱིན་པོར་སྤོས་ཀྱི་དྲི་ཞིམ་པོ་དང༌། ནམ་མཁའ་ལ་རོལ་མོའི་སྒྲ་དང༌། འོད་ཟེར་དཀར་སྔོན་རེང་བུའི་དུ་བ་ཙམ་གཟིམས་ཁང་གི་ནང་དང༌། སྟེང་དུ་ཁྱུག་ཁྱུག་འགྲོ་བ་བྱུང༌། ཞག་བཅུ་བཞིའི་བར་དུ་སྐུའི་མདངས་ལྷག་པར་གསལ་བ་དང༌། དེ་ཉེ་བར་བསྡུས་ 2-3-139b པའི་ཚེའང་བྱང་སེམས་དཀར་པོ་གྱེན་དུ་དང༌། དམར་པོ་འོག་ཏུ་གཤེགས་པ་རྒྱུད་སྡེ་ནས་བཤད་པའི་རྟགས་ཁྱད་པར་ཅན་བྱུང་ཞིང༌། དེའི་དུས་ན་བདག་ཉིད་ཆེན་པོ་འདི་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་དང་ལྡན་ཞིང་དམ་ཚིག་སྡོམ་པ་རྣམ་པར་དག་པའི་སློབ་མ་འགའ་ཞིག་གིས་ གསོལ་བ་དྲག་པོ་བཏབ། རྗེས་ཀྱི་རྨི་ལམ་དུ་བདེ་བར་གཤེགས་པའི་སྣང་བ་འདུག་པའི་ངང་ནས། སྤྱན་སྔ་རིན་པོ་ཆེ་བྱམས་མགོན་གྱི་དྲུང་དུ་བཞུད་ཅེས་ངག་ཏུ་གསོལ་བ་འདེབས་ཤིང༌། ལུས་ཉམས་བབས་པ་སྙམ་བྱེད་ནས་འཁྲབས་པའི་ཚེ་སྐུ་གདུང་གི་དྲུང་དུ་འགྲོ་སྙམ་ ནས་ཕྱིན་པ་ན། བུད་མེད་གསུམ་གྱིས་གདུང་གཉེར་བྱེད་ཅིང་སྤོས་འབུལ་བར་འདུག་པའི་བཞུགས་གདན་གྱི་རྩ་ན་རིན་པོ་ཆེའི་ཁྲི་ཟུར་གསུམ་པ་ཡར་མར་གྱི་འཕྱང་ལ་རིན་པོ་ཆེའི་ཕྲ་འོད་འཕྲོ་བས་བརྒྱན་པ་ཞིག་འདུག་པ། དགའ་ལྡན་དུ་གདན་འདྲེན་པའི་ཁྲི་ཡིན་ཟེར་བ་རྨིས་ པ་དང༌། དེ་བཞིན་དུ་བདག་ཉིད་ཆེན་པོ་འདི་འདི་ནས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་སུ། དེ་བཞིན་གཤེགས་པ་ཆོས་གྲགས་རྒྱ་མཚོའི་དབྱངས་ཀྱི་དྲུང་དུ་འབྱོར། དེ་ནས་སྐྱེ་བ་གསུམ་པ་ལ་འཛམ་བུའི་གླིང་གི་ལྷོ་ནུབ་ཀྱི་ཕྱོགས་སུ་འབྱོར་ལྡན་ཞིག་ཏུ་སྐྱེ་བ་བཞེས་ཏེ། ས་ ལམ་ཕལ་ཆེར་བགྲོད་དེ། དེའི་སྐྱེ་བ་ཕྱི་མ་ལ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཞེས་སྒྲ་གྲགས་པ་རྨི་ལམ་དུ་བྱུང་ཞིང་གཞན་ཡང༌། སངས་རྒྱས་པའི་ཡབ་ཡུམ་མཚན་འཁོར་སྐུ་ཚེའི་ཚད་སྐྱེ་བ་གཉིས་པའི་ཚུལ་རྣམས་ནི་གསལ་བར་རྨིས་ཀྱང་སད་པ་དང་དྲན་ལམ་ ན་གསལ་བར་མ་གྱུར་ཞེས་ཟེར་རོ། །དེ་ནས་བདེ་བར་གཤེགས་པའི་ཟླ་བ་དེའི་ཉེར་གཉིས་ཀྱི་ནུབ་མོ་སྐུ་གདུང་ཞུགས་ལ་ཕུལ་ཞིང༌། དེའི་ཚེ་གླིང་གི་སྤྱིལ་པོ་ཐམས་ཅད་ཀྱི་སྟེང་དུ་སོ་སོ་ནས་མར་མེའི་ཕྲེང་བ་ཚར་དུ་དངར་བ་ཕུལ་བའི་འོད་ཀྱིས་མུན་པའི་གོ་སྐབས་ཐམས་ཅད་ཕྲོགས་ 2-3-140a ཤིང་ཟླ་བའི་དཀྱིལ་འཁོར་ས་ནས་ནམ་མཁའ་ལ་འཕགས་པ་ལྟར་གྱུར་ཏོ། །དེའི་ཚེའང་འདབ་མའི་གྲངས་དང་ཁ་དོག་གཅིག་ཏུ་མ་ངེས་པའི་མེ་ཏོག་རྣམས་ནི་བར་མཚམས་མེད་པར་བབ། སྔོ་སེར་དཀར་དམར་གྱི་ཁ་དོག་བཀྲ་བའི་འཇའ་ཚོན་རྣམས་ནི་གུར་ ཕུབ་པ་དང་བླ་རེས་བྲེས་པ་བཞིན་དུ་སྣང༌། དད་པའི་གདུང་ཤུགས་ཀྱིས་གསོལ་བ་འདེབས་པའི་ཚེ་དེའི་སྒྲ་རྣམས་ཀྱིས་ནི་ས་གཞི་ཐམས་ཅད་བེར་བེར་པོར་གྱུར་ཏོ། །དེ་ནས་གངས་རིའི་ཁྲོད་ཀྱི་ངུར་སྨྲིག་འཛིན་པ་རྣམས་ཀྱི་གཙུག་ན་རྒྱལ་མཚན་གྱི་ཏོག་ལྟར་མཐོ་བ། ཏ་དབེན་བཞི་ ཐོག་པ་ཀུན་དགའ་རིན་ཆེན་པས་གཙོ་མཛད་པའི་དགེ་བའི་བཤེས་གཉེན་དུ་མས་གདན་ས་རིན་པོ་ཆེར་ཕྱི་ནང་གི་དཀྱིལ་འཁོར་དཔག་ཏུ་མེད་པའི་སྒྲུབ་མཆོད་མཛད་ཅིང་གསོལ་བ་འདེབས་པ་དང༌། སྣེ་གདོང་དང་གོང་དཀར་དུའང་དགེ་བའི་བཤེས་གཉེན་དགེ་འདུན་དང་བཅས་ པ་དུ་མས་ཞག་མང་པོའི་བར་དུ་སྒྲུབ་མཆོད་གསོལ་འདེབས་མཛད་དོ། །ཟླ་བ་དེའི་ཉེར་བརྒྱད་ཀྱི་ཉིན་ཏ་དབེན་བཞི་ཐོག་པས་གཙོ་མཛད་པའི་དགེ་འདུན་སྐྱེ་བོའི་ཚོགས་དང་བཅས་པ་ཁྲི་ཕྲུག་མང་པོ་ལ་ཐེལ་ཤོད་ཀྱི་ནང་སོ་གཉིས་ནས་ཕུལ་དུ་བྱུང་བའི་བསྙེན་བཀུར་གྱིས་ མཆོད་ཅིང༌། རེ་བ་རྫོགས་པའི་སྦྱིན་གཏོང་གིས་ཚིམ་པར་མཛད་པས་ཐུགས་ཀྱི་དགོངས་པ་ཡོངས་སུ་རྫོགས་པར་བྱས་སོ། །དེ་ནས་གནམ་སྟོང་གི་ཉིན་སྐུ་གདུང་གི་ཕོ་བྲང་ཞལ་ཕྱེ་བའི་དུས་སུ་རིང་བསྲེལ་གྱིས་བྱུར་བུར་གཏམས་པར་གྱུར་ཅིང༌། འཇའ་འོད་དང་མེ་ཏོག་གིས་ བཀྲ་བར་བྱས་པས་ཐམས་ཅད་ལ་ངོ་མཚར་བའི་སྣང་བ་བསྐྱེད་པར་མཛད་དོ། །དེ་ནས་འཆི་མེད་བུ་མོའི་ལག་པ་ཡིས། །གཏོར་བར་གྱུར་པའི་པདྨོ་གཞོན་ནུ་རྣམས། །མཁའ་ལས་འོངས་པ་ས་ལ་འཁྲིགས་པ་ནི། །རབ་གསལ་གངས་རིའི་སྟོད་གཡོགས་ཉིལ་བ་བཞིན། །ཚིག་ 2-3-140b མདའི་དབང་པོས་སྒྲུབས་པའི་དབང་པོའི་གཞུས། །ནམ་མཁའ་ཟ་འོག་གོས་ཀྱི་སྦུབས་སུ་བཙུད། །སྒྲོན་མེའི་འོད་ཚོགས་འདུས་པའི་འོད་ཀྱི་མཐུས། །ས་གཞི་ཟླ་བའི་འོད་ཀྱིས་བྱུགས་བཞིན་བྱས། །རབ་མཆོག་དྲི་ཡི་བསུང་གིས་གླིང་རྣམས་ཀུན། །མ་ལ་ཡ་ཡི་རི་བོ་བཞིན་དུ་གྱུར། ། འཛིན་མ་བཅུད་ཀྱིས་སྤངས་པར་མཐོང་བ་ན། །ཡིད་ཀྱི་དགའ་བ་འཁྲུགས་པས་རིང་ཞིག་འདར། །དེ་ཚེ་མཆིལ་མས་འགགས་པའི་མགྲིན་པ་ནས། །འཛེར་འཛེར་སྒྲ་ཡི་ཆོ་དེ་དྲག་པོ་བཏོན། །ཁ་ཅིག་ས་ལ་འགྱེལ་ཞིང་སྨྲེ་སྔགས་འདོན། །གཞན་དག་དྲན་པ་ཉམས་ཏེ་གཡོ་ བ་མེད། །ཐམས་ཅད་མྱ་ངན་ཁང་བུར་བཙུད། །སེམས་ཀྱི་བདེ་བའི་གོ་སྐབས་བཅོམ། །བརྩེ་ཆེན་ཁྱོད་ཀྱི་བརྩེ་བ་ཡང༌། །བདག་ཅག་རྣམས་ལ་མིང་དུ་སོང༌། །མྱ་ངན་རི་བོས་སེམས་ལ་ནོན་པ་ཡི། །ཉམ་ཐག་གྱུར་པའི་གནས་སྐབས་དེ་མཐོང་ནས། །སྐབས་གསུམ་པ་ཡིས་མྱ་ ངན་བསལ་བའི་ཕྱིར། །ངོ་མཚར་མིག་གི་དགའ་སྟོན་བསྒྲུབས་པ་འདྲ། །བརྩེ་མེད་ལྷ་ཡི་དབང་པོ་ཡིས། །མི་ཡི་འདྲེན་པ་སྤྱན་དྲངས་ནས། །མེ་ཏོག་འཇའ་ཚོན་སྒྱུས་བྲིད་ཀྱང༌། །བདག་ཅག་དགའ་བར་ག་ལ་འགྱུར། །ཡང་ན་འདྲེན་མཆོག་བླ་མས་བདག་ཅག་རྣམས། །ཡོངས་སུ་བཟུང་ བ་བཏང་ནས་དགའ་ལྡན་དུ། །མི་ཕམ་ཆོས་རྗེའི་དྲུང་དུ་གཤེགས་པ་ཡི། །འགྱོད་འདལ་ཁྱོད་ལ་བྱས་ན་བཞད་གད་རྒྱུ། །དེ་ནས་སྔར་གྱི་ཞལ་ཆེམས་ཀྱི་ལུགས་བཞིན། ཏ་དབེན་བཞི་ཐོག་པ་དང༌། བདག་པོ་གྲགས་པ་རྒྱལ་མཚན་པ་དཔོན་ཞང་དང༌། མཁན་སློབ་ཀྱིས་ཐོག་དྲངས་པའི་ཆེ་བགྲེས་ རྣམས་ཀྱིས་ཞུ་བ་ཕུལ་ནས། སྤྱན་སྔ་རིན་པོ་ཆེ་བསོད་ནམས་གྲགས་པ་ཟླ་བ་གསུམ་པའི་ཚེས་བཞི་ལ། ཆོས་ཀྱི་རྒྱལ་ཚབ་ཏུ་མངའ་གསོལ་ཞིང༌། དཔག་ཏུ་མེད་པའི་ལུས་ཅན་གྱི་མགོན་སྐྱབས་སུ་དབང་སྐུར་རོ། །དེ་ཉིན་ནས་གཟིམས་མལ་གསེར་སྐུ་དང༌། ཚོགས་དང་གཟིམས་ 2-3-141a སྤྱིལ་གྱི་དར་སྐུ་བཞེངས་པའི་འགོ་བཙུགས་ཤིང༌། གཟིམས་མལ་གསེར་སྐུའི་ལུགས་བཏང་བའི་ཉིན་བཟོའི་གྲྭར་འཇའ་ཚོན་ཁ་དོག་སྣ་ལྔ་པ་ཟུག་པ་དང༌། མེ་ཏོག་ཁ་དོག་དཀར་པོ་དང་སེར་པོ་དང་ཅུང་ཟད་སྔོ་བ་འདབ་མ་བཞི་པ་དང༌། ལྔ་པ་ཡུ་ བ་ཅན་མང་དུ་བབ་ཅིང༌། བཟོའི་གནས་རྣམས་མྱུར་དུ་གྲུབ་ནས་ཟླ་བ་བཞི་པའི་ཡར་ཚེས་བརྒྱད་ལ་ཡང་དགོན་དུ་གདན་དྲངས། དབུ་ཐོད་རིལ་པོར་བྱོན་པ་གཟིམས་མལ་གསེར་སྐུའི་ཐུགས་ཀར་བཞུགས་སུ་གསོལ་ཏེ་རབ་ཏུ་གནས་པ་མཛད་དོ། །དེ་ནས་སྤྱན་སྔ་རིན་པོ་ཆེ་དང༌། བདག་པོ་བའི་ཞལ་ཏའི་ལུགས་བཞིན་སྐུ་ཞང་གྲགས་པ་རིན་ཆེན་པ་དང༌། སློབ་དཔོན་གྲགས་ལེགས་པས་རྩོལ་བ་ཆེན་པོ་དང༌། བླ་མ་སེང་གེ་རྒྱལ་མཚན་པས་ཞལ་བཅོས་ཕུན་སུམ་ཚོགས་པ་མཛད་པ་ལ་བརྟེན་ནས། གསེར་གྱི་སྒོ་མངས་མཐོ་ཞིང་ཚད་དང་ལྡན་པ་བཟོའི་ ཞིབ་ཆ་རྣམས་ཡོངས་སུ་རྫོགས་པ་དགས་སུ་ཐོན་པ་སྔོན་མེད་པ་ཞིག་མྱུར་པོར་གྲུབ་པའི་སྐུའི་རྟེན་དང༌། གོང་དཀར་དུའང་གསུང་གི་རྟེན་དུ་དམིགས་ནས་བསྟན་བཅོས་འགྱུར་རོ་ཅོག་དགས་སུ་ཐོན་པ་བཞེངས་པ་དང༌། ཐུགས་ཀྱི་རྟེན་མངོན་པར་རྫོགས་པར་བྱང་ཆུབ་ པའི་གསེར་གྱི་འབུམ་པ་ཆེན་པོ་དང་བཅས་པས་ཆོས་ཀྱི་རྗེ་སྤྱན་སྔ་རིན་པོ་ཆེའི་ཐུགས་ཀྱི་དགོངས་པ་རྣམས་ཡར་ངོའི་ཟླ་བ་བཞིན་དུ་རྒྱས་པར་མཛད་དོ། གཟི་བརྗིད་རབ་གསལ་གཟི་འོད་འཁྱུག་པ་ཡི། །ཕྱོགས་ཀུན་འགེངས་པའི་ཕྱོགས་ཀྱི་བང་རིམ་ཀུན། །ཀུན་ནས་ མཛེས་སྐུ་ཀུན་གྱིས་བསྐོར་བ་ཡི། །བཀྲ་ཤིས་འོད་འབར་བཀྲ་ཤིས་སྒོ་མངས་འདི། །མཐོང་བའི་ཡིད་རབ་འཕྲོག་ལ་རྒྱལ་བ་བཞིན། །བྱིན་རླབས་རླབས་ཆེན་གཡོ་ལ་རྒྱ་མཚོ་བཞིན། །ལྷུན་གྲུབ་དཔལ་གྱིས་བརྗིད་ལ་རི་དབང་བཞིན། །བྱེད་པོས་མཛེས་མཛེས་ 2-3-141b གཅིག་ཏུ་བསྒྲིགས་པ་བཞིན། །པད་ཚལ་གྱིས་ནི་བུང་བ་དང༌། །འོད་དཀར་གྱིས་ནི་རི་བོང་དང༌། །སྨིན་ལེགས་གཟུགས་ལ་ཡིད་སྲུབས་བཞིན། །འདི་ནི་འགྲོ་བའི་ཡིད་རྣམས་འཛིན། །འཆི་མེད་ལམ་གྱི་སྐྱེད་ཚལ་དུ། །རྒྱུ་སྐར་ཕྲེང་བས་ཟླ་བ་བཞིན། །ངོ་མཚར་རྟེན་གྱི་ ཕྲེང་བ་ཡི། །དབུས་ན་ཤིན་ཏུ་མཛེས་པར་གྱུར། །མགོན་པོ་ཁྱོད་ཀྱི་མཛད་པ་ལ། །ལ་ལས་གནས་སྐབས་ཐམས་ཅད་དུ། །དུ་མའི་བློ་ཡིས་བརྟགས་པ་ཀུན། །ཀུན་མཁྱེན་དངོས་ཀྱི་འདུ་ཤེས་ཐོབ། །དེ་ལྟ་ན་ཡང་སྐལ་ངན་ལ། །རང་གི་ཉེས་པས་གཞན་དུ་སྣང༌། །རྙོག་ པའི་ཆུ་ལ་སྟོན་ཟླའི་གཟུགས། །མེད་ཀྱང་ཟླ་བའི་སྐྱོན་མ་ཡིན། །འདྲེན་མཆོག་མཆོག་ཏུ་གྱུར་པ་སྲིད་པའི་དཔལ། །དཔལ་གྲགས་གྲགས་པའི་གཏེར་དུ་གྱུར་པ་གང༌། །གང་དེ་དེ་བཞིན་གཤེགས་པའི་ཞིང་གཞན་གཤེགས། །གཤེགས་ཤུལ་ཤུལ་བཟང་ ལམ་དེར་ཀུན་གྱིས་བསྔགས། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གྲགས་པ་བྱང་ཆུབ་དཔལ་བཟང་པོའི་རྟོགས་པ་བརྗོད་པའི་སྙན་དངགས་བྱིན་རླབས་ཀྱི་ལྷུན་པོ་ཞེས་བྱ་བ་ལས་མྱ་ངན་ལས་འདའ་བའི་ཚུལ་བསྟན་པ་དང༌། དགོངས་པ་ཡོངས་སུ་ རྫོགས་པར་མཛད་པའི་རྟོགས་པ་བརྗོད་པའི་བང་རིམ་སྟེ་བཞི་པའོ།། །།ཡིད་འཕྲོག་ཉམས་དང་འགྱུར་བའི་རོ་ལྡན་པའི། །སྤེལ་ལེགས་ལེའུའི་བང་རིམ་མཛེས་པའི་ནང༌། །དོན་བཟང་རིན་ཆེན་བཞི་ཡི་བརྗོད་བྱའི་ལུས། །དབྱངས་ཅན་པིར་གྱིས་གྲིས་ པའི་མཛེས་སྡུག་སྐུ། །ཡོངས་སུ་གང་བའི་རྟོགས་བརྗོད་ལྷུན་པོ་ཆེ། །བྱིན་རླབས་གཟི་འོད་འབར་བའི་གཙུག་ལག་ཁང༌། །གཏིང་ཟབ་ཕ་མཐའ་བྲལ་བའི་རྣམ་དཔྱོད་ཀྱི། །བློ་གྲོས་ཆུ་གཏེར་ཆེ་དེར་ཁོ་བོས་བཞེངས། །གང་དེ་འཛིན་མའི་ཁྱོན་ཡངས་ཡངས་ 2-3-142a པའི་རྒྱལ་སྲིད་སྲིད་ལ་རབ་བརྩེ་བྱམས་པའི་ཐུགས་ནི་དུལ་བ་ཡིས། །གང་གིས་བསྐྱངས་པའི་གྲགས་དཀར་དཀར་བའི་འཕྲིན་ལས་ལས་ཀྱིས་བཅིངས་པ་རྣམས་ལ་རབ་མཆོག་བདེ་བ་སྟེར། །གང་གི་མཐུ་ཡིས་ཐུབ་བསྟན་བསྟན་ པའི་རྒྱལ་མཚན་མཚན་མོ་རྒྱུ་འདྲའི་ནག་ཕྱོགས་རྣམས་ཀྱིས་མི་བཟོད་པ། །གང་དུ་གུས་པས་རབ་འཛིན་འཛིན་མའི་དཀྱིལ་འཁོར་འཁོར་ལོས་བསྒྱུར་ཞིང་སྐྱོང་བའི་གསུང་གིས་བསྐུལ་བ་དང༌། །དཔལ་ལྡན་བླ་མ་གཉིས་པར་བྱས་པ་ཡི། གྲགས་ པ་བཟང་པོས་ཕྱོགས་རྣམས་ཀུན་ཁྱབ་ཅིང་། །བདེ་ལེགས་ཡིད་ལ་སྨོན་བཞིན་གྲུབ་པ་དེས། །ཕུན་ཚོགས་མཐུན་རྐྱེན་སྦྱར་བའི་མཐུ་ལས་ཡིན། །གྲགས་པའི་མཚན་ཅན་ཡོངས་འཛིན་གྱི། །འཁོར་ལོས་མཚན་མའི་ཞབས་ཀྱི་རྡུལ། །གང་གི་སྤྱི་ གཙུག་ལ་འཕོས་པ། །དཔལ་ལྡན་དཔའ་བོ་གཉིས་པ་ཡིས། །འདྲེན་པ་དེ་ཡི་ཆོས་ཀྱི་ཀུན་སྤྱོད་ནི། །འབའ་ཞིག་སྙན་དངགས་ལམ་དུ་མཚོན་པར་བྱས། །དམ་པ་རྣམས་ཀྱིས་མཐོང་ན་ཁྲེལ་བའི་གཞི། །ཟང་ཟིང་གཏམ་གྱི་སྦྱོར་བ་འདིར་མ་བཀོད། །ལེགས་ བཤད་དགའ་སྟོན་མྱོང་བའི་གེགས། །ཁེངས་པ་དོར་ནས་མཁས་པ་བསྟེན། །རབ་འབྱམས་གསུང་རབ་དོན་ལ་སྦྱངས། །ཚིག་རྒྱན་གཞུང་ལ་འདྲིས་པར་བྱས། །དེ་ཕྱིར་སྙན་དངགས་གཞུང་དང་མི་འགལ་ཞིང༌། །སྙན་དངགས་ཆེ་ལ་རིང་ནས་ སྦྱངས་རྣམས་ཀྱི། །རྣ་བའི་ལམ་དུ་བདེ་བ་སྟེར་བྱེད་པའི། །རྟོགས་བརྗོད་ལྷུན་པོ་འདི་འདྲ་བདག་གིས་རྙེད། །ཕྲག་དོག་ཟུག་རྔུའི་རབ་རིབ་ཀྱིས། །བློ་མིག་ཁེབས་པ་དེ་ཡིས་ནི། །ལེགས་བཤད་འགྲན་ཟླ་བྲལ་འདི་ཡི། །ཕུན་ཚོགས་ཇི་ལྟར་ 2-3-142b བཟོད་པར་ནུས། །དེ་ལྟ་ན་ཡང་ལེགས་བཤད་འཇིག་རྟེན་དུ། །བྱུང་ན་མཁས་རྣམས་དགའ་ཞིང་ཕྲག་དོག་ཅན། །ཡིད་མི་བདེ་བ་འཕེལ་བ་ངང་ཚུལ་ཡིན། །དེ་ཕྱིར་དེ་ལ་བདག་གིས་ཅི་བྱར་ཡོད། །རྒྱལ་སྲས་བླ་མ་བལྟམས་པ་ནས། །ཞི་བའི་དབྱིངས་སུ་ ཞུགས་ཀྱི་བར། །རྒྱལ་བའི་མཛད་པ་རྨད་བྱུང་ཚུལ། །སྙན་དངགས་རྒྱན་གྱིས་སྤེལ་བ་འདི། །འཕགས་པའི་ཡུལ་གྱི་སྨྲ་བའི་དབང་པོ་མཆོག །དཔལ་ལྡན་དཔའ་བོ་རྒྱ་གར་ནས་གཤེགས་པ། །གངས་རིའི་ཁྲོད་ཀྱི་སྙན་དངགས་མཁན་ཅིག་པུ། ། བློ་བཟང་གྲགས་པའི་དཔལ་དུ་གྱུར་པས་སྦྱར། །ཚུལ་འདིར་ཞུགས་ལས་ལས་དཀར་གང་ཞིག་བསགས་པ་དེས། །དཔལ་ལྡན་བླ་མ་མ་ལུས་འགྲོ་བའི་སྐྱབས་གྱུར་དེའི། །དྲི་མེད་ཐུགས་དགོངས་དགོངས་པ་ཇི་བཞིན་རྫོགས་པ་དང༌། །ལུས་ཅན་མཐའ་དག་དག་པའི་ ས་ལ་གནས་པར་ཤོག །རྟོགས་བརྗོད་ལྷུན་པོ་ལྷུན་པོ་ཇི་སྲིད་གནས་ཀྱི་བར། །བློ་གསལ་གཞོན་ནུ་གཞོན་ནུའི་དུས་ནས་སྦྱངས་རྣམས་ཀྱིས། །དགེ་ལེགས་དཔག་མེད་དཔག་མེད་འགྲོ་ལ་སྩོལ་བ་དང༌། །བློ་གྲོས་མཐའ་མེད་མཐའ་མེད་ཤེས་བྱ་ལ་རྒྱས་ཤོག །བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གྲགས་པ་བྱང་ཆུབ་དཔལ་བཟང་པོའི་རྟོགས་པ་བརྗོད་པའི་སྙན་དངགས་བྱིན་རླབས་ཀྱི་ལྷུན་པོ་ཞེས་བྱ་བ་འདི་ནི། མིའི་དབང་པོ་བདག་པོ་རིན་པོ་ཆེ་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་བཀས་བསྐུལ་ ཞིང༌། ཆོས་ཀྱི་རྗེ་དེ་ཉིད་ཀྱི་ཞབས་རྡུལ་གུས་པས་སྤྱི་བོས་ལེན་པ་སློབ་དཔོན་སྒོམ་པ་གྲགས་པ་ལེགས་གྲུབ་ཀྱིས་མཐུན་རྐྱེན་ཕུན་སུམ་ཚོགས་པ་བསྒྲུབས་པ་ལ་བརྟེན་ནས། བདག་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་ཀྱང་ཁེངས་ 2-3-143a པ་བྲལ་ཞིང༌། ཐུབ་པའི་བརྟུལ་ཞུགས་ལ་ལེགས་པར་གནས་པ། ཡུལ་གངས་ཅན་གྱི་མཐར་སྐྱེས་པའི་སྙན་དངགས་མཁན་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས། ཀུན་ཏུ་བཟང་པོའི་ནགས་ཁྲོད་དུ་ཕྱིན་པའི་ཚེ་སྦྱར་ བའི་ཡི་གེ་པ་ནི་མདོ་སྟོད་དུ་སྐྱེས་པའི་བཙུན་པ་སྡེ་སྣོད་འཛིན་པ་གྲགས་པ་བློ་གྲོས་སོ།། ༈ །།སྭ་སྟི། བྱང་ཆུབ་མཆོག་གི་ཐུགས་ནི་རབ་བརྟན་པས། །བདེ་བར་གཤེགས་པའི་གདུང་འཚོབ་རྒྱལ་བའི་སྲས། །ངུར་སྨྲིག་འཛིན་པའི་དབང་པོ་དམ་པ་ཁྱོད། །མི་མཐུན་ ཕྱོགས་ལས་རིང་དུ་རྒྱལ་གྱུར་ཅིག །ཅེས་བསྟན་པ་རིན་པོ་ཆེ་མི་ནུབ་པའི་རྒྱལ་མཚན་གངས་ཁྲོད་ཀྱི་ངུར་སྨྲིག་འཛིན་པའི་གཙུག་རྒྱན་དམ་པ་རིན་པོ་ཆེ་བའི་སྤྱན་སྔར་ཞུ་བ། སྐུ་ཁམས་རིན་པོ་ཆེ་འགྲོ་བའི་བསོད་ནམས་ཀྱི་ཞིང་དུ་བརྟན་ཅིང་བསྟན་པ་རྒྱས་པའི་ འཕྲིན་ལས་ཕྱོགས་བཅུར་རྒྱས་པའི་ཐད་ནས་བཀའ་སྩལ་སྨན་མཆོག་ལྔ་བཅུའི་རྟེན་དང་བཅས་པ་བསྐུར་བ་འཕྲོད་པས་ཤིན་ཏུ་ཡི་རངས་པར་གྱུར་ལེགས། སོ་སྐྱེའི་གདམས་ངག་གི་ཉམས་ཡོད་པ་ཞིག་གིས་བསྒོམས་པ་ན་གསལ་ལ་མི་རྟོག་པའི་ངང་ལ་གནས་ པའི་ཚེ། གནས་ཆ་ལ་ཞི་གནས་གསལ་ཆ་ལྷག་མཐོང་ཡིན་ནམ་གསུང་བ་ནི། མདོ་སྡེ་དགོངས་འགྲེལ་དང་ས་སྡེ་སོགས་ཀྱི་གཞུང་མང་པོ་ནས་ལུས་སེམས་ཤིན་ཏུ་སྦྱངས་པ་མ་ཐོབ་གོང་གི་དགེ་བའི་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་རྣམས་ཞི་གནས་རྗེས་ མཐུན་པ་དང༌། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་བསྒོམས་པ་རྣམས་ལྷག་མཐོང་རྗེས་མཐུན་པར་གསུངས་པས་ཞི་གནས་མཚན་ཉིད་པར་འཇོག་པ་ལ་ཤིན་ཏུ་སྦྱངས་པ་ཐོབ་དགོས་ཤིང༌། རྗེས་མཐུན་པ་དང་མཚན་ཉིད་བ་གཉིས་ཀའི་སྐབས་སུ་ཡང་མདོ་ 2-3-143b སྡེ་རྒྱན་ནས་གསུངས་པ་བཞིན་དུ་ཞི་གནས་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་ལ་འཇོག་ཅིང༌། ལྷག་མཐོང་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ལ་བྱ་དགོས་ལ། ལྷག་མཐོང་ལ་ཇི་སྙེད་པ་དང་ཇི་ལྟ་བ་ལ་དམིགས་པ་གཉིས་གསུངས་པའི་ཕྱི་མ་ལ་ནི་བདག་མེད་པའི་ དོན་རྟོགས་པའི་གསལ་ཆ་དགོས་ཀྱི་བདག་མེད་ཀྱི་དོན་འབྱེད་མི་ནུས་པའི་གསལ་ཆས་མི་ཆོག་ལ། རྒྱུད་ལ་གསུམ་དུ་ཕྱེ་བའི་རྒྱུ་རྒྱུད་སེམས་ཀྱི་དེ་བཞིན་ཉིད་དྲི་མ་ཐམས་ཅད་དང་བྲལ་ཞིང་ཟག་མེད་ཀྱི་ཡོན་ཏན་རྫོགས་པ་ལ་འབྲས་རྒྱུད་དང༌། ངོ་བོ་ཉིད་ཀྱི་སྐུ་ཡིན་ནམ་གསུང་ བ་དེ་ལྟར་ལགས། སངས་རྒྱས་ཀྱི་ས་ན་ཇི་ལྟ་བ་མཁྱེན་པ་དང་ཇི་སྙེད་པ་མཁྱེན་པའི་རྗེས་ཐོབ་གཉིས་གཅིག་ཡིན་ནམ་གསུང་བ་ནི། ཡེ་ཤེས་ངོ་བོ་གཅིག་ལ་ཐ་སྙད་སོ་སོར་འདོགས་པ་བདེ། སངས་རྒྱས་ཀྱི་གཟུགས་སྐུ་རྣམས་ཡེ་ཤེས་མཐར་ཐུག་གདུལ་བྱ་ལ་གཟུགས་སྐུར་སྣང་ བ་ཡིན་ནམ་གསུང་བ་ཡང་དེ་ལྟར་དུ་གོ། རྒྱལ་བའི་ཡུམ་ལས་འོད་གསལ་བསྒོམ་པ་དང༌། རྒྱུད་སྡེ་རྣམས་ལས་ཟུང་འཇུག་བསྒོམ་པར་གསུངས་པ་དེ་རིམ་པ་བཞིན་དུ་སྤངས་པ་མཐར་ཏུག་དང་རྟོགས་པ་མཐར་ཐུག་དེ་ལྟར་ཡིན་ནམ་གསུང་པ་ནི། གསང་འདུས་ནས་ཚུལ་བཞིའི་སྐབས་སུ་འོད་གསལ་ དང་ཟུང་འཇུག་གཉིས་མཐར་ཐུག་ཏུ་བཤད་པ་ལ། བོད་ཀྱི་བླ་མ་གོང་མ་རྣམས་དེ་གཉིས་གང་གི་མཐར་ཐུག་ཡིན་དཔྱོད་པ་ན་དེ་གཉིས་སྤངས་པ་དང་རྟོགས་པའི་མཐར་ཐུག་ཏུ་འཆད་པར་སྣང་ཡང༌། རྒྱུད་དང་འགྲེལ་བའི་དགོངས་པ་སེམས་དེ་ཁོ་ན་ཉིད་ཀྱི་མཐར་ཐུག་དང་འོད་གསལ་གྱི་མཐར་ ཐུག་དང༌། ལུས་དག་པའི་སྒྱུ་མའི་སྐུ་ཡི་མཐར་སླེབ་པ་དང༌། སེམས་ཀྱང་སྔར་ལྟར་མཐར་ཐུག་པའི་བདེན་གཉིས་ཀྱི་རྫོགས་རིམ་གཉིས་རེས་འཇོག་མེད་པར་ཟུང་འཇུག་གི་མཐར་ཐུག་ཏུ་གོ་ལགས། སེམས་གསལ་སྟོང་དུ་ཤར་བ་ལ། ཁམས་རང་བཞིན་རྣམ་དག་དང༌། བདེ་གཤེགས་ 2-3-144a སྙིང་པོར་བྱེད་དམ་གསུང་བ་ནི། གསལ་སྟོང་གི་ཆོས་ཉིད་སྟོང་པ་ལ་དེ་ལྟར་ཐ་སྙད་འདོགས་པ་ལེགས། སངས་རྒྱས་ཀྱི་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱི་ངོར་སྣང་བ་ནི་རྣམ་པ་འགག་གམ་སྣང་ལ་རང་བཞིན་མེད་པར་འཆར་གསུང་བ་ནི་ཕྱི་མ་ལགས། འོད་ གསལ་གྱི་ངང་ནས་སེམས་ཅན་སྡུག་བསྔལ་གྱིས་ཉེན་པ་རྣམས་ལ་སྙིང་རྗེ་བརྩེ་ལྷང་སྐྱེ་བ་ལ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཟེར་རྒྱུ་ཡིན་ནམ་གསུང་བ་ནི་ཐེག་པ་ཆེན་པོ་སྤྱི་སྐད་ཀྱི་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཞེས་པ་ད་ལྟའི་རྣལ་འབྱོར་པས་སྤྱོད་ན། སྟོང་ཉིད་ཀྱི་ལྟ་བའི་ཉམས་མྱོང་བརྟན་ པའི་རྩི་མ་ཞིག་པར། སེམས་ཅན་ལ་སྙིང་རྗེ་ཆེན་པོ་སྐྱེ་བ་ལ་བྱ་དགོས་ལ། གསང་སྔགས་བླ་མེད་ནས་སྟོང་པ་སྙིང་རྗེ་དབྱེར་མེད་བཤད་པ་ཕལ་མོ་ཆེ་ཁམས་གཉིས་ཀྱི་ཞུ་བདེ་ལ་བརྟེན་ནས་དེ་ཁོ་ན་ཉིད་ཀྱི་དོན་རྟོགས་པའི་བདེ་སྟོང་དབྱེར་མེད་པ་བཀྲལ་བ་མང་བས། འདི་དང་སྔ་མ་ གཉིས་ཀ་འཆིལ་བ་ལགས། དྲི་བའི་ལེན་ཚིག་ཉུང་ལ་གོ་བདེ་བ་གྱིས་གསུང་བ་གདའ་བས། རང་རེའི་གོ་ཚོད་མདོ་ཙམ་གསོལ་བ་མ་གཏོགས། ལུང་རིགས་ཀྱི་ཤེས་བྱེད་མང་པོ་མ་བཀོད་པ་ལགས། བཀའ་ཤོག་ཁར་སང་སྔ་རབས་ནས་མཛད་འདུག་ཀྱང༌། འདིར་དགུན་གཞུག་ཀ་མིན་ པ་མ་འཕྲོད། དེ་ནས་བྲེལ་བ་འགའ་ཞིག་གིས་འགྱངས་པས། ད་བར་དུ་མ་གྲུབ་པ་ཆེད་ཆུང་བགྱིས་པ་མ་ལགས་པས་ཐུགས་ཀྱི་མི་བས་པར་ཞུ། སྐྱེ་དགུའི་ཕན་བདེ་བསྟན་པ་ལ་རག་ལས་ཤིང༌། བསྟན་པ་རིང་དུ་གནས་པ་ལ་ཉིད་ལྟ་བུའི་བཤེས་གཉེན་དམ་པ་རྣམས་འཇིག་ རྟེན་ན་རིང་དུ་ཞབས་བརྟན་པ་ལ་རག་ལས་པས། སྐུ་ཁམས་ཡུན་རིང་དུ་བཟང་བའི་རྟེན་འབྲེལ་སྒོ་དུ་མ་ནས་ཞུ། སླད་ནས་ཀྱང་སྐུ་ཁམས་རིན་པོ་ཆེ་འགྲོ་བའི་བསོད་ནམས་ཀྱི་ཞིང་དུ་ཞབས་བརྟན་པའི་ཐད་ནས་ལེགས་པར་བཤད་པའི་འབེལ་བའི་གཏམ་གྱི་དགའ་སྟོན་ལ་ 2-3-144b ལོངས་སྤྱོད་པར་སྨོན་ལགས། འདི་རིན་པོ་ཆེ་རྒྱལ་དབང་པ་ལ་མཛད་པའོ།། ༈ །།ཟབ་མོ་རྡོ་རྗེ་ཐེག་པ་དང་རྒྱ་ཆེ་བ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་གཉིས་ཀྱི་གཞུང་ལུགས་ལ་བློ་གྲོས་ཀྱི་སྣང་བ་རྒྱས་ནས་དེ་དག་གི་དོན་ལ་སྒྲུབ་པ་སྙིང་པོར་མཛད་པ་བཤེས་གཉེན་ཆེན་པོ་བྱང་ཆུབ་བླ་མ་སྐུ་ ཁམས་བཟང་ཞིང་འགྲོ་དོན་འཕེལ་བའི་ཐད་ནས་དོན་དང་ཆོས་དང་མཐུན་པའི་གསུང་ཤོག་དང་ཡུག་དཀར་སེར་བཞི་དང་རྟེན་ཁེབས་ལེགས་པ་གཅིག་གི་རྟེན་དང་བཅས་པ་སྐུར་བ་དགེ་བཤེས་གྲོགས་མཆེད་ཀྱིས་འཕྲོད་པས་ཡིད་སྤྲོ། འདིར་ཡང་ཁམས་སྙོམས་ཤིང་དགེ་བའི་བྱ་བ་ གང་ནུས་བགྱིད་ཅིང་བདོག །སྐབས་ཀྱི་དོན་ད་དུང་ཡང་སྔར་བཞིན་རང་ཉིད་ཀྱི་རྒྱུད་སྦྱང་བའི་དོན་མཐུན་ལ་གནས་པའི་ཐད་ནས་སྦྱིན་པས་བསྡུས་པའི་འགྲོ་བ་ལ་སྙན་པར་སྨྲ་བའི་གཏམ་སྔོན་དུ་འགྲོ་བའི་དོན་སྤྱོད་པ་ལ་བཀོད་དེ། བསྟན་པའི་བྱ་བ་བགྱིད་པ་ཞེས་པའི་མིང་ཅན་རྒྱལ་བ་རྣམས་ཀྱི་ དམ་པའི་ཆོས་ཡུན་རིང་དུ་འཛིན་པའི་རྟེན་འབྲེལ་སྒོ་དུ་མ་ནས་བསྒྲིག་པར་ཞུ། ཁྱེད་ཀྱིས་སེམས་བསྐྱེད་ཕྱིན་དྲུག་སྔོན་འགྲོའི་ཚུལ། །ལུས་དང་ལོངས་སྤྱོད་གང་ལ་ཡང༌། །ལྟོས་མེད་གཏོང་བ་སྦྱིན་པ་སྟེ། །འཚེ་བ་མེད་པ་ཚུལ་ཁྲིམས་དང༌། །དེ་ལ་མི་སྐྲག་བཟོད་པ་སྟེ། །མ་ཞུམ་མི་འགོད་ བརྩོན་འགྲུས་དང༌། །གཡེང་མེད་རྩེ་གཅིག་བསམ་གཏན་ཏེ། །ལྔ་པོ་དེ་ལ་འཁོར་གསུམ་གྱི། །དྲི་མས་དབེན་ཞིང་རང་བཞིན་གྱིས། །སྟོང་པ་ཉིད་དུ་ཐག་ཆོད་ན། །ཐུན་མོང་ཕྱིན་དྲུག་ཚང་ལགས་སམ། །ཞེས་དང༌། གཏོང་ཐོབ་ཕན་ཡོན་ཉེས་དམིགས་རྣམས་ཚུལ་བཞིན་རྒྱ་ཆེ་མི་ ཤེས་ཀྱང༌། སེམས་སྲུངས་ངོ་བོ་ཙམ་ཤེས་ན། །ནོར་བའི་ལམ་དུ་མི་འགྱུར་སེམས། །དོན་དེ་འདི་ཡིན་བཀའ་སྩལ་གསོལ། །ཞེས་དྲིས་པའི་སྔ་མའི་ལན་ནི། དེ་ལ་མི་སྐྲག་ཅེས་པ་ཆོས་ཟབ་མོ་ལ་མི་སྐྲག་པ་ཡིན་མཆི་བས་དེ་ལ་སོགས་པའི་ཆོས་དྲུག་པོ་དེ་ཚང་ན་ཐེག་ཆེན་ 2-3-145a པ་གཉིས་ཀྱི་ཐུན་མོང་བའི་ཕྱིན་དྲུག་ཙམ་ཞིག་ཚང་བར་བཞག་དགོས་མོད། འོན་ཀྱང་ཁྱེད་གསུང་བ་དེ་ཐུན་མོང་བའི་ཕར་ཕྱིན་གྱི་ཆ་རེ་ཡིན་གྱི། ཕྱིན་དྲུག་གི་བསླབ་བྱ་ཐུན་མོང་བ་ཐམས་ཅད་མི་འདུ་བས་དེ་ཙམ་ཞིག་ལ་བསླབས་པས་ཐུན་མོང་བའི་ཕྱིན་ དྲུག་གི་བསླབ་བྱ་ཚང་བ་ལ་བསླབ་པར་མི་འགྱུར་རོ། །དྲི་བ་ཕྱི་མ་གཏོང་ཐོབ་སོགས་རྒྱ་ཆེན་པོ་མི་ཤེས་ཀྱང་སྔར་དྲིས་པ་ལྟ་བུའི་ཕྱིན་དྲུག་གི་ངོ་བོ་ཙམ་བསྲུང་ཤེས་ནས་བསྲུང་ན་ནོར་བའི་ལམ་ཡིན་མིན་གསུང་བ་ནི་དེ་ཙམ་ཞིག་ཤེས་ནས་གཏོང་སེམས་སྦྱོང་བ་དང་གཞན་ལ་གནོད་ འཚེ་སྡོམ་པ་སོགས་བྱེད་པ་མ་ནོར་བའི་ལམ་ཡིན་མོད་ཀྱང་དེ་ཙམ་ཞིག་ལ་བསླབས་ནས་བསླབ་བྱ་གཞན་ལ་མ་བསླབས་ཀྱང་ཉེས་མེད་དུ་འདོད་པ་ནོར་མ་ནོར་ཞེས་འདྲི་ནི་དེ་ལྟར་སློབ་པའི་གང་ཟག་དེ་ལ་དཔྱད་དགོས་ཏེ། བྱང་སེམས་ཀྱི་སྡོམ་པ་མ་བླངས་པར་སྨོན་སེམས་ཙམ་ སྦྱོང་བ་ཡིན་ན་ནི་བསླབ་གཞི་སྣ་རེ་དང་དུས་ཀྱང་ཉི་མ་རེ་ལ་རྩེག་ཅི་ནུས་པའི་སྟོབས་དང་སྦྱར་བས་ཆོག་སྟེ། བསླབ་བཏུས་ལས་དེ་བས་ན་རང་གི་མཐུ་དང་སྦྱར་ཏེ་དགེ་བའི་རྩ་བ་གཅིག་ཙམ་ཡང་ཡང་དག་པར་བླངས་ལ་བསྲུང་བར་བྱ་སྟེ། ཞེས་དང་དུས་ཇི་སྲིད་དུ་ནུས་པ་དེ་སྲིད་དུ་ཡང་ དགེ་བ་ཡང་དག་པར་བླངས་ཏེ་གནས་པར་བྱ་སྟེ་ཞེས་གསུངས་པ་བཞིན་ནོ། །རྟེན་དེ་རྒྱལ་སྲས་ཀྱི་སྡོམ་པ་ཆོ་གས་བཟུང་བ་ཞིག་ཡིན་ན་ནི། སྔར་བཤད་པ་དེ་ཙམ་ཞིག་ལ་བསླབས་པས་ཆོག་པར་འདོད་ན་ནོར་བ་ཆེན་པོ་ཡིན་ཏེ། རྒྱལ་སྲས་ཀྱི་སྡོམ་ལྡན་ལས་དང་པོ་པས་ སོར་ཆུད་ལྟ་བུས་ནུས་ཀྱི་གཞན་གྱིས་མི་ནུས་པ་གོམས་པར་མི་རུང་བ་དང༌། ལས་དང་པོ་པས་ལུས་སྲོག་གཏོང་བ་བཀག་པ་ལྟ་བུ་མདོ་སྡེ་ནས་དམིགས་གསལ་མཛད་ནས་བཀག་པ་གཉིས་མ་གཏོགས་པ་གཞན་བྱང་སེམས་ཀྱི་བསླབ་བྱ་ལ་སློབ་དགོས་ 2-3-145b པར་གསུངས་པའི་ཕྱིར་རོ། །དེ་སྐད་དུ་ཡང་བསླབ་བཏུས་ལས། གང་དག་ཏུ་བྱང་ཆུབ་སེམས་དཔའི་དབང་དུ་བྱས་ནས་སྤྱིར་བསྟན་པ་དེ་ཡང་གོམས་པར་བྱར་མི་རུང་བའམ་དགག་པའི་རིགས་བྱང་ཆུབ་སེམས་དཔའ་ལས་དང་པོ་པས་བསླབ་པར་མི་བྱ་བར་འགྱུར་ཏེ། དེ་གཉིས་ མེད་ན་ནི་ཐམས་ཅད་ལ་བསླབ་པར་བྱའོ་ཞེས་གསུངས་ཤིང༌། མདོ་སྡེ་ལས་བསླབ་བྱ་རྒྱ་ཆེར་གསུས་པ་རྣམས་བློ་ཞན་པས་ཤེས་པར་དཀའ་བས་ཇི་ལྟ་བྱ་ཞེས་དྲིས་པའི་ལན་དུ། གང་གིས་ལྟུང་བར་མི་འགྱུར་བའི། །གནད་ཀྱི་གནས་རྣམས་འདིས་རིག་བྱ། །ཞེས་གསུངས་ལ། གནད་ཀྱི་གནས་ཀྱང༌། བདག་གི་ལུས་དང་ལོངས་སྤྱོད་དང༌། །དགེ་བ་དུས་གསུམ་སྐྱེས་པ་རྣམས། །སེམས་ཅན་ཀུན་ལ་བཏང་པ་དང༌། །དེ་སྲུངས་དག་པ་སྤེལ་བའོ། །ཞེས་བཏང་སྲུངས་དག་པ་སྤེལ་བཞི་གསུམ་བཅུ་གཉིས་ཀྱི་བསྲུང་མཚམས་བསླབ་བཏུས་ལྟ་བུའི་སྒོ་ནས་ཟིན་པར་ བྱས་ནས་ལྟུང་བ་མི་འབྱུང་བར་བྱ་དགོས་པའི་ཕྱིར་རོ། །འོན་ཀྱང་བྱང་སེམས་ཀྱི་བསླབ་པ་གཅིག་བསྲུང་བ་ན་གཞན་བསྲུང་བར་མ་ནུས་ན་ཉེས་མེད་དུ་འགྲོ་བའི་སྐབས་ཀྱང་གསུངས་ཏེ་རྩ་ལྟུང་ལ་དེ་སྦྱར་དུ་མི་རུང་ངོ༌། །དེས་ན་ལེགས་པོར་ཤེས་དགོས་ཞེས་ཁོ་བོ་ཅག་སྨྲ་བ་ནི་དེ་འདྲ་ལ་ ཟེར་བ་ལགས། འདི་དག་རྒྱས་པར་ཚུལ་ཁྲིམས་ལེའུའི་རྣམ་བཤད་དང༌། ལམ་གྱི་རིམ་པར་བཤད་ཟིན་པས་འདིར་མ་སྤྲོས་སོ། །ཡང་དབང་བཞི་རྫོགས་པར་ཞུས་པའི་གང་ཟག་གིས། །བསྲུང་བྱའི་གཙོ་བོ་རྩ་ལྟུང་བཅུ་བཞི་པོ། །རེ་རེ་གང་ཡང་རུང་བ་བྱུང་གྱུར་ན། །རྡོ་རྗེ་དམྱལ་ བ་སོགས་སུ་ལྟུང་འགྱུར་ཞེས། །རྒྱུད་དང་རྗེས་འཇུག་བསྟན་བཅོས་བླ་མ་ལས། །འོངས་པའི་གདམས་ངག་སོགས་སུ་གསལ་བཤད་ཀྱང༌། །དེ་ཡང་སྐྱབས་འགྲོ་ཙམ་ཡང་མ་ཆགས་ཤིང༌། །མི་དགེ་སྣ་རེ་ཙམ་ཡང་མི་སྤང་བའི། །སྐྱེས་པ་བུད་མེད་རྣམས་ལ་དབང་བཞི་དང༌། ། 2-3-146a ཟབ་མོའི་གདམས་པ་ལྷུག་པར་སྟོན་བྱེད་པ། །འདི་ཡི་དགོངས་པ་གང་ལགས་ཚུལ་ཅི་འདྲ་ཞེས་དྲིས་པའི་ལན་ནི། དམ་ཚིག་སྲུང་སྡོམ་མི་ནུས་ཤིང་སྔགས་ཀྱི་བག་ཆགས་བཞག་དགོས་པ་ལ་དཀྱིལ་འཁོར་དུ་གཞུག་པ་དང་དབང་བསྐུར་བ་ གཉིས་ལས་ཕྱི་མ་མི་རུང་ཞིང་སྔ་མ་ཙམ་ཞིག་བྱེད་པ་དེ་ཉིད་བསྡུས་པའི་རྩ་རྒྱུད་དང་དེའི་བཤད་རྒྱུད་རྡོ་རྗེ་རྩེ་མོའི་དགོངས་པ་ཡིན་ལ། ཚུལ་དེ་སློབ་དཔོན་ཀུན་དགའ་སྙིང་པོས་གསལ་བར་བཤད་པས་རྣལ་འབྱོར་རྒྱུད་ལ་ཁུངས་གསལ་པོ་ཡོད། སྤྱོད་རྒྱུད་རྣམ་སྣང་མངོན་ བྱང་གི་དགོང་པ་ཡང་སངས་རྒྱས་གསང་བས་དེ་ལྟར་དུ་རྣམ་སྣང་མངོན་བྱང་གི་འགྲེལ་པར་བཤད་པས་ཁོང་ལྟར་ན་བྱ་རྒྱུད་ལའང་དེ་བཏུབ། རྣལ་འབྱོར་བླ་མེད་ལའང་དེ་རུང་བའི་ཁུངས་གསལ་པོ་ཚད་ལྡན་གྱིས་མཛད་པ་གཞན་མ་མཐོང་ཡང༌། སློབ་དཔོན་ ཤཱནྟི་པས་དགྲ་ནག་གི་འགྲེལ་པར་སྲོག་གཅོད་ལས་ལྡོག་པ་ཁས་ལེན་པ་ལ་རུང་བར་བཤད་དོ། །དེས་ན་བྱང་སེམས་ཀྱི་སྡོམ་པ་ཙམ་འཛིན་ལ། རིགས་ལྔའི་སྡོམ་པ་བསྲུང་མི་ནུས་པ་ལ་སློབ་མའི་དབང་ཙམ་བསྐུར་ལ་སློབ་དཔོན་གྱི་དབང་མི་བསྐུར་བ་དང༌། སྡོམ་པ་ གཉིས་ཀ་བསྲུང་ནུས་ན་བུམ་དབང་རྫོགས་པར་བསྐུར་བར་སློབ་དཔོན་ལྭ་བ་པ་དང༌། ཤཱནྟི་པ་སོགས་མང་པོས་བཤད་པས་དབང་བསྐུར་ལུགས་དེ་འདྲ་ཞིག་དགོས་ལ། དེའི་སྒོ་ནས་སྔགས་ཀྱི་གདམས་ངག་སྟོན་ལུགས་ཀྱང་ཤེས་པར་བྱ། ཆོས་རྗེ་ས་སྐྱ་བས་ སོ་ཐར་ལ་གཟུགས་བརྙན་འདུག་སྔགས་ལ་གཟུགས་བརྙན་ཅི་ཡང་མི་འདུག་ཅེས་གསུང་པ་ཡང༌། དེ་འདྲའི་རིགས་ལ་དགོངས་པར་སྣང༌། འདི་དག་གི་རྣམ་གཞག་ཀྱང་རྒྱས་པར་རྩ་ལྟུང་བཅུ་བཞི་པའི་རྣམ་བཤད་དུ་བདག་གིས་གཏན་ལ་ཕབ་ཟིན་པས་ 2-3-146b འདིར་མདོ་ཙམ་སྨོས་པ་ལགས་ཀྱང༌། ཐིག་ལེ་ཉམས་པས་ལྔ་པའི་རྩ་ལྟུང་དུ། རྒྱུད་སྡེ་རྣམས་དང་ཨིནྡྲ་བྷཱུ་ཏི་སོགས། མཁས་གྲུབ་རྣམས་ཀྱིས་ལེགས་པར་གསུངས་པ་ལ། བཟའ་མི་ཟུང་ལྡན་ཐ་མལ་སྔགས་ཞུགས་དང༌། །ཁྱིམ་པའི་རྡོ་རྗེ་སློབ་དཔོན་ཕལ་ ཆེར་རྣམས། །བྱང་སེམས་འཆིང་བའི་ནུས་པ་མ་མཆིས་ཤིང༌། །འདོད་ལ་གཡེམ་པའི་འདོད་ལྡན་སྐྱེ་བོ་ལ། །བྱང་སེམས་ཉམས་པའི་རྩ་ལྟུང་འབྱུང་ལགས་སམ། །མི་འབྱུང་བར་གསུངས་པའི་དགོངས་པ་ཅི། འབྱུང་ན་སློབ་དཔོན་ལ་ཡང་ཉེས་མཆིས་ སམ། ཞེས་གསུངས་པའི་ལན་ནི། ཀུན་ཏ་ལྟ་བུའི་བྱང་སེམས་བཏང་བས་རྩ་ལྟུང་བསྐྱེད་པ་ནི་དུས་འཁོར་འགྲེལ་ཆེན་དུ་དབང་པོ་གཉིས་སྦྱོར་གྱི་བདེ་བས་སངས་རྒྱས་འདོད་པ་ཅིག་ལ་བཤད་ལ། དགེ་སློང་དཱ་རི་ཀ་པས་མི་འགྱུར་བའི་བདེ་བའི་རང་བཞིན་ ཤེས་པ་དང༌། འགྱུར་བའི་བདེ་བ་ཙམ་དང་དུ་བླང་བའི་བསམ་པ་ལ་སོགས་པའི་ཆོས་རྣམས་ཡན་ལག་ཏུ་དགོས་པར་བཤད་པ་ན། ཁྱིམ་པའི་རྡོ་རྗེ་སློབ་དཔོན་ཁམས་འཆིང་བའི་ནུས་པ་མ་ཐོབ་པའི་བྱང་སེམས་ཉམས་པ་ལ་དབང་པོ་གཉིས་སྦྱོར་ གྱི་བདེ་བ་སངས་རྒྱས་པའི་ཐབས་སུ་འཛིན་པའི་ཡན་ལག་མ་ཚང་ན་རྩ་ལྟུང་དུ་མི་འགྲོ་ལ། ཀུན་སློང་དེ་ལྟ་བུ་ལ་སོགས་པའི་ཡན་ལག་ཚང་ན་རྩ་ལྟུང་དུ་འགྱུར་རོ། །ཡང་ཕྱི་དང་ནང་དུ་སྣང་བའི་རྟེན་འབྲེལ་ཀུན། །སྣང་བཞིན་རྟེན་འབྲེལ་རྒྱུ་འབྲས་བསླུ་ མེད་ན་ཡང༌། །གདོད་ནས་ངོ་བོ་ཉིད་ཀྱིས་དབེན་པའི་ཕྱིར། །མཐའ་བཞི་ལ་སོགས་སྤྲོས་པ་ཀུན་ལས་གྲོལ། །དངོས་པོའི་གཤིས་ལུགས་འདི་ཡིན་འདི་མིན་ཞེས། །རྟོག་པའི་ཡུལ་མིན་ཚིག་གིས་བརྗོད་མི་ནུས། །གཏན་ཚིགས་དཔེ་ཡིས་མཚོན་པར་མི་ནུས་པ། ། 2-3-147a བློ་མཐའ་ཞིག་པའི་དབྱིངས་སུ་གོ་ལགས་ན། །གོ་ཡུལ་དོན་མཐུན་ཡིན་མིན་དགོངས་མཛད་ནས། །རྗེས་བཟུང་ཚར་བཅད་བཀའ་སྩལ་མཛད་དུ་གསོལ། །ཞེས་དྲིས་པའི་ལན་ནི་དབུ་ཚད་ཀྱི་རིགས་པ་ཕྲ་མོའི་དགག་སྒྲུབ་ཀྱི་ཚུལ་མཐའ་ མཆོད་པར་ཕྲ་བའི་གནས་ལ་ཁ་ཚོན་རྦད་ཆོད་བྱེད་པའི་གངས་ཅན་པ་མང་པོས་རང་གི་མཚན་ཉིད་ཀྱིས་གྲུབ་པའི་རང་བཞིན་མེད་པ་ལ་མེད་པས་ཁྱབ་པ་དང༌། དེའི་རྒྱུ་མཚན་གྱིས་ཡོད་ན་བདེན་པར་ཡོད་དགོས་ཞེས་ཁ་མཐུན་བྱས་ནས་སྡེ་ཚན་གཅིག་ན་རེ་ད་རང་བཞིན་ མེད་པ་ཡིན་པས་ལས་དཀར་ནག་ལས་བདེ་སྡུག་འབྱུང་བ་སོགས་ཀྱི་རྒྱུ་འབྲས་དང༌། བཅིངས་གྲོལ་སོགས་གང་ཡང་དབུ་མ་ལ་མི་རུང་ཞེས་སྨྲ་ལ། སྡེ་ཚན་གཞན་དག་ན་རེ་ཀུན་རྫོབ་པ་རྣམས་དེ་ལྟར་ཡིན་ལ་དེ་ལས་གཞན་པ་ནི་བདེན་པར་གྲུབ་བོ་ཞེས་སྨྲ་བ་ གཉིས་ཀ་ཡང་དབུ་མ་པའི་ལུགས་ལས་ཕྱི་རོལ་ཏུ་གྱུར་པ་ཡིན་ཏེ། སྟོང་པ་རྟེན་འབྲེལ་དུ་འཆར་བའི་ཀླུ་སྒྲུབ་ཀྱི་ལུགས་ལས་ཕྱི་རོལ་ཏུ་གྱུར་པའི་ཕྱིར་དང༌། གོ་རིམ་བཞིན་དུ་ཆད་པའི་མཐའ་དང་རྟག་ཆད་གཉིས་ཀའི་གཡང་དུ་ལྷུང་བའི་ཕྱིར་རོ། །ཁྱད་པར་དུ་ལུགས་ཕྱི་ མ་ལྟར་ན་བདེན་པ་སྒྲུབ་མཁན་གྱི་གང་ཟག་དང༌། སྒྲུབ་བྱེད་ཀྱི་ལུང་རིགས་རྣམས་ཀྱང་ཀུན་རྫོབ་པ་ཡིན་པས་རང་བཞིན་མེད་པའི་ཕྱིར་མེད་པར་འགྱུར་བས་དེ་དག་གི་བདེན་པ་སྒྲུབ་པར་འདོད་པ་འགལ་བའི་ཁུར་རོ། །དེས་ན་རྩ་ཤེ་ལས། གང་ལ་སྟོང་པ་ཉིད་རུང་བ། ། དེ་ལ་ཐམས་ཅད་རུང་བར་འགྱུར། ཞེས་དང༌། གལ་ཏེ་འདི་ཀུན་མི་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །འཕགས་པའི་བདེན་པ་བཞི་པོ་རྣམས། །ཁྱོད་ལ་མེད་པར་ཐལ་བར་འགྱུར། །ཞེས་གསུངས་པ་ལྟར། རང་བཞིན་མེད་པའི་སྟོང་པ་གང་གི་ལུགས་ལ་ 2-3-147b རུང་པའི་དབུ་མ་པ་དེ་ལ་འཁོར་འདས་ཀྱི་རྣམ་གཞག་ཐམས་ཅད་འཐད་དུ་འགྲོ་བ་ཅིག་དགོས་ལ། རང་བཞིན་གྱིས་མི་སྟོང་ན་སྐྱེ་འགག་བཅིངས་གྲོལ་སོགས་མི་འཐད་པས་སྐྱེ་འགག་དང་བཅིངས་གྲོལ་སོགས་ཀྱི་རྣམ་གཞག་བྱེད་པས་རང་བཞིན་མེད་པ་འདོད་དགོས་པར་ གསུངས་པ་བཞིན་གོ་བར་བྱ་ཡི། རང་བཞིན་མེད་ན་སྐྱེ་འགག་མི་རུང་ངོ་ཞེས་ལྡོག་ནས་མ་སྨྲ་ཞིག །དེ་འདྲ་ཞིག་ཤེས་ན་བྱང་ཆུབ་སེམས་འགྲེལ་ལས། ཆོས་རྣམས་སྟོང་བར་ཤེས་ནས་ལས་འབྲས་ལ་ངེས་པ་རྙེད་པ་ངོ་མཚར་བས་ཀྱང་འདི་ངོ་མཚར་ལ། རྨད་བྱུང་བས་ ཀྱང་འདི་རྨད་དུ་བྱུང་བར་གསུངས་པའི་ལྟ་བ་རྙེད་པ་ཡིན་ཏེ། རྟེན་འབྱུང་རྒྱུ་འབྲས་མི་བསླུ་བའི་ངེས་པ་རྙེད་པས་ཆད་ལྟ་འགོག་ཅིང་མཚན་མར་འཛིན་པའི་དམིགས་གཏད་རྡུལ་ཙམ་ཡང་མ་གྲུབ་པའི་རང་བཞིན་མེད་པའི་སྟོང་ཉིད་ལ་ངེས་པ་རྙེད་པས། རྟག་མཐའ་ལས་ གྲོལ་བའི་ཕྱིར་རོ། །དེས་ན་ངོ་བོ་ཉིད་ཀྱིས་སྟོང་བཞིན་དུ་རྒྱུ་འབྲས་མི་སླུ་བའི་ངེས་པ་རྙེད་པའི་ལྟ་བ་ནི་རྟག་ཆད་གཉིས་ཀའི་གོལ་ས་ཆོད་པ་ཡིན་པས་རྨད་དུ་བྱུང་བའི་གོ་བ་ཡིན་ནོ། །ཐོག་མར་ལྟར་བ་བཙལ་བའི་དགོས་པ་ཡང་ངེས་པའི་དོན་སྒོམ་པའི་དོན་དུ་ཡིན་ལ་དེ་ ཡང་བདག་འཛིན་ལྡོག་པའི་ཆེད་ཡིན་པས་སྒོམ་པའི་དུས་སུ་ཡང་བདག་ཏུ་འཛིན་པ་གཉིས་ཀྱི་ཡུལ་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ལེགས་པར་དཔྱད་པ་བདག་གཉིས་ཀྱི་མཚན་མ་ཅི་ཡང་མ་གྲུབ་པའི་ངེས་པ་རྙེད་པའི་ཚེ་ལྟ་ཐོག་དེར་བཞག་ནས་ངེས་པའི་རྒྱུན་ སྐྱོང་དགོས་ཀྱི་ལྟ་བའི་ངེས་པ་དོར་བའི་ཞི་གནས་ཙམ་བསྐྱངས་ཀྱང་འཁོར་བའི་རྩ་བ་བདག་འཛིན་ལ་ཅི་ཡང་མི་གནོད་དོ། །དོན་གྱི་དབང་འདི་གཟིགས་ནས་རིགས་པའི་དབང་ཕྱུག་གིས། འདི་ཡུལ་སུན་ཕྱུང་མེད་པར་ནི། །དེ་སྤོང་བར་ནི་ནུས་མ་ཡིན། །ཞེས་དང་ 2-3-148a འཕགས་པ་ལྷས་ཀྱང༌། ཡུལ་ལ་བདག་མེད་མཐོང་ན་ནི། །སྲིད་པའི་ས་བོན་འགག་པར་འགྱུར། །ཞེས་གསུངས་ལ། ཏིང་འཛིན་རྒྱལ་པོ་ལས་ཀྱང༌། གལ་ཏེ་ཆོས་ལ་བདག་མེད་སོ་སོར་རྟོག །སོ་སོར་དེ་རྟོག་གལ་ཏེ་སྒོམ་པ་ནི། །འབྲས་བུ་ མྱ་ངན་འདས་ཐོབ་རྒྱུ་དེ་ཡིན། །རྒྱུ་གཞན་གང་ཡིན་དེས་ནི་ཞིར་མི་འགྱུར། །ཞེས་རྗེས་སུ་འགྲོ་ལྡོག་གཉིས་ཀ་ངེས་པའི་སྒོ་ནས་བདག་མེད་པའི་དོན་ལ་སོ་སོར་རྟོག་པའི་ཤེས་རབ་ཐར་པའི་སྒོ་དམ་པར་གསུངས་སོ། །གནས་ལུགས་སྒྲ་དང་རྟོག་པའི་ཡུལ་མིན་པར་ གསུངས་པ་དཔེར་ན་བུ་རམ་གྱི་རོ་འདི་འདྲ་ཞིག་ཡོད་ཅེས་བཤད་ཀྱང་ལྕེས་མྱོང་བ་ཇི་བཞིན་པ་ཚིག་ལ་བརྟེན་ནས་གོ་མི་ནུས་པ་བཞིན་དུ་འཕགས་པའི་མཉམ་གཞག་གིས་ཐུགས་སུ་ཆུད་པ་ཇི་བཞིན་པ་སྟོང་ཉིད་སྟོན་པའི་ཚིག་གིས་མཚོན་མི་ནུས་པ་ལ་བཞེད་མཆི་ བས་དེ་ལྟན་ལེགས་སོ། །འོན་ཀྱང་སྒྲ་རྟོག་གི་ཡུལ་དུ་གཏན་མི་རུང་བར་བྱར་མི་རུང་སྟེ། གཞན་དུ་ན་ཚོགས་སྦྱོར་བས་དེ་ཁོ་ན་ཉིད་དོན་སྤྱིའི་སྒོ་ནས་རྟོགས་པར་གསུངས་པ་མི་འཐད་པར་འགྱུར་ཞིང་གོ་བར་མི་ནུས་པའི་དོན་ལ་འདིའི་དོན་ཡིན་ཞེས་རྟོགས་ལྡན་སློབ་ མ་ལ་འཆད་པར་ཡང་མི་རིགས་ཏེ། ཅི་ཙམ་བཤད་ཀྱང་གོ་མི་ནུས་པའི་ཕྱིར་རོ། །ཡང་ཁྱེད་ཀྱིས་བཅོམ་གཞག་ལྟ་བུའི་ཆད་པའི་སྟོང་ཉིད་དང༌། སྣང་བ་སྟོང་པར་རྟོགས་པའི་ཉམས་དང་ནི། །རྟེན་འབྲེལ་སྒྱུ་མ་ལྟ་བུར་རྟོགས་ཚུལ་དང༌། །བཏགས་ཡོད་མིང་རྐྱང་ཙམ་ དུ་དགོངས་ཚུལ་རྣམས། །རིམ་བཞིན་སྔ་མ་སྔ་མ་དམན་པ་དང༌། །ཕྱི་མ་ཕྱི་མ་བཟང་བའི་གཏན་ཚིགས་རྣམས། །ཚུལ་བཞིན་ལེགས་པར་བཀོད་པ་བདག་གིས་མཐོང༌། །ཞེས་རྗེ་བཙུན་རེད་མདའ་པའི་འཕྲིན་ཡིག་ལས་སྟོང་པའི་དགོངས་ཚུལ་བཞི་བྱུང་བར་ 2-3-148b གསུངས་པ་ལ། དང་པོ་དེ་ལྟ་ཡིན་མོད་ཀྱང་ཕྱི་མའི་སྣང་བ་གཟུང་བྱ་ཁོ་ན་ལ་བྱེད་མི་དགོས་ཏེ། ཤེས་པ་ཡང་མེད་བཞིན་དུ་སྣང་ཞིང་ཡུལ་གྱི་དབང་གིས་ཡུལ་ཅན་དང་ཡུལ་ཅན་གྱི་དབང་གིས་ཡུལ་སྣང་བའི་ཕྱིར་རོ། །དེ་གཉིས་ཀ་ལའང་སྣང་བའི་ཐ་སྙད་འཐད་ལ་སྣང་བ་རང་བཞིན་ མེད་པར་རྟོགས་པ་དང༌། རྟེན་འབྱུང་སྒྱུ་མ་བཞིན་དུ་རྟོགས་པ་དང༌། རྟེན་འབྱུང་བརྡ་ཙམ་དུ་རྟོགས་པ་གཉིས་ཀ་ཆོས་རྣམས་གཞི་མེད་རྩ་བྲལ་དུ་རྟོགས་པར་མཚུངས་པ་ལ། སྣང་བ་རང་བཞིན་མེད་པར་རྟོགས་ན་ཡང༌། །འཛིན་པའི་ཞེན་པ་མི་སྤོང་ཇི་ལྟར་ལགས། །སྒྱུ་མ་ལྟ་བུར་སྨྲ་ བ་གང་དེ་ལ། །མྱོང་རིག་སྤང་གཉེན་སྒྱུ་མ་ཙམ་ཉིད་དུ། །བདེན་པར་ཁས་ལེན་རྒྱུ་མཚན་ཅི་ཞིག་མཆིས། །གལ་ཏེ་སྒྱུ་མ་ཙམ་དུ་སྨྲ་བ་ལ་སྒྱུ་འཛིན་གྱི་ཞེན་པ་ཡོད་པས་སྙམ་ན། དེ་ལྟ་ན་མིང་རྐྱང་ཙམ་དུ་རྟོགས་པ་ལའང་མིང་འཛིན་ཡོད་པས་མཚུངས་སོ། །དེས་ན་བླ་མའི་བཞེད་པ་དེ་ ཇི་ལྟར་ཡིན་ཞེས་དྲིས་པའི་ལན་ནི། སྤྱིར་སྣང་བའི་ཐ་སྙད་ཡུལ་དང་ཡུལ་ཅན་གཉིས་ཀ་ལ་འཇུག་མོད་ཀྱང༌། གང་ཟག་གི་བརྗོད་འདོད་ཀྱི་དབང་གིས་སྤྱི་མིང་བྱེ་བྲག་པ་གཅིག་ལ་ཞུགས་པ་བསྟན་བཅོས་དང་འཇིག་རྟེན་གྱི་རྣམ་གཞག་དུ་མ་ཞིག་ཡོད་དོ། །དེའི་ཕྱིར་བླ་མའི་ཞལ་ སྔ་ནས་སྣང་བ་སྒྱུ་མ་ལྟ་བུར་སྣང་དུས་ཉིད་ནས་རང་བཞིན་མེད་པར་རྟོགས་ནས་ཕྱི་གཟུང་བྱ་ལ་བདེན་འཛིན་ལྡོག་ཀྱང་མྱོང་རིག་ལ་ཞེན་པ་མི་མདོར་ཞེས་གསུང་པ་མི་འགལ་ཏེ། སྣང་བ་རང་བཞིན་མེད་པར་རྟོགས་གསུང་བའི་ཐུགས་རྩེ་གཏད་ས་ཕྱི་རོལ་གྱི་གཟུང་བ་ལ་བཞེད་པའི་ཕྱིར་ དང༌། ཕྱི་རོལ་རང་བཞིན་མེད་པར་རྟོགས་ཀྱང་ནང་གི་སེམས་ལ་བདེན་ཞེན་མི་འདོར་བ་མི་འགལ་བའི་ཕྱིར་རོ། །དགོངས་ཚུལ་གསུམ་པ་ནང་མྱོང་རིག་དང་ཕྱི་སྣང་བ་གཉིས་ཀའང་རྒྱུ་རྐྱེན་ལ་རག་ལས་བས་སྒྱུ་མ་ལྟ་བུར་ཀུན་རྫོབ་ཏུ་ཡང་སྣང་བ་ཙམ་ལས་རང་བཞིན་ 2-3-149a ཅུང་ཟད་ཀྱང་མེད་པར་རྟོགས་ཏེ། འདི་ལའང་མཐར་འཛིན་གྱི་ཞེན་པ་ཅི་ཡང་མེད་ཀྱང་རྟེན་འབྲེལ་སྒྲ་རྟོག་ལ་མི་ལྟོས་པའི་དོན་ཆོས་སྒྱུ་མ་ཙམ་དུ་འཛིན་པ་ཡོད་ཅེས་གསུངས་པ་ནི། ཆོས་རྣམས་སྒྱུ་མ་ལྟར་རྟོགས་པ་གང་ཡིན་ལམ་ཡིན་གྱི་རང་རྒྱུད་པ་ རྣམས་ཐ་སྙད་དུ་རང་གི་མཚན་ཉིད་ཀྱིས་གྲུབ་པར་ཁས་ལེན་པས་དོན་དམ་པར་རང་བཞིན་ཁེགས་ཀྱང་ཀུན་རྫོབ་ཏུ་རྟོག་པས་བཞག་པ་ཙམ་མིན་པའི་རང་མཚན་འདོད་ལ། དེ་ལྟ་ན་དེའི་ལུགས་ཀྱིས་སྒྱུ་མ་ལྟ་བུར་སྨྲ་བའི་དོན་དེ་ལ་ཀུན་རྫོབ་ཏུ་རྟོག་པས་བཞག་པ་ཙམ་མིན་པའི་ དོན་ཆོས་འདོད་དོ། །ཐལ་འགྱུར་བས་རང་གི་མཚན་ཉིད་ཀྱིས་གྲུབ་པའི་དོན་ཆོས་བདེན་པ་གཉིས་ཆར་དུ་མི་བཞེད་པས་རྟེན་འབྲེལ་བཏགས་ཡོད་མིང་རྐྱང་དུ་གོ་བ་དེའི་ལུགས་སུ་བཞེད་པས་འགལ་བ་མེད་དོ། །དེས་ན་ཀུན་རྫོབ་ཏུ་ཡང་སྣང་བ་ཙམ་ལས་གཞན་པའི་རང་བཞིན་མེད་པར་རྟོགས་ཞེས་ གསུངས་པ་ཡང་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཙམ་མིན་གྱི་དོན་དམ་པར་གྲུབ་པའི་རང་བཞིན་མེད་པར་ཡིན་ལ། མཐར་འཛིན་གྱི་ཞེན་པ་ཅི་ཡང་མེད་ཅེས་གསུང་པའི་མཐར་འཛིན་ཡང་དབུ་མ་པ་སྤྱིའི་ལུགས་ཀྱི་མཐར་འཛིན་ཡིན་ཏེ། ཐལ་འགྱུར་བ་ལྟར་ན་དེ་ལ་ད་དུང་མཐར་ འཛིན་དགག་རྒྱུ་ཡོད་དོ། །དེ་ལྟ་མ་ཡིན་ན་མཐའ་ཐམས་ཅད་དང་བྲལ་བའི་དོན་རྟོགས་པའི་ལྟ་བ་ལས་བཟང་བའི་ལྟ་བ་ཡང་ཅེས་ག་ན་སྨྲ། ཆོས་རྣམས་རང་གི་མཚན་ཉིད་ཀྱིས་གྲུབ་པ་ལྟར་སྣང་བ་དེ་མེད་པའི་སྒྱུ་མ་ལྟ་བུའི་གོ་བ་དང༌། སྣང་བ་ཐམས་ཅད་རང་བཞིན་ མེད་པར་རྟོགས་པ་དང༌། རྟེན་འབྲེལ་བཏགས་ཡོད་ཙམ་དུ་རྟོགས་པ་རྣམས་ལ་ནི་ལྟ་བ་མཐོ་དམན་དུ་གཞག་ཏུ་མེད་དོ། །དབུ་མའི་བསྟན་བཅོས་ཀྱི་དོན་གཞི་ལམ་འབྲས་གསུམ་དང་སྐུ་དང་ཡེ་ཤེས་དང་ཕྲིན་ལས་འཆར་ཚུལ་ཚིག་ཉུང་ལ་དོན་འདྲིལ་བ་ཅིག་དགོས་ 2-3-149b གསུང་བ་ལ་འདི་སྐད་ཅེས་བྱ་སྟེ། མཁས་པའི་གཞུང་ལ་གཞི་ལ་ཚུལ་གཉིས་ཏེ། །ལུང་དང་རིགས་པས་སྒྲོ་འདོགས་གཅོད་གཞི་དང༌། །དྲི་མ་སྦྱོང་བའི་བྱེད་པ་འཇུག་པའི་གཞི། །དང་པོ་ལྟར་ན་བདེན་པ་གཉིས་ཡིན་ཏེ། །དོན་དམ་སྤྲོས་དང་བྲལ་བས་ཡོད་མཐའ་དགག །ཀུན་ རྫོབ་སྒྱུ་མས་མེད་པའི་མཐའ་སྤངས་ཏེ། །སྒྲོ་སྐུར་རྟག་ཆད་ལ་སོགས་མཐའ་གཉིས་ཀྱི། །ལྟ་བ་ངན་པའི་གདོན་ལས་གྲོལ་བར་བྱ། །ཕྱི་མ་ལྟར་ན་དྲི་བཅས་སེམས་ཀྱི་དབྱིངས། །རང་བཞི་གདོད་ནས་རྣམ་པར་དག་པ་དང༌། །དྲི་མ་འབྲལ་དུ་རུང་བའི་གློ་བུར་བར། །ཤེས་ནས་ ཁམས་སྦྱང་ཕྱིར་དུ་བརྩོན་པར་བྱ། །དྲི་མ་དག་བྱེད་དངོས་ནི་སྟོང་པའི་ལམ། །འོན་ཀྱང་ལམ་འདིས་དྲི་མ་བག་ཆགས་དང༌། །བཅས་པ་མ་ལུས་དག་པར་བྱེད་པ་ནི། །མཐའ་ཡས་བསོད་ནམས་ཚོགས་ལ་རག་ལས་པས། །སེམས་མཆོག་གཉིས་སོགས་རྒྱ་ཆེན་སྤྱོད་པ་ནི། །ངོམས་མི་ ཤེས་པར་ཆུ་བོའི་རྒྱུན་ལྟར་སྤྱད། །དེ་ནི་རྒྱལ་བ་སྲས་བཅས་དགྱེས་པའི་ལམ། །ཕྱོགས་རེར་འཆེལ་པ་བྱིས་པ་དགའ་སྐྱེད་ཙམ། །ཟབ་མོ་ཡེ་ཤེས་ཚོགས་ལས་ཆོས་སྐུ་དང༌། །རྒྱ་ཆེན་བསོད་ནམས་ཚོགས་ལས་གཟུགས་སྐུ་གཉིས། །གྲུབ་པ་འདི་ནི་འབྲས་བུའི་ མཐར་ཐུག་སྟེ། །རིམ་བཞིན་རང་གཞན་དོན་གཉིས་མཆོག་གི་གཞི། །ཇི་ལྟར་རྒྱུ་ཚོགས་གཅིག་ལ་རག་ལས་པའི། །རོ་གཟུགས་འབྲལ་བ་མེད་པ་ཇི་ལྟ་བ། །དེ་བཞིན་ཚོགས་གཉིས་ཀྱི་ནི་རྒྱུ་ཡི་ཚོགས། །གཅིག་ལ་རག་ལས་སྐུ་གཉིས་འབྲལ་མི་རུང༌། །ཇི་ལྟ་ཇི་སྙེད་ མཁྱེན་པའི་ཐུགས་མེད་པའི། །སངས་རྒྱས་སྐུ་མེད་གཟུགས་ཀྱི་སྐུ་ཡིས་སྟོང༌། །ཆོས་ཀྱི་སྐུ་ཡང་ཡོད་མིན་དེ་ཡི་ཕྱིར། །རྒྱལ་བའི་ས་ན་དེ་དག་ཟུང་དུ་འཇུག །དེ་ལས་འབད་རྩོལ་བྲལ་བའི་ལྷུན་གྲུབ་དང༌། །འཁོར་བ་སྲིད་དུ་བཞུགས་པའི་རྒྱུན་མི་འཆད། །ཁྱད་པར་ 2-3-150a གཉིས་དང་ལྡན་པའི་ཕྲིན་ལས་ཀྱིས། །སྐལ་ལྡན་འགྲོ་ལ་དོན་གཉིས་ཡིད་བཞིན་སྩོལ། །སྙིང་ནས་བྱང་ཆུབ་སྒྲུབ་ལ་རབ་གཞོལ་བའི། །ཡོན་ཏན་ཁུར་གྱིས་ལྕི་བའི་བླ་མ་དེས། །ཉུང་ངུའི་ལན་གྱིས་དྲིས་དོན་སྤྲིངས་ཤིག་ཅེས། ། གསུང་བ་ཇི་བཞིན་འདིར་ནི་མདོ་ཙམ་བཀོད། །ཕྲ་ལ་རྟོགས་དཀའ་དྲང་སྲོང་ཆེན་པོའི་ལམ། །ཟབ་མོ་དབུ་མའི་ལམ་དུ་དཔག་དཀའ་བས། །རྣམ་དཔྱོད་ཅན་ཁྱོད་ཚིམ་པར་མ་སླ་བར། །བླ་མ་ལྷག་པའི་ལྷ་ལ་གསོལ་བཏབ་སྟེ། །བསག་སྦྱང་མང་པོས་རྒྱུད་ ནི་སྨིན་བྱས་ནས། །ཡང་དང་ཡང་དུ་རྣམ་པར་དཔྱོད་ཅིག་དང༌། །གོང་ནས་གོང་དུ་བློ་གྲོས་ཁྱད་ཞུགས་ནས། །ཤིན་ཏུ་ཕྲ་བའི་གནས་ཀྱང་ཕྱེད་པར་འགྱུར། །ཞེས་པའི་ཕྲིན་ཡིག་སྐྱེས་ཀྱི་བརྡ་མཚོན་པར། །རྟག་ཏུ་ངུའི་རྟོགས་པ་བརྗོད་པ་དང༌། །ངེད་རང་གི་ གོ་ན་འཕྲོའི་རིང་འགག་ཅིག་ལ་ཐེའུ་ཚེ་འདི་འབྱར་བ་ཕུལ།། ༈ །།ངེད་ཀྱིས་བྱས་པའི་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབས་ཐབས་ལ། ཁྱད་ཀྱིས་དགག་པ་བཞི་བྱས་འདུག་པའི་ཞལ་གྱི་སྐབས་སུ། སློབ་དཔོན་ལ་ལཱི་ཏའི་རོ་ལངས་བརྒྱད་བསྐོར་གྱི་སྒྲུབ་ ཐབས་སུ། གཡས་ཀྱི་རྭ་ཡི་ཞལ་གསུམ་ནི། དང་པོ་མཐིང་ཀ་གཡས་དམར་པོ། གཡོན་སེར་ཤིན་ཏུ་ཁྲོས་པའོ། །དེ་བཞིན་གཡོན་གྱི་རྩ་བའི་ཞལ། །དཀར་པོ་དུད་ཁ་དེ་བཞིན་དུ། ནག་པོ་ཤིན་ཏུ་ཁྲོས་པའོ། །ཞེས་པའི་རྭ་གཡས་པའི་དབུས་ མ་དང༌། གཡོན་པའི་དབུས་མ་ལའང་རྩ་ཞལ་དུ་བྱས་ཏེ། དེ་དག་རིམ་པ་བཞིན་དུ་སྔོན་པོ་དང༌། དཀར་པོར་འཆད་ཅིང་དེ་དག་ལ་ཞལ་དང་པོར་གསུངས་མོད། འོན་ཀྱང་ལ་ལཱི་ཏའི་ཞེ་དགུ་མའི་སྒྲུབ་ཐབས་སུ། རྭ་རྩ་ན་ནི་ཞལ་གསུམ་སྟེ། ། 2-3-150b གཡས་ཀྱི་དང་པོའི་ཞལ་ནི་སྔོ། །དེ་ཡི་གཡས་དམར་སེར་པོ་དང༌། །གཡོན་པའི་རྭ་རྩའི་ཞལ་གསུམ་ནི། །དཀར་དང་དུད་ཁ་ནག་པོའོ། །ཞེས་པ་འདིས་སྔ་མ་ལ་གནོད་དོ། །གཡས་དམར་ཞེས་པའི་གཡས་ཐོག་མའི་གསལ་བྱེད་ཡིན་པས། དེའི་གཡས་སུ་སེར་པོ་ འོད་བར་བཤད་པ་དང༌། འདི་དག་ཏུ་དཀར་དང་དུད་ཁ་ནག་པོ་ཞེས་རིམ་པ་བཞིན་བཤད་པས་སོ། །རོ་ལངས་བརྒྱད་བསྐོར་འདི་མ་གཏོགས་གཞན་རྒྱུད་དང་སྒྲུབ་ཐབས་གང་དུའང་གཡས་གཡོན་གྱི་བར་མ་ལ་རྩ་ཞལ་བྱས་པའི་ཐ་སྙད་ཡེ་མ་བྱུང་ཞིང༌། གལ་ཏེ་ སློབ་དཔོན་འདི་དེ་ལྟར་བཞེད་ན་འདི་ཨུ་རྒྱན་གྱི་ཡུལ་ནས་རྒྱུད་ལེན་པ་པོ་དངོས་ཡིན་པས་འཕགས་ཡུལ་དུ་ཚུལ་འདི་ལྟར་འཆད་པའི་རྗེས་འབྲང་མང་དུའང་རིགས་པ་ལས་གང་ཡང་མ་བྱུང་བས་འདི་ནི་ཆེས་ཐེ་ཚོམ་ཟ་བར་སྣང་ངོ༌། །འོ་ན་གཡོན་སེར་ཤིན་ཏུ་ ཁྲོས་པའོ། །དེ་བཞིན་གཡོན་གྱི་རྩ་བའི་ཞལ། ཞེས་སོགས་ཇི་ལྟར་འཐད་ཅེ་ན། སྔ་མ་ནི་འགྱུར་འཕྱུགས་པ་ཡིན་ལ། ཕྱི་མ་ནི་ཡི་གེ་ཉམས་པ་སྟེ། དེ་ཡང་སཱ་བྱ་ཏ་ཞེས་པ་གཡོན་དང་ཅིག་ཤོས་གཉིས་ལ་འཇུག་པའི་འདི་ཅིག་ཤོས་ཏེ། དང་པོ་མཐིང་ཁ་ དང་གཡས་དམར་པོ་དངོས་སུ་སྨོས་པས། ཅིག་ཤོས་སེར་པོ་ལས་འོས་མེད་པས་སོ། །དེས་ན་ཅོག་གྲུབ་ཤེས་རམ་བླ་མའི་འགྱུར་སྐྱོན་ཏེ། དང་པོ་མཐིང་ཁ་གཡས་དམར་པོ། །ཅིག་ཤོས་སེར་ཞིང་ཁྲོ་བའོ། །ཞེས་གདོན་ན། གཉིས་པ་ནི་རྭ་རྩའི་ཞལ་རྩ་ ཞལ་དུ་ཤོར་བ་སྟེ། །ཞེ་དགུ་མའི་སྒྲུབ་ཐབས་སུ། རྭ་རྩ་ན་ནི་ཞལ་གསུམ་སྟེ། །གཡས་ཀྱི་དང་པོའི་ཞལ་ནི་སྔོ། །ཞེས་དང་གཡོན་པའི་རྭ་རྩའི་ཞལ་གསུམ་ནི། །ཞེས་སོགས་འབྱུང་བས། འདི་ལ་ཐེ་ཚོམ་མེད་དོ། །མཁས་པའི་ལེགས་བཤད་ 2-3-151a ནོར་བུའི་ཚོགས་ནང་དུ། །སྐྱོན་གྱི་མཆིང་བུ་ཅུང་ཟད་སྲིད་པ་སྟེ། །ཞེས་དཔེ་དང་བཅས་པས་བསྒྲུབས་འདུག་པ་འདི་ལ་ལན་བརྗོད་པར་བྱ་སྟེ། དེ་ཡི་གཡས་དམར་སེར་པོ་དང༌། ཞེས་པའི་གཡས་ཐོག་མའི་གསལ་བྱེད་ཡིན་པས་སེར་ པོ་གཡས་སུ་འོང་བས། དེས་གཡོན་སེར་པོར་བཤད་པ་ལ་གནོད་ཅེས་པ་དང༌། སཱ་བྱ་ཏའི་སྐད་དོད་གཡོན་དང་ཅིག་ཤོས་གཉིས་ཀ་ལ་འཇུག་པ་ཡིན་ལ། དེ་ཡང་དང་པོ་མཐིང་ཁ་གཡས་དམར་པོ། །ཅིག་ཤོས་སེར་ཞིང་ཁྲོ་བའོ། །ཞེས་བསྒྱུར་རྒྱུ་ཡིན་པས། དང་པོ་མཐིང་ཁ་གཡས་དམར་པོ་དངོས་སུ་སྨོས་པས་ཅིག་ཤོས། སེར་པོ་ལས་འོས་མེད་པའོ། །ཞེས་པ་དྲི་ཤིན་ཏུ་མི་རིགས་ཏེ། །ཅིག་ཤོས་སུ་བསྒྱུར་བ་ཡིན་དུ་ཆུག་ཀྱང༌། དང་པོ་མཐིང་ག་གཡས་དམར་པོ། །ཞེས་འབྱུང་བ་སོར་འཇོག་པར་ཡང་སྣང་ལ། དེ་ལྟར་བྱ་ཡང་དགོས་པས་དེའི་ཚེ། །ཅིག་ཤོས་ཞེས་པ་གཡས་པའི་ཅིག་ཤོས་ཡིན་པས་གཡོན་པ་ཡིན་གྱི། མཐིང་ཁ་དང་དམར་པོའི་ཅིག་ཤོས་སེར་པོའོ། །ཞེས་འཆད་པ་ནི་ཆེར་མ་འབྲེལ་ཏེ། དཔེར་ན་རྐྱེན་ལས་སྐྱེས་དང་ཅིག་ཤོས་དང༌། ཞེས་ པའི་ཅིག་ཤོས་རྐྱེན་ལས་མ་སྐྱེས་པ་ཡིན་པ་བཞིན་ཏེ། ཡོངས་སུ་གྲགས་པའི་སྔ་མའི་ལྡོག་ཟླ་ལ་ཅིག་ཤོས་སུ་འཆད་པ་གཞུང་ལུགས་པ་སྤྱིའི་ལུགས་སོ། །དེ་ཡི་གཡས་དམར་སེར་པོ་དང༌། ཞེས་ཞལ་དམར་པོ་ལ་དེའི་གཡས་ཞེས་འབྱུང་བས་དམར་ པོའི་འོག་ཏུ་བྱུང་བའི་སེར་པོ་ལ་ཡང༌། གཡས་ཞེས་པ་སྦྱར་དགོས་པའི་ངེས་པ་མེད་དེ། དེ་འདྲའི་རིགས་ལ་ཐོག་མའི་གསལ་བྱེད་ཡིན་མིན་གཉིས་ཀ་ཡོད་པའི་ཕྱིར་དང༌། འདིར་སྨོས་པ་ཐོག་མའི་གསལ་བྱེད་ཡིན་པ་ད་དུང་སྒྲུབ་དགོས་པའི་ 2-3-151b ཕྱིར་རོ། །ཤིན་ཏུ་མི་གསལ་བའི་ཞེ་དགུ་མའི་ལུང༌། དེ་ཡི་གཡས་དམར་སེར་པོ་དང༌། ཞེས་པའི་སེར་པོ་ཞེས་པའི་ལུང་གིས། གཡོན་སེར་ཞེས་པ་འགོག་ན། གཡོན་པ་སེར་པོར་ཤིན་ཏུ་གསལ་བར་བཤད་པ་ཁུངས་སུ་བྱས་ནས། ཞེ་དགུ་མའི་འགྱུར་ མ་དག་པར་བསྒྲུབས་ན་ལན་ཅི་ཡོད། དེས་ན་དེ་གཉིས་འགྱུར་ལ་ཁག་འཇོག་མི་དགོས་ཏེ་ཞེ་དགུ་མའི་སེར་པོ་ཞེས་པ། གཡོན་སེར་ཞེས་པ་དང་མཐུན་པར་བཤད་པ་ལ་གནོད་པ་མེད་པའི་ཕྱིར་རོ། །ཡང་དཀར་དང་དུད་ཁ་ནག་པོ་ཞེས་རིམ་པ་བཞིན་དུ་ བཤད་པས་གནོད་པར་སྨྲ་བ་ཡང་མི་འཐད་དེ། དཔེར་ན་མདོར་བྱས་ལས། རྣམ་སྣང་གི་ཞལ་གསུམ་འཆད་པ་ན། དཀར་དང་གནག་དང་དམར་བའི་ཞལ། ཞེས་དང་པོ་དཀར་པོ་དང༌། གཉིས་པ་ནག་པོ་དང༌། གསུམ་པ་དམར་པོར་རིམ་པ་བཞིན་དུ་བཤད་ཀྱང༌། དེ་གསུམ་དཀར་པོ་ནས་བཟུང་སྟེ་གཡས་གཡོན་གང་རུང་གཅིག་ལ་མཐར་ཆགས་སུ་སྒྲིག་མི་དགོས་ཤིང༌། དང་པོ་ཞལ་དབུས་མ་དང༌། གཉིས་པ་གཡས་ཞལ་དང༌། གསུམ་པ་གཡོན་ཞལ་ལ་བྱ་དགོས་པ་བཞིན་ཏེ། སྒྲུབ་ཐབས་དེར་དེ་འདྲ་བ་མང་ངོ༌། །དེ་ བཞིན་དུ་ལ་ལཱི་ཏའི་སྒྲུབ་ཐབས་ཆུང་བ་ལས། དབུས་དང་ཤར་དང་ལྷོ་དང་ནུབ། །དེ་བཞིན་སྟེང་གི་ཁྲོ་བོ་རྣམས། །མཐིང་དང་དཀར་པོ་དམར་པོ་དང༌། །དེ་ལྟར་སྔོན་པོ་དཀར་དང་དམར། །ཞེས་རིམ་པ་བཞིན་བཤད་ཀྱང་དེ་རྣམས་དབུས་དང་གཡས་དང་གཡོན་ གྱི་ཞལ་གྱི་རིམ་པ་ཡིན་ནོ། །དེས་ན་རྟོག་བདུན་ལས་དང་པོ་སྔོན་པོ། གཉིས་པ་དམར་པོ། གསུམ་པ་སེར་པོ་ཞེས་པ་དང༌། དང་པོ་དཀར་པོ། གཉིས་པ་དུད་ཁ། གསུམ་པ་ནག་པོ་ཞེས་རིམ་པ་བཞིན་དུ་བཤད་པ་དང༌། དེ་གསུམ་རིམ་པ་བཞིན་དབུས་ 2-3-152a དང་གཡས་གཡོན་གྱི་ཞལ་དུ་བྱེད་པ་ལ་གནོད་པ་ཅུང་ཟད་ཀྱང་མེད་དོ། །ངེད་ཀྱིས་རྭ་གཉིས་ཀྱི་རྩ་བའི་ཞལ་གསུམ་ཚན་གཉིས། དབུས་དང་གཡས་གཡོན་གྱི་ཞལ་དུ་བྱེད་པ་ལ། སྒྲུབ་ཐབས་ཆུང་བའི་ལུང་དྲངས་པ་ནི། བོད་སྔ་མ་ཁ་ཅིག་དང་པོ་གཉིས་པ་གསུམ་པའི་གྲངས་ལ་འཁྲུལ་ནས་མདུན་ནས་རྒྱབ་ཕྱོགས་སུ་གསུམ་གསུམ་མཐར་ཆགས་སུ་བྱེད་པ་དང༌། ཡང་ཁ་ཅིག་མ་ཧེའི་ཞལ་གྱི་སྟེང་དུ་ཞལ་གཞན་གཉིས་བརྩེགས་པ་ལ་དཔགས་ནས། གཡས་གཡོན་གྱི་ ཞལ་གསུམ་གསུམ་ཡང༌། རྭ་གཉིས་ཀྱི་ནང་དུ་བརྩེགས་ནས་བྱེད་པ་ནོར་བར་བསྟན་པའི་ཕྱིར་ཡིན་ལ། ངེད་ཀྱི་སྒྲུབ་ཐབས་སུ་དབུས་མ་གཉིས་རྩ་ཞལ་དུ་བྱེད་པ་དང་འབྱེད་པ་གང་གི་ཡང་བཤད་པ་མ་བྱས་པས། ཁྱེད་ཀྱིས་ཞལ་སྔོན་པོ་དང་དཀར་པོ་རྩ་ཞལ་ ཡིན་པ་ཁེགས་སུ་ཆུག་ཀྱང་ངེད་ཀྱི་སྒྲུབ་ཐབས་ལ་ནི་ཅི་ཡང་མི་གནོད་དོ། །དེ་ལྟར་རྒྱུད་ལས་དང་པོ་སྔོན་པོ་སོགས་སུ་བཤད་པ་ལ་དོགས་པའི་གནས་ཡོད་པ། གསལ་བར་ལ་ལཱི་ཏས་དབུས་དང་གཡས་གཡོན་གྱི་ཞལ་དུ་བཤད་པ་ཡིན་ནོ། །ཁྱེད་རང་ གི་དཔྱད་པ་དེ་ལྟར་བྱེད་པའི་ལུགས་ལའང་དེ་བཞིན་གཡོན་པའི་རྩ་བའི་ཞལ། དང་པོ་དཀར་པོ་ཞེས་པའི་དོན། རྭའི་རྩ་བའི་ཞལ་དུ་བྱ་དགོས་པའི་ཁུངས་སུ་སྒྲུབ་ཐབས་ཆེ་བ་དྲངས་ན་མཛེས་ཀྱི་ཡི་གེ་ཉམས་པར་འཆད་པ་དང༌། གཞུང་ཆུང་བས་རྩ་ཞལ་དུ་ བསྟན་པར་འཆད་པ་ལེགས་པར་མ་མཐོང་ངོ༌། །དབུས་མའི་ཞལ་གཅིག་ལ་གཡས་གཡོན་གྱི་ཞལ་གཉིས་གཉིས་བྱུང་བས་དབུས་ཞལ་ལ་རྩ་ཞལ་དུ་བཤད་པ་ཡིན་ཞེས་འཆད་པའི་བཤད་པ་ཅུང་ཟད་བྱ་རྒྱུ་འདུག་ན་ཡང་ཁྱེད་གསུང་བ་ལྟར་གཞུང་དེའི་དོན་ 2-3-152b སྒྲུབ་ཐབས་ཆེ་བ་དང་སྦྲགས་ནས། རྭའི་རྩ་བའི་ཞལ་དུ་བྱས་ན་འགྲིག་ཚབས་ཆེའོ། །ལྷ་གཅིག་ལ་ཡང་དེ་འདྲ་བའི་དབུས་ཞལ་མང་པོ་བྱུང་ཡང་མི་འགལ་ཏེ། ཞལ་བཅུ་གཅིག་པ་བཞིན་ནོ། །རོ་ལངས་བརྒྱད་བསྐོར་འདི་མ་གཏོགས་པ་གཡས་གཡོན་གྱི་བར་མ་ ལ་རྩ་ཞལ་དུ་བྱས་པ་མ་བྱུང་ཞིང༌། སློབ་དཔོན་འདི་དེ་ལྟར་བཞེད་ན་འདི་རྒྱུད་གདན་འདྲེན་མཁན་ཡིན་པས། དེ་ལྟར་འཆད་པའི་རྗེས་འབྲང་མང་དུ་འོང་དགོས་པ་ལས། གང་ཡང་མ་བྱུང་བས་འདི་ནི་ཆེས་ཐེ་ཚོམ་མོ། །ཞེས་པའི་ཐེ་ཚོམ་མོ། །ཞེས་པ་ལ་སྒྲུབ་ཐབས་ནི་སློབ་དཔོན་དེས་མཛད་ པར་ཁྱེད་རང་གིས་ཀྱང་མཛད་འདུག་པས་དེ་ལ་ཟེར་ས་མེད་ལ། དང་པོ་གཉིས་རྩ་ཞལ་ཡིན་པ་འགོགས་པར་སྣང་བས། དེ་ལའང་ཁྱེད་རང་ལ་ཐེ་ཚོམ་ཆེན་པོ་ཡོད་པའི་ལུགས་མིན་མཆི། ཞལ་གྱི་འགྲོས་དེ་ལྟར་བཞེད་ན་འདིའི་རྗེས་འབྲངས་མང་དུ་འོང་རིགས་པ་ལས་མི་ སྣང་ཞེས་པ། བོད་ན་འདུག་པའི་འདི་རྒྱ་གཞུང་གི་སྒྲུབ་ཐབས་ལ་མཛད་དགོས་པས། དེ་ལ་ཡང་རྟགས་དེ་མ་ངེས་པ་ཡིན་ཏེ། ལ་ལཱི་ཏའི་སྒྲུབ་ཐབས་ཆེ་ཆུང་གཉིས་ཇི་བཞིན་དུ་ལྷ་ཞེ་དགུ་མ་དང་། ལྷ་དགུའི་སྒྲུབ་ཐབས་ཕྱོགས་འདིའི་རྒྱ་གཞུང་གཞན་ལ་མི་སྣང་བའི་ཕྱིར་ དང༌། ཞེ་དགུ་མར་འཇམ་དབྱངས་སུ་བསྐྱེད་ནས་བགེགས་གཞོམ་པར་གསུངས་པ་ཇི་བཞིན་པ་དང༌། རོ་ལངས་བརྒྱད་བསྐོར་གྱི་བཤད་པ་ཇི་བཞིན་དུ། ཁྲོ་བཅུ་བསྒོམ་པ་ཕྱོགས་འདིའི་རྒྱ་གཞུང་གཞན་ལ་མི་སྣང་བའི་ཕྱིར་རོ། །ཞལ་གྱི་རྣམ་གཞག་ལ་དཔྱད་པ་ བྱས་པའི་ལན་བཤད་ཟིན་ཏོ། །ཕྱག་མཚན་འཛིན་པའི་སྐབས་སུ་ལ་ལཱི་ཏའི་སྒྲུབ་ཐབས་ཆུང་བར་ཕྱག་དང་པོ་གཉིས་ཀྱིས་གླང་ལྤགས་འཛིན་པར་བཤད་ལ། དེའི་རྗེས་སུ་འབྲངས་ཏེ། ཤྲི་བྷ་དྲ་དང་མཉྫུ་ཛྙཱ་ནས་ཀྱང་དེ་བཞིན་དུ་བཤད། དཔལ་འཛིན་གྱིས་ཕྱག་དང་པོ་གཉིས་ཀྱིས་གྲི་ཐོད་དང་གསུམ་པ་ 2-3-153a བཞི་པས་གླང་ལྤགས་འཛིན་པར་བཤད། དེ་བཞིན་དུ་སོ་ན་ཤྲཱི་དང་རྡོ་རྗེ་གྲུབ་པའི་འགྲེལ་པར་ཡང་བཤད་པ་རྣམས་ལས། འདིར་རྒྱུད་ཀྱི་དགོངས་པ་ནི་ཕྱག་སོ་བཞིའི་དང་པོས་གྲི་གུག་འཛིན་པ་ཡིན་ཏེ། རྟོག་པ་དང་པོར་དཀྱིལ་འཁོར་གྱི་ལྷ་ སྣམ་ལ་ཕྱག་མཚན་རྣམས་རིམ་པ་བཞིན་འགོད་པའི་འགོ་གྲི་གུག་ནས་བརྩམས་པས་སོ། །རྭ་སྐྱོ་ཞང་གསུམ་མལ་ལོ་ཙཱ་བ་སྟེ། བོད་ཡུལ་དུ་མཐོང་བ་བརྒྱུད་པའི་མན་ངག་དང་ལྡན་པ་པཎྜི་ཏ་མཁས་པ་ལ་ལེགས་པར་གཏུགས་པའི་བཀའ་སྲོལ་བཞི་ཆར་གྱིས་ ཀྱང་ཕྱགསོ་བཞིའི་དང་པོར་གྲི་གུག་བཀོད་པས་སོ། །འགྲེལ་པ་དང་སྒྲུབ་ཐབས་ཀྱི་ཚིག་ཟིན་ཙམ་ལ་ངེས་པ་མི་སྣང་སྟེ། ཞི་བའི་ཡེ་ཤེས་ཀྱིས་གཡས་ཞལ་གསུམ་རྭ་ཅན་དུ་བཤད་པ་དང༌། ཛྙཱ་ནཱ་ཀ་རས་སྟག་ལྤགས་ཅན་དུ་བཤད་ཀྱང༌། ཞལ་དང་པོ་མ་ཧེ་ཞེས་དང༌། གཅེར་བུ་མདོག་ནག་པོ་ཞེས་སོགས་རྟོག་བདུན་དང་ཁ་སྦྱོར་གྱི་རྒྱུད་དང་འགལ་བ་ལྟ་བུའོ། །ཞེས་ཕྱག་དང་པོ་གཉིས་ཀྱིས་གླང་ལྤགས་འཛིན་པ་འགོག་པ་ལ་ལན་བརྗོད་པར་བྱ་སྟེ། ལ་ལཱི་ཏས་ཕྱག་དང་པོ་གཉིས་ཀྱིས་གླང་ལྤགས་འཛིན་པར་བཤད་པ་ཡང་ དྲངས་ཤིང་སློབ་དཔོན་འདི་ཨྱོན་ནས་རྒྱུད་ལེན་པ་པོ་དངོས་ཡིན་པས་ཕྱོགས་འདི་ལ་ཚད་མར་གྱུར་བར་བྱེད་བཞིན་དུ། ཕྱག་དང་པོ་གཉིས་ཀྱི་གླང་ལྤགས་འཛིན་པ་མིན་ཞེས་འགོག་པ་འདི། དེའི་དགོངས་པ་འདི་ཡིན་ཞེས་ཀྱང་མ་བཞག་འདུག་པས། དགོངས་ པ་གཞན་མེད་ན་ནི་ཁས་བླངས་པ་དང་འགལ་ལ། དགོངས་པ་གཞན་ཡོད་ནའང་བཤད་དགོས་ཏེ་རྙེད་པར་མི་ནུས་སོ། །དཀྱིལ་འཁོར་གྱི་ལྷ་སྣམ་ལ་ཕྱག་མཚན་འགོད་པའི་འགོ་གྲི་གུག་ནས་བརྩམས་པའི་ཕྱིར་ཞེས་པའི་རྟགས་ནི་ཤིན་ཏུ་ཡང་མ་ངེས་ཏེ། དེ་ 2-3-153b ལྟ་ཡིན་ན་དཀྱིལ་འཁོར་ལ་ཕྱག་མཚན་འགོད་པའི་དང་པོ་ཤར་དུ་མགོ་བོ་ཞེས་རྒྱུད་དང་ཞེ་དགུ་མ་གཉིས་ཀར་གསུངས་པས་ཕྱག་དང་པོས་མགོ་བོ་འཛིན་དགོས་པར་འགྱུར་བ་དང༌། དཀྱིལ་འཁོར་གྱི་ལྷ་སྣམ་ལ་ཕྱག་མཚན་བཀོད་པ་དང༌། ཕྱག་རྣམས་ཀྱིས་ཕྱག་མཚན་འཛིན་ པའི་གོ་རིམ་མི་མཐུན་པ་དུ་མ་འདུག་པའི་ཕྱིར་དང༌། ཁྱད་པར་གླང་ལྤགས་འཕན་རྩེ་གསུམ་པའི་འོག་རྡོ་རྗེ་ཐོ་བའི་སྔ་རོལ་དུ་བཀོད་པའང་མི་འཐད་པར་འགྱུར་ལ། ལྷ་སྣམ་ལ་ཕྱག་མཚན་ཐ་མར་མེ་ཐབ་བཀོད་པས་དེ་ཕྱག་ཐ་མས་འཛིན་དགོས་པར་འགྱུར་རོ། །བོད་ཀྱི་ བླ་མས་རྒྱ་གར་བ་ལ་མཉན་པའི་འགའ་ཡར་ཞལ་མཐུན་དུ་བྱུང་བས། ཐམས་ཅད་ལ་དེ་ཁོ་ན་ལྟར་ཡིན་པའི་ཁྱབ་པ་ཁྱེད་རང་གིས་ཀྱང་མི་བཞེད་དགོས་པས་དེ་རྟགས་སུ་བཀོད་ནས་དོན་དེ་ཁོ་ན་ལྟར་སྒྲུབ་པའང་མ་ངེས་ལ་ཁྱད་པར་དུ་པཎྜི་ཏ་ཞི་བའི་ཡེ་ཤེས་དང་ཛྙཱ་ནཱ་ཀ་ར་ ལ་ནོར་པ་བཟུང་བས་ནི་པཎྜི་ཏ་ལ་དངོས་སུ་མཉན་པའི་ཁ་མཐུན་གྱི་རྟགས་མ་ངེས་པ་ཆེན་པོར་སོང་ལ། པཎྜི་ཏ་མཁས་པ་ཞེས་པས་ཀྱང་བོད་ཀྱི་རྭ་ལ་སོགས་པས་མཉན་པའི་པཎྜི་ཏ་རྣམས། པཎྜི་ཏ་མཁས་པ་དེ་དག་ལས་མཁས་པར་ནི་འཇོག་མི་ནུས་སོ། །ཁོ་བོ་ཅག་གིས་ ནི་རང་གིས་ཕྱག་དང་པོ་ལ་གཉིས་སུ་ཕྱེ་བ་དང་། དེ་ལྟར་བཤད་པའི་རྒྱ་གར་བ་གཞན་ཡང་ཡོད་ཅེས་པའི་དོན་ཡིན་གྱི། དེ་དག་གིས་བཤད་པའི་ཕྱིར་ཅེས་སྒྲུབ་བྱེད་དུ་མི་སྨྲ་བས་མི་གནོད་དོ། །དེས་ན་རྟོག་བདུན་དང༌། སམྦྷུ་ཊིར། ཕྱག་གཡས་གཡོན་གྱི་དང་པོ་གཉིས་ཀྱིས་གྲི་ཐོད་ འཛིན་པ་དང༌། གཡས་གཡོན་གྱི་ཕྱག་བཅུ་དྲུག་པ་གཉིས་ཀྱིས་ཕྱག་མཚན་འཛིན་ཚུལ་རྫོགས་པར་བཤད་པའི་མཇུག་ཏུ། ཕྱག་གཉིས་ཀྱིས་གླང་པོ་ཆེའི་པགས་པ་རློན་པ་འཛིན་པའོ། །ཞེས་པ་མ་གཏོགས་པ་ཕྱག་དེ་གཉིས་དང་པོ་དང་ཐ་མ་གང་ཡིན་མ་བཤད་དོ། །འདི་ 2-3-154a ལ་ཞེ་དགུ་མར་ཕྱག་ནི་སུམ་ཅུ་རྩ་བཞི་སྟེ། གཉིས་ཀྱིས་གླང་པོའི་པགས་རློན་འཛིན། གཡས་ཀྱི་དང་པོ་གྲི་གུག་འཆང་ཞེས་རྒྱུད་ན་འོག་ན་ཡོད་པ་དང་པོར་བཏོན་ལ། སྒྲུབ་ཐབས་ཆུང་བར་ཡང༌། གཡས་གཡོན་དང་པོའི་ཕྱག་གཉིས་ཀྱིས། །གླང་ཆེན་ ལྤགས་པ་རློན་པ་བསྣམས། །གྲི་གུག་བྷི་དྷི་པཱ་ལ་དང༌། །ཞེས་གླང་ལྤགས་འཛིན་པ་གཉིས་དང་པོར་འདོན་པ་སྔར་བཞིན་བཤད་དེ། དེ་ཡང་ཕྱག་དང་པོ་གཉིས་ཀྱིས་འཛིན་པར་བཤད་དེ། འོ་ན་འདི་ཞེ་དགུ་མར་ཕྱག་གཡས་གཡོན་གྱི་དང་པོ་གཉིས་ཀྱིས་གྲི་ཐོད་འཛིན་པར་བཤད་ པ། རྒྱུད་གཉིས་ལས་ཀྱང་དེ་བཞིན་དུ་གསུངས་པ་མི་འགལ་བ་ནི་དགོས་པས་དེའི་བཤད་ཚུལ་ཇི་ལྟར་བྱེད་སྙམ་ན་འགལ་བ་མེད་དེ། གླང་ལྤགས་གཡས་གཡོན་གྱི་དང་པོ་གཉིས་ཀྱིས་འཛིན་པར་བཤད་པའི་དང་པོ་ནི། སུམ་ཅུ་སོ་བཞིའི་དང་པོ་ཡིན་ཏེ། ཞེ་དགུ་མ་ སྔར་དྲངས་པ་ལས་ཤེས་ལ། གྲི་ཐོད་གཡས་གཡོན་གྱི་དང་པོ་གཉིས་ཀྱིས་འཛིན་པར་བཤད་པའི་རྒྱུད་ཀྱི་དགོངས་པ་ནི། སུམ་ཅུ་སོ་གཉིས་ཀྱི་དང་པོ་ལ་དགོངས་པའི་ཕྱིར་རོ། །དཔལ་འཛིན་གྱིས་དེ་དང་ཅུང་མི་འདྲ་བར་བཤད་ཀྱང་འདིར་ནི་ལ་ལཱི་ཏའི་ལུགས་གཙོ་བོར་ བཟུང་བའི་ལུགས་སོ། །དེ་ལྟར་ཡིན་ཀྱང་གཅིག་ཁོ་ན་བཟུང་ནས་གཞན་འགོག་མི་ཉན་ཏེ། གཉིས་ཀའང་གྲུབ་ཆེན་གྱི་གཞུང་ནས་འབྱུང་བའི་ཕྱིར་ཏེ། དཔེར་ན་གྲུབ་ཆེན་ལཱུ་ཨི་པའི་བདེ་མཆོག་གི་སྒྲུབ་ཐབས་ཆེ་བ་ཕྱག་དང་པོ་གཉིས་ཀྱི་འོག་མ་གཉིས་ཀྱིས་གླང་ ལྤགས་འཛིན་པར་བཤད་ལ། དཔའ་བོ་གཅིག་པའི་སྒྲུབ་ཐབས་སུ་གཡས་གཡོན་གྱི་དྲུག་པ་གཉིས་ཀྱིས་གླང་པོ་ཆེའི་པགས་པ་འཛིན་པ་ཞེས་བཤད་པ་བཞིན་ནོ། །གཞན་ཡང་རྡོ་རྗེ་འཇིགས་བྱེད་ཀྱི་ཞབས་འོག་གི་སྲོག་ཆགས་རྣམས་ལའང༌། གཞུང་ 2-3-154b ཁུང་ཐུབ་རྣམས་སུ་མི་མཐུན་པ་མང་དུ་བཤད་པ་ཡིན་པས། གླང་ལྤགས་འཛིན་ཚུལ་ཁོ་ནར་མ་ཟད་དོ། །ཕྱག་མཚན་ལ་དཔྱད་པ་བྱས་པའི་ལན་བཤད་ཟིན་ཏོ། །བསྲུང་འཁོར་གྱི་སྐབས་སུ་ཁྱེད་ཀྱི་ཡིག་ཆུང་ལས། དཔལ་འཛིན་ལ་ལཱི་ཏའི་ཞེ་དགུ་མ། ཞི་བའི་ཡེ་ཤེས་སོགས་ཀྱིས། ཐུན་མོང་གི་བསྲུང་འཁོར་ཡང་མི་སྒོམ་པར་རྒྱུའི་འཇམ་དབྱངས་གླེགས་བམ་རལ་གྲི་ཅན་བསྐྱེད་ལ། ལ་ལཱི་ཏས་རལ་གྲི་དང་སྡིགས་མཛུབ་ཅན་དང༌། ཨ་བྷཱ་ཡས་རྡོ་རྗེ་དྲིལ་བུ་འཛིན་པ་སྐྱེད་དོ། །ཤྲཱི་བྷ་དྲ་ཛྙཱ་ནཱ་ཀ་ར་སོགས་ཀྱིས་ཐུན་མོང་གི་བསྲུང་འཁོར་ཙམ་ཞིག་བཤད་ལ། རྙོག་ མེད་ལྷ་དང་ལ་ལཱི་ཏའི་རོ་ལངས་བརྒྱད་བསྐོར་དུ་ཐུན་མོང་མ་ཡིན་པའི་བསྲུང་འཁོར་ཁྲོ་བོ་ཞལ་གསུམ་ཕྱག་དྲུག་པ་ཕྱག་མཚན་རྣམས་མི་གསལ་ཞིང༌། ཁྲགས་འཁྲུགས་སུ་གྱུར་པའི་བསྲུང་འཁོར་རྒྱུད་གཞན་ནས་འབྱུང་བའི་ཕུར་བུ་འདེབས་པ་སོགས་མེད་པའི་ འོལ་སྤྱི་ཙམ་ཞིག་འབྱུང་ཡང༌། རྒྱུད་འདིར་སྲུང་འཁོར་གྱི་དོན་ལྷ་གཙོ་བོ་ཉིད་བསྒོམས་པས་འགྲུབ་པ་ལ་དགོངས་ནས། རྒྱ་བོད་ཀྱི་མཁས་གྲུབ་རྣམས་ཀྱིས་བསྲུང་འཁོར་མེད་པ་དང༌། ཐུན་མོང་གི་བསྲུང་འཁོར་ཙམ་ལ་བརྟེན་པའོ། །དེ་ཡང་སློབ་དཔོན་མི་བསྐྱོད་པའི་ འགྲེལ་པར། རྒྱུད་འདིར་ནི་མངོན་སྤྱོད་གཙོ་བོར་བྱས་པ་ཡིན་པས། གདུག་པ་རྣམས་རབ་ཏུ་འཐོར་བར་བྱེད་ཅེས་དང༌། ཕྲ་ཁོག་བསླང་གི་འགྲེལ་པར། ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་གྱི་རྒྱུད་དྲངས་པར། ཁྲོ་བོ་གཤིན་རྗེ་གཤེད་མཐོང་ནས། ཁྲོ་བོ་གཞན་ནི་ཐམས་ ཅད་ཀྱི། །ཐམས་ཅད་ཐམས་ཅད་ལག་ཆ་ཤོར། །ཅེས་པས་འདིར་ཐུན་མོང་མ་ཡིན་པའི་བསྲུང་འཁོར་གལ་མི་ཆེའོ། །ཞེས་འབྱུང་བའི་ལན་བརྗོད་པར་བྱ་སྟེ། རྒྱུད་འདིར་ལྷ་གཙོ་བོ་ཉིད་བསྒོམས་པས་བསྲུང་འཁོར་གྱི་དགོས་པ་འགྲུབ་པས་ཐུན་མོང་མ་ 2-3-155a ཡིན་པའི་བསྲུང་འཁོར་གལ་མི་ཆེ་ཞེས་པ་ལྟར་ཡིན་ན། ལ་ལཱི་ཏའི་ལུགས་ལའང་དེ་ལྟར་འགྱུར་བས། དེའི་གཞུང་ལས་སྔོན་དུ་བསྲུང་འཁོར་ཐུན་མོང་མ་ཡིན་པ་སྒོམ་པར་བཤད་པ་མི་དགོས་བཞིན་དུ་བཤད་པར་འགྱུར་ བས་གཞུང་རྩོམ་པ་ལ་མི་མཁས་པར་འགྱུར་བ་དང་སློབ་དཔོན་གཞན་གྱིས་ཀྱང་བསྲུང་འཁོར་ཐུན་མོང་མ་ཡིན་པ་སྒོམ་པར་ལ་ལཱི་ཏས་བཤད་པའི་རྗེས་སུ་འབྲང་དགོས་པ་ལས། མ་འབྲངས་པ་དེ་དག་གི་སྐྱོན་དུ་འགྱུར་བར་འདོད་དགོས་ཏེ། སྔར་ཕྱག་མཚན་ ལ་དཔྱད་པའི་སྐབས་སུ་ཁྱེད་རང་གིས་མཛད་པ་བཞིན་ནོ། །ལྷ་གཙོ་བོའི་གནད་ཀྱིས་བསྲུང་འཁོར་ཐུན་མོང་མ་ཡིན་པ་མ་བསྒོམ་ཀྱང་ཆོག་ཅེས་པ་ནི། གཙོ་བོ་ལ་དྲག་པོའི་ཉམས་རྫོགས་པར་ཡོད་པ་ལས་མི་འདའ་ལ། དེ་ལ་ནི་སྔོན་དུ་བསྲུང་ འཁོར་བསྒོམ་པ་དུ་མ་ཞིག་འདུག་ལ། རྒྱུ་མཚན་དེ་ནི་བསྲུང་འཁོར་ཐུན་མོང་བ་ལའང་མཚུངས་པའི་ཕྱིར་དང༌། གསང་འདུས་འཕགས་ལུགས་ལྟ་བུ་དཀྱིལ་འཁོར་རྒྱལ་མཆོག་གི་དུས་སུ། ཁྲོ་བོ་བཅུ་བསྒོམས་པ་ལ་ཡང་སྔོན་དུ་ཁྲོ་བོ་བཅུའི་ བསྲུང་འཁོར་བསྒོམས་པར་གསུངས་པ་ལ་ཕྱི་མས་ཆོག་པས་སྔ་མ་མི་དགོས་སོ་ཞེས་པར་འགྱུར་བས་མ་ངེས་སོ། །དེས་ན་ཀྱཻ་རྡོར་དང་གུར་ལྟ་བུའི་རྩ་བཤད་སྦྱར་བའི་སྒྲུབ་ཐབས་ལ་ཡང་གུར་ནས་བཤད་པ་ལྟར་གྱི་བསྲུང་འཁོར་ཐུན་མོང་མ་ ཡིན་པའང་བསྒོམ་པ་དང༌། ཐུན་མོང་བ་ཙམ་བསྒོམ་པ་གཉིས་ཀ་མ་གསུངས་པས། དཀྱིལ་འཁོར་དེའི་གཙོ་བོ་ལ་དྲག་ཉམས་རྫོགས་མ་རྫོགས་ཀྱི་སྒོ་ནས་མིན་གྱི། གང་ཟག་གི་རིམ་པ་དང་བསྟུན་ནས་གསུངས་པས། གལ་ཆེ་མི་ཆེ་ཡང་གཙོ་ 2-3-155b བོའི་ལྷ་དྲག་མི་དྲག་མི་གཙོའི་སྒོམ་པ་པོའི་གང་ཟག་གི་དབང་གིས་འཇོག་པར་སྣང་ངོ༌། །བསྲུང་འཁོར་ལ་དཔྱད་པའི་ལན་བཤད་ཟིན་ཏོ། །རྒྱན་ལ་དཔྱད་པའི་སྐབས་སུ་ཁྱེད་ཀྱི་ཡིག་ཆུང་ལས། འདིའི་རྒྱུད་འགྲེལ་སྒྲུབ་ཐབས་གང་དུ་ཡང་རུས་པའི་རྒྱན་དྲུག་ཡེ་མི་ གསལ་ཏེ་སྤྱིར་སྦྲུལ་རྒྱན་བྱུང་ན་རུས་རྒྱན་མི་འོང་བར་མངོན་ཏེ། གང་སྦྲུལ་རྒྱན་གསལ་བར་བྱུང་བ་ལ་རུས་པའི་རྒྱན་ཡེ་མི་འབྱུང་བས་ཁྱབ། དཔེར་ན་འཁོར་ཆེན་བཞིན། དགྲ་འཇིགས་གཤེད་དམར་སོགས་ལའང་སྦྲུལ་རྒྱན་བྱུང་ངོ༌། །ཞེས་བྱ་བ་ འགལ་བ་དམིགས་པའི་གཏན་ཚིགས་སོ། །ཞེས་པ་འདི་ནི་བདག་གི་བསམ་པའོ། །མགོན་པོའི་སྐུ་འགའ་ལ་གཉིས་ཀ་བྱུང་བ་ནི་བོད་དག་གིས་བྱས་ལ། མཚོ་སྐྱེས་ཀྱི་ལ་ལར་བྱུང་བ་ཡི་གེ་ཉམས་པའོ། །འོན་ཀྱང་རྭ་སྐྱོ་སོགས་བོད་ཀྱི་མཁས་ པ་དུ་མས་མཛད་པའི་སྙན་བརྒྱུད་ཡོད་པའང་སྲིད་དོ་ཞེས་པའི་ལན་བརྗོད་པར་བྱ་སྟེ། སྦྲུལ་རྒྱན་གསལ་བར་བྱུང་བ་ལ་རུས་རྒྱན་མི་འོང་བས་ཁྱབ། དཔེར་ན་འཁོར་ཆེན་བཞིན་དགྲ་འཇིགས་གཤེད་དམར་སོགས་ལའང་སྦྲུལ་རྒྱན་བྱུང་ངོ༌། ། ཞེས་པའི་གཏན་ཚིགས་འདི་ལ། མ་གྲུབ་པའི་རྟགས་མིན་པ་དང༌། མཐུན་ཕྱོགས་ལ་མཐོང་བས་འགལ་རྟགས་མིན་མོད་ཀྱི། རྟགས་ཡང་དག་ཐམས་ཅད་ཀྱི་ཚུལ་སྒྲུབ་པའི་གལ་ཆེ་ཤོས་ནི་མ་ངེས་པར་སྤོང་བ་ཡིན་ལ། དེ་ཡང་སྦྲུལ་རྒྱན་གསལ་ བར་བྱུང་བ་དང༌། རུས་རྒྱན་ཡོད་པ་གཉིས་གཞི་མཐུན་སྲིད་པ་ལ་གནོད་པ་སྟོན་དགོས་པ་ལ་འདིར་དེ་མ་བསྟན་ཅིང་སྟོན་པར་མི་ནུས་ཏེ། དེ་གཉིས་གཞི་མཐུན་བཤད་པའི་གཞུང་ཁུངས་ཐུབ་དུ་མ་ཞིག་མཐོང་བའི་ཕྱིར་རོ། །དེ་ཡང་མངོན་བརྗོད་ 2-3-156a ཀྱི་ཁྲོ་བཅུའི་སྐབས་ལས། ཐམས་ཅད་ཞལ་གསུམ་ཕྱག་དྲུག་པ། །ན་རོའི་རུས་པའི་རྒྱན་གྱིས་བརྒྱན། །ཞེས་དང་སྟག་གི་པགས་པ་གོས་སུ་མནབས། སྦྲུལ་གྱི་རྒྱན་གྱིས་རྣམ་པར་བརྒྱན། ཞེས་ཁྲོ་བོ་རྣམས་ལ་རུས་རྒྱན་ དང་སྦྲུལ་རྒྱན་གསལ་བར་བཤད་དོ། །མངོན་བརྗོད་འབྲོག་མི་དང་ལོ་ཆུང་གིས་བསྒྱུར་བ་ལས། རུས་རྒྱན་ནི་གསལ་ལ། ཕྱི་མའི་སྐབས་སུ་འཇིག་པའི་ཕྲེང་བའི་རྒྱན་ཅན་ཏེ། དེས་ནི་བདག་ཉིད་རྒྱན་དུ་བྱས། ཞེས་འཇིགས་པའི་ཕྲེང་བའི་རྒྱན་ ཞེས་པ་ནི་སྦྲུལ་རྒྱན་ཡིན་ཏེ། མི་ཐུབ་ཟླ་བས་མངོན་བརྗོད་བཞིན་དུ་ཁྲོ་བཅུ་བཤད་པའི་སྒྲུབ་ཐབས་བདུད་རྩི་འཛག་པ་ལས། སྟག་གི་པགས་པའི་ན་བཟའ་མནབས། །སྦྲུལ་གྱི་རྒྱན་གྱིས་འཇིགས་མཛད་པའོ། །ཞེས་བཤད་ལ། རུས་རྒྱན་ནི་དེར་ཡང་ གསལ་བར་བཤད་དོ། །ལྭ་བ་པའི་བདེ་མཆོག་རྩ་རྒྱུད་ཀྱི་འགྲེལ་པར། མངོན་བརྗོད་ལ་བརྟེན་ནས་ཁྲོ་བཅུ་བཤད་པའི་སྐབས་ལས་ཀྱང༌། ཁྲོ་བོ་ཐམས་ཅད་ཀྱང་སྐྲ་ཁམ་པ་གྱེན་དུ་འབར་ཞིང༌། སྨིན་མ་གཉེར་བའི་ཁྲོ་གཉེར་རྣམ་པར་གཙིགས་པའི་ཞལ་ ཅན། ཐུང་ཞིང་གསུས་པ་འཕྱང་བ། སྤྱན་གསུམ་པ་དམར་ཞིང་ཟླུམ་པ། མགོ་བོའི་ཕྲེང་བས་དོ་ཤལ་བྱས་ཤིང༌། མི་རུས་ཀྱི་རྒྱན་གྱིས་ཀླུབས་པ། མཐའ་ཡས་སྔོན་པོའི་རྒྱན་གྱིས་སྤྱི་གཙུག་གི་ནོར་བུ་བྱས་ཤིང༌། འཇོག་པོ་དམར་པོའི་འོད་འགྱིང་ བས་རྣ་ཆའོ། །པདྨ་ཆེན་པོ་དཀར་པོས་དོ་ཤལ་བྱས་པས་བརྒྱན་ཅིང༌། སྟོབས་ཀྱི་རྒྱུ་ལྗང་ཁུས་ནི་མཆོད་ཕྱིར་ཐོགས་བྱས་པའོ། །དུང་སྐྱོང་སེར་པོས་ནི་ལག་གདུབ་བྱས་པའོ། །རིགས་ལྡན་སྣ་ཚོགས་ཀྱི་མདོག་གིས་དཔུང་རྒྱན་དུ་ཡང་དག་ 2-3-156b པར་བཏགས་པའོ། །པདྨ་དཀར་པོས་ནི་སྐ་རགས་སུ་བྱས་པའོ། །ནོར་རྒྱས་ཀྱི་བུ་མདོག་པདྨའི་རྩི་བ་འདྲ་བས་རྐང་གདུབ་བྱས་པའོ། །ཞེས་སྦྲུལ་རྒྱན་བརྒྱད་དང་རུས་རྒྱན་གཉིས་ཀ་གསལ་བར་གསུངས་ལ། ལྷ་སྦས་ཀྱི་བདེ་མཆོག་རྩ་རྒྱུད་ཀྱི་འགྲེལ་པར་ ཡང་ལྭ་བ་པ་དང་མཐུན་པར་འབྱུང་བས། རུས་པ་དང་སྦྲུལ་གྱི་རྒྱན་གཉིས་ཀས་ལྷ་གཅིག་ལ་བརྒྱན་པ་ལ་འགལ་བ་གཏན་མེད་པས། དེ་གཉིས་བྱུང་བ་ལ་ཡི་གེ་ཉམས་པ་དང་རྟོག་བཟོ་ཡིན་སྙམ་དུ་མི་བཟུང་ངོ༌། །གཞན་ཡང་གཙུག་རྒྱན་ལ་སོགས་ པ་བརྒྱད་པོ་སྦྲུལ་ལ་བྱས་ནས། རྣ་རྒྱན་སོགས་རིགས་མི་འདྲ་བ་གཉིས་གཉིས་མི་དགོས་པས་སྦྲུལ་རྒྱན་ཚང་བར་བྱུང་བ་ལ་རུས་རྒྱན་མི་དགོས་སམ་སྙམ་པའི་དོགས་པ་འབྱུང་ས་ཡོད་པས་དེའི་དོགས་པ་བཅད་དགོས་མོད་ཀྱང་འཇིགས་བྱེད་ལ་ནི་དེའི་ དོགས་པ་ཡང་མེད་དོ། །མི་གཡོ་བའི་རྟོག་པའི་རྒྱལ་པོ་ལས། ཁྲོ་བོ་མི་གཡོ་བ་ལ་རུས་པ་དང་རིན་པོ་ཆེ་དང་སྦྲུལ་རྒྱན་གསུམ་ག་བཤད་པའང་སྣང་མོད་ཀྱང་མ་བྲིས་སོ། །དིང་སང་བསྟན་པ་འགྲིབ་པ་ལ་ཤིན་ཏུ་ཉེ་བར་སོང་བས་སྔོན་གྱི་དམ་པ་རྣམས་བཞིན་ དུ་ཕྱོགས་རེས་མི་ཚིམ་པར་གཞུང་ལུགས་ཀུན་ལ་འདྲིས་པར་བྱེད་ཅིང༌། དེ་ཡང་རང་རང་གི་གོང་འོག་བསྒྲིགས་པའི་དཔྱད་པ་དག་པོ་བྱེད་མཁན་ཤིན་ཏུ་དཀོན་པ་དང༌། ཁྱད་པར་སྔགས་ཕྱོགས་ལ་དེ་ཆེས་ཤིན་ཏུ་དཀོན་པར་སོང་འདུག་པས། ཕྱོགས་མཐོང་ཙམ་དང༌། དེ་ཡང་གུང་བསྒྲིགས་པའི་དཔྱད་པ་མ་དག་པར་ཁ་ཚོན་གཅོད་པ་སྐྱོན་པར་གདའ་ནའང༌། དམ་པ་ཁྱེད་གཞུང་ལུགས་ཀུན་ལ་སྦྱོང་ཞིང༌། དེ་དང་རྗེས་སུ་མཐུན་པའི་དཔྱད་པ་མཛད་པར་ཡོད་གདའ་བ་ལ། ཁྱེད་ཀྱིས་དཔྱད་པ་བྱས་པའི་གཞི་བདག་གིས་སྒྲུབ་ཐབས་ 2-3-157a སུ་བཀོད་པ་རྣམས་ལའང་འདི་ལྟ་བུའི་བུངས་དང་དཔྱད་པ་བྱས་ཡོད་དོ་ཞེས་སྨྲས་པ་ཡིན་གྱི། གཞན་དུ་ན། སློབ་དཔོན་རྒྱལ་པོ་སྲས་གྲགས་པའི་བཤེས་གཉེན་གྱིས། དོན་དཀའ་བ་ལ་བདག་འདྲའི་བློ། འཁྲུལ་མི་སྲིད་པ་མ་ཡིན་པས། ཅི་སྟེ་མིན་ན་གཞན་དུ་གྱིས། ཞེས་གསུངས་པ་ལྟར་ཡིན་པས། བློ་དང་ལྡན་པ་རྣམས་ཀྱིས་ཀུན་དཀྲིགས་དམ་པའི་འཛིན་པ་དོར་ཏེ། ལེགས་པར་དཔྱད་ནས་བསྟན་པ་རིན་པོ་ཆེ་ཡོངས་སུ་དག་པར་བྱའོ། །འདི་ནི་ས་བཟང་པ་ལོ་ཙཱ་བ་ངག་དབང་གིས་བརྒལ་བརྟག་ གི་ཡི་གེ་ཕུལ་བའི་ལན་དུ། རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོའི་ཞལ་སྔ་ནས་གནང་བའོ།། །།རྒྱུ་རྡོ་རྗེ་འཛིན་པའི་དུས་སུ་ཡུམ་གྱི་པདྨའི་དཀྱིལ་འཁོར་དུ་སེམས་ཅན་རྣམས་བཅུག་པ་ལ་དབང་བསྐུར་པའི་འོག་ཏུ་དེ་རྣམས་ཀྱི་མིག་སོགས་ཞུ་ནས་ ཐིག་ལེར་གྱུར་པ་སོགས་ལས་ས་སྙིང་སོགས་བསྐྱེད་པ་དེ། ཀྵིཾ་ལས་སོགས་པ་ཕྱུང་ནས་མཁའ་དཀྱིལ་གྱི་གཙོ་བོ་ཡབ་ཡུམ་གྱི་མིག་ཏུ་བཀོད་པ་ནས་ལྷ་གཞན་རྣམས་ལྷ་སོ་སོ་ལ་ཐིམ་པ་ཡིན་ནམ་ཞེས་པ་ནི། སེམས་ཅན་རེ་རེའི་མིག་སོགས་ཉེར་གཅིག་ཞུ་ བ་ལས་བྱུང་བའི་ལྷ་ཉེར་གཅིག་རེ་ཡོད་པ་དེ། སྔགས་ཀྱིས་པདྨ་ནས་ཕྱུང་ནས་རང་རང་གི་ཞིང་དུ་གཤེགས་པར་བྱེད་པ་བཞི་བརྒྱ་ལྔ་བཅུ་པའི་འགྲེལ་པའི་བཞེད་པ་ཡིན་པས། དེ་བཞིན་དུ་བྱེད་དགོས་ཏེ་གཞན་དག་གིས་བྱེད་པ་བཞིན་དུ་མི་འདོད་དོ། །མིག་ སོགས་ཞུ་བ་ལས་ལྷ་བསྐྱེད་པའི་སྐབས་འདིར་ཁྲོ་བོ་བསྐྱེད་པ་མི་དགོས། སྒྲིབ་སེལ་གྱི་ཞུ་བའི་ཕྱག་རྒྱ་ནི་རྣམ་སྣང་སྒྱུ་དྲར། ཕྱག་གཡོན་པ་ས་ལ་བརྐྱངས་ནས། ཕྱག་གཡས་པའི་མཛུབ་མོ་དང་མཐེ་བོང་སྤྲད་པ་ལ་བཤད་པ་ལྟར་ཡིན་ལ། འདིར་གཡས་ 2-3-157b པའི་ཕྱག་རྒྱ་མཆོག །ཡབ་བསྐྱེད་པའི་སྐོར་རྣམས་ཟིན་པའི་འོག་ཏུ། ཡུམ་མངོན་བྱང་ལྔ་ལས་བསྐྱེད་པ་སོགས་སེམས་ཅན་ལ་དབང་བསྐུར་བ་མ་གཏོགས་པ་སྔར་བཞིན་བྱ། ཞེས་པའི་དོན་ནི་ཀུན་བཟང་ལས། ཡུམ་བསྐྱེད་པའི་སྐབས་སུ་དེ་བཞིན་ཞེས་གསུངས་པའི་ དོན། སྨན་ཞབས་ཀྱིས་ཡབ་ཀྱི་སྐབས་སུ་བཤད་པ་བཞིན། སླར་ཡང་རྒྱུ་རྡོ་རྗེ་འཛིན་པ་ཡབ་ཡུམ་གཉིས་བསྐྱེད་པ་ནས་ཞུ་བ་གླུས་བསྐུལ་ནས་ཡབ་ཡུམ་སྐྱེད་པར་བཤད་དོ། །ཤཱནྟི་པའི་བཞེད་པ་ཡང་དེ་ཡིན་པས་རྒྱུ་རྡོ་རྗེ་འཛིན་པ་ཡབ་ཡུམ་སྐྱེད་ཐབས་གཉིས་བྱེད་པ་ ཡིན། ཐ་ག་ནའི་བཞེད་པས་སྔར་རྒྱུ་རྡོ་རྗེ་འཛིན་པ་ཡབ་ཡུམ་ཞུ་བའི་དུས་སུ་ཐིག་ལེ་ཆ་གཉིས་སུ་གྱུར་པའི་ཆ་གཅིག་ལས་ཡུམ་བསྐྱེད་པ་ཡིན། བུ་སྟོན་རིན་པོ་ཆེའི་སྒྲུབ་ཐབས་སུ་བཤད་པ་དེ་སྔ་མ་ལྟར་ཡིན། སྤྱིར་ལུགས་འདི་ལ་ཡེ་ཤེས་ཞབས་ཀྱི་རྗེས་འབྲང་རྒྱ་གར་ བ་ཁ་ཅིག །སྔར་འབྲས་བུ་རྡོ་རྗེ་འཛིན་པ་བསྐྱེད་པའི་དུས་སུ་རྩ་ཕྱག་གཉིས་ཀྱིས་རིག་མ་ལ་འཁྱུད་པར་གསུངས་པ་རྒྱུ་མཚན་དུ་བྱས་ནས། སྔར་འབྲས་བུ་རྡོར་འཛིན་གྱི་ཡབ་སྐྱེད་པ་དང་དུས་མཉམ་དུ་བསྐྱེད་པའི་འོག་ཏུ་གསལ་འདེབས་པར་འདོད་པ་ཡང་ ཡོད། སྔར་བཤད་པ་བཞིན་འོག་ཏུ་གསར་དུ་སྐྱེད་པར་འདོད་པ་ཡང་ཡོད་པས་སོ་སོར་ཕྱེད་པར་བྱའོ། །རྒྱུ་རྡོ་རྗེ་འཛིན་པ་སྦྱང་གཞི་ལ་ཇི་ལྟར་ཡིན་ཞེས་པ་ནི། སློབ་དཔོན་རཏྣ་རཀྵི་ཏས་ཕ་མའི་དོད་དུ་བཤད་པ་བཞིན་དུ་འདིར་ཡང་འདོད་པ་ཡིན། ཞུ་བ་ནི་ ཀུན་གཞི་རྣམ་སྨིན་གྱི་ཆ་དང་སྦྱར་དུ་རུང་ངམ་ཞེས་པ་ནི། བར་སྲིད་མཚོན་པའི་ཡི་གེ་རྣམས་ཡབ་ཀྱི་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་ཞུགས་ནས་ཞུ་བའི་སྐབས་དེ་མའི་མངལ་དུ་སྐྱེ་སྲིད་ཀྱིས་ཉིང་མཚམས་སྦྱར་བའི་དོད་ཡིན་པས། ཀུན་གཞི་ཁས་ལེན་ 2-3-158a པའི་ལུགས་ལ་དེ་དང་སྦྱོར་ན་སྦྱར་བས་ཆོག །ཡབ་ཡུམ་གཉིས་ཞུ་བའི་ཐིག་ལེ་དང་སྦྱོར་ན་མི་འགྲིག་གོ། དཀྱིལ་འཁོར་རྒྱལ་མཆོག་གི་སྐབས་སུ་ཡུམ་གྱི་པདྨར་ལྷ་བསྐྱེད་ཚུལ་ནི་ཐིག་ལེ་དང་ས་བོན་སོགས་ལས་སོ་སོར་སྔོན་ལ་སྐྱེད། དེ་ནས་འབྱིན་སྔགས་ཀྱིས་འབྱིན་པ་ཡིན། སྤྲུལ་པ་སྤྲོས་པ་རྣམས་སྤྲོས་པའི་རྩ་བའི་ལྷ་ལ་བསྡུས་ནས་དེ་ལྷ་སོ་སོ་ལ་ཐིམ་པ་ཡིན། རིན་པོ་ཆེ་པའི་སྒྲུབ་ཐབས་ཀྱི་ལུགས་ཀྱི་མཁའ་ནང་དུ་ལྷ་རྣམས་ལ་སྐྱེ་མཆེད་ལ་སོགས་པའི་ལྷ་རྣམས་རང་ཆས་སུ་ཡོད་པ་ ཞིག་གསལ་གདབ་དགོས་ཤིང༌། ཕྱུང་ནས་དཀྱིལ་འཁོར་གྱི་གནས་སོ་སོར་བཀོད་པའི་འོག་ཏུ་ཡང་སྐྱེ་མཆེད་སོགས་ཀྱི་ལྷ་རང་ཆས་སུ་ཡོད་པར་བསྒོམ་པ་ཡིན་ཏེ། འགྲེལ་པ་གཅིག་ནས་དེ་བཞིན་དུ་བཤད། ཐ་ག་ན་དང༌། སྨན་ཞབས་ཀྱི་ལུགས་ཀྱིས་ཕྱུང་ བའི་ལྷ་རྣམས་དཀྱིལ་འཁོར་གྱི་གནས་སོ་སོར་བཀོད་པ་ལ་ཡེ་ཤེས་པ་བཅུག་པའི་འོག་ཏུ་སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་མིན་པ་མཁའ་ནང་དུ་མི་མཛད་དེ་ཀུན་བཟང་དང་མཐུན་པར་ཡོད། སྐབས་འདི་དང་སྐབས་གོང་མ་གཉིས་ཀར་ བདུད་རྩི་མྱང་བར་བྱ་ཞེས་པ་ལ་ནང་མཆོད་བྱིན་གྱིས་བརླབས་ནས་ཡི་གེ་གསུམ་བརྗོད་དེ་བདུད་རྩི་མྱངས་པས་ཨེ་ཆོག་ཅེས་པ་ནི། རིན་པོ་ཆེ་པའི་སྒྲུབ་ཐབས་ཀྱི་ལུགས་ཀྱིས་གོང་མ་ལ་ཡིད་ཀྱིས་བསྒོམ་པར་ཆོག་པར་མངོན། འོག་མ་ལ་ཡིན་ན་ དཀྱིལ་འཁོར་བའི་ལྷ་ལ་ཕུལ་བའི་ལུགས་ལྟར་དགོས། འོན་ཀྱང་མཁའ་ནང་གི་དཀྱིལ་འཁོར་ལ་དབང་བསྐུར་བ་དང་བདུད་རྩི་མྱང་བ་མི་བྱེད་པ་འགྲེལ་པ་གཞན་གྱི་ལུགས་གཞུང་དང་མཐུན་དམ་ཚིག་པ་ལ་ཡེ་ཤེས་པ་བཅུག་པ་ན་མེ་ལོང་གི་གཟུགས་ 2-3-158b བརྙན་ལྟར་མ་འདྲེས་པ་ཡོད་དམ། འོ་ཆུ་འདྲེས་པ་བཞིན་ཡིན་ཞེས་པ་ནི། ཕྱི་མ་བཞིན་དུ་བྱེད་རྒྱུ་ཡིན། །ཡེ་ཤེས་པ་སྤྱན་འདྲེན་པ་ལ་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བྱར་ཨེ་རུང་ཞེས་པ་ནི། ལུགས་འདི་ལ་ལག་པའི་བཤད་པ་ཁུངས་ཐུབ་ཀྱིས་མ་བཤད་པས་མི་དགོས། དབང་ལྷ་རྣམས་ལྷ་ལ་བཅུག་པས་ཆུ་ལུད་པ་ལས་བྱུང་བའི་རིགས་བདག་གི་རྒྱས་འདེབས་བྱས་པས་ཨེ་ཆོག་ཅེས་པ་ནི། ཆུ་དབང་བསྐུར་བའི་ཆུ་ལུད་པ་ལས་རིགས་བདག་བྱུང་བའི་རྒྱས་འདེབས་འདི་ལ་བཤད། དབང་ལྷ་བསྟིམ་པར་བཤད་པའི་གཞུང་རྣམས་ སུ་ཡང་རིགས་བདག་གིས་རྒྱས་བཏབ་ཟིན་པའི་རྗེས་སུ་དབང་ལྷ་བསྟིམ་པར་བཤད་པ་དེ་བཞིན་དུ་བྱ་དགོས། དཔལ་ལྡན་རྡོ་རྗེ་ཐུགས་འཆང་བ། །ཞེས་སོགས་བཞི། སྤྲུལ་པའི་ཐུགས་རྡོ་རྗེ་རྣམས་ལ་གསོལ་བ་གདབ་པ་དང༌། ཕྱོགས་བཅུར་བཞུགས་ ཞེས་པས་སྤྲུལ་པ་དང༌། ཡེ་ཤེས་པའི་ཐུགས་རྡོ་རྗེ་ཐམས་ཅད་སྙིང་ཁའི་ཐུགས་རྡོ་རྗེ་ལ་ཐིམ་པ་ཨེ་ཡིན་ཞེས་པ་ནི། ཚིགས་བཅད་སྔ་མས་སྙིང་ཁའི་ཐུགས་རྡོ་རྗེ་ལ་གསོལ་བ་འདེབས་པ་དང༌། ཕྱི་མས་སྤྱན་དྲངས་པའི་ཐུགས་རྡོ་རྗེ་ལ་གསོལ་བ་འདེབས་པར་ སྨན་ཞབས་དང༌། ཤཱནྟི་པས་བཤད་པ་ལྟར་བྱེད་དགོས་ཀྱི་དྲིས་པ་ལྟར་ཡིན་ནོ། །གཙོ་བོ་ལ་དངོས་དང་འཁོར་ལ་རང་སྣང་གི་ཡུམ་གྱི་ཁྱད་པར་གང་ཞེས་པ་ནི། རང་སྣང་གི་ཡུམ་ནི་རང་འདྲའི་ཡུམ་ཡིན་ལ། གཙོ་བོ་ལ་དེ་དང་འདྲ་བས་ཁྱད་པར་དེ་མི་ དགོས། རྗེས་ཀྱི་ལྡང་ཚུལ་ལ་བསྲུང་འཁོར་དང་གཞལ་ཡས་ཁང་སྡུད་པའི་གསལ་ཁ་མི་སྣང་ཡང་ཐུན་གཞན་གྱི་ཆོ་ག་བཤད་པའི་སྐབས་སུ་གཞལ་ཡས་ཁང་བསྐྱེད་པའི་ལུགས་སུ་སྣང་བས་བསྡུས་པས་ཆོག །གཞལ་ཡས་ཁང་དང་བསྲུང་འཁོར་ 2-3-159a གཉིས་ལ་སྡུད་མི་སྡུད་ཀྱི་ཁྱད་པར་མེད། ཞལ་གསུམ་ཕྱག་དྲུག་པ་དང༌། ཞལ་གཅིག་ཕྱག་གཉིས་པ་གང་དུ་ལངས་ཀྱང་འདྲ། ཡུམ་ཡང་དེ་དང་འདྲ་ཞིང་ཡུམ་བཅས་སུ་ལྡང་བ་ལེགས། འདིའི་འདས་གཏོར་འབུལ་ཚུལ་ནི་མི་ བསྐྱེད་པའི་གཏོར་ཆོག་གི་འདོན་པ་བསྒྱུར་ནས་ལྷ་སོ་སོའི་མཚན་སྔགས་ཀྱི་མཐར་སརྦ་དུཥྚི་སོགས་སྦྱར་བས་ཤིན་ཏུ་ཡང་ཆོག་སྟེ། ཨ་བྷྱ་ཀ་རའི་དགོངས་པ་ཡིན། བསྟོད་པ་ལྷ་སོ་སོའི་སྒོས་བསྟོད་ཚང་བའམ། མེད་ན་མི་བསྐྱོད་རྡོ་རྗེ་བྱས་ན་ལེགས། འདུད་ཉི་ཤུ་འཇམ་དབྱངས་ཀྱི་བསྟོད་པ་ཡིན་མོད་ཀྱང་སྐབས་སུ་བབ་རྒྱུ་མེད། སྦྱིན་སྲེག་བྱེད་ན་བཞི་བརྒྱ་ལྔ་བཅུ་པ་རྩ་འགྲེལ་ལ་གཞི་བྱས། འོད་སྙེས་ཁ་བསྐངས་ན་ལེགས། མི་བསྐྱོད་པའི་སྦྱིན་སྲེག་གི་ཆོ་གས་བྱེད་ན་ཐབ་འབྲིས་ལ་སྒོ་སོ་སོའི་གཡས་ གཡོན་གྱི་ངེས་པ་མི་དགོས། གཞན་སྤྱི་ཁོག་འདྲ་བ་ཡིན། དཀྱིལ་ཆོག་ལས་བུམ་པ་བཅུར་བཤད་པ་གཉིས་སུ་བསྡུར་ཨེ་རུང་ཞེས་པ་ནི། ཤིན་ཏུ་ཡང་རུང་སྟེ་ཨ་བྷྱས་ཀྱང་བཤད་དོ། །བདག་འཇུག་ཚར་གཅིག་ཟིན་ནས་ཉིན་རེ་ཞིང་བུམ་པ་བསྒྲུབ་པ་ མ་གྲུབ་ན་ཆོ་ག་ཆད་པའི་ཉེས་པར་ཨེ་འགྱུར་ཞེས་པ་ནི། ཨ་བྷྱས་ཉི་མ་གཞན་ལའང་བུམ་པ་རྣམས་ལ་བཟླས་པ་དང་མཆོད་པ་སོགས་ཐུན་གསུམ་མམ། གཅིག་ཏུ་བྱའོ་ཞེས་གསུངས་ཤིང་གཞན་ཁུངས་མང་པོ་ཡང་ཡོད་པས་རིན་པོ་ཆེ་པ་དེ་བཞིན་ དུ་བཞེད་ལུགས་དེ་ལེགས་པར་སེམས་སོ། །ཡེ་ཐིག་གི་སྐབས་སུ་ནམ་མཁར་ཐིག་འདེབས་པ་དང་ས་ལ་འདེབས་པ་གཉིས་བཤད་དེ་ཡེ་ཐིག་རང་གི་དབང་དུ་བྱས་པ་ཡིན། ནམ་མཁར་བཏབ་པའི་དགོས་པ་ཕྱོགས་བཅུའི་སངས་རྒྱས་སྤྱན་དྲངས་ 2-3-159b ནས་ཐིག་སྐུད་ལ་བསྟིམས་ལ། དེ་ནས་དེས་ས་ལ་བཏབ་པའི་ཐིག་བྱིན་གྱིས་རློབ་པ་ཡིན། ནམ་མཁའ་ལ་ཐིག་འདེབས་པ་ན། བྲི་འགྱུར་གྱི་དཀྱིལ་འཁོར་ནམ་མཁའ་ལ་བྱུང་བར་སྒོམ་པ་འདི། བོད་ཀྱི་བླ་མ་འགའ་ཞིག་བཞེད་པར་གདའ་ཡང༌། བླ་མེད་ཀྱི་ སྐབས་སུ་དཀྱིལ་ཆོག་ཁུངས་ཐུབ་རྣམས་ལས་སྔ་མ་ལྟར་བཤད་ཀྱི་ཕྱི་མ་ལྟར་མ་བཤད། སྤྱོད་རྒྱུད་རྣམ་སྣང་མངོན་བྱང་གི་འགྲེལ་པར་དེའང་གཅིག་བཤད་པ་ཡོད་དེ། འགྲེལ་པ་དེར་རྒྱུ་མཚན་དེ་ཉིད་ཀྱིས་དཀྱིལ་འཁོར་གཞན་དུ་ལོངས་སྤྱད་ཟིན་པས། ཐིག་ སྐུད་དེས་ས་ལ་གདབ་ཏུ་མི་རུང་བར་བཤད་ནས་ས་ལ་འདེབས་པའི་ཚོན་སྣ་ལྔའི་ཐིག་སྐུད་གཉིས་པ་གཅིག་མཛད་དེ། རྒྱུད་དེ་ལས་ཚོན་སྣ་ལྔའི་ཐིག་སྐུད་གཉིས་བཤད་དོ། །འགྲེལ་པས་གཤེར་ཐིག་མ་བཤད་ཀྱང་གོ་ནུས་གསུང་ནས་སྤྱིར་ཐིག་སྐུད་ཆ་ གསུམ་མཛད་དེ། འདིའི་རིགས་པ་བླ་མེད་ལ་སྦྱོར་དུ་མི་རུང་ངོ༌། །ཐིག་གི་སྐབས་འདི་རྣམས་ལ་དགག་སྒྲུབ་ཀྱི་གནས་མང་དུ་ཡོད་ཀྱང༌། སྐབས་གཞན་དུ་རྒྱས་པར་བཤད་པ་དང༌། འདིར་ད་རེས་ཉུང་བར་བྱས་པས་མ་སྤྲོས་སོ། །བུམ་པ་འབུལ་ལུགས་འདྲི་ བ་ནི་གང་བུམ་ལ་ཟེར་བ་ཡིན་མཆི་བས་གང་བུམ་ལྷ་ལ་འབུལ་ལུགས་ལ་ལྷ་རེ་རེ་ལ་བུམ་པ་རེ་རེ་ཕུལ་བ་དང༌། ཐུན་མོང་དུ་འབུལ་བ་གཉིས་ཀའི་བཤད་པ་ཡོད་ལ། འབུལ་བ་ཡང་མཆོད་པའི་དོན་དུ་འབུལ་བ་ཡིན་ནོ། །དེ་ཡང་ཡིད་ཀྱིས་ལྷ་སོ་སོ་ལ་ བསྔོས་པ་ཙམ་བྱེད་པ་དང༌། མཆོད་པ་གཞན་འབུལ་བ་བཞིན་དངོས་སུ་ཚིག་གིས་འབུལ་བའི་ཚུལ་གཉིས་སོ། །སློབ་དཔོན་གྱི་སྡོམ་པ་འཛིན་ནུས་པས་བདག་འཇུག་སྦྲེལ་ནས་བྱེད་ན་སྡོམ་པ་བསྒྲགས་པ་ནས་རིག་པའི་དབང་ལྔ་དང༌། དམ་ 2-3-160a ཚིག་གསུམ་གྱི་བར་རྣམས་བསྐྱར་ནས་བྱ་ཨེ་དགོས་ཞེས་པ་ནི། སྡོམ་པ་སྒྲག་ཐམས་ཅད་ལ་འོང་བའི་ངེས་པ་མེད་པས་སྐབས་དང་བསྟུན། སྡོམ་པ་བཟུང་བ་དང་རིག་པའི་དབང་ལྔ་སྔར་ཐོབ་ཀྱང་བརྟེན་པར་བྱེད་པའི་དོན་ དུ་སླར་ཡང་ལེན་པ་ཡིན། དམ་ཚིག་གསུམ་བཟུང་བ་ལ་དམ་ཚིག་གཞན་གཉིས་འཁོར་དུ་བྱས་ནས་གཙོ་བོ་ཕྱག་རྒྱའི་དམ་ཚིག་ལ་བརྟེན་ནས་སློབ་དཔོན་གྱི་དབང་དངོས་གཞི་བསྐུར་བ་ཁུངས་ཐུབ་དུ་མའི་བཞེད་པ་ཡིན་པས་དེ་གསུམ་སླར་ཡང་ལེན་ པ་ཤིན་ཏུའང་དགོས་སོ། །བཅོམ་ལྡན་འདས་དཔལ་གསང་བ་འདུས་པ་འཇམ་དཔལ་རྡོ་རྗེའི་བསྒྲུབ་དཀྱིལ་གྱི་དྲིས་ལན་རྗེ་རིན་པོ་ཆེ་ཐམས་ཅད་མཁྱེན་པ་ཤར་ཙོང་ཁ་པ་ཆེན་པོས་གནང་བའོ།། ༈ །།ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། ཐབས་བཟང་དུ་མས་ཟབ་དང་རྒྱ་ཆེའི་ ཚུལ། །རིང་ནས་གོམས་པས་ཕྲ་བའི་གནས་རྣམས་ལའང༌། །དྲི་མེད་མཁྱེན་པ་ཐོགས་པ་མི་མངའ་བ། །ཟླ་མེད་སྨྲ་བའི་མཆོག་དེས་རྟག་ཏུ་སྐྱོངས། །དང་པོར་གསུང་རབ་མང་དུ་ཐོས་པ་བཙལ། །དེ་ནས་ལེགས་པར་བཤད་པས་བསྟན་པ་སྤེལ། །ཐ་མར་ སྒྲུབ་ལ་རིང་དུ་བརྩོན་མཛད་པའི། །བཤེས་གཉེན་བཟང་ཁྱོད་ཡུན་རིང་ཞབས་བརྟན་ཅིག །མ་འདྲིས་མཛའ་བཤེས་དེ་ཡིས་གཙུགས་པའི་ཐུགས། །བདག་ལ་མངོན་དུ་ཕྱོགས་པ་ལས་བྱུང་བའི། །ཕྲིན་ཡིག་སྙན་པ་ཕུན་ཚོགས་ལྗོན་པ་ཡི། ། འབྲས་བུ་བཟང་པོའི་སྐྱེས་བཅས་སྤྲིངས་པ་འཕྲོད། །སྤྲིན་ཆེན་ཆུ་ཡིས་རྒྱ་མཚོར་ཇི་བཞིན་དུ། །ལེགས་བཤད་གཏམ་གྱིས་ངོམས་པར་མ་གྱུར་པས། །ད་དུང་རིམ་པ་གཉིས་ལ་སྦྱོར་བའི་ཚུལ། །ཡི་གེར་བཀོད་པ་སྒྲིངས་ཞེས་བཀའ་སྩལ་བྱུང༌། ། 2-3-160b འབབ་ཆུའི་རྒྱུན་གྱིས་རྫིང་བུ་ཆུང་ངུ་བཞིན། །བློ་གྲོས་ཆུང་ངུ་ཐོས་པས་དགང་སླ་མོད། །བློ་གྲོས་རྒྱ་ཆེ་དམ་པ་རྣམས་ཀྱི་ཡིད། །ངོ་མཚར་གཏམ་གྱིས་ཚིམ་པ་མེད་པ་མཚར། །དེ་ལྟ་མོད་ཀྱི་ཐོས་པ་ཉུང༌། །བློ་གྲོས་ཆུང་ཞིང་སྦྱོར་བ་དམན། །ཚིག་འགའ་ཡོད་ ཀྱང་དེ་ཡི་དོན། །སྒྲུབ་ལ་ཤིན་ཏུ་ལྷོད་གྱུར་པ། །བདག་འདྲས་དམ་པ་ཁྱེད་ཀྱི་ཐུགས། །རངས་པར་བགྱིད་པའི་རྔོ་མི་ཐོག །འོན་ཀྱང་རླུང་གིས་བསྐུལ་བ་ན། །རང་ལ་མཐུ་ནི་ཡོད་མིན་པའི། །ཤིང་བལ་རྣམས་ཀྱང་འདབ་བཟང་ལ། །འགྲན་པ་བཞིན་དུ་བགྲོད་ པ་ལྟར། །དམ་པའི་གསུང་གིས་ལེགས་བསྐུལ་བས། །བདག་གིས་མདོ་ཙམ་གསོལ་བར་བྱ། །དེ་ལ་འོ་སྐོལ་དལ་བའི་རྟེན་བཟང་པོ་ནི་རྙེད། རྒྱལ་བའི་བསྟན་པ་རིན་པོ་ཆེ་དང་ནི་མཇལ། དགེ་བའི་བཤེས་གཉེན་བཟང་པོས་ནི་བཟུང༌། བླང་དོར་ལ་དཔྱོད་ པའི་བློ་ཡི་མཐུ་ཡོད་པའི་སྐབས་འདིར། རྟེན་བཟང་པོ་འདི་ལ་སྙིང་པོ་ཞིག་ངེས་པར་བླང་འཚལ། དེ་ནི་རྒྱལ་བའི་བསྟན་པ་ལ་འཇུག་པ་ཁོ་ན་ལ་རག་ལས་ཀྱང༌། བསམ་པ་བཟང་བ་ཙམ་གྱིས་ཞུགས་པས་མི་ཆོག་བསྟན་པ་ལ་འཇུག་པའི་རིམ་པ་ཕྱིན་ཅི་མ་ ལོག་པ་ཤེས་པ་འམ། ཤེས་པ་གཅིག་གིས་ཁྲིད་པ་ལ་ངེས་པར་ལྟོས་པ་ཡིན། དེ་ཡང་ལམ་གྱི་ངོ་བོ་ལ་མཁས་པ། གྲངས་ངེས་ལ་མཁས་པ། གོ་རིམ་ལ་མཁས་པ་ཞིག་དགོས་ཏེ་འདི་ལྟར། ལམ་མ་ཡིན་པ་ལ་ཡིན་པ་དང༌། ཡིན་པ་ལ་མ་ཡིན་པར་ འཁྲུལ་ན་སྨན་ལོག་པར་སྦྱར་བ་ལྟར་དེས་བསྟན་པའི་ལམ་སྒྲུབ་ཀྱང་དོན་དུ་མི་འགྱུར་བས་གནོད་པ་བྱིན་པ་ལས་གཞན་དུ་ཕན་བཏགས་པ་མེད། ལམ་གྱི་ངོ་བོ་ལེགས་པར་ཤེས་ཀྱང་ལྷག་པ་མི་དགོས་པ་དང༌། མ་ཚང་བས་མི་ནུས་པའི་གྲངས་ངེས་ 2-3-161a མི་ཤེས་ན་དེའི་ནང་ནས་ཀྱང་དགོས་ངོ་ཤེས་པ་རྣམས་ཆད་ནས་འགྲོ་ཞིང༌། མི་དགོས་པ་རྣམས་ཀྱང་སྒྲུབ་པའི་ལྷག་པ་ཅིག་འོང་བས་གནད་དུ་མི་འགྲོ། །ངོ་བོ་དང་གྲངས་ཀྱི་ངེས་པ་ཤེས་ཀྱང་དང་པོ་དང༌། བར་དང་ཐ་མར་གང་ནས་འཁྲིད་ པའི་བློའི་རིམ་པ་དང་སྦྱོར་མི་ཤེས་ན་སྨན་ཡིན་སྙམ་པ་དང༌། དེའི་ནང་ནས་ཀྱང་སྨན་བཟང་པོ་ཡིན་པས་ན་བའི་ཕྱིར་ནད་པ་འདི་ལ་བཏང་དུ་རུང་སྙམ་ནས་བཏང་བ་ན་སྨན་ཆེས་མཆོག་ཏུ་གྱུར་པས་ཕན་མི་ཐོགས་པར་མ་ཟད་སྲོག་འཕྲོག་པའི་གནོད་ པ་ཆེན་པོ་སྟེར་བ་ལྟར། འདི་དམ་པའི་ཆོས་ཡིན་པས་སྙམ་པ་དང༌། ཆོས་ཀྱི་ནང་ནས་ཀྱང་ཆེས་ཟབ་པ་ཡིན་པས་འདི་བསྟན་པ་ལ་ཉེས་པ་ཅི་ཡོད་སྙམ་ནས་དེས་ཁྲིད་པ་ན། གོ་རིམ་ལ་བབ་ན་ཡོན་ཏན་ཁོ་ན་སྟེར་ཡང༌། གོ་རིམ་ལ་མ་བབ་ ན་ཡོན་ཏན་མི་སྟེར་བར་མ་ཟད་བདེ་འགྲོ་དང་ཐར་པའི་སྲོག་འཕྲོག་པའི་རྒྱུར་འགྲོ་བས་ན། ཁྱད་པར་དུའང་གོ་རིམ་ལ་མཁས་དགོས་པ་ལགས། དེ་ལྟ་བུའི་ཉམས་ལེན་གྱི་གནད་ལ་མཁས་པ་ཡང༌། སྐྱེས་བུ་དམ་པ་ཅིག་གིས་འཕྲིག་བསྐུར་ ཞིང་ཁྲིད་པས། རྩོམ་པ་པོ་ཚད་ལྡན་གྱིས་བརྩམས་པའི་གཞུང་ཆེན་པོ་རྣམས་ལའང་ཁོལ་འདོན་ཙམ་རེར་མ་སོང་བའི་ལུས་ཡོངས་སུ་རྫོགས་པའི་ལམ་གྱི་རིམ་པ་ལ་ངེས་པ་རྙེད་པ་ཅག་ལ་འོང་བ་ཡིན། དེས་འཁྲིད་ཚུལ་ཕྱིན་ཅི་མ་ལོག་ པའི་མན་ངག་མདོར་བསྡུས་པ་རྣམས་ནི། གཞུང་ཆེན་མོ་རྣམས་ནས་བཏུས་པ་ཤ་སྟག་ཡིན་ན། མན་ངག་གི་དོན་ཡང་གཞུང་རྒྱ་ཆེ་བ་དང༌། དེའི་དོན་ཤིན་ཏུ་རྟོག་དཀའ་བ་དང༌། དགོས་པའི་དབང་གིས་གོ་རིམ་དཀྲུགས་ནས་བསྟན་པ་རྣམས་ 2-3-161b ལ་ངེས་པ་བདེ་བླག་ཏུ་སྟེར་བ་ཅིག་ལ་བྱེད་པའི་ཕྱིར། གཞུང་ཆེན་མོ་རྣམས་བཤད་ཆོས་དང༌། མན་ངག་ཆུང་ཆུང་རྣམས་སྒྲུབ་པའི་ཆོས་སུ་བྱས་ནས་དེ་གཉིས་མི་མཐུན་པར་འཛིན་པ་ནི། བསྟན་པའི་གནད་ཡེ་མ་གོ་བ་ཡིན་ཏེ། འདི་ལྟར་རྒྱལ་བའི་ གསུང་རབ་དགོངས་འགྲེལ་དང་བཅས་པ་རྣམས་ནི། ཐོས་རྩོད་སྒྲུབ་པ་ལྷུར་ལེན་པ། ཞེས་འདོན་པ་ལྟར། སྒྲུབ་པ་ལྷུར་ལེན་ཞིང་སྒྲུབ་པ་ལ་གཞོལ་བ་ཤ་སྟག་ཡིན་པའི་ཕྱིར་རོ། །དེ་ལྟ་ན་བཤེས་པའི་སྤྲིང་ཡིག་ལས། བསྙེངས་དང་བྲལ་ལ་མང་དུ་ གསོལ་ཅི་འཚལ། །ཕན་པའི་གདམས་ངག་དོན་པོ་འདི་ལགས་ཏེ། །ཁྱོད་ཀྱི་ཐུགས་དུལ་མཛོད་ཅིག་བཅོམ་ལྡན་གྱིས། །སེམས་ནི་ཆོས་ཀྱི་རྩ་བ་ལེགས་པར་གསུངས་ཞེས་དང༌། བཞི་བརྒྱ་པ་ལས། སེམས་མ་གཏོགས་པར་འགྲོ་སོགས་ལ། །གང་ ཕྱིར་བསོད་ནམས་ལ་སོགས་པ། །མ་མཐོང་དེ་ཕྱིར་ལས་ཀུན་ལ། །ཡིད་ནི་དང་པོར་བརྗོད་པར་བྱ། །ཞེས་འཕགས་པ་ཡབ་སྲས་ཀྱིས་གསུངས་པ་ལྟར། ལེགས་ཉེས་ཐམས་ཅད་ཀྱི་རྩ་བ་ནི་ཡིད་ཁོ་ན་ཡིན་ཏེ། ཉེས་པར་སྤྱད་པ་དང་ལེགས་པ་ལ་ འཇུག་པའི་སྒོ་ནི་གསུམ་དུ་ངེས་ལ། ལུས་ངག་ནི་ཡིད་ཀྱི་གཞན་དབང་ཅན་ཡིན་པའི་ཕྱིར་རོ། །དེས་ན་ཐོག་མར་ཀུན་སློང་གི་བསམ་པ་ཚིག་ཙམ་དུ་མ་སོང་བར་འཆོས་པ་ཞིག་ཤིན་ཏུ་གལ་ཆེ་བ་ལགས་དེ་འཆོས་པའི་རིམ་པ་ལ་མང་དུ་བཤད་ ཀྱང་བློ་རབ་འབྲིང་ཐམས་ཅད་ལ་ཐུན་མོང་དུ་ཕན་ཆེ་བ་ནི། དང་པོར་འཇིག་རྟེན་འདིར་རིང་དུ་མི་གནས་པར་འཆི་བ་རྗེས་སུ་དྲན་པ་དང༌། འཇིག་རྟེན་ཕ་རོལ་ཏུ་འགྲོ་བ་གཉིས་སུ་ཇི་ལྟར་འགྱུར་བ་རྒྱུ་དང་བཅས་པ་མང་དུ་བསྒོམས་པས་ཚེ་འདི་དོན་དུ་ 2-3-162a གཉེར་བ་ལས་བློ་ལྡོག་ནས། འཇིག་རྟེན་ཕྱི་མ་ཕན་ཆད་ཀྱི་བདེ་བ་དོན་དུ་གཉེར་བའི་བློ་ཞིག་ཅི་སྐྱེ་བྱ་དགོས། དེ་ནས་སྲིད་པ་མཐའ་དག་གི་སྐྱོན་དང༌། ཞི་བའི་ཕན་ཡོན་སེམས་པ་ལ་ཤིན་ཏུ་འགྲུས་པར་བྱས་པས་འཁོར་བའི་ ཕུན་ཚོགས་དོན་དུ་གཉེར་བ་ལས་བློ་ལྡོག་ནས་ཐར་པ་དོན་གཉེར་གྱི་བློ་ཤུགས་དྲག་ལ་རྒྱུན་རིང་བ་ཅིག་བསྐྱེད་དགོས་པ་ཡིན། དེ་ནས་རང་ཉིད་ལ་བདེ་སྡུག་གིས་ཕན་གནོད་བྱེད་པ་ཅི་འདྲ་བ་དེ་འདྲ་བར་སེམས་ཅན་ཐམས་ཅད་ཀྱང་ཡིན་པར་མཐོང་ནས། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གསུམ་ལ་ཆེས་ཤིན་ཏུ་གོམས་པར་བྱས་ན། སེམས་ཅན་གྱི་བདེ་སྡུག་སྒྲུབ་པ་དང་སེལ་བ་ལ་ཇི་མི་སྙམ་པར་རང་གི་དོན་ཙམ་ལྷུར་ལེན་པའི་བསམ་པ་ལེགས་པར་ལྡོག་ནས། གཞན་གྱི་དོན་ཉིད་ མངོན་པར་འདོད་པའི་དོན་དུ་མཐོང་ཞིང༌། དེ་སྒྲུབ་པའི་ཐབས་ཀྱི་མཆོག་ཀྱང་སངས་རྒྱས་ཉག་གཅིག་ཏུ་ངེས་ནས་དེའི་ཕྱིར་དུ་སངས་རྒྱས་ཐོབ་པར་འདོད་པའི་བསམ་པ་ཤིན་ཏུ་བརྟན་པ་ཞིག་སྐྱེད་པ་ལགས། འདི་དག་ལ་ཚིག་སྒྲིགས་ཀྱི་གོ་བ་ཙམ་ རེ་ཡོད་པའི་འཁྲུལ་གཞི་བྱས་ནས། ཐོས་བསམ་སྒོམ་པ་ལ་འཇུག་པ་ན། ཁོ་བོ་ནི་འདི་དག་འཇིག་རྟེན་ཕྱི་མའི་ཆེད་དུ་བྱེད་དོ་ཞེའམ། ཐར་པའི་ཕྱིར་དུ་བྱེད་དོ་ཞེའམ་སེམས་ཅན་གྱི་དོན་དུ་བྱེད་དོ་ཞེས་པའི་ཚིག་སྙན་སྙན་མང་དུ་བརྗོད་ཀྱང༌། བློའི་འགྲོ་ ཚོད་ནི་ཚེ་འདིའམ། དོན་འཁོར་བའི་བདེ་འབྲས་འགའ་ཞིག་ལ་མིང་ཐར་པར་བཏགས་པ་ཞིག་གམ། རང་གི་དོན་ཉི་ཚེའི་ཆེད་དུ་དམིགས་པ་ཞིག་ལས་གཞན་ཡོད་མི་བསམ། དེས་ན་བསམ་པ་འདི་དག་བཅོས་མ་མ་ཡིན་པར་སྐྱེ་བ་ལ་གོ་བ་ཙམ་གྱིས་ 2-3-162b མི་ཆོག་སྒོམ་དགོས་ལ། བསྒོམ་པའི་ཚུལ་ཡང་འདི་འདྲའི་རིགས་རྣམས་རང་རང་གི་སྐབས་ཀྱི་རྒྱུ་མཚན་རྣམ་པ་དུ་མར་དཔྱད་ཀྱིན་སྒོམ་པའི་དཔྱད་བསྒོམ་ཉིད་ཡང་དང་ཡང་དུ་གོམས་པས་སྒྲུབ་དགོས་པ་ལག། དེ་ལ་དེ་དག་གི་དམིགས་རྣམ་སྐྱོང་པ་རྒྱུའི་གཙོ་ བོ་ཡིན་མོད་ཀྱང་དེ་ཙམ་གྱིས་མི་ཆོག་པར་ཐུན་མཚམས་སུ་དེ་དག་ལས་བརྩམས་པའི་བཀའ་དང་བསྟན་བཅོས་དྲི་མ་མེད་པ་མན་ངག་དང་བཅས་པ་རྣམས་ལ་བལྟས་ནས་ངེས་པ་བརྟན་པར་བྱེད་པ་དང༌། བསམ་པ་དེ་དག་གི་འགལ་རྐྱེན་སེལ་བ་དང༌། མཐུན་རྐྱེན་ སྒྲུབ་པའི་བསག་སྦྱང་མང་པོ་གནད་དུ་གཏོང་དགོས། དེ་ལྟར་རྒྱུ་ཕྱོགས་རེ་བ་རེ་མིན་པའི་མཚན་ཉིད་ཚང་བར་བྱས་ནས་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཞིབ་པར་སྐྱོན་ཡོན་ལེགས་པར་དཔྱད་ཅིང་བསྒོམས་པ་ན་འདིའི་དམིགས་པ་ནི་འདི་ལྟ་བུ། རྣམ་པ་ནི་འདི་འདྲ་བ་ ཡིད་ལ་བྱེད་ཚུལ་ནི་འདི་ལྟར་བྱས་པས། ཐུན་མོང་མིན་པའི་ལག་རྗེས་འདི་འདྲ་བ་ཞིག་རྒྱུད་ལ་སྐྱེ་བར་འདུག་སྙམ་དུ་ཁོང་དུ་ཆུད་ནས། ཉམས་ལེན་གྱི་གནད་ཤིན་ཏུ་ཕྲ་བ་རྣམས་ལའང་གདེང་རྙེད་ནས་འོང་བ་ཡིན། དེའི་ཚེ་ཡོན་ཏན་གྱི་ཕྱོགས་སྒྲུབ་པ་དང༌། སྐྱོན་ གྱི་ཕྱོགས་འགོག་པའི་རང་རང་གི་བྱེད་ལས་ཐུན་མོང་མ་ཡིན་པ་རྣམས་ཤེས་ཏེ། སྤོང་ལེན་གང་ལའང་འདི་ནི་ངེས་པར་དགོས་ཏེ། འདི་ཙམ་གྱིས་ཀྱང་མི་ཆོག་གོ་སྙམ་ནས་དམ་པའི་ཆོས་གང་ཡང་མི་སྤོང་བ་ཅིག་འོང་བ་ལགས། བསམ་པ་དེ་དག་ཀྱང་དང་པོར་བསྐྱེད་ དགོས། བསྐྱེད་པ་ཙམ་གྱིས་མི་ཆོག་པར་རྒྱུན་བརྟན་པ་དང༌། དེར་ཡང་མ་ཟད་གོང་ནས་གོང་དུ་ཅི་འཕེལ་བྱ་འཚལ་བས། འདི་དག་ནི་སྔོན་འགྲོའི་ཆོས་ཡིན་པས་གོམས་པ་སྲིད་མི་དགོས་པ་དང༌། དུས་ཐམས་ཅད་དུ་མི་ཉམས་པར་བྱ་མི་དགོས་ཀྱི་ལན་ཅིག་སྔོན་ 2-3-163a དུ་བཏང་བས་ཆོག །གཞན་ཡང་འདི་རྣམས་ནི་སྦུན་པ་དང་ཕྱི་ཤུན་ལྟ་བུའི་རྣལ་འབྱོར་ཡིན་པས་བཞག་ཀྱང་ཆོག་སྙམ་ནས་འདི་དག་ལ་རྩིས་མེད་པར་བྱས་ཏེ། དངོས་གཞི་ཉིད་ལ་འདྲིས་པར་བྱའོ་སྙམ་པ་ནི་ལམ་གྱི་གནད་གཏན་ནས་ མ་གོ་བ་ཡིན་ཏེ་སྔར་བཤད་པ་ལྟ་བུའི་བསམ་པ་དང་ཁྱད་པར་དུ་བྱང་ཆུབ་ཀྱི་སེམས་སྔར་བཤད་པ་འདྲ་བ་ཞིག་དང་བྲལ་ན། ཆོས་བྱས་པར་སྒོམ་པ་རྣམས་ཆོས་ལྟར་སྣང་དུ་འགྲོ་ཞིང༌། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་རྣམ་པར་དག་པ་བསྒོམས་ཀྱང༌། ཐེག་པ་ ཆེན་པོར་གཏན་མི་རུང་བར་ལན་ཅིག་མ་ཡིན་པར་གསུངས་པའི་ཕྱིར་རོ། །དེས་ན་ཐུན་འགོར་བྱང་ཆུབ་ཀྱི་སེམས་བསྒོམ་པ་དང༌། ཐུན་གཤམ་དུ་སྨོན་ལམ་རླབ་པོ་ཆེས་ཁ་བསྒྱུར་བ་ནི། ཐུན་གྱི་དངོས་གཞི་ལ་བསྐྱངས་པའི་དགེ་བ་དེ་ཉིད་གནང་དུ་གཏོང་བ་ དང་མི་ཟད་པར་བྱེད་པའི་ཐབས་མཁས་ཆེན་པོ་ཡིན་པས་གང་བྱུང་རེས་མི་ཆོག་པར་རྒྱུ་དང་འདྲེས་ངེས་པ་རེ་བྱེད་དགོས་པ་ལགས། དེ་ལྟར་དེ་ལྟ་བུའི་བསམ་པ་བསྐྱེད་པ་དེ་ལ་གཅེས་པར་བཟུང་སྟེ། མི་ཉམས་པར་བྱེད་པ་གཞིར་བཟུང་བའི་སྟེང་ནས་གསང་ སྔགས་ཀྱི་ལམ་རིམ་པ་གཉིས་ཉམས་སུ་ལེན་ན་སྤྱིར་ཐེག་པ་གང་གི་སྒོར་འཇུག་ཀྱང་རང་རང་གི་ཚུལ་ཁྲིམས་ཡོངས་སུ་དག་པ་གཞིར་འཇོག་དགོས་ལ། ཁྱད་པར་དུ་གསང་སྔགས་ལ་འཇུག་པ་ལ་སྔར་བཤད་པའི་བྱང་ཆུབ་ཀྱི་སེམས་ཐེག་པ་ཆེན་ པོའི་ལམ་ཐམས་ཅད་ཀྱི་གནད་མཐར་ཐུག་པ་ཡིན་པས་དེ་བརྟན་པ་ཤིན་ཏུ་གལ་ཆེ་ཞིང་དེས་ན་མཚན་ཉིད་དང་ལྡན་པའི་དགེ་བའི་བཤེས་གཉེན་ལས་རྣམ་པར་དག་པའི་དབང་བླངས་པའི་ཚེ་ན་ཐོབ་པའི་དམ་ཚིག་དང་སྡོམ་པ་གཏོང་རྒྱུས་མ་བཏང་ཞིང༌། 2-3-163b ཉམས་པའི་རྒྱུས་མ་ཉམས་པ་ཡོང་ན་ལེགས། གཞན་དུ་ན་དབང་བླངས་ཏེ་དམ་ཚིག་དང་སྡོམ་པ་གསོལ་ལ། ཉེས་ལྟུང་སྔ་མ་འདག་ངེས་སུ་སྦྱང༌། རྩ་བ་དང་ཡན་ལག་གི་ཉེས་པ་རྣམས་ལེགས་པར་ངོས་ཟིན་པར་བྱས་ལ། ཕྱིན་ཆད་འཕྲོ་ཆོད་ངེས་སུ་བསྡམ། དེ་ཡང་རྩ་བའི་ལྟུང་བས་ཡེ་མ་གོས་པ་ ལ་འབད་ཅིང༌། ཉེས་པ་ལྷག་མ་རྣམས་བྱུང་ན་ངོས་ཟིན་པར་བྱས་ནས་ལེགས་པར་ཕྱིར་བཅོས་པར་བྱ། ཁོ་བོའི་ལྟར་ན་འདི་ནི་རིམ་གཉིས་བསྒོམ་པའི་གཞིར་མེད་མི་རུང་དུ་འཇོག་དགོས་ཤིང༌། རིམ་གཉིས་མི་བསྒོམ་ཡང་དབང་ཐོབ་ན་ངེས་པར་བྱ་དགོས་པས་འདི་ལ་ངེས་པ་ཆེན་པོ་སྐྱེད་ འཚལ་ཏེ། དབང་ཐོབ་ནས་དམ་ཚིག་དང་སྡོམ་པ་རྣམ་པར་དག་ན་རིམ་པ་གཉིས་ཚེ་འདིར་མ་བསྒོམས་ཀྱང༌། སྐྱེ་བ་བདུན་དང་བཅུ་དྲུག་ལ་སོགས་པར་མཆོག་འགྲུབ་པར་གསུངས་ཤིང༌། རིམ་གཉིས་སྒོམ་པ་ལྟར་བྱས་ཀྱང་དམ་ཚིག་དང་སྡོམ་པ་ཁས་བླངས་པ་ཡིན་པར་བཏང་ན་ངན་ འགྲོར་ལྟུང་ནས་མི་འགྲུབ་པར་གསུངས་པའི་ཕྱིར་རོ། །དེས་ན་གསང་སྔགས་སྒྲུབ་པའི་རྟེན་ཁྱིམ་པ་ཡིན་ན་གཏན་ཁྲིམས་ལྔ་ལ་གནས་པ་དང༌། རབ་ཏུ་བྱུང་བ་ཡིན་ན་སྡོམ་པ་གཉིས་སམ་གསུམ་ལ་གནས་ནས་སྒྲུབ་དགོས་པར་གསུངས་པས། རྡོ་རྗེ་འཛིན་པ་ལ་དགེ་སློང་མཆོག་དང༌། དགེ་ཚུལ་འབྲིང་དང་ཁྱིམ་པ་ཐ་མར་གསུངས་པ་ཡང༌། སྡོམ་པ་བསྲུང་བ་མང་ཉུང་གིས་གཞག་གི་ཁས་བླངས་པ་ཙམ་གྱིས་ནི་མ་ཡིན་ནོ། །དེའི་ཕྱིར་སོ་ཐར་དང་བྱང་ཆུབ་སེམས་དཔའི་སྡོམ་པ་གཉིས་ལ་གནས་པས་སྔགས་སྒྲུབ་ན་ཆེས་མྱུར་དུ་འགྲུབ་པར་དེ་ཉིད་སྣང་བ་ལས་གསུངས་ པ་ཡང༌། རབ་ཏུ་བྱུང་བ་དང་བྱང་ཆུབ་སེམས་དཔའི་སྡོམ་པ་གཉིས་སྲུང་བས་སྔགས་ཀྱི་སྡོམ་པ་བླངས་ནས་བསྒྲུབས་ན། སྔགས་རང་གི་སྡོམ་པ་ཙམ་ཞིག་བསྲུངས་ནས་བསྒྲུབས་པ་ལས་ཆེས་མྱུར་བར་བཞེད་པ་ཡིན་ནོ། །དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་ལམ་སྒྲུབ་པ་ལ་ཡང༌། 2-3-164a བྱང་ཆུབ་སེམས་དཔའི་སྡོམ་པ་ཙམ་ཞིག་ལ་གནས་ནས་བསྒྲུབ་པ་ལས་འདུལ་བ་ལ་རབ་ཏུ་བྱུང་སྟེ་བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་བླངས་ནས་སྒྲུབ་པ་མཆོག་ཡིན་པ་ལ་དགོངས་ནས། མདོ་སྡེ་དུ་མར་ཡང་བྱང་ཆུབ་སེམས་དཔའ་ མཉམ་པ་ལའང་ཁྱིམ་པ་དང་རབ་ཏུ་བྱུང་བ་གཉིས་ཕྱི་མ་ལ་བསྔགས་པ་ཆེ་བར་གསུངས་སོ། །འདི་དག་གི་རྣམ་པར་བཞག་པ་ལའང་བཤད་པའི་ཚིག་སྒྲིགས་རེ་ཙམ་ཟེར་བ་མང་བར་སྣང་ན་ཡང༌། ཉམས་སུ་ལེན་པ་ལ་སྦྱོར་བའི་ཚེ་བྱེད་པ་ཆེས་ཉུང་བར་སྣང་བས་ ལེགས་པར་གོ་དཀའ་བའི་རིགས་སུ་འདུག་ལགས་དེ་ནས། བསྐྱེད་པའི་རིམ་ལ་ལེགས་གནས་ཤིང༌། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །ཞེས་སྐས་ཀྱི་རིམ་པ་གོང་མར་ཕྱིན་པ་འོག་མ་ རྣམས་སུ་འཛེག་པ་ལ་ལྟོས་པ་ལྟར། བསྐྱེད་རྫོགས་རྣམས་རིམ་པ་ཅན་དུ་བསྒོམས་པས་བགྲོད་པར་བྱ་བ་ཡིན་གྱི། གོ་རིམ་གང་བྱུང་དང༌། བསྐྱེད་རིམ་བཞག་ཀྱང་ཆོག་པ་ནི་མིན་པར་གསུངས་པས་ཐོག་མར་བསྐྱེད་པའི་རིམ་པ་བསྒོམ་པར་བྱའོ། །འདིའང་གནས་ སྐབས་ཀྱི་མི་འདོད་པ་ཞི་བ་དང༌། འདོད་པའི་དངོས་གྲུབ་ཕྲ་མོ་འགྲུབ་པ་ལ་ངེས་པ་མེད་ཀྱང༌། བླ་ན་མེད་པའི་བྱང་ཆུབ་སྒྲུབ་པའི་བསྐྱེད་པའི་རིམ་པ་ནི། རྒྱུད་སྡེ་ཁུངས་མ་ནས་ལེགས་པར་ཟིན་པ་དང༌། མཁས་པ་ཚད་ལྡན་གྱིས་ལེགས་པར་གཏན་ལ་ཕབ་པའི་དཀྱིལ་ འཁོར་གྱི་འཁོར་ལོ་ཞིག་ལ་བྱ་འཚལ། དེ་ལ་ཡང་སྦྱོར་བ་ཚོགས་བསག་པ་དང༌། ཐུན་མཚམས་སུ་དག་པ་དྲན་པར་བྱ་བ་དང༌། བཟླས་པ་དང་མཆོད་གཏོར་ལ་སོགས་པ་རྣམས་ནི་ཚིག་འདོན་པ་བྱེད་པ་ཙམ་དུ་མ་སོང་བའི་དེ་དང་དེའི་དོན་ལེགས་པར་དྲན་བཞིན་ 2-3-164b པའི་ངང་ནས་རྒྱུད་ཐོག་ཏུ་ཁེལ་བ་རེ་བྱ་དགོས་ཏེ་སྤྲོ་མི་འཚལ། དེ་ནས་དངོས་གཞི་ལྷའི་ཏིང་ངེ་འཛིན་བསྒོམ་པའི་ཚུལ་ལེགས་པར་ཤེས་པ་ཤིན་ཏུ་གལ་ཆེ་བས་དེའི་ཚུལ་ཅུང་ཟད་བརྗོད་ན། བསྐྱེད་རིམ་བསྒོམས་པས་གོམས་པའི་མཐར་ཇི་ལྟ་བུའི་ཏིང་ངེ་འཛིན་ཞིག་བསྐྱེད་ པར་འདོད་པ་དེ་ཤེས་ན། དེ་སྒོམ་པའི་ཚུལ་ལ་ཡང་ངེས་པ་སྐྱེ་སླ་བས་དེའི་ཕྱིར་ཅི་ཞིག་བསྐྱེད་པར་འདོད་ཅེ་ན། ད་ལྟ་རྟེན་དང་བརྟེན་པར་བཅས་པའི་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་ཏེ། མདོར་ན་ཁ་དོག་དང་དབྱིབས་ཀྱི་རྣམ་པ་བསྒོམ་པ་དེ་རྣམས་མཐར་ཏིང་ངེ་འཛིན་ ཞིག་ལ་དུས་གཅིག་ཏུ་ཡོངས་སུ་རྫོགས་པ་གསལ་བར་སྣང་བ་ཞིག་སྒྲུབ་པར་འདོད་ནས་བསྒོམ་པ་ཡིན་ནོ། །དེས་ན་དང་པོར་དམིགས་པའི་གཞི་གཅིག་ལ་དམིགས་ནས་སྦྱོང་དགོས་ཤིང༌། དེའང་གཙོ་བོ་ལྟ་བུ་ལ་དམིགས་ནས་སྦྱོང་ན་ཇི་ལྟར་སྦྱོང་ཞེ་ན། འདི་ལ་སྐུའི་ ཆ་ཕྲ་ཤོས་གཅིག་ལ་དམིགས་ནས་གསལ་སྣང་སྒྲུབ་པའི་ཕྲ་རིམ་ནས་སྦྱོང་བ་ཅིག་དང༌། སྐུ་དེའི་རགས་རིམ་ནས་སྦྱོང་བའི་ལུགས་གཉིས་སྣང་བའི་སྔ་མ་ནི། གང་ཟག་གི་ཁྱད་པར་འགའ་ཞིག་ལ་འཚམ་སྲིད་ཀྱང༌། ཐུན་མོང་དུ་ཕན་ཆེ་བ་ནི་ཕྱི་མ་ཡིན་ཏེ། སྐྱེ་སླ་བའི་ ཕྱིར་རོ། །དེས་ན་གཙོ་བོ་ལྟ་བུའི་རྣམ་པ་ཕྲ་རགས་གཉིས་ལས། རགས་ཤོས་ཀྱི་དབུ་ནས་ཞབས་ཀྱི་བར་གྱི་རྣམ་པ་ཚང་བ་ཙམ་ཞིག་གསལ་གདབ་ལ། ནམ་སྣང་བ་དང་དེ་ཉིད་ལ་སེམས་མི་གཡོ་བར་བཟུང་ངོ༌། །སྐུའི་སྤྱི་གསལ་ན་དེ་ལ་བཟུང་ཞིང༌། །སྤྱི་མི་གསལ་ བར་ཆ་འགའ་ཞིག་གསལ་ན་གང་གསལ་བ་ལ་བཟུང༌། དེ་ཡལ་ན་ཡང་སྤྱི་གསལ་གདབ་ལ་གཟུང་ངོ༌། །བསྒོམས་པ་དང་ཡེ་མི་མཐུན་བའི་རྣམ་པ་ཤར་བྱུང་ན་དེའི་རྗེས་སུ་མི་འབྲང་བར་རྩ་བའི་དམིགས་པ་ལ་སེམས་བཟུང་ངོ༌། །འདི་དག་ལས་དང་པོ་པས་ཐུན་རིང་ 2-3-165a ན་གནད་ལ་ཡེ་མི་འགྲོ་བར་གསུངས་ཤིང༌། དེ་ལྟར་དུ་སྣང་བས་ཤིན་ཏུ་ཐུང་བ། གྲངས་ཇེ་མང་ལ་བཏང་ཞིང་བསྒོམས་ན་ཏིང་ངེ་འཛིན་སྐྱོན་མེད་སྐྱེ་བ་ཡིན། དེ་ཡང་དང་པོར་རྟོག་པ་སྤྱང་པོ་བྱས་ནས་བསྒྲིམས་ཏེ། བྱིང་བ་དང་རྒོད་ པའི་དབང་དུ་སོང་མ་སོང་ལེགས་པར་བརྟགས་ཤིང་སྒོམ་པ་མ་བྱས་ན་ཉོག་ཉོག་པོ་ཅིག་གིས་ཡུན་རིང་པོ་འདའ་བ་ལ་རྟོག་པ་རྩིང་པོས་བསྒོམ་དུ་བཟུང་ཞིང་བསྒོམས་པས་ཚེ་རིལ་པོར་ཏིང་ངེ་འཛིན་འདོད་འདྲ་མི་སྐྱེ་བས། ལེགས་པར་བརྟག་འཚལ་ལོ། །གཙོ་ བོ་ལྟ་བུའི་རགས་པའི་སྤྱི་ལ་ཏིང་ངེ་འཛིན་མཚན་ཉིད་བཞི་ལྡན་རྩོལ་བ་དྲག་ཞན་གཉིས་ཀ་ལ་སྣང་ནུས་པ་དང༌། དེས་ཀྱང་ཐུན་བསྐྱང་ཐུབ་པ་དང༌། དེའི་བར་དུ་བྱིང་རྒོད་གཉིས་ཀྱི་དབང་དུ་མི་འགྲོ་བ་དང་ལུས་སེམས་ལ་དགའ་བདེས་རེག་ཅིང་ཞི་ གནས་ཀྱི་ཕྱོགས་དང་མཐུན་པར་སོང་བ་དང༌། དེ་ནས་དེ་བརྟན་པར་བྱས་ཤིང་ཕྲ་མོ་རྣམས་ལའང་སེམས་བཟུང་ལ། དེ་ནས་ལྷ་གཞན་རྣམས་ལ་དམིགས་པ་འཕོ་བ་ན་སྔར་གྱི་ལྷ་དེའི་དམིགས་པ་མ་བཏང་བའི་སྟེང་ནས་སྦྲེལ་བ་ཡིན་གྱི། དེ་དོར་ནས་ཕྱི་མ་ ལ་དམིགས་པ་བཟུང་ན་ལྷ་དེ་རྣམས་དུས་གཅིག་ཏུ་སྣང་བ་ག་ལ་འོང༌། དེ་ལྟར་ན་བསྐྱེད་པའི་རིམ་པ་ནི་རྒྱུད་སྡེ་རིན་པོ་ཆེ་རྣམས་ཀྱི་བརྗོད་བྱ་ལ་མེད་མི་རུང་དང༌། ཤིན་ཏུ་གལ་ཆེ་བར་བྱུང་ཞིང་བསྔགས་པ་ཡང་ཆེ་བར་འབྱུང་ལ་སྔགས་ཀྱི་ལམ་ གྱི་འགངས་ལགས་པས་སྒོམ་པར་བྱེད་པ་གནད་དུ་ཆེ་བ་ཡིན། རྫོགས་པའི་རིམ་པ་ལ་མི་ཟབ་པའི་རྫོགས་པའི་རིམ་པ་དང༌། ཟབ་མོ་རྫོགས་པའི་རིམ་པ་ཞེས་གཉིས་སུ་སྔ་མ་རྣམས་ལ་གྲགས་པའི་དང་པོ་ནི། རྩ་རླུང་ཐིག་ལེ་སོགས་སྒོམ་པ་ལ་ 2-3-165b བྱེད་པར་སྣང་བས་སོ་སོའི་གདམས་ངག་ལས་བཙལ་བར་བྱའོ། །ཕྱི་མ་ནི་སྟོང་པ་ཉིད་སྒོམ་པ་ལ་བྱེད་པར་སྣང་ངོ༌། །དེ་གཉིས་རྫོགས་རིམ་དུ་འགྲོ་མི་འགྲོའི་དཔྱད་པ་བྱ་དགོས་ཅི་རིགས་སུ་སྣང་ཡང་རྫོགས་རིམ་གྱི་སྐབས་སུ་ཉམས་སུ་ལེན་པར་ནི་འདྲ་བ་ཡིན་ནོ། ། དེ་ལ་སྟོང་བ་ཉིད་ཀྱི་ལྟ་བ་ནི་སྔགས་དང་ཕ་རོལ་ཏུ་ཕྱིན་པ་གཉིས་འདྲ་བར་ཡང་གསུངས་ཤིང༌། མཁས་པ་རྣམས་ཀྱིས་ཀྱང་བཀྲལ་བ་དེའི་ཕྱིར། དེའི་ཏིང་ངེ་འཛིན་སྐྱེད་པའི་ཐབས་ཕ་རོལ་ཏུ་ཕྱིན་པ་ལ་མ་གྲགས་པ་སྔགས་ཀྱི་ཐེག་པར་མང་བ་དག་སླ་ བ་སོགས་ཀྱི་ཁྱད་པར་ཡོད་ཀྱང་དང་པོར་དེའི་གོ་བ་འཚོལ་ལུགས་ལ་ནི་ཕ་རོལ་ཏུ་ཕྱིན་པ་ལས་ལྷག་པ་ཅི་ཡང་མེད་ཅིང༌། ལུང་དང་རིགས་པ་མདོ་སྡེའི་ཕྱོགས་གསལ་བས། ཕ་རོལ་ཏུ་ཕྱིན་པའི་གསུང་རབ་དགོངས་འགྲེལ་དང་བཅས་པ་ནས་ འབྱུང་བ་བཞིན་དུ་ཐོས་བསམ་གྱིས་གཏན་ལ་དབབ་དགོས་པ་ལགས། དེ་ལ་གང་ལ་ཐོས་བསམ་བྱ་བའི་གཞི་ནི་ཟབ་མོའི་དོན་སྟོན་པའི་གསུང་རབ་རྣམས་དང༌། དེའི་དོན་གཞན་དུ་འདྲེན་པ་ལ་མཐའ་གཞན་དུ་དོགས་པ་ཐམས་ཅད་བཅད་ནས་རྣམ་པ་ གཞན་དུ་དྲང་དུ་མི་རུང་བར་དེ་ཁོ་ན་ལྟར་ངེས་པར་བྱེད་པའི་རིགས་པའི་བསྟན་བཅོས་རིགས་ཚོགས་ལ་སོགས་པ་རྣམས་ཡིན་ནོ། །དེ་ལྟ་ན་སྔོན་ཡོངས་སུ་སྦྱང་བ་བྱས་པའི་གང་ཟག་གི་ཁྱད་པར་འགའ་ཞིག་ལ་ཚེ་འདིར་རིང་དུ་མ་སྦྱངས་ཀྱང༌། ཟབ་མོའི་ དོན་ཁོང་དུ་ཆུད་པ་སྲིད་ཀྱང༌། དེ་ལྟ་བུ་ནི་ཆེས་ཤིན་ཏུ་དཀའ་བས་དེ་ལས་གཞན་པ་རྣམས་ཀྱིས་གཅིག་དང་དུ་བྲལ་ལ་སོགས་པའི་རིགས་པས་འཚོལ་བ་ལ། སྤྲོས་པ་སྤྱི་ཚོད་དུ་མིང་བཏགས་ནས་བདེ་བླག་ཏུ་འཇུག་པའི་སྒོ་གཞན་ཁས་འཆེས་ཀྱང༌། 2-3-166a བློ་གྲོས་དང་ལྡན་པ་རྣམས་དགའ་བ་བསྐྱེད་པར་མི་ནུས་སོ། །དེ་ལྟར་ལུང་རིགས་ལ་སྦྱངས་ཏེ་བཙལ་བས་གོལ་བ་དང་མ་གོལ་བའི་གོ་བ་སྐྱེ་ཚུལ་གཉིས་ལས། དང་པོ་ནི་ཆོས་རྣམས་ཀྱི་སྐྱེ་བ་དང་འགག་པ་ལ་སོགས་པ་ལ་རིགས་ པའི་སྒོ་དུ་མ་ནས་དཔྱད་པ་ན། ཀུན་རྫོབ་པའི་རྣམ་གཞག་ཐམས་ཅད་ཞིག་ནས་གང་ལའང་འདིའོ་སྙམ་དུ་འཛིན་པ་མ་རྙེད་པས། བཅིངས་གྲོལ་ཐམས་ཅད་ནི་མོ་གཤམ་གྱི་བུའི་བཅིངས་གྲོལ་ཐམས་ཅད་དང་འདྲ་བར་སོང༌། དགེ་མི་དགེ་ལས་བདེ་ སྡུག་འབྱུང་བ་ནི་རི་བོང་གི་མགོ་ལས་རྭ་སྐྱེ་བ་དང་ཁྱད་པར་མེད་པར་སོང་ནས་ཀུན་རྫོབ་ཐམས་ཅད་ལོག་པའི་ཀུན་རྫོབ་དང༌། རྟོག་པ་ཐམས་ཅད་ཞེན་ཡུལ་ལ་འཁྲུལ་བའི་ལོག་ཤེས་སུ་གོ་བ་ཅིག་འོང༌། དེ་ལྟར་དབུ་མའི་དོན་དེར་མཐོང་བ་ལ་ གཉིས་ལས་གཅིག་གིས་ནི། དེ་ལྟ་ཡིན་ན་རྣམ་གཞག་ཐམས་ཅད་མི་རུང་བས་ཆོས་ཐམས་ཅད་རང་བཞིན་མེད་པའི་ལྟ་བ་ནི། ཆད་ལྟ་ཡིན་གྱི་རྒྱལ་བའི་དགོངས་པ་མིན་ན། །ཞེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤངས་པས་ལས་ཀྱི་སྒྲིབ་པ་ གཞན་ཤིན་ཏུ་མི་བཟད་པ་ལའང་སྟོང་པ་ཉིད་ཀྱི་ལྟ་བ་ལ་བརྟེན་ནས་དག་པར་བྱར་ཡོད་ཀྱང་འདི་ལ་ནི། སྤངས་ནས་སྐྱབས་མེད་གྱུར་པ་དེ་ནི་མནར་མེད་འགྲོ་ཞེས་གསུངས་པ་ལྟར་སྐྱབས་དང་རྟེན་གཞན་མེད་པས་མནར་མེད་པར་ཆེས་རིང་བར་ གནས་དགོས་པར་སེམས་ཅན་དམྱལ་བའི་ལེའུ་ལས་གསུངས་སོ། །གཅིག་གིས་ནི་བློས་སྟོང་པའི་ཕྱོགས་བཟུང་ཞིང་སྐྱབས་སུ་འགྲོ་བ་དང༌། བྱང་ཆུབ་ཀྱི་སེམས་སྦྱོང་བ་དང༌། བསྐྱེད་པའི་རིམ་པ་བསྒོམ་པ་ལ་སོགས་པ་རྒྱ་ཆེ་བའི་ཕྱོགས་ 2-3-166b ལ་བློ་སྦྱོང་བ་ཐམས་ཅད་དང༌། ཐོས་པ་དང་བསམ་པ་བྱེད་པ་ཐམས་ཅད་རྟོག་པས་བཏགས་པ་ཡིན་ལ་རྟོག་པ་ཐམས་ཅད་འཁོར་བར་འཆིང་བྱེད་དུ་མཐོང་ནས་བཟང་པོའི་ལས་ཐམས་ཅད་ལ་སྐུར་ཞིང་ཡལ་བར་དོར་བས་ངན་འགྲོའི་སྒོ་འབྱེད་པ་འབའ་ ཞིག་གོ། འདི་གཉིས་ཀས་མངོན་པའི་ང་རྒྱལ་མ་གཏོགས་པ་སྟོང་པ་ཉིད་ཀྱི་དོན་ཁོང་དུ་མ་ཆུད་པར་འདྲ་མོད་ཀྱང༌། སྔ་མ་ནི་སྟོང་པ་ཉིད་ལ་མོས་པའི་རྒྱུ་དང་བྲལ་བ་ཡིན་ལ། ཕྱི་མ་ནི་མོས་པའི་རྒྱུ་བཟུང་བའོ། །དེ་ལྟར་སྟོང་པ་ཉིད་ཀྱི་དོན་ཕྱིན་ ཅི་ལོག་ཏུ་བཟུང་ན་མོས་པ་ཡང་སྲེག་པར་འགྱུར་ན། ལོག་པར་བཟུང་ནས་སྡང་བ་ལ་སྨོས་སུ་མེད་པར་རིན་པོ་ཆེའི་ཕྲེང་བ་ལས། དད་པ་ཅན་ནི་བཟུང་ཉེས་པས། ཅིག་ཤོས་སྡང་ཕྱིར་ཁྲོས་པ་ཡིས། །དད་པ་ཅན་ཡང་སྲེག་བཤད་ན། ། སྡང་བས་ཕྱིར་ཕྱོགས་སྨོས་ཅི་དགོས་ཞེས་དང༌། ཆོས་འདི་ལོག་པར་ཤེས་གྱུར་ན། །མི་མཁས་རྣམས་ནི་ཆུང་ཀྱང་འཛའ། །འདི་ལྟར་མེད་པར་ལྟ་བ་ཡི། །མི་གཙང་དེར་ནི་བྱིང་བར་འགྱུར། །གཞན་ཡང་འདི་ནི་ལོག་བཟུང་ན། །བླུན་པོ་མཁས་ པའི་ང་རྒྱལ་ཅན། །སྤོང་བས་མ་རུངས་བདག་ཉིད་ཅན། །མནར་མེད་པར་ནི་སྤྱིའུ་ཚུགས་འགྲོ། །ཞེས་གསུངས་སོ། །ཕྱིན་ཅི་མ་ལོག་པའི་གོ་བ་སྐྱེ་ཚུལ་ནི། བྱང་ཆུབ་སེམས་འགྲེལ་ལས། ཆོས་རྣམས་སྟོང་པ་འདི་ཤེས་ནས། །ལས་དང་ འབྲས་བུ་སྟོན་པ་གང༌། །འདི་ནི་ངོ་མཚར་བས་ངོ་མཚར། །རྨད་བྱུང་བས་ཀྱང་རྨད་དུ་བྱུང༌། །ཞེས་དང༌། བསྔགས་པར་འོས་པ་བསྔགས་པའི་བསྟོད་པ་ལས། ཆོས་ཉིད་འདོད་པར་མི་མཛད་ལ། །ཀུན་རྫོབ་དང་ཡང་རྗེས་སུ་མཐུན། །ཞེས་ 2-3-167a གསུངས་པ་ལྟར་བདེན་འཛིན་གྱི་དམིགས་པ་ཇི་འདྲ་ཞིག་ལ་བཟུང་ཡང༌། ཞེན་པ་རྡུལ་ཙམ་ཡང་མེད་པར་མཐོང་བ་དང༌། དེ་ཉིད་ཀྱིས་རྐྱེན་བྱས་ནས། བཅིངས་གྲོལ་དང་ལས་འབྲས་ལ་སོགས་པ་ཐམས་ཅད་ལ་འདི་ ལས་འདི་འབྱུང་གི་ངེས་པ་གཏིང་ནས་རྙེད་པ་གཉིས་ལ། དང་པོ་རང་གི་འཐད་ཕྱོགས་སུ་བྱས་པ་ན། ཕྱི་མ་རང་ལུགས་ལ་མི་བདེ་བར་གཞན་ངོ་འམ། འཁྲུལ་ངོར་བསྐྱལ་མི་དགོས་པར་རང་གི་ལུགས་ལ་གཉིས་ཀ་འཐད་པ་དེ་མཐོང་བ་ཅིག་བྱུང་ན་ ངོ་མཚར་བ་དང་རྨད་དུ་བྱུང་བ་ཡིན་ཏེ། སྐྱེ་བོ་ཕལ་མོ་ཆེ་ལ་འགལ་བར་སྣང་བ་མ་འགལ་བར་ཁོང་དུ་ཆུད་པའི་ཐབས་མཁས་ཐོབ་པའི་ཕྱིར་རོ། །དེས་ན་སྟོང་པ་རྟོགས་པས་འཁོར་འདས་ཀྱི་རྣམ་གཞག་འཐད་པར་འགྲོ་དགོས་ཀྱི། དེ་མ་རྟོགས་བར་ དུ་འཐད་པ་ལ། རྟོགས་ནས་རྣམ་གཞག་རྣམས་བྱ་ས་མེད་པར་སོང་ན། དངོས་པོར་སྨྲ་བའི་གོ་ལུགས་དང་ཁྱད་པར་མེད་པས། སྟོང་པ་ཡེ་མ་རྟོགས་པར་རིག་པར་བྱ་སྟེ། དབུ་མའི་རྩ་བ་ལས་གལ་ཏེ་འདི་དག་ཀུན་སྟོང་ན། །འབྱུང་བ་མེད་ཅིང་འཇིག་ པ་མེད། །འཕགས་པའི་བདེན་པ་བཞི་པོ་རྣམས། །ཁྱོད་ལ་མེད་པར་ཐལ་བར་འགྱུར། །ཞེས་ཐམས་ཅད་རང་བཞིན་གྱིས་སྟོང་ན་འཁོར་འདས་ཀྱི་རྣམ་གཞག་མི་རུང་བར་བརྩད་པའི་ལན་དུ། གལ་ཏེ་འདི་ཀུན་མི་སྟོང་ན། །འབྱུང་བ་མེད་ཅིང་ འཇིག་པ་མེད། །འཕགས་པའི་བདེན་པ་བཞི་པོ་རྣམས། །ཁྱོད་ལ་མེད་པར་ཐལ་བར་འགྱུར། །ཞེས་སོགས་ཀྱིས་མི་སྟོང་བའི་ཕྱོགས་ལ་དེ་དག་མི་རུང་གི། སྟོང་པའི་ལུགས་ལ་ཤིན་ཏུ་འཐད་པར་གསུངས་པ་དང༌། ཡང་དེ་ཉིད་ལས། གང་ 2-3-167b ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བར་འགྱུར། །གང་ལ་སྟོང་ཉིད་མི་རུང་བ། །དེ་ལ་ཐམས་ཅད་རུང་མི་འགྱུར། །ཞེས་རྗེས་སུ་འགྲོ་ལྡོག་གི་སྒོ་ནས་གསལ་བར་གསུངས་སོ། །དེའི་ཕྱིར་དངོས་པོ་རྣམས་ལ་ཡུལ་དང་དུས་ཆས་གསིལ་ན་གང་ དུའང་གཟུངས་མི་འདུག་སྙམ་པའི་གོ་བ་སྐྱེས་པ་ཙམ་ལ་སྟོང་པ་ཉིད་ཀྱི་ལྟ་བ་རྙེད་པར་འཇོག་ན། སྦྱང་བ་ཙམ་མ་བྱས་པའི་དབང་པོ་ཤིན་ཏུ་བརྟུལ་བས་ཀྱང་རྟོགས་པར་ནུས་པས་དཀའ་བའི་དོན་མེད་ཀྱང༌། དེ་ཙམ་གྱིས་མི་ཆོག་གི། དོན་དམ་པར་དམིགས་ གཏད་ཐམས་ཅད་ཉེ་བར་ཞི་བ་དང༌། ཀུན་རྫོབ་སྒྱུ་མ་ལྟ་བུ་ལ་འཁོར་འདས་ཀྱི་རྣམ་གཞག་ཐམས་ཅད་ཁས་བླངས་པས་ཆོག་པའི་གཉིས་ཚོགས་དེ་དཀའ་བས་སྟོང་པ་ཉིད་རྟོགས་པར་དཀའ་བ་ཡིན་ལ། དེ་གཉིས་ཀ་དགོས་པས་བདེན་པ་གཉིས་ཀྱི་རྣམ་དབྱེ་མ་ ཤེས་ན། བསྟན་པའི་དེ་ཉིད་མི་ཤེས་པ་དང༌། ཤེས་པ་ནི་རྒྱལ་བའི་དགོངས་པ་ལ་མི་རྨོངས་པ་དང༌། དོན་དམ་པ་དང་ཀུན་རྫོབ་ལ་བརྟེན་པའི་ཚོགས་གཉིས་བསགས་ནས་རབ་ཀྱི་མཐར་ཕྱིན་པར་འགྲོ་བར་གསུངས་ཏེ། རྩ་བ་ལས། གང་དག་བདེན་པ་རྣམ་གཉིས་ཀྱི། །རྣམ་ དབྱེ་རྣམ་པར་མི་ཤེས་པ། །དེ་དག་སངས་རྒྱས་བསྟན་པ་ནི། །ཟབ་མོའི་དེ་ཉིད་རྣམ་མི་ཤེས། །ཞེས་དང༌། བདེན་ཉིས་ལས། བདེན་གཉིས་རྣམ་དབྱེ་ཤེས་པ་དག །ཐུབ་པའི་བཀའ་ལ་མི་རྨོངས་ཏེ། །དེ་དག་མ་ལུས་ཚོགས་བསགས་ནས། །ཕུན་ཚོགས་ཕ་རོལ་འགྲོ་བར་ འགྱུར། །ཞེས་གསུངས་སོ། །འདི་ནི་བཅོམ་ལྡན་འདས་བཞུགས་པའི་དུས་ཀྱི་འཁོར་ནའང་རྟོགས་དཀའ་བར་གསུངས་ཏེ། ཡོན་ཏན་རིན་པོ་ཆེ་སྡུད་པ་ལས། འདྲེན་པ་རྣམས་ཀྱི་ཆོས་འདི་ཟབ་སྟེ་མཐོང་བར་དཀའ། །སུས་ཀྱང་རྟོགས་པ་མེད་ཅིང་ཐོབ་ 2-3-168a པར་འགྱུར་མེད་པ། །དེ་ཕྱིར་ཕན་མཛད་བརྩེ་ལྡན་བྱང་ཆུབ་བརྙེས་ནས་ནི། །སེམས་ཅན་ཚོགས་སུས་ཤེས་སྙམ་ཐུགས་ཁྲལ་ཆུང་བར་མཛད། །ཅེས་གསུངས་ཤིང་སྟོང་པ་ཉིད་ལ་སེམས་བདེ་བླག་ཏུ་འཇུག་པར་མི་ ནུས་པ་དཔེ་དང་བཅས་པ་དང༌། མདོ་དེའི་དོན་ཡང་རིན་པོ་ཆེའི་ཕྲེང་བ་ལས། རེ་ཞིག་ལུས་ནི་མི་གཙང་ཉིད། །རིགས་ཤིང་མངོན་སུམ་སྤྱོད་ཡུལ་བ། །རྟག་ཏུ་སྣང་བའང་གང་གི་ཚེ། །སེམས་ལ་གནས་པ་མ་ཡིན་པ། །དེ་ཚེ་དམ་ཆོས་གནས་མེད་པ། །ཕྲ་ རབ་མངོན་སུམ་མ་ཡིན་པ། །ཟབ་མོ་དེ་ཀོ་ཇི་ལྟ་བུར། །སེམས་ལ་བདེ་བླག་འཇུག་པར་འགྱུར། །ཆོས་འདི་ཟབ་ཕྱིར་སྐྱེ་བོ་ཡིས། །ཤེས་པར་དཀའ་བར་ཐུགས་ཆུད་དེ། །དེས་ན་ཐུབ་པ་སངས་རྒྱས་ནས། །ཆོས་བསྟན་པ་ལས་ལོག་པར་གྱུར། །ཞེས་གསུངས་ སོ། །དེས་ན་སྤྱིར་འདི་སྟོན་པ་དང༌། ཉན་པ་དང༌། ཁྱད་པར་དུ་འདིའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེད་པའི་སྟོན་པ་པོ་དང༌། ཉན་པ་པོ་ནི་ཆེས་ཤིན་ཏུ་རྙེད་པར་དཀའ་བས་ན་གང་བྱུང་བྱུང་ལ་བྱས་པས་མི་འོང་ངམ་སྙམ། དེ་ལྟར་དྲི་མ་མེད་པའི་ཐོས་བསམ་ གྱིས། སྟོང་པ་ཉིད་ཀྱི་ལྟ་བ་རྣམ་དག་རྙེད་པ་ནི། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་རྣམ་པར་དག་པ་སྐྱེད་པ་ལ་མེད་མི་རུང་དུ་དགོས་ཏེ། གཞན་དུ་ན་དངོས་པོའི་དེ་ཁོ་ན་ཉིད་ཁོང་དུ་མ་ཆུད་ན་ཅི་ལ་དམིགས་ནས་སྐྱེ། དེ་ཙམ་དུ་མ་ཟད་སྒྲུབ་ཚུལ་ཕྱིན་ཅི་མ་ལོག་ པས་བསྒྲུབས་པའི་ཞི་གནས་དངོས་སམ། ཡང་ན་སྔར་བཤད་པ་ལྟ་བུའི་མཚན་ཉིད་བཞི་ལྡན་གྱི་ཏིང་ངེ་འཛིན་ཞི་གནས་དང་རྗེས་སུ་མཐུན་པ་ཞིག་ངེས་པར་བཙལ་དགོས་སོ། །དེ་གཉིས་ཚགས་སུ་ཚུད་པ་དང༌། སྤྲོས་པ་དང་བྲལ་བའི་དོན་ལ་རྩེ་གཅིག་ 2-3-168b ཏུ་གནས་པའི་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་བསྒྲུབ་པར་བྱ་སྟེ། སྔར་བཤད་པའི་ལྟ་བ་མེད་ན་རྩེ་གཅིག་ཏུ་གནས་པ་བྱུང་ཡང་སྤྲོས་པ་དང་བྲལ་བའི་དོན་ལ་གནས་པ་མིན་པས་ཞི་གནས་སུ་ཟད་ཀྱི་ལྷག་མཐོང་གི་དོན་མེད་དོ། །དེ་བཞིན་དུ་ཕྱིན་ཅི་མ་ལོག་པའི་ ལྟ་བའི་གོ་བ་རྙེད་ཀྱང་ཞི་གནས་བརྟན་པོ་མེད་ན་སེམས་དམིགས་པ་ལ་ཧ་ཅང་གཡོ་བས་སོ་སོར་རྟོག་པས་ཇི་ཙམ་དཔྱད་ཀྱང་ཞི་ལྷག་ཟུང་དུ་མི་འབྲེལ་བས་གཉིས་ཀ་དགོས་པར་གཞུང་ཚད་ལྡན་ཕལ་ཆེ་བ་ནས་གསུངས་པའི་དོན་དེ་ལྟར་ལགས། ཕྱིན་ཅི་ལོག་གི་གོལ་ས་ བཅད་ནས་ཕྱིན་ཅི་མ་ལོག་པའི་ལྟ་བ་སྐྱེད་པའི་ལུགས་ལ་མདོ་ཙམ་བཀོད་ན་འདོད་པ་མི་རྫོགས་པར་སྣང་ཞིང༌། རྒྱས་པར་བྱས་ན་ཚིག་གི་ཁུར་ཧ་ཅང་ཡང་ཆེས་ནས་འགྲོ་བར་སྣང་བས་ད་རེས་ལ་ཡི་གེར་མ་བཀོད། སྤྱིར་འདི་ལྟ་བུའི་ལམ་གྱི་རྣམ་པར་བཞག་པ་ ཕྱིས་ཀྱང་ཕན་ཐོགས་པའི་རིགས་སུ་མི་སྣང་བས་ཕྱིས་ཟེར་བས་བསྐུལ་མཁན་ཆེ་ཆུང་ཅི་རིགས་སུ་བྱུང་ཡང་སྔར་མ་བྱས། དམ་པ་ཁྱེད་གཞན་དང་མི་འདྲ་ཞིང༌། གསུང་ཤོག་བཀའ་ནན་ཆེར་གནང་བ་དང༌། གསུང་འཕྲིན་ལའང་ནན་ཆེ་བའི་རྒྱུ་མཚན་གཞན་ ཡང་སྣང་བས་ལུང་དང་སྦྱོར་བ་དང༌། རིགས་པས་མཐའ་གཅོད་པའི་སྤྲོས་པ་རྣམས་དོར་ནས་མདོ་ཙམ་ཕུལ་བ་ལགས་པས། ཡང་དང་ཡང་དུ་དཔྱད་དེ་རིགས་པ་ལྟ་ན་ཐུགས་ཉམས་སུ་བཞེས་པ་ཞུ། དཔག་མེད་དཀའ་བས་འཕགས་པའི་ཡུལ་བགྲོད་ཅིང༌། ། མཁས་པའི་བཤེས་གཉེན་དུ་མ་བསྐྱེད་པ་ཡིས། །རྒྱལ་བའི་བསྟན་པ་ཡོངས་སུ་རྫོགས་པའི་གནད། །ཇི་བཞིན་རྙེད་ནས་མི་ཤེས་མུན་གླིང་འདི། །གང་གི་རྨད་བྱུང་མཛད་པས་གསལ་མཛད་པ། །སྒྲ་སྒྱུར་དབང་པོ་བློ་ལྡན་ཤེས་རབ་ཅེས། །ལྷར་བཅས་འགྲོ་ 2-3-169a ན་སྙན་པའི་བ་དན་གཡོ། །བདག་པས་གཞན་ལ་བརྩེ་བའི་ཐུགས་མངའ་བ། །འཇིག་རྟེན་མིག་དེའི་རྒྱལ་ཚབ་གོ་འཕང་བརྙེས། །སྡོམ་བརྩོན་མཁས་པ་བློ་གྲོས་རྒྱ་ཆེ་བ། །དཀོན་མཆོག་ལ་གུས་ཚུལ་ཁྲིམས་བཟང་པོ་ཅན། །དེ་ཡི་དགོངས་ པ་ཡོངས་སུ་བསྐང་བའི་ཕྱིར། །དྲི་མེད་གཞུང་ལུགས་མང་དུ་ཐོས་པའི་དོན། །ཚུལ་བཞིན་སྒྲུབ་པའི་མཁས་པའི་རྗེས་འཇུག་པ། །བས་མཐའི་གནས་ལ་དགའ་བའི་སྤོང་བ་པ། །བློ་བཟང་གྲགས་པས་ཚུལ་འདིར་ངལ་བ་བྱས། །དེ་ལས་ཐོབ་པའི་དགེ་བའི་མཐུ་བཟང་ གིས། །ས་གསུམ་བླ་མས་ལེགས་པར་བཤད་པའི་གཞུང༌། །འགྲོ་བ་ཀུན་གྱིས་ཇི་བཞིན་རྟོགས་གྱུར་ཏེ། །ཚུལ་བཞིན་སྒྲུབ་པའི་དགའ་སྟོན་རྒྱས་གྱུར་ཅིག །པང་ནས་སྐྱེས་དང་ཉེ་རྒྱལ་ཇི་བཞིན་དུ། །དགེ་ཞིང་དེས་པའི་ཐུགས་མངའ་ཁྱེད་དང་བདག །སུ་ཡིས་ཐོག་ མར་བདུད་རྩི་ཐོབ་པ་དེས། །ཅིག་ཤོས་ལ་ནི་བགོ་བཤའ་བགྱིད་པར་སྨོན། །ཨེ་མ་ཧོ་དལ་ཐོབ་སྐལ་པ་བཟང༌། །རྒྱལ་བའི་བསྟན་དང་མཇལ་བ་ལེགས། །ད་ནི་དོན་ཆེན་འགྲུབ་པའི་ལུས། །ཉིན་མཚན་དོན་ཡོད་བྱ་བའི་རིགས། །ཉི་ཚེ་བ་ལ་ཉི་ཚེ་དང༌། །མཐའ་དག་པ་ལ་ མཐའ་དག་པའི། །འབྲས་བུ་འགྲུབ་པར་གསུངས་པའི་ཕྱིར། །ཤེས་ལྡན་སུ་ཞིག་ཕྱོགས་རེས་ཚིམ། །མི་རྟག་སྲིན་པོས་མ་ཟོས་པའི། །སེམས་ཅན་དེ་ནི་འགའ་མ་བྱུང༌། །ད་དུང་དེ་བཞིན་ཁོ་ནར་བས། །སེམས་ཁྱོད་དལ་བར་ཇི་ལྟར་སྡོད། །དེ་ཕྱིར་འབད་ཀྱང་འདོར་ དགོས་པའི། །སྙིང་པོ་མེད་པའི་བྱ་བ་ཐོང༌། །གང་དུ་ཕྱིན་ཀྱང་རྗེས་འབྲང་བའི། །ལས་གཉིས་ལ་ནི་རྟག་ཏུ་སོམས། །དེ་ལྟར་བསམས་ནས་ངོ་ཚ་ཁྲེལ་ཡོད་དང༌། །དྲན་དང་ཤེས་བཞིན་བག་ཡོད་བརྟན་པ་ཡིས། །གདུལ་བར་དཀའ་བའི་སེམས་ནི་ལེགས་བཏུལ་ནས། ། 2-3-169b འཆི་ཚེ་ཡིད་ལ་དགའ་བ་རྒྱས་པར་བྱོས། །བདེ་ལེགས་གཞིར་གྱུར་བསྟན་པ་གནས་པར་ཤོག །དམ་ཆོས་སྤྱོད་ལ་འཚེ་བ་མེད་པར་ཤོག །འགྲོ་བའི་རེ་བ་ཆོས་བཞིན་འགྲུབ་པར་ཤོག །ཕན་ཚུན་བྱམས་པའི་ཡིད་དང་མི་འབྲལ་ཤོག །ཅེས་ལམ་གྱི་རིམ་པ་མདོ་ཙམ་དུ་ བསྟན་པ་འདི་ནི། མང་དུ་ཐོས་པའི་དོན་ཚུལ་བཞིན་དུ་བསྒྲུབ་པའི་སྤོང་བ་པ་ཆེན་པོ་བསྟན་པ་རིན་པོ་ཆེའི་རྩ་ལག་དམ་པ་འགྲོ་བ་དུ་མའི་འདྲེན་པར་གྱུར་པ། དཀོན་མཆོག་ཚུལ་ཁྲིམས་ཀྱི་ཞལ་སྔ་ནས་བཀའ་སྩལ་སྤྲིངས་པའི་ལན་དུ། ཤཱཀྱའི་དགེ་སློང་བློ་བཟང་གྲགས་ པའི་དཔལ་གྱིས་ཨེ་འིས་ཕྱོགས་ཏེའུ་ར་དགོན་པར་སྦྱར་བའོ།། ༈ །།ན་མཿཤྲཱི་གུ་རུ་མཉྫུ་གྷོ་ཥཱ་ཡ། མཁྱེན་པ་ཤེས་བྱ་ཀུན་ཏུ་སོང་ཀྱང་འགྲོ་བས་དཔག་པར་མི་ནུས་ཤིང༌། །བརྩེ་བ་ཐུགས་ཀྱི་གཏེར་དུ་སྦས་ཀྱང་སྲིད་ན་ཉི་བཞིན་ལྷང་ངེར་གསལ། །མཛད་པ་ ལུས་ཅན་ཀུན་ལ་སྙོམས་ཀྱང་བདུད་སྙིང་ལ་འཇིགས་པ་སྐྱེད། །ཕུན་ཚོགས་ཡོན་ཏན་དཔལ་གྱིས་མཐོ་བའི་འཇམ་དབྱངས་དེ་ཡིས་འགྲོ་ཀུན་སྐྱོངས། །དེ་ལྟར་འདོད་པའི་ལྷ་ལ་ཡོན་ཏན་བརྗོད་པ་སྔོན་དུ་འགྲོ་བ་ཅན་གྱི་ཤིས་པ་བརྗོད་ནས། སེམས་ཅན་ཐམས་ ཅད་ལ་རྒྱུ་མེད་པར་མཉེས་གཤིན་པའི་སྒོ་ནས། འཇིག་རྟེན་ན་མགོན་དང་སྐྱབས་མ་མཆིས་ཤིང༌། མ་རིག་པ་འཐུག་པོས་བློ་མིག་རབ་ཏུ་གཡོགས་པ་སྲིད་པའི་ཆུ་བོ་ཆེན་པོས་སྡུག་བསྔལ་གྱི་རྒྱ་མཚོ་གཏིང་མཐའ་མེད་པར་ཁྱེར་བ་རྣམས་འདོན་བཞེད་ཅིང་ཕན་པ་བཞེད་ པ། ཉིད་ཀྱིས་བརྙེས་པའི་བདུད་རྩིའི་རོ་ཕུལ་དུ་བྱུང་བས་ཚིམ་པར་བཞེད་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་མངོན་པར་གཤེགས་པའི་ལམ་གང་ན་དེར་འདུག་པའི་ཚུལ་ཅུང་ཟད་བརྗོད་པར་འདོད་པ་ནི། ཚུལ་ཁྲིམས་ཡོངས་སུ་དག་པས་ཞི་ཞིང་དུལ། གསུང་ 2-3-170a རབ་མང་དུ་ཐོས་པས་དེ་ཉིད་རིག །དད་པའི་རྩ་བ་བརྟན་པས་དགེ་ལ་འདུན། །དམ་པའི་སྐྱེ་བོས་བསྐུལ་བའི་དོན་དུའོ། །དེ་ལ་བདེ་བར་གཤེགས་པ་འཇིག་རྟེན་དུ་བྱོན་པ་དང༌། དེའི་བསྟན་པ་རིན་པོ་ཆེ་དང་མཇལ་བ་དང༌། དགོས་པ་ཆེན་པོ་སྒྲུབ་ ནུས་པའི་དལ་འབྱོར་གྱི་རྟེན་རྙེད་པའོ། །ཡོན་ཏན་ཀུན་གྱི་རྩ་བ་དགེ་བའི་བཤེས་གཉེན་མཆོག་དང་ཕྲད་པ་ལ་སོགས་པ་བརྒྱ་ལམ་ན་སྲིད་མཐའ་ཙམ་དུ་རྒྱལ་བ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱི་གསུང་ལས་བྱུང་བ་རྣམས་ཀྱི་དོན་ལ། ཡང་དང་ཡང་དུ་བསམས་ པས་ཚིག་ཙམ་མ་ཡིན་པའི་ངེས་ཤེས་གཏིང་ནས་འདྲོངས་བས་རྐྱེན་བྱས་པ་ལ་བརྟེན་ནས། བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས། ཟབ་པ་དང་རྒྱ་ཆེ་བའི་དོན་ལ་མ་རྟོག་པ་དང་ལོག་པར་རྟོག་པ་དང༌། ཐེ་ཚོམ་ གྱི་དྲི་མ་མཐའ་དག་འཁྲུད་པའི་ཆུ་རྒྱུན་དམ་པ་ཐོས་པ་དང་བསམ་པས་ཤེས་རབ་ཡོངས་སུ་དག་པར་བྱས་ཏེ། གང་གི་དོན་དུ་སྐྲ་དང་ཁ་སྤུ་བྲེག་པ་ལ་སོགས་པ་ཆོས་ཀྱི་རྗེ་ཐུབ་པའི་དབང་པོའི་བརྟུལ་ཞུགས་ཡང་དག་པར་བླངས་པའི་དགོས་པ་མཆོག་ ཐར་པའམ་ཐམས་ཅད་མཁྱེན་པ་ཉག་གཅིག་ཏུ་མཐོང་ཞིང༌། དེ་ཡང་མང་དུ་ཐོས་པའི་དོན་སྒྲུབ་པ་ལ་ནན་ཏན་སྙིང་པོར་བྱེད་པའི་རྩ་བ་ཅན་དུ་རིག་ནས། འདུ་འཛིའི་གནས་ཐམས་ཅད་བཙན་ཆོད་དུ་སྤངས་ཏེ། གསུང་རབ་ལས་ལན་ཅིག་ མ་ཡིན་པར་བསྔགས་པའི་དབེན་པའི་ཡོན་ཏན་གྱི་རླུང་གིས་ཤིང་བལ་གྱི་འདབ་མ་ལ་བྱ་བ་བཞིན་དུ་རང་དབང་མེད་པར་ཡིད་དྲངས་ཏེ། དབེན་པའི་གནས་སུ་སོང་ནས་ཇི་ལྟར་ཐོས་པའི་དོན་རྣམས་ལ་འབད་རྩོལ། བསྒྲིམས་པས་གོམས་ 2-3-170b པ་མཆོག་ཐོབ་སྟེ་དགའ་བདེ་རྒྱ་མཚོའི་དཔལ་ལ་ནམ་ཡང་ཉམས་པ་མེད་པར་ལོངས་སྤྱོད་པ་ནི། སྐྱེས་བུ་དམ་པ་སྔར་བྱོན་པ་རྣམས་ཀྱི་ཀུན་ཏུ་སྤྱོད་པའོ། །དེ་ལ་འདི་སྐད་ཅེས་གསུངས་ཏེ། སྲིད་པའི་སྐྱོན་དང་ཞི་བའི་ཕན་ཡོན་རྣམས། །སོ་སོར་འབྱེད་ལ་ རིང་ནས་གོམས་པ་དེས། །ཉེས་པ་དུ་མས་སྦགས་པའི་འདུ་འཛིའི་གནས། །དུག་དང་བཅས་པའི་ཟས་བཞིན་རིང་དུ་འདོར། །ཉིན་བྱེད་འོད་ཀྱིས་ལེགས་པར་ཁ་ཕྱེ་ཞིང༌། །དྲི་ཞིམ་བསུང་དང་ལྡན་པའི་འདབ་བརྒྱ་པ། །མི་གཙང་འདམ་གྱི་དབུས་སུ་ལེགས་ འཁྲུངས་ཀྱང༌། །མི་སྡུག་དྲི་ཡིས་སྦགས་པར་ག་ལ་ནུས། །སྤུ་གྲིའི་སོར་ཆག་སྦྲང་རྩི་ལྡག་པ་བཞིན། །མནོག་ཆུང་སྡུག་བསྔལ་བཟོད་དཀའ་སྐྱེད་པའི་གཞི། །འཁོར་བའི་ཕུན་ཚོགས་ཆེད་དུ་ཡིད་སོང་རྣམས། །ཞི་བའི་གཏམ་གྱིས་བསྐུལ་བར་ ག་ལ་ནུས། །པདྨའི་མཚོ་ཆེན་དབུས་ན་བདེར་གནས་པའི། །ངང་པའི་ཀུན་སྤྱོད་ཡང་ཡང་བསྒྲགས་གྱུར་ཀྱང༌། །ངན་སྐྱུགས་ཁྲོད་ན་རློམ་པས་མཐོ་བ་ཡི། །བྱ་རོག་དག་གི་སྙིང་ལ་འབབ་མི་འགྱུར། །དེ་ལྟར་ན་སྲིད་པ་དང་ཞི་བའི་སྐྱོན་རྣམས་ནི་རིག མང་དུ་ཐོས་པ་དང་ནི་ལྡན། ལས་འབྲས་ལ་ཡིད་ཆེས་པའི་དད་པ་ནི་ཡོད། འདུ་འཛིའི་ཉེས་དམིགས་ནི་མཐོང༌། དབེན་པའི་ཡོན་ཏན་ནི་ཤེས། སྒྲུབ་པ་ལྷུར་ལེན་པའི་མཐུན་རྐྱེན་ཚང་བ་ཁྱོད་ལ། རྣམ་པར་གཡེང་བ་ལ་བརྟེན་པའི་ལམ་གོལ་བ། ལམ་ ངན་པ་སྐྱེས་བུ་དམ་པ་མ་ཡིན་པས་བསྟན་པའི་ལམ་དོར་ནས། རབ་ཏུ་དབེན་པ་ལ་བརྟེན་པའི་ལམ་མ་ནོར་བ་ལམ་བཟང་པོ་སྐྱེས་བུ་དམ་པ་རྣམས་ཀྱིས་བསྟན་པའི་ལམ་དུ་ཞུགས་པ་ལ་བསྐུལ་ཅི་ཞིག་འཚལ། འོན་ཀྱང་ཡིད་ལ་འབབ་ཅིང་རྣར་ 2-3-171a སྙན་པའི། །གདམས་པ་འགའ་ཞིག་སྨྲས་ན་ཅིས་མི་མཛེས། །རབ་མཐོ་གངས་རིའི་ཏོག་ཀྱང་སྟོན་དུས་ཀྱི། །ཟླ་འོད་ལྷུང་ན་ཆེས་དཀར་མི་འགྱུར་རམ། །དེ་ལ་བློ་གྲོས་ངན་པ་རྣམས་ཀྱིས་ནི་རྒྱལ་པོ་ལ་དུས་དུས་སུ་ངེས་པར་མཇལ་ དགོས་པའི་དུས་ཀྱི་དཔྱ་སྐབས་ལ་བབ་པ་ན་མི་འབུལ་བར། རྒྱལ་པོས་ཆད་པ་བཅད་པ་ན་འབུལ་བ་བཞིན་དུ་གཉེན་གྲོགས་ལོངས་སྤྱོད་གྲགས་པ་རྙེད་བཀུར་རྣམས་དང་ངེས་པར་འབྲལ་དགོས་པར་ཤེས་བཞིན་དུ་རང་ལ་དབང་ཡོད་པ་ན་དེ་དག་དོར་ནས་དབེན་ པ་བསྟེན་ཏེ་གཏན་བདེ་མི་སྒྲུབ་པར་འདུ་འཛི་ལྷུར་ལེན་པའི་ཚེ་འཆི་བདག་གི་ཆད་པས་བཅད་ནས། གཉེན་ལ་སོགས་པ་དང་མི་འདོད་བཞིན་དུ་འབྲལ་བར་བྱེད་མོད། ཤེས་རབ་ཅན་རྣམས་ནི་ངེས་པར་བྱ་དགོས་པའི་ལས་ཆད་པ་མ་ཕོག་པའི་གོང་དུ་མྱུར་བ་མྱུར་ བར་བྱེད་ཀྱི་ཆད་པས་གཅོད་པ་ལ་སྒུག་པར་ག་ལ་འགྱུར། གལ་ཏེ་འཆི་བདག་གི་ཆད་པས་མི་འདོད་བཞིན་དུ་འབྲལ་དགོས་པའི་ཕྱིར། ནགས་སུ་འགྲོ་བར་བྱ་བ་ནི་རིགས་མོད། དེ་ལྟ་ནའང་ཚེ་འདིའི་འཚོ་བའི་ཆས་སྒྲུབ་དགོས་འགའ་ཞིག་ཡོད་པས། དེ་ཟིན་ ནས་བས་མཐའི་ནགས་སུ་འཇུག་པར་བྱའོ་སྙམ་ན་དེ་ནི་རིགས་པ་དང་ལྡན་པ་མ་ཡིན་ཏེ། དཔེར་ན་སྔོན་དོན་མཐུན་མང་པོ་ཞིག་བྱེས་སུ་བགྲོད་ནས་འཇིགས་པ་དང་བཅས་པའི་གནས་ཅིག་ཏུ་འགྲོ་བ་ན་དེའི་ནང་ནས་ཚོང་པ་གཅིག་ལམ་ན་གནས་པའི་རྡོ་གཅིག་གི་ སར་སྡད་ནས་བདར་ཡིན་འདུག་པ་དང༌། གྲོགས་རྣམས་ཀྱིས་སྨྲས་པ་དེ་བདར་ནས་ཅི་བྱེད། དེས་སྨྲས་པ་གྲུ་བཞི་བྱེད་དོ། །གྲོགས་རྣམས་ཀྱིས་སྨྲས་པ་དེ་བྱས་ནས་ཅི་བྱེད་དེ་ན་རེ་དེ་ཟིན་ནས་དེ་ཉིད་དུ་འདོར་རོ་ཞེས་སྨྲས་པ་ན་བཞད་གད་ཀྱི་གནས་སུ་འགྱུར་བ་ 2-3-171b བཞིན་དུ་གྲུབ་ཟིན་པའི་མོད་ལ། འདོར་དགོས་པའི་བྱ་བ་ལ་འཇུག་པ་ནི་དད་པའི་རྗེས་སུ་འབྲང་བ་རྣམས་ལ་རུང་གི། ཆོས་ཀྱི་རྗེས་སུ་འབྲང་བ་རྣམས་ལ་མི་རུང་བའི་ཕྱིར་རོ། །དེས་ན་འཆི་བདག་གི་ཆད་པ་ལས་མི་འདའ་ཞིང༌། ཆད་པ་དེ་ཡང་ནམ་འོང་བའི་དུས་ཀྱི་ཁྱད་པར་ ངེས་པ་མི་འདུག་པ་ཡང་ཡང་ཡིད་ལ་གོམས་པར་བྱས་ནས། རིངས་པ་རིངས་པར་དལ་འབྱོར་གྱི་ལུས་དགོས་པ་ཆེན་པོ་སྒྲུབ་ནུས་པའི་དོན་ཆེ་བ་དང༌། གཉའ་ཤིང་གི་བུ་གར་རུས་སྦལ་གྱི་མགྲིན་པ་ཆུད་པ་ལྟར་ཤིན་ཏུ་རྙེད་པར་དཀའ་སྟེ། ཁྱད་པར་གཉིས་དང་ལྡན་པ་ འདི་ལ་འབད་པར་བྱའོ། །དེ་ལྟར་དལ་འབྱོར་རྙེད་དཀའ་བ་རྙེད་པ་དོན་ཆེ་བ། དེའང་མྱུར་དུ་འཇིག་པའི་ཚུལ་ཆེས་ཆེར་བསམས་པ་ནི། དང་པོ་སྒྲུབ་པའི་བསྐུལ་མ། བར་དུ་སྒྲུབ་པ་མི་ཉམས་པའི་རྒྱུ། ཐ་མ་སྒྲུབ་པ་མཐར་ཕྱིན་པ་ཡིན་པས་གནད་ཤིན་ཏུ་ཆེ་བ་ཡིན། དེ་ ལྟར་མྱུར་དུ་འཆི་བར་ནི་ངེས། ཤི་པའི་རྗེས་སུ་བསོད་ནམས་དང་བསོད་ནམས་མ་ཡིན་པའི་ལས་གཉིས་ལུས་ཀྱི་རྗེས་སུ་གྲིབ་མ་བཞིན་དུ་འབྲང༌། དགེ་སྡིག་གི་ལས་ངོ་བོ་ཤིན་ཏུ་ཆུང་ཞིང་བསགས་ནས་དུས་བསྐལ་པ་དཔག་ཏུ་མེད་པ་སོང་ཡང༌། ཚོགས་ཤིང་དུས་ ལ་བབ་པ་ན་འབྲས་བུ་རྒྱ་ཆེན་པོ་ནི་འབྱིན། དེ་ལ་སེམས་ཅན་ཕལ་མོ་ཆེ་ཐོག་མ་མེད་པ་ནས་མི་དགེ་བའི་ཕྱོགས་ལ་རྒྱུན་རིང་བ་བར་མ་ཆད་པར་ཤུགས་དྲག་པར་གོམས་པའི་ཆ་ཕྲ་མོ་ཙམ་ཡང་དགེ་བའི་ཕྱོགས་ལ་དེ་ལྟ་མིན་པས་ཕལ་ཆེར་མི་དགེ་བའི་ལས་ བྱེད་པ་ལ་བརྟེན་ནས་ངན་སོང་གསུམ་དུ་སྐྱེ་ལ་དེའི་སྡུག་བསྔལ་ནི་དྲག་ལ་རྩུབ་པ། མི་བཟད་པ་ཡིན་པས་སྲན་ཐབས་མེད་ལ། བདེ་འགྲོ་ནའང་སྡུག་བསྔལ་གྱི་སྡུག་བསྔལ་ལ་སྤྱོད་པ་ཕལ་ཆེ་ཞིང༌། རེ་ཞིག་བདེ་བ་ལྟར་སྣང་ཡང་ངན་འགྲོའི་གཡང་སར་ལྷུང་ 2-3-172a བའི་རྩ་བ་ཅན་དུ་གསུངས་པ་རྣམས་གོ་ཟིན་པས་བརྗོད་མི་དགོས་མོད། དེ་ལྟ་ནའང་འདི་རྣམས་འགྲོ་བ་གཞན་ཁོ་ནར་བཤད་ཅིང་སེམས་པ་བས། རང་ཉིད་ལ་མྱོང་བར་མི་འགྱུར་བའི་གདེང་མེད་ཅིང་དེ་དག་མྱོང་བའི་རྒྱུ་ཆར་ལྟར་འབབ་ཀྱིན་ ཡོད་པས་འབྲས་བུ་སྡུག་བསྔལ་རྣམས་རང་ལ་སྨིན་ན་ཅི་འདྲ་བར་འགྱུར་སྙམ་དུ་རང་ལ་དཔགས་ནས་སྒོམ་པ་ནི་ཟབ་སྟེ། འདི་གོམས་པའི་མཐར་སྲིད་པ་མཐའ་དག་ལ་གཤེད་མ་དང་འདྲ་བར་མི་མཐུན་པར་མཐོང་བའི་ཚེ། ཐར་པ་དོན་གཉེར་གྱི་བློ་བཅོས་མ་མ་ ཡིན་པ་ཞིག་སྐྱེ་ཞིང༌། དེ་མ་བྱུང་བར་ཐར་པ་དོན་གཉེར་དེ་ཡང་དེ་དང་ཆ་མཚུངས་པ་ཞིག་ལས་མི་སྐྱེ་བའི་ཕྱིར་རོ། །གཞན་ཡང་རྙེད་བཀུར་ངང་གིས་འདུ་ཞིང་འཁོར་མང་ལོངས་སྤྱོད་ཚེ། སྙན་གྲགས་རྒྱས་པའི་གཙོ་བོའི་གནས་ཐོབ་པ་ལའང་རང་ཉིད་ཀྱི་རྒྱུད་ ལ་སྣང་ཤས་ཟིལ་གྱིས་གནོན་པར་བྱེད་པའི་ངེས་འབྱུང་བྱང་ཆུབ་ཀྱི་སེམས། ལྟ་བའི་མྱོང་བ་ཤིན་ཏུ་སྟོབས་དང་ལྡན་པ་ཡོད་ན་ལམ་གྱི་གྲོགས་སུ་འགྲོ་ནའང་དེ་དཀོན་པས་ན་ཆོས་ཀྱི་གོ་ཡུལ་ཙམ་ཡོད་ཀྱང་དེས་སྣང་ཤས་ཀྱི་འཇུག་པ་མི་ཁེགས་པས་སྤྱིར་ འཁོར་བ་དང་ཁྱད་པར་དུ་ངན་སོང་གི་རྒྱུ་དཔག་ཏུ་མེད་པ་མ་ཚོར་བཞིན་དུ་གསོག སྔོན་བསོད་ནམས་རེ་འགའ་བསགས་པའི་འབྲས་བུ་རྣམས་ནི་འདིར་སྤྱོད་པས་ཟད་པའི་ཕྱིར། ནོར་ཡེ་མི་སྤེལ་བར་བུ་ལོན་ལེན་པ་འབའ་ཞིག་བྱས་ནས་དགའ་དགའ་ལྟར་ སྣང་བ་དང་འདྲ་བར་མངོན་ནོ། །དོན་གྱི་དབང་འདི་གཟིགས་ནས་ཀྱང་སའི་སྙིང་པོའི་མདོ་ལས་ཀྱང་བཟོད་པ་མ་ཐོབ་ཀྱི་བར་དུ་དགེ་སྦྱོང་གཙོ་བོ་དང༌། མཁན་པོ་གཙོ་བོའི་གནས་སུ་མ་གྱུར་ཅིག་ཅེས་གསུངས་པ་ཡིན། དེས་ན་སྣང་ཤས་འདི་ལ་དཀར་ 2-3-172b ནག་ཁྲ་གསུམ་ཡོད་པའི་ནག་པོ་རིག་སླ་ཡང་གཞན་གཉིས་པོ་འདི་ལ་འཁྲུལ་ས་ཆེན་པོ་འདུག་པས་བག་ཡོད་པར་མཛོད་ཅིག །དེའི་འོག་ཏུ་རང་ཉིད་འཁོར་བའི་སྡུག་བསྔལ་གྱིས་འཇིགས་པ་ཇི་ལྟ་བ་བཞིན་དུ། སེམས་ཅན་ཐམས་ཅད་ཀྱང་དེ་དང་མཚུངས་ པས་དེ་དག་གི་དོན་དུ་བྱང་ཆུབ་དོན་དུ་གཉེར་བའི་བློ་བྱམས་པ་དང་སྙིང་རྗེའི་རྩ་བ་ཅན་གྱི་བྱང་ཆུབ་ཀྱི་སེམས་སྒོམ་པ་འབའ་ཞིག་ལ་ཡུན་རིང་དུ་གོམས་པར་བྱས་ལ་སངས་རྒྱས་ཀྱི་ཐུན་མོང་མ་ཡིན་པའི་རྒྱུ་ཐེག་པ་ཆེན་པོའི་རྩ་བ་ཐེག་དམན་ལས་འབྱེད་ པའི་ཁྱད་ཆོས་རྒྱལ་སྲས་རྣམས་ཀྱི་སྤྱོད་པ་རླབས་པོ་ཆེ་ལ་འཇུག་པའི་རྒྱུ། ཚོགས་གཉིས་རབ་འབྱམས་སྡུད་པའི་ལག་པ་སྡིག་པ་དང་ལྟུང་བ་སྲེག་པའི་དུས་མཐའི་མེ་ཆེན་པོ་ནི། རིན་པོ་ཆེའི་སེམས་ཉིད་འདི་ཡིན་པར་གསུངས་པའི་ཕྱིར་རོ། །འདིས་མ་ཟིན་ན་ཐམས་ ཅད་མཁྱེན་པའི་རྒྱུ་མཚན་ཉིད་པར་མི་རུང་ཞིང༌། ཟིན་པའི་ཆད་ཀྱང་གོ་བ་རྐྱང་པར་མ་སོང་བའི་མྱོང་བ་ལ་ལྟོས་དགོས་མོད། འོན་ཀྱང་གཟུགས་བརྙན་ཙམ་ལས་མ་བྱུང་ཡང་དགེ་རྩ་སྒྲུབ་པ་ཐམས་ཅད་ལ་འདིས་རྒྱས་བཏབ་ཅིང་སྨོན་ལམ་གྱིས་ཁ་བསྒྱུར་ན་ཕན་ཡོན་ དཔག་ཏུ་མེད་པ་འབྱུང་བས་འདི་ལ་ངེས་ཤེས་འདྲོངས་པར་མཛོད། དེའི་འོག་ཏུ་ཆོས་ཐམས་ཅད་མཐའ་བཞི་དང་བྲལ་ཞིང་རང་རང་གི་བྱ་བ་ལ་མི་སླུ་བའི་བྱེད་པ་དང་ལྡན་པ་སྒྱུ་མ་ལྟ་བུར་མཐོང་བའི་ཤེས་རབ་ཀྱིས་ངེས་འབྱུང་དང༌། བྱང་ཆུབ་ཀྱི་སེམས་ལ་སོགས་ པ་ཀུན་རྫོབ་ཀྱི་རྣམ་པ་ཅན་དུ་སྣང་བའི་སྤྱོད་པ་རྣམས་ཀྱི་དམིགས་པར་ལྟ་བའི་དུག་ཕྱུང་ནས་ཐབས་དང་ཤེས་རབ་ཀྱི་གཤོག་པའི་རྩལ་གྱིས། རྒྱལ་བ་སྲས་དང་བཅས་པ་གཤེགས་པའི་བྱ་ལམ་ཡངས་པར་བགྲོད་པར་བྱའོ། །རིམ་པ་དེ་དག་གི་ཚུལ་མཐའ་ 2-3-173a ཡས་པར་ནི་མཚན་ཉིད་དང་ལྡན་པའི་དགེ་བའི་བཤེས་གཉེན་ཡུན་རིང་པོར་མཉེས་པར་བྱས་པ་ལས་ཁོང་དུ་ཆུད་པར་བྱའོ། །གཞན་དུ་ན་སློབ་མའི་བློ་ཡི་རིམ་པ་མི་ཤེས་ཤིང༌། མངོན་པར་རྟོགས་པའི་རིམ་པ་རྣམས་མཚམས་ འདི་དང་འདིར་སྐྱེ་ཞེས་པའི་ཉམས་ལེན་གྱི་གནད་ལ་མི་མཁས་པ་དང་ཕྲད་ནས། འདི་སྒོམ་པ་ལས་ཆེ་གེ་མོ་སྒོམ་པ་ཕན་ཡོན་ཆེའོ་ཞེས་དམིགས་པའི་གོ་རིམ་ཕྱིན་ཅི་ལོག་ཏུ་ཁྲིད་ནས་དོན་མ་ཡིན་པ་ལ་སྦྱོར་བས། དགེ་བའི་བཤེས་གཉེན་ལེགས་པར་བརྟགས་ ནས་བཀའ་དྲིན་ནོད་པར་བྱའོ། །དེ་ལྟར་སྔར་བཤད་པའི་ཡོན་ཏན་མ་སྐྱེས་པ་རྣམས་སྐྱེ་སླ་བ་དང༌། སྐྱེས་པ་རྣམས་ལམ་དུ་འགྲོ་ཞིང་རྒྱུན་བརྟན་པར་བྱེད་པ་ལ། མཚན་ཉིད་དང་ལྡན་པའི་དགེ་བའི་བཤེས་གཉེན་ལ་སྟོན་པའི་འདུ་ཤེས་བསྐྱེད་པའི་དད་པ་བརྟན་ པོ་དང༌། སྐྱབས་ཀྱི་དམ་པ་གསུམ་ལ་དམིགས་རྣམ་ལེགས་པར་ཕྱེད་པའི་སྒོ་ནས། སྙིང་ཐག་པ་ནས་ངེས་ཤེས་འདྲོངས་པ་གནད་དུ་ཆེ་བས། ཆོས་ལྡན་གྱི་བྱ་བ་གང་སྒྲུབ་ཀྱང་འདི་གཉིས་ཀྱི་སྒོ་ནས་གསོལ་བ་དྲག་ཏུ་གདབ་ཅིང་སྨོན་ལམ་ཤུགས་དྲག་ པར་བྱའོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། མང་དུ་ཐོས་པ་སྒྲུབ་པ་ལྷུར་ལེན་ཉུང༌། །སྒྲུབ་ལ་བརྩོན་པ་ཐོས་དང་ལྡན་པ་ཉུང༌། །ཐོས་ལྡན་ཉམས་ལེན་གནད་ལ་མཁས་པ་ཉུང༌། །དེ་ཕྱིར་སྲིད་པའི་ཕ་རོལ་འགྲོ་བ་ཉུང༌། །མང་དུ་ཐོས་པ་རྒྱལ་བའི་དགོངས་པ་ རྙེད། །བརྩོན་པ་ཆེན་པོས་སྒྲུབ་པ་སྙིང་པོར་བྱེད། །བག་ཡོད་གོམས་པས་དམ་པའི་རྗེས་སུ་འཇུག །སྐལ་བཟང་དེ་ཡི་བྱང་ཆུབ་རྙེད་མི་དཀའ། །འདི་དག་ནི་ཐེག་པ་མཆོག་གཉིས་པོ་གང་གི་ལམ་ཉམས་སུ་ལེན་ཀྱང་མེད་དུ་མི་རུང་བའི་ཡན་ 2-3-173b ལག་ཡིན་པས་ཉེ་བར་མཁོ་བ་རྣམས་ཀྱི་མིང་ཙམ་བྲིས་པ་ཡིན། འདི་གཞིར་བྱས་པའི་སྟེང་ན་སྔགས་དང་ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་སྣོན་པ་གདབ་དགོས་པ་རྣམས་ནི་འདིར་མ་སྤྲོས་ཏེ་སོ་སོའི་གདམས་ངག་ལས་བཙལ་བར་བྱའོ། །དེ་ཡིས་བསྐྲུན་པའི་བསོད་ནམས་ འདི་ཡི་མཐུས། །སྲིད་པའི་ལམ་རིམ་བགྲོད་པའི་འགྲོ་བ་ཀུན། །རྒྱལ་བའི་བསྟན་པའི་སྙིང་པོ་སྒྲུབ་པ་ལ། །རྣམ་དག་ལུང་རིགས་སྟོབས་ཀྱིས་ཡིད་ཆེས་ནས། །དམ་པ་རྣམས་ཀྱིས་དངོས་གྲུབ་བརྙེས་པའི་གནས། །དབེན་པ་བསྟན་ནས་མང་དུ་ཐོས་པའི་དོན། །ཚུལ་ བཞིན་བརྩོན་པས་ཉམས་སུ་བླངས་པ་ཡིས། །རྟག་ཏུ་འཇམ་དབྱངས་མཉེས་པར་བགྱིད་པར་ཤོག །ཅེས་པ་འདི་ནི་དཀའ་བཞི་འཛིན་པ་གྲགས་པ་རྒྱལ་མཚན་གྱིས་འདི་ཕྱི་གཉིས་ཀ་ལ་ཕན་པའི་ཐབས་ཤིག་ཞུ་ཞེས་བསྐུལ་བའི་དོན་དུ། མང་དུ་ ཐོས་པའི་རྒྱལ་ཁམས་པ་བློ་བཟང་གྲགས་པའི་དཔལ་གྱིས་གངས་ཅན་ཁྲོད་ཀྱི་གངས་རིའི་དབང་པོ་འོ་དེ་གུང་རྒྱལ་གྱི་ལྷ་ཞོལ་དུ་སྦྱར་བའི་ཡི་གེ་པ་ནི་བཟང་སྐྱོང་ངོ་།། ༈ །།རྗེ་བཙུན་འཇམ་པའི་དབྱངས་ལ་གུས་པས་ཕྱག་འཚལ་ལོ། ། རབ་འབྱམས་གཞུང་ལ་དྲི་མེད་ཤེས་རབ་རྒྱས། །ཚོགས་གཉིས་དཔལ་གྱིས་བསྟན་འཛིན་ཁྲོད་ན་མཐོ། །བཟང་པོའི་མཛད་པས་ཐུབ་བསྟན་རྒྱས་མཛད་པ། །བཤེས་གཉེན་དེ་ཡིས་བདག་ལ་འདི་སྐད་དུ། །ཁྱོད་ཀྱིས་ཇི་ལྟར་ཉམས་སུ་བླངས་པའི་ཚུལ། ། ཉུང་འདུས་ཡི་གེར་བྲིས་ལ་བསྐུར་གསུང་བ། །བདག་འདྲའི་རྟོགས་པ་བརྗོད་པས་མཁས་པ་ཁྱོད། །རངས་པར་དཀའ་མོད་འོན་ཀྱང་ཁྱོད་ཀྱི་གསུང༌། །བཅག་བར་མ་ནུས་རང་གིས་གོ་བའི་ཚུལ། །སྒྲུབ་བྱེད་རྒྱས་པ་དོར་ནས་མདོར་བསྡུས་ཏེ། །གསོལ་བ་འདི་ 2-3-174a ལ་རྨད་བྱུང་མཁྱེན་པ་ཅན། །ཉིད་ཀྱིས་ཞིབ་པའི་ཐུགས་ཀྱིས་བརྟག་པར་མཛོད། །དེ་ལ་ལམ་གྱི་རྣམ་པར་བཞག་པ་འདི་ཤིན་ཏུ་གལ་ཆེ་བ་དང༌། ད་ལྟ་ལོག་པར་རྟོག་པ་ཡང་མཐའ་ཡས་པ་སྣང་བས། ལུང་རིགས་ཀྱིས་ ཞིབ་ཏུ་དཔྱད་དེ་རྒྱས་པར་གཏན་ལ་དབབ་དགོས་པར་སྣང་ན་ཡང༌། ཉུང་འདུས་ཤིག་བསྐུར་གསུང་བ་འདུག་པས། རང་གིས་ཇི་ལྟར་ཁོང་དུ་ཆུད་པའི་ཚུལ་འགའ་ཞིག་བརྗོད་པར་བྱའོ། །འདི་ན་ད་ལྟ་ཆོས་ཀྱི་རྗེ་སྔགས་དང་ཕ་རོལ་ཏུ་ཕྱིན་པའི་ཐེག་ པ་གཉིས་ལ་འདོད་ཡོན་ལམ་དུ་བྱེད་མི་བྱེད་ལ་སོགས་པའི་གནང་བཀག་མི་འདྲ་བ་འགའ་ཞིག་གསུངས་པ་ལ་ཆེས་ཆེར་འཁྲུལ་ནས། ལམ་དེ་གཉིས་ཚ་གྲང་བཞིན་དུ་མི་མཐུན་པར་བཟུང་ནས། བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་དོ། ། རྒྱལ་སྲས་ཀྱི་སྡོམ་པ་བཟུང་ནས་སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སློབ་པའི་ཚུལ་ཐེག་པ་ཆེན་པོ་སྤྱིའི་གཞུང་ཤིང༌། སྔགས་དང་ཕ་རོལ་ཏུ་ཕྱིན་པ་གཉིས་ཀ་ནས་ལན་དུ་མར་མཐུན་པར་གསུངས་པ་གསུང་རབ་ཀྱི་དགོངས་པ་འགྲེལ་པ་ལ་ ཆོས་ཀྱི་སྤྱན་དུ་གྱུར་པའི་མ་ཕམ་པ་དང་ཀླུ་སྒྲུབ་དང་ཐོགས་མེད་ཀྱིས་རྒྱལ་སྲས་རྣམས་ཀྱི་བགྲོད་པ་གཅིག་པའི་ལམ་དུ་ལེགས་པར་བཀྲལ་བ་ལ་སེམས་བསྐྱེད་པ་ཙམ་མ་གཏོགས་པར། ལམ་གཞན་རྣམས་ལ་རྩིས་ཅི་ཡང་མེད་པར་བྱས་ནས་ དོར་ཏེ། ལམ་གྱི་ཆ་ཤས་ཕྲ་མོ་འགའ་ཞིག་ལ་གདམས་པའི་མཆོག་ཏུ་བྱེད་པར་སྣང་མོད། ཁོ་བོ་ནི་སྔར་སྨོས་པའི་ལམ་གྱི་ཚུལ་དེ་སྔགས་དང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་གཉིས་གང་དུ་འཇུག་ཀྱང་ལམ་གྱི་གཞུང་ཤིང་དུ་འདོད་པས་དེ་ 2-3-174b ལ་མེད་དུ་མི་རུང་བའི་ཉམས་ལེན་དུ་བྱེད་དོ། །གཞན་ཡང་བྱང་ཆུབ་ཀྱི་སེམས་ཡང་གདམས་ངག་གི་སྔོན་འགྲོ་ཙམ་དུ་བྱས་ཏེ། གདམས་པའི་མཐིལ་དུ་བྱས་ནས་མི་སྦྱོང་བར་སྣང་མོད། འདི་ཡང་གཏན་མ་ཡིན་ཏེ་སྟོང་ཉིད་རྟོགས་པའི་ཤེས་རབ་ནི་ མ་དང་འདྲ་བར་སྲས་བཞི་ཁའི་ཐུན་མོང་གི་སྐྲུན་བྱེད་ཡིན་པས་ཡུམ་ཞེས་གསུངས་ལ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་རྒྱུ་ཐུན་མོང་མ་ཡིན་པ་ཡིན་པས་ཕ་ཡི་ས་བོན་དང་འདྲ་བར་ལན་ཅིག་མ་ཡིན་པར་གསུངས་པས་ན། ཐེག་པ་དམན་པར་ལྟུང་བ་འགོག་བྱེད་ གང་རྒྱུད་ལ་སྐྱེས་པ་ན་གང་ཟག་དེ་ལ་རྒྱལ་བའི་སྲས་ཞེས་ཐ་སྙད་ཐོབ་པའི་གཞི་ནི། རིན་པོ་ཆེའི་སེམས་འདི་ཉིད་ཡིན་པས་འདི་མ་སྐྱེས་པ་སྐྱེ་བ་དང༌། སྐྱེས་པ་གནས་པ་དང༌། གནས་པ་འཕེལ་བ་ལ་སྐྱེས་བུའི་རྩལ་ཅི་ཡོད་ཀྱིས་འབད་ནས། ཉམས་ལེན་གྱི་ མཐིལ་དུ་གཟུང་དགོས་ཏེ། འདི་ཚིག་ཙམ་དུ་སོང་ན་ཐེག་པ་ཆེན་པོ་ཡང་ཚིག་ཙམ་དུ་འགྲོ་ལ་འདི་བཅོས་མ་མ་ཡིན་པ་ཞིག་ཡོད་ན་ཐེག་པ་ཆེན་པོ་ཡང་བཅོས་མ་མ་ཡིན་པར་འགྱུར་རོ། །དེ་ལྟ་བུའི་སེམས་དེ་སྐྱེ་བ་ལ་ཡང་གཞན་གྱི་སྡུག་བསྔལ་ མི་བཟོད་པའི་སྙིང་རྗེ་སྐྱེ་དགོས་ལ་དེ་ཡང་སྤྱོད་པ་ལ་འཇུག་པ་ལས། སེམས་ཅན་དེ་དག་ཉིད་ལ་སྔོན། །རང་གི་དོན་དུ་འདི་འདྲའི་སེམས། །རྨི་ལམ་དུ་ཡང་མ་རྨིས་ན། །གཞན་གྱི་དོན་དུ་ག་ལ་སྐྱེ། །ཞེས་གསུངས་པ་ལྟར་རང་འཁོར་བར་འཁྱམས་ པའི་ཚུལ་བསམས་པ་ན་བ་སྤུ་གཡོ་འགུལ་མེད་པ་ཅིག་ལ། གཞན་འཁོར་བར་འཁྱམས་པ་མི་བཟོད་པའང་འོང་ས་མེད་པས་ཐོག་མར་རང་སྲིད་མཚོར་ལྷུང་བ་ལ་ཡང་དང་ཡང་དུ་བསམས་ནས་འཇིགས་ཤིང་སྐྲག་ལ་སྐྱོ་ཞིང་ཡིད་འབྱུང་བ་སྐྱེས་ 2-3-175a བུ་འབྲིང་དང་ཐུན་མོང་བའི་བསམ་པ་སྐྱེད་དགོས། དེ་ནས་རང་གི་ཉམས་ལ་དཔགས་ནས་མར་གྱུར་པའི་འགྲོ་བ་ཀུན་ཀྱང་རང་དང་འདྲ་བར་སྲིད་མཚོར་ལྷུང་བ་ལ་བྱམས་པ་དང་སྙིང་རྗེ་ཆེན་པོའི་དབང་གིས་སྲིད་པའི་སྐྱོན་མཐའ་ ཡས་པ་མཐོང་ནས། ཐེག་དམན་ལས་འབུམ་འགྱུར་གྱིས་སྐྱོ་བ་ཡོད་ཀྱང་རང་དོན་དུ་ཞི་བ་ཙམ་ལ་ཐོབ་འདོད་མེད་པ་དེ་བྱང་ཆུབ་སེམས་དཔའི་ཁྱད་ཆོས་ཡིན་གྱི། སྲིད་པའི་སྐྱོན་མཐོང་བའི་སྐྱོ་བ་ཅུང་ཟད་ཀྱང་མེད་པར་ཁོ་བོ་ཅག་སེམས་ཅན་ གྱི་དོན་དུ་འཁོར་བར་སྡོད་དོ་བྱས་ཀྱང་ཚིག་ཙམ་དུ་ཟད་དོ། །དེ་ལྟར་རང་ཉིད་སྲིད་པ་ལ་སྐྱོ་བ་སྐྱེད་པ་ལ་ཡང་ངན་འགྲོར་ལྟུང་བའི་ཚུལ་བསམས་པ་ན་སྐྱོ་བ་མི་སྐྱེ་བ་ཞིག་ལ་མཐོ་རིས་སུ་འཁོར་བའི་ཚུལ་བསམས་པས་སྐྱོ་བ་སྐྱེ་ས་མེད་པས་ སྔོན་ལ་རང་ངན་འགྲོར་ལྷུང་ན་ཇི་འདྲ་བར་འགྱུར་སྙམ་དུ་ངན་འགྲོའི་ཉེས་དམིགས་སྒོམ་དགོས་ལ། དེ་ལ་ཡང་མྱུར་དུ་འཆི་བ་དང་ཤི་བའི་རྗེས་སུ་ལས་གཉིས་ལུས་ལ་གྲིབ་མ་བཞིན་དུ་འབྲངས་ནས་འབྲས་བུ་བདེ་སྡུག་སྐྱེད་པའི་ ལས་འབྲས་ལ་ངེས་པ་བརྟན་པོ་སྐྱེད་དགོས་པས་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་བསམ་པ་སྦྱང་འཚལ་ལོ། །དེ་ལྟར་རིམ་པ་དེས་བྱང་ཆུབ་ཀྱི་སེམས་རྣལ་མ་སྐྱེས་ཀྱང་རྒྱལ་སྲས་ཀྱི་སྤྱོད་པ་ལ་མ་བསླབས་ན་སངས་མི་རྒྱ་བར་ རིག་ནས་རྒྱལ་སྲས་ཀྱི་སྤྱོད་པ་ལ་སློབ་པར་ཁས་ལེན་པ་བྱང་ཆུབ་སེམས་ཀྱི་སྡོམ་པ་བཟུང་བ་དང༌། ཁས་བླངས་པའི་དོན་ལ་ཁས་བླངས་པ་ལྟར་སྒྲུབ་པ་མེད་ན་ཁས་ལེན་ལ་དཔའ་བ་ཙམ་ནི་ཉེས་དམིགས་ཀྱི་ 2-3-175b ཕྱོགས་སུ་འགྱུར་བར་མཐོང་ནས་བྱང་སེམས་ཀྱི་བསླབ་བྱ་ཕྱིན་དྲུག་གམ་ཚུལ་ཁྲིམས་གསུམ་ལ་སློབ་དགོས་དེ་གསུམ་ལ་སློབ་པ་ལ་ཡང་སྡོམ་པའི་ཚུལ་ཁྲིམས་ནི་བྱང་སར་སོ་ཐར་རིས་བདུན་ལ་གསུངས་ཤིང༌། ཐོག་མར་སྡོམ་ པའི་ཚུལ་ཁྲིམས་ཀྱིས་མ་བསྡམས་ན་ཚུལ་ཁྲིམས་གཞན་གཉིས་དག་པར་མི་འགྱུར་བར་བྱང་སའི་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་གསུངས་པས་གང་ཁས་བླངས་པའི་སོ་སོར་ཐར་པ་ལ་འབད་པ་ནི་བྱང་ཆུབ་སེམས་དཔའི་བསླབ་ པ་ལ་སློབ་པའི་ཚེ་ན་ཡང་ཐོག་མའི་གལ་ཆེ་ཤོས་སོ། །དེ་ལྟ་བུའི་ལམ་དེ་གཞིར་བཞག་ནས་ཚོགས་གཉིས་བདེ་བླག་ཏུ་རྫོགས་པར་འདོད་པས་རྡོ་རྗེ་ཐེག་པ་སྤྱི་དང་ཁྱད་པར་རྣལ་འབྱོར་བླ་ན་མེད་པའི་ལམ་དུ་འཇུག་དགོས་པས། དབང་གི་རྒྱུད་ སྨིན་པར་བྱེད་པའི་སྐབས་སུ་སངས་རྒྱས་དང་བྱང་སེམས་མཐའ་ཡས་པ་བླ་མ་དང་བཅས་པ་དཔང་དུ་བྱས་ནས་ཁས་བླངས་ཤིང་དངོས་གྲུབ་རྣམ་པ་གཉིས་འགྲུབ་པའི་གཞི་དམ་ཚིག་དང་སྡོམ་པ་བསྲུང་བ་ལ་ནན་ཏན་ཆེན་པོ་དགོས་ཏེ་འདི་ མེད་ན་འགྲམ་རྩ་ཟད་པའི་ཁང་རུལ་དང་འདྲ་བས་སྔགས་ཀྱི་ལམ་ལ་འབད་བློ་བྱས་ཀྱང༌། རེ་ཞིག་དམ་ཚིག་ཉམས་པ་ལ་དངོས་གྲུབ་ཐོབ་པ་ལྟ་ཞོག་གི། མིའི་སྐྱེ་བའང་རྙེད་པར་དཀའ། ཞེས་ས་ར་ཧས་གསུངས་པ་ལྟར་འགྱུར་ལ། དམ་ཚིག་ དང་སྡོམ་པ་བསྲུངས་ན་ནི་ཐུན་བཞིའི་རྣལ་འབྱོར་གྱི་ལམ་བསྒོམ་པ་ཙམ་མ་བྱུང་ཡང༌། མ་བསྒོམས་གྱུར་ཀྱང་ལྟུང་མེད་ན། །སྐྱེ་བ་བཅུ་དྲུག་དག་ན་འགྲུབ། །ཅེས་གསུངས་པའི་ཕྱིར་རོ། །དེ་ལ་རྡོ་རྗེ་ཐེག་པའི་བསླབ་བྱ་མཐའ་ཡས་ཤིང་ 2-3-176a བསྟན་པའི་ཡང་སྙིགས་སུ་སོང་བས། ཐམས་ཅད་སྲུང་དཀའ་ནའང་སྡོམ་པ་གཅོད་པའི་རྩ་ལྟུང་བསྲུང་བ་ལ་འབད་པ་དྲག་པོ་བསྟེན་དགོས་པར་གོ། དེ་ལྟར་རྒྱུད་སྨིན་ནས་ལམ་སྒོམ་པའི་ཚེ་ཐོག་མར་ལུས་དང་གནས་ དང་ལོངས་སྤྱོད་དུ་སྣང་བ་ལ་ཐ་མལ་དུ་འཛིན་པ་བཀག་ནས་ཁྱད་པར་ཅན་དུ་བསྒྱུར་བས་ཉེས་སྤྱོད་རྣམས་དགག་པར་སླ་ཞིང་ཚོགས་རྣམས་རྫོགས་པར་ཤིན་ཏུ་སླ་བའི་ལམ་སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་རྒྱལ་བ་ཉིད་ཀྱིས་ནན་ ཏན་དུ་མས་རྒྱུད་སྡེ་རྣམས་སུ་ཡང་དང་ཡང་དུ་བཀའ་སྩལ་བའི་བསྐྱེད་པའི་རིམ་པ་བསྒོམ་པ་ནི་ཟབ་པར་འདོད་པའི་གདམས་ངག་གཞན་དུ་མ་ཞིག་ལས་ཁྱད་པར་འཕགས་ཤིང་རྣལ་འབྱོར་བླ་ན་མེད་པའི་ལམ་གྱི་རྩ་བ་ལྟ་བུར་གོ། དེ་ ལ་བརྟེན་ནས་རྫོགས་པའི་རིམ་པ་སྒོམ་པ་ན་རྒྱུད་སྡེ་རྣམས་ནས་མང་དུ་གསུངས་ཀྱང་སྲོག་ལྟ་བུ་ནི། སྔགས་ཀྱི་ཐབས་ཁྱད་པར་ཅན་གྱིས་ཟིན་པར་བྱས་ནས་སྤྲོས་པ་དང་བྲལ་བའི་ལྟ་བ་སྐྱོང་བ་སྟེ། དེ་ནི་མཐར་ཐམས་ཅད་དང་བྲལ་ བའི་དབུ་མའི་དོན་ལ་རྟག་ཆད་དང་བྲལ་བའི་ངེས་པ་རྙེད་པ་ཁོ་ན་ལ་རག་ལས་པས་སྟོང་ཉིད་ལ་ལྟ་བས་ཕུ་ཐག་ཆོད་ནས་དེའི་དོན་ལ་བཞག་ས་མེད་པར་སེམས་གནས་པ་ཙམ་སྒོམ་པ་ནི་ཟབ་མོའི་དོན་སྒོམ་པ་ཡིན་སྙམ་པ་མེད། དེ་ཡང་རྒྱུད་སྡེ་ལ་ལ་ན་བཞུགས། ལ་ལ་ན་ས་བོན་ཙམ་སྣང་བས་གང་དང་གང་དུ་མི་རྒྱས་པ་དེ་དང་དེར་རྒྱས་པར་བཤད་པ་ནས་བླང་དགོས་ཀྱི། ཐད་ཀ་རེའི་དོན་ཙམ་བཟུང་བས་མི་ཆོག་གོ། ཟབ་མོ་སྤྲོས་པ་དང་བྲལ་བའི་དོན་ལ་ནི་སྔགས་དང་ 2-3-176b ཕར་ཕྱིན་ཁྱད་པར་མེད་པར་མཁས་པ་གོང་མ་རྣམས་བཞེད་པ་ལེགས་པར་མཐོང་བས་ཟབ་དོན་གྱི་གོ་བ་ནི་དབུ་མའི་བསྟན་བཅོས་ལས་བཙལ་ན་སྔགས་ལས་རྟོགས་པ་སླ་བར་མཐོང་ངོ༌། །དེ་ལྟར་སྔགས་དང་མཚན་ཉིད་ཀྱི་རྒྱལ་བའི་བསྟན་ པའི་ལུས་ཡོངས་སུ་རྫོགས་པའི་གནད་དེ་འདྲ་བ་ཞིག་ཏུ་མཐོང་ནས་རགས་རིམ་ཆ་ཚང་རེ་ལ་ཉམས་ལེན་ཅུང་ཟད་བགྱིས་ཤིང་དངོས་སུ་འཇུག་པར་མི་ནུས་པ་རྣམས་སྨོན་ལམ་གྱི་ཡུལ་དུ་བྱས་ཏེ་ཡང་ཡང་འདུན་པ་སྦྱང༌། དེ་ལྟ་བུའི་བསྟན་པ་སྤྱིའི་ ཁོག་སྒྲིག་མ་ཤེས་ན་ལམ་གྱི་ལུས་ཡོངས་སུ་རྫོགས་པར་མཐོང་བའི་སྒོ་ནས་ཉམས་ལེན་གྱི་གནད་ཟིན་པ་ཡང་མེད། འདི་དག་ལ་བསྟན་པ་སྤྱིའི་རྒྱུས་ཡོད་པ་རྣམ་དཔྱོད་དང་ལྡན་པ་གཟུ་བོར་གནས་པ་ཁྱད་པར་དུ། ཉམས་ལེན་ལ་བསྐོར་ནས་རིགས་ པ་ཕྲ་མོས་ལུང་གི་དོན་དཔྱོད་ནུས་པ་ཞིག་ངེས་པར་དགོས་པར་མཐོང་བས། དམ་པ་ཁྱེད་འདྲ་བས་དཔྱད་དགོས་ཤིང༌། མེད་དུ་མི་རུང་བའི་དཔྱད་གཞིར་ཡང་སྣང་བས་ཚུལ་བཞིན་དུ་དཔྱད་ནས་རིགས་པ་གདའ་ན་དེའི་སྒོ་ནས་རང་གཞན་གྱི་དོན་བགྱིད་པར་ ཞུ། །ཚུལ་འདི་ནི་སྡོམ་བརྩོན་སྡེ་སྣོད་འཛིན་པ་རྒྱལ་བའི་རིང་ལུགས་པ་ཆེན་པོ་དཀའ་བཞི་འཛིན་པ་ཤེས་རབ་དཔལ་བཟང་པོའི་གསུང་ལན་དུ་ཤཱཀྱའི་དགེ་སློང་བློ་བཟང་གྲགས་པའི་དཔལ་གྱིས་བྱང་རྭ་སྒྲེང་རྒྱལ་བའི་དབེན་གནས་སུ་སྦྱར་བའོ།། ༈ །། དགེ་བའི་བཤེས་གཉེན་པའི་ཞལ་སྔ་ནས། སྡུག་བསྔལ་ལམ་དུ་སློང་བའི་གདམས་ངག་ཉུང་བསྡུས་ཤིག་བྱུང་ན་གསུང་བ་ལ། རང་རེ་བསྟན་པའི་རྩ་ལག་ལགས་པས། གྲུབ་ཟིན་སྒྲུབ་པ་ལས་མི་འོང་མོད། འོན་ཀྱང་བཀའ་སྩལ་མི་བཅག་པའི་ཕྱིར་དུ་མདོར་ 2-3-177a བསྡུས་ཏེ་གསོལ་ན། སྡུག་བསྔལ་ལམ་དུ་སྲེལ་བ་ནི་གཉིས་ཀྱིས་རིག་པར་བྱ་སྟེ་འདི་ལྟར་སྡུག་བསྔལ་ལ་མི་འདོད་པའི་བློ་བཟློག་པ་དང༌། དེ་ནས་སྡུག་བསྔལ་ལམ་དུ་སློང་བ་དངོས་སོ། །སྡུག་བསྔལ་ལ་བཟེ་རེ་ཇི་ཙམ་བྱས་ པ་དེ་ཙམ་གྱིས་ཡིད་མི་བདེ་འཕེལ་བས་འདིར་གདུང་ལ། དེ་ལ་བརྟེན་ནས་རྒྱུད་འཁྲུག་པའི་ཞེ་སྡང་འཕེལ་བས་ཕྱི་མར་འདི་བས་བསྒྲུན་དུ་མེད་པའི་གདུང་བ་བསྐྱེད་པའི་ཕྱིར། མཁས་པས་སྡུག་བསྔལ་ལ་མི་བཟོད་པའི་བློ་བསྐྱེད་པར་མི་བྱའོ་སྙམ་དུ་ སེམས་ཀྱི་སྟོབས་སྐྱེད་པ་ལ་རྒྱུ་མཚན་དུ་མ་དང་བཅས་པའི་ངེས་པ་ཡང་དང་ཡང་དུ་བསྐྱེད་པར་བྱ་སྟེ། སྙིང་སྟོབས་བསྐྱེད་ན་སྡུག་བསྔལ་ཆེན་པོས་ཀྱང་གདུང་བར་མི་འགྱུར་ཞིང༌། སྙིང་སྟོབས་ཆུང་ཞིང་སྔར་ན་དོན་མེད་པར་ཡང་སྡུག་བསྔལ་བར་འགྱུར་བའི་ ཕྱིར་ཏེ། དཔེར་ན་དཔའ་བོ་རང་རྨས་པའི་ཁྲག་མཐོང་ན་དཔའ་བརྟན་ལྷག་པར་སྐྱེ་ཞིང༌། སྡར་མས་གཞན་རྨས་པའི་ཁྲག་མཐོང་ན་བརྒྱལ་ཞིང་བོག་པར་འགྱུར་བ་བཞིན་ནོ། །ལམ་དུ་བཏང་བ་ལ་རང་ལ་ལྟོས་ཏེ་ལམ་དུ་བྱ་བ་དང༌། གཞན་ལ་དམིགས་ ཏེ་བྱ་བ་གཉིས་ལས་དང་པོ་ནི། དེ་ལྟར་སེམས་ཀྱི་སྟོབས་བསྐྱེད་ནས་འདི་ལྟར་སྡུག་བསྔལ་བྱུང་བ་ལ་འདི་ནི་སོ་སོར་རྟོག་པའི་ཤེས་རབ་ཀྱི་སྟོབས་དང་ལྡན་པ་ལ་ཡོན་ཏན་འདྲེན་པའི་ཕྱིར་དགའ་བར་བྱ་བ་ཞིག་སྟེ། སྲིད་པ་ལས་ངེས་པར་འབྱུང་བའི་བསམ་པ་ སྐྱེད་པ་དང༌། སྐྱབས་ལ་ཡིད་བརྟན་པར་བྱེད་པ་དང༌། དྲེགས་པ་སེལ་བར་བྱེད་པ་དང་སྡིག་ལ་འཛེམས་པ་དང་དགེ་བ་ལ་དགའ་བ་དང་སེམས་ཅན་ལ་སྙིང་རྗེ་འདྲེན་པའི་ཕྱིར་རོ། །དེ་ལ་དང་པོ་ནི། ལས་དང་ཉོན་མོངས་པའི་དབང་གིས་ཇི་སྲིད་འཁོར་བར་འཁྱམས་ 2-3-177b པ་དེ་སྲིད་དུ་འདི་དང་འདི་འདྲ་བའི་སྡུག་བསྔལ་གྱིས་གནོད་པར་འགྱུར་བ་ཁོ་ན་ཡིན་པས་ཉེར་ལེན་གྱི་ཕུང་པོ་ཉིང་མཚམས་སྦྱོར་བ་ཞི་བ་བདག་གིས་ཐོབ་པར་བྱའོ། །སྲིད་པར་འཁྱམ་ཕྱིན་ཆད་སྡུག་བསྔལ་དུ་མས་གཙེ་བ་ནི་མི་འོས་པ་ཞིག་བྱུང་བ་མ་ཡིན་གྱི་འཁོར་ བའི་ངང་ཚུལ་ཡིན་ནོ་སྙམ་དུ་སེམས་པའོ། །གཉིས་པ་ནི། སྲིད་པའི་འཇིགས་པ་ལན་རེ་རེ་དང་གཉིས་གཉིས་ཙམ་མ་ཡིན་པའི་གཏིང་མཐའ་མེད་པར་འཁྱམས་ནས། འཇིགས་པ་འདི་ལྟ་བུས་སྡུག་བསྔལ་བ་ལ་སྐྱོབ་པ་ནི་སླུ་བ་མེད་པའི་དཀོན་མཆོག་གསུམ་ ཉག་གཅིག་ཏུ་ཟད་པས་དེའི་ཕྱིར་སྐྱེ་བ་ཐམས་ཅད་དུ་ཅི་ལ་ཐུག་ཀྱང་དཀོན་མཆོག་གསུམ་གཏང་བར་མི་བྱའོ་སྙམ་དུ་ངེས་པར་བྱས་ནས་སྐྱབས་སུ་འགྲོ་བ་ལ་བརྩོན་པའོ། །གསུམ་པ་ནི། རང་ལ་དམིགས་པའི་ང་རྒྱལ་དང༌། དེས་དྲངས་པའི་གཞན་ལ་ཁྱད་ དུ་གསོད་པ་ནི། དགེ་བ་དུ་མ་འཇིག་པ་དང་ཉེས་སྤྱོད་དུ་མའི་རྟེན་ཡིན་པས་གནོད་པ་དུ་མའི་སྒོ་ཡིན་ན། བདག་སྡུག་བསྔལ་བ་འདིས་ནི་ཁེངས་པ་བཟློག་ཅིང་ཡིད་འབྱུང་བའི་གནས་སུ་མཐོང་བར་འགྱུར་བའི་ཕྱིར་ང་རྒྱལ་ཟད་པར་བྱེད་པའོ་སྙམ་པའོ། །བཞི་ པ་ནི། སྡུག་བསྔལ་འདི་ལྟ་བུ་ནི་གདུང་བ་ཆེན་པོ་སྐྱེད་པར་བྱེད་ན། གང་དག་འདི་མི་འདོད་པ་དེ་དག་གིས་ནི་འདིའི་རྒྱུ་མི་དགེ་བ་སྤང་བར་བྱ་དགོས་སོ་སྙམ་ནས་སྔ་མའི་ཉེས་ལྟུང་ལ་དམིགས་ནས་སྟོབས་བཞིས་འདག་ངེས་སུ་སྦྱོང་བ་དང༌། ཕྱི་མ་འཕྲོ་ཅི་ཆོད་ལ་འབད་པའོ། ། ལྔ་པ་ནི། སྡུག་བསྔལ་འདི་ལྟ་བུ་དང་བྲལ་བའི་བདེ་བས་ནི་ཕན་འདོགས་པ་ཁོ་ན་ཡིན་ལ། དེའི་ཕྱིར་སྡུག་བསྔལ་ལོག་པའི་བདེ་བ་བ་ལ་དགའ་ན་དེའི་རྒྱུ་དགེ་བ་ལ་འབད་པར་བྱའོ་སྙམ་དུ་རིག་ནས་ཚོགས་སྒོ་དུ་མ་ནས་གསོག་པའོ། །དྲུག་པ་ནི། བདག་ཅི་འདྲ་ 2-3-178a བར་སེམས་ཅན་རྣམས་ཀྱང་སྡུག་བསྔལ་འདི་ལྟ་བུ་དང་འདི་ལས་ཆེས་ཆེ་བས་གདུངས་སོ་སྙམ་དུ་བལྟས་ནས་དེ་དག་ཀྱང་སྡུག་བསྔལ་ཐམས་ཅད་དང་བྲལ་ན་སྙམ་པའི་སྙིང་རྗེ་བསྐྱེད་པའོ།། གཉིས་པ་ནི། སེམས་ཅན་སྤྱི་ དང་ཁྱད་པར་དུ་རང་གི་སྡུག་བསྔལ་གྱི་ཕྱི་རོལ་གྱི་རྐྱེན་དུ་གྱུར་པའི་མིའམ་མི་མ་ཡིན་པ་རྣམས་ལ་མར་སྒོམ་པ་མང་དུ་བྱས་ནས་བདག་གི་སྡུག་བསྔལ་འདིས་དེ་དག་གི་གནོད་པ་མྱོང་བ་ཐམས་ཅད་ཀྱི་གོ་ཆོད་ནས་དེ་དག་གི་གནོད་པ་རྒྱུན་ཆད་པ་དང༌། བདག་གི་བདེ་ལེགས་ཐམས་ཅད་དེ་དག་ལ་གཏོང་བ་དང༌། དེ་དག་གི་སྡིག་སྡུག་བདག་ལ་ལེན་པའི་གཏོང་ལེན་བཅོས་མ་ཚུན་ཆད་ཀྱིས་འབད་ནས་བསམ་པ་སྦྱོང་བ་དང༌། ཀུ་ས་ལིའི་ཚོགས་གསོག་གི་སྒོ་ནས་ལུས་དཔག་ཏུ་མེད་པ་སྤྲུལ་ཏེ། གང་ལ་གང་འདོད་ པ་ལྟོས་པ་མེད་པར་སྟེར་བ་ཞག་རེ་ལ་ལན་མང་དུ་བྱེད་པ་དང༌། དེའི་མཇུག་ཏུ་འཁོར་གསུམ་ཐམས་ཅད་རང་བཞིན་མེད་པའི་ལྟ་བས་རྒྱས་བཏབ་སྟེ་སྨོན་ལམ་རླབས་པོ་ཆེ་སེམས་ཅན་སྤྱི་དང་གནོད་བྱེད་དེ་དག་གི་དོན་དུ་བསམ་པ་ཐག་པ་ནས་འདེབས་པ་ཉིད་ བསྔགས་པས་འདི་དགེ་སྦྱོར་གྱི་དངོས་གཞིར་མཛད་ནས་སྒོམ་བཟླས་གཞན་ཐུན་མཚམས་སུ་བགྱིས་ཏེ་སྤེལ་ན་ལེགས་པར་གོ་བས་དགོངས་པར་ཞུ། དེ་ལྟར་མཛད་ན་གཞན་ལ་དགེ་བའི་འགལ་རྐྱེན་དུ་འགྲོ་བའི་སྡུག་བསྔལ་དམ་པ་ལ་གྲོགས་སུ་འོང་ བས། རྐྱེན་ངན་ལམ་དུ་སློངས་པ་ལྟས་ངན་གཡང་དུ་ཁུགས་པས་བདུད་དགེ་བའི་བཤེས་གཉེན་དུ་བསྒྱུར་ཐུབ་པར་འགྱུར་བས་ལམ་དུ་ཅི་སློངས་སློངས་མཛད་ནས། དུམ་པ་རེ་སློངས་བྱུང་བ་དང་བླ་མ་དང་ཡི་དམ་དབྱེར་མེད་ལ་གསོལ་བ་འདེབས་ཤིང་བར་ཆོད་ཀྱི་འབྱུང་ 2-3-178b པོ་ལ་གཏོར་མ་བྱིན་ནས་ད་དུང་དེ་འདྲ་བའམ་དེ་ལས་ལྷག་པ་ཐོང་ཞིག་ཅེས་གདེང་དང་ལྡན་པས། དེ་དག་གིས་རྒྱུད་མི་འཁྲུག་པར་དགེ་བའི་གྲོགས་སུ་བལྟ་བར་བྱའོ། །འདི་རྣམས་སྡུག་བསྔལ་ཆུང་རིམ་ནས་ཉམས་སུ་བླངས་ན་སྡུག་བསྔལ་ཆེན་པོ་ལ་འབྱོངས་པར་ གསུངས་པས་དེ་ལྟར་དགོངས་པར་ཞུ་ཞེས་པ་འདི་ནི་ལུང་དང་རིགས་པའི་བདག་ཉིད་གཉལ་སྟོན་པ་རིན་ཆེན་བསམ་གྲུབ་ཀྱིས་རྒྱང་ནས་བསྐུལ་ཏེ་བློ་བཟང་གྲགས་པའི་དཔལ་གྱིས་བཀོད་པའོ།། ༈ །།གང་ལ་བརྟེན་ན་འཕྲལ་དང་ཡུན་གྱི་དོན། །བདེ་ བླག་སྦྱིན་པ་གཅིག་པུ་ཀུན་གྱི་གཉེན། །མགོན་པོ་ཐུགས་རྗེའི་གཏེར་དེའི་ཞབས་ཀྱི་རྡུལ། །སྐྱེ་དང་སྐྱེ་བར་གུས་པས་མཆོད་གྱུར་ཅིག །བློ་གྲོས་གསལ་ཞིང་དད་པའི་རྩ་བ་བརྟན། །གཏོང་ལ་ལག་བརྐྱང་ཐོས་ལ་འདུག་གྱུར་པ། །ནམ་མཁའ་དཔལ་གྱིས་རིང་ནས་སྤྲིངས་ པ་ཡི། །འཕྲིན་ཡིག་ཚིག་དོན་བཟང་ཞིང་སྙམ་པའི་ངག །རྒྱལ་སྲས་ཐུ་བོའི་སྐུ་གཟུགས་འདུས་པའི་རྒྱུད། །ངུར་སྨྲིག་རྒྱལ་མཚན་ཟུང་ལ་སོགས་པ་ཡི། །ཡིད་འོང་སྐྱེས་མང་བསྐུར་བ་ཕོ་ཉ་བས། །མ་ཚང་མེད་པར་བདག་གི་གམ་དུ་འཕྲོད། །སྔོན་ཆད་ཕན་ པར་སྨྲས་པའི་རྗེས་སུ་བསླབས། །ད་དུང་ལེགས་བཤད་དགའ་སྟོན་སྩོལ་ཞེས་ཟེར། །སྔོན་ཆད་གདམས་པ་རྣམས་ལས་ཆེས་ལྷག་པའི། །གདམས་པར་བགྱི་བ་ཅི་ཡང་མ་མཆིས་མོད། །འོན་ཀྱང་གུས་པར་ཉོན་ལ་ཡང་ཡང་དུ། །ལེགས་པར་གདམས་ན་ཁྱད་པར་ ཐོབ་འགྱུར་ཏེ། །ཤིན་ཏུ་སྙི་བའི་ཆུ་ཐིགས་ལྟུང་བ་ཡིས། །ཆེས་ཆེར་མཁྲེགས་པའི་བྲག་ལ་ཇི་བཞིན་ནོ། །ཀྱེ་མ་འགྲོ་འདི་བློ་གྲོས་ཉམ་ཆུང་ཞིང༌། །ཚུལ་བཞིན་འདོམས་པའི་དམ་པའི་མགོན་མེད་པས། །རྒུད་པའི་སྒོ་ལ་འབད་པ་དྲག་པོ་ཡིས། །རྒྱུན་མི་ 2-3-179a འཆད་པར་རབ་ཏུ་འཇུག་པར་བྱེད། །དེ་སླད་བྱིས་པའི་སྤྱོད་ལས་རིང་སོང་བའི། །དམ་པའི་ཚུལ་ལུགས་ཐོབ་པར་གྱུར་པ་ནས། །དེ་ཡིས་རངས་པ་ཐོབ་པར་མི་འགྱུར་ཏེ། །པདྨས་བརྒྱན་པའི་རི་རྩེར་ལུག་བོང་བཞིན། །བདག་ཅག་ ལེགས་པར་སྤྱད་པའི་བསགས་པ་དམན། །ཉེས་སྤྱོད་སྒོ་ལ་རྒྱུན་མི་ཆད་དུ་ཕྱོགས། །དེ་ཕྱིར་བདེ་ལེགས་སྒོར་གྱུར་ཐུབ་བསྟན་དང༌། །མཇལ་བའི་གོ་སྐབས་རྙེད་པ་ད་རེས་ཙམ། །དེང་དུས་འདི་ན་སྦུན་པ་འཕྱར་བ་བཞིན། །སྙིང་པོ་མེད་པའི་བྱ་བ་མ་ བཏང་ན། །ལུས་སྲོག་ཡལ་ནས་བསྐལ་མང་ངན་འགྲོའི་གནས། །བརྒྱུད་པའི་སྡུག་བསྔལ་སུ་ཡིས་གནག་པར་ནུས། །གདོན་གྱིས་ཟིན་པ་རྣམས་ལ་ཆེས་བརྩེ་བའི། །བཤེས་ཀྱི་སྲོག་ལ་རྒོལ་བར་བྱེད་པ་ལྟར། །རྨོངས་པར་གྱུར་རྣམས་རང་གི་བདེ་ ལེགས་སྒོ། །ཐུབ་པའི་བཅས་པའི་མཚམས་ལ་དགྲ་བཞིན་བལྟ། །ཁྱོད་ནི་བདག་གིས་སྨྲས་པའི་རྗེས་སློབ་ན། །དལ་བ་ཤིན་ཏུ་རྙེད་དཀའ་དོན་ཆེ་དང༌། །དེ་ཡང་ཆུ་བུར་བཞིན་དུ་མྱུར་འཇིག་ཅིང༌། །དེ་ནས་གཞན་གང་རྗེས་སུ་མི་འབྲང་ལ། །དཀར་ ནག་ལས་འབྲས་ཕྲ་བའང་མི་སླུ་བ། །རྟེན་ཅིང་འབྲེལ་བར་འབྱུང་འདི་རིང་དུ་སོམས། །དེ་ཡིས་ཕན་བདེའི་རྩ་བའང་མ་བཟུང་བའི། །མཁས་པར་རློམ་དང་ཡུན་རིང་བསམ་གཏན་ལ། །སྤྱད་པའི་ཡུས་ཀྱིས་གནངས་པ་དེ་དག་ཀུན། །ནོར་བུར་འཁྲུལ་ ནས་མཆིང་བུའི་ཁུར་ཐོགས་པའི། །གསེར་གླིང་ཕྱིན་པའི་ཚོང་པ་སླར་ལོག་ནས། །རང་གི་ཡུལ་དུ་འགྲོ་བཞིན་རིག་པར་མཛོད། །རྙེད་དཀའ་རིག་ན་གྱི་ནར་སྡོད་ཐབས་མེད། །དོན་ཆེན་མཐོང་ན་དོན་མེད་འདའ་བ་ཕངས། །འཆི་བ་བསམས་ན་ཕྱི་ 2-3-179b མར་འགྲོ་གྲབས་བྱེད། །ལས་འབྲས་བསམས་ན་བག་མེད་གནས་ལས་ལྡོག །དེ་ལྟར་དེ་བཞིའི་རྩ་བ་བརྟན་གྱུར་ན། །དགེ་ཆོས་ལྷག་མ་བདེ་བླག་ཉིད་དུ་སྐྱེ། །དེ་ཕྱིར་འགྲམ་རྩ་ཟད་པའི་ཁང་རུལ་ལ། །དགའ་བར་མ་སེམས་རྩ་བ་བཞི་ལ་སློབས། ། ཐོག་མར་ཞིང་གི་མཐུ་ལ་བརྟེན་ནས་ནི། །ནང་གི་བསམ་པའི་སྟོབས་ནི་སྐྱེ་འགྱུར་བ། །དགེ་བའི་བཤེས་དང་དཀོན་མཆོག་མཆོད་པ་ལ། །རྒྱུན་ཆད་མེད་པའི་སྦྱོར་བ་རྟེན་འཚལ་ལོ། །དེ་ལྟར་རྩ་བ་བརྟེན་ལ་གཙོར་འབད་ན། །ཟབ་ཅིང་རྒྱ་ཆེའི་ཆོས་ རྣམས་མ་ལུས་པ། །ཁ་ཅིག་ད་ལྟ་ལག་ཏུ་བླང་བ་དང༌། །གཞན་དག་སྨོན་ལམ་ཡུལ་དུ་བྱས་གྱུར་ཏེ། །གཅིག་ཀྱང་མི་སྤོང་ཀུན་ཀྱང་སངས་རྒྱས་ཐབས། །དེ་ལྟར་རྒྱལ་བའི་བསྟན་པ་ཡོངས་རྫོགས་པ། །ལམ་དུ་བསྲེལ་བ་ཤེས་ན་མཁས་པའི་ཕུལ། ། གཞན་དུ་དམ་ཆོས་སྤོང་བ་ཁོ་ནར་ཟད། །མདོར་ན་རང་གི་བསམ་པ་གང་དགའ་ལ། །མ་བཏང་རྒྱལ་བའི་བཅས་པའི་དབང་དུ་བཏང༌། །དེ་ཚེ་འཕྲལ་དུ་གདུང་ཡང་ཕན་ཡོན་ལ། །གུས་པར་བྱ་སྟེ་གཏེར་དང་སྲེག་པ་བཞིན། །བདག་གིས་བརྩེ་བས་ ཅུང་ཟད་གདམས་པ་ལས། །བྱུང་བའི་དགེ་བ་དེ་ཡིས་འགྲོ་བ་ཀུན། །དམ་པའི་བཤེས་ཀྱིས་རྗེས་སུ་འཛིན་པ་དང༌། །དེ་ཡི་གདམས་པ་བཞིན་དུ་སྒྲུབ་གྱུར་ཅིག །ཅེས་འཕྲིན་ཡིག་ཕན་བདེའི་གཞི་འཛིན་ཞེས་བྱ་བ་འདི་ནི། །ཤཱཀྱའི་དགེ་སློང་བློ་ བཟང་གྲགས་པའི་དཔལ་གྱིས་གནམ་རྩེ་ད་ལྡེང་གི་གཙུག་ལག་ཁང་ནས་དཔོན་པོ་ནམ་མཁའ་དཔལ་བཟང་གི་ཡི་གེའི་ལན་དུ་ལ་སྟོད་བྱང་དུ་སྤྲིངས་པའོ།། ༈ །།ཨོཾ་སྭ་སྟི་སིངྡྷཾ། དགེ་ཚུལ་བློ་དང་ལྡན་པ་ནམ་མཁའ་དཔལ། །དེ་ 2-3-180a ཡིས་སྤྲིངས་པའི་ཡི་གེ་འདིར་འཕྲོད་ལན། །མང་དུ་ཐོས་པའི་དགེ་སློང་སྤོང་བ་པ། །བློ་བཟང་གྲགས་པས་སླར་ཡང་འདི་སྐད་ལོ། །བུ་ཁྱོད་བསམ་པ་དག་པ་ཡོད་ཟེར་ལེགས། །སྲིད་པའི་ཕུན་ཚོགས་ཀུན་གྱིས་མི་ སླུ་མེད། །ཁྱད་པར་དིང་སང་འཚོ་བའི་ཡུན་ཐུང་བའི། །ཚེ་འདིའི་འབྱོར་རྒུད་རྨི་ལམ་ཐུན་གཅིག་ཙམ། །དེ་ཕྱིར་དེ་ལ་དགའ་བར་འཛིན་པ་ནི། །ཀྱེ་མ་ངན་འགྲོའི་ཁ་ཡང་འབྱེད་པར་ཟད། །བདེ་བའི་མནོག་ཆུང་སྡུག་བསྔལ་དུ་མའི་གཞི། །སྤྱད་པས་ མི་ངོམས་ཉེས་སྤྱོད་ཆེན་པོའི་སྒོ། །འདི་དང་ཕྱི་མའི་དོན་ཆེན་འཇིག་བྱེད་པ། །རྒུད་པའི་འབྱུང་གནས་འདི་ལ་དགར་ཅི་ཡོད། །མཁས་པས་གདུག་བའི་སྦྲུལ་དང་འགྲོགས་བླ་ཡི། །འདོད་པའི་སྤྲུལ་ལ་ཡིད་རྟོན་དེ་ལྟ་མིན། །བློ་ཡི་མཐུ་ཆུང་ རྣམས་ཀྱིས་བསྒྲགས་པ་ཡི། །དཔལ་ཞེས་བྱ་བ་དེ་ནི་ཕལ་ཆེར་ལ། །མིང་དོན་མི་མཐུན་གྱུར་པ་ཁོ་ན་སྟེ། །དེ་ཕྱིར་བློ་དང་ལྡན་པས་བག་ཡོད་བྱ། །གཉེན་པོའི་གོམ་ཚུགས་འཁྱོར་བའི་འགྲོས་ཅན་རྣམས། །ལོག་པའི་གྲོགས་ཀྱིས་གདོན་མི་ ཟ་བར་འཁྲིད། །དེ་ཕྱིར་བློ་མཐུ་ལྡན་པའི་དམ་པ་ལ། །སྟེན་པར་བྱེད་པ་གདམས་པའི་དོན་པོ་ཡིན། །འདི་ན་ཚུལ་བཞིན་རིག་ནས་འདོམས་པ་དཀོན། །གདམས་པའི་རྗེས་སུ་བྱེད་པ་དེ་བས་དཀོན། །དེ་ཕྱིར་བརྩེ་བ་ཡོད་ཀྱང་དམ་པ་རྣམས། ། ལེགས་བཤད་ཡང་ཡང་འདོམས་པར་མི་མཛད་དོ། །ཕན་པར་སྨྲས་པའི་རྗེས་སུ་སློབ་པ་ལ། །ས་གསུམ་བླ་མའི་དགོངས་པའི་བཅུད་ཕྱུང་བ། །ཡིད་དང་རྣ་བ་ཚིམ་བྱེད་ལེགས་བཤད་གཏམ། །ཡང་ཡང་འདོམས་པ་རྙེད་པར་དཀའ་བའང་ 2-3-180b མིན། །ཞེས་པ་འདི་ཡང་རྗེ་ཉིད་ཀྱིས་མ་གཅིག་དཔོན་པོ་ལ་གནང་བའོ།། ༈ །།དཔོན་པོ་ཁམས་སྙོམས་ལམ་བདེ་བར་བྱས་ཏེ། འཇིག་རྟེན་གྱི་མིག་ཏུ་གྱུར་པ་མཁན་པོ་ཡེ་ཤེས་སྡེའི་གདམས་པ་དང་རྗེས་སུ་བསྟན་པ་རྣམས་ འབད་པས་བསྒྲུབས་ཏེ་ཁྱེར་འོངས་པ་བདག་གི་སུག་པར་ཕྱིན་པས་ཟང་ཟིང་མེད་པའི་དགའ་བ་འཕེལ། འདིར་ཁ་སིང་མཚམས་གློད་པ་ཡུན་རིངས་པས་རེ་ཞིག་མཚམས་དམ་པའི་ཡི་དམ་བརྟན་རབ་ཅིག་བགྱིས་བདོག །སླར་ཡང་འོང་བར་ ངེས་པའི་འཆི་བ་མི་དྲན་ཞིང་ལས་དང་འབྲས་བུའི་ཚུལ་ལ་ངེས་པ་མི་བརྟན་པས་ལུས་འདུ་འཛི་དང་སེམས་ལ་སྟོབས་མེད་པ་ཉེས་ལྟུང་གི་གོ་སྐབས་དུ་མ་བྱེ་བར་འགྱུར་ཞིང༌། དེའི་ཚེ་ཇི་ལྟ་བུ་ཡིན་དྲན་པར་མ་ནུས་ནའང༌། གཅིག་ཏུ་ཚུལ་བཞིན་ དུ་སེམས་པ་ཐན་ཐུན་བྱུང་བའི་ཚེ་གཉིས་སུ་མེད་པར་གསུང་པ་བདེན་པ་གསུང་བ་གཞན་དུ་མི་གསུང་བའི་སྟོན་པ་དེའི་རྗེས་སུ་བསྟན་པ་དྲན་པ་ན། བདག་གི་འགྲོ་བ་ནི་ཅི་འདྲ་ཞིག་ཏུ་འགྱུར་ཞིག་གུ་སྙམ་ནས་འགྱོད་པ་དྲག་པོ་སྐྱེ་བར་སྣང་ བས་ནང་དུ་ཉལ་བ་ལྷུར་བླངས་པར་སྒོམ་པ་ཡིན། ཁྱེད་རང་ཡང་བདག་ནི་སྡིག་པ་མ་བྱང་བར། །སྔོན་དུ་འགུམ་པར་འགྱུར་དུ་མཆི། །ཇི་ལྟར་འདི་ལས་ངེས་ཐར་བར། །མྱུར་བའི་ཚུལ་གྱིས་བསྐྱབ་ཏུ་གསོལ། །ཞེས་གང་གསུངས་པའི་དོན་ཡིད་ལ་ བྱེད་པ་མ་ཉམས་པར་བགྱིས་ཏེ། ཡིད་བརྟན་སྐད་ཅིག་ཀྱང་མི་རུང་བའི་ལུས་ལ་སྙིང་པོ་བླང་བ་ལ་འབོད་མཛོད། ཅེས་མཚམས་ནང་ནས་ཡི་གེར་བྲིས་ཏེ་མ་གཅིག་དཔོན་པོ་ལ་གནང་བའོ།། ༈ །།རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞབས་ལ་ 2-3-181a གུས་པས་ཕྱག་འཚལ་ལོ། །གང་ཞིག་དག་ན་གནས་སྐབས་དང༌། །མཐར་ཐུག་བདེ་ལེགས་ཐམས་ཅད་ནི། །བདེ་བླག་ཉིད་ཏུ་འགྲུབ་འགྱུར་བའི། །སྡིག་པ་དག་པའི་ཆོ་ག་བཤད། །ཆོས་བཞི་བསྟན་པའི་མདོ་ལས། སྟོབས་བཞི་དང་ལྡན་ན་བྱས་ཤིང་བསགས་པའི་སྡིག་པ་ཐམས་ཅད་འདག་པར་གསུངས་པས་ལས་ཀྱི་སྒྲིབ་པ་སྦྱང་བར་འདོད་པས་ནི་གཉེན་པོ་སྟོབས་བཞི་ལ་འབད་པར་བྱའོ། །དེ་ལ་རྟེན་གྱི་སྟོབས་མཐར་གསུངས་ཀྱང་ཉམས་སུ་བླང་བའི་ རིམ་པ་ལ་སྔོན་དུ་བླངས་ན་བདེ་ལ། དེ་དག་བྱ་བའི་རིམ་པ་ནི་འདིའོ། །ཐོག་མར་གནས་ཤིན་ཏུ་གཙང་བར་དཀོན་མཆོག་གི་རྟེན་མང་དུ་དགྲམ་ལ། དེ་དག་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དངོས་ཡིན་སྙམ་པའི་འདུ་ཤེས་བཞག་དེ་ རྣམས་ཀྱི་སྤྱན་སྔར་མཆོད་པ་བཟང་ལ་མང་བ་བཀོད་པ་མཛེས་པར་བཤམས་པ་བློས་དཔག་ཏུ་མེད་པར་སྤྲུལ་ནས་མཆོག། དེ་ནས་ཚེ་རབས་ཐོག་མ་མེད་པ་ནས་ད་ལྟ་ལ་ཐུག་གི་བར་དུ་དུག་གསུམ་གྱིས་ཀུན་ནས་བསླངས་པའི་སྒོ་གསུམ་གྱི་སྡིག་ པ་རང་གིས་བྱས་པ་དང༌། གཞན་ལ་བྱེད་དུ་བཅུག་པ་དང༌། གཞན་གྱིས་བྱས་པ་ལ་རྗེས་སུ་ཡི་རང་བ་བགྱིས་པ་རྣམས་ཀྱིས། སྤྱིར་འཁོར་བ་དང་ཁྱད་པར་དུ་ངན་སོང་གསུམ་གྱི་སྡུག་བསྔལ་དྲག་ལ་ཡུན་རིང་བ་བསྐྱེད་པའི་ཚུལ་ཡང་ཡང་བསམས་ལ་ ཤིན་ཏུ་འཇིགས་པའི་ཡིད་ཀྱིས། དགྲས་གཙེས་པའི་ཁ་ཉེན་པོ་སྟོབས་ཅན་ལ་སྐྱབས་མཆི་བ་བཞིན་དུ། དཀོན་མཆོག་གསུམ་ལ་སྐྱབས་འཆའ་བའི་བསམ་པ་དྲག་པོ་བསྐྱེད་ལ་ངག་ཏུ་འདི་སྐད་བརྗོད་དོ། །གཙོ་བོ་རྒྱལ་བ་འགྲོ་བའི་མགོན། ། 2-3-181b འགྲོ་བ་སྐྱོབ་པའི་དོན་བརྩོན་པ། །སྟོབས་ཆེན་འཇིགས་པ་ཀུན་སེལ་ལ། །དེ་རིང་ཉིད་ནས་སྐྱབས་སུ་མཆི། །དེ་ཡིས་ཐུགས་སུ་ཆུད་པའི་ཆོས། །འཁོར་བའི་འཇིགས་པ་སེལ་བ་དང༌། །བྱང་ཆུབ་སེམས་དཔའི་ཚོགས་ལ་ཡང༌། །དེ་བཞིན་ཡང་དག་སྐྱབས་ སུ་མཆི། །བདག་ནི་འཇིགས་པས་རྣམ་སྐྲག་ནས། །ཀུན་ཏུ་བཟང་ལ་བདག་ཉིད་འབུལ། །འཇམ་པའི་དབྱངས་ལ་བདག་ཉིད་ཀྱིས། །བདག་གི་ལུས་འདི་དབུལ་བར་བགྱི། །ཐུགས་རྗེའི་སྤྱོད་པ་མ་འཁྲུལ་བའི། །སྤྱན་རས་གཟིགས་མགོན་དེ་ལ་ཡང༌། ། ཉམ་ཐག་ང་རོས་འོ་དོད་འབོད། །སྡིག་ལྡན་བདག་ལ་སྐྱབ་ཏུ་གསོལ། །འཕགས་པ་ནམ་མཁའི་སྙིང་པོ་དང༌། །ས་ཡི་སྙིང་པོ་དག་དང་ནི། །ཐུགས་རྗེ་ཆེ་མགོན་ཐམས་ཅད་ལ། །སྐྱབས་ཚོལ་སྙིང་ནས་འོ་དོད་འབོད། །གང་ཞིག་མཐོང་ན་གཤིན་རྗེ་ཡི། །ཕོ་ ཉ་ལ་སོགས་སྡང་བ་རྣམས། །སྐྲག་ནས་ཕྱོགས་བཞིར་འབྱེར་བྱེད་པའི། །རྡོ་རྗེ་ཅན་ལ་སྐྱབས་སུ་མཆི། །སྔོན་ཆད་ཁྱོད་ཀྱི་བཀའ་ལས་འདས། །ད་ནི་འཇིགས་པ་ཆེ་མཐོང་ནས། །ཁྱོད་ལ་སྐྱབས་སུ་མཆི་ལགས་ཀྱི། །འཇིགས་པ་མྱུར་དུ་བསལ་དུ་ གསོལ། །ཞེས་ལན་གསུམ་བརྗོད་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྲན་དུ་བདག་ཉིད་ཕུལ་ནས་དེ་དག་གི་སྐྱབས་འོག་ཏུ་ཚུད་པར་བྱ། དེ་ནས་ལས་ཀྱི་སྒྲིབ་པའི་འབྲས་བུ་མི་འདོད་བཞིན་དུ་ཉམས་སུ་མྱོང་བའི་སེམས་ཅན་མཐའ་ ཡས་པ་རྣམས་དྲན་པར་བྱས་ནས། བདག་གི་མར་གྱུར་པའི་སེམས་ཅན་འདི་དག་ཐམས་ཅད་བདེ་བ་ཐམས་ཅད་དང་ལྡན་པར་བྱ། སྡུག་བསྔལ་ཐམས་ཅད་དང་བྲལ་བ་ངེས་པར་བདག་གིས་བྱའོ། །དེའི་ཕྱིར་དུ་བདག་གིས་བླ་ན་མེད་པའི་སངས་རྒྱས་ཀྱི་གོ་འཕང་ 2-3-182a ཅི་ནས་ཀྱང་མྱུར་དུ་ཐོབ་པར་བྱའོ་སྙམ་པའི་བྱང་ཆུབ་ཀྱི་སེམས་ཡིད་ལ་དུངས་དུངས་པ་མང་དུ་བསྐྱེད་དེ། དེ་གཉིས་ནི་རྟེན་གྱི་སྟོབས་སོ། །དེ་ནས་བདག་གིས་བགྱི་བར་མི་འོས་པ་འདི་དང་འདི་དག་བྱས་པ་ཐམས་ཅད་རྒྱལ་བ་སྲས་བཅས་ ཀྱི་སྤྱན་སྔར་མི་གསང་བར་བསྒྲག་པར་བྱའོ་སྙམ་དུ་བསམས་ལ། ཉེས་པ་ཐམས་ཅད་བསྒྲག་ཅིང་རང་ཉིད་ཉེས་ཅན་དུ་ཁས་བླང་བའི་སྒོ་ནས་སྨོད་པའི་རྣམ་པ་ཅན་གྱི་རྣམ་པར་སུན་འབྱིན་པའི་སྟོབས་སྒོམ་པ་ནི་ཚིགས་སུ་བཅད་པ་འདི་དག་བརྗོད་ལ་བྱ་སྟེ། སངས་རྒྱས་རྐང་གཉིས་ལྡན་པ་དག །ཐུགས་བརྩེ་ཐུགས་རྗེ་ལྡན་པའི་ཐུགས། །གང་དག་ཕྱོགས་བཅུའི་འཇིག་རྟེན་ན། །བཞུགས་པ་བདག་ལ་དགོངས་སུ་གསོལ། །བདག་གིས་སྔོན་ཆད་སྡིག་པའི་ལས། །ཤིན་ཏུ་མི་བཟད་གང་བགྱིས་པ། །སྟོབས་ བཅུའི་སྤྱན་སྔར་མཆིས་ནས་ནི། །དེ་དག་ཐམས་ཅད་བཤགས་པར་བགྱི། །ཕ་མ་དག་ཏུ་མི་འཛིན་དང༌། །སངས་རྒྱས་རྣམས་སུ་མི་འཛིན་དང༌། །དགེ་བ་དག་ཏུ་མི་འཛིན་པས། །སྡིག་པ་བདག་གིས་གང་བགྱིས་དང༌། །ཕྱུག་པའི་རྒྱགས་པས་དྲེགས་པ་དང༌། ། རིགས་དང་ལོངས་སྤྱོད་དྲེགས་པ་དང༌། །གཞོན་པའི་རྒྱགས་པས་དྲེགས་པ་ཡིས། །བདག་གིས་སྡིག་པ་གང་བགྱིས་དང༌། །ཉེས་པ་དམིགས་སུ་མ་མཐོང་བས། །ཉེས་པར་བགྱིས་པའི་ལས་དང་ནི། །ཉེས་པར་བསམས་ཤིང་ཉེས་སྨྲས་པའི། །སྡིག་ལས་ བདག་གིས་གང་བགྱིས་དང༌། །བྱིས་པའི་བློ་ཡི་འཇུག་པ་དང༌། །མི་ཤེས་མུན་པའི་སེམས་དང་ནི། །སྡིག་པའི་གྲོགས་པོའི་དབང་གྱུར་དང༌། །ཉོན་མོངས་རྣམ་པར་འཁྲུག་སེམས་དང༌། །རྩེད་མོ་དགའ་བའི་དབང་ཉིད་དང༌། །མྱ་ངན་དང་ནི་ནད་དབང་དང༌། ། 2-3-182b ནོར་གྱིས་མི་ཆོག་ཉེས་པ་ཡིས། །བདག་གིས་སྡིག་པ་གང་བགྱིས་དང༌། །འཕགས་མིན་སྐྱེ་བོ་འདྲེ་བ་དང༌། །ཕྲག་དོག་སེར་སྣའི་རྒྱུ་དང་ནི། །གཡོ་དང་དབུལ་བའི་ཉེས་པ་ཡིས། །བདག་གིས་སྡིག་པ་གང་བགྱིས་དང༌། །ཕོངས་དང་རྒུད་པའི་དུས་ཀྱི་ཚེ། །འདོད་པ་རྣམས་ ཀྱིས་འཇིགས་རྒྱུ་དང༌། །ཕྱུག་པོ་མ་ཡིན་གྱུར་པ་ཡིས། །བདག་གིས་སྡིག་པ་གང་བགྱིས་དང༌། །གཡོ་བའི་སེམས་ཀྱི་དབང་ཉིད་དང༌། །འདོད་དང་ཁྲོ་བའི་དབང་དག་དང༌། །བཀྲེས་དང་སྐོམ་པས་ཉན་པ་ཡིས། །བདག་གིས་སྡིག་པ་གང་བགྱིས་དང༌། །བཟའ་བ་དག་དང་ བཏུང་བ་དང༌། །བུད་མེད་རྒྱུ་དང་གོས་ཀྱི་ཕྱིར། །ཉོན་མོངས་གདུང་བ་སྣ་ཚོགས་ཀྱིས། །བདག་གིས་སྡིག་པ་གང་བགྱིས་དང༌། །ལུས་དང་ངག་དང་ཡིད་ཀྱི་སྡིག །ཉེས་པར་སྤྱོད་པ་རྣམ་གསུམ་བསགས། །འདི་འདྲའི་ཚུལ་གྱིས་གང་བགྱིས་པ། །དེ་དག་ཐམས་ཅད་བདག་ འཆགས་སོ། །སངས་རྒྱས་རྣམས་དང་ཆོས་རྣམས་དང༌། །དེ་བཞིན་ཉན་ཐོས་རྣམས་ལ་ཡང༌། །གུས་པ་མ་ལགས་གང་བགྱིས་པ། །དེ་དག་ཐམས་ཅད་བདག་འཆགས་སོ། །གང་ཡང་རང་སངས་རྒྱས་རྣམས་དང༌། །བྱང་ཆུབ་སེམས་དཔའ་རྣམས་ལ་ཡང༌། །གུས་ པ་མ་ལགས་བགྱིས་པ་རྣམས། །དེ་དག་ཐམས་ཅད་བདག་འཆགས་སོ། །དམ་ཆོས་སྨྲ་བ་རྣམས་ལ་ཡང༌། །གུས་པ་མ་ལགས་བགྱིས་པ་དང༌། །ཆོས་ལའང་གུས་པ་མ་བགྱིས་པ། །དེ་དག་ཐམས་ཅད་བདག་འཆགས་སོ། །བདག་གིས་རྟག་ཏུ་མི་ཤེས་པས། །དམ་ པའི་ཆོས་ནི་སྤོང་བ་དང༌། །ཕ་མ་རྣམས་ལ་མ་གུས་གང༌། །དེ་དག་ཐམས་ཅད་བདག་འཆགས་སོ། །བླུན་པོ་དང་ནི་བྱིས་པ་དང༌། །འདོད་ཆགས་ཞེ་སྡང་གཏི་མུག་དང༌། །ང་རྒྱལ་དྲེགས་པས་བསྒྲིབས་བགྱིས་པ། །དེ་དག་ཐམས་ཅད་བདག་འཆགས་སོ། །བདག་ 2-3-183a གིས་ཕྱོགས་བཅུའི་འཇིག་རྟེན་དུ། །སྟོབས་བཅུ་རྣམས་ལ་མཆོད་པར་བགྱི། །བདག་གིས་ཕྱོགས་བཅུའི་སེམས་ཅན་རྣམས། །སྡུག་བསྔལ་ཀུན་ལས་གདོན་པར་བགྱི། །སེམས་ཅན་བསམ་གྱིས་མི་ཁྱབ་ཀུན། །ས་བཅུ་ལ་ནི་འགོད་ པར་བགྱི། །ས་བཅུ་ལ་ནི་གནས་ནས་ཀྱང༌། །ཐམས་ཅད་དེ་བཞིན་གཤེགས་གྱུར་ཅིག །ཇི་སྲིད་སྡུག་བསྔལ་རྒྱ་མཚོ་ལས། །དེ་ཀུན་ཐར་བགྱིད་ནུས་སྲིད་དུ། །སེམས་ཅན་རེ་རེའི་ཕྱིར་ཡང་ནི། །བསྐལ་པ་བྱེ་བར་སྤྱད་པར་བགྱི། །གསེར་འོད་དམ་པ་ཞེས་བགྱི་བ། ། ལས་རྣམས་ཐམས་ཅད་བྱང་བགྱིད་པ། །ཟབ་མོ་དག་ནི་སྟོན་པ་འདི། །སེམས་ཅན་དེ་དག་བསྟན་པར་བགྱི། །གང་གིས་བསྐལ་པ་སྟོང་རྣམས་སུ། །སྡིག་པ་ཤིན་ཏུ་མི་བཟད་བགྱིས། །ལན་ཅིག་རབ་ཏུ་བཤགས་པ་ཡིས། །དེ་དག་ཐམས་ཅད་བྱང་བར་འགྱུར། ། གང་གི་ལས་ཀྱི་སྒྲིབ་པ་རྣམས། །མྱུར་དུ་ཡང་དག་ཟད་འགྱུར་བ། །གསེར་འོད་དམ་པ་དགེ་བ་ཡིས། །བཤགས་པ་འདི་དག་བཤགས་ནས་ནི། །རིན་ཆེན་འབྱུང་གནས་མཆོག་བཅུ་པོ། །ས་བཅུ་ལ་ནི་གནས་པར་བགྱི། །སངས་རྒྱས་ཡོན་ཏན་སྣང་བར་བགྱི། །སྲིད་པའི་ མཚོ་ལས་བསྒྲལ་པར་བགྱི། །སངས་རྒྱས་རྒྱ་མཚོ་ཆུ་བོ་དང༌། །ཡོན་ཏན་རྒྱ་མཚོ་ཟབ་མོ་དེ། །སངས་རྒྱས་ཡོན་ཏན་བསམ་ཡས་ཀྱིས། །ཐམས་ཅད་མཁྱེན་དུ་རྫོགས་པར་བགྱི། །ཏིང་འཛིན་བརྒྱ་ཕྲག་སྟོང་རྣམས་དང༌། །གཟུངས་རྣམས་བསམ་གྱིས་མི་ཁྱབ་ པ་དང༌། །དབང་སྟོབས་བྱང་ཆུབ་ཡན་ལག་གིས། །སྟོབས་བཅུ་དམ་པར་འགྱུར་བར་བགྱི། །དགོངས་པའི་ཐུགས་ཀྱིས་སངས་རྒྱས་རྣམས། །བདག་ལ་རྣམ་པར་གཟིགས་སུ་གསོལ། །ཐུགས་རྗེ་ལྡན་པའི་ཐུགས་ཀྱིས་ནི། །ནོངས་པར་རབ་ཏུ་བཟུང་དུ་གསོལ། །བདག་ 2-3-183b གིས་བསྐལ་པ་བརྒྱ་རྣམས་སུ། །སྔོན་ཆད་སྡིག་པ་གང་བགྱིས་པ། །དེ་ཕྱིར་བདག་ནི་མྱ་ངན་སེམས། །ཕོངས་དང་མྱ་ངན་འཇིགས་པས་གཟིར། །སྡིག་པའི་ལས་ལ་འཇིགས་པར་བགྱིད། །ཡིད་ནི་རྟག་ཏུ་དམན་པར་གྱུར། །གང་དང་གང་དུ་སྤྱོད་བགྱིད་པ། །བདག་ནི་གང་དུའང་དགའ་ མ་མཆིས། །སངས་རྒྱས་ཐམས་ཅད་ཐུགས་རྗེ་ལྡན། །འགྲོ་བ་ཀུན་གྱི་འཇིགས་སེལ་བས། །ནོངས་པར་རབ་ཏུ་བཟུང་དུ་གསོལ། །འཇིགས་པ་དག་ལས་བདག་ཐར་མཛོད། །བདག་གི་ཉོན་མོངས་ལས་རྣམས་ཀྱི། །དྲི་མ་དེ་བཞིན་གཤེགས་པས་སོལ། །སངས་ རྒྱས་རྣམས་ཀྱིས་བདག་ལ་ནི། །སྙིང་རྗེའི་ཆུ་ཡིས་བཀྲུ་བར་གསོལ། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །སྔོན་ཆད་བདག་གིས་གང་བགྱིས་དང༌། །དེ་ལྟར་བདག་གིས་སྡིག་པ་གང༌། །དེ་དག་ཐམས་ཅད་བདག་འཆགས་སོ། །ནོངས་པར་བགྱིས་པའི་ལས་ རྣམས་ཀུན། །སླན་ཆད་མི་བགྱི་སྡོམ་པར་བགྱི། །བདག་གིས་ནོངས་པ་བགྱིས་པ་གང༌། །སྡིག་དེ་བཅབ་པར་མི་བགྱིའོ། །ལུས་ཀྱི་ལས་ནི་རྣམ་གསུམ་དང༌། །ངག་གི་རྣམ་པ་བཞི་དག་དང༌། །ཡིད་ཀྱི་རྣམ་པ་གསུམ་པོ་རྣམས། །དེ་དག་ཐམས་ཅད་བདག་འཆགས་སོ། ། ལུས་ཀྱིས་བགྱིས་དང་ངག་གི་ལས། །ཡིད་ཀྱིས་རྣམ་པར་བསམས་པ་དང༌། །ལས་རྣམས་བཅུ་པོ་བགྱིས་པ་དང་། །དེ་དག་ཐམས་ཅད་བདག་འཆགས་སོ། །མི་དགེ་ལས་བཅུ་སྤངས་ནས་སུ། །དགེ་བ་བཅུ་པོ་བསྟེན་བགྱི་སྟེ། །ས་བཅུ་ལ་ནི་བདག་གནས་བགྱི། །སྟོབས་ བཅུ་མཆོག་ཏུ་གྱུར་པར་བགྱི། །བདག་གི་སྡིག་པའི་ལས་གང་དག །མི་འདོད་འབྲས་བུ་ཐོབ་བགྱིད་པ། །སངས་རྒྱས་སྤྱན་སྔར་མཆིས་ནས་ནི། །དེ་དག་ཐམས་ཅད་བཤགས་པར་བགྱི། །འཛམ་བུའི་གླིང་འདིར་གང་དག་དང༌། །འཇིག་རྟེན་ཁམས་ནི་གཞན་དག་ཏུ། ། 2-3-184a གང་རྣམས་དགེ་བའི་ལས་བགྱིད་པ། །དེ་དག་ཀུན་ལ་ཡི་རང་ངོ༌། །ལུས་དང་ངག་དང་ཡིད་ཀྱིས་ཀྱང༌། །བདག་གིས་བསོད་ནམས་གང་འགྲུབ་པ། །བདག་ནི་དགེ་བའི་རྩ་བ་དེས། །བྱང་ཆུབ་མཆོག་ལ་རེག་པར་བགྱིད། །སྲིད་འགྲོ་ཉམ་ངར་བྱིས་ པའི་བློ་ཡིས་ན། །ཤིན་ཏུ་མི་བཟད་སྡིག་པ་གང་བགྱིས་པ། །སྟོབས་བཅུ་མངའ་བའི་སྤྱན་སྔར་མཆིས་ནས་ནི། །སྡིག་པ་དེ་ཀུན་སོ་སོར་བཤགས་པར་བགྱི། །སྐྱེ་བ་ཉམ་ང་སྲིད་པ་ཉམ་ང་དང༌། །འཇིག་རྟེན་ཉམ་ང་གཡོ་སེམས་ཉམ་ང་བར། ལུས་ཀྱི་ སྤྱོད་པ་ཉམ་ང་སྣ་ཚོགས་ཀྱིས། །བདག་གིས་སྡིག་པ་གང་བསགས་དེ་འཆགས་སོ། །བྱིས་པ་བླུན་བྱས་ཉོན་མོངས་ཉམ་ང་དང༌། །སྡིག་པའི་གྲོགས་དང་ཕྲད་པའི་ཉམ་ང་དང༌། །སྲེད་པ་ཉམ་ང་འདོད་ཆགས་ཉམ་ང་བར། །ཞེ་སྡང་ཉམ་ང་གཏི་མུག་ཉམ་ ང་དང༌། །ངལ་བའི་ཉམ་ང་དུས་ཀྱི་ཉམ་ང་དང༌། །བསོད་ནམས་བསྒྲུབ་པ་ཉམ་ང་དག་གི་ཀྱང༌། །རྒྱལ་བ་ཡང་དག་མངོན་སུམ་མཆིས་ནས་ནི། །སྡིག་པ་དེ་ཀུན་སོ་སོར་བཤགས་པར་བགྱི། །ཞེས་གསེར་འོད་དམ་པ་ནས་གསུངས་པ་འདི་ཡིད་གཞན་ དུ་མ་ཡེངས་པར་དེ་དག་རེ་རེ་ནས་ཀྱི་དོན་དྲན་བཞིན་པའི་ངང་ནས་རང་གིས་ཉེས་པ་བྱས་པ་དེ་དག་ལ་འགྱོད་ཅིང་གནོངས་པའི་སྒོ་ནས་སངས་རྒྱས་སྲས་བཅས་མངོན་སུམ་དུ་བཞུགས་པའི་མདུན་དུ་ཉེས་པ་རྣམས་བསྒྲག་པ་ལན་གསུམ་དུ་བྱའོ། ། དེ་ནས་ཉེས་པ་ལས་སླར་ལྡོག་པའི་སྟོབས་མེད་ན་བཤགས་པ་སྟོབས་ཆུང་བར་གསུངས་པས། ཉེས་པ་རྣམས་ཡིད་ལ་བྱས་ལ་འདི་དང་འདི་རྣམས་དེང་ནས་བཟུང་སྟེ་མི་བྱའོ་སྙམ་པའི་སྡོམ་སེམས་བསྐྱེད་པར་བྱ་སྟེ། དུས་རིང་པོར་སྤོང་ཐུབ་པ་རྣམས་ 2-3-184b ལ་དུས་དེ་ཙམ་དུ་མི་བྱ་བའི་བསམ་པ་དང༌། དུས་ཐུང་བ་ལས་མི་ཐུབ་པ་རྣམས་ལ་ཡང་ཀཱ་ཏྱཱ་ཡ་ནས་མཛད་པ་ལྟར་ཐ་ན་ཉིན་མཚན་རེ་རེར་ཡང་མི་བྱའོ་སྙམ་པའི་སྡོམ་སེམས་མང་དུ་བྱའོ། །དེ་ནས་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ནི། རང་དང་བཤགས་ ཡུལ་དང་བཤགས་པའི་ཆོ་ག་ལ་སོགས་པ་ཐམས་ཅད་སྒྱུ་མ་དང་རྨི་ལམ་ལ་སོགས་པ་བཞིན་དུ་རང་བཞིན་མེད་པའི་དོན་དྲན་པ་དང༌། སྡིག་པ་དག་པའི་ཐབས་སུ་དམིགས་ལ་ཤེས་རབ་སྙིང་པོ་དང་བཟང་སྤྱོད་སོགས་ཀྱི་མདོ་སྡེ་ཟབ་མོ་གདོན་ཞིང་ཡི་གེར་ འདྲི་བ་སོགས་ཀྱང་བྱ་བ་དང༌། སངས་རྒྱས་བྱང་སེམས་མང་པོའི་མཚན་བརྗོད་པ་དང༌། དེ་དག་ལ་མཆོད་པ་མང་དུ་དབུལ་བ་དང་ཚ་ཚ་ལ་སོགས་པའི་མཆོད་རྟེན་དང་སྐུ་གཟུགས་ཅི་གྲུབ་གསར་དུ་བཞེངས་ཤིང་རྙིང་པ་འཆོས་པ་དང༌། ཡི་གེ་བརྒྱ་པ་ལ་སོགས་ པའི་གཟུངས་སྔགས་ཟབ་མོ་རྣམས་གདོན་པ་སྟེ། འཕགས་པ་ཞི་བ་ལྷས་དངོས་སུ་གསུངས་པ་དྲུག་དང་གཞན་ཡང་དགེ་བའི་བྱ་བ་ལ་བརྩོན་པར་བྱའོ། །དེ་ནས་བསགས་པའི་དགེ་བ་རྣམས་བསྔོ་བ་དང་སྨོན་ལམ་རྣམ་པར་དག་པས་ཁ་བསྒྱུར་ཞིང༌། ནམ་ ཡང་མི་ཟད་པར་བྱེད་པ་ནི་མགོན་པོ་ཀླུ་སྒྲུབ་ཀྱིས་གསུངས་པ་ལྟར་བྱ་སྟེ། དེ་ལྟར་བགྱིས་པའི་བསོད་ནམས་དང༌། །བདག་གིས་བགྱིས་དང་མ་བགྱིས་གང༌། །དེས་ནི་སེམས་ཅན་ཐམས་ཅད་ཀྱང༌། །བླ་མེད་བྱང་ཆུབ་སེམས་ལྡན་ཤོག །སེམས་ཅན་ཐམས་ ཅད་དྲི་མེད་དབང༌། །ཡོངས་རྫོགས་མི་ཁོམ་ཀུན་འདས་ཤིང༌། །སྤྱོད་པ་རང་དབང་ཡོད་པ་དང༌། །འཚོ་བ་བཟང་དང་ལྡན་པར་ཤོག །ལུས་ཅན་དག་ནི་ཐམས་ཅད་ཀྱང༌། །ལག་ན་རིན་ཆེན་ཉིད་ལྡན་ཞིང༌། །ཡོ་བྱད་ཐམས་ཅད་མཐའ་ཡས་པ། །འཁོར་བ་ 2-3-185a སྲིད་དུ་མི་ཟད་ཤོག །བུད་མེད་ཐམས་ཅད་དུས་ཀུན་ཏུ། །སྐྱེས་མཆོག་ཉིད་དུ་འགྱུར་བར་ཤོག །ལུས་ཅན་ཐམས་ཅད་རིག་པ་དང༌། །རྐང་པར་ལྡན་པ་ཉིད་དུ་ཤོག །ལུས་ཅན་ཁ་དོག་ལྡན་པ་དང༌། །གཟུགས་བཟང་གཟི་བརྗིད་ཆེ་བ་དང༌། ། ལྟ་ན་སྡུག་ཅིང་ནད་མེད་དང༌། །སྟོབས་ཆེན་ཚེ་དང་ལྡན་པར་ཤོག །ཐམས་ཅད་ཐབས་ལ་མཁས་གྱུར་ཏེ། །སྡུག་བསྔལ་ཀུན་ལས་ཐར་པ་དང༌། །དཀོན་མཆོག་གསུམ་ལ་གཞོལ་བ་དང༌། །སངས་རྒྱས་ཆོས་ནོར་ཆེར་ལྡན་ཤོག །བྱམས་དང་སྙིང་རྗེ་དགའ་བ་དང༌། ། ཉོན་མོངས་བཏང་སྙོམས་གནས་པ་དང༌། །སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་ཀྱིས་བརྒྱན་ཅིང༌། །ཚོགས་རྣམས་ཐམས་ཅད་ཡོངས་རྫོགས་ཏེ། །མཚན་དང་དཔེ་བྱད་གསལ་བ་དང༌། །བསམ་གྱིས་མི་ཁྱབ་ས་བཅུ་དག །རྒྱུན་མི་ འཆད་པར་བགྲོད་པར་ཤོག །བདག་ཀྱང་ཡོན་ཏན་དེ་དག་དང༌། །གཞན་ཀུན་གྱིས་ཀྱང་རྒྱན་ལྡན་ཏེ། །ཉེས་པ་ཀུན་ལས་གྲོལ་བ་དང༌། །སེམས་ཅན་ཀུན་མཆོག་བྱམས་པ་དང༌། །སེམས་ཅན་ཀུན་གྱི་བསམ་པ་དང༌། །དགེ་བ་ཐམས་ཅད་རྫོགས་བགྱིད་ཅིང༌། ། རྟག་ཏུ་ལུས་ཅན་ཐམས་ཅད་ཀྱི། །སྡུག་བསྔལ་སེལ་བར་བགྱིད་པར་ཤོག །འཇིག་རྟེན་ཀུན་ན་སྐྱེ་བོ་གང༌། །སུ་དག་འཇིགས་པས་སྐྱོ་བ་དེ། །བདག་གི་མིང་ཙམ་ཐོས་པས་ཀྱང༌། །ཤིན་ཏུ་འཇིགས་པ་མེད་པར་ཤོག །བདག་ནི་མཐོང་དང་དྲན་པ་དང༌། །མིང་ ཙམ་ཐོས་པས་སྐྱེ་བོ་རྣམས། །རབ་དང་འཁྲུག་མེད་རྣལ་མ་དང༌། །རྫོགས་པའི་བྱང་ཆུབ་ངེས་པ་དང༌། །ཚེ་རབས་ཀུན་ཏུ་རྗེས་འབྲང་བའི། །མངོན་ཤེས་ལྔ་པོ་ཐོབ་པར་ཤོག །སེམས་ཅན་ཀུན་ལ་རྣམ་ཀུན་ཏུ། །རྟག་ཏུ་ཕན་བདེ་བགྱིད་པར་ཤོག །འཇིག་རྟེན་ཀུན་ 2-3-185b ན་སྐྱེ་བོ་གང༌། །སྡིག་པ་བྱེད་པར་འདོད་གྱུར་པ། །དེ་དག་ཐམས་ཅད་གནོད་མེད་པར། །རྟག་ཏུ་ཅིག་ཅར་བཟློག་གྱུར་ཅིག །ས་དང་ཆུ་དང་མེ་དང་རླུང༌། །སྨན་དང་དགོན་པའི་ཤིང་བཞིན་དུ། །རྟག་ཏུ་སེམས་ཅན་ཐམས་ཅད་ཀྱིས། །རང་དགར་གེགས་མེད་སྤྱོད་ པར་ཤོག །སེམས་ཅན་རྣམས་ལ་སྲོག་བཞིན་ཕངས། །བདག་ལ་དེ་དག་ཆེས་ཕངས་ཤོག །བདག་ལ་དེ་དག་སྡིག་སྨིན་ཅིང༌། །བདག་དགེ་མ་ལུས་དེར་སྨིན་ཤོག །ཇི་སྲིད་སེམས་ཅན་འགའ་ཞིག་ཀྱང༌། །གང་དུ་མ་གྲོལ་དེ་སྲིད་དུ། །དེ་ཕྱིར་བླ་ན་ མེད་པ་ཡི། །བྱང་ཆུབ་ཐོབ་ཀྱང་གནས་གྱུར་ཅིག །ཅེས་དེ་དག་གི་དོན་དྲན་བཞིན་པས་མ་ཡེངས་པར་བྱ་སྟེ། སྨོན་པའི་གནས་རྣམས་ལ་འདུན་པ་དྲག་པོ་ཉིན་རེ་བཞིན་ལན་གསུམ་གསུམ་བྱའོ། །དེ་ལྟ་བུའི་སྡིག་པ་སྦྱོང་ཐབས་ནི་ཇི་སྲིད་སྡིག་པ་དག་པའི་ རྟགས་བྱུང་བྱུང་དུ་བྱ་སྟེ། རྟགས་ནི་རྨི་ལམ་ན་ཟས་ངན་པ་སྐྱུགས་པ་དང༌། ཞོ་དང་འོ་མ་ལ་སོགས་འཐུང་བ་དང༌། སྐྱུགས་པ་དང༌། ཉི་མ་དང་ཟླ་བ་མཐོང་བ་དང༌། ནམ་མཁའ་ལ་འགྲོ་བ་དང༌། མེ་འབར་བ་དང༌། མ་ཧེ་དང་མི་ནག་པོ་ཐུབ་པ་དང༌། དགེ་སློང་དང་དགེ་ སློང་མའི་དགེ་འདུན་མཐོང་བ་དང༌། འོ་མ་འབྱུང་བའི་ཤིང་དང༌། གླང་པོ་ཆེ་དང༌། ཁྱུ་མཆོག་དང༌། རི་དང་སེང་གེའི་ཁྲི་དང་ཁང་བཟང་གི་སྟེང་དུ་འཛེགས་པ་དང༌། ཆོས་ཉན་པ་རྨིས་ན་སྡིག་པ་བྱང་བར་ཤེས་པར་བྱའོ། །ཞེས་སྐུལ་བྱེད་ཀྱི་གཟུངས་ལས་བཤད་ དོ། །དེ་དག་ཐུན་བཞིར་བཅད་ནས་ཉི་མ་རེ་རེ་ཞིང་རྒྱུན་ལྡན་དུ་ཡུན་རིང་པོའི་བར་དུ་བྱ་ལ། དེ་ལྟར་བྱེད་པའི་ལོང་སྐབས་མ་བྱུང་བའི་ཚེ་ཡང་ཉིན་རེ་ལ་སྟོབས་བཞི་ཚང་ཙམ་ར་མ་ཆག་ན་སྡིག་པ་མང་པོ་འདག་པར་གསུངས་སོ། །སྡིག་པའི་གཉེན་པོ་ 2-3-186a ཡོངས་སུ་རྫོགས་པ་ནི། སྟོབས་བཞི་ཡིན་ཏེ་དེ་ཡི་ཆོ་ག་རྣམས། རྒྱལ་སྲས་ཞི་བ་ལྷ་ཡི་རྗེས་འབྲངས་ནས། །གོ་བདེར་ལག་ཏུ་བླང་བའི་རིམ་པར་བསྒྲིགས། །ཚུལ་འདི་མངོན་མཐོའི་དཔལ་གྱིས་ཉེར་མཛེས་ཤིང༌། །རྒྱལ་བའི་བསྟན་འཛིན་ རྣམས་ལ་ཤིན་ཏུ་གུས། །དཔལ་འབྱོར་བཟང་པོས་གསོལ་བ་བཏབ་པའི་ངོར། །བློ་བཟང་གྲགས་པས་བྱམས་པ་གླིང་དུ་བྲིས། །དེ་ཡི་དགེ་བས་མཐའ་ཡས་འགྲོ་བ་ཡི། །ལས་སྒྲིབ་མ་ལུས་དག་པས་ཕྱི་ནང་གི། ཉེར་འཚེ་ཀུན་དང་བྲལ་ནས་རྒྱལ་བ་ཡི། ། གོ་འཕང་མཆོག་ཏུ་བདེ་བླག་བགྲོད་པར་ཤོག །འདིས་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག། ༈ །།གང་ཞིག་བཤགས་པར་བགྱི་ན། ཐོག་མ་མེད་པའི་སྲིད་པ་ཆུ་ཀླུང་ཆེན་པོའི་ངོ་བོར་བཀོད་པ་དེར། གང་ཟག་དང་ཆོས་ཀྱི་བདག་དང་བདག་གིར་འཛིན་པའི་གཟུང་འཛིན་གྱི་ཀུན་ཏུ་རྟོག་པ་མ་ལུས་པ་དེས་བསགས་པའི་ལས་ཉོན་གྱི་རྙོག་པ་རྣམས་ཏེ་ཆུ་ཀླུང་ཆེན་པོ་རྙོག་པ་དང་བཅས་པར་རྒྱུ་བ་ལྟ་བུ་དེ་དག་གོ། །དེ་དག་གང་གི་མདུན་དུ་ན་ཐུགས་རྗེ་ཆེན་པོ་ དང་ལྡན་པའི་རྒྱལ་བ་རྣམས་ཀྱི་སྤྱན་སྔར་ཆོ་ག་བཞིན། འདུས་སྟེ་མཆོད་པ་སོགས་བྱས་ནས། ལས་བྱ་བྱེད་གསུམ་མི་དམིགས་པའི་སྒོ་ནས་སོ། །ཡི་རང་བསྔོ་བ་ནི། རྫོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ས་ཆེན་པོ་ལ་བཞུགས་པ་རྣམས་ དང་འཕགས་པ་ཉན་རང་དང༌། གཞན་སོ་སོ་སྐྱེ་བོ་རྣམས་ཀྱི་དགེ་བ་ལ་བསམ་པ་ཐག་པས་ཡང་དག་པར་ཡི་རང་ཞིང་དགེ་བ་དེས་གཙོ་བྱས་ནས་རང་གཞན་གྱི་དགེ་བ་དང་བཅས་པ་ཐམས་ཅད་བྱང་ཆུབ་ཏུ་ནི་ཡོངས་སུ་བསྔོ་བར་བགྱིའོ། །སྐྱབས་སུ་ 2-3-186b འགྲོ་བ་ནི། སྤངས་རྟོགས་ཀྱི་ཡོན་ཏན་དང་ལྡན་པའི་བདེ་གཤེགས་རྣམས་ལ་དུས་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་འགྲོ་བ་རྟག་ཏུ་དང༌། དེའི་ཡོན་ཏན་ནི་ཁྱད་པར་གསུམ་ལྡན་ཏེ། ཡིད་ཀྱི་རོལ་པ་སྟེ་དོན་དམ་བྱང་ཆུབ་ཀྱི་སེམས་དྲི་མ་ མེད་པ་ཟླ་བ་དང་འདྲ་བ་དེས་བསྒྲུབས་པའི་བྱང་ཆུབ་ཀྱི་སེམས་ཏེ་ཤེས་རབ་བོ། །སྙིང་རྗེ་ན་དམིགས་མེད་ཀྱི་སྙིང་རྗེ་དམ་པ་སྟེ་སངས་རྒྱས་ནས་ཀྱང་སེམས་ཅན་གྱི་དོན་ལ་འཇུག་པ་སོགས་ཡོན་ཏན་མཐའ་ཡས་པ་དང་ལྡན་པའི་ཐབས་དེ་གཉིས་སངས་རྒྱས་ དང་རྣལ་འབྱོར་པ་རང་གི་ཡིད་ལ་སོ་སོ་རང་གིས་རིག་པའི་ཚུལ་གྱིས་གནས་པའི་སངས་རྒྱས་དེ་ལའོ། །ཆོས་ཀྱི་ནི་གཟུང་འཛིན་གྱི་རྟོག་པ་མ་ལུས་པར་སྤངས་ཤིང་དེ་ལས་ངེས་པར་གྲོལ་བ་དང་སེམས་དཔའ་ནི་རང་གི་བྱང་ཆུབ་ལ་དམིགས་པས་ ཏེ། དེ་ཉན་རང་ལ་ཡང་ཡོད་པས་དེ་ལས་དམ་པ་བྱང་ཆུབ་སེམས་དཔའ་ཀུན་གྱི་ཕུན་ཚོགས་མཐའ་དག་གི་གཞིར་གྱུར་པ་འཁོར་འདས་ཀྱི་དངོས་པོ་ཐམས་ཅད་ཆུ་རྒྱ་མཚོར་རོ་གཅིག་པ་ལྟར་རང་བཞིན་སྟོང་པ་ཉིད་དུ་རོ་གཅིག་པའི་ངོ་བོ་ཉིད་ ཀྱི་ཆོས་ལའོ། །དགེ་འདུན་གྱི་ནི་སྐྱེ་རྒ་ན་འཆིའི་འཆིང་བ་རྣམས་ལས་ཡང་དག་པར་གྲོལ་བའི་རྣམ་བྱང་ཐོབ་ཅིང་ཐེག་དམན་ལས་ཁྱད་པར་དུ་འཕགས་པའི་སྙིང་རྗེ་མཆོག་གིས་བསྐྲུན་པས་ཏེ། སྐྱེད་པའི་དཔལ་ཚོགས་གཉིས་དང་ལྡན་པ། རབ་དགའ་ དང་དྲི་མ་མེད་པ་ལ་སོགས་པའི་ས་ལ་རབ་ཏུ་བཞུགས་པ། བསྟན་པ་ལ་ཞུགས་པའི་བརྟུལ་ཞུགས་ཅན་གྱི་དབང་པོ་ཚོགས་མང་པོའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ལའོ། །སེམས་བསྐྱེད་པ་ནི་བསམ་པ་རྣམ་པར་དག་པ་སྨོན་སེམས་དང༌། 2-3-187a རྒྱུ་དེའི་རྣམ་པར་སྨིན་པ་འབྲས་བུ་འཇུག་སེམས་རྣམ་པར་དག་པར་གྱུར་པའི་སེམས་ནི་བསྐྱེད་པར་བགྱིའོ། །དེའི་ཡོན་ཏན་ནི་སྒྲིབ་པ་གཉིས་བག་ཆགས་དང་བཅས་པ་རྩད་ནས་འབྱིན་པའོ། །དེ་ཡང་ལྷག་པར་མོས་པས་ཏེ་ལྷག་བསམ་ཁྱད་ པར་ཅན་འདུན་ལྡན་སེམས་བསྐྱེད་ཀྱིས་རྣམ་པར་བརྒྱན་པའོ། །ལམ་ལ་བརྟེན་པ་ནི་གནས་པར་བགྱི་གང་ལ་ན་བདེ་གཤེགས་སྲས་བཅས་རྣམས་ཀྱི་ལམ་བགྲོད་པ་གཅིག་པུ་སྦྱིན་སོགས་ཕར་ཕྱིན་བཅུ་སྟེ། གོང་དུ་དྲུག་བསྟན་པ་དེར་བཞི་པོ་ཡང་འདུ་བ་ ཡིན་ནོ། །དཀར་པོའི་ཡོན་ཏན་ཏེ་རྒྱུད་ལ་བསྟེན་བྱ་ཡིན་པས་སོ། །ཚུལ་ནི་ངོ་བོའོ། །རྫོགས་སངས་རྒྱས་བདག་ནི་སྣང་བ་ལྷའི་འཁོར་ལོར་ཤར་བའི་དཀྱིལ་འཁོར་འཁོར་བཅས་དེ་མ་ལུས་ངོ་བོའི་བློ་ནི་དེ་རྣམས་སུ་བསྒོམས་ཤིང་བློས་བསྐྱེད་པར་བྱའོ། །ཐ་ན་ སྔགས་པས་བྱ་རོག་ལ་ཟན་ཁམ་གཅིག་ཙམ་སྦྱིན་པ་ཡང་ལྷར་བསྐྱེད་ནས་སྟེར་བས་ཡུལ་དུས་རང་བཞིན་གསུམ་ཚད་ཅན་འཇོམས་པའི་སྦྱིན་སོགས་ཀྱི་ལམ་དེ་ལྟ་བུ་ལ་ཡང་དག་ཉིད་དུ་སྟེ་བསམ་པ་ཐག་པས་དུས་ཀྱི་ཐོག་མ་དིན་གནས་པརབགྱིའོ།། ༈ །།བཅོམ་ལྡན་ འདས་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་ལ་གུས་པས་ཕྱག་འཚལ་ལོ། །བསྲེ་བའི་གདམས་ངག་ལ། ལམ་དུས་ཀྱི་སྐུ་གསུམ་དང་བསྲེ་བ་གསུམ་སྟེ། འདི་ལྟར་ལམ་དུས་ཀྱི་ཆོས་སྐུ་དང་བསྲེ་བ་དང༌། ལམ་དུས་ཀྱི་ལོངས་སྐུ་དང་བསྲེ་བ་དང༌། ལམ་དུས་ཀྱི་སྤྲུལ་ སྐུ་དང་བསྲེ་བ་སྟེ་གསུམ་མོ། །དང་པོ་ལ་གསུམ་སྟེ་གཉིད་སད་དུས་སུ་ཆོས་སྐུ་དང་བསྲེ་བ་དང༌། གཉིད་ཀྱི་དུས་སུ་ཆོས་སྐུ་དང་བསྲེ་བ་དང༌། འཆི་བའི་དུས་སུ་ཆོས་སྐུ་དང་བསྲེ་བའོ། །དང་པོ་ནི། ལུས་ཀྱི་གནད་ཆེ་སར་གནད་དུ་བསྣུན་པ་ལ་བརྟེན་ 2-3-187b ནས་སྟོང་པ་བཞི་བསྐྱེད་དེ། འོད་གསལ་སྟོང་པ་བཞི་པ་ཤར་བའི་དུས་སུ་ལྟ་ཐོག་ཏུ་བཞག་ནས་སྒོམ་པ་ཡིན་ལ། གནད་དུ་བསྣུན་པ་ལ་ཡང་སྒོ་གསུམ་གསུངས་ཏེ། འོག་སྒོར་ནོར་བུའི་དབུས་སམ་ནོར་བུའི་སྣ་རྩེ་དྷཱུ་ཏཱིའི་མར་སྣར་རྫས་ཀྱི་ཐིག་ལེ་ ཕྲ་མོ་བསྒོམས་པ་ལ་བརྟེན་ནས། དེ་བརྟན་པའི་མཐར་རོ་རྐྱང་གི་རླུང་དྷཱུ་ཏཱིར་ཞུགས་ཤིང་ཐིམ་པ་ལ་བརྟེན་ནས། སྨིག་རྒྱུ་ལ་སོགས་པའི་རྟགས་བཞི་སྔོན་དུ་འཆར་ཞིང་དེའི་འོག་ཏུ་སྟོང་པ་དང་ཤིན་ཏུ་སྟོང་པ་དང་སྟོང་པ་ཆེན་པོ་ཞེས་བྱ་བ་མིང་གཞན་ སྣང་བ་དང༌། སྣང་བ་མཆེད་པ་དང་སྣང་བ་ཉེར་ཐོབ་ཅེས་བྱ་བ་གསུམ་ཤར་བའི་མཐར། ཐམས་ཅད་སྟོང་པ་ཞེས་བྱ་བ་འོད་གསལ་ཆེན་པོ་འཆར་བ་ནི་སྒོ་དང་པོའོ། །གཞན་ཡང་སྙིང་གའི་སྣ་རྩེར་མི་ཤིགས་པ་སྔགས་ཀྱི་ཐིག་ལེ་བསྒོམས་པ་ ལ་བརྟེན་ནས་དེ་བརྟན་པའི་མཐར་རོ་རྐྱང་གི་རླུང་དྷཱུ་ཏཱིར་ཞུགས་ཤིང་ཐིམ་པ་ལ་བརྟེན་ནས་སྨིག་རྒྱུ་ལ་སོགས་པའི་རྟགས་བཞི་སྔོན་དུ་འཆར་ཞིང༌། དེའི་འོག་ཏུ་སྟོང་པ་དང་ཤིན་ཏུ་སྟོང་པ་དང༌། སྟོང་པ་ཆེན་པོ་ཞེས་བྱ་བ་མིང་གཞན་སྣང་བ་དང༌། སྣང་བ་ མཆེད་པ་དང་སྣང་བ་ཉེ་བར་ཐོབ་པ་ཞེས་བྱ་བ་གསུམ་ཤར་བའི་མཐར་ཐམས་ཅད་སྟོང་པ་ཞེས་བྱ་བ་འོད་གསལ་ཆེན་པོ་འཆར་བ་ནི་སྒོ་གཉིས་པའོ། །ཡང་གདོང་གི་སྣ་རྩེར་འོད་ཀྱི་ཐིག་ལེ་ཞེས་པ་རླུང་འོད་ཟེར་ལྔ་པ་སྣ་བུག་ནས་རྒྱུ་བའི་འཇུག་གནས་ལྡང་ གསུམ་མ་བཅོས་པ་རྡོ་རྗེ་གསུམ་གྱི་རང་གདངས་སུ་འཆར་བར་སྒོམ་ཞིང༌། དེ་ཡང་དྷཱུ་ཏཱི་ནས་བྱེད་པར་མོས་པའི་རྡོ་རྗེ་བཟླས་པ་གོམས་པའི་མཐར་རོ་རྐྱང་གི་རླུང་དྷཱུ་ཏཱིར་ཞུགས་ཤིང་ཐིམ་པ་ལ་བརྟེན་ནས་དང་པོ་སྨིག་རྒྱུ་ལྟ་བུ་དང༌། གཉིས་པར་དུ་བ་ 2-3-188a ལྟ་བུ་དང༌། གསུམ་པར་མེ་ཁྱེར་ལྟ་བུ་དང༌། བཞི་པར་མར་མེ་འབར་བ་ལྟ་བུའི་ཉམས་འབྱུང་སྟེ། རིམ་པ་བཞིན་ས་ཆུ་ལ་ཐིམ་པ་དང་ཆུ་མེ་ལ་ཐིམ་པ་དང་མེ་རླུང་ལ་ཐིམ་པ་དང་རླུང་རྣམ་ཤེས་གསུམ་གྱི་སྣང་བ་དང་པོ་ལ་ཐིམ་པ་ལས་འབྱུང་ ངོ༌། །དེ་ནས་སྟོང་པ་དང་པོའི་དུས་སུ་སྣང་བ་གཞན་གང་ཡང་མི་འཆར་བར་ཡུལ་དུ་གང་སྣང་ཐམས་ཅད་མཚན་མོའི་ནམ་མཁའ་དྲི་མ་མེད་པ་ལ། ཟླ་བའི་འོད་ཟེར་གྱིས་ཁྱབ་པ་ལྟ་བུའི་དཀར་ལམ་གྱི་སྣང་བ་འབྱུང༌། དེ་ནས་སྣང་བ་དེ་ཡང་རིམ་གྱིས་ བསྡུས་ནས། སྣང་བ་གཞན་གང་ཡང་མི་འཆར་བར་ཡུལ་དུ་གང་སྣང་ཐམས་ཅད་མཚན་མོའི་ནམ་མཁའ་དྲི་མ་མེད་པ་ལ་ཉི་མའི་འོད་ཟེར་གྱིས་ཁྱབ་པ་ལྟ་བུའི་དམར་ལམ་གྱི་སྣང་བ་འབྱུང༌། དེ་ནས་སྣང་བ་དེ་ཡང་རིམ་གྱིས་བསྡུས་ནས། སྣང་ བ་གཞན་གང་ཡང་མི་འཆར་བར་ཡུལ་དུ་གང་སྣང་ཐམས་ཅད་མཚན་མོ་སྲོད་ཀྱི་ནམ་མཁའ་དྲི་མ་མེད་པ་ལ་མཚམས་ཀྱི་སྨག་གིས་ཁྱབ་པ་བཞིན་དུ་ནག་ལམ་གྱི་ཉམས་འབྱུང༌། དེའི་སྟོད་སྨད་ལ་དྲན་པ་མི་ཉམས་ཤིང༌། བར་དུ་ཐིམ་པའི་མཐུས་དྲན་པ་ཆེར་ ཉམས་པ་འབྱུང་ངོ༌། །དེ་ནས་སྣང་བ་དེ་ཡང་བསྡུས་ནས། མཚན་མོའི་ཐོ་རངས་ཀྱི་ནམ་མཁའ་ཟླ་ཉི་སྨག་གི་འོད་དང་བྲལ་བའི་ནམ་མཁའི་རང་མདོག་ཇི་ལྟ་བ་བཞིན་སྣང་བ་བཞིན་དང༌། འོད་གསལ་མཐའ་དབུས་མེད་པ་ཤིན་ཏུ་དྭངས་པའི་ཉམས་འཆར་ཏེ། དེ་དག་གི་ བཤད་པ་ནི་སྔ་མ་རྣམས་ལ་ཉན་ཤེས་པར་བྱའོ། །དེ་ནི་སྒོ་གསུམ་པའོ། །གཉིས་པ་གཉིད་ཀྱི་དུས་སུ་ཆོས་སྐུ་དང་བསྲེ་བའི་ཚུལ་ནི། གོང་གི་སྒོ་གསུམ་པོ་གང་རུང་ཞིག་གིས་སྟོང་པ་བཞི་དྲང་ནུས་པའི་མཚམས་ནས། མཚན་མོ་གཉིད་དུ་འགྲོ་ཁར་སྙིང་ཁར་མི་ 2-3-188b ཤིགས་པའི་ཐིག་ལེ་སྒོམ་པའམ། རྡོ་རྗེ་བཟླས་པ་གཉིས་པོ་གང་རུང་ཉམས་སུ་བླངས་པ་ལ་བརྟེན་ནས་སྔར་བཤད་པའི་རྟགས་བཞི་དང༌། སྟོང་པ་བཞི་འཆར་ཞིང༌། དེའི་འོད་གསལ་ཤར་བའི་དུས་སུ་ལྟ་ཐོག་ཏུ་བཞག་ནས་སྒོམ་པ་ཡིན་ཏེ། སྤྱིར་གཞི་དུས་ཀྱི་གཉིད་དུ་འགྲོ་ བའི་ཚེ་རླུང་སྙིང་གར་རང་ཤུགས་ཀྱིས་འདུས་པ་ལ་བརྟེན་ནས་སྟོང་པ་བཞི་འོལ་སྤྱི་ཙམ་ཞིག་འཆར་བ་ཡོད་ལ། དེ་ཤེས་ནས་གཉིད་ཀྱི་འོད་གསལ་འཛིན་པའི་གདམས་ངག་གིས་ཉམས་སུ་བླངས་ན་སྟོང་པ་བཞི་འཆར་སླ་བའི་གནད་ཡོད་དེ། དེ་ཡང་གཉིད་ཀྱི་དུས་ ལ་རྨི་ལམ་མི་འཆར་བ་དང༌། འཆར་བའི་དུས་གཉིས་ལས། རྨི་ལམ་མི་འཆར་བའི་དུས་སུ་གཉིད་ཀྱི་འོད་གསལ་འཛིན་པ་ཡིན་ལ། དེ་ཡང་གཉིད་དུ་སོང་བའི་ཐུན་སྟོད་ཀྱི་སྐབས་ཡིན་ནོ། །གསུམ་པ་འཆི་བའི་དུས་སུ་འཆི་བའི་འོད་གསལ་ཆོས་སྐུ་དང་བསྲེ་བའི་ཚུལ་ ནི་ད་ལྟར་གྱི་དུས་སུ་གཉིད་སད་དུས་དང༌། གཉིད་ཀྱི་དུས་སུ་སྔར་བཤད་པ་བཞིན་དུ་འོད་གསལ་གྱི་ཆོས་སྐུ་དང་བསྲེ་བ་ལ་བྱང་བ་ཞིག་གིས། འཆི་བའི་དུས་སུ་ས་ཆུ་ལ་ཐིམ་པ་སོགས་ཀྱི་རྟགས་དང་པོ་ཤར་བའི་དུས་སུ་སྙིང་གར་མི་ཤིགས་པའི་ཐིག་ལེ་སྒོམ་པ་དང༌། སྙིང་གའི་དྷཱུ་ཏཱིའི་དབུས་ནས་རླུང་ལྡང་འཇུག་གནས་གསུམ་གྱི་རྡོ་རྗེ་བཟླས་པ་བྱས་ན། གཞི་དུས་ཀྱི་འཆི་བའི་དུས་སུ་སྙིང་གར་རླུང་རང་ཤུགས་ཀྱིས་འདུ་བ་ཡོད་པའི་གནད་ཀྱིས། སྔར་བཤད་པའི་རྟགས་རྣམས་དང་སྟོང་པ་བཞི་སྔར་བཤད་པ་བཞིན་དུ་འཆར་ལ། དེ་ལ་འཆི་བའི་ཚེ་སྟོང་པ་བཞི་རང་ཤུགས་ཀྱིས་འཆར་བའི་འོད་གསལ་ནི་མའི་འོད་གསལ་ཡིན་ལ། སྔར་གཉིད་སད་པ་དང་གཉིད་དུས་སུ་བསྒོམས་པའི་འོད་གསལ་ནི་བུའི་འོད་གསལ་ཡིན་ཞིང༌། དེ་གཉིས་འཆི་བའི་འོད་གསལ་གྱི་དུས་སུ་འདྲེས་པ་ལ་འོད་གསལ་མ་བུ་ 2-3-189a འདྲེས་པ་ཞེས་ཟེར་བ་ཡིན་ནོ། །གཉིས་པ་ལམ་དུས་ཀྱི་ལོངས་སྐུ་དང་བསྲེ་བ་ལ་གསུམ་སྟེ། གཉིད་སད་དུས་ཀྱི་སྒྱུ་མའི་ལུས་ལོངས་སྐུ་དང་བསྲེ་བ་དང༌། གཉིད་ཀྱི་དུས་སུ་རྨི་ལམ་ཤར་བའི་རྨི་ལམ་གྱི་སྒྱུ་ལུས་དང་བསྲེ་བ་དང༌། འཆི་བའི་འོད་ གསལ་གྱི་མཐར་བར་དོ་དངོས་སམ་བར་དོ་དང་རྗེས་སུ་མཐུན་པའི་སྒྱུ་ལུས་ལོངས་སྐུ་དང་བསྲེ་བའོ། །དང་པོ་ནི། སྔར་བཤད་པའི་སྒོ་གསུམ་པོ་གང་རུང་གིས་འོད་གསལ་གྱི་ཏིང་ངེ་འཛིན་བསྐྱེད་པའི་དུས་སུ་འབད་པ་བསྐྱེད་ནས་འོད་གསལ་ལ་ཇི་ཙམ་གནས་ གནས་སུ་མཉམ་པར་འཇོག །རླུང་ཐིམ་པ་སླར་ལངས་པའི་མཐུས་ཏིང་ངེ་འཛིན་དེ་ལས་ལྡང་བར་རྩོམ་པའི་ཚེ། དེའི་མཐར་དང་པོའི་མགོན་པོ་ཡབ་ཡུམ་གྱི་སྐུར་ལྡང་བར་བྱའོ་སྙམ་པའི་འཕེན་པ་བཏང་ནས་ཆུ་དྭངས་པ་ལས་ཉ་ལྡང་བའི་ཚུལ་དུ་འོད་གསལ་གྱི་ ངང་ནས་དེར་ཀྲོང་གིས་ལྡང་སྟེ། སྒྱུ་མའི་སྐུ་དེ་ལ། སེམས་བཟུང་སྟེ་ཅི་ཙམ་གནས་ཀྱི་བར་དུ་མཉམ་པར་འཇོག་པའོ། །གཉིས་པ་གཉིད་ཀྱི་དུས་སུ་རྨི་ལམ་ཤར་བའི་རྨི་ལམ་གྱི་སྒྱུ་ལུས་དང་བསྲེ་བ་ནི། སྔར་བཤད་པ་ལྟར་གྱི་གཉིད་ཀྱི་འོད་གསལ་ཤར་བའི་ཚེ་འབད་ ནས་ཇི་ཙམ་གནས་གནས་སུ་མཉམ་པར་འཇོག་གོ། །སྔར་རླུང་ཐིམ་པ་སླར་ལངས་པའི་མཐུས་ཏིང་ངེ་འཛིན་དེ་ལས་ལྡང་བར་རྩོམ་པའི་ཚེ་དེའི་མཐར་རྨི་ལམ་ཕལ་པ་གཞན་དུ་མ་ཤོར་བར་དང་པོའི་མགོན་པོ་ཡབ་ཡུམ་གྱི་སྐུར་ལྡང་བར་བྱའོ་སྙམ་པའི་འཕེན་པ་ བཏང་ནས། ཆུ་དྭངས་པ་ལས་ཉ་ལྡང་བའི་ཚུལ་དུ་འོད་གསལ་གྱི་ངང་ནས་སྐུ་དེར་ཀྲོང་གིས་ལྡང་སྟེ། སྒྱུ་མའི་སྐུ་དེ་ལ་སེམས་བཟུང་སྟེ་ཇི་ཙམ་གནས་ཀྱི་བར་དུ་མཉམ་པར་འཇོག་པའོ། །གསུམ་པ་འཆི་བའི་འོད་གསལ་གྱི་མཐར་བར་དོ་དངོས་སམ་བར་དོ་དང་ 2-3-189b རྗེས་སུ་མཐུན་པའི་སྒྱུ་ལུས་ལོངས་སྐུ་དང་བསྲེ་བ་ནི། སྔར་བཤད་པ་ལྟར་གྱི་འཆི་བའི་དུས་སུ་འོད་གསལ་མ་བུ་བསྲེས་ནས་འབད་དེ་འོད་གསལ་ཇི་ཙམ་གནས་གནས་སུ་མཉམ་པར་འཇོག་གོ། །སྔར་རླུང་ཐིམ་པ་ལས་ལངས་པའི་མཐུས་ཏིང་ངེ་འཛིན་དེ་ལས་ལྡང་ བར་རྩོམ་པའི་ཚེ། དེའི་མཐར་བར་དོ་ཐ་མལ་པའི་ལུས་སུ་མི་ལྡང་བར་དང་པོའི་མགོན་པོ་ཡབ་ཡུམ་གྱི་སྐུར་ལྡང་བར་བྱའོ་སྙམ་པའི་འཕེན་པ་བཏང་ནས་ཆུ་དྭངས་པ་ལས་ཉ་ལྡང་བའི་ཚུལ་དུ་འོད་གསལ་གྱི་ངང་ནས་སྐུ་དེར་ཀྲོང་གིས་ལྡང་སྟེ། སྒྱུ་མའི་སྐུ་དེ་ ལ་སེམས་བཟུང་སྟེ། ཇི་ཙམ་གནས་ཀྱི་བར་དུ་མཉམ་པར་འཇོག་པའོ། །འདི་ལ་གཉིས་ཡོད་དེ། སྒྱུ་མའི་ལོངས་སྐུར་སྒོམ་པ་ཙམ་མིན་པར་གཞན་ལ་བར་དོ་འགྲུབ་པའི་དོད་དུ་རང་གི་ལུས་དོན་སྟེངས་ནས་སྔར་བཤད་པའི་སྒྱུ་མའི་སྐུར་སྐྱེས་པ་ཡིན་ན་བར་དོར་ མཆོག་འགྲུབ་པ་ཡིན་ནོ། །དེ་ལྟར་མ་ནུས་པར་བར་དོ་རང་ཁ་བའི་ལུས་བླངས་པ་ཡིན་ཀྱང་ཡིད་ཀྱི་ངོར་བར་དོའི་ལུས་ཐ་མལ་པའི་སྣང་བ་རེ་ཞིག་མི་འཆར་བར་དང་པོའི་མགོན་པོ་ཡབ་ཡུམ་དུ་ཤར་བའི་ལོངས་སྐུའི་བསྲེ་བ་བྱུང་ནའང་ཁྱད་ཤིན་ཏུ་ཆེ་བ་ཡིན་ ནོ། །གསུམ་པ་ལམ་དུས་ཀྱི་སྤྲུལ་སྐུ་དང་བསྲེ་བ་ལ་གསུམ་ལས། དང་པོ་གཉིད་སད་པའི་དུས་སུ་ལམ་དུས་ཀྱི་སྤྲུལ་སྐུ་དང་བསྲེ་བ་ནི། སྔར་བཤད་པ་ལྟར་གཉིད་སད་དུས་ཀྱི་འོད་གསལ་གྱི་ངང་ནས་སྒྱུ་མའི་སྐུར། རྣམ་སྨིན་གྱི་ལུས་འདི་ལས་ལོགས་ སུ་བྱེ་སྟེ། སྒྱུ་མའི་ཏིང་ངེ་འཛིན་བསྒོམས་པའི་མཐར་རྣམ་སྨིན་གྱི་ཕུང་པོ་འདི་ཉིད་ལ་ཞུགས་ཏེ། རྣམ་སྨིན་གྱི་ཕུང་པོ་མི་བསྐྱོད་པར་གསལ་བའི་ཐུགས་ཀར་ཡེ་ཤེས་སེམས་དཔའི་ཚུལ་གྱིས་གནས་པའོ། །དེ་ནི་འབྲས་བུའི་ལོངས་སྐུ་མ་དག་པའི་སེམས་ 2-3-190a ཅན་གྱི་མིག་གི་ལམ་དུ་མི་འགྱུར་བ་དེའི་མཐུས། སྒྱུ་འཕྲུལ་ཆེན་མོ་ལྟ་བུའི་མངལ་དུ་ལུས་རགས་པའི་སྐྱེ་བ་བཟུང་བ་ན་སྤྲུལ་པའི་སྐུ་དེ་སེམས་ཅན་མ་དག་པས་ཀྱང་མཐོང་བ་དང་འདྲ་བར། ལམ་དུས་ཀྱི་སྒྱུ་མའི་ལོངས་སྐུ་སེམས་ཅན་གཞན་གྱི་ ཤའི་མིག་གིས་མི་མཐོང་བ་དེ་རགས་པའི་ལུས་ལ་ཞུགས་པ་ན། དེས་བཟུང་བའི་མི་བསྐྱོད་པར་སྣང་བའི་རགས་པའི་ལུས་ཤའི་མིག་གི་ཡུལ་དུ་གྱུར་པ་ལ་སྤྲུལ་སྐུ་ཞེས་ཐ་སྙད་བཏགས་པ་དང༌། ཡང་སྒྱུ་མའི་ལོངས་སྐུ་དེས་རགས་པའི་སྐུ་སེམས་ཅན་ གཞན་གྱི་ཤའི་མིག་གིས་མཐོང་བ་ལ་སྤྲུལ་པ་ལ་སྤྲུལ་སྐུ་ཞེས་ཐ་སྙད་བྱས་སོ། །གཉིས་པ་གཉིད་དུ་སོང་ནས་རྨི་ལམ་འཆར་བའི་དུས་སུ་སྤྲུལ་སྐུ་དང་བསྲེ་བའི་ཚུལ་ནི། སྔར་བཤད་པ་བཞིན་གཉིད་ཀྱི་འོད་གསལ་གྱི་ངང་ནས་ལོངས་སྐུར་ལངས་ཏེ་ སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་བསྒོམས་པའི་མཐར། སྔར་གྱི་རྣམ་སྨིན་གྱི་ལུས་ལ་ཞུགས་ནས་སྙིང་གར་ཡེ་ཤེས་སེམས་དཔའི་ཚུལ་གྱིས་གནས་པ་དང༌། ལོངས་སྐུ་དེས་རགས་པའི་སྐུ་སྤྲུལ་པ་ནི་སྤྲུལ་སྐུ་དང་བསྲེ་བ་ཞེས་བྱ་སྟེ། དེའི་གོ་དོན་ནི་སྔར་བཤད་པ་ལྟར་རོ། ། གསུམ་པ་འཆི་བའི་འོད་གསལ་གྱི་མཐར་སྤྲུལ་སྐུ་དང་བསྲེ་བའི་ཚུལ་ནི། འཆི་ཁའི་འོད་གསལ་སྔར་བཞིན་བསྒོམས་པ་ཞིག་གིས་འཆི་བའི་འོད་གསལ་གྱི་མཐར་ལོངས་སྐུར་ལངས་ནས། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་བསྒོམས་པའི་རྗེས་སུ་གང་འདོད་པའི་སྐྱེ་གནས་ ཁྱད་པར་ཅན་དུ་སྐྱེ་བའི་འཕེན་པ་བཏང་ནས་སྐྱེ་གནས་གང་ཡིན་པ་དེར་བར་དོར་ཤི་བའི་སྟོང་པ་བཞི་སྔར་གོམས་པའི་ལམ་དང་བསྲེས་ནས་སྐྱེ་བ་ལེན་པ་ལ་སྤྲུལ་སྐུ་དང་བསྲེ་བ་ཞེས་བྱ་སྟེ། དེའི་གོ་དོན་ཡང་སྔར་ལྟར་རོ། །དེ་ལྟར་སྔར་བཤད་པ་ལྟར་གྱི་རླུང་གི་ནུས་ 2-3-190b པ་ཐོབ་ན་ཤིན་ཏུ་ལེགས་པས་དེ་ལྟར་བྱ་ལ། དེ་ལྟ་བུ་མ་ཐོབ་ན་ཡང་ད་ལྟར་གྱི་དུས་སུ་འཆི་བའི་ཚེ་རྟགས་བཞི་དང་སྟོང་པ་བཞི་འཆར་བ་རྣམས་ཡིད་ལ་དྲན་པར་བྱ་སྟེ། ཡང་དང་ཡང་དུ་གོམས་པར་བྱ་ཞིང༌། འོད་གསལ་གྱི་མཐར་བར་དོ་འགྲུབ་པའི་དུས་སུ་བར་དོ་ ལོངས་སྐུར་ལྡང་བ་སོགས་ཀྱི་མན་ངག་ཀྱང་ཡང་དང་ཡང་དུ་གོམས་པར་བྱས་ན། ད་གཟོད་འཆི་བའི་དུས་ཀྱི་ཚེ་རྟགས་བཞི་དང་སྟོང་པ་བཞི་འཆར་བ་རྣམས་ངོས་ཟིན་པ་དང༌། བར་དོའི་དུས་སུ་བར་དོ་ཟིན་པ་སོགས་ལ་ཁྱད་པར་ཤིན་ཏུ་ཆེ་བར་མངོན་ནོ། །དེ་ནི་བསྲེ་ བའི་གདམས་ངག་གི་གནས་བསྡུས་པ་ཡིན་ནོ། །འཕོ་བ་ལ། གདམས་ངག་སོ་སོ་ནས་མི་འདྲ་བ་མང་དུ་ཡོད་ཀྱང༌། དཔལ་སཾབྷུ་ཊ། རྡོ་རྗེ་མཁའ་འགྲོ་དང༌། རྡོ་རྗེ་གདན་བཞི་གསུམ་ནས་གསུངས་པ་རྣམས་དོན་འདྲ་བར་སྣང་ལ། བདེ་མཆོག་སྡོམ་འབྱུང་དང༌། འཇམ་ དཔལ་གྱི་ཞལ་གྱི་ལུང་ལས་གསུངས་པ་གཉིས་ཀྱང་སྔ་མ་གཉིས་དང་མཐུན་ཤེས་ཆེ་བས་ཡིད་ཆེས་པའི་ཁུངས་ཁྱད་པར་ཅན་ནས་འབྱུང་བ་འཕོ་བའི་གདམས་པ་ལ་རྒྱས་བསྡུས་གཉིས་ལས་རྒྱས་པ་ནི། སྒོ་དགུར་ཡི་གེ་བཀོད་ནས་དེ་ལ་གསལ་སྣང་བརྟན་ པོ་རྙེད་པའི་སྒོ་ནས་སྒོ་དགུའི་རླུང་རེངས་པར་བྱ་བ་སྔོན་དུ་བཏང་ནས་ལྟེ་བའི་བུམ་པ་ཅན་ལ་ནུས་པ་རྙེད་པའི་མཚམས་ནས། འཕོ་བའི་དངོས་གཞིའི་དམིགས་པ་སྐྱོང་བ་ཡིན་ནོ། །དེ་མ་གྲུབ་ཀྱང་བསྡུས་པ་བྱེད་ན། རང་ཡེ་ཤེས་མཁའ་འགྲོ་མའམ། ཡི་དམ་ གྱི་ལྷ་གང་རུང་དུ་གསལ་བའི་ངང་ནས་སྙིང་ག་ཆོས་ཀྱི་འཁོར་ལོ་ཁ་ཐུར་དུ་བལྟ་བའི་འཁོར་ལོའི་ལྟེ་བའི་དྷཱུ་ཏཱིའི་ནང་དུ་རྣམ་ཤེས་ཀྱི་ངོ་བོ་ཧཱུཾ་ཡིག་སྔོན་པོ་ཁ་ཐུར་དུ་བལྟ་བ་ཞིག་བསྒོམ། དེའི་མགོ་བོའི་འོག་ཏུ་རྣམ་ཤེས་ཀྱི་བཞོན་པའི་རླུང་གི་ངོ་བོ་ཡུཾ་ཡིག་ 2-3-191a སྔོན་པོ་མགོ་ཐུར་དུ་བལྟ་བ་ཞིག་དང༌། དེའི་མགོ་བོའི་འོག་ཏུ་ཧི་དཀར་པོ་མགོ་ཐུར་དུ་བལྟ་བ་ཞིག་བསྒོམ། ཧཱུཾ་ཡིག་གི་ཞབས་ཀྱུའི་སྟེང་དུ་རྣམ་ཤེས་ཀྱི་བཞོན་པའི་རླུང་གི་ངོ་བོ་ཡུཾ་ཡིག་སྔོན་པོ་མགོ་གྱེན་དུ་བལྟ་བ་ཞིག་དང༌། དེའི་དབུས་སུ་ ཀ་ཡིག་དཀར་པོ་མགོ་གྱེན་དུ་བལྟ་བ་ཞིག་བསྒོམས་ཏེ། སྟེང་འོག་གི་ཧི་ཀ་གཉིས་ནི་རྣམ་ཤེས་རླུང་གི་བཞོན་པ་ཅན་སྙིང་གའི་གནས་ནས་གྱེན་དུ་སྤྱི་གཙུག་ནས་འབྱིན་པའི་ཐབས་སོ། །དེ་ནས་ལུས་གནད་བཅོས་ནས། རླུང་ཕྱི་རོལ་ཏུ་འགྲོ་བའི་ཚེ་སྙིང་གའི་རྩ་ འཁོར་ཁ་གྱེན་དུ་ཕྱོགས་པ་བྱ་སྟེ། སྙིང་གའི་དྷཱུ་ཏཱིའི་ནང་ནས་ཧཱུཾ་ཡུཾ་ཧི་གསུམ་མགོ་གྱེན་དུ་བལྟས་ཏེ་སྔོན་དུ་རྒྱུ་ཞིང༌། ཡུཾ་ཀ་གཉིས་ཧཱུཾ་གི་གཤམ་ནས་མགོ་གྱེན་དུ་བལྟས་ཏེ་རྗེས་སུ་རྒྱུ་བའི་ཚུལ་གྱིས་སྤྱི་བོའི་ཚངས་བུག་ལ་རེག་པའི་བར་དུ་འགྲོ་བར་བསམས་ ལ། རླུང་ནང་དུ་འཇུག་པའི་ཚེ་སྔར་གྱི་གོ་རིམ་དེ་ལས་བཟློག་སྟེ་སྙིང་གར་འོངས་ནས། སྙིང་གའི་རྩ་འཁོར་ཐུར་དུ་ཕྱོགས་པར་བསམ། དེ་ལྟ་བུའི་ཚུལ་གྱིས་རླུང་འགྲོ་འོང་གཉིས་དང༌། ཡི་གེ་ལྔ་སྦྲགས་ཏེ་བསྒོམས་པའི་མཐར་ཆེད་དུ་གཏང་མི་དགོས་པར་ རང་གི་ངང་གིས་རླུང་དྷཱུ་ཏཱིར་འཇུག་ཐུབ་པ་དང༌། སྤྱི་གཙུག་ཏུ་ཟ་བ་དང་འཕྲིག་པ་ལ་སོགས་བྱུང་བྱུང་གི་བར་དུ་སྦྱངས་ལ། ལས་སྦྱོར་གྱི་དུས་སུ་སྤྱི་གཙུག་ཚངས་པའི་བུ་ག་ཟང་ཐལ་གྱིས་བྱེ་བར་བསམས་ལ། དེའི་སྟེང་གི་ནམ་མཁའ་ལ་བླ་མ་དང་ཡི་ དམ་དབྱེར་མེད་དུ་བཞུགས་པའི་ཐུགས་ཀར་འཕོ་བར་བྱའོ། །འདི་ནི་འཆི་ལྟས་བྱུང་ནས་བཟློག་པའི་ཐབས་བྱས་ཀྱང་མི་བཟློག་པར་མཐོང་ན། ནད་ཀྱིས་མ་ཕོག་པའི་གོང་ཟླ་བ་དྲུག་ཙམ་ནས་བྱ་བར་གསུངས་སོ། །དེ་གཉིས་ནི་བསྲེ་བ་དང་འཕོ་བ་ 2-3-191b ཞེས་པའི་མན་ངག་ཁྱད་ཆོས་སུ་གྲགས་པ་ཡིན་ལ། དེའི་སྔ་མ་ནི། ཕ་རྒྱུད་གསང་བ་འདུས་པའི་བསྐོར་ནས་ལེགས་པར་ཤེས་དགོས་པ་ཡིན་ལ་ཕྱི་མ་ནི་རྣལ་འབྱོར་མའི་རྒྱུད་རྣམས་ནས་ཤེས་དགོས་པ་ཡིན་ནོ། །འདི་ནི་རྗེ་རིན་པོ་ཆེ་བས། ཆོས་རྗེ་ཤཱཀྱ་ ཡེ་ཤེས་རྒྱ་ཡུལ་དུ་ཐེགས་དུས་གདམས་པ་འདི་གཉིས་ཞུས་པའི་དོན་དུ་མཛད་པའོ།། ༈ །།ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། ཀུན་གྱི་མ་འདྲིས་མཛའ་བཤེས་ཏེ། །བླ་ན་མེད་པའི་གྲོགས་ཀྱི་ཕུལ། །ཕོངས་པ་རྣམས་ཀྱི་གཉེན་གཅིག་པུ། །ཟླ་མེད་སྟོན་ པ་དེར་ཕྱག་འཚལ། །དེ་ཡི་བསྟན་པ་གཅིག་པུ་ཉིད། །འགྲོ་བའི་ཉེར་འཚོར་མཐོང་གྱུར་པ། །དེ་ཡིས་རང་གི་སློབ་མ་ལ། །བརྩེ་བའི་བསམ་པས་འདི་སྐད་གླེང༌། །སྐྱེ་དགུ་རྣམས་ཀྱི་ཕན་བདེའི་གཏེར། །རྒྱལ་བ་རྣམས་ཀྱི་དམ་པའི་ཆོས། །ཡོངས་སུ་ འཛིན་ལ་མ་ཞུམ་པ། །བུ་ཁྱོད་རིང་དུ་རྒྱལ་གྱུར་ཅིག །བློ་ལྡན་ཁྱོད་ཀྱིས་ཐུབ་བསྟན་ཉི་མའི་འོད། །གང་དང་བྲལ་བའི་མཐའ་འཁོབ་མུན་གླིང་དུ། །ཐུབ་པའི་བརྟུལ་ཞུགས་དྲི་མེད་འཛིན་པ་ཡི། །ཤཱཀྱའི་སྲས་ཀྱིས་གང་བར་བྱས་ཞེས་གྲགས། ། ཚུལ་དེ་གསལ་བར་བྱེད་པའི་འཕྲིན་ཡིག་ནི། །དོན་བཟང་ཚིག་འབྲུ་བཟང་པོ་སྐྱེས་དང་བཅས། །ཉིད་ཀྱི་དྲིན་གྱིས་ཁྱིམ་ནས་མངོན་བྱུང་བ། །འགའ་ཡིས་བདག་གི་གམ་དུ་ཕྱིན་པར་བྱས། །དེ་ཚེ་བདག་ཡིད་ཤིང་བལ་ནི། །ཉིད་ཀྱི་ཀུན་སྤྱོད་ སྐྱོན་མེད་པའི། །དྲི་ཡི་བཞོན་པས་དབང་བྱས་པས། །ཕྱོགས་དེར་ཀུན་ཏུ་སོང་བར་གྱུར། །རྒྱལ་བའི་གསུང་རབ་མ་ལུས་སྡེ་སྣོད་གསུམ། །དེ་ཕྱིར་བསྟན་པའི་སྙིང་པོ་བསླབ་པ་གསུམ། །དེ་དག་ཐོག་མ་ཚུལ་ཁྲིམས་བསླབ་པ་སྟེ། །དེ་ཡི་གནས་ 2-3-192a ནི་འདུལ་བ་ཡིན་པར་གསུངས། །དེ་ཕྱིར་ལེགས་པར་གསུངས་པའི་དམ་པའི་ཆོས། །འདུལ་བའི་ཚུལ་ལ་མང་པོ་བཀོད་པ་ལ། །བསྟན་པའི་གོ་རིམ་ཤེས་པའི་མཁས་པ་རྣམས། །ཅི་ཡི་ཕྱིར་ན་དགའ་བ་སྐྱེ་མི་འགྱུར། །ལྷག་མཐོང་ཤེས་ རབ་བསླབ་པ་སྐྱེ་བ་ལ། །ཞི་གནས་ཏིང་འཛིན་དགོས་པའི་མིང་ཙམ་སྣང༌། །འདི་ན་རྣམ་དག་ཏིང་འཛིན་སྐྱེ་བ་ལ། །ཚུལ་ཁྲིམས་བསླབ་པ་དགོས་པའི་གཏམ་ཡང་ནུབ། ཁས་ལེན་ཙམ་ལ་རབ་ཏུ་དཔའ་བ་ཡིས། །དམ་བཅས་རབ་ཏུ་འདོར་བ་ཕལ་ པའི་ཕལ། །རང་གིས་ཅི་ཙམ་ཁས་ལེན་བྱས་པ་ཡི། །ཚུལ་ཁྲིམས་བསྲུང་ལ་བརྩོན་པ་དམ་པའི་ཚུལ། །དེ་ལྟར་མཐོང་ནས་ཉེས་པའི་སྒོ་གསུམ་ལ། །ཡང་དང་ཡང་དུ་རྟོག་པའི་ཤེས་བཞིན་དང༌། །དྲན་དང་བག་ཡོད་ངོ་ཚ་ཁྲེལ་ཡོད་ཀྱིས། །ལོག་ པའི་ལམ་དུ་ཞུགས་པའི་དབང་པོའི་རྟ། །འབད་པས་འདུལ་བར་བྱེད་པ་དེ་ཡི་ཡིད། །དགེ་བའི་དམིགས་པ་གང་གང་འདོད་དེ་ལ། །དེ་ལྟ་དེ་ལྟར་རབ་ཏུ་གནས་པར་གྱུར། །དེ་ཕྱིར་ཚུལ་ཁྲིམས་ཏིང་འཛིན་རྒྱུ་རུ་བསྔགས། །འཆལ་ཁྲིམས་དྲི་མའི་རྙོག་ པ་དང་བྲལ་ཞིང༌། །དགེ་བའི་དམིགས་པ་རྣམས་ལ་མི་གཡོ་ན། །དེ་ལ་བདག་མེད་དེ་ཉིད་རབ་ཏུ་གསལ། །དྭངས་ཤིང་མི་གཡོའི་ཆུ་ལ་ཟླ་གཟུགས་བཞིན། །དེ་ལྟར་བསླབ་པ་གསུམ་གྱི་ལམ་གྱི་གནད། །ཡོངས་སུ་རྫོགས་པར་ཤེས་པ་སྡེ་སྣོད་ གསུམ། །ཤེས་པ་ཉིད་ལ་རག་ལས་དེ་ཡི་ཕྱིར། །མཁས་པ་བསྟེན་ནས་སྡེ་སྣོད་གསུམ་ལ་བསླབ། །བསླབས་པའི་དགོས་པ་སྒྲུབ་པ་ཉིད་ཡིན་ཞེས། །སྨྲ་བའི་དམ་པས་ལན་ཅིག་མིན་པར་གསུངས། །དེ་ཕྱིར་ཅི་ཙམ་ཤེས་པ་དེ་ཙམ་ནས། །ཕྱི་བཤོལ་ 2-3-192b མི་བྱ་འཕྲལ་ལ་ལག་ཏུ་བླང༌། །དེ་དག་ནི་ཚུལ་ཁྲིམས་ལམ་གྱི་རྩ་བར་འགྱུར་བའི་རྒྱུ་མཚན་མདོ་ཙམ་བཀོད་པ་ཡིན་པས་དེ་དག་ལ་གཅེས་པར་བཟུང་ནས་ཡང་དང་ཡང་དུ་ཆོད་མཛོད། ཁྱོད་ཀྱིས་མཐའ་འཁོབ་མི་བཟད་པ་དེར། རབ་ཏུ་བྱུང་བ་མང་པོའི་སྡེ་ བཙུགས་ཤིང་འདུལ་བའི་བཤད་པ་ཡང་བྱེད་པར་ཡོད་གདའ་བ་ཤིན་ཏུ་ལེགས་པར་ཡིན། སྡོམ་པ་ལེན་པ་ལ་གཙོ་བོར་བྱས་ནས་བསྲུང་བ་དང༌། ཕྱིར་འཆོས་པའི་ལག་ལེན་མ་ཚུགས་ན། ཚུལ་ཁྲིམས་དག་པོ་འོང་ཐབས་མེད་པས། ད་དེར་ཉེས་པ་རྣམས་ངོ་ ཤེས་པར་བྱས་ནས་ལེགས་པར་བསྲུང་བ་ཞིག་དང༌། མི་ཤེས་པ་ལ་སོགས་པའི་རྒྱུ་བཞིས་བཅས་པའི་མཚམས་ལས་འདས་ན། བཤགས་བསྡོམ་བྱེད་པའི་ཕྱིར་བཅོས་ཀྱི་ལག་ལེན་ཅིག་ཅི་ནས་ཀྱང་ཚུགས་པ་གྱིས་ལ་ལྟུང་བ་བྱུང་བ་ལ་ཇི་མི་སྙམ་པར་འཇོག་ པར་མ་བྱེད་པར་ནམ་བྱུང་རེས་ཀྱིས་ཕྱིར་བཅོས་གྱིས་དང༌། ངོ་ཚ་ཁྲེལ་ཡོད་དྲན་ཤེས་བཞིན་སོགས་སྐྱེས་ནས་ཚུལ་ཁྲིམས་ཡོངས་སུ་དག་པར་འགྱུར་བ་ཡིན། དེ་ལ་ཡང་སྤྱིར་དགེ་བ་དང་མི་དགེ་བ་ལས་ཕན་ཡོན་འབྱུང་བར་གསུངས་པ་རྣམས་བྲང་ཁ་འདིངས་པ་ལྟ་བུ་ དང༌། ཉེས་དམིགས་འབྱུང་བར་གསུངས་པ་རྣམས་བསྡིགས་བསྐུར་བ་ལྟ་བུར་མི་འཛིན་པར་གཏིང་ཐག་པ་ནས་ངེས་པ་འདྲོངས་པ་ཅིག་དང༌། ཁྱད་པར་དུ་ཚུལ་ཁྲིམས་བསྲུངས་པ་དང་མ་བསྲུངས་པའི་ཕན་ཡོན་དང་ཉེས་དམིགས་མང་དུ་བསྒོམས་ནས་དེས་པ་རྙེད་ པ་ཞིག་དགོས་པ་ཡིན། དེ་ལྟར་མ་བྱས་ན་གཞན་ངོའམ་རྙེད་བཀུར་གྱི་ཕྱིར་དུ་བསྲུང་བ་ཞིག་འོང་བས་གནད་དུ་མི་འགྲོ། དེ་ཇི་ལྟ་བ་བཞིན་དུ་སྒྲུབ་པའི་གེགས་ནི་ཚེ་འདིའི་བྱ་བ་ལྷུར་ལེན་པ་ཡིན་ལ། དེ་ཡང་ཚེ་འདིར་རིང་དུ་སྡོད་པར་མཐོང་བ་ལས་ཡིན་ཞིང༌། 2-3-193a དེའི་གཉེན་པོར་གང་ལས་ཀྱང་འཆི་བ་དྲན་པ་ཟབ་པ་ཡིན་པས་འཆི་བ་ཡང་ཡང་དུ་བསྒོམ་དགོས་པ་ལགས། མདོར་ན་ལས་འབྲས་མི་སླུ་བ་ཐམས་ཅད་མཁྱེན་པའི་ཁྱད་ཆོས་ཡིན་པས། དྲན་པ་ཉེར་གཞག །ལས་བརྒྱ་པ། རྟོགས་བརྗོད་ བརྒྱ་པ། མཛངས་བླུན། ལུང་གི་རྒྱུད་གླེང་རྣམས་དང༌། གཞན་ཡང་མདོ་དང་བསྟན་བཅོས་མང་དུ་བལྟས་ནས་ལས་འབྲས་ལ་ངེས་པ་ཅི་བརྟན་བྱས་ཏེ། ངན་པའི་ལས་སྔར་བསགས་པ་རྣམས་སྟོབས་བཞིས་འདག་ངེས་སུ་སྦྱོང་བ་དང༌། གསར་དུ་འཇུག་ པའི་སྒོ་རྣམས་འཕྲོ་ཆོད་ངེས་སུ་སྡོམ་པ་དང༌། བཟང་པོའི་ལས་སྔར་བྱས་རྣམས་སྨོན་ལམ་རླབས་པོ་ཆེས་རྒྱ་ཆེར་སྤེལ་བ་དང༌། སྔར་མ་སྐྱེས་པ་རྣམས་ཕྱོགས་རེས་ཙམ་གྱིས་ཆོག་ཤེས་མི་བྱ་བར་སྒོ་སྣ་ཚོགས་ནས་བསྐྱེད་དགོས་པ་ཡིན། དེ་དག་ཅི་ འདྲ་ཞིག་བྱེད་ཀྱང་དངོས་སམ་ཆ་མཐུན་ཙམ་ཡིན་ཀྱང་བླ་ཡི། བྱང་ཆུབ་ཀྱི་སེམས་ཤིག་གིས་ཟིན་པར་བྱས་ནས་བྱེད་པ་གནད་དུ་ཆེ་བ་ལགས། རྒྱལ་བས་མདོ་རྒྱུད་དུ་མར་བསྔགས་པའི་སྟོང་པ་ཉིད་ཀྱི་ལྟ་བ་ནི་མཚན་མར་འཛིན་པའི་དམིགས་གཏད་ཐམས་ ཅད་འཇིག་པས། ཡོད་པ་དང་མེད་པའི་མཐའ་སྤོང་ལ། ལས་དང་འབྲས་བུ་ལ་ངེས་པ་གཏིང་ནས་རྙེད་པའི་གྲོགས་བྱས་ནས། དགེ་མི་དགེ་ཕྲ་མོ་ནས་འདོར་ལེན་བྱེད་པས་ཡོད་པ་དང་ཆད་པའི་མཐའ་སྤོང་བ་ཞིག་ཡིན་ན། སེམས་ཅན་ཕལ་ཆེར་ཡང་ ན་ནི་སྟོང་པ་གཤིས་ལ་གྲུབ་པའི་རྟག་པ་དང༌། ཡང་ན་ནི་ཀུན་རྫོབ་ཀྱི་རྣམ་གཞག་ཐམས་ཅད་འཇིག་པའི་ཆད་པར་འཛིན་པ་ཞིག་འོང་པས་ཤིན་ཏུ་རྟོགས་པར་དཀའ་ཞིང༌། རྟོགས་ནའང་སྟོན་པའི་སྣོད་དུ་གྱུར་པ་ཤིན་ཏུ་ཉུང༌། དེ་བས་ན་གནས་འདི་ལ་ 2-3-193b མོས་ན་ནི། དེ་རྟོགས་པའི་རྒྱུ་བསགས་སྦྱང་དང༌། སྨོན་ལམ་མང་དུ་བྱ་ཞིང་དེ་ལ་མཁས་པའི་བཤེས་གཉེན་བསྟེན་པ་དང༌། དེའི་གཞུང་ལ་འདྲིས་པར་བྱ་ཞིང༌། ཅུང་ཟད་ཙམ་ལ་ཆོག་ཚོད་མི་གཟུང་བར་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་པ་ཞིབ་པར་བྱ་ སྟེ་འཚོལ་དགོས་པ་ཡིན། དེ་ལྟར་ན་བཤད་མ་ཐག་པ་རྣམས་ཀྱི་དོན་སྒོམ་པ་དང་འཆད་ཉན་སྤེལ་མར་མཛད་ན་གོ་བའི་ངེས་པ་ཆེར་འགྲོ་བ་དང༌། ཉོན་མོངས་ཀྱི་གཉེན་པོར་འགྲོ་བ་གཉིས་ཀ་འོང་བ་ལགས་པས་དེ་བཞིན་དུ་བགྱིད་པར་ཞུ། གཅིག་ ཏུ་བདེ་གཤེགས་བསྟན་ལ་གུས། །རྣམ་དཔྱོད་ནུས་པ་མི་དམན་ཞིང༌། །སྐྱེས་བུ་ཆེན་པོའི་རྗེས་སུ་སློབ། །བློ་ལྡན་ངག་དབང་གྲགས་པ་ཁྱོད། །ཁོ་བོས་སྨྲས་པའི་རྗེས་སུ་ཞུགས་ཤིག་དང༌། །ཚེ་རབས་ཀུན་ཏུ་སྤྱོད་དང་སྨོན་ལམ་ཀུན། །མཚུངས་པར་སྤྱད་ དེ་ནམ་ཞིག་སངས་རྒྱས་ཚེ། །བདུད་རྩིའི་བགོ་བཤའ་ཐོག་མར་སྦྱིན་པར་བྱ། །ཞེས་པ་འདི་ནི་ཡང་དག་པའི་དགེ་བའི་བཤེས་གཉེན་ཚ་ཁོ་བ་མཁན་ཆེན་ངག་དབང་གྲགས་པས། ཤར་རྒྱལ་མོ་རོང་དུ་སྔོན་མེད་པའི་རབ་ཏུ་བྱུང་བའི་སྡེ་ཁྱད་པར་ ཅན་བཙུགས་ནས་ཕྲིན་ཡིག་སྤྲིངས་བྱུང་བའི་ལན་དུ་མང་དུ་ཐོས་པའི་དགེ་སློང་བློ་བཟང་གྲགས་པའི་དཔལ་གྱིས། ཨེའི་ས་ཕྱོགས་དབེན་གནས་ཏེའུར་ནས་སྤྲིངས་པ་དགེ་ལེགས་སུ་གྱུར་ཅིག། ༈ །།རྗེ་བཙུན་བླ་མ་རྣམས་ལ་ཕྱག་འཚལ་ལོ། ། རྒྱལ་བའི་གསུང་རབ་ཀུན་གྱི་སྙིང་པོའི་དོན། །རྒྱལ་སྲས་དམ་པ་རྣམས་ཀྱིས་བསྔགས་པའི་ལམ། །སྐལ་ལྡན་ཐར་འདོད་རྣམས་ཀྱི་འཇུག་ངོགས་དེ། །ཇི་ལྟར་ནུས་བཞིན་བདག་གིས་བཤད་པར་བྱ། །གང་དག་སྲིད་པའི་བདེ་ལ་མ་ཆགས་ཤིང༌། ། 2-3-194a དལ་འབྱོར་དོན་ཡོད་བྱ་ཕྱིར་བརྩོན་པ་ཡིས། །རྒྱལ་བ་དགྱེས་པའི་ལམ་ལ་ཡིད་རྟོན་པའི། །སྐལ་ལྡན་དེ་དག་དང་བའི་ཡིད་ཀྱིས་ཉོན། །རྣམ་དག་ངེས་འབྱུང་མེད་པར་སྲིད་མཚོ་ཡི། །བདེ་འབྲས་དོན་གཉེར་ཞི་བའི་ཐབས་མེད་ལ། །སྲིད་ ལ་བརྐམ་པ་ཡིས་ཀྱང་ལུས་ཅན་རྣམས། །ཀུན་ནས་འཆིང་ཕྱིར་ཐོག་མར་ངེས་འབྱུང་བཙལ། །དལ་འབྱོར་རྙེད་དཀའ་ཚེ་ལ་ལོང་མེད་པ། །ཡིད་ལ་གོམས་པས་ཚེ་འདིའི་སྣང་ཤས་ལྡོག །ལས་འབྲས་མི་སླུ་འཁོར་བའི་སྡུག་བསྔལ་རྣམས། ། ཡང་ཡང་བསམས་ན་ཕྱི་མའི་སྣང་ཤས་ལྡོག །དེ་ལྟར་གོམས་པས་འཁོར་བའི་ཕུན་ཚོགས་ལ། །ཡིད་སྨོན་སྐད་ཅིག་ཙམ་ཡང་མི་སྐྱེ་ཞིང༌། །ཉིན་མཚན་ཀུན་ཏུ་ཐར་པ་དོན་གཉེར་བློ། །བྱུང་ན་དེ་ཚེ་ངེས་འབྱུང་སྐྱེས་པ་ལགས། །ངེས་འབྱུང་དེ་ཡང་རྣམ་ དག་སེམས་བསྐྱེད་ཀྱིས། །ཟིན་པ་མེད་ན་བླ་མེད་བྱང་ཆུབ་ཀྱི། །ཕུན་ཚོགས་བདེ་བའི་རྒྱུ་རུ་མི་འགྱུར་བས། །བློ་ལྡན་རྣམས་ཀྱིས་བྱང་ཆུབ་སེམས་མཆོག་བསྐྱེད། །ཤུགས་དྲག་ཆུ་བོ་བཞི་ཡི་རྒྱུན་གྱིས་ཁྱེར། །བཟློག་དཀའ་ལས་ཀྱི་འཆིང་བ་དམ་པོས་ བསྡམས། །བདག་འཛིན་ལྕགས་ཀྱི་དྲ་བའི་སྦུབས་སུ་ཚུད། །མ་རིག་མུན་པའི་སྨག་ཆེན་ཀུན་ནས་འཐིབས། །མུ་མེད་སྲིད་པར་སྐྱེ་ཞིང་སྐྱེ་བ་རུ། །སྡུག་བསྔལ་གསུམ་གྱིས་རྒྱུན་ཆད་མེད་པར་མནར། །གནས་སྐབས་འདི་འདྲར་གྱུར་པའི་མ་རྣམས་ ཀྱི། །ངང་ཚུལ་བསམས་ནས་སེམས་མཆོག་བསྐྱེད་པར་མཛོད། །གནས་ལུགས་རྟོགས་པའི་ཤེས་རབ་མི་ལྡན་ན། །ངེས་འབྱུང་བྱང་ཆུབ་སེམས་ལ་གོམས་བྱས་ཀྱང༌། །སྲིད་པའི་རྩ་བ་བཅད་པར་མི་ནུས་པས། །དེ་ཕྱིར་རྟེན་འབྲེལ་རྟོགས་པའི་ཐབས་ 2-3-194b ལ་འབད། །གང་ཞིག་འཁོར་འདས་ཆོས་རྣམས་ཐམས་ཅད་ཀྱི། །རྒྱུ་འབྲས་ནམ་ཡང་སླུ་བ་མེད་མཐོང་ཞིང༌། །དམིགས་པའི་གཏད་སོ་གང་ཡིན་ཀུན་ཞིག་པ། །དེ་ནི་སངས་རྒྱས་དགྱེས་པའི་ལམ་ལ་ཞུགས། །སྣང་བ་རྟེན་འབྲེལ་བསླུ་བ་མེད་པ་དང༌། །སྟོང་པ་ཁས་ ལེན་བྲལ་བའི་གོ་བ་གཉིས། །ཇི་སྲིད་སོ་སོར་སྣང་བ་དེ་སྲིད་དུ། །ད་དུང་ཐུབ་པའི་དགོངས་པ་རྟོགས་པ་མེད། །ནམ་ཞིག་རེས་འཇོག་མེད་པར་ཅིག་ཅར་དུ། །རྟེན་འབྲེལ་མི་སླུར་མཐོང་བ་ཙམ་ཉིད་ནས། །ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀུན་འཇིག་ན། །དེ་ཚེ་ལྟ་ བའི་དཔྱད་པ་རྫོགས་པ་ལགས། །གཞན་ཡང་སྣང་བས་ཡོད་མཐའ་སེལ་བ་དང༌། །སྟོང་པས་མེད་མཐའ་སེལ་ཞིང་སྟོང་པ་ཉིད། །རྒྱུ་དང་འབྲས་བུར་འཆར་བའི་ཚུལ་ཤེས་ན། །མཐར་འཛིན་ལྟ་བས་འཕྲོག་པར་མི་འགྱུར་རོ། །དེ་ལྟར་ལམ་གྱི་གཙོ་བོ་རྣམ་གསུམ་ གྱི། །གནད་རྣམས་རང་གིས་ཇི་བཞིན་རྟོགས་པའི་ཚེ། །དབེན་པ་བསྟེན་ཏེ་བརྩོན་འགྲུས་སྟོབས་བསྐྱེད་ནས། །གཏན་གྱི་མདུན་མ་མྱུར་དུ་སྒྲུབས་ཤིག་བུ། །ཞེས་པ་འདི་ནི་མང་དུ་ཐོས་བའི་དགེ་སློང་བློ་བཟང་གྲགས་པའི་དཔལ་གྱིས། ཚ་ཁོ་དཔོན་པོ་ངག་དབང་གྲགས་པ་ ལ་གདམས་པའོ།། ༈ །།འདྲེན་མཆོག་རྒྱལ་བ་དེ་ཡི་རྒྱལ་ཚབ་དང༌། །རྗེ་བཙུན་མཁྱེན་པའི་གཏེར་དང་ཀླུ་སྒྲུབ་ཞབས། །འཕགས་པ་ཐོགས་མེད་རྣམས་ཀྱི་མཛད་འཕྲིན་རྣམས། །སྐལ་ལྡན་ཁྱོད་ལ་རྟག་ཏུ་འཇུག་གྱུར་ཅིག །ཡངས་པའི་རྣམ་དཔྱོད་མཁའ་ལྟར་རྒྱ་ཆེ་ ཞིང༌། །ཕུལ་བྱུང་དད་པ་རི་དབང་ལྟར་བརྟན་ལ། །བསྟན་པའི་ཁུར་གྱིས་ནམ་ཡང་མི་ངལ་བའི། །བཤེས་གཉེན་ངག་དབང་གྲགས་པ་ཞེས་གྲགས་པའི། །སྡོམ་བརྩོན་མཆོག་དེས་ཤིང་རྟ་ཆེ་གཉིས་ལས། །ལེགས་པར་བརྒྱུད་པའི་སྐྱེས་བུ་གསུམ་གྱི་ལམ། །ལེགས་བཤད་རྒྱ་ 2-3-195a མཚོ་བྱང་ཆུབ་ལམ་རིམ་གྱི། །ཡི་གེའི་ཕྲེང་བས་མིག་ལ་དཔལ་བྱིན་པས། །དོན་དཔྱོད་ཡིད་ནི་བདུད་རྩིས་ངོམས་སོ་ཞེས། །རྣར་སྙན་ཡིད་ལ་འབབ་པའི་ཕྲིན་ཡིག་གིས། །སྲབ་འཇམ་ཡང་པའི་དམར་སྨུག་གོས་མཆོག་དང༌། །མཆིལ་ལྷམ་ཟུང་ གི་རྟེན་བཅས་བསྐུར་བ་འཕྲོད། །གསར་བུས་ཚོད་མའི་རོ་ལ་ཇི་བཞིན་དུ། །ལེགས་བཤད་རིང་དུ་བསྟེན་ཀྱང་ལྕིགས་དཀའ་བ། །རོ་འཛིན་དབང་པོས་རོ་ལ་ཇི་བཞིན་དུ། །ཡུད་ཙམ་རེ་ཡིས་ཉམས་སུ་མྱོང་བ་མཚར། །དེང་དུས་ཡང་དག་པ་དང་ལྟར་སྣང་གི ། ལམ་གྱི་རྣམ་དབྱེ་ཤེས་པ་ཆེས་ཆེར་དཀོན། །བརྒྱ་ལ་སྲིད་ཀྱང་ལེགས་བཤད་ལེགས་བཤད་དུ། །ཇི་བཞིན་ཤེས་པའང་དེ་འདྲ་ཁོ་ནར་བས། །དེ་ཕྱིར་ཟབ་ཅིང་རྒྱ་ཆེའི་ལམ་གྱི་གནད། །ཕྲ་མོ་རྣམས་ལའང་བཅོས་མིན་ངེས་རྙེད་ཅིང༌། །ཡི་གེར་བཀོད་པ་མཐོང་ཚེ་ ཁོ་བོའི་ཡིད། །རིང་དུ་ངལ་བའི་འབྲས་བུ་ཐོབ་པས་ཚིམ། །ཆོས་ཀྱི་རྗེ་ཉིད་ཀྱིས་བརྙེས་པའི་གོ་འཕང་ལ་གདུལ་བྱ་རྣམས་དངོས་དང་བརྒྱུད་པས་བཀྲི་བར་བཞེད་ནས་མདོ་སྡེ་དང་རྒྱུད་སྡེའི་རིམ་པ་གསུངས་པའི་མདོ་ནས་འབྱུང་བའི་ཐར་པ་དང་ཐམས་ཅད་མཁྱེན་ པར་བགྲོད་པའི་ལམ་གྱི་རྣམ་པར་བཞག་པ་འདིས། རྒྱལ་བའི་བསྟན་པ་སྤྱིའི་རྐང་གཟུང་ནས་གདུལ་བྱ་མཆོག་འགའ་ཞིག་ལ་རྒྱུད་སྡེའི་ལམ་གྱི་སྣོན་པ་བཏབ་ནས་རྒྱལ་བའི་བསྟན་པ་ཡོངས་སུ་རྫོགས་པར་འཛིན་པ་འདི། གསུང་རབ་ཐམས་ཅད་གདམས་ ངག་དུ་ཤར་བའི་རྒྱ་བོད་ཀྱི་མཁས་པ་ཐམས་ཅད་ཀྱི་བཞེད་པ་ཡིན། ཁོ་བོས་ཀྱང་དེ་རྟོགས་པའི་དོན་དུ་ལོ་མང་པོར་བས་མཐའ་བརྟེན་ནས་ཁས་བླངས་པའི་ཚུལ་ཁྲིམས་སྲུང་བ་གཞིར་བཞག་བསག་སྦྱང་གི་ལྷན་ཅིག་བྱེད་རྐྱེན་མང་པོ་དང་ལམ་གྱི་ 2-3-195b ལུས་ཚང་བའི་དམིགས་རྣམ་སྐྱོང་བའི་ཉམས་ལེན་གྱི་རྒྱུ་ལ་འབད་པས་མཁས་པ་དགྱེས་པའི་མདོ་སྔགས་ཀྱི་ལམ་ཕྱོགས་རགས་པ་ཙམ་མཐོང་ནས། བསྟན་པ་ལ་དམིགས་པ་འབའ་ཞིག་གིས་ཀུན་ནས་བསླངས་ནས། སྔོན་ལ་ཐེག་པ་ཐུན་མོང་བའི་ལམ་གྱི་ རིམ་པ་ཡི་གེར་བཀོད་པ་ཡིན། འདི་ལའང་ལམ་གྱི་ལུས་རྫོགས་མ་རྫོགས་དང༌། ལམ་གྱི་གོ་རིམ་ངེས་ཚུལ་དང་ལམ་གྱི་ཆ་ཕྲ་མོ་རྣམས་ནས་ལག་ལེན་དུ་བྱས་ནས་འཁྲིད་ཚུལ་དང་ཁྱད་པར་དུ་ཞི་གནས་དང་ལྷག་མཐོང་གཞུང་ཆེ་བའི་དགོངས་པ་བཞིན་དུ་ གསལ་བར་བཀྲོལ་བ་འདི་དག་སྙིང་ནས་སྒྲུབ་པ་བྱེད་འདོད་བྱུང་བའི་ཚེ། ཉམས་ལེན་གྱི་གནད་ལ་ཚད་མར་གྱུར་པའི་གཞུང་ཆེ་བ་རྣམས་ངེས་པར་བཞག་དགོས་པར་མཐོང་ནས་འདོར་ཞིང༌། སྒྲུབ་པ་ལྷུར་ལེན་གྱི་བློ་སྣ་མ་སྐྱེ་པའི་ཚེ་དེ་དག་ལ་ཉིན་མཚན་དུ་འབད་པ་བྱེད་ པ་ཉམས་ལེན་ཇི་ལྟར་བསྟན་ལ་བློ་ཁ་མ་ཕྱོགས་པར་ཐ་སྙད་ཙམ་ལ་མཁས་པའི་ཡན་ལག་ཙམ་དུ་མཐོང་ནས་གཞུང་རེ་རེའི་ཚིག་དོན་ལ་ལུགས་མི་འདྲ་བ་མང་པོའི་འབྲུ་གནོན་ཚིག་སྤྱི་ཙམ་དུ་མ་སོང་བ་རེ་ཐེབས་ན་དེ་ཙམ་གྱིས་དེ་དག་དཔྱིས་ཕྱིན་པར་འདོད་པའི་ད་ལྟའི་ དུས་འདྲ་བ་ལྟ་ཅི་སྨོས། སྔོན་དུས་ཀྱི་རྣམ་དཔྱོད་ཅན་ཚེ་འདིའི་བུན་ལོང་ཡལ་བར་བཞག་ནས་རིག་པའི་གནས་མང་དུ་བསླབས་ཏེ། ཉམས་སུ་ལེན་པའི་གནད་ཇི་ལྟ་བུ་ཞིག་ཡིན་སྙམ་དུ་སྒྲུབ་འདོད་ཀྱིས་བླངས་པའི་ཤེས་འདོད་ཅན་རྣམས་ཀྱིས་རིང་དུ་དཔྱད་ཀྱང་དཔག་ དཀའ་བར་བྱུང་འདུག་པས་ལམ་ལ་བསྐོར་བའི་གོ་ཡུལ་རྣམས་ཀྱིས་ཚིམ་སླ་བ་མ་མཛད་པར། །སྔར་བཤད་པ་ལྟར་གྱི་རྒྱུ་རྐྱེན་ལ་འབོད་ལ་ཡང་དང་ཡང་དུ་གསོལ་བ་ཐོབ་ལ་ཞིབ་པར་ཆོད་མཛོད་མ་གོ་བའི་གོ་རྒྱུ་བྱུང་རེས་ཀྱིས་འདོད་པའི་ལྷ་དང་དམ་པའི་ 2-3-196a བཤེས་ཀྱི་སྐུ་དྲིན་དུ་བཟུང་ལ་སླར་ཡང་ཟང་ཟིང་དང་སྒྲུབ་པའི་མཆོད་པས་སྐུ་དྲིན་གསོབ་པ་ལ་འབོད་དང་བློ་ཁྱད་ཞུགས་པར་སོང་ནས་ལམ་གྱི་གནད་ཕྲ་རགས་ཐམས་ཅད་ལ་བཅོས་མ་མ་ཡིན་པའི་ངེས་པ་རེ་རྙེད་ནས། ལྷ་དང་བླ་མ་ ལ་ཇེ་དད་སྟོན་པ་དང་བསྟན་པ་ལ་ཇེ་གུས་སེམས་ཅན་ལ་ཇེ་བརྩེ་སྒྲུབ་པ་ལ་ཇེ་བརྩོན་དུ་འགྲོ་ཞིང༌། ལེགས་པར་དམིགས་ཕྱེད་པའི་གནད་ཀྱིས་བག་ཆགས་བརྟན་པར་འཇོག་པ་ལ་གཞན་དང་མི་འདྲའོ་ཞེས་པ་འདི་ནི་ཚ་ཁོ་བ་མཁན་ཆེན་ངག་ དབང་གྲགས་པའི་ཞུ་ཡིག་གི་ལན་དུ། རྗེ་རིན་པོ་ཆེ་བློ་བཟང་གྲགས་པའི་དཔལ་གྱིས་གནང་བའོ།། ༈ །།ན་མོ་མཉྫུ་གྷོ་ཥཱ་ཡ། །གང་ཞིག་ཞབས་པད་གུས་པས་རབ་བསྟེན་ན། །འདོད་པ་ཐམས་ཅད་བདེ་བླག་སྩོལ་མཛད་པ། །འདྲེན་མཆོག་བླ་མའི་ ཞབས་ལ་ཕྱག་བྱས་ཏེ། །མདོར་བསྡུས་སྨྲ་བ་འདི་ནི་ཉན་པར་གྱིས། །བཟང་པོའི་ལས་མང་དག་གིས་ལེགས་བསྒྲུབས་པའི། །དལ་བའི་རྟེན་བཟང་འདི་འདྲ་རྙེད་པའི་ཚེ། །ཉིན་མཚན་ཀུན་ཏུ་དགེ་ལ་མ་འབད་ན། །དེ་ལས་བསླུས་པར་གྱུར་པ་གཞན་གང་ ཡོད། །དེང་བྱ་སང་བྱའི་ལེ་ལོས་གཡེངས་གྱུར་ན། །དོན་མ་གྲུབ་པར་སྟོབས་ཆེན་འཆི་བདག་གིས། །འཇིག་རྟེན་ཕ་རོལ་གནས་སུ་ཁྲིད་གྱུར་ན། །དེ་ཚེ་མྱ་ངན་གྱུར་ཀྱང་ཅི་བྱར་ཡོད། །དེ་ཕྱིར་མྱུར་དུ་འཆི་བའི་ཚུལ་བསམ་ཞིང༌། །ཤི་ནས་ལུས་ཀྱི་རྗེས་སུ་ གྲིབ་མ་བཞིན། །ལས་གཉིས་འབྲང་བ་ཡང་དང་ཡང་བསམ་ནས། །སྡིག་སྦྱང་དགེ་བ་བསག་ལ་གུས་པར་བྱ། །སྐྱེ་དགུ་འཇིགས་རུང་འཁོར་བའི་གཡངས་རུ། །གྲོགས་མེད་གཅིག་པུར་ཀུན་ཏུ་འཁྱམས་པ་ན། །དཀོན་མཆོག་གསུམ་དང་འདྲ་བའི་ 2-3-196b སྐྱབས་གཞན་མེད། །དེ་ཕྱིར་བསམ་པ་ཐག་པས་སྐྱབས་སུ་སོང༌། །སེམས་ཅན་འདི་རྣམས་བདག་གི་གཉེན་ཡིན་ཏེ། །ཡུན་རིང་དུས་ནས་ཕན་པ་དཔག་མེད་བྱས། །འདི་དག་སྡུག་བསྔལ་རྒྱ་མཚོར་ལྷུང་བ་ལ། །རྣམ་པ་ཀུན་ཏུ་བརྩེ་བར་བྱ་བར་རིགས། །དེ་དག་ཐར་ པའི་ལམ་ལ་འགོད་པའི་ཕྱིར། །རྒྱལ་བའི་གོ་འཕང་འདོད་པའི་སེམས་བསྐྱེད་ནས། །སྣ་ཚོགས་སྒོ་ནས་དགེ་བ་བསག་བྱ་སྟེ། །ཕྱོགས་རེ་ཙམ་གྱིས་ཚིམ་པར་བྱེ་བ་མིན། །མདོར་ན་གང་ཞིག་ཁས་བླངས་སྡོམ་པ་རྣམས། །ཡོངས་སུ་དག་པར་བྱ་བ་གཞིར་བཟུང་ནས། ། རང་གི་སྟོབས་དང་འཚམ་པར་ཉན་པ་དང༌། །སེམས་དང་སྒོམ་པའི་ཚུལ་ལ་འབད་པར་མཛོད། །མི་འདོད་སྡུག་བསྔལ་དུ་མའི་རྒྱུར་གྱུར་པ། །སྒོ་གསུམ་ཉེས་སྤྱོད་གསར་དུ་འཇུག་པ་ནི། །སྡོམ་པས་བཀག་སྟེ་སྔོན་གྱི་ཉེས་སྤྱོད་རྣམས། །སྟོབས་བཞིའི་འབད་པས་རྟག་ཏུ་ སྦྱང་བར་བྱ། །ཞེས་པ་འདི་ནི་འགྲོ་མགོན་རྡོ་རྗེ་དཔལ་གྱིས་ཉེ་བར་བསྐུལ་བའི་ངོར། ཤཱཀྱའི་དགེ་སློང་བློ་བཟང་གྲགས་པའི་དཔལ་གྱིས་ལྕང་རིང་ཐང་དུ་སྦྱར་བའོ།། ༈ །།ཀེ་རུ་ཞེས་གྲགས་གནས་འདིར་འཁོད་པ་རྣམས། །ཁེ་དང་རྙེད་བཀུར་དོར་ཏེ་ཆོས་ལ་ གཞོལ། །གེ་སར་ཉི་ཤར་འོད་ཀྱིས་མཛེས་པ་བཞིན། །ངེ་རང་རྣམས་ཀྱང་གསུང་རབ་སྣང་བས་རྩེ་ན། །ཅེ་སྤྱང་བཞིན་དུ་ཕྱོགས་བཅུར་མི་འགྲོ་ཞིང༌། །ཆེ་ཆེས་དོར་ནས་མཁས་པ་བསྟེན་བྱས་ནས། །ཇེ་མཐོ་ཇེ་མཐོར་སོང་ཞིང་འགྲོ་བ་ཀུན། །ཉེ་རིང་མེད་པར་ངང་གིས་ འདུ་བར་འགྱུར། །ཏེ་ལོ་པ་སོགས་མཁས་གྲུབ་ཀུན་གྱིས་ཀྱང༌། །ཐེ་ཚོམ་སྤངས་ཏེ་བླ་མ་གུས་པས་བསྟེན། །དེ་བཞིན་བདག་ཅག་མཁས་ལ་གུས་བཏུད་དེ། །ནེའུ་གསིང་མཛེས་ལྟར་ཡིད་རབ་དང་བར་བྱ། །པེ་ཏ་བ་ཡི་སྤྱོད་ཚུལ་ལྷུར་བླངས་ཏེ། །ཕེ་གུའི་རྩིག་པས་ 2-3-197a བསྐོར་བའི་ཁང་བཟངས་སུ། །བེའུས་མ་ལ་གདུང་འདྲའི་འདུན་པ་ཡིས། །མེ་ཤོར་གསོད་ལ་བརྩོན་བཞིན་འགྲུས་པར་རིགས། །ཙེ་ནེ་འདུག་ནས་གསུང་རབ་དོན་བསམས་ན། །ཚེ་རབས་ཀུན་ཏུ་བདེ་ནས་བདེ་བར་འགྲོ། །ཛེ་རེག་ཕྲག་དོག་བྱམས་ པའི་གཉེན་པོ་ཡིས། །ཝེ་རན་ཏ་ཡིས་ནད་རྣམས་སེལ་བཞིན་བསལ། །ཞེ་སས་འདུད་པའི་དག་སྣང་རབ་སྦྱངས་ཏེ། །ཟེ་སློངས་སྤྱོད་པ་ཐམས་ཅད་རབ་སྤངས་ནས། །འེ་ཏ་ཀ་ཡིས་བསྟེན་པའི་བསྟི་གནས་སུ། །ཡེ་ནས་སྤྲོས་བྲལ་དོན་ལ་འདྲིས་པར་ བྱ། །རེ་བ་མ་ཆེ་འདོད་པ་ཆུང་བར་གྱིས། །ལེ་ལོ་མ་ཆེ་ཆོས་ལ་བརྩོན་པར་བྱ། །ཤེ་མོང་སྟོབས་ཀྱིས་མ་དྲེགས་དབེན་པའི་གནས། །སེ་བས་དཀྲིགས་པའི་ཕྱོགས་སུ་དགེ་ལ་འབད། །ཧེ་ཧེ་མཁས་པ་དགྱེས་པའི་ཚིགས་བཅད་འདི། །ཨེ་ཡིག་དབྱངས་ ངེས་བྱ་དཀའི་ཚུལ་དག་ཏུ། །ལེགས་པར་བསྡེབས་འདི་མང་ཐོས་ཙོང་ཁ་པ། །བློ་བཟང་གྲགས་པས་ཆོས་པར་བྱེད་ཚེ་སྦྱར།། ༈ །།ཨོཾ་བདེ་ལེགས་སུ་གྱུར་ཅིག །ཀོ་ཀ་ལི་ཀའི་མགྲིན་པའི་སྤུ་བཞིན་དུ། །ཁོ་ར་ཁོར་ཡུག་ཚོན་གྱིས་བཀྲ་བ་འདིར། ། གོ་ཆ་བགོས་པའི་སྙིང་སྟོབས་ཆེན་པོ་ཡིས། །ངོ་མཚར་ཐུབ་པའི་གསུང་ལ་སྦྱངས་ན་ལེགས། །ཅོ་ནས་འདྲེན་པའི་དམ་པས་གདམས་པ་ལྟར། །ཆོ་རིགས་བཟང་པོའི་སྤྱོད་ཚུལ་ལྷུར་བླངས་ཏེ། །ཇོ་བོའི་དྲུང་དུ་སོས་བསྐོར་འཚོགས་ཀྱི་བར། །ཉོ་ཚོང་ དོར་ཏེ་ཆོས་བར་འཕེལ་ན་ལེགས། །ཏོ་ཀེར་བཞིན་དུ་གཙུག་ཏུ་འཁུར་བ་ལ། །ཐོ་ཆོ་སྤངས་པའི་སྤྱོད་པ་དུལ་བ་དགོས། །དོ་ཟླ་མེད་པའི་མཁས་པ་བྱེད་འདོད་ན། །ནོ་བསམ་ཐམས་ཅད་ཆོས་ལ་བཏང་ན་ལེགས། །པོ་ཏ་ལ་ན་འཇིག་རྟེན་དབང་ཕྱུག་ 2-3-197b ལྟར། །ཕོ་བྲང་འདིར་ཡང་སྙིང་རྗེས་རང་རྒྱུད་འདུལ། །བོ་ལོང་བཟང་ལྟར་རྒྱུད་ནི་མཉེན་བྱས་ཏེ། །མོ་གཤམ་བུ་ལྟར་ཁྲོ་བ་བྲལ་ན་ལེགས། །ཙོ་རའི་འཇིགས་པས་དབེན་པར་གྱུར་པ་འདིར། །ཚོ་ཚོའི་ཁྲོད་ནས་བསམ་པ་རྒྱ་བསྐྱེད་དེ། །ཛོ་གི་དུལ་བའི་སྤྱོད་པ་སྒྲུབ་ པ་ལ། །ཝོ་བརྒྱལ་བྱུང་ཡང་བརྩོན་པ་བསྟེན་ན་ལེགས། །ཞོ་དང་ཀུ་མུད་མདངས་ལྟར་རབ་དཀར་ཞིང༌། །ཟོ་མདོག་མཐོང་ན་གཞན་ཡིད་འཕྲོག་པ་ཁྱོད། །འོ་ཅག་རྣམས་ཀྱིས་གུས་པས་བསྒྲུབ་བྱ་སྟེ། །ཡོ་ལང་འདུ་འཛིའི་བྱ་བ་དོར་ན་ལེགས། །རོ་ལ་སྲེད་པ་ཆུང་བར་བྱས་ ནས་ནི། །ལོ་མང་དུས་ནས་བསྒྲུབས་པའི་ནན་ཏན་འཕྲོ། །ཤོ་སོགས་རྣམ་གཡེང་དབང་དུ་མ་བཏང་བར། །སོ་ཀ་འདི་ལ་མཐར་ཐོན་བྱས་ན་ལེགས། །ཧོ་ཡིག་བར་དུ་ཐོག་མ་ཐམས་ཅད་ནི། །ཨོ་ཡིག་དབྱངས་ངེས་བྱ་དཀའི་ཚུལ་དག་ཏུ། །ལེགས་པར་བསྡེབས་འདི་མང་ཐོས་ ཙོང་ཁ་པ། །བློ་བཟང་གྲགས་པས་ཆོས་པར་བྱེད་ཚེ་སྦྱར།། ༈ །།ཨོཾ་བདེ་ལེགས་སུ་གྱུར་ཅིག །འཇིག་རྟེན་རྣམ་འདྲེན་རྒྱལ་བའི་རིང་ལུགས་པ། །ཐུབ་བསྟན་ཉིན་མོར་བྱེད་པ་ཉིན་མོའི་དཔལ། །འགྲོ་བ་དུ་མའི་ཐར་ལམ་གསལ་མཛད་པ། །བསྟན་པའི་མངའ་བདག་འགྲོ་ ན་རྒྱལ་གྱུར་ཅིག །སྙན་པའི་གྲགས་པས་རྣ་བའི་ལམ་མཛེས་ཤིང༌། །རྣམ་དཔྱོད་བློ་གྲོས་རབ་ཏུ་ཡངས་པ་ཡིས། །གསུང་རབ་རིན་ཆེན་གླིང་ལ་དབང་བསྐུར་བ། །མཁས་ཁྱོད་འཕྲིན་ལས་བཟང་པོས་ཤར་གྱི་ཕྱོགས། །རྒྱས་པར་མཛད་པས་འགྲོ་བའི་རེ་བསྐོང་བའི། །རིན་ ཆེན་དབང་གི་རྒྱལ་པོར་གྱུར་ནས་ནི། །བཀའ་སྩལ་ཡི་གེར་སྤྲིངས་པ་ཙན་དན་གྱི། །སྐྱེས་ཀྱི་རྟེན་ལ་རྒྱ་ཡིས་བཏབ་པ་འཕྲོད། །དེ་ཚེ་རིག་ལ་བདེ་བའི་དཔལ་བྱིན་པས། །ཡིད་ཀྱི་ཤིང་རྟ་དགའ་བའི་རླུང་གིས་ནི། །བསྐྱོད་པས་དྲངས་པའི་སྙན་ཚིག་མེ་ཏོག་ཕྲེང༌། །མགྲིན་ 2-3-198a པའི་ལམ་ནས་འཐོར་བ་འདི་ལྟར་རོ། །རྒྱལ་བའི་དམ་ཆོས་འཛིན་པའི་རྒྱལ་སྲས་མཆོག །དགོངས་པ་གསལ་དང་དེ་སྲས་ཐུ་བོ་ནི། །ཡེ་ཤེས་རྒྱལ་མཚན་ཞེས་བྱས་ས་ཕྱོགས་དར། །སྔོན་ཆད་བསྟན་པ་ཤིན་ཏུ་རྒྱས་མཛད་ནའང༌། །དུས་ཀྱི་དབང་ གིས་ཤིན་ཏུ་ཉམས་པར་གྱུར། །ཚུལ་དེ་གཟིགས་ནས་བསྟན་པ་སྤེལ་སླད་དུ། །བཀའ་ཉན་གདུལ་བྱ་གཞུང་ལུགས་ཆེན་པོ་ལ། །སྦྱོར་བའི་ཐུགས་ཁུར་བསྣོམས་ཞེས་གླེང་བ་ཐོས། །ཚུལ་དེར་ད་དུང་གཞོལ་བར་མཛད་པ་ལ། །བདག་འདྲས་བསྐུལ་ལ་ལྟོས་ པ་ཅི་ཞིག་ཡོད། །རྣམ་དག་ཁུར་ཆེན་ཁྱེར་བ་བར་མ་དོར། །མི་འདོར་མཐར་ཕྱིན་དམ་པ་རྣམས་ཀྱི་ལུགས། །ཉིད་སྐུ་བསོད་ནམས་ཞིང་དུ་ཞབས་བརྟན་ཅིང༌། །རྣམ་པར་དཀར་བའི་མཛད་པ་རྒྱས་པའི་ཐབས། །རྟེན་འབྲེལ་ཟབ་མོ་དུ་མའི་སྒོ་ནས་ནི། །སྒྲིག་ལ་ བརྩོན་པ་ཆེས་ཆེར་མཛད་པར་ཞུ། །ཞེས་ཟླ་བ་བདུན་པའི་ཚེས་བཅོ་ལྔ་ལ་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་ནས་ཕུལ་བའི་སྐྱེས་ཀྱི་མཚོན་པར་སྣམ་ཕྲུག་དུར་དམར་སྣ་ཚང་བ་ལེགས་པ་གཅིག་ལ་ཐེལ་ཚེ་འདི་འབྱར་བ་འབུལ། ཞེས་པ་རྗེ་ རིན་པོ་ཆེས་བྱང་བླ་མའི་ཞུ་ཡིག་གི་ལན་དུ་མཛད་པའོ།། ༈ །།ཐུགས་རྗེའི་ཟེགས་མའི་ཆ་ཤས་ཞུགས་པས་ཀྱང༌། །གསུང་རབ་རོ་མཆོག་མྱོང་བའི་དཔལ་སྟེར་བ། །འཇམ་དབྱངས་བླ་མའི་རྣམ་དཀར་འཕྲིན་ལས་ཀྱིས། །རྣམ་དཔྱོད་ལྡན་པའི་བུ་ཁྱོད་རྒྱལ་ གྱུར་ཅིག །རྒྱལ་ལ་བོད་ཀྱི་མཚམས་གནས་སྐྱིད་པའི་གྲོང༌། །རང་བྱོན་འཕགས་པས་བྱིན་བརླབས་ས་ཡི་ཕྱོགས། །དེར་ནི་འགྲན་ཟླ་བྲལ་བའི་བཤེས་གཉེན་མཆོག །རྒྱ་ཆེན་ཆོས་ཀྱི་སྤྱན་ལྔན་རེད་མདའ་པའི། །ཞབས་ཀྱི་དྲུང་ན་ཉེར་གནས་མངར་བ། ། 2-3-198b སྡོམ་བརྩོན་མང་ཐོས་ཡོན་ཏན་རྒྱལ་མཚན་གྱིས། །དོན་ལྡན་སྙན་པའི་འཕྲིན་ཡིག་སྤྲིངས་པ་ཡིས། །བདག་གི་ཡིད་ནི་རབ་ཏུ་མགུ་བར་བྱས། །ལེགས་བཤད་ཚོས་ལ་སྙིང་སྟོབས་མི་དམན་པའི། །དཔའ་ཁྱོད་དམ་པ་ལས་འོངས་ལེགས་བཤད་གཏམ། ། སྔོན་མེད་འགའ་ཞིག་རྙེད་ཅིང་ད་དུང་ཡང༌། །མདོ་སྔགས་གཏམ་གྱི་སྙིང་པོ་འགའ་ཡི་ཕྱིར། །དེ་ན་རིང་དུ་སྡོད་ཅེས་སྨྲ་བ་ལེགས། །ཅི་ཕྱིར་ཞེ་ན་གསུང་རབ་གནད་ཀྱི་དོན། །ཇི་བཞིན་ངེས་ནས་ཞི་བའི་ནགས་སུ་ནི། །ཚུལ་བཞིན་སྒྲུབ་ལས་ཡ་མཚན་ གཞན་མེད་ཕྱིར། །དེ་ནས་ཁ་ཆེ་བལ་པོར་ལེགས་སྦྱར་སྐད། །སློབ་ཏུ་འགྲོ་ཞེས་སྨྲ་བ་སེམས་ཅན་གྱི། །ཁམས་རྣམས་དུ་མ་ཡིན་པས་དེ་ཙམ་གྱི། །དབང་དུ་གཏོང་ན་དེ་ལ་སུས་ཅི་བྱ། །དེ་ལྟ་མིན་ན་དོན་ཆེན་བསྒྲུབ་པའི་ལམ། །ཡལ་བར་དོར་ནས་དོན་ཆུང་ ལྷུར་ལེན་པ། །དགག་བྱ་ཆེ་ལ་དགོས་པ་ཆུང་བའི་གནས། །བློ་གྲོས་མ་སྦྱངས་པས་ཀྱང་རིང་དུ་འདོར། །བདག་ཀྱང་དགེ་ལྡན་རི་བོའི་ངོས་ཡངས་སུ། །རྣམ་གཡེང་དོར་ནས་དབེན་པའི་རོ་མྱང་ཞིང༌། །མདོ་སྔགས་ལམ་གྱི་མཐར་ཐུག་གནས་རྣམས་ལ། །སྒོམ་ པའི་རྩོལ་པས་གློ་བ་དགའ་ཞིང་མཆིས། །དཔལ་ལྡན་བླ་མ་བདེ་ཞིང་དགྱེས་པར་སྤྱོད། །ཟླ་མོའི་དགེ་བའི་སྦྱོར་བ་འཕེལ་ཞེས་པས། །ཡིད་ལ་དགའ་བསྐྱེད་རིང་པོར་མ་ཐོགས་པར། །ཞུ་བའི་འཕྲིན་ཡིག་སྤྱན་སྔར་འབུལ་བར་ཡོད། །རིགས་པའི་ལམ་ ལ་བྱང་བའི་བློ་མཆོག་དང༌། །གསུང་རབ་གདམས་པར་ཤར་བའི་ཉམས་ལེན་དང༌། །ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ། །ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང༌། །ཡོན་ཏན་དུ་མའི་གཏེར་འཛིན་པས། །རྒྱལ་མཚན་ཏོག་ལྟར་ 2-3-199a མངོན་མཐོ་བ། །ཁྱོད་ཀྱིས་མངོན་པར་འདོད་པའི་དོན། །ཐམས་ཅད་ཡིད་བཞིན་གྱུར་ཞིག་གུ། །ཞེས་ཟླ་བ་བཅུ་གཉིས་པའི་ཚེས་དྲུག་ལ་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་ནས། བློ་བཟང་གྲགས་པའི་དཔལ་གྱིས་སྨྲས་པ་དགེ་ལེགས་སུ་གྱུར་ ཅིག། ༈ །།བློ་ལྡན་ཁྱོད་ཀྱིས་བདག་ལ་ཕན་འདོད་ན། །ཚེ་འདིའི་འཚོ་ཚིས་ཇི་ལྟར་བྱས་ཀྱང་ཕྱིད། །འཇིག་རྟེན་ཕྱི་མར་ངེས་པར་འགྲོ་འཚལ་བས། །དེ་ཕྱིར་ཕྱི་མ་དོན་དུ་གཉེར་བར་རིགས། །མི་ཡི་ལུས་དང་བསྟན་དང་མཇལ་བ་ནི། །ཡང་ཡང་མི་རྙེད་ད་རེས་ ཙམ་ལགས་ཤིང༌། །འདི་ན་དོན་ཆེན་འགྲུབ་པའི་གནས་ཡོད་པས། །ཚུལ་འདི་སོམས་ལ་མི་ལུས་སྙིང་པོ་ལོང༌། །དེང་བྱ་སང་བྱའི་བསམ་པས་འབྱམས་གྱུར་ན། །འཆི་བས་གཏུགས་ནས་ཅི་བགྱིར་མ་མཆིས་པས། །དེ་ཕྱིར་ཐོས་པའི་དོན་རྣམས་དེ་མ་ཐག །ཕྱི་བཤོལ་ མི་བྱ་ལག་ཏུ་བླང་བར་རིགས། །དྲན་ཤེས་གོ་ཆ་བྲལ་བའི་སྐྱེ་བོ་ལ། །ཡུལ་གྱི་ཚོམ་ཀུན་དག་གིས་རྟག་ཏུ་འཚེ། །དགེ་བའི་ལས་ལའང་གྲོགས་བྱེད་དཀོན་པས་ན། །མཁས་པས་གཞན་གྱི་དྲིང་ལ་མི་བཞག་གོ། །སློབ་དཔོན་བློ་གྲོས་འཕེལ་ཞེས་བྱ་བ་ལ་ཡིག་ལན་ མཛད་པ་ལས་ཁོལ་དུ་ཕྱུང་བའོ།། ༈ །།ཨོཾ་བདེ་ལེགས་སུ་གྱུར་ཅིག །རྨད་བྱུང་ལེགས་བཤད་སྐྱེས་ཀྱིས་ནི། །དམ་པའི་ཡིད་རབ་འཕྲོག་པ་ལྟར། །ཙནྡན་ལྗོན་པ་དྲི་བཞོན་གྱིས། །བསྐྱོད་པའི་བསུང་གིས་དེ་ལྟ་མིན། །དེ་ཕྱིར་མཁས་པའི་མགྲིན་པའི་རྒྱན། །ངག་ གི་དཔལ་སྟེར་དབྱངས་ཅན་ལ། །གུས་པས་འདུད་དོ་བཅོམ་ལྡན་མ། །ཚིག་གི་མཆོད་སྦྱིན་རྒྱས་པར་མཛོད། །ཆུ་གཏེར་བཞི་ཡི་སྐ་རགས་ཅན། །ས་ཆེན་འདི་ཡི་ལྷོ་ཕྱོགས་ཀྱི། །རྒྱལ་ཕྲན་དུ་མའི་སྤྱི་གཙུག་ན། །གང་གི་བཀའ་ལུང་ངལ་གསོ་བ། །འཛམ་གླིང་ས་ཡི་ 2-3-199b ཐིག་ལེ་ཏ་མིང་ཞེས། །ཡོངས་སུ་གྲགས་པའི་སྙན་པས་ཕྱོགས་ཀུན་གྱི། །སྐྱེ་དགུའི་རྣ་བའི་རྒྱན་དུ་བྱས་པ་དེས། །ཞབས་རྡུལ་འོད་འབར་གཙུག་རྒྱན་བཞིན་མཛད་པ། །དེ་ནི་དཔལ་ལྡན་ཐུབ་པའི་རིང་ལུགས་པ། །འགྲོ་བའི་ཡོན་གནས་བླ་ན་མེད་པའི་ཞིང༌། །སྙིགས་དུས་འགྲོ་བའི་རེ་ སྐོང་དཔག་བསམ་ཤིང༌། །མགོན་ཁྱོད་བསོད་ནམས་ཞིང་དུ་ཞབས་བརྟན་ཅིག །དེ་ལྟར་འདོད་པའི་ལྷ་ལ་ཕྱག་འཚལ་བ་དང་སྐབས་སུ་བབ་པའི་ཤིས་པ་བརྗོད་པའི་ངག་སྔོན་དུ་བཏང་ནས་རྣམ་པར་དཀར་བའི་དགེ་ལེགས་གསེར་གྱི་ས་གཞི་ཆེན་པོའི་ཁྱོན་ལས་ ནི་འཁྲུངས། ཐབས་ལ་མཁས་པའི་བསྡུ་བཞིའི་བང་རིམ་གདུལ་བྱའི་ཉེར་འཚོའི་གནས་དམ་པས་ནི་མཛེས། །དཔལ་དང་འབྱོར་བའི་རླབས་ཀྱི་ཕྲེང་བ་ཆལ་ཆིལ་གཡོ་བའི་རྒྱ་མཚོ་ཆེན་པོའི་དབུས་ན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཚུལ་གྱིས་ ལྷམ་མེ་ལྷན་ནེ་ལྷང་ངེར་བཞུགས་པའི་རིའི་དབང་པོ་གཉིས་པ་དེའི་སྤྱན་སྔར་ཞུ་བ་ནི། གངས་རིའི་ཁྲོད་པ་དང༌། རྒྱ་ནག་པོའི་འགྲོ་བ་དུ་མའི་མཐོ་རིས་དང་བྱང་གྲོལ་གྱི་ལམ་ལྟ་བའི་བློ་གྲོས་ཀྱི་མིག་ལེགས་པར་བཤད་པའི་གཏམ་གྱིས་ཡོངས་སུ་སྦྱངས་ནས་ སླར་ཡང་སྐུ་ལ་སྙུན་མེད་པར། དབུས་ཀྱི་ཕྱོགས་སུ་ཕེབས་པའི་གཏམ་གླེངས་པ་ཡང་དང་ཡང་དུ་ཐོས་པས་ཡིད་ཀྱི་ཤིང་བལ་དགའ་བའི་རླུང་གི་ཤུགས་ཀྱིས་ཀུན་ནས་བསྐྱོད་པར་གྱུར་ཏོ། །དེ་ལྟ་བུའི་སྐབས་སུ་འཕགས་པ་རྣམས་ནི་མཐོང་ན་བདེ། དམ་པ་རྣམས་ དང་འགྲོགས་པ་བདེ། །ཞེས་ཇི་སྐད་གསུངས་པ་བཞིན། བསྐུ་ཡི་རྒྱལ་མཚན་ལྟ་བའི་ཕྱིར་དུ། །ཉིད་ཀྱི་གམ་དུ་ལྷགས་པར་རིགས་ནའང༌། །ལོ་ཁ་ཅིག་གི་རིང་ལ་རི་མི་འབབ་ཀྱི་དམ་བཅའ་བརྟན་པོ་ཞིག་བགྱིས་ན་ཤིན་ཏུ་དགའ་བར་མཐོང་ནས་ཡོས་ལོའི་ 2-3-200a དཔྱིད་སྟོད་ནས། དེ་འདྲ་བའི་ཡི་དམ་བརྟན་པོ་ཞིག་བགྱིས་པའི་གཞན་དབང་དུ་གྱུར་པས་རེ་ཞིག་ལ་མཇལ་བར་རྔོ་མ་ཐོག་མོད། འོན་ཀྱང་ལུས་ནི་རིང་ན་གནས་ན་ཡང༌། །སེམས་དག་མཛའ་བ་མི་ཉམས་ཏེ། །དཔག་ཚད་དུ་མའི་བར་གནས་པའི། ། པདྨོའི་གཉེན་དང་པད་ཚལ་བཞིན། །སྐབས་ཀྱི་དོན་ཉེ་བར་བསྡུས་ཏེ་ཞུ་བ་ནི། སྐྱེ་དགུའི་བདེ་ལེགས་འབྱུང་བའི་སྒོ་གཅིག་བུ། །ཐུབ་བསྟན་རྒྱས་པའི་ཁུར་ཆེན་འཁྱེར་བ་ལ། །ཉིད་ལས་མཐུ་ཆེན་གཞན་འགའ་མ་མཆིས་པས། །ཚུལ་དེར་བརྩོན་པའི་ རྒྱལ་སྲས་སྤྱོད་པ་ལ། །བདག་འདྲས་གསོལ་བ་བཏབ་ལ་ལྟོས་ཅི་འཚལ། །འོན་ཀྱང་ཡིད་འཕྲོག་དམར་སེར་ལི་ཁྲིའི་མཚོར། །ཉི་མ་གཞོན་ནུའི་འོད་ཟེར་ཞུགས་པ་ན། །སྔོན་ལས་ཆེས་ཆེར་མཛེས་ལ་འགལ་བ་ཅི། །མི་མཉམ་བསོད་ནམས་རྟ་ བདུན་ཤིང་རྟ་ཡིས། །གངས་ཅན་བྱ་ལམ་ཡངས་པར་ལེགས་དྲངས་ཤིང༌། །ཕྲིན་ལས་འོད་སྟོང་འགྱེད་པའི་མཛད་པ་ཅན། །ཐུབ་བསྟན་པདྨོའི་ཚལ་གྱི་གཉེན་གཅིག་བུ། །མང་ཐོས་ལུང་གི་འདབ་བརྒྱ་རྒོད་པ་དང༌། །ཚུལ་བཞིན་སྒྲུབ་པའི་གེ་སར་ འཛུམ་པ་ཡིས། །གསུང་རབ་སྦྲང་རྩིའི་དཔལ་ལ་རོལ་འདོད་པའི། །སྐལ་བཟང་བུང་བའི་དགའ་སྟོན་རྒྱས་པར་མཛོད། །ལྷ་བུ་གཞོན་ནུའི་རྩེད་འཇོར་དགའ་བའི་ཚལ། །ཆགས་ལྡན་མིག་གི་བདུད་རྩིར་ལང་ཚོའི་དཔལ། །གཏམ་སྙན་དོན་གཉེར་ རྣ་བར་ཡིད་འོང་འཕྲིན། །ཏིང་འཛིན་ལ་སོགས་ཡིད་ལ་བསམ་གཏན་བདེ། །ཇི་ལྟར་དེ་བཞིན་བརྩོན་པའི་གོ་བགོས་ཤིང༌། །རྣམ་དཔྱོད་ཡངས་པའི་ཡིད་རབ་ཚིམ་བྱེད་པ། །ཐུབ་པའི་ལེགས་བཤད་ལས་གཞན་དགའ་སྟོན་གང༌། །དེ་སླད་ 2-3-200b རྒྱལ་བའི་བསྟན་པ་རྒྱས་པར་མཛོད། །རྒྱུ་མཚན་ཞིབ་པར་དགེ་བའི་བཤེས་གཉེན་དཔོན་སློབ་ཀྱིས་ཞུ་བར་བདོག །ཅེས་ཉེར་བཞི་ལ་རི་བོ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་ནས་ཞུས་པའི་སྐྱེས་ཀྱི་མཚོན་པར། བྱང་རྭ་སྒྲེང་གི་རྟེན་བྱིན་རླབས་ ཅན་ཅིག་ཏུ་བྱེད་པའི་མི་ཕམ་ཆོས་རྗེའི་སྐུ་བཟང་པོའི་བཞུགས་སྟངས་མཛད་པའི་ལི་མི་གཅིག །སྲབ་མོ་དཀར་པོ་བུབས་གཅིག །ཕྲུག་དམར་གཅིག །པད་ཁེབས་གཅིག །བཙུགས་ཞྭ་དམར་པོ་གཅིག་འབུལ་བ་ལགས། འདི་ཆོས་རྗེ་ཀརྨ་པ་དེ་བཞིན་ གཤེགས་པའི་དྲུང་དུ་ཞུ་ཡིག་གོ། ༈ །།སྭ་སྟི། གྲུབ་པས་བསྟེན་པའི་རི་བོའི་ངོས་དག་ཏུ། །དྲང་སྲོང་ཆེན་པོའི་སྤྱོད་པས་རབ་མཛེས་ཤིང༌། །མཐའ་ཡས་འགྲོ་བ་འདྲེན་དེའི་ཞབས་ཟུང་ནི། །གདུལ་བྱའི་གཙུག་ན་རིང་དུ་བརྟན་གྱུར་ཅིག །གངས་ཅན་ངུར་ སྨྲིག་འཛིན་པའི་ཅོད་པན་སྟེང༌། །གང་ཞིག་ཞབས་པད་རྣམ་མཛེས་དེ་དྲུང་དུ། །ཐུབ་པའི་རྗེས་སུ་སློབ་པའི་སྤོང་བ་པ། །བདག་གིས་གུས་པའི་ཡིད་ཀྱིས་འདི་སྐད་ཞུ། །ཐོས་ན་རྣ་བ་ཚིམ་བྱེད་དོན་བསམས་ན། །ཡིད་ལ་དཔལ་སྟེར་བཀའ་སྩལ་འཕྲིན་ཡིག་ནི། །བཟང་ མང་སྐྱེས་དང་བཅས་པ་བཀའ་བཞིན་དུ། །བསྒྲུབ་པ་དེ་ཡིས་བདག་གི་གམ་དུ་འཕྲོད། །དེ་ཚེ་ཡིད་ཀྱི་དཔག་བསམ་ལྗོན་པ་ནི། །དགའ་བའི་དྲི་ཡི་བཞོན་པས་རབ་ཏུ་བསྐྱོད། །ལྷུན་པོ་ལྟ་བུར་ཆེས་ཆེར་བརྟན་པའི་ཐུགས། །ཅུང་ཟད་ཙམ་དུ་གཞན་གྱིས་མི་གཡོ་བའི། ། ཚུལ་འདི་མགོན་པོ་ཁྱོད་ཀྱི་རང་བཞིན་དུ། །མཐོང་ནས་རེ་ཞིག་ངལ་བར་མ་བགྱིས་ལགས། །བསྟན་པ་རིན་ཆེན་རྒྱས་པའི་ཁུར་བཞེས་པ། །བདག་འདྲས་བསྐུལ་བར་གྱུར་ལ་ལྟོས་ཅི་འཚལ། །མགོན་ཁྱོད་འགྲོ་བའི་བསོད་ནམས་ཞིང་མཆོག་ཏུ། །ཞབས་བརྟན་ 2-3-201a སླད་དུ་སྲས་བཅས་རྒྱལ་བ་ལ། །གསོལ་བ་འདེབས་ཤིང་སྨོན་ལམ་དྲི་མེད་ཚོགས། །ཡང་དང་ཡང་དུ་འབད་པས་བགྱིད་པར་ཞུ། །ས་ག་ཟླ་བའི་ཚེས་བཅུ་བཞི་ལ་ཕུལ་བ་དགེ་ལེགས་སུ་གྱུར་ཅིག །ཅེས་པ་འདི་སྤྱན་མངའ་དཔལ་བ་ལ་མཛད་པའོ།། ༈ །།ཨོཾ་སྭ་སྟི། སྐུ་ནི་གཞན་ཕན་བསམ་པས་མཛེས་ཀྱི་རབ་བཀྲའི་གོས་ཀྱིས་མིན། །སྙན་ནི་ལེགས་བཤད་ཐོས་པས་མཛེས་ཀྱི་གསེར་གྱི་རྣ་ཆས་མིན། །ཕྱག་ནི་གཏོང་ལ་འཇུག་པས་མཛེས་ཀྱི་སྒྲ་ལྡན་གདུ་བུས་མིན། །བསོད་ནམས་བརྒྱ་ཡིས་ལྷག་པར་མཐོ་ བའི་མི་དབང་གང་དེ་རྒྱལ། །སྐྱོན་མེད་རིགས་ཀྱི་ཆུ་གཏེར་འཇིངས་ལས་འཁྲུངས། །དགེ་ལེགས་གསེར་གྱི་ར་བས་ཀུན་ནས་བསྐོར། །ཚད་མེད་ཡོན་ཏན་བརྒྱ་ཡི་དཔལ་འབར་བ། །མི་དབང་ལྷུན་པོ་གླིང་བཞིའི་དབུས་ན་བརྗིད། །ས་བདག་གཞན་ཕན་དགོངས་པ་གངས་ རིའི་གོས། །སྙན་ཞིང་རྣར་འབབ་གསུང་གི་ཚ་ཟེར་གྱིས། །ལེགས་པར་བཞུ་བའི་ཆུ་རྒྱུན་གྲགས་པའི་ཚོགས། །སྐྱེ་དགུ་ཀུན་གྱི་རྣ་བའི་རྒྱ་མཚོར་ཞུགས། །དེ་ཚེ་ཁྲིམས་གཉིས་མཁྱེན་པའི་བློ་གྲོས་ཀྱིས། །སྐྱེ་དགུ་བདེ་ལ་འགོད་པའི་ཁུར་འཁྱེར་བ། །ས་སྐྱོང་དེ་ཡི་ལྷག་ བསམ་འདི་འདྲ་ཞེས། །ཡ་མཚན་གཏམ་གྱིས་གཏམ་གཞན་གོ་སྐབས་ཕྲོགས། །དགེ་མཚན་རྒྱུ་སྐར་བྱེ་བས་བཀྲ་བ་ཡི། །སྐུ་ཡི་ནམ་མཁའ་མི་མཐུན་ཆུ་འཛིན་གྱི། །སྒྲིབ་གཡོགས་བསལ་ཕྱིར་བསམ་ཀུན་རྫོགས་མཛད་པའི། །ལྷག་པའི་ལྷ་ལ་གསོལ་བ་འདེབས་ ཤིང་མཆིས། །མི་དབང་བྱམས་པའི་ཐུགས་ཀྱིས་མངའ་རིས་རྣམས། །ཆོས་བཞིན་སྐྱོང་བའི་ཆབ་སྲིད་གང་ཡིན་པ། །པད་གཉེན་ལྷ་ཡི་ལམ་ནས་མ་ལྷུང་བ། །དེ་སྲིད་ཡར་ངོའི་ཟླ་བཞིན་འཇུག་གྱུར་ཅིག །ཅེས་པ་འདི་ནི་གོང་མ་ཧོར་རྒྱལ་བུ་མིའི་དབང་པོའི་དྲུང་ 2-3-201b དུ། བློ་བཟང་གྲགས་པས་ཞུ་བའི་ཞུ་ཡིག་གི་སྐྱེས་ཀྱི་མཚོན་པར་ཕྱག་ཕྱིས་དར་ཁ་དཀར་པོ་ཁ་གང་འབུལ། ཞིབ་ཀྱི་ཞུ་བ་དགེ་བཤེས་བསོད་རྒྱལ་བ་ལགས་ལ། ཟླ་བ་བཅུ་གཉིས་པའི་ཉེར་བདུན་ལ་ཆོས་གྲྭ་ཆེན་པོ་བདེ་བ་ཅན་ནས་ཕུལ།། ༈ །།ན་མོ་གུ་རུ་མཉྫུ་ གྷོ་ཥཱ་ཡ། རྒྱལ་བ་ཐམས་ཅད་མཁྱེན་ཅིང་ཐམས་ཅད་གཟིགས་པ་འཇིག་རྟེན་ཐམས་ཅད་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ་ལྷ་དང་མི་རྣམས་ཀྱི་སྟོན་པ་སྔོན་མེད་པ་དེ་ཡི་ཞབས་ཀྱི་པདྨོ་ལ་ལན་ཅིག་མ་ཡིན་པར་གུས་པས་ཕྱག་འཚལ་ལོ། །གྲངས་མེད་ བསྐལ་པར་ཡང་དང་ཡང་གོམས་པས། །མཐའ་ཡས་ཡོན་ཏན་ཚོགས་ཀྱི་ཕ་རོལ་བྱོན། །ལེགས་པར་བཤད་པའི་གཏེར་ཆེན་སྨྲ་བའི་མཆོག །བདེན་པ་གསུང་བ་དེ་ནི་བདག་གི་སྐྱབས། །བླ་ན་མེད་པའི་མཁྱེན་པའི་གཏེར། །གཅིག་ཏུ་གཞན་ལ་ཕན་པར་དགོངས། ། འཇིག་རྟེན་རྣམ་པར་འདྲེན་པ་དེས། །ཁྱེད་ལ་རྟག་ཏུ་སྐྱོང་གྱུར་ཅིག །དེ་ལྟར་འཇིག་རྟེན་ཐམས་ཅད་ཀྱི་སྐྱབས་གཅིག་པུ་ལ་མཆོད་པ་དང་ཤིས་པ་བརྗོད་པའི་ངག་སྔོན་དུ་བཏང་ནས་སྐབས་རྩོམ་པ་ནི། སྟོན་དང་བསྟན་པ་གཙུག་གི་རྒྱན་དུ་འཛིན། །དགེ་བའི་བཤེས་ གཉེན་ཚོལ་ལ་མངོན་པར་བརྩོན། །ལེགས་ཉེས་འབྱེད་པའི་རྣམ་དཔྱོད་མི་དམན་ཞིང༌། །བསོད་ནམས་སྟོབས་ཀྱིས་ས་ཆེན་ལེགས་སྐྱོང་བ། །མི་དབང་དེ་ཡི་ལྷག་བསམ་ལས་འོངས་པའི། །བཀའ་ལུང་སྙན་དངགས་ཕྲེང་བ་བསྒྲིགས་པ་ཡི། །བདག་ཡིད་ཀུན་ཏུ་ཚིམ་ པར་བྱས་པ་ནི། །ཡོངས་འདུའི་ལྗོན་པས་ལྷ་རྣམས་ཇི་བཞིན་ནོ། །དེ་ལྟར་བཀའ་སྩལ་སྙན་པའི་འཕྲིན་ཡིག་སྙན་དངགས་ཀྱི་ལམ་ནས་འོངས་པ། སྐྱེ་བོ་བློའི་ནོར་ཅན་རྣམས་མགུ་བར་བྱེད་པའི་དོན། སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་ཐོག་མ་དང་བར་ 2-3-202a དང་ཐ་མར་དགེ་བའི་ལེགས་པར་བཤད་པའི་འབེལ་བའི་གཏམ་གྱི་དགའ་སྟོན་སྤེལ་བའི་ཕྱིར་དུ་མཇལ་བར་བཞེད་པ་ཁུམས་ནའང༌། ཇི་སྐད་དུ། སུ་དག་ནགས་ཁྲོད་མངོན་པར་དགའ་བ་ཡི། །དགེ་སྦྱོང་དེ་ནི་ཤིན་ཏུ་བདེ་བ་མིང༌། །ཞེས་དང༌། ཚུལ་ཁྲིམས་ཡོངས་སུ་དག་པར་རབ་གནས་ཏེ། །བསམ་གཏན་བསམ་མི་ཁྱབ་ལ་རྟག་གནས་ཤིང༌། །སུ་དག་ནགས་ཁྲོད་ཞི་བར་དགའ་བ་ནི། །དེ་དག་ནམ་ཡང་ཡིད་གཉིས་འོང་མི་འགྱུར། །ཞེས་ཐུབ་པས་རྣམ་གྲངས་དུ་མའི་སྒོ་ནས་བསྟེན་ པར་བསྔགས་པའི་དབེན་པའི་གནས་གངས་རིའི་དཔལ་དང་ལྡན་པའི་ཁྲོད་སྨན་གྱི་ཁྱད་པར་རོ་དང་མཐུ་དང་རྣམ་པར་སྨིན་པའི་ཡོན་ཏན་མང་པོ་དང་ལྡན་པའི་ས་ཕྱོགས་མེ་ཏོག་དང་འདབ་མ་དང་ལོ་མ་དང༌། ལྡུམ་བུ་སྣ་ཚོགས་པ་རྣམས་ཀྱིས་བརྒྱན་ པ། གངས་ཀྱི་ཕྲེང་བ་ནི་ཡོལ་བ་བྲེས་པ་ལྟར་སྣང་ཞིང༌། རྨུགས་པའི་སྐེད་ཆིངས་ནི་དོ་ཤལ་ལྟར་གནས་པ། ཐེལ་སྡིངས་ཤང་ཤོང་རྣམ་པ་མང་པོ་དག་ནི་ཆེད་དུ་བཤམས་པ་བཞིན་ཡོད་པ། འབབ་ཆུ་རྣམ་པ་མང་པོ་ནི་ངོས་སུ་དུ་མ་ནས་སྒྲ་སྙན་པ་སྒྲོགས་ཤིང་ འབབ་པ། བུང་བ་མང་པོ་ནི་སྒྲ་དི་རི་རི་ཟེར་བ། དགེ་སློང་རྣལ་འབྱོར་སྤྱོད་པ་རྣལ་འབྱོར་ལ་བརྩོན་པ་དང་རྗེས་སུ་མཐུན་པའི་གནས་ལྷའི་སྡིངས། མིང་གཞན་རྣམ་པར་རྒྱལ་བའི་གླིང་ཞེས་པ་ཞིག་གིས་ཡོན་ཏན་གྱིས་ཡིད་ཀུན་ཏུ་དྲངས་པས། ཆུ་ཧ་ཅང་བསིལ་བའི་ཉེས་ པས་ཟིལ་གྱིས་མ་མནན་ན། ལོ་ཁ་ཡར་ལ་གྲོང་དུ་མི་རྒྱུ་བར་རྣལ་འབྱོར་ལྷུར་ལེན་ཅིང་བསྡད་པར་བྱའོ་སྙམ་པའི་ཡི་དམ་བརྟན་པོ་ཞིག་ལོ་སྔ་མའི་སྨིན་དྲུག་གི་ཟླ་བ་ལ་བགྱིས་བདོག་པས་ཉིད་ཀྱི་ཕོ་བྲང་དུ། ད་རེས་ལ་མཇལ་དུ་མཆི་ 2-3-202b བར་རྔོ་མ་ཐོག་པ་ལགས། དེའི་རྒྱུ་མཚན་ཡང་སྐྱེས་བུ་དམ་པ་རྣམས་ནི་ཇི་ལྟར་ནན་ཏན་གྱིས་ཁས་བླངས་པའི་དགོས་པ་ཆེན་པོ་དང་ལྡན་པའི་དམ་བཅའ་བའི་ཁུར་བར་མདོར་མི་འདོར་བར་བདེན་པ་བསྲུང་བ་ལ་ཆེད་ཆེར་བྱེད་དེ། ཇི་སྐད་དུ། ཡ་རབས་ རྣམས་ནི་བདེན་པ་སྲོག་དང་འདྲ། །དེ་བས་རབ་ཏུ་ཕོངས་ཀྱང་དེ་མི་འདོར། །བདེན་པ་མེད་ན་ཚེ་འདིའི་བདེ་བའམ། །སྲོག་ཀྱང་ངན་འགྲོ་དག་ལས་སྲུང་མི་ནུས། །ཞེས་དང༌། འགྲོ་བ་མཐའ་དག་ཁྱབ་པའི་གྲགས་པ་འཕེལ། །བདེན་པ་འཇིག་རྟེན་ གསུམ་ལས་འདས་པའི་ལམ། །ལྷ་ཡི་གནས་སུ་འཇུག་པའི་སྒོ་ཡང་ཡིན། །འཁོར་བའི་རྫོང་ལས་ཐར་པའི་ཟམ་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །ད་ནི་ལེགས་པར་བཤད་པའི་སྐྱེས་ཀྱི་དགའ་སྟོན་བྱ་བར་འདོད་ནས། མདོར་བསྡུས་ཏེ་ཅུང་ཟད་ ཅིག་གསོལ་བ་ནི། རང་སྲིད་ཚུལ་བཞིན་སྐྱོང་བའི་གྲགས་པ་ཡི། །རྒྱལ་མཚན་ཏོག་ལྟར་ཀུན་གྱི་ཁྲོད་ན་མཐོ། །ལེགས་ཚོགས་དཔལ་གྱིས་རབ་ཏུ་མཛེས་གྱུར་ཅིང༌། །བཟང་པོའི་ལམ་ལ་ཀུན་ནས་ལྷག་པར་དགྱེས། །བཀའ་ལུང་སྙན་པོ་འགྲོ་འདིས་སྤྱི་ བོས་ནོད། །གཟི་བྱིན་ཕས་ཀྱི་རྒོལ་བས་མི་བཟོད་ཀྱང༌། །དུལ་བའི་དཔལ་གྱིས་མངོན་པར་བསྟར་བ་ཡི། །ས་ཡི་བདག་པོ་ཁྱོད་ལ་འདི་ཡང་གསོལ། །འཁོར་དང་འབྱོར་བའི་ཁྱད་པར་རྒྱ་ཆེ་བས། །ཡངས་པའི་མངའ་རིས་གནས་ལ་མངའ་བསྒྱུར་བ། །རྒྱལ་ པོའི་གོ་འཕང་སྐྱེ་བ་གཞན་དག་ནས། །བསྣམས་ཏེ་མ་བྱོན་དགེ་བའི་མཐུ་ལས་ཡིན། །དེ་ཕྱིར་རང་གི་ཆོས་ཀྱི་ལམ་བཟུང་ནས། །འབངས་ཀྱང་ཚུལ་དེར་བཀྲི་བའི་ཐབས་མཁས་ཀྱིས། །རྒྱལ་སྲིད་ཆོས་ཀྱིས་བསྐྱངས་པར་མཛད་ན་ནི། །འདི་དང་ཕྱི་མར་དོན་ཆེན་ 2-3-203a འགྲུབ་པར་འགྱུར། །དེ་ཡི་ཚུལ་གྱིས་རྒྱལ་སྲིད་སྐྱོང་བ་ན། །ལྷ་རྣམས་དགའ་མགུ་རངས་ནས་བསྲུང་བ་དང༌། །ཕུན་ཚོགས་དཔལ་གྱིས་འཇིག་རྟེན་འབྱོར་བྱེད་པའི། །བཀྲ་ཤིས་མཚན་མ་མང་དུ་འབྱུང་བར་གསུངས། །སྐྱེ་དགུའི་འཕྲལ་ དང་ཡུན་གྱི་ཕན་བདེ་རྣམས། །གང་ལས་འབྱུང་བ་ཐུབ་པའི་བསྟན་པ་ནི། །བཤད་དང་སྒྲུབ་པས་རྗེས་སུ་འཛིན་པ་རྣམས། །ས་ཡི་བདག་པོས་རྣམ་པ་དུ་མས་མཆོད། །མགོན་སྐྱབས་གཞན་མེད་ཉིད་ལ་ལྟོས་གྱུར་པའི། །འབངས་ལ་རྒྱལ་པོས་བྱམས་ པའི་སེམས་བཟུང་སྟེ། །ཉེས་སྤྱོད་བུ་ལ་མཛངས་པའི་ཕ་བཞིན་དུ། །མི་རིགས་སྤྱོད་ལས་བཟློག་པ་མཁས་པའི་ལུགས། །རྒྱལ་བའི་བསྟན་དང་ཕྲད་པ་ཆེས་དཀའ་ཞིང༌། །ལུས་སྲོག་རི་གཟར་ཆུ་བཞིན་གཡོ་བ་དང༌། །འཇིག་རྟེན་ཕ་རོལ་ཚུལ་ལའང་ གཟིགས་ནས་ནི། །ས་ཡི་བདག་པོ་རྟག་ཏུ་བག་ཡོད་མཛོད། །སྐྱེ་དགུ་སྲིད་ནས་སྲིད་དུ་འཁྱམས་པའི་ཚེ། །མི་འདོད་སྡུག་བསྔལ་དུ་མས་གཟིར་བ་ལ། །དགེ་དང་འདྲ་བའི་སྐྱབས་གཞན་ཡོད་མ་ཡིན། །དེ་ཕྱིར་ལས་དེར་རྟག་ཏུ་དགྱེས་པ་བསྐྱེད། ། སྔོན་གྱི་གླིང་བཞིའི་དབང་ཕྱུག་ས་བདག་རྣམས། །གཞན་དྲིང་མི་འཇོག་བློ་གྲོས་སྟོབས་མངའ་བས། །དེ་དག་རང་སྲིད་སྐྱོང་ལ་འཇུག་པའི་ཚེ། །ལུགས་ཀྱི་བསྟན་བཅོས་དག་ལ་ལྟོས་མི་འཚལ། །དེ་ནས་རིམ་གྱིས་བློ་ཡི་མཐུ་བྲི་བས། །རྒྱལ་ སྲིད་སྐྱོང་བའི་ཁུར་ཁྱེར་རྒྱལ་པོ་རྣམས། །ལུགས་ཀྱི་བསྟན་བཅོས་རེ་རེའི་རྗེས་འབྲངས་ནས། །ས་ཡི་བདག་པོས་བགྱི་བ་བགྱིད་པར་གསུངས། །དྲང་སྲོང་ཡང་དག་པ་དང་ལྟར་སྣང་གིས། །བརྩམས་པའི་ལུགས་ཀྱི་བསྟན་བཅོས་དེ་དག་ 2-3-203b ཀྱང༌། །ཚད་མ་དག་དང་དེ་ལས་བཟློག་པ་འབྱུང༌། །དེ་ཕྱིར་ལུགས་ཀྱི་བསྟན་བཅོས་དམ་པ་བསྟེན། །ལེགས་ཉེས་འབྱེད་ལ་ཡིད་ནི་རྣམ་པར་འཐོམས། །གཟུ་ལུམ་ཙམ་གྱིས་རང་གི་སྲིད་འཛིན་པའི། །རྒྱལ་རིགས་ངན་པ་མན་ངག་ཡུལ་མིན་པས། །དེ་ལ་མཁས་ རྣམས་ལེགས་བཤད་ག་ལ་འདོམས། །རིགས་དང་མི་རིགས་རྟོགས་པའི་མཁྱེན་པ་ཅན། །སྔོན་གྱི་ས་བདག་དགེ་བའི་རྗེས་སུ་སློབ། །དམ་པའི་མགོན་ལ་དམའ་བའི་ཐུགས་འཛིན་པ། །ས་ཡི་བདག་པོ་ཁྱོད་ནི་གདམས་པའི་ཡུལ། །དེ་ཕྱིར་གངས་རིའི་ལྗོངས་ ན་གནས་བཅས་ཤིང༌། །ཚུལ་བཞིན་སྒྲུབ་པ་དམ་པའི་རྗེས་ཞུགས་ནས། །རྒྱལ་བ་དགྱེས་པ་བསྐྱེད་པར་འདོད་པ་ཡི། །དགེ་སྦྱོང་བདག་གིས་དེ་ལྟར་གསོལ་བ་ལགས། །གཙོ་བོ་རྣམས་ནི་ཅི་དང་ཅི་སྤྱོད་པ། །འབངས་རྣམས་དག་ཀྱང་ཕལ་ཆེར་དེ་དེ་བཞིན། །ཚུལ་ འདི་མཐོང་ནས་སྐྱེ་དགུ་སྐྱོང་བ་ལ། །རྒྱལ་བའི་གསུང་ལས་བྱུང་བའི་སྐྱེས་འདི་ཕུལ། །གསུང་ཡིག་སྔ་མའི་དུས་ན་ཡང་རྒྱུ་མཚན་མདོར་བསྡུས་ཤིག་གསོལ་མོད་ཀྱི། འོན་ཀྱང་ད་རེས་མཇལ་དུ་བཞེད་པ་ལ་ཐུགས་ཀྱི་སྤྲོ་བ་ཡོད་ཚུལ་དང༌། རང་གཞན་གྱི་དོན་ བགྱིད་པ་ལ་བསྐུལ་བ་ཁེངས་སྐྱུངས་དང་བཅས་པའི་ཕྲིན་ཡིག་དོན་བཟང་ལ་ཚིག་སྦྱོར་ལེགས་པ་བསྐུར་བྱུང་བའི་ལན་དུ། སླར་ཡང་མཇལ་དུ་མི་སྤྲོ་བ་མིན་ནའང༌། རེ་ཞིག་ལ་གྲོང་དུ་མི་རྒྱུ་བའི་རེ་མི་འབབ་ཀྱི་དམ་བཅའི་ཁུར་དེ་བཞག་ཏུ་མ་བདེ་བའི་རྒྱུ་མཚན་ ཆེ་བ་དང༌། ཉིད་ཀྱི་ཐུགས་ལ་སྔ་ནས་མངའ་ནའང༌། རྡོ་ཐལ་གྱིས་བྱུགས་པའི་ཁང་བཟང་ལ་དགུང་ཟླའི་འོད་ཀྱིས་ཕོག་ན་ཤིན་ཏུ་དཀར་བར་འགྱུར་བའི་ཚུལ་དུ་ཐུབ་པའི་གསུང་ལས་བྱུང་བའི་གདམས་པ་དང་རྗེས་སུ་བསྟན་པའི་ཁྱད་པར་འགའ་ཞིག་ 2-3-204a གསོལ་བ་ལགས། སླད་ནས་ཀྱང་འདོད་པར་བྱ་བའི་གནས་ལ་སྨོན་པའི་ཚུལ་ནི། མི་དབང་དགེ་བཅུའི་ཁྲིམས་ཀྱིས་སྲིད་སྐྱོང་ཞིང༌། །དེ་ལ་གེགས་ཀྱི་མཚན་མ་མེད་པ་དང༌། །ཆོས་དང་སྲིད་དང་འབྱོར་བའི་ཁྱད་པར་ཀུན། །ཡར་ངོའི་ཟླ་དང་ཕན་ ཚུན་འགྲན་པར་ཤོག །འགྲོ་བ་འདིས་ཀྱང་སྡུག་བསྔལ་བརྒྱ་ཕྲག་རྒྱུ། །ཉེས་སྤྱོད་བཏང་ནས་དགེ་བའི་ལམ་བཟུང་སྟེ། །ཡ་རབས་དམ་པའི་སྤྱོད་ཚུལ་ལྷུར་བླངས་པས། །རྫོགས་ལྡན་དུས་བཞིན་ཕུན་སུམ་ཚོགས་པར་ཤོག །འགྲོ་ཀུན་བྱམས་པའི་སེམས་དང་ལྡན་ པར་ཤོག །འཐབ་ཅིང་རྩོད་པའི་མིང་ཡང་མེད་པར་ཤོག །རྟག་ཏུ་ནད་མེད་བདེ་དང་ལྡན་པར་ཤོག །དགེ་ལ་སྤྱོད་པས་ཉིན་མཚན་འདའ་བར་ཤོག །ཚེ་ཡི་མཐར་ཡང་རྒྱལ་བ་འོད་དཔག་མེད། །འཁོར་དང་བཅས་པ་མཐོང་ཞིང་དེ་མ་ཐག །བུ་བུ་བདེ་བ་ཅན་དུ་ཚུར་ ཤོག་ཅེས། །འདྲེན་པའི་གསུང་གིས་དབུགས་འབྱིན་ཐོབ་པར་ཤོག །ཅེས་མི་དབང་ཆེན་པོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་ཞེས་ཡོངས་སུ་གྲགས་པ་ལ་གཏམ་དུ་བྱ་བའི་འཕྲིན་ཡིག་འདི་ནི། མང་དུ་ཐོས་པའི་དགེ་སློང་ཤར་ཙོང་ཁ་པ་བློ་བཟང་གྲགས་ པའི་དཔལ་གྱིས། གངས་ཅན་གྱི་ཁྲོད་ཀྱི་གངས་རིའི་དབང་པོ་འོ་དེ་གུང་རྒྱལ་གྱི་ལྷ་ཞོལ་ལྷའི་སྡིངས་མིང་གཞན་རྣམ་པར་རྒྱལ་བའི་གླིང་ནས་ཕུལ་བའོ།། ༈ །།ཨོཾ་བདེ་ལེགས་སུ་གྱུར་ཅིག །གང་ཞིག་དྲན་པ་ཙམ་གྱིས་ལེགས་ཚོགས་ཀུན། །ཇི་བཞིན་སྩོལ་ མཛད་སླུ་བ་མེད་པའི་སྐྱབས། །མཐའ་ཡས་རྒྱལ་བའི་ཡབ་གྱུར་འཇམ་དབྱངས་དེས། །སྐལ་བཟང་ཁྱེད་ལ་ཀུན་ནས་སྐྱོང་གྱུར་ཅིག །སྔོན་ཆད་བཟང་པོའི་ལས་ལ་ཆེར་གོམས་པས། །དེང་དུས་གྲུབ་པའི་རིགས་སུ་ལེགས་འཁྲུངས་ཤིང༌། །ཐེག་པ་མཆོག་ 2-3-204b ལ་བརྩོན་པ་མི་ལྷོད་པས། །ཉིན་མཚན་དུས་རྣམས་འབྲས་བུ་ཡོད་པར་འདའ། །ཆེ་བའི་གོ་འཕང་དག་ལ་གནས་ན་ཡང༌། །དེས་པའི་དཔལ་གྱིས་རབ་ཏུ་མཛེས་གྱུར་པས། །བཤེས་གཉེན་རྣམས་ལ་གུས་པས་ལེགས་འདུད་པའི། །བཟང་པོའི་མཚན་ཅན་དེ་ཡིས་ སྦྱར་བ་ཡི། །ཕྲིན་ཡིག་ཚིག་དོན་བཟང་པོའི་སྙན་དངགས་དང༌། །རྨད་བྱུང་རོ་དང་རེག་པའི་བདེ་སྟེར་བའི། །བཏུང་བ་གཉིས་དང་བགོ་བའི་གོས་དང་ནི། །ཚོན་དང་སྨན་གྱི་རྣམ་པ་སྣ་ཚོགས་དང༌། །ཞིང་བཟང་རྣམས་ལ་འོས་པའི་བཏུང་བར་བཅས། །དྲི་མེད་དགོངས་ པས་ཀུན་ནས་བསླང་བ་རྣམས། །མངགས་པའི་ཕོ་ཉས་ཕྱོགས་འདིར་ལེགས་པར་འཕྲོད། །ཇི་ལྟར་དགོངས་པ་དེ་ལྟར་བགྱིད་པར་ཞུ། །སྙིགས་དུས་འགྲོ་བའི་ཕུན་ཚོགས་ཤིན་ཏུ་དམན། །མི་སྲན་ནག་པོའི་རྩ་ལག་འཕེལ་བ་ཡིས། །ཉིན་རེ་བཞིན་ཡང་གླགས་ སྐབས་ཚོལ་བར་བྱེད། །དེ་ཕྱིར་བརྩོན་པ་ཆེན་པོ་མཛད་པར་རིགས། །རྟེན་བཟང་རྙེད་དང་བསྟན་དང་མཇལ་བ་དང༌། །དམ་པའི་བཤེས་རྙེད་ཤིན་ཏུ་དཀའ་བ་དང༌། །ལང་ཚོའི་དཔལ་ཡང་ཆེས་ཆེར་གཡོ་བའི་ཚུལ། །ཡང་ཡང་སེམས་པ་གནད་ཀྱི་གདམས་པ་ ལགས། །འདི་ཕྱིའི་ལེགས་ཚོགས་ཡིད་བཞིན་འགྲུབ་པས་ན། །སྐྱབས་གསུམ་བླ་མ་གཙུག་གི་རྒྱན་དུ་བཟུང༌། །རྒྱལ་སྲས་རྣམས་ཀྱི་ཐབས་མཁས་མཆོག་ཡིན་པས། །དགེ་བ་གང་བྱེད་བྱང་ཆུབ་སེམས་ཀྱིས་བསྒྱུར། །འཁོར་གསུམ་ཡོངས་དག་ལམ་གྱི་སྲོག་ཡིན་པས། ། རང་བཞིན་མེད་པའི་ལྟ་བས་རྒྱ་ཡིས་ཐོབ། །མཐོང་ཐོས་དྲན་རེག་དོན་ལྡན་འགྱུར་བས་ན། །རླབས་ཆེན་སྨོན་ལམ་མང་པོ་རྒྱུན་དུ་མཛོད། །གངས་རིའི་དབང་པོ་འོ་དེ་གུང་རྒྱལ་གྱི། །གངས་སུལ་བྱམས་པའི་གླིང་གི་རི་སུལ་ནས། །སྔོན་གྱི་དམ་པའི་རྗེས་སུ་སློབ་འདོད་ 2-3-205a པ། །བློ་བཟང་གྲགས་པའི་མཆིད་ནས་དེ་སྐད་ལོ། །མཆུའི་ཟླ་བའི་ཉེར་བདུན་ལ་དགེ་ལེགས་སུ་གྱུར་ཅིག། ༈ །།སྭ་སྟི། སྐྱེ་དགུ་རྣམས་ཀྱི་ཕན་བདེའི་གཏེར་གཅིག་པུར་གྱུར་པ། བསྟན་པ་རིན་པོ་ཆེ་འབད་པ་དུ་མས་ཕྱོགས་འདིར་ གསལ་བར་མཛད་ནས། བོད་ཀྱི་མངའ་རིས་ཆོས་ལྡན་དུ་སྐྱོང་བའི་ས་སྐྱོང་ཆེན་པོ་རྣམས་ཀྱི་གདུང་རབས་སུ་འཁྲུངས་ཤིང༌། ཡ་རབས་དམ་པའི་ཡོན་ཏན་གྱིས་བརྒྱན་པ། དཔལ་ལྷ་བཙན་པོ་སྐུ་ཁམས་བཟང་པོའི་ཐད་ནས་གསུང་ཡིག་ཚིག་ དོན་བཟང་པོ་དར་ཁ་དཀར་པོའི་སྐྱེས་དང་བཅས་པ་བསྐུར་བ། དགེ་བཤེས་ཤེས་རབ་དབང་ཕྱུག་གིས་བདག་གི་གམ་དུ་འཕྲོད་པས་སྤྲོ་བ་འཕེལ་བར་གྱུར། བདག་ཀྱང་རྒྱལ་བའི་བསྟན་པ་སྐྱོང་བ་ལ་ཆེར་རྔོ་མི་ཐོག་ནའང་བསམ་པ་བཟང་པོ་མ་དོར་ ཙམ། གང་གི་ནོར་གྱིས་ལྷ་དབང་འབྱོར་བ་ཡང༌། །ཟིལ་གནོན་འཕགས་པའི་ནོར་མཆོག་དད་པ་དང༌། །རྣམ་དཔྱོད་ཤེས་རབ་ནོར་གྱི་དཔལ་ཡོན་ཅན། །ལྷ་རིགས་དམ་པའི་བརྒྱུད་འཛིན་ཤཱཀྱ་ཤྲཱི། །སྲིད་ཞིའི་ཕུན་ཚོགས་གང་ལས་ལེགས་གྲུབ་པའི། ། དྲི་མེད་རྣམ་དཔྱོད་ཡར་ངོའི་ཟླ་བཞིན་དུ། །འཕེལ་བྱེད་སྨོན་ལམ་འདེབས་པ་སྤྲོ་བ་ལེགས། །གང་ཕྱིར་ཤེས་རབ་ལམ་གྱི་སྲོག་ཡིན་ཕྱིར། །འོན་ཀྱང་ཤེས་རབ་འཕེལ་བའི་ཟླ་མེད་རྒྱུ། །དམ་པའི་མགོན་ལས་དམ་ཆོས་ཡང་ཡང་དུ། །གསན་ཞིང་དེ་དོན་ རིང་དུ་སེམས་པ་ཡིན། །དེ་ཕྱིར་དེ་མཛོད་ཉིད་ཀྱིས་ལེགས་སྤྱད་ཀྱང༌། །བདེན་གཉིས་འབྱེད་ལ་གཞན་དྲིང་མི་འཇོག་པའི། །རྒྱལ་བ་དགྱེས་པའི་ཤེས་རབ་ཐོབ་བྱའི་ཕྱིར། །ཉིན་རེ་ཞིང་ཡང་ལན་གསུམ་བསྔོ་བའི་ཚེ། །བྱང་ཆུབ་སེམས་མཆོག་གཉིས་ 2-3-205b ཀྱིས་ལེགས་བཟུང་ནས། །འཁོར་བཅས་རྒྱལ་བའི་ཚོགས་ལ་དཔང་གསོལ་ཏེ། །ཤུགས་དྲག་འདུན་པས་ཡང་དང་ཡང་གསོལ་ན། །བཞེད་དོན་བདེ་བླག་ཉིད་དུ་འགྲུབ་པས་ན། །ལྷ་ཁྱོད་ཚུལ་དེར་རྟག་ཏུ་དགྱེས་པ་བསྐྱེད། །བདག་གི་ལེགས་སྤྱད་དུས་གསུམ་དང༌། །འབྲེལ་ བ་ཇི་སྙེད་མཆིས་པ་ཡིས། །རྒྱལ་བའི་མཁྱེན་རབ་ཐོབ་པར་ཤོག །དེར་མ་སོན་པ་ཀུན་ཏུ་ཡང༌། །རབ་འབྱམས་གསུང་རབ་དོན་རྣམས་ནི། །ཇི་བཞིན་འབྱེད་ལ་མངའ་འབྱོར་བའི། །རླབས་ཆེན་ཤེས་རབ་ཐོབ་པར་ཤོག །ཇི་ལྟ་ཇི་སྙེད་དོན་རྣམས་ཀྱི། །ཕྲ་བའི་གནས་ རྣམས་འབྱེད་པ་ལ། །ཀུ་ཤའི་རྩེ་མོ་དང་འདྲའི་བློ། །གསལ་བའི་ཤེས་རབ་ཐོབ་པར་ཤོག །མ་རྟོགས་པ་དང་ལོག་རྟོག་དང༌། །ཐེ་ཆོམ་དྲི་མས་ཡིད་བསྐྱོད་ཚེ། །དེ་མ་ཐག་ཏུ་འགོག་ནུས་པའི། །མྱུར་བའི་ཤེས་རབ་ཐོབ་པར་ཤོག །ཟབ་དང་རྒྱ་ཆེའི་གནས་རྣམས་ཀྱི། ། དོན་བཟང་རེ་རེའི་ཆ་ལ་ཡང༌། །གཏུགས་པ་མེད་པར་འཇུག་པ་ཡི། །ཟབ་པའི་ཤེས་རབ་ཐོབ་པར་ཤོག །མདོར་ན་འཆལ་བའི་ཤེས་རབ་ཀྱི། །སྐྱོན་དང་བྲལ་བའི་རྣམ་དཔྱོད་ཀྱིས། །རང་གཞན་དོན་གཉིས་སྒྲུབ་པ་ལ། །བདག་ནི་འཇམ་པའི་དབྱངས་བཞིན་ཤོག །ཅེས་བདེ་ ཆེན་སྟེང་ནས་ཉེར་ལྔ་ལ་ཕུལ་བའི་སྐྱེས་ཀྱི་མཚོན་པར་ཕྱག་ཕྱིས་ཤིག་འབུལ། ཞེས་པ་འདི་ནི་ཡར་ཀླུངས་ཇོ་བོ་ལ་གདམས་པའོ།། ༈ །།ཨོཾ་བདེ་ལེགས་སུ་གྱུར་ཅིག །སྲིད་པའི་འབྱོར་བ་རྨི་ལམ་དགའ་སྟོན་དང༌། །འདུ་འཛི་རྙེད་བཀུར་ཆུ་ཤིང་སྙིང་པོ་ལྟར། ། གང་གིས་གཟིགས་ནས་རྒྱལ་བས་བསྔགས་པའི་ལམ། །གཡེལ་བ་མེད་པས་བསྟན་པ་དེ་དག་རྒྱལ། །ཡུལ་ལ་སྲེད་པའི་ཆང་གིས་མྱོས་ཤིང་གཏི་མུག་མུན་པ་འཐུག་པོས་བསྒྲིབས་བདག་འཛིན་དྲ་བའི་སྦུབས་སུ་ཆུད་ཅིང་མཐའ་མེད་སྐྱེ་འཆིའི་བཙོན་རྭར་ 2-3-206a ལྷུང༌། །འཇིགས་རུང་ལས་ཀྱི་གཤིན་རྗེས་མནར་ཞིང་སྡུག་བསྔལ་ཁུར་ལྕིས་ངལ་བ་ཡི། །འཁོར་བའི་ཆོས་ལ་ཡིད་འབྱུང་གཏམ་འདི་སྙན་དངགས་རྒྱན་གྱིས་སྤེལ་བར་བྱ། །ཐུགས་རྗེའི་རླབས་ཆེན་རྒྱུན་ཆད་མེད་པར་གཡོ། །མཁྱེན་པའི་གཏིང་མཐའ་དཔག་ པར་མི་ནུས་པའི། །ཐུབ་དབང་དགེ་ལེགས་ཆུ་ཡི་གཏེར་ཆེན་དེས། །ཤིན་ཏུ་རྙེད་དཀར་གསུངས་པའི་དལ་འབྱོར་རྟེན། །རྙེད་པར་གྱུར་ཚེ་ཚེ་ལ་ལོང་མེད་པ། །ཡང་ཡང་ཡིད་ལ་ལེ་ལོས་མ་བྱས་པར། །ཉིན་མཚན་འདས་ན་ན་ཚོད་སོན་པའི་མཐར། །འཆི་བདག་ བྱུང་དུས་དུས་དེར་འགྱོད་ཀྱང་འཕྱིས། །མཉམ་དུ་འགྲོགས་པའི་གྲོགས་རྣམས་ཤི་བའི་གཏམ། །ཐོས་སམ་མཐོང་ཡང་ཡིད་ལ་ཁུ་འཕྲིག་མེད། །གསོད་སར་ཁྲིད་པའི་ཕྱུགས་ཀྱི་ལྷག་མ་རྣམས། །གཤེད་མ་མཐོང་ཡང་ཡིད་བདེར་གནས་པ་བཞིན། །སྲིད་པའི་ བྱ་ལམ་ཡངས་པར་ལས་ཀྱི་རླུང་གིས་བསྐྱོད་པ་ཡི། །ལུས་ཅན་རྣམས་ཀྱི་སྲོག་གི་ཉིན་བྱེད་འཆི་བདག་ནུབ་ཀྱི་ས་འཛིན་རྩེར། །ནུབ་པར་མ་གྱུར་སེམས་ཅན་གང་དེ་འདི་ན་འགས་ཀྱང་མ་མཐོང་ན། །ཉམ་ཆུང་གནོད་པའི་རྐྱེན་མང་བདག་ལ་མི་འཆིའི་གནས་ ཡོད་དམ། །དེ་ལྟར་ངེས་པར་འཆི་ན་གཏན་དུ་སྡོད་སྙམ་འཁྲུལ་བར་གོ། །གོ་བཞིན་ད་དུང་འཇུག་ན་དེ་ནི་ཕྱུགས་པས་ཕྱུགས། །ཕྱུགས་ཀྱང་གཡང་ས་མཐོང་ན་དེ་ལ་སྐྲག་པ་སྐྱེ། །སྐྱེ་མཐའ་འཆི་བ་ཡིན་ན་འདི་ལ་ཅིས་མི་འཇིགས། །ཤུགས་དྲག་རླུང་ གིས་མར་མེའི་ཕྲེང་བ་དང༌། །ཉིན་བྱེད་འོད་ཀྱིས་གྲིབ་མའི་དཔུང་ལ་བཞིན། །སྲོག་དབང་མི་བརྟན་སྲིན་པོའི་ཁར་ཚུད་ན། །དེ་ལ་རིང་དུ་འཚོ་བའི་སྐབས་ཡོད་དམ། །དེ་ལྟར་ངེས་པར་འཆི་ན་ཕྱི་མའི་བྱ་བ་ཇི་ལྟར་བཤོལ། །ཚེ་འདིར་བསྡད་ལོང་མེད་ན་དེ་ལ་ལ་ 2-3-206b ལོ་ཇི་ལྟར་རིགས། །ཤ་རུས་དག་ཀྱང་འགྱེས་ན་གཉེན་བཤེས་ཚོགས་ལ་ཇི་ལྟར་ཆགས། །གྲོགས་མེད་གཅིག་པུར་འགྲོ་ན་དེ་ཚེ་ཆོས་ལས་སྐྱབས་གཞན་གང༌། །ནམ་ཞིག་མཛའ་བཤེས་ཚོགས་ཀྱིས་མཐའ་ནས་བསྐོར། །འབྱུང་བ་འཁྲུགས་པའི་མཚོན་གྱིས་ལུས་ ལ་བཏབ། །བཟོད་གླགས་མེད་པའི་ཚོར་བས་སེམས་ལ་ཟིན། །བཤང་གཅིས་གོས་པའི་སྟན་ལ་འགྲེ་ལྡོག་ཚེ། །མལ་ནས་མི་གཡོ་ཟུམ་པའི་མིག་དང་ལྡན། །ཡན་ལག་རིད་ཅིང་སྐྲ་རྣམས་གྱེན་དུ་གཟིངས། །ཤ་རྣམས་སྟོངས་ཤིང་རུས་གཟེབ་མ་བྲལ་ཙམ། ། མདོག་ནག་པགས་པས་གཡོགས་པའི་དྲང་སྲོང་དེས། །ཉིན་མོ་ཁ་ཟས་གཅོད་པའི་དཀའ་ཐུབ་བླངས། །མཚན་མོ་གཉིད་ཀྱི་བདེ་བ་བཀག་ནས་ནི། །འཁུན་བུའི་དྲག་སྔགས་བགྲང་ལ་བརྩོན་བྱས་ཀྱང༌། །འཆི་བདག་བ་སྤུ་གཅིག་ཀྱང་གཡོ་མི་ནུས། །དེ་ཚེ་དེ་ལ་བརྩེ་བའི་ གཉེན་རྣམས་ཀྱང༌། །རྟབ་རྟབ་གྱུར་ཏེ་དྲུང་དུ་ལྷགས་ནས་སུ། །བརྩེ་བའི་ལྟ་སྟངས་དེ་ཡི་གདོང་དུ་བལྟ། །བཞིན་གྱི་དཀྱིལ་འཁོར་མཆི་མའི་ཆུ་ཡིས་བཀྲུས། །ཡིད་ནི་མྱ་ངན་བསམ་གཏན་ལ་གནས་ཤིང༌། །ངག་གི་འོ་དོད་ང་རོ་དབྱངས་སུ་བླངས། །ལག་པའི་དབྱུག་གུས་ བྲང་གི་རྔ་བརྡུངས་ཀྱང༌། །རང་ཉིད་ངལ་བ་ཙམ་ཞིག་འབྲས་བུར་ཟད། །རྣམ་ཤེས་སྐྱེས་བུ་ཕྱི་མར་སྐྱེས་ཆེན་འདེགས། །ལུས་ཀྱི་གྲོང་ཁྱེར་འབྲོག་སྟོང་བཞིན་དུ་བྱས། །རྟེན་མེད་རིག་པ་ལས་ཀྱི་རླུང་གིས་བདས། །རྒྱུས་མེད་ཕྱོགས་སུ་འཁྲུལ་ཞིང་འཁྱམས་པའི་ཚེ། ། སྔོན་བསགས་ལས་ཀྱི་ནུས་པ་མ་གཏོགས་པ། །ཡུན་རིང་དགའ་མགུར་སྤྱད་པའི་གཉེན་དང་གྲོགས། །ངལ་བ་དུ་མས་བསྒྲུབས་པའི་ལོངས་སྤྱོད་ཚོགས། །ཏིལ་གྱི་ཅ་ཤས་ཙམ་ཡང་རྗེས་མི་འབྲང༌། །ཚུལ་འདི་བསམས་ན་གློག་བཞིན་མི་བརྟན་པའི། །ཡུད་ཙམ་ 2-3-207a ཞིག་གི་ཚེ་འདིའི་བདེ་བའི་ཕྱིར། །བསྐལ་པར་བརྣག་དཀའི་སྡུག་བསྔལ་མྱོང་བའི་རྒྱུ། །སྒྲུབ་པར་བྱེད་ལ་སེམས་ཡོད་སུ་ཞིག་འཇུག །དབང་ཕྱུག་རྨི་ལམ་རྒྱལ་སྲིད་བཞིན་དུ་གཡོ། །ལང་ཚོ་དབང་པོའི་གཞུ་ལྟར་མྱུར་དུ་ཡལ། །གྲགས་པ་སྒྲ་བརྙན་བཞིན་ དུ་མིང་ཙམ་པ། །ལོངས་སྤྱོད་སྦྲང་མའི་རྩི་བཞིན་གཞན་གྱིས་སྤྱོད། །དེ་ལྟ་ན་ཡང་མ་རིག་ལིང་ཏོག་གིས། །བློ་མིག་རིང་ནས་བསྒྲིབས་པའི་བྱིས་པ་རྣམས། །མི་གཙང་ཁྲོད་ན་དགའ་བའི་སྦྲང་བུ་བཞིན། །ཚེ་འདིའི་བསླུ་བྲིད་དག་གི་དབང་དུ་གྱུར། །ཀྱེ་མ་མཐོན་ པོའི་མཐའ་ནི་དམའ་བར་ལྷུང༌། །ལང་ཚོའི་དཔལ་ནི་རྒ་བའི་ཉེས་པས་འཇོམས། །འབྱོར་པའི་མཐའ་ནི་རྒུད་པར་འགྱུར་ལ་སོགས། །གང་གང་འགྲོ་བའི་སྐྱབས་ཀྱིས་གསུངས་པ་རྣམས། །དེ་དེ་བཞིན་དུ་འདི་ན་སྣང་གྱུར་ཀྱང༌། །སླར་ཡང་སྲེད་པའི་ཆུ་བོས་ ཁྱེར་བ་ཡི། །ལུག་ལྟར་ལྐུག་པའི་བློ་ཅན་རྣམས་ཀྱིས་ནི། །འདི་ཡི་རང་བཞིན་མི་མཐོང་ཇི་ལྟར་བྱ། །ཉམ་ཆུང་འཇིག་སླ་ཆུ་ཡི་ཆུ་བུར་བཞིན། །མི་གཙང་སྣོད་གྱུར་ངན་སྐྱུགས་བུམ་པ་བཞིན། །སྡུག་བསྔལ་ཀུན་སྟེར་སྟོབས་ལྡན་དགྲ་བོ་བཞིན། །རྙེད་པར་དཀའ་ཞིང་ ཤིན་ཏུ་འཇིག་སླའི་ལུས། །འཇམ་པའི་གོས་དང་ཞིམ་པའི་ཁ་ཟས་ཀྱིས། །འབད་པ་དུ་མས་ལན་མང་བསྐྱངས་གྱུར་ཀྱང༌། །ཁྱི་དང་བྱ་རྒོད་ཅེ་སྤྱང་ཁ་ཟས་ལ། །རྩོལ་བ་དུ་མས་ག་དར་བྱས་པར་ཟད། །སྐྱེ་དགུའི་ཕན་བདེའི་རྩ་བ་བསྟན་པ་ཡང༌། །ནུབ་ པའི་མཐའ་ལ་ཤིན་ཏུ་ཉེ་བར་སླེབ། །སྲིད་མཚོ་སྒྲོལ་བའི་དལ་འབྱོར་གྲུ་ཆེན་ཡང༌། །ནམ་གྱི་ཚན་འཇིག་པ་མི་ཤེས་པས། །དེ་ཕྱིར་དལ་འབྱོར་ཐོབ་ཅིང་བསྟན་དང་འཇལ། །བཤེས་གཉེན་དམ་པ་བསྟེན་དུ་ཡོད་བཞིན་དུ། །དེ་ལས་འོངས་པའི་གདམས་ངག་ 2-3-207b བདུད་རྩིའི་རྒྱུན། །ཀྱེ་མ་ད་ལྟ་ཉིད་དུ་མི་འཐུང་ན། །ནམ་ཞིག་གློ་བུར་ཉིད་དུ་དབང་མེད་པར། །གཉེན་བཤེས་དབུས་ན་རྩེ་དགའ་སྐྱོང་བཞིན་དུ། །ནད་ཀྱི་ཕོ་ཉས་བཟུང་ནས་འཆི་བདག་གི། །དྲུང་དུ་ཁྲིད་ན་དེ་ཚེ་ཇི་ལྟར་བྱ། །དེ་ཕྱིར་ཡིད་སྨོན་ཙམ་ལ་མ་བཞག་པར། ། པང་དུ་དུག་སྦྲུལ་བྱུང་བའི་མི་བཞིན་དུ། །ལེ་ལོ་དོར་ནས་བརྩོན་འགྲུས་ཤུགས་བསྐྱེད་དེ། །དེང་ནས་ཐར་པའི་བདེ་བ་བཙལ་བར་རིགས། །ས་དང་བར་སྣང་ནམ་མཁའ་མི་མཚོན་པའི། །སྟོབས་ཆེན་མེ་ལྕེས་འཁོར་བའི་ནགས་ཁྲོད་ཀྱི། །སྲོག་ཆགས་ རྣམས་ཀྱིས་གནས་དེར་བག་ཕབ་ནས། །སོས་དལ་བདེ་བར་འདུག་པ་ཇི་ལྟར་འོས། །ཤེས་ལྡན་ཁྱོད་ལ་མང་དུ་སྨོས་ཅི་དགོས། །མདོར་ན་འཁོར་བའི་བདེ་འབྱོར་ཀུན་གྱིས་བསླུ། །གཅིག་ཏུ་ཡིད་བརྟན་རུང་བ་དམ་པའི་ཆོས། །དེ་ཕྱིར་དལ་འབྱོར་ཐོབ་པ་དོན་ཡོད་མཛོད། ། ཚུལ་འདི་འདི་དང་ཕྱི་མར་བདེ་བའི་གཞི། །དམ་ཆོས་ཆོས་ནས་གསུངས་བཞིན་བསྒྲུབ་འདོད་པ། །རིན་རྒྱལ་རྒྱལ་བའི་བསྟན་ལ་གུས་བ་དེས། །སྤེལ་ལེགས་ལེགས་པའི་ཚིག་གིས་ཡིད་སྐྱོའི་གཏམ། །དད་པའི་རླུང་གིས་བསྐུལ་ཚེ་ཕྱོགས་མེད་དུ། །ངལ་སོ་མེད་པར་འཁྱིས་ པའི་རྒྱལ་ཁམས་པ། །བློ་བཟང་གྲགས་པའི་མགྲིན་པའི་དཀྱིལ་འཁོར་ནས། །འཐོན་པར་གྱུར་པའི་འོད་སྟོང་ཚིག་གི་ཕྲེང༌། །ཆུ་སྐྱེས་འདབ་མ་ཤོག་བུའི་ངོས་དག་ལ། །མིག་གི་དགའ་སྟོན་ཆེད་དུ་འཁྲིགས་པ་འདིས། །ཁྱོད་ཡིད་ཐར་པའི་ལམ་དུ་འཕུལ་གྱུར་ཅིག །ཅེས་ པ་འདི་ནི་དད་པ་དང་གཏོང་བའི་ཡོན་ཏན་དང་ལྡན་པ་དཔོན་ཡིག་རིན་ཆེན་རྒྱལ་པོས། རྒྱང་རིང་པོ་ནས་བསྐུལ་བའི་དོན་དུ་མང་དུ་ཐོས་པའི་རྒྱལ་ཁམས་པ་བློ་བཟང་གྲགས་པའི་དཔལ་གྱིས། འཕགས་པ་འཇིག་རྟེན་དབང་ཕྱུག་གིས་རྒྱལ་པོའི་གཟུགས་ 2-3-208a བཟུང་ནས་བྱིན་གྱིས་བརླབས་པའི་གནས་ཆེན་པོ་པོ་ཏ་ལ་ཞེས་གྲགས་པར་སྦྱར་བའོ།། ༈ །།སྭ་སྟི་པྲཛྙ་བྷྱཿའཕྲལ་དང་ཡུན་གྱི་བདེ་བ་ཡིད་བཞིན་དུ། །ལེགས་པར་འགྲིག་པའི་རྟེན་འབྲེལ་རྩ་བ་ནི། །གསུང་རབ་ཀུན་ནས་བླ་མར་གསུངས་པས་ ན། །སྐྱབས་གསུམ་ངོ་བོར་བསྒོམས་ལ་གསོལ་བ་ཐོབ། །ཚེ་འདིའི་ཕུན་ཚོགས་ཇི་ཙམ་སྤྱད་གྱུར་ཀྱང༌། །འཆི་བའི་དུས་སུ་ཆོས་མིན་ཀུན་གྱིས་བསླུ། །དཀར་ནག་ལས་ཀྱི་འབྲས་བུས་མི་བསླུ་བས། །སྡིག་སྤོང་དགེ་བ་བསྒྲུབ་ལ་འབད་པར་བྱ། །ཉེས་མེད་སྲོག་ ཆགས་གསོད་པའི་ལས་རྣམས་ནི། །མྱུར་དུ་མྱོང་ཞིང་ངེས་པར་མྱོང་འགྱུར་ལ། །རང་ལ་སྨིན་ན་བཟོད་པའི་ཐབས་མེད་པས། །འདི་ལ་ཤིན་ཏུ་ཤིན་ཏུ་འཛེམ་པར་བྱ། །འདི་ནི་འདི་འདྲའི་ཚུལ་ལ་རབ་མོས་པ། །ཡ་རབས་སྤྱོད་ཚུལ་རྒྱན་གྱིས་མཛེས་དེ་ལ། ། ངེས་མེད་གནས་སུ་འཁྱམས་པའི་རྒྱལ་ཁམས་པ། །བློ་བཟང་གྲགས་པའི་མཆིད་ནས་དེ་སྐད་ལོ། །ཞེས་པ་འདི་འོལ་ཁར་དང་པོར་བྱོན་དུས་སྟོད་ལུངས་པ་དཔོན་ཡོན་ཏན་རྒྱ་མཚོ་ལ་གདམས་པའོ།། ༈ །།འགྲོ་བའི་གཉེན་གཅིག་རྒྱལ་བ་ཡི། །ཞབས་ལ་ གུས་པས་ཕྱག་འཚལ་ཏེ། །དེ་ཡི་བསྟན་ལ་རབ་དད་པ། །བློ་གྲོས་ཅན་གྱིས་སྤྲིངས་པ་ཡི། །སྐྱེས་བཅས་ཡི་གེ་འཕྲོད་པ་དང༌། །གདུགས་རེ་ཞིང་ཡང་དགེ་བ་ལ། །རབ་ཏུ་བརྩོན་པར་མཛད་དོ་ཞེས། །ཐོས་པས་བདག་ཉིད་རངས་པར་གྱུར། །སྐྱེས་བུའི་ནོར་ མཆོག་རྣམ་དཔྱོད་དེ། །དད་པ་དཀར་ཆོས་ཀུན་གྱི་གཞི། །དོན་མེད་འདའ་བ་བརྩོན་པས་སེལ། །དེ་ཕྱིར་དེ་དག་འབད་པས་བསྟེན། །བློ་དང་ལྡན་པས་ལེགས་སྤྱད་གང༌། །ཚེགས་ནི་ཆུང་དུས་བསོད་ནམས་སྒོམ། །དུ་མ་རྙེད་པས་དེ་ཚོལ་ལ། །རང་གཞན་ཇི་ 2-3-208b ལྟར་རིགས་པར་སྦྱོར། །དོན་ལྡན་ཚིག་ནི་རེ་རེས་ཀྱང༌། །ཤེས་རབ་ཅན་ལ་དོན་ཀུན་བྱེད། །སངས་རྒྱས་ཀུན་གྱི་གསུང་གིས་ཀྱང༌། །རྨོངས་ལ་ཕན་པ་སྒྲུབ་པར་དཀའ། །འཇིག་རྟེན་འདིར་ཡང་བདེ་འགྱུར་ལ། །ཕ་རོལ་དང་ཡང་མི་འགལ་བ། །ཚུལ་དེ་རིག་པར་གྱུར་པ་ལ། ། མཁས་རྣམས་ཤེས་རབ་ཅན་ཞེས་སྨྲ། །ཞེས་པ་འདི་ཤཱཀྱའི་དགེ་སློང་བློ་བཟང་གྲགས་པའི་དཔལ་གྱིས་བློ་གྲོས་ཀྱི་ནོར་ཅན་སྒོམ་པ་གྲགས་པ་རིན་ཆེན་ལ་གདམས་པའོ།། ༈ །།ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། འགྲོ་བ་ཀུན་གྱི་བདེ་དང་ལེགས་པའི་དཔལ། ། གང་ཞིག་སྐྱབས་སུ་བཟུང་བས་སྩོལ་མཛད་མ། །སྡུག་བསྔལ་ཅན་རྣམས་སྐྱོབ་པའི་ཁུར་འཁྱེར་བའི། །རྗེ་བཙུན་སྒྲོལ་མ་དེ་ལ་གུས་ཕྱག་འཚལ། །གང་དག་སྡུག་བསྔལ་རྒྱ་མཚོ་ཆེར་ལྷུང་བ། །དེ་དང་དེ་དག་ང་ཡིས་བསྒྲལ་ལོ་ཞེས། །རླབས་ཆེན་དམ་བཅའ་རྗེས་ སུ་སྒྲུབ་མཛད་པའི། །བརྩེ་ལྡན་མ་དེའི་ཞབས་ཀྱི་ཆུ་སྐྱེས་ནི། །གང་གིས་གུས་པས་སྤྱི་བོས་རབ་མཆོད་པ། །དལ་བའི་རྟེན་བཟང་རྙེད་པའི་བཞིན་བཟང་ཁྱོད། །ཁོ་བོས་ཕན་པ་སྨྲས་པའི་རྗེས་འབྲང་ན། །མདོ་ཙམ་བཤད་ཀྱི་བསམ་པ་ཐག་པས་ཉོན། །ངེས་པར་འོང་ ཞིང་མྱུར་དུ་འོང་ངེས་པའི། །འཆི་བའི་བསམ་པ་ཡང་ཡང་མ་སྦྱངས་ན། །དགེ་བའི་བསམ་པ་མི་སྐྱེ་སྐྱེས་ན་ཡང༌། །ཚེ་འདིའི་ཕུན་ཚོགས་ལྷུར་ལེན་ཙམ་དུ་ཟད། །དེ་ཕྱིར་གཞན་དག་འཆི་བ་མཐོང་ཐོས་རྣམས། །ཡིད་ལ་སོམས་ལ་བདག་ལ་འདི་འདྲ་ཞིག །མྱུར་ དུ་འོང་ངེས་ནམ་ཡོང་ཆ་མེད་ལ། །དེ་ཚེ་ལུས་དང་ལོངས་སྤྱོད་མཛའ་བཤེས་རྣམས། །ཀུན་དང་འབྲལ་ཞིང་དགེ་དང་སྡིག་པའི་ལས། །གྲིབ་མ་བཞིན་དུ་རྗེས་སུ་འབྲང་བ་དང༌། །སྡིག་པའི་ལས་ལས་རྒྱུན་རིང་ཤུགས་དྲག་པའི། །ངན་སོང་གསུམ་གྱི་སྡུག་བསྔལ་ 2-3-209a འབྱུང་བ་དང༌། །དགེ་བའི་ལས་ལས་བདེ་འགྲོ་བརྒྱུད་ནས་ནི། །མྱུར་དུ་རྒྱལ་བའི་གོ་འཕང་ཐོབ་པའི་ཚུལ། །ཤེས་པར་གྱིས་ལ་ཉིན་རེ་བཞིན་དུ་སོམས། །དེ་ལྟར་བསམས་ནས་སྐྱབས་སུ་འགྲོ་བ་འབད། །ཐུབ་པས་ཁྱིམ་པའི་རྟེན་ལ་བསྔགས་པ་ཡི། ། གཏན་ཁྲིམས་ལྔ་ལ་བློ་དང་འཚམ་པར་སློབ། །དུས་མཚམས་ཉི་མར་གསོ་སྦྱོང་ཡན་ལག་བརྒྱད། །ལེགས་པར་བླངས་ནས་སྲུང་བ་ཤིན་ཏུ་གཅེས། །ལྷག་པར་འཇིག་རྟེན་གཉིས་སུ་ཟུང་བྱེད་པའི། །མྱོས་འགྱུར་འཐུང་བ་དམ་པ་རྣམས་ཀྱིས་སྨད། །དེ་ཕྱིར་ བཞིན་བཟང་ཁྱོད་ཀྱིས་སྨད་པའི་གནས། །ལས་འདི་ལ་ནི་གཏན་དུ་ལོག་ན་ལེགས། །གང་ལ་སྤྱད་པའི་ཕུགས་སུ་སྡུག་བསྔལ་ན། །འཕྲལ་དུ་བདེ་བར་སྣང་ཡང་བསྟེན་མི་བྱ། །དུག་དང་འདྲེས་པའི་ཁ་ཟས་གཡོས་ལེགས་རྣམས། །ཀུན་གྱིས་སྤོང་བར་བྱེད་པ་ མ་མཐོང་ངམ། །ཉིན་རེ་ཞིང་ཡང་དཀོན་མཆོག་མཆོད་པ་སོགས། །དགེ་ལ་འབད་ཅིང་སྔར་བྱས་སྡིག་པ་བཤགས། །སླན་ཆད་སྡོམ་པ་ཇེ་དྲག་ཇེ་དྲག་བྱ། །གང་བསགས་དགེ་བ་སངས་རྒྱས་རྒྱུ་རུ་སྔོས། །མདོར་ན་སྐྱེ་དང་འཆི་བའི་དུས་རྣམས་སུ། །གཅིག་པུ་སྐྱེ་ ཞིང་གཅིག་པུ་འཆི་བས་ན། །གྲོགས་དང་ཉེ་དུ་ལ་སོགས་ཀུན་གྱིས་བསླུ། །སླུ་བ་མེད་པའི་མཆོག་ནི་དམ་ཆོས་ཡིན། །ཚེ་ཐུང་འདི་ནི་གློག་བཞིན་ཡུད་ཙམ་པ། །གང་ལྟར་བྱས་ཀྱང་ཕྱིད་ཀྱི་གཏན་བདེ་གཅིག །སྒྲུབ་དུས་ད་རེས་ཡིན་ནོ་ལེགས་པར་སོམས། །དལ་ འབྱོར་རིན་ཆེན་སྟོང་ལོག་མ་བྱེད་ཅིག །དེ་ལྟར་གདམས་ལས་བསོད་ནམས་གང་ཐོབ་དེས། །སྐྱིད་ཀྱང་མི་འཚེང་སྡུག་ཀྱང་མི་ཕུང་བའི། །ཚེ་འདིའི་བུན་ལོང་བསྒྲུབ་པའི་བློ་ལོག་ནས། །འགྲོ་ཀུན་ཆོས་ཀྱི་དགའ་བས་འཚོ་བར་ཤོག །འདི་ནི་འགྲོ་བའི་ 2-3-209b བསོད་ནམས་ཞིང༌། །སྐུ་གཟུགས་འདྲི་བའི་ལས་ལ་མཁས། །དཔལ་ལྡན་ཞེས་བྱས་བསྐུལ་བའི་ངོར། །དགེ་སློང་བློ་བཟང་གྲགས་པས་སྨྲས། །ཞེས་དལ་འབྱོར་གྱི་རྟེན་ལ་སྙིང་པོ་ལེན་པར་བསྐུལ་བའི་ཚིགས་སུ་བཅད་པའོ།། ༈ །།གང་གི་ཐབས་མཁས་ མཛད་པས་འགྲོ་བ་ལ། །གནས་སྐབས་ཀུན་ཏུ་བདེ་བའི་མཆོག་སྩོལ་བ། །ཟླ་མེད་སྟོན་པ་དེ་ཡིས་ཁྱོད་ལ་ནི། །ཉིན་མཚན་ཀུན་ཏུ་བདེ་ལེགས་སྦྱིན་གྱུར་ཅིག །ཕུལ་བྱུང་དད་པའི་ཤུགས་ནི་རབ་དྲག་ཅིང༌། །རྣམ་དཔྱོད་ཤེས་རབ་ནོར་གྱིས་མི་དམན་པ། །ཆོ་རིགས་ བཟང་པོའི་བརྟུལ་ཞུགས་འཛིན་པ་ཁྱོད། །ཕྱོགས་འདིར་རྣམ་དཀར་དགོངས་པ་ཡོད་པ་ཁུམས། །དེ་ལྟ་ན་ཡང་འདུ་འཛི་མང་པོ་ཡིས། །གཡེངས་པར་གྱུར་ཚེ་ཁམས་ཀྱིས་མི་ལྕོགས་པའི། །ཚུལ་འདིས་དོན་གཉིས་སྒྲུབ་ལ་མཐུ་མེད་ཀྱི། །ཁྱད་པར་ཉིད་ཀྱི་ བཞེད་པ་མི་རྫོགས་པར། །མཐོང་ནས་རེ་ཞིག་ཕྱོགས་དེར་བགྲོད་པ་བཤོལ། །དེ་ལ་བློ་གྲོས་ལྡན་ཁྱོད་བཟོད་པ་མཛོད། །དགེ་ལ་བརྩམས་པ་མཐར་ཕྱིན་མ་གྱུར་ཀྱང༌། །ཇི་ཙམ་བརྩམས་པ་དེ་ཙམ་གྱིས་ཀྱང་འཚེང༌། །སྐོམ་པས་ཆུ་ཀླུང་རྫོགས་པར་མ་འཐུངས་ ཀྱང༌། །ཆུ་འགའ་འཐུངས་པ་ཡིས་ཀྱང་ངོམས་པར་འགྱུར། །དེ་འདྲའི་དགེ་དེས་ཚེ་རབས་ཀུན་ཏུ་ཁྱོད། །རྒྱལ་བའི་དམ་ཆོས་མ་ལུས་འཛིན་གྱུར་ཅིག །ཅེས་པ་འདི་རྒྱ་མ་ཁྲི་དཔོན་ཆེན་པོ་རིན་ཆེན་རྒྱལ་མཚན་པས་རྒྱ་མར་འོང་དགོས་ཞེས་ཡང་ཡང་བསྐུལ་ བའི་དོན་དུ། མང་དུ་ཐོས་པའི་དགེ་སློང་བློ་བཟང་གྲགས་པས་སྦྱར་བའོ།། ༈ །།ཨོཾ་བདེ་ལེགས་སུ་གྱུར་ཅིག །སྨྲ་བ་ཟླ་མེད་ཤཱཀྱའི་རིགས་ཀྱི་གཙོ། །ཀུན་གྱི་སྐྱབས་གཅིག་བཅོམ་ལྡན་ཐུབ་པ་ཆེ། །རྒྱལ་སྲས་ཀུན་གྱི་གཙུག་ན་ལྷམ་མེ་བ། །འཇམ་ 2-3-210a པའི་དབྱངས་ཀྱིས་ཁྱེད་ལ་རྟག་ཏུ་སྐྱོངས། །སྔོན་བསགས་ཤིན་ཏུ་དཀར་པའི་ལས་བཟང་གིས། །ཡོངས་སུ་དྲངས་པའི་མཐོ་རིས་དཔལ་ཡོན་ཅན། །བསྟན་པ་རིན་ཆེན་རྒྱས་པའི་ཁུར་འཛིན་པ། །བཤེས་གཉེན་ཆེན་པོ་ཆོས་ཀྱི་རྒྱལ་པོ་ རྒྱལ། །སྐྱེ་དགུ་རྣམས་ཀྱི་བདེ་ལེགས་སྒོ་གཅིག་པུ། །ཐུབ་པའི་བསྟན་ལ་སྙིང་ནས་གུས་པ་ཡིས། །ཕྱོགས་དུས་ཀུན་ཏུ་རྒྱས་པའི་ཐུགས་མངའ་བ། །དཔལ་ལྡན་དྷརྨྨ་རཱ་ཛ་ཞབས་བརྟན་ཅིག །དེ་ལྟར་བདེ་ལེགས་སུ་བྱེད་པའི་ངག་སྔོན་དུ་བཏང་ནས་ སྐབས་ལ་འཇུག་པ་ནི། སྔོན་གྱི་མཛད་པ་བཟང་པོའི་མཐུ་ལ་བརྟེན་ནས་ཕུན་སུམ་ཚོགས་པའི་དཔལ་གྱིས་ནི་མངོན་པར་མཐོ། བསྟན་པ་ཁོ་ན་ཕན་བདེའི་རྩ་བར་གཟིགས་ནས། ཐུབ་པའི་བསྟན་པ་ཕྱོགས་ཀུན་ཏུ་རྒྱས་པར་མཛད་པའི་ཁུར་ཆེན་པོ་ ནི་བསྣམས། བླང་དོར་གྱི་གནས་ལ་རྣམ་དཔྱོད་རྒྱས་པའི་རྣམ་པར་དཀར་བའི་མཛད་པ་ཕྱོགས་ཀུན་ཏུ་གཡོ་བ་ལས། སྔོན་ཚེ་བསྟན་པའི་དར་རྒྱས་ཆེར་བྱུང་ཡང༌། །ཕྱི་ནས་དུས་ཀྱི་དབང་གིས་ཆེར་ཉམས་པས་ད་ལྟ་མཐའ་འཁོབ་མི་བཟད་པར་གྱུར་པའི།། མདོ་སྨད་ཅེས་བྱའི་རྒྱལ་ཁམས་ཆེན་པོ་དེར། ལྷ་མིའི་བསོད་ནམས་ཞིང་གི་མཆོག །ཐུབ་པའི་བརྟུལ་ཞུགས་ལེགས་བཟུང་ནས། །ལུང་གི་བསྟན་པའི་འཛིན་པའི་གཞི། །ཆོས་སྡེ་ཆེན་པོ་རྣམ་པ་ལྔ། །ཉིད་ཀྱིས་ལེགས་པར་བཙུགས་སོ་ཞེས། །བཀའ་སྩལ་གསུང་ ཡིག་འཕྲོད་པའི་ཚེ། །ཡིད་ནི་དགའ་བས་བསྐྱོད་པ་ལས། །སྙིང་ནས་ངོ་མཚར་ཆེན་པོ་སྐྱེས། །བཀའ་སྩལ་གྱི་རྟེན་ལིང་དུར་ཁའི་བླ་གོས་གཅིག །གོས་དུར་ཁའི་ཟླ་གམ་གཅིག་ཁ་བཏགས་དཀར་པོ་གཅིག །ཆུ་ཤེལ་གྱི་ཕྲེང་བ་བརྒྱ་རྩ་གཅིག །བསི་ཇ་ 2-3-210b རྒྱ་མ་ལྔ་བཅུ་རྣམས་བླ་མ་འབྱུང་གནས་རྒྱལ་པོས་འཕྲོད་ཅིང༌། དབུས་གཙང་གི་ཆོས་སྡེ་ཆེ་ཆུང་ཐམས་ཅད་དུ་མང་བསྐོལ་འབུལ་ནོད་དང་བཅས་པ་བསྐུར་བ་ལས། དགོན་པ་འདིར་ཡང་དགེ་འདུན་ལ་མང་བསྐོལ་ཚ་པྲ་དང་བཅས་པའི་ཆས་བསྐུར་བ་རྣམས་ཀྱང་ཚང་མར་ འཕྲོད་ལགས། ཆོས་སྡེ་བཙུགས་པ་དང་དགེ་འདུན་མཐའ་ཡས་པ་ལ་རྙེད་བཀུར་མཛད་པའི་དགེ་རྩ་རྣམས་ཀྱང༌། ཆོས་ཀྱི་རྒྱལ་པོ་ཆེན་པོ་ཡབ་སྲས་སྐུ་ཚེ་རིང་ལ་ཆབ་སྲིད་བརྟན་པའི་དོན་དང༌། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་མཁྱེན་དུ་བསྔོ་བ་དང་སྨོན་ལམ་ གྱིས་གསུང་བ་འདུག་པ་བཞིན་དུ་ཆོས་སྤྱོད་དག་པོ་བགྱིས་ཏེ་སྨོན་ལམ་རྣམ་དག་གིས་རྒྱས་བཏབ་བདོག་ལགས། ད་དུང་ཡང་ཆོས་སྡེ་བཙུགས་པ་ལྔ་པོ་ལ། དད་ཚུགས་ལ་གཞི་བྱས་པའི་རྣམ་པར་དག་པའི་གཞུང་ལ་ཐོས་བསམ་བྱེད་པ་རྣམས་ཡར་འཕེལ་དུ་ གྱུར་ནས། ཕྱོགས་ཀུན་ཏུ་སྙན་པ་རྒྱས་པའི་ཐབས་ལ་ཐུགས་ཀྱིས་བསྙེན་ལ་བ་མི་མངའ་བའི་ཁུར་ཆེན་པོ་བསྣམས་པར་ཞུ་ཞུ། ཅི་ཕྱིར་ཞེ་ན་དལ་འབྱོར་ཐོབ་པ་ལ། །སྙིང་པོ་ལེན་པའི་ཐབས་ལ་དེ་མཆོག་ཅེས། །སྲས་བཅས་རྒྱལ་བས་ཡང་དང་ཡང་གསུངས་ཕྱིར། ། འདི་ལ་བརྩོན་པ་ལྷོད་པར་རིགས་པ་མིན། །སྐབས་དོན་གཉིས་པ། དྲུང་པའི་ཐུགས་བཞེད་རྨད་དུ་བྱུང་བ་ཆེན་པོ་ཞིག་སྒྲུབ་པ་ལ། བླ་མ་བསོད་ནམས་བཟང་པོ་བ་མངགས་པ་ལ་ད་རེས་ཀྱི་དོན་རྣམས་ལེགས་པར་གྲུབ་པའི་རྒྱུ་མཚན་ཞིབ་པར་ཞུ་ཡིག་ལོགས་ ན་ཡོད་པ་ལ་གསལ་ལགས་ཞེས་ཆུ་སྟོད་ཀྱི་ཟླ་བའི་ཉེར་གཉིས་ལ་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་ནས་ཞུས་པ་སྤྱན་ལམ་དུ་བབ་པའི་རྟེན་མཚོན་ཙམ་དུ། ཉང་སྟོད་ཀྱི་ཕྲུག་དུར་དམར་ལྔ་སྣམ་ལེགས་པར་འདོད་པ་གཅིག་དང༌། སྲབ་མོ་ 2-3-211a དཀར་པོ་བུབས་གཅིག །གཙུག་ཞྭ་དམར་པོ་གཅིག་རྣམས་ལ་ཐེའུ་ཚེ་འདི་འབྱར་བ་འབུལ་བ་དགེ་ལེགས་སུ་གྱུར་ཅིག །ཅེས་པ་འདི་ནི་རྗེ་རིན་པོ་ཆེའི་ཞལ་སྔ་ནས་བྱང་བླ་མ་ལ་གནང་བའོ།། ༈ །།ཨོཾ་བདེ་ལེགས་སུ་གྱུར་ཅིག །གྲགས་པའི་རི་ བོ་མཐོན་པོ་ལ་འཛེགས་པའི། །དུ་མའི་འགྲོ་བས་གང་གི་ཞབས་མཆོད་པ། །རྗེ་བཙུན་མཁྱེན་པའི་གཏེར་དེའི་མཛད་པ་ཡིས། །ཁྱེད་ཀྱི་ཕུན་ཚོགས་ཀུན་ནས་སྐྱོང་གྱུར་ཅིག །དྲི་ཞིམ་པདྨ་རྐང་དྲུག་དང༌། །མཛེས་པའི་ལང་ཚོས་སྲེད་ལྡན་བཞིན། །རྣར་ སྙན་གསར་བའི་ཕྲིན་ཡིག་གིས། །ཡིད་རབ་འཕྲོག་ཕྱིར་འདི་སྐད་བརྗོད། །རྣ་བ་ཐོས་པའི་བང་མཛོད་མགྲིན་པ་ལེགས་བཤད་གཏེར། །སྤྱི་གཙུག་དམ་པ་ལ་འདུད་ཚུལ་ཁྲིམས་གོས་ཀྱིས་ཀླུབས། །དམ་པའི་ཡིད་འཕྲོག་རྒྱན་བཟང་དུ་མས་རབ་སྤུད་པ། ། མཁས་པའི་བཤེས་ཁྱོད་རང་གི་གནས་སུ་བདེར་སོན་ནས། །མིག་དང་རྣ་བ་ཡིད་ལ་དཔལ་སྟེར་བའི། །སྡེབས་ལེགས་དོན་བཟང་སྙན་པའི་ཕྲིན་ཡིག་ནི། །ཕུན་ཚོགས་སྐྱེས་བཅས་བསྐུར་བ་འཕྲོད་པའི་ཚེ། །ཡིད་མཚོར་དགའ་བའི་རླབས་ཕྲེང་གཡོས་ པར་གྱུར། །བདག་ཀྱང་དབེན་པར་སྔོན་ཆད་ཐོས་པའི་དོན། །ཇི་བཞིན་སྒྲུབ་པའི་བདེ་བ་ལ་ཆགས་པས། །རེ་ཞིག་དགེ་ལྡན་རི་བོའི་ངོས་ལས་ནི། །ཕྱོགས་གཞན་མི་གཡོའི་ཡི་དམ་བརྟན་པར་བགྱིས། །བསྟན་པ་གནས་དང་མཁས་པའི་མགོན་བཅས་དང༌། །ལང་ ཚོ་མ་ཡོལ་རྣམ་དཔྱོད་རྒྱས་པ་དང༌། །རྣམ་གཡེང་དོར་ནས་སྒྲུབ་ལ་འདུན་པ་ནི། །བློ་མཆོག་ལྡན་པ་རྣམས་ཀྱི་ལེགས་སྨོན་གནས། །ཚུལ་འདི་ཤིན་ཏུ་རྙེད་དཀའ་འཇིག་སླ་བ། །རིག་ནས་ཉིན་མཚན་ཀུན་ཏུ་དལ་བའི་རྟེན། །དོན་ལྡན་བྱེད་པ་མཁས་པའི་ 2-3-211b མཁས་པ་སྟེ། །ལྷག་མའི་སྐྱེ་བོ་བྱིས་ལས་བྱིས་པར་གསུངས། །རྒྱལ་བས་བསྔགས་པའི་མང་ཐོས་རྒྱ་མཚོ་ཆེར། །རྣམ་དཔྱོད་བརྩོན་པའི་གྲུ་ཡིས་ལེགས་ཞུགས་ནས། །ལེགས་བཤད་རིན་ཆེན་གླིང་གི་དགའ་སྟོན་མཆོག །ཉམས་སུ་མྱོང་བའི་རྣམ་དཔྱོད་ བཟང་པོ་ཅན། །ཁྱོད་ལ་བདག་གིས་མང་དུ་བསྐུལ་ཅི་འཚལ། །གསུང་རབ་ཐོས་པའི་དགའ་སྟོན་འདི་འདྲ་ན། །དེ་དོན་སྒྲུབ་པའི་བདེ་བ་ཅི་འདྲ་ཞེས། །རྒྱུན་དུ་ཡིད་ལ་གནག་པ་རྒྱས་པར་མཛོད། །རིན་ཆེན་དབང་གི་རྒྱལ་པོ་ལས་ལྷག་པའི། །ངོ་མཚར་རྟེན་ འདི་རིང་དུ་འཚོ་བ་ཡི། །ཐབས་མང་སྨྲ་བའི་ཟླ་བས་གང་གསུངས་པ། །དེ་ལའང་བརྩོན་པ་ཤིན་ཏུ་གཅེས་པ་ལགས། །ཞེས་པ་འདི་ནི་མང་དུ་ཐོས་པའི་དགེ་སློང་བློ་བཟང་གྲགས་པའི་དཔལ་གྱིས། བསྟན་པའི་རྩ་ལག་དམ་པ་སྡོམ་བརྩོན་ཆེན་པོ་དཀའ་ བཅུ་པ་དགེ་ལེགས་དཔལ་པའི་གསུང་ཤོག་གསེར་སྲང་གང་དངུལ་དམ་གཅིག །དཀར་ལྷང་ཟུང་གཅིག །སྤོས་ལྟང་གཅིག་གི་རྟེན་དང་བཅས་པ་དགེ་བའི་བཤེས་གཉེན་ཆོས་ལྡན་དང་བརྩོན་རིན་པ་གཉིས་ཀྱིས་འཕྲོད་པའི་ལན་དུ་སྦྱར་བའི་སྐྱེས་ཀྱི་མཚོན་ ཙམ་དུ་གོས་དམར་སྨུག་གི་སྣམ་སྦྱར་སྲིད་དུ་ཁྲུ་དགུ་ཅུང་མ་ལོངས་པ། ཞེང་དུའང་ཁྲུ་གསུམ་ཅུང་མ་ལོངས་པའི་སྣམ་ཕྲན་ཉི་ཤུ་རྩ་ལྔ་ཡོད་པ་གཅིག །གན་དཀར་སག་རི་ནག་པོའི་ཤུབས་ཅན་གཅིག །མཎྜལ་རྒྱན་སེའུ་ཡོད་པ་གཅིག་རྣམས་ལ་ཐེའུ་ ཚེ་འདི་འབྱར་བ་འབུལ། ཟླ་བ་དང་པོའི་ཚེས་བཅུ་གཉིས་ལ་ཕུལ་བ་དགེ་ལེགས་སུ་གྱུར་ཅིག།། ༈ །།སླུ་བ་མེད་པའི་སྐྱབས་གནས་དཀོན་མཆོག་གསུམ། །ཐོགས་པ་མེད་པའི་མཐུ་ལྡན་བསྟན་སྲུང་ཀྱིས། །དད་སོགས་ཡོན་ཏན་མང་པོའི་རྒྱན་ལྡན་པ། ། 2-3-212a ཁྱོད་ཀྱི་དགེ་ལེགས་ཡིད་བཞིན་འགྲུབ་གྱུར་ཅིག །ས་སྐྱོང་ཆེན་པོའི་བཀའ་ལུང་ཚུལ་བཞིན་དུ་སྒྲུབ་པའི་མི་མཆོག་གོན་ཏཱ་བཞིན་གྱི་ཕྱག་ཏུ་ཕུལ་བ། ཁྱེད་བསྟན་པ་དང་བསྟན་འཛིན་ལ་དད་པ་ཤིན་ཏུ་བརྟན་པ་ཞིག་ཡོད་ཟེར་བ་ཐོས་ཤིང༌། འདི་ནས་ཀྱང་ ཡི་གེ་བསྐུར་ན་དགོངས་པ་ཡོད་གདའ་བ་ལ་འཕྲིན་ཡིག་དབུལ་བ་ནི་འདི་ལྟར་རོ། །དལ་བའི་རྟེན་བཟང་པོ་མིའི་ལུས་ཐོབ་པ་ནི་རྒྱ་མཚོ་ཆེན་པོར་གཡེངས་པའི་གཉའ་ཤིང་གི་བུག་པར་རུས་སྦལ་གྱི་མགྲིན་པ་ཚུད་པ་ལས་ཀྱང་རྙེད་པར་དཀའ། བཤེས་གཉེན་དམ་པས་ རྗེས་སུ་བཟུང་ནས་རྒྱལ་བའི་བསྟན་པ་དང་མཇལ་བ་ནི་ཨུ་དུམ་ཝ་རའི་མེ་ཏོག་ལས་ཀྱང་དཀོན། འཇིག་རྟེན་གྱི་ཕུན་ཚོགས་ཀྱི་འབྱོར་པ་ནི་རྨི་ལམ་ཐུན་གཅིག་ཏུ་དཔལ་འབྱོར་ལ་ལོངས་སྤྱོད་པ་དང་འདྲ། འགྲོ་བ་རྣམས་ཀྱི་ལུས་དང་སྲོག་མྱུར་དུ་འཇིག་པ་ནི་བར་ སྣང་གི་གློག་དང་འདྲ་བ་ཡིན་ཞིང༌། འཇིག་རྟེན་འདི་ནས་རང་གཅིག་པུར་འཇིག་རྟེན་ཕ་རོལ་ཏུ་འགྲོ་བ་ན། ཆོས་མ་གཏོགས་པ་གང་གིས་ཀྱང་མི་ཕན་པའི་ཚུལ་དེ་ཡང་དང་ཡང་དུ་དྲན་པར་མཛོད་ལ། ཉེས་སྤྱོད་མི་དགེ་བ་སྔར་བྱས་ལ་འགྱོད་ཅིང་བཤགས་པ་དང༌། ཕྱིན་ཆད་འཛེམ་ཅི་ཐུབ་དང༌། དགེ་བའི་རྩ་བ་སྔར་བསགས་པ་རྣམས་སྨོན་ལམ་རླབས་ཆེན་པོས་ཡང་ཡང་ཁ་བསྒྱུར་བ་དང༌། གསར་དུ་དགེ་བ་སོགས་ལ་སྒོ་དུ་མ་ནས་འབད་པར་ཞུ། ཞེས་པ་འདི་ནི་རྗེ་རིན་པོ་ཆེ་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས་གོན་ཏཱ་བཞིན་ ལ་གནང་བའོ།། ༈ །།ཤིན་ཏུ་རྟས་པའི་དད་པ་དང༌། ལེགས་པར་དཔྱོད་པའི་རྣམ་དཔྱོད་ལ་སོགས་པའི་ཡོན་ཏན་གྱིས་མཛེས་པའི་དཔོན་ནམ་མཁའ་དབང་ཕྱུག་གིས་གསུང་ཤོག་ཚིག་གི་སྦྱོར་བ་མི་དམན་པ། ཁ་བཏགས་དཀར་པོའི་རྟེན་དང་བཅས་པ་ 2-3-212b བསྐུར་བ་འདིར་འཕྲོད་པས་ཡིད་རབ་ཏུ་སྤྲོ་བར་གྱུར། འདིར་ཡང་རྟེན་བཞེངས་དགོས་ཀྱི་བྲེལ་བ་རགས་པ་རྣམས་ཆོད་ནས་ད་ལྟ་མཚམས་ཀྱི་མལ་དུ་བདོག །སྤྱད་པས་མི་ངོམས་སྲིད་པའི་བདེ། རིང་དུ་མི་གནས་དལ་བའི་རྟེན། གཏན་གྱི་བདེ་སྟེར་དམ་པའི་ཆོས། ། དེ་ཕྱིར་གང་ཞིག་བྱ་དགོས་དཔྱོད། །བཤེས་སྤྲིང་གི་རྒྱུ་མཚན་རྣམས་མཁན་བྱང་བ་ལ་གསལ། ཞེས་པ་རྗེ་རིན་པོ་ཆེས་དཔོན་ནམ་མཁའ་དབང་ཕྱུག་གི་ཞུ་ཡིག་གི་ལན་དུ་གནང་བའོ།། ༈ །།རིགས་བཟང་ཁེངས་དང་ང་རྒྱལ་བྲལ། །བློ་བཟང་གྱ་གྱུ་ མེད་པ་དང༌། འབྱོར་ལྡན་ངེས་པར་འབྱུང་འདོད་པ། །ཁྱོད་ཀྱིས་སྤྲིངས་པའི་ཡི་གེ་ནི། །ཀ་རའི་རྟེན་དང་བཅས་པ་དག །བདག་གི་གན་དུ་ལེགས་པར་ཕྱིན། །ཉིད་ཀྱི་རྣམ་དག་སྨོན་པའི་གནས། །བཞེད་པ་ཇི་ལྟར་གྲུབ་གྱུར་ཅིག །ཤིན་ཏུ་མི་བརྟན་སྲིད་པའི་དཔལ། །སྲིད་ ལམ་བགྲོད་པས་དུབ་པ་ལ། །ངལ་བསོའི་གནས་ནི་དམ་པའི་ཆོས། །དེ་དོན་ཇི་བཞིན་སྒྲུབ་པའི་གེགས། །ཕུང་ཀྲོལ་རྩ་བ་ཁྱིམ་གྱི་གནས། །དེ་ལྟར་རིག་ནས་སྙིང་པོ་མཆོག །ལེན་པར་བྱེད་པ་མཁས་པས་བསྔགས། །ལྷག་མ་མི་ཡི་ཤ་ཚུགས་ཙམ། །ཞེས་པ་ འདི་ལ་སྟོད་བྱང་པ་དཔོན་བསོད་ནམས་རྒྱལ་མཚན་པ་ལ་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་ནས་གདམས་པའོ།། ༈ །།སྲིད་པའི་འབྱོར་བས་མི་སླུ་མེད། །གཅིག་ཏུ་ཕན་པ་དམ་པའི་ཆོས། །བསྟན་དང་མཇལ་བ་ལན་རེ་ཙམ། །དེ་ཕྱིར་དེ་ཡི་ དོན་ལ་དགོངས། །ཞེས་མང་ཡུལ་སྐྱིད་གྲོང་གི་ཆོས་རྒྱལ་ཆེན་པོའི་ནང་བློན་ཆེན་པོ་ལ་གདམས་པའོ།། ༈ །།ཚེ་འདིའི་བདེ་འབྱོར་ཀུན་གྱིས་སླུ་བ་ནི། །འདུས་བྱས་ངང་ཚུལ་ལགས་མོད་བློ་གྲོས་ཅན། །ཚུལ་དེ་རིག་ནས་ཉིན་མཚན་དོན་ལྡན་དུ། །འབད་ 2-3-213a པ་དེ་ལ་སྤྱང་པོ་མི་ཟེར་རམ། །གསུང་ཤོག་ཤོ་ལོ་ཀ་འདི་སྒོམ་པ་གུང་རུ་ལ་གདམས་པའོ།། ༈ །།དགེ་བའི་བཤེས་གཉེན་ཆེན་པོ་སྤོང་ཤོད་ནང་པའི་ཕྱག་ཏུ་ཕུལ་བ། སྐུ་ཁམས་བཟང་བའི་ཐད་ནས་གསུང་ཤོག་དངུལ་ཕོར་དང་དར་གྱི་རྟེན་དང་བཅས་ པ་བསྐུར་བ་འདིར་འཕྲོད་པ་ཡིད་རབ་ཏུ་སྤྲོ། འདིར་ཡང་དགེ་བར་མཆིས་སྐབས་ཀྱི་དོན། །དྲི་བཅས་སེམས་ཀྱི་རང་བཞིན་གཞི། །ཐབས་ཤེས་ཟུང་དུ་འབྲེལ་བ་ལམ། །ཆོས་དང་གཟུགས་ཀྱི་སྐུ་གཉིས་འབྲས། །གཞི་ལམ་འབྲས་བུ་བསྡུས་པའོ། །རྟག་ཆད་མཐའ་ གཉིས་སྤངས་པ་ལྟ་བ་སྟེ། །དེ་ཡི་དོན་ལ་རྩེ་གཅིག་འཇོག་པ་སྒོམ། །སྡོམ་གསུམ་ཀུན་སྤྱོད་གཙང་བ་སྤྱོད་པ་རུ། །ཤེས་རབ་གྱིས་ལ་དེ་ལྟར་ཉམས་སུ་ལོང༌། །ཁྱེད་རང་གི་གསུང་ཤོག་ན་འདུག་པ་བཞིན་སྨོན་ལམ་ཡང་བགྱིས་བདོག །ཡི་གེའི་སྐྱེས་མཚོན་པར་ངེད་ རང་གིས་ཡུན་རིང་དུ་ལོངས་སྤྱད་པའི་པཎ་ཞྭ་སེར་པོ་ཞིག་མཆིས། ཁྱི་ལོ་ཟླ་བ་དྲུག་པའི་ཚེས་གྲངས་བཟང་པོ་ལ་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་ནས་ཕུལ་བ་དགེ་ལེགས་སུ་གྱུར་ཅིག།། ༈ །།ཤེས་བྱ་ཀུན་ལ་དྲི་མེད་མངོན་སུམ་སྤྱན། །ལུས་ ཅན་ཀུན་ལ་བུ་གཅིག་ལྟ་བུར་བརྩེ། །རབ་འབྱམས་ཞིང་བཞུགས་བདེ་བར་གཤེགས་རྣམས་ཀྱིས། །མི་དབང་ཁྱོད་ལ་རྟག་ཏུ་སྐྱོང་གྱུར་ཅིག །མངའ་རིས་བྱམས་པའི་ཐུགས་ཀྱིས་ལེགས་སྐྱོང་ཞིང༌། །སྐྱབས་གསུམ་གུས་པས་སྤྱི་བོའི་གཙུག་ན་འཁུར། ། ཡ་རབས་སྤྱོད་ཚུལ་དགེ་མཚན་དུ་མས་མཛེས། །གངས་རིའི་ཁྲོད་ཀྱི་མགོན་མེད་ཟས་སྦྱིན་གྱིས། །བསྟན་པ་ཉིད་ལ་དགོངས་པའི་ལྷག་བསམ་གྱིས། །ཀུན་ནས་བསླངས་པའི་ཕུན་ཚོགས་མཐུན་རྐྱེན་སྩལ། །ཕྱོགས་འདིར་རེ་ཞིག་སྡོད་པ་སྤྲོ་ནའང༌། ། 2-3-213b དེ་ལ་བདེ་བར་སྡོད་པའི་མི་མཐུན་རྐྱེན། །གངས་ཅན་མཁས་པའི་དབང་པོ་རེད་མདའ་པ། །རྫོང་ཁར་ཕེབས་པའི་ཕོ་ཉ་འདི་རུ་སླེབ། །དེ་ཚེ་འགྲོ་འདོད་ཡིད་ཀྱིས་བསྐྱོད་པ་ཡི། །ལུས་ཀྱི་འཁྲུལ་འཁོར་དེ་རུ་ཕྱོགས་པར་གྱུར། །སླར་ཡང་ལེགས་ཚོགས་ཀུན་གྱི་གཏེར་ ཆེན་པོ། །བསྟན་པ་རིང་དུ་གནས་ཕྱིར་བསྟན་འཛིན་ལ། །སྐྱོ་ངལ་མེད་པར་ཡང་འདུལ་མཛད་པ་ནི། །ཉིད་ཀྱི་ངང་ཚུལ་ལགས་མོད་བསྐུལ་ཅི་དགོས། །འོན་ཀྱང་མི་དབང་ཆབ་སྲིད་བརྟན་པའི་ཕྱིར། །རྒྱལ་དང་རྒྱལ་སྲས་སྲུང་མའི་ཚོགས་རྣམས་ལ། །བསམ་པ་དག་ པས་གསོལ་བ་འདེབས་པ་དང༌། །དྲི་མ་མེད་པའི་སྨོན་ལམ་བགྱིད་པར་ཞུ། །རྫོང་ཁར་མྱུར་དུ་སླེབ་དགོས་འདུག་པ་དང༌། །ཕྱོགས་དེར་ཆུ་ཡི་འཇིགས་པ་མཐོང་བས་ན། །རེ་ཞིག་མཇལ་བར་འདོད་པའི་འདུན་པ་སྐྱུངས། །སླར་ཡང་མྱུར་བ་ཉིད་དུ་མཇལ་བར་སྨོན། ། ཞེས་ཡི་གེ་གཟིགས་པའི་རྟེན་དུ་ཕྱག་ཕྱིས་གསེར་མདོག་ཁ་གང་འབུལ། ཞེས་པ་འདི་ནི་རྗེ་རིན་པོ་ཆེའི་ཞལ་སྔ་ནས་རིན་སྤུངས་པ། དཔོན་ནམ་མཁའ་རྒྱལ་མཚན་པ་ལ་རོང་ཆོས་ལུང་ནས་གནང་བའོ།། ༈ །།སྭ་སྟི། དབེན་པའི་ཡོན་ཏན་མཐོང་བས། ཡིད་དྲངས་ པའི་ཕྱི་ནང་གི་གཡེང་བ་ཀུན་རེ་ཞིག་དོར་བའི་རྣལ་འབྱོར་པ་དོན་ཡོད་རྡོ་རྗེས། སྡོམ་བརྩོན་དམ་པ་དཀའ་བཅུ་པ་ཡོན་ཏན་རྒྱལ་མཚན་ལ་ཡང་དག་པར་རྟོགས་པར་བྱེད་པ་འདི་ལྟ་སྟེ། ཁོ་བོས་ལྷོ་བྲག་སྟོད་རི་ཉི་ཤར་གྱི་དགོན་པར་རེ་ཞིག་མང་དུ་ཐོས་པ་འཚོལ་བ་ལ་བསྐུལ་ བ་ལྟར་ཁྱེད་ཀྱིས་མཛད་ནས་འདི་ཕྱོགས་སུ་ཐེག་པ་བླ་ན་མེད་པའི་རིམ་པ་གཉིས་ལས། རྣལ་འབྱོར་ལྷུར་བླང་བའི་ཕྱིར་དུ་ཐག་རིང་པོ་ནས་བྱོན་པ་ནི། བཅོམ་ལྡན་འདས་ཀྱིས་མང་དུ་ཐོས་པ་དབེན་པར་ཚུལ་བཞིན་ཡིད་ལ་བྱེད་པའི་དོན་དུ་གོམ་པ་བདུན་བོར་བ་ལ་ 2-3-214a ཡང་བསྔགས་པ་རྒྱ་ཆེར་གསུངས་པ་ལྟར་ཡིན་པས་ཤིན་ཏུ་ལེགས་ལ། རྗེ་བཙུན་བྱམས་པས་རྒྱལ་སྲས་ནོར་བཟང་ལ་ཇི་སྐད་དུ། ནོར་བཟང་ནོར་རྣམས་རབ་ཏུ་བརྟན་པའི་བུ། །མཁས་པ་དེ་ཡི་དྲུང་དུ་འོངས་པ་ལེགས། །ལེགས་པར་འོངས་སམ་སྙིང་རྗེའི་བྱམས་ ལྡན་ཁྱོད། །ལེགས་པར་འོངས་སམ་ལྟ་ན་རབ་ཞི་བ། །དབང་པོ་མ་ཞུམ་ཚུར་ཤོག་འོངས་པ་ལེགས། །སྐྱོ་མེད་བསམ་འོངས་ཚུར་ཤོག་འོངས་པ་ལེགས། །སྤྱད་པ་སྤྱོད་ཚེ་དུབ་པར་མ་གྱུར་ཏམ། །ཞེས་གསུངས་པ་ལྟར་འདིར་ཡང་དེ་སྐད་དུ་སྨྲ་བར་བྱའོ། །ཅི་རུང་རུང་ དུ་མ་ཡིན་པར་ལེགས་པར་བརྟགས་ཏེ་ཡི་དམ་བཅས་པ་མཐར་འབྱིན་པ་ལ་ནི། ཡོན་ཏན་དུ་མ་དང༌། དེ་ལས་བཟློག་པ་ལ་ནི་ཉེས་དམིགས་དེ་བཞིན་དུ་གསུངས་པའི་རྗེས་སུ་སློབ་པས་ན། ཁྱད་པར་ཤིན་ཏུ་གལ་ཆེ་ཡང་ཕྲད་པར་མ་གྱུར་པའི་རྒྱུ་མཚན་ནི། ཁྱེད་རང་གི་ ཕྲིན་ཡིག་ན་འདུག་པ་ལྟར་ལགས། ལམ་མཐར་ཐུག་པ་ཕྱིན་ཅི་མ་ལོག་པར་སྟོན་པའི་དགེ་བའི་བཤེས་གཉེན་གྱི་བ་སྤུའི་ཁུང་བུ་གཅིག་ལ་མཆོད་པས་རྒྱལ་བ་ཐམས་ཅད་ལ་མཆོད་པ་ཟིལ་གྱིས། གནོན་པར་ཐེག་པ་བླ་ན་མེད་པར་གསུངས་པ་ནི། ཕན་ འདོགས་པ་བླ་ན་མེད་པའི་ཞིང་དུ་སངས་རྒྱས་ལས་ཀྱང་ཆེས་མཆོག་ཏུ་གྱུར་པའི་གཏན་ཚིགས་དང་བཅས་པ་ཡིན་ལ། ཚུལ་དེ་ལ་ངེས་པ་རྙེད་ནས་རང་གི་ཚེ་དང་བསོད་ནམས་དང་དགེ་བའི་རྩ་བ་ལ་སོགས་ཐམས་ཅད་དགེ་བའི་བཤེས་གཉེན་སྲིད་པ་ཇི་སྲིད་བར་ བཞུགས་པའི་དོན་དུ་འབུལ་ཞིང༌། དེ་ལྟར་བསྒྲུབ་པར་ཁས་བླངས་པའི་སྒོ་ནས་བཟླས་པའི་གྲངས་ཉི་ཤུ་རྩ་གཅིག་ཀྱང་གདོན་པར་ཞུ་ཞེས་པ་ནི། རྣམ་དཔྱོད་ཅན་གྱི་ཚོགས་བདེ་བླག་ཏུ་རྫོགས་པའི་ཐབས་ཡིན་པས་ཤིན་ཏུ་ཡི་རང་ཞིང་དེ་བཞིན་དུ་ཡང་བགྱིའོ། ། 2-3-214b དམ་པ་རྣམས་ལས་ལེགས་བཤད་གཏམ། །ཇི་སྲིད་མ་ཐོས་དེ་སྲིད་དུ། །དཀའ་བ་སྤྱོད་པ་མི་འདོར་བ། །དེས་ནི་དེ་ལ་དོན་ཆེན་བྱེད། །ལོ་བདུན་འདས་ནས་ཆོས་འཕགས་ཀྱིས། །ནམ་ཞིག་ཆོས་སྟོན་འགྱུར་ཞིག་གུ། །སྙམ་ནས་དུས་འདས་རྟག་ཏུ་ངུ་། །ཆོས་ཐོས་གྱུར་ ཚེ་ཏིང་འཛིན་གྱི། །སྒོ་མཐའ་ཡས་པ་ཐོབ་པ་ཡང༌། །མ་འོངས་སྐྱེ་བོ་ལ་བསྟན་ཕྱིར། །རྒྱལ་བ་མཁྱེན་ཅིང་གཟིགས་པ་དེས། །གསུངས་པ་རྣམས་ཀྱང་བསམ་པར་རིགས། །དཔྱོད་ལྡན་ཁྱོད་ལ་ལེགས་པར་བཤད་པའི་གཏམ། །སྔོན་ཆད་རྣམ་གྲངས་དུ་མས་བསྟན་མོད་ ནའང༌། །ལང་ཚོ་མི་རྟག་ལེགས་བཤད་གསར་པ་འདི། །དགའ་བ་བསྐྱེད་ལ་བསྔགས་པས་འདི་ཡང་སྨྲས། །ཞེས་པ་འདི་ནི་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས། ཅོ་ཙ་དཀའ་བཅུ་པ་ཡོན་ཏན་རྒྱལ་མཚན་ལ་གདམས་པའི་ཡི་གེ་པ་ནི་སྙེ་ཐང་པ་ གུ་ན་ཤྲཱི་བྷ་དྲའོ།། ༈ །།རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་བཤད་པ་རྫོགས་པའི་འོག་ཏུ། རྡོ་རྗེ་སློབ་དཔོན་ལ་གཏང་རག་གི་མཆོད་པ་སོགས་བྱ་བའི་ཚུལ་ནི། དཔོན་སློབ་རྣམས་ཀྱིས་སྔོན་གསང་བ་འདུས་པའི་རྒྱུད་འཆད་པའི་དུས་བཞིན་དུ་འདུས་ པའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་གསལ་གདབ། དཀྱིལ་འཁོར་གྱི་དབུས་སུ་རང་གི་བླ་མ་རྡོ་རྗེ་འཆང་དང་ཐ་མི་དད་པར་བཞུགས་པར་བསམ། འཁོར་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ནམ་མཁའི་དབྱིངས་ཐམས་ཅད་ཏིལ་གྱི་གང་བུ་བཞིན་དུ་ གང་བར་བསམ། སློབ་མ་རྣམས་ཀྱིས་རང་དཀྱིལ་འཁོར་པའི་ལྷ་གང་ཡིན་གྱི་ང་རྒྱལ་བཟུང༌། མཆོད་གཏོར་རྒྱས་པར་བཤམས་ནས། ཕྱིའི་མཆོད་པ་དང༌། ནང་དང་གསང་བ་དང༌། དེ་ཁོ་ན་ཉིད་ཀྱི་མཆོད་པ་དང་བཞིས། བླ་མ་དང་རང་དང་རྒྱལ་བ་སྲས་བཅས་ 2-3-215a སྲུང་མ་དང་བཅས་པ་ལེགས་པར་མཆོད། དེ་ནས་བསྟོད་པ་ནི། དུས་གསུམ་རྡོ་རྗེའི་ཐུགས་ཡིན་སྲིད་དང་ཐར་གྱུར་གང༌། །ཞི་ཞིང་སྒྲིབ་མེད་དག་པ་ནམ་མཁའི་ངོ་བོ་ཉིད། །སངས་རྒྱས་རྣམ་རྒྱས་བྱང་ཆུབ་དབང་ཕྱུག་རྡོ་རྗེ་ཅན། །དེ་ལ་ལུས་ངག་ཡིད་ ཀྱིས་རྟག་ཏུ་ཕྱག་འཚལ་ལོ། །གང་ཞིག་གཟུགས་དང་ཚོར་བ་འདུ་ཤེས་འདུ་བྱེད་དང༌། །རྣམ་པར་ཤེས་དང་སྐྱེ་མཆེད་དྲུག་དང་དབང་པོ་དྲུག །ས་ཆུ་མེ་དང་རླུང་དང་ནམ་མཁའ་ཐམས་ཅད་ནི། །བྱང་ཆུབ་སེམས་འདྲ་རྒྱ་ཆེན་དེ་ལ་ཕྱག་འཚལ་ལོ། །གཏི་མུག་ཉེས་ པ་འདོད་ཆགས་རྡོ་རྗེ་ཆོས་བཅས་གང༌། །རིག་པའི་སྦྱོར་བ་ལས་བྱུང་རྟག་ཏུ་རབ་འབྲེལ་བར། །རྣམ་པ་སྣ་ཚོགས་དགའ་བས་མྱོས་པའི་དངོས་གྱུར་པ། །བྱང་ཆུབ་སེམས་འདྲ་རྒྱ་ཆེན་དེ་ལ་ཕྱག་འཚལ་ལོ། །སྡུད་དང་དགའ་དང་རྣམ་པ་དེ་བཞིན་མི་འགྱུར་དང༌། ། རྒྱུ་དང་འབྲས་བུའི་རང་བཞིན་སེམས་སུ་རྗེས་ཐོགས་ཆོས། །རྨོངས་དང་ཞེ་སྡང་འདོད་ཆགས་སྒྲིབ་པ་རྡོ་རྗེ་སྟེ། །བྱང་ཆུབ་སེམས་འདྲ་རྒྱ་ཆེན་དེ་ལ་ཕྱག་འཚལ་ལོ། །གང་ཞིག་ཐོག་མ་མེད་དངོས་རྣམ་དག་འདི་སྒོམ་པ། །ཐབས་དང་ཤེས་རབ་ལས་བྱུང་སྤྲོས་པ་རྣམ་ པར་བྲལ། །གསང་བའི་དབང་བསྐུར་བརྟུལ་ཞུགས་དམ་ཚིག་སྦྱོར་ལ་རྟག །བྱང་ཆུབ་རྡོ་རྗེ་འདྲར་བལྟ་དེ་ལ་ཕྱག་འཚལ་ལོ། །གང་ཞིག་དངོས་གྲུབ་མཆོག་གི་ཐབས་ནི་འདི་སྒོམ་ཞིང༌། །བསྙེན་པའི་ཆོ་ག་ཉེ་བར་སྒྲུབ་པ་སྒྲུབ་པ་དང༌། །སྒྲུབ་པ་ཆེན་པོས་བློ་མི་འགྱུར་ བའི་སྒྲུབ་དབང་པོ། །བྱང་ཆུབ་རྡོ་རྗེ་འདྲར་བལྟ་དེ་ལ་ཕྱག་འཚལ་ལོ། །གང་ཞིག་ཐུན་བཞིའི་རྡོ་རྗེ་དག་ནི་སྒྲུབ་བྱེད་པ། །མི་སྣང་ལ་སོགས་སྣ་ཚོགས་མཆོག་དང་དམན་འགྲུབ་ཅིང༌། །བླ་མའི་དྲིན་གྱིས་འདི་ན་མ་ནོར་ལམ་རྟོགས་པ། །བྱང་ཆུབ་རྡོ་རྗེ་འདྲར་བལྟ་དེ་ 2-3-215b ལ་བདག་ཕྱག་འཚལ། །གང་ཞིག་རབ་གསང་འདུས་པའི་རྒྱུད་འདི་ཉན་པ་དང༌། །འདོན་པར་བྱེད་དང་ཀློག་པ་དང་ནི་སེམས་པ་དང༌། །མཆོད་པ་བྱེད་པ་དང་ནི་འདྲི་འམ་འདྲིར་འཇུག་པ། །བྱང་ཆུབ་རྡོ་རྗེ་འདྲར་བལྟ་དེ་ལ་རྟག་ཕྱག་འཚལ། །གང་དུ་ཞི་སོགས་ལས་ཚོགས་ཤིན་ཏུ་ བརྟགས་པ་ཡིས། །འཁྲུལ་འཁོར་སྔགས་ཀྱི་ཆོ་ག་དེ་བཞིན་རྒྱས་འདེབས་པའི། །བསྒྲུབ་བྱ་འདི་དང་ལྡན་པའི་སྒྲུབ་པའི་དབང་པོ་ནི། །བྱང་ཆུབ་རྡོ་རྗེ་འདྲར་བལྟ་དེ་ལ་རྟག་ཕྱག་འཚལ། །གང་གིས་གཙོ་བོ་སྒྲུབ་པ་པོ་མཐོང་རེག་པ་དང༌། །ལེགས་པར་དྲན་དང་མིང་ཙམ་ངེས་ པར་ཐོས་པ་དང༌། །དད་པར་བྱེད་ཅིང་ཕྱོགས་གཅིག་ཙམ་ཞིག་འཛིན་པ་དག །བྱང་ཆུབ་རྡོ་རྗེ་འདྲར་བལྟ་དེ་ལ་རྟག་ཕྱག་འཚལ། །ཨེ་མ་ཧོ་ཀུན་འགྲོ་ཀུན་དབང་ཕྱུག །ནམ་མཁའ་དང་ནི་མཚུངས་པ་བརྙེས། །ཨེ་མ་ཧོ་དམ་ཚིག་དེ་ཉིད་གསུམ་མཆོག་ཏུ་རྨད་ བྱུང་སྟོན་པར་མཛད། །ཁམས་གསུམ་ལས་ནི་རྣམ་པར་གྲོལ། །ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད། །འདོད་པ་རྣམས་ཀྱི་མ་གོས་པ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་བསྟོད། །ཕུང་པོ་རྣམས་དང་ཁམས་རྣམས་དང༌། །སྐྱེ་མཆེད་རྣམས་ལ་མི་རྟེན་ཞིང༌། །སྲིད་དང་མྱ་ངན་ འདས་ལས་གྲོལ། །དམིགས་པ་མེད་ལ་ཕྱག་འཚལ་ལོ། །ཇི་ལྟར་ནམ་མཁའ་གནས་མེད་ཅིང༌། །སྤྲོས་པ་མེད་ཅིང་གོས་པ་མེད། །མཁའ་དང་མཉམ་པའི་ཐུགས་མངའ་བ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད་དོ། །དེ་ནས་ཡི་རང་བྱ་ བ་ནི། ཨེ་མ་ཧོ་སངས་རྒྱས་ཨེ་མ་ཧོ་ཆོས། །ཆོས་བཤད་པ་ནི་ངོ་མཚར་ཆེ། །ཡང་དག་དོན་ནི་དག་པའི་དོན། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །ཞེས་པའི་ཆེད་བརྗོད་བྱེད་པའོ། །རྒྱུད་ལེགས་པར་བཤད་པ་ལ་རབ་ཏུ་དགའ་བའི་ཡིད་ཀྱིས་ལེགས་སོ་གསོལ་བ་ནི། 2-3-216a འདུས་པ་གསང་བ་ལས་བྱུང་བ། །དེ་བཞིན་གཤེགས་པ་ཀུན་གྱི་གསབ། །རྒྱུད་ཀུན་བདག་པོའི་དབང་པོ་ཡི། །རྒྱུད་འདི་ལེགས་པར་གསུངས་པ་ཡིན། །མགོན་པོ་ཆེན་པོ་ལེགས་སོ་ལེགས། །ཐུབ་པ་ཆེན་པོ་ལེགས་སོ་ལེགས། །ཆོས་རྣམས་ཆེན་པོ་ ལེགས་སོ་ལེགས། །ཐུགས་རྗེ་ཆེན་པོ་ལེགས་སོ་ལེགས། །ཞེས་པའོ། །རྐང་པ་ཕྱི་མ་བཞི་ལ་འགྱུར་མི་འདྲ་བ་འགའ་ཞིག་འདུག་ཀྱང༌། སྐབས་འདིར་འགྱུར་འདི་འགྲིག་གོ། །རྒྱུད་བཤད་པས་ཕན་བཏགས་པའི་དྲིན་དྲན་པར་བརྗོད་པ་ནི། རྣམ་གྲོལ་འབྲས་བུ་ འཚལ་བ་ཡིས། །འགྲོ་བ་མགོན་མེད་རྣམས་དང་ནི། །བདག་ཅག་ཡང་དག་རྫོགས་པ་ཡི། །བྱང་ཆུབ་ཐོབ་པའི་དོན་ཆེན་མཛད། །ཅེས་པའོ། །དེ་ནས་དཀྱིལ་འཁོར་པའི་གཏོར་མ་ཕུལ་བའི་རྗེས་སུ། སློབ་དཔོན་རྣམས་ཁྲོ་བོ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ། སྔོ་སེར་ ལྗང་གུའི་ཞལ་གསུམ་གདངས་ཤིང་མཆེ་བ་གཙིགས་པ། ཕྱག་དྲུག་པའི་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པའི་ཧཱུཾ་མཛད་ཀྱི་ཕྱག་རྒྱས་རང་འདྲའི་ཤེས་རབ་མ་ལ་འཁྱུད་ནས་སྙོམས་པར་འཇུག་པ། །གཡས་ལྷག་མ་གཉིས་ཀྱིས་ལྕགས་ཀྱུ་དང་ཞགས་ པ། གཡོན་ལྷག་མ་གཉིས་ཀྱིས་ཐོད་པ་དང་ཁ་ཊྭཱཾཾ་ག་འཛིན་པ། ཧཱུཾ་གི་སྒྲ་དྲག་ཏུ་སྒྲོག་ཅིང་རབ་ཏུ་ཁྲོས་པ། སྤྱན་གསུམ་དམར་ལ་ཟླུམ་པ། ཐོད་པ་ལྔའི་དབུ་རྒྱན་དང༌། ཁྲག་འཛག་པའི་མགོ་འཕྲེང་མགུལ་པར་འཕྱང་བ། སྟག་ལྤགས་ཀྱི་ན་བཟའ་འཕྱང་བ། བསྐལ་པའི་ མེ་ལྟ་བུའི་འོད་ཟེར་འབར་བ། གཡས་བརྐྱང་གིས་པདྨའི་སྟེང་དུ་འཇིགས་བྱེད་དང་དུས་མཚན་མ་མནན་པར་བསྐྱེད་ལ། ཐུགས་ཀའི་ཧཱུཾ་ཡིག་ལས་འོད་ཟེར་འཕྲོས་པས་ཁྲོ་བོ་བཅུ་སྤྱན་དྲངས་པ་ལ་མཆོད་གཏོར་དབུལ་ལ་བཀའ་བསྒོ་བ་ནི། ས་ཡི་ཕྱོགས་ནི་འདི་ཉིད་ནི། །གསང་ 2-3-216b བ་འདུས་པ་མངོན་བཏོད་པའི། །རྣལ་འབྱོར་ཆེན་པོའི་དམ་ཚིག་རྒྱུད། །དུས་ཀུན་དུ་ནི་སྤྱོད་འགྱུར་ཞིང༌། །རྒྱུན་དུ་དེ་དོན་སྒྲུབ་པ་རྣམས། །བསྲུང་བའི་དོན་དུ་རྟག་ཏུ་ནི། །གཤིན་རྗེ་གཤེད་སོགས་ཁྲོ་བོ་བཅུས། །བགེགས་ཀུན་ལ་ནི་ཕུར་བུས་ཐོབ། །ཅེས་བཀའ་བསྒོ་བར་བྱའོ། །འདི་རྡོ་རྗེ་ཕྲེང་ བ་ནས་འབྱུང་བ་ལ་འདོན་པ་ཅུང་ཟད་བརྗེས་པའོ། །དེ་ནས་རྒྱུད་བཤད་པ་དང་ཉན་པའི་ཀུན་སློང་མ་དག་པ་སོགས་ཀྱི་བསམ་པའི་སྐྱོན་དང༌། རྒྱུད་དོན་ཇི་ལྟ་བ་བཞིན་དུ་མ་བཤད་པ་དང༌། སྣོད་དུ་མི་རུང་བ་ལ་བཤད་པ་སོགས་ཀྱི་སྦྱོར་བའི་སྐྱོན་ཏེ། མདོར་ན་འཆད་པ་དང་ཉན་པའི་ ཚུལ་ཇི་ལྟར་གསུངས་པ་བཞིན་དུ་མ་ལྕོགས་པའི་ཉེས་པ་རྣམས་སྦྱང་བའི་ཕྱིར་དུ་ཡི་གེ་བརྒྱ་པ་འདོན་པ་དང༌། བཟོད་པར་གསོལ་བར་བྱ། དེ་ནས་འདུས་པའི་ལྷ་ཚོགས་ཀྱི་སྤྱན་སྔར་རྒྱུད་བཤད་ཉན་བྱས་པ་ལས་བྱུང་བའི་དགེ་བའི་རྩ་བ་རྣམས་བསྔོ་ཞིང༌། སྨོན་ལམ་གདབ་པ་ དང་ཤིས་བརྗོད་བྱ་བ་གཞན་དུ་བཤད་པ་ལྟར་བྱས་དེ་ནས་དཀྱིལ་འཁོར་པའི་ལྷ་ཐམས་ཅད་རྣམ་སྣང་སྣང་མཐའ་མི་བསྐྱོད་པ་སྟེ་རྡོ་རྗེ་གསུམ་དུ་བསྡུ། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་ལུས་རྣམ་སྣང་དང༌། ངག་སྣང་མཐའ་དང༌། ཡིད་མི་བསྐྱོད་པ་དང་ངོ་བོ་ དབྱེར་མེད་དུ་མོས་པ་བྱས་ནས་རྡོ་རྗེ་གསུམ་གྱི་ལྷ་རྣམས་རང་ལ་བསྡུས་པས་རང་ཉིད་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པ་རྡོ་རྗེ་འཆང་གི་ངོ་བོར་བལྟས་ལ། མགྲོན་གཞན་རྣམས་རང་རང་གི་གནས་སུ་བྱོན་ནས་སེམས་ཅན་གྱི་དོན་བྱེད་པར་བསམ་མོ། །འདི་ལྟར་བྱ་བའི་ ཁུངས་ལ་སོགས་པ་ནི་རྒྱུད་འགྲེལ་གྱི་མཐའ་གཅོད་དུ་བཤད་ཟིན་ཏོ། །འདི་ནི་དཔལ་གསང་བ་འདུས་པའི་རྣལ་འབྱོར་པ་བློ་བཟང་གྲགས་པའི་དཔལ་གྱིས་སྦྱར་བའོ།། ༈ །།དཔའ་བོ་འཇའ་ཚོན་མའི་བྱོན་ལེགས་དང་བཞུགས་གསོལ་མཆོད་བསྟོད་དང་བཅས་ 2-3-217a པ་ནི། ཧེ་རུ་ཀ་ཡི་ཕོ་བྲང་ནས། །འཁོར་ལོ་བདེ་མཆོག་ཡབ་ཡུམ་ནི། །འགྲོ་བའི་བསོད་ནམས་ཞིང་མཆོག་ཏུ། །ཐོད་པའི་དུམ་བུ་ཡབ་ཡུམ་གྱི། །སྐུ་ལ་ངོ་མཚར་ལྟས་མང་གིས། །བརྒྱན་ནས་འདིར་ནི་བྱོན་པ་ལེགས། །ཨེ་མ་ཧོ་བདག་ཅག་གདུལ་བྱ་ རྣམས། །ཤིན་ཏུ་ཚོགས་བསགས་སྐལ་བར་ལྡན། །བདག་ཅག་རྣམས་ཀྱི་ལྷག་བསམ་གྱིས། །བསྒྲུབས་པའི་རབ་འབྱམས་མཆོད་པའི་སྤྲིན། །བཞེས་ནས་གནས་མཆོག་འདི་ཉིད་དུ། །འཁོར་བ་ཇི་སྲིད་བཞུགས་སུ་གསོལ། །པདྨ་ཙནྡྲ་ཨཱ་ས་ནི་ཏིཥྛ་ན་ཏུ་སྭཱ་ཧཱ། ཞེས་བརྗོད་ནས་སྔར་ལྟར་མཆོད་པ་དང་བསྟོད་པའི་རྗེས་སུ་དེ་བཞིན་གཤེགས་པ་ཐམས་ཅད་དང༌། དཔའ་བོ་རྣལ་འབྱོར་མ་ཀུན་དང༌། ཁྱད་པར་དཔའ་བོ་འཇའ་ཚོན་མ། །ཡབ་ཡུམ་གཉིས་ལ་གསོལ་བ་འདེབས། །ཡིད་འཕྲོག་ཐབས་ཤེས་མཉམ་པར་ སྦྱར་བ་ལས། །རབ་མཆོག་ཙཎྜ་ལི་ནི་སྦར་བ་ཡིས། །བཞུས་པའི་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་ལས། །འཁྲུངས་པའི་ལྷན་ཅིག་སྐྱེས་པའི་བདེ་བ་ཆེ། །ཡང་ཡང་མྱངས་པས་ཤིན་ཏུ་དྲག་པོ་ཡི། །སྔོན་བསགས་ལས་སྒྲིབ་རྩ་བ་དང་བཅས་པ། །དུམ་བུར་བཤིག་ ནས་ཟད་པའི་མཐར་བྱེད་པའི། །ནུས་པ་མཆོག་གྱུར་བདག་ལ་སྩལ་ཏུ་གསོལ། །ཨ་ལ་ལ་སོགས་དང༌། ཨོཾ་ཀ་ར་ཁཎྜ་ཀ་པཱ་ལ་ཀ་ར་ཧཱུཾ་ཧཱུཾ་ཕཊ། ཨོཾ་པྲ་ཙཎྜེ་ཧཱུཾ་ཧཱུཾ་ཕཊ། དྲི་མེད་དཔའ་བོ་ཡབ་ཡུམ་གྱིས། །བརྩེ་བས་གཟིགས་ལ་ལས་ཀུན་མཛོད་ཅེས་པའང་ཆོས་ རྗེ་ཉིད་ཀྱིས་མཛད་པའོ།། ༈ །།དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་འཁོར་ལོ་ལ་མཆོད་པའི་སྐབས་སུ། གསང་བའི་འཁོར་ལོ་ཨིནྡྲ་ནཱི་ལ་ལྟར། །ཤིན་ཏུ་སྔོ་བའི་རྡོ་རྗེའི་བུང་བ་ཡིས། །བསྐྱོད་པའི་པདྨ་ལས་འོངས་མེ་ཏོག་དམར། །མི་བསྐྱོད་རྡོ་ 2-3-217b རྗེའི་ལྷ་ཚོགས་མཉེས་ཕྱིར་འབུལ། །སྤྲུལ་པའི་འཁོར་ལོ་གཏུམ་མོའི་མེས་བསྲེགས་པས། །ཡིད་འོང་དྲི་ཡི་ངད་ལྡང་ག་བུར་སྤོས། །ཉམས་སུ་མྱོང་བས་ཡིད་རབ་སིམ་བྱེད་པ། །མི་བསྐྱོད་རྡོ་རྗེའི་×ཆོས་ཀྱི་འཁོར་ལོའི་དབུས་གནས་བདེ་བའི་དངོས། །ཧཱུཾ་ཡིག་ཉི་ མ་གསལ་བའི་འོད་ཟེར་ཅན། །མི་ཤེས་མུན་འཇོམས་སྔགས་ཀྱི་མར་མེ་འདི། །མི་བསྐྱོད་རྡོ་རྗེའི༌×བདེ་ཆེན་འཁོར་ལོའི་དབུས་ན་ལེགས་གནས་པ། །ཀུནྡ་ལྟར་དཀར་དྲི་ཡི་བྱུག་པ་ཡིས། །ལུས་ཀུན་ཁྱབ་པས་བདེ་བའི་མཆོག་སྟེར་བ། །མི་བསྐྱོད་རྡོ་རྗེའི༌×རྨི་ལམ་ ཡུལ་ལ་རོལ་པ་ཇི་བཞིན་དུ། །གང་གང་དབང་པོའི་ལམ་ནས་བྱུང་ནས་ནི། །དེ་དང་དེ་ཡི་ཡུལ་ལ་ལོངས་སྤྱོད་ཟས། །མི་བསྐྱོད་རྡོ་རྗེའི༌×སྙོམས་འཇུག་དགའ་བའི་རོལ་པ་ལས་བྱུང་བ། །མི་ཤིགས་ཡི་གེ་མཆོག་གི་རོལ་མོའི་སྒྲ། །ཨཱ་ལི་ཀཱ་ལིའི་གདངས་སུ་ཤར་བ་ རྣམས། །ཞེས་པས་ནང་གི་ཉེར་སྤྱོད་འབུལ། །དེ་ནས་རིན་ཆེན་དབང་གི་རྒྱལ་པོ་བཻ་ཌཱུརྱའི། །སྔོན་པོ་ལ་སོགས་ཁ་དོག་དབྱིབས་ཀྱི་གཟུགས། །རྣམ་གསུམ་གཟུགས་ཀྱི་རྡོ་རྗེ་མར་བྱས་ནས། །དཀྱིལ་འཁོར་ལྷ་ཡི་སྤྱན་ལ་དབུལ་བར་བྱ། །མ་ཟིན་འབྱུང་བའི་ཚོགས་པ་ ལས་བྱུང་བའི། །བརྗོད་བྲལ་དབྱངས་ལ་སོགས་པ་སྒྲ་ཡི་ཚོགས། །རྣམ་གསུམ་སྒྲ་ཡི་རྡོ་རྗེ༌×དཀྱིལ་འཁོར་ལྷ་ཡི་སྙན་ལ༌×ག་བུར་ཨ་ཀར་ཛཱ་ཏི་ལ་སོགས་པ། །ལེགས་པར་སྦྱར་ལས་བྱུང་བ་དྲི་ཡི་ཚོགས། །རྣམ་གསུམ་དྲི་ཡི༌×དཀྱིལ་འཁོར་ལྷ་ཡི་ཤངས༌× ལུས་མཆོག་རྟས་བྱེད་བདུད་རྩིའི་ཟས་སོགས་ཀྱི། །མངར་སྒྱུར་ཁ་དང་བསྐ་ལ་སོགས་པའི་རོ། །རྣམ་གསུམ་རོ་ཡི༌×དཀྱིལ་འཁོར་ལྷ་ཡི་ལྗགས་×ལུས་ལ་རེག་པ་ཙམ་གྱིས་བདེ་སྟེར་བ། །དཔག་བསམ་གོས་ལ་སོགས་པའི་རེག་བྱའི་ཚོགས། །རྣམ་གསུམ་ 2-3-218a རེག་བྱའི༌×དཀྱིལ་འཁོར་ལྷ་ཡི་སྐུ་ལ་དབུལ་བར་བྱ། །ཞེས་པས་ཕྱིའི་འདོད་ཡོན་འདོད་པའི་སྒྱུ་རྩལ་དྲུག་ཅུ་བཞི་ལ་མཁས། །ཡིད་འཕྲོག་གཟུགས་མཛེས་ལང་ཚོའི་དཔལ་ཡོན་ཅན། །པདྨ་ཅན་སོགས་ཕྱག་རྒྱའི་གཟུགས་མཆོག་རྣམས། །མི་བསྐྱོད་ རྡོ་རྗེའི་ལྷ་ཚོགས་མཉེས་ཕྱིར་དབུལ། །ཟུར་གྱིས་བལྟ་ཞིང་འཛུམ་པའི་བཞིན་རས་ཅན། །དྲུག་ལྡན་ལ་སོགས་ཡང་དག་གླུ་ལ་མཁས། །པདྨ་ཅན་སོགས་ཕྱག་རྒྱའི་གླུ་དབྱངས་མཆོག །མི་བསྐྱོད་རྡོ་རྗེའི༌×ལྷན་ཅིག་སྐྱེས་དང་སྦྱར་བ་བཟང་པོའི་དྲི། །གང་གི་ལུས་ལས་ རྟག་ཏུ་རྣམ་འབྱུང་བ། །པདྨ་ཅན་སོགས་ཕྱག་རྒྱའི་དྲི་མཆོག་རྣམས། །མི་བསྐྱོད་རྡོ་རྗེའི་×གང་ཞིག་མྱངས་པས་བྱང་ཆུབ་སེམས་འཇུ་བ། །བིམ་པ་ལྟར་དམར་མ་མཆུའི་སྦྲང་རྩི་སོགས། །པདྨ་ཅན་སོགས་ཕྱག་རྒྱའི་རོ་མཆོག་རྣམས། མི་བསྐྱོད་རྡོ་རྗེའི་×གསང་ བའི་སྣ་རྩེ་ཕན་ཚུན་ཕྲད་པ་ཡི། །རེག་བྱ་མྱོང་བས་གཏུམ་མོ་སྐུལ་བྱེད་མ། །པདྨ་ཅན་སོགས་ཕྱག་རྒྱའི་རེག་བྱ་མཆོག །མི་བསྐྱོད་རྡོ་རྗེའི་ལྷ་ཚོགས་མཉེས་ཕྱིར་དབུལ། །ཞེས་པས་ནང་གི་འདོད་ཡོན་དབུལ་བ་སྟེ། འདི་དག་ཀྱང་རྗེ་རང་ཉིད་ཀྱིས་མཛད་པའོ།། ༈ །།མཇུག་ གི་སྐབས་སུ་བྱ་བའི་སྨོན་ལམ་དང་བཀྲ་ཤིས་ནི། དེ་ལྟར་སྒྱུ་མ་ཇི་བཞིན་རྨི་ལམ་བཞིན། །སྣང་སྟོང་ལྷ་སྐུར་གསལ་བའི་ངང་ཉིད་ནས། །ཕྱོགས་བཅུའི་རྒྱལ་བ་རབ་འབྱམས་ཀུན་བསྡུས་པ། །མི་བསྐྱེད་རྡོ་རྗེའི་དཀྱིལ་འཁོར་ལྷ་ཚོགས་ལ། །རྨད་བྱུང་བདེ་བས་དགྱེས་པ་བསྐྱེད་ པའི་ཕྱིར། །ཕྱི་དང་ནང་དང་གསང་བའི་མཆོད་བསྟོད་དང༌། །སྒོམ་དང་བཟླས་པ་སོགས་ལ་འདིར་འབད་པས། །བདག་གི་ཇི་སྙེད་བསགས་པའི་དགེ་བ་འདིས། །རང་ཉིད་སྲིད་མཚོར་ལྟུང་བ་ཇི་བཞིན་དུ། །མར་གྱུར་འགྲོ་བ་ཀུན་ཀྱང་དེ་འདྲ་བར། །མཐོང་ནས་འགྲོ་ 2-3-218b བ་སྒྲོལ་བའི་ཁུར་འཁྱེར་བའི། །བྱང་ཆུབ་སེམས་མཆོག་འབྱོངས་པ་ཉིད་གྱུར་ཅིག །སེམས་ཙམ་བསྐྱེད་ཀྱང་ཚུལ་ཁྲིམས་རྣམ་གསུམ་ལ། །གོམས་པ་མེད་ན་བྱང་ཆུབ་མི་འགྲུབ་པར། །ལེགས་པར་མཐོང་ནས་རྒྱལ་སྲས་སྡོམ་པ་ལ། །བརྩོན་པ་དྲག་པོས་སློབ་པ་ཉིད་གྱུར་ ཅིག །ཐུན་མོང་ལམ་སྦྱངས་སྣོད་དུ་གྱུར་པ་ན། །ཐེག་པ་ཀུན་གྱི་མཆོག་གྱུར་རྡོ་རྗེའི་ཐེག །སྐལ་བཟང་སྐྱེ་བོའི་འཇུག་ངོགས་དམ་པ་དེར། །བདེ་བླག་ཉིད་དུ་འཇུག་པ་ཉིད་གྱུར་ཅིག །བུམ་དབང་གངྒཱའི་ཆུ་རྒྱུན་བསྐུར་བ་ཡིས། །ཐ་མལ་སྣང་ཞེན་དྲི་མ་འཁྲུད་པར་ཤོག ། གསང་དབང་ཡེ་ཤེས་བདུད་རྩི་མྱངས་པ་ཡིས། །ངག་གནས་རླུང་ནི་སྔགས་སུ་འཆར་བར་ཤོག །གསུམ་པ་ལྷན་སྐྱེས་དགའ་བའི་ལྕགས་ཀྱུ་ཡིས། །ཡིད་ནི་འོད་གསལ་དབྱིངས་སུ་འདྲེན་པར་ཤོག །བཞི་པ་ཟུང་འཇུག་དོན་ལ་ངོ་སྤྲད་པས། །མཐར་ཐུག་དོན་ལ་སྒྲོ་འདོགས་ ཆོད་པར་ཤོག །དེ་ཚེ་དངོས་གྲུབ་རྣམ་གཉིས་འགྲུབ་པའི་གཞི། །རྣམ་དག་དམ་ཚིག་སྡོམ་པར་གསུངས་པ་ལ། །བཅོས་མ་མིན་པའི་ངེས་པ་རྙེད་གྱུར་ནས། །སྲོག་དང་སྡོས་ཏེ་རྟག་ཏུ་བསྲུང་བར་ཤོག །ཐ་མལ་སྣང་ཞེན་ཀུན་རྟོག་སྤངས་པ་ཡི། །ལུས་ཀྱིག་ཐོབ་ངག་ གི་བརྗོད་པ་དང༌། །ཡིད་ཀྱི་བསམ་པ་ཀུན་གྱིས་འབད་མེད་པར། །རླབས་ཆེན་ཚོགས་རྣམས་ཡོངས་སུ་སྡུད་བྱེད་པའི། །ཐུན་བཞིའི་སྦྱོར་བ་བསྙེན་སྒྲུབ་ཡན་ལག་བཞི། །རིམ་པ་དང་པོའི་རགས་དང་ཕྲ་བའི་ལམ། །མ་ལུས་ཤིན་ཏུ་བརྟན་པ་རྙེད་ནས་ནི། །གང་ སྣང་ལྷ་ཡི་འཁོར་ལོར་འཆར་བར་ཤོག །ཞིང་གི་ཕུལ་བྱུང་ཐུགས་ཀྱི་དཀྱིལ་འཁོར་ལ། །བརྟེན་ནས་འཁོར་གསུམ་དག་པའི་མཆོད་སྦྱིན་སོགས། །སྦྱོར་བ་ཚོགས་བསགས་ཆོ་བ་བཞིན་བྱས་པས། །རང་གི་རྒྱུད་ནི་ཡོངས་སུ་དག་པར་ཤོག །དཔལ་ལྡན་ 2-3-219a ཞེ་སྡང་རྡོ་རྗེ་ཁྲོ་བོ་བཅུའི། །འཁོར་གྱིས་ཡོངས་སུ་བསྐོར་བའི་ཏིང་འཛིན་གྱིས། །ཕྱོགས་བཅུར་རྒྱུ་བའི་གདུག་པའི་བསམ་པ་ཅན། །མ་ལུས་ཚར་གཅོད་འཕྲིན་ལས་འགྲུབ་པར་ཤོག །གང་དུ་འཚང་རྒྱའི་ཞིང་ཀུན་དག་བྱས་ནས། །དེར་ནི་སྐུ་གསུམ་གོ་ འཕང་མངོན་འགྱུར་བའི། །ཐབས་ཀྱི་དམ་པ་འཆི་བ་ཆོས་སྐུ་དང༌། །བར་དོ་ལོངས་སྐུ་སྐྱེ་བ་སྤྲུལ་པའི་སྐུར། །ཚུལ་བཞིན་ཉམས་སུ་ལེན་པའི་རྡོ་རྗེ་མཆོག །རིམ་པ་ཇི་བཞིན་རྒྱུད་ལ་བསྐྱེད་པ་ཡིས། །ཐ་མལ་སྐྱེ་ཤི་བར་དོའི་སྣང་ཞེན་ཀུན། །སྦྱོང་བྱེད་དང་པོའི་སྦྱོར་ བ་ཐོབ་པར་ཤོག །རང་དོན་ཕུན་ཚོགས་དེ་ཡི་མྱུར་བའི་ལམ། །འདོད་ཆགས་ཆེན་པོའི་ཚུལ་གྱི་ཏིང་འཛིན་གྱིས། །རང་རིག་ཕྱག་རྒྱར་གཞོལ་བའི་ཐབས་ལ་མཁས། །ལྷན་སྐྱེས་བདེ་བས་རྒྱལ་རྣམས་མཆོད་པར་ཤོག །མཁའ་དབྱིངས་རྡོ་རྗེ་སྦྱར་བས་སྦར་བ་ ཡི། །ཙཎྜ་ལི་ཡིས་བཞུས་པའི་བྱང་ཆུབ་སེམས། །ཨ་ཝ་དྷཱུ་ཏིའི་རྒྱུན་ལམ་ནས་འོངས་པ། །ཤེས་རབ་པདྨའི་ཟེའུ་འབྲུར་སོན་པ་ལས། །འཁྲུངས་པའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི། །སྤྲུལ་པའི་སྤྲིན་གྱིས་ནམ་མཁའི་ཁྱོན་བཀང་སྟེ། །སྣོད་བཅུད་ཞིང་ཀུན་ ཡོངས་སུ་སྦྱོང་མཛད་པའི། །དཀྱིལ་འཁོར་རྒྱལ་མཆོག་མྱུར་དུ་འགྲུབ་པར་ཤོག །སྲོག་འཛིན་ཐུར་སེལ་ལམ་གྱི་སྣ་རྩེར་ནི། །གནས་ནས་འོད་ཟེར་དྲ་བ་འགྱེད་པ་ཅན། །བདེ་གཤེགས་ལྔ་བདག་རིན་ཆེན་ཁ་དོག་ལྔ། །ཕྱག་མཚན་བྱང་སེམས་ཕྲ་མོ་ཡུངས་འབྲུ་ ཙམ། །དེ་ནང་དཀྱིལ་འཁོར་འཁོར་ལོ་ཡོངས་རྫོགས་ཤིང༌། །མ་འདྲེས་གསལ་ལ་ཇི་སྲིད་འདོད་ཀྱི་བར། །མཉམ་པར་བཞག་པའི་ཕྲ་མོའི་རྣལ་འབྱོར་དང༌། །ཕྱི་ནང་བཟླས་པ་ཡོངས་སུ་རྫོགས་པར་ཤོག །དེས་ནི་རྫས་སྔགས་འཁྲུལ་འཁོར་བསམ་གཏན་ལ། ། 2-3-219b བརྟེན་ནས་གྲུབ་པ་ཆེན་པོ་བརྒྱད་དང་ནི། །ཞི་སོགས་རབ་འབྱམས་ལས་ཀུན་འགྲུབ་པ་ཡི། །ལས་ཀྱི་རྒྱལ་པོ་མཆོག་ནི་འགྲུབ་པར་ཤོག །སོ་སོར་སྡུད་དང་བསམ་གཏན་སྲོག་རྩོལ་དང༌། །འཛིན་པ་རྗེས་དྲན་ཏིང་འཛིན་ཡན་ལག་དྲུག །ཡོངས་སུ་སྡུད་པའི་ཟབ་ལམ་རིམ་པ་ ལྔ། །སྤྱོད་པ་གསུམ་དང་བཅས་པ་འགྲུབ་པར་ཤོག །ནོར་བུར་ཐིག་ལེ་ཕྲ་མོར་སེམས་བརྟན་པས། །ཉི་མས་ཟླ་བ་བཞུས་པའི་བདུད་རྩིའི་རྒྱུན། །ལུགས་འབྱུང་ལུགས་ལྡོག་རིམ་པས་དྲངས་པ་ཡི། །ཡས་བབས་མས་བརྟན་དགའ་བཞི་སྐྱེ་བར་ཤོག །དེ་ལས་ལངས་ཚེ་ གང་ཤར་སྣང་བ་ཀུན། །རིགས་བརྒྱ་རིགས་ལྔ་རིགས་གསུམ་རིགས་གཅིག་ཏུ། །འཆར་བའི་སྐུ་ཡི་རྡོ་རྗེའི་ཏིང་འཛིན་གྱིས། །ལུས་དབེན་སོར་སྡུད་བསམ་གཏན་རྫོགས་པར་ཤོག །ཐིག་ལེའི་རྒྱལ་པོ་སྔགས་ཀྱི་ཐིག་ལེ་མཆོག །སྙིང་གའི་ཆུ་སྐྱེས་སྣ་རྩེར་གོམས་བྱས་ པས། །གཟུང་དང་འཛིན་པའི་རྣམ་རྟོག་སྐྱེད་པའི་རླུང༌། །བཅུ་གཉིས་མི་ཤིགས་ཐིག་ལེར་སྡུད་པར་ཤོག །གདོང་གི་སྣ་རྩེར་འོད་ཀྱི་ཐིག་ལེའི་གདངས། །མ་བཅོས་རྡོ་རྗེ་གསུམ་དུ་ཤར་བ་ཡི། །ངག་དབེན་གསུང་གི་རྡོ་རྗེའི་ཏིང་འཛིན་གྱིས། །སྙིང་གའི་མ་རིག་སྒོ་ངའི་སྦུབས་ འབྱེད་ཤོག །ཐབས་ཤེས་གསང་བའི་རྩ་མཆོག་གཉིས་ཀྱི་རྩེར། །རྫས་ཀྱི་ཐིག་ལེའི་སྲོག་རྩོལ་བསྒོམས་པ་ཡིས། །ཀུན་རྟོག་རླུང་གི་མུན་པ་སངས་གྱུར་ནས། །འོད་གསལ་ཉི་མ་སྙིང་དབུས་འཆར་བར་ཤོག །སྣ་རྩེ་གསུམ་དུ་ཐིག་ལེ་རྣམ་གསུམ་གྱི། །སྲོག་རྩོལ་བསྒོམས་ པས་སྤྲིན་མེད་ནམ་མཁའ་ལ། །ཟླ་ཉིའི་འོད་དང་སྨག་གིས་ཁྱབ་འདྲ་ཡི། །སྟོང་པ་གསུམ་གྱི་སེམས་དབེན་སྐྱེ་བར་ཤོག །སྒྱུ་མ་ལོངས་སྐུ་འོད་གསལ་ཆོས་སྐུ་དང༌། །སྣ་ཚོགས་སྤྲུལ་སྐུ་གསུམ་ལ་རེ་རེ་ཞིང༌། །རྣམ་པ་གསུམ་གསུམ་བསྲེ་བ་རྣམ་པ་དགུ། །ཡོངས་ 2-3-220a རྫོགས་མན་ངག་གནད་ལ་མཁས་གྱུར་ཏེ། །ཀུན་རྫོབ་སྒྱུ་ལུས་དོན་དམ་འོད་གསལ་འཛིན། །ལུགས་ལྡོག་རྗེས་དྲན་ཟུང་འཇུག་ཏིང་འཛིན་དང༌། །སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་ཀྱི། །སྤྱོད་མཆོག་རྣམ་གསུམ་ཡོངས་སུ་རྫོགས་པར་ཤོག །གལ་ ཏེ་འདི་དང་བར་དོར་མཆོག་འགྲུབ་པའི། །ཏིང་འཛིན་མ་རྙེད་འཆི་བའི་དུས་བྱེད་ན། །གཞི་ཡི་འཆི་རིམ་སྟོང་པ་རྣམ་པ་བཞི། །ལམ་གྱི་སྟོང་པ་བཞི་དང་བསྲེ་ནུས་ཤོག །བར་དོ་གྲུབ་ཚེ་སྒྱུ་མའི་ཏིང་འཛིན་དང༌། །བསྲེ་བར་བྱེད་ཅིང་སྐྱེ་བ་ལེན་པའི་ཚེ། །ལོངས་སྐུས་ སྤྲུལ་སྐུའི་སྐྱེ་བ་འཛིན་པ་བཞིན། །སྐྱེ་གནས་མཆོག་ཏུ་བསམས་བཞིན་སྐྱེ་བར་ཤོག །མདོར་ན་སྐྱེ་ཤི་བར་དོ་གང་ཤར་ཡང༌། །སྔོན་ཆད་བསྒོམས་པའི་ལམ་ཁྱེར་རྣམ་གསུམ་གྱི། །གསལ་འདེབས་དགེ་སྦྱོར་སྐུལ་མར་རྟོགས་གྱུར་ནས། །འཆི་ཚེ་ཡིད་ལ་དགའ་ བ་རྒྱས་པར་ཤོག །དེ་ལྟར་རྨད་བྱུང་ལམ་གྱི་མཐར་ཐུག་འདི། །ཚུལ་བཞིན་སྒྲུབ་ལ་བར་ཆད་མེད་པ་དང༌། །ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་གྱུར་ཏེ། །འགྲོ་ཀུན་ཐབས་མཁས་འདི་ཡིས་སྒྲོལ་བར་ཤོག།། ༈ །།རབ་ཡངས་ནམ་མཁའ་ཏིལ་གྱི་གང་བུ་བཞིན། ། ཡོངས་སུ་གང་བའི་འདུས་པའི་ལྷ་ཚོགས་ནི། །ཁ་ཅིག་མེ་ཏོག་སྣ་ཚོགས་ཆར་འབེབས་ཤིང༌། །ལ་ལ་བཀྲ་ཤིས་གདངས་སྙན་གླུ་རུ་ལེན། །གཞན་དག་བགེགས་དཔུང་འཇོམས་པའི་འཕྲིན་ལས་ཀྱིས། །ཁྱེད་ལ་རྟག་ཏུ་དཔལ་གནས་མཛད་པ་འདི། །ཤེས་ པར་གྱིས་ལ་ཡིད་བདེ་སྐྱེད་ཅིག་དང༌། །ཤིས་བརྗོད་ཕྲེང་བ་བདག་གིས་བསྒྲག་པར་བྱ། །རྨད་བྱུང་མཚན་དཔེའི་དཔལ་འབར་ལོངས་སྤྱོད་རྫོགས། །ཁ་སྦྱོར་བདེ་སྟོང་རོ་ལ་རྟག་རོལ་ཅིང༌། །དམིགས་མེད་ཐུགས་རྗེས་ཞི་བའི་མཐའ་སྤངས་པ། །རྒྱལ་བ་ཡན་ 2-3-220b ལག་བདུན་ལྡན་ལ་ཕྱག་འཚལ། །གསང་བ་ཀུན་འདུས་སྡུད་མཛད་གསང་བའི་བདག །རྒྱུད་རྒྱལ་འདུས་པའི་ལམ་གྱིས་མཆོག་བརྙེས་པ། །ཨིནྡྲ་བྷཱུ་ཏི་ཀླུ་ཡི་མཁའ་འགྲོ་མ། །བི་སུ་ཀལྤ་དཔལ་ལྡན་ས་ར་ཧ། །ཀླུ་སྒྲུབ་རྡོ་རྗེ་ཅན་དང་འཕགས་པ་ལྷ། །ཀླུ་བྱང་ཤཱཀྱ་བཤེས་ གཉེན་མ་ཏཾ་གི། །ཟླ་བའི་ཞབས་ཕྱོགས་བླ་མ་བརྒྱུད་པ་ལ། །ལེགས་ཚོགས་ཇི་སྙེད་མཆིས་པའི་བཀྲ་ཤིས་དེས། །ཁྱེད་ཀྱི་མི་མཐུན་རྒུད་པ་ཀུན་ཟད་ཅིང༌། །དགེ་ལེགས་ཡར་ངོའི་ཟླ་བཞིན་འཕེལ་གྱུར་ནས། །ཕུན་ཚོགས་དཔལ་ལ་རོལ་པའི་བཀྲ་ཤིས་ཤོག །ཕྱོགས་བཅུའི་ ཞིང་རབ་འབྱམས་ན་བཞུགས་པའི་རྒྱལ་བ་ཐམས་ཅད་འདུས་པའི་བདག་ཉིད་དཔལ་གསང་བ་འདུས་པའི་སངས་རྒྱས་དཀོན་མཆོག་བཅོམ་ལྡན་འདས་མི་བསྐྱོད་རྡོ་རྗེའི་དཀྱིལ་འཁོར་གྱི་ལྷ་ཚོགས་ལ། ལེགས་པའི་ཚོགས་ཇི་སྙེད་ཅིག་མཆིས་པའི་བཀྲ་ཤིས་པའི་དམ་ པ་དེས་སྐལ་བ་དང་ལྡན་པའི་གང་ཟག་ཁྱེད་ཅག་འདིར་འཁོད་པ་ཐམས་ཅད་ལ་ཉིན་མཚན་ཐམས་ཅད་དུ་ཕུན་སུམ་ཚོགས་པའི་དཔལ་ལ་རྟག་ཏུ་རོལ་པའི་ཤིས་པ་ལྷག་པར་སྐྱོང་བར་གྱུར་ཅིག །བདེ་གཤེགས་རིགས་ལྔ་ཡབ་ཡུམ་སེམས་མ་བཞི། །རྒྱལ་སྲས་བརྒྱད་དང་ཁྲོ་ བོའི་དབང་པོ་བཅུ། །དཔལ་ལྡན་འདུས་པའི་སངས་རྒྱས་དཀོན་མཆོག་ནི། །སུམ་ཅུ་རྩ་གཉིས་ལྷ་ཡི་འཁོར་ལོ་ལ། །ལེགས་ཚོགས་ཇི་སྙེད་མཆིས་པའི་བཀྲ་ཤིས་དེས། །ཁྱེད་ཀྱི་མི་མཐུན་རྒུད་པ་ཀུན་ཟད་ཅིང༌། །བདེ་ལེགས་ཡར་ངོའི་ཟླ་བཞིན་འཕེལ་གྱུར་ནས། །ཕུན་ཚོགས་དཔལ་ལ་ རོལ་པའི་བཀྲ་ཤིས་ཤོག །དབྱངས་དང་གསལ་བྱེད་ཀྱི་ཡི་གེ་སུམ་ཅུ་རྩ་གསུམ་གྱི་མཐའ་ཅན་གྱི་རྒྱུད་སྡེ་སྟོང་ཕྲག་སུམ་ཅུ་རྩ་གསུམ་གྱི་རྩ་བ་དང༌། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་མདོ་སྡེ་ཐམས་ཅད་ཀྱི་སྣོད་དམ་པ། དཔལ་གསང་བ་འདུས་པའི་རྩ་བའི་རྒྱུད་དང༌། བཤད་ 2-3-221a པའི་རྒྱུད་དང༌། དེ་དག་གི་དོན་དབང་བསྐུར་བ་རྣམ་པ་བཞི་དང༌། དམ་ཚིག་རྣམ་པ་གསུམ་དང༌། ཐུན་མོང་གི་བསྙེན་པ་རྡོ་རྗེ་རྣམ་པ་བཞི་དང༌། མཆོག་གི་བསྙེན་པ་སྦྱོར་བ་ཡན་ལག་དྲུག་དང༌། ཟབ་མོ་རིམ་པ་ལྔ་དང༌། སྤྱོད་པ་རྣམ་པ་གསུམ་སྟེ། དཔལ་གསང་བ་འདུས་ པའི་ཆོས་དཀོན་མཆོག་ལུང་དང་རྟོགས་པའི་འཁོར་ལོ་རྣམ་པ་གཉིས་ལ་ལེགས་པའི་ཚོགས་ཇི་སྙེད་ཅིག་མཆིས་པའི་བཀྲ་ཤིས་པའི་དམ་པ་དེས་སྐལ་བ་དང་ལྡན་པའི་གང་ཟག་ཁྱེད་ཅག་འདིར་འཁོད་པ་ཐམས་ཅད་ལ་ཉིན་མཚན་ཐམས་ཅད་དུ་ཕུན་སུམ་ཚོགས་ པའི་དཔལ་ལ་རྟག་ཏུ་རོལ་བར་བྱེད་པའི་ཤིས་པ་ལྷག་པར་སྐྱོང་བར་གྱུར་ཅིག །ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས་དཔའ་ཡི། །ཞལ་གྱི་པདྨོ་ལས་འོངས་རྒྱུད་སྡེའི་གཞུང༌། །སྟོང་ཕྲག་སུམ་ཅུ་གསུམ་གྱི་རྩ་བ་མཆོག །དཔལ་ལྡན་འདུས་པའི་རྩ་རྒྱུད་བཤད་རྒྱུད་དང༌། །དབང་ བསྐུར་བཞི་དང་དམ་ཚིག་རྣམ་པ་གསུམ། །བསྐྱེད་རིམ་ཐུན་མོང་བསྙེན་པ་རྡོ་རྗེ་བཞི། །རྫོགས་རིམ་མཆོག་གི་བསྙེན་པ་ཡན་ལག་དྲུག །ཟབ་མོ་རིམ་པ་ལྔ་དང་སྤྱོད་པ་གསུམ། །དཔལ་ལྡན་འདུས་པའི་ཆོས་ཀྱི་དཀོན་མཆོག་ནི། །ལུང་དང་རྟོགས་པའི་འཁོར་ལོ་རྣམ་གཉིས་ལ། ། ལེགས་ཚོགས་ཇི་སྙེད་མཆིས་པའི་བཀྲ་ཤིས་དེས། །ཁྱེད་ཀྱི་མི་མཐུན་རྒུད་པ་ཀུན་ཟད་ཅིང༌། །བདེ་ལེགས་ཡར་ངོའི་ཟླ་བཞིན་འཕེལ་གྱུར་ནས། །ཕུན་ཚོགས་དཔལ་ལ་རོལ་པའི་བཀྲ་ཤིས་ཤོག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་ ཐམས་ཅད་འདུས་པའི་རྒྱུད་ཀྱི་དོན་བླ་མའི་དྲིན་གྱིས་མ་ནོར་བར་རྟོགས་ནས་ཐུན་བཞིའི་རྣལ་འབྱོར་ལ་བརྟེན་པ་དང༌། མཆོག་དང་ཐུན་མོང་གི་དངོས་གྲུབ་བསྒྲུབ་པ་ལ་མི་འགྱུར་བའི་བློ་བརྟན་པོ་ཅན་གྱི་སྒྲུབ་པ་པོའི་དབང་པོ་དང༌། སྒྲུབ་པ་པོ་དེ་གང་གིས་མཐོང་ཞིང་ཐོས་པ་དང༌། 2-3-221b དྲན་ཞིང་རེག་པ་དང༌། དང་ཅིང་ཕྱོགས་གཅིག་ཙམ་ཞིག་འཛིན་པ་ཡན་ཆད་ལ་ཡང་རྡོ་རྗེ་འཆང་དང་འདྲ་བར་བལྟས་ནས་ཕྱག་འཚལ་ལོ་ཞེས་རྒྱུད་ཀྱི་རྒྱལ་པོ་ལས་གསུངས་པའི་དཔལ་གསང་བ་འདུས་པའི་དགེ་འདུན་དཀོན་མཆོག་རྒྱུད་ཀྱི་རྒྱལ་པོའི་ལུང་དང་རྟོགས་པའི་ཆོས་འཛིན་པ་ ཐམས་ཅད་ལ་ལེགས་པའི་ཚོགས་ཇི་སྙེད་ཅིག་མཆིས་པའི་བཀྲ་ཤིས་པའི་དམ་པ་དེས། སྐལ་བ་དང་ལྡན་པའི་གང་ཟག་ཁྱེད་ཅག་འདིར་འཁོད་པ་ཐམས་ཅད་ལ་ཉིན་མཚན་ཐམས་ཅད་དུ་ཕུན་སུམ་ཚོགས་པའི་དཔལ་ལ་རྟག་ཏུ་རོལ་པར་བྱེད་པའི་ཤིས་པ་ལྷག་པར་སྐྱོང་ བར་གྱུར་ཅིག །ཕྱོགས་བཅུའི་རབ་འབྱམས་ཞིང་ན་བཞུགས་པ་ཡི། །དཔལ་ལྡན་འདུས་པའི་དགེ་འདུན་དཀོན་མཆོག་ནི། །རྒྱུད་ཀྱི་རྒྱལ་པོའི་ལུང་རྟོགས་དམ་ཆོས་ཀྱི། །ཕྱོགས་གཅིག་ཡན་ཆད་འཛིན་པ་ཐམས་ཅད་ལ། །ལེགས་ཚོགས་ཇི་སྙེད་མཆིས་པའི་བཀྲ་ཤིས་ དེས། །ཁྱེད་ཀྱི་མི་མཐུན་རྒུད་པ་ཀུན་ཟད་ཅིང༌། །བདེ་ལེགས་ཡར་ངོའི་ཟླ་ལྟར་འཕེལ་གྱུར་ནས། །ཕུན་ཚོགས་དཔལ་ལ་རོལ་པའི་བཀྲ་ཤིས་ཤོག་ཅེས་པ་འདི་དག་ནི་རྗེ་རིན་པོ་ཆེ་ཉིད་ཀྱིས་མཛད་པའོ།། ༈ །།བདེ་མཆོག་གི་མཆོད་ཕྲེང་གི་སྐབས་སུ། རྗེ་རིན་པོ་ཆེ་རང་ཉིད་ ཀྱིས་མཛད་པའི་མཆོད་པའི་ཚིག་ནི་འདི་ལྟར། ཏིང་འཛིན་པིར་གྱིས་བྲིས་པའི་སྨིན་ལེགས་གཟུགས། །འཁྲི་ཤིང་གཞོན་ནུ་བཞིན་དུ་ལུས་ཕྲ་ཞིང༌། །བཞིན་རས་རྒྱས་པས་ཟླ་བའི་མཛེས་པ་འཕྲོག །ཨུཏྤལ་སྔོན་པོའི་མིག་ཅན་མཆུ་སྒྲོས་དམར། །སྤེལ་ལེགས་མེ་ཏོག་ཕྲེང་བ་ འཛིན་མཛད་མ། །འདོད་པའི་བདེ་ལ་ཆགས་པ་མང་སྤྲུལ་ཏེ། །དཀྱིལ་འཁོར་པ་རྣམས་དགྱེས་པ་བསྐྱེད་པའི་ཕྱིར། །ཉེར་སྤྱོད་ལྷ་མོའི་བདེ་བས་མཆོད་པར་བྱ། །དེས་མེ་ཏོག་དང་། དེ་བཞིན་དུ་བདུག་སྤོས་ནས་ཞལ་ཟས་ཀྱི་ཚིགས་བཅད་དང་སྔགས་སྔ་མ་བཞིན་དུ་བརྗོད་ལ། སྤེལ་ 2-3-222a ལེགས་མེ་ཏོག་ཕྲེང་བ་འཛིན་མཛད་མ། །ཞེས་པ་དང༌། པུཥྤེ། ཞེས་པའི་གནས་སུ་རིམ་པ་བཞིན། དྲི་ཞིམ་བདུག་པའི་སྤོས་སྣོད་འཛིན་མཛད་མ། །ཞེས་དང༌། རྡོ་རྗེ་ཁུ་ཚུར་གཉིས་ཁ་ཐུར་དུ་བསྟན་ནས་སྤོས་བཏུལ་བའི་ཕྱག་རྒྱ་དང༌། དྷཱུ་པེ། ཞེས་བདུག་སྤོས་དང༌། རིན་ཆེན་ འོད་འབར་སྣང་གསལ་འཛིན་མཛད་མ། །ཞེས་རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཐེ་བོང་གཤིབས་ཏེ་བསྒྲེང་བའི་ཕྱག་རྒྱ་དང༌། དཱི་པེ། ཞེས་མར་མེ་དང༌། སྟོང་གསུམ་ངད་ལྡང་དྲི་མཆོག་འཛིན་མཛད་མ། །རྡོ་རྗེ་ཁུ་ཚུར་བརྐྱངས་པའི་ཐལ་མོས་དྲིས་བྱུག་པའི་ཕྱག་རྒྱ་དང༌། གནྔྷེ། ཞེས་དྲི་དང༌། རོ་ བརྒྱ་ལྡན་པའི་ཞལ་ཟས་འཛིན་མཛད་མ། །རྡོ་རྗེ་ཁུ་ཚུར་གཉིས་ཁ་གྱེན་དུ་བསྟན་ནས་ཐལ་མོ་བརྐྱངས་པའི་ཕྱག་རྒྱ་དང༌། ནཻ་ཝེ་དྱེ་ཞེས་པ་རྣམས་བཅུག་ལ། ཞལ་ཟས་ཀྱི་བར་དབུལ། ཡིད་འོང་རོལ་མོའི་ཆ་བྱད་མཐའ་ཡས་ལས། །བྱུང་བའི་གདངས་སྙན་མི་འདྲ་དུ་མ་ཅན། །ཐོས་ པས་ལུས་སེམས་གདུང་བ་ཞི་བྱེད་པ། །སྣ་ཚོགས་རོལ་མོའི་སྒྲ་ཡིས་མཆོད་པར་བྱ། །ཨོཾ་བཛྲ་ཤཔྟ་པྲ་ཏཱི་ཙྪ་ཨཱཿཧཱུཾ། ཞེས་རོལ་མོ་རྣམས་དབུལ་ལོ། །ཕུལ་བྱུང་གཟུགས་མཛེས་ཡིད་འཕྲོག་རྒྱན་གྱིས་སྤུད། །ལང་ཚོ་རབ་རྒྱས་གླུ་དང་གར་ལ་མཁས། །དབང་པོ་དྲུག་ལ་ རྨད་བྱུང་བདེ་བ་སྟེར། །ཀུན་གྱི་དགའ་བསྐྱེད་མཆོད་པའི་ལྷ་མོ་ནི། །པི་ཝང་གླིང་བུ་རྔ་ཟླུམ་རྫ་རྔ་མས། །གདངས་སྙན་སྒྲ་ཡིས་རྣ་བའི་དགའ་སྟོན་འགྱེད། །རབ་འབྱམས་མཆོད་པའི་སྤྲིན་གྱིས་བདག་མཆོད་ན། །དགྱེས་བཞིན་བཞེས་ཏེ་མཆོག་རྣམས་སྩལ་ཏུ་གསོལ། ། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་པི་ཝཾ་བརྡུང་བའི་ཚུལ་དང༌། ཨོཾ་བཛྲ་ཝཱི་ཎེ་ཧཱུཾ་ཧཱུཾ་ཕཊ། གླིང་བུ་བསྒྱུར་བའི་ཚུལ་དང༌། ཨོཾ་བཛྲ་བཾ་ཤེ་ཧཱུཾ་ཧཱུཾ་ཕཊ། སོར་མོས་མཆན་ཁུང་གི་ཐད་དུ་རྔ་མྲི་ཏཾ་ག་བརྡུང་བའི་ཚུལ་དང་། ཨོཾ་བཛྲ་མྲྀ་ཏཾ་གི་ཧཱུཾ་ཧཱུཾ་ཕཊ། སོར་མོས་འོག་ཏུ་རྫ་རྔ་ཆེན་པོ་བརྡུང་ 2-3-222b བའི་ཚུལ་དང༌། ཨོཾ་བཛྲ་མུ་ར་ཛེ་ཧཱུཾ་ཧཱུཾ་ཕཊ། པི་ཝཾ། ཞེས་པ་ནས་དགའ་སྟོན་འགྱེད་ཅེས་པའི་ཚིག་རྐང་གཉིས་ཀྱི་གནས་སུ། བཞིན་མཛེས་འཛུམ་དང་ལྡན་པའི་འགྱིང་བག་ཅན། །སྙན་པའི་གླུ་ལེན་མཛེས་པའི་གར་བསྒྱུར་མ། །ཞེས་པ་བཅུག་ལ་གོང་གི་ཚིག་རྐང་བཞི་དང༌། མཐའི་ ཚིག་རྐང་གཉིས་སྔ་མ་བཞིན་དུ་སྦྱར་བའི་རྗེས་སུ། རྡོ་རྗེ་ཁུ་ཚུར་གཉིས་ཁ་ཕྱིར་བསྟན་ཏེ་ཁ་འགྲམ་གཉིས་སུ་བཞག་ལ་བཞད་པའི་ཚུལ་དང༌། ཨོཾ་བཛྲ་ཧཱ་སྱ་ཧཱུཾ་ཧཱུཾ་ཕཊ། རྡོ་རྗེ་ཁུ་ཚུར་གཉིས་དཀུར་བཞག་སྟེ་བསྙེམས་པའི་ཚུལ་དང༌། ཨོཾ་བཛྲ་ལཱ་སྱ་ཧཱུཾ་ཧཱུཾ་ཕཊ། ཏིང་ཤག་དཀྲོལ་ བའི་ཚུལ་དང༌། ཨོཾ་བཛྲ་གཱིརྟི་ཧཱུཾ་ཧཱུཾ་ཕཊ། གར་བསྐོར་བའི་ཚུལ་དང༌། ཨོཾ་བཛྲ་ནྲི་ཏྱ་ཧཱུཾ་ཏཱུཾ་ཕཊ། ཅེས་དེ་བཞིན་དུ་འོག་མ་གཉིས་ལའང་སྦྱར་ལ། ཁྱད་པར་ནི། མེ་ཏོག་ཀོན་བུ་དྲི་ཞིམ་བདུག་སྤོས་དང༌། །མར་མེའི་སྡོང་བུ་དྲི་ཡི་དུང་ཆོས་འཛིན། །སྔར་གྱི་མེ་ཏོག་ནས་དྲིའི་བར་གྱི་ ཕྱག་རྒྱ་བཞི་རིམ་པ་བཞིན་དུ་བྱས་ལ། ཨོཾ་བཛྲ་པུཥྤེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་དྷཱུ་པེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་དཱི་པེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་གནྡྷེ་ཧཱུཾ་ཧཱུཾ་ཕཊ། དྲི་མེད་མེ་ལོང་སྦྲང་ཆར་སྣོད་དང་ནི། །སྣ་ཚོགས་གོས་དང་ཆོས་ཀྱི་འབྱུང་གནས་འཛིན། །གཡོན་རྡོ་རྗེ་ཁུ་ཚུར་ཁ་ནང་དུ་བསྟན་པའི་སྟེང་དུ་གཡས་ པའི་ལག་མཐིལ་ཕྱིར་བསྟན་ཏེ་བཞག་པ་མེ་ལོང་གི་ཕྱག་རྒྱ་དང༌། ཨོཾ་རཱུ་པ་བཛྲི་ཧཱུཾ་ཧཱུཾ་ཕཊ། སྔར་གྱི་ཞལ་ཟས་ཀྱི་ཕྱག་རྒྱའམ། ཡང་ན་རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་བ་རོའི་ཕྱག་རྒྱ་དང༌། ཨོཾ་ར་ས་བཛྲི་ཧཱུཾ་ཧཱུཾ་ཕཊ། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་གོས་འབུལ་བའི་ཚུལ་དང༌། ཨོཾ་སྤརྴ་བཛྲི་ཧཱུཾ་ ཧཱུཾ་ཕཊ། རྡོ་རྗེ་བསྡམས་པ་ལས་མཐེའུ་ཆུང་གཉིས་རྩེ་སྤྲད་ལ་བརྐྱང༌། མཛུབ་མོ་གཉིས་དང་མཐེ་བོང་གཉིས་ཀྱང་བསྐྱེད་པ་ཆོས་འབྱུང་གི་ཕྱག་རྒྱ་དང༌། ཨོཾ་དྷརྨ་དྷཱ་ཏུ་བཛྲི་ཧཱུཾ་ཧཱུཾ་ཕཊ། ཅེས་རིག་མ་བཅུ་དྲུག་གིས་མཆོད། རབ་འབྱམས་ཞིང་ན་ཇི་སྙེད་གཟུགས་མཆིས་པ། །ཡོངས་སུ་ 2-3-223a གྱུར་པ་ལས་བྱུང་ལྷ་མོ་ནི། །བཞིན་རས་རྒྱས་ཤིང་སྐུ་ཡི་མཛེས་པ་སྟོན། །གཟུགས་ཀྱི་རྡོ་རྗེ་མ་ཡིས་མཆོད་པ་ཡིས། །གང་ཤར་གཟུགས་ཀྱི་སྣང་བ་ཐམས་ཅད་ནི། །གཟུགས་ཀྱི་རྡོ་རྗེ་མར་ནི་ཤར་བའི་མཐུས། །མི་འགྱུར་བདེ་བ་ཆེན་པོ་རབ་བསྩལ་ ཏེ། །བདེ་སྟོང་མཆོག་གི་ཏིང་འཛིན་རྫོགས་པར་ཤོག །སྔར་གྱི་མེ་ལོང་གི་ཕྱག་རྒྱ་དང༌། ཨོཾ་རཱུ་པ་བཛྲི་ཧཱུཾ་ཧཱུཾ་ཕཊ། ཅེས་གཟུགས་དང༌། དེ་བཞིན་དུ་ཚིགས་བཅད་རྣམས་སྔ་མ་བཞིན་དུ་བརྗོད་ལ། ཁྱད་པར་ནི། གཟུགས་ཞེས་པ་འོག་མ་བཞི་ལ་རིམ་པ་བཞིན། སྒྲ་དང་དྲི་ དང་རོ་དང་རེག་བྱ་ཞེས་པ་བརྗེས་ནས། བཞིན་རས་རྒྱས་པས་སྐུ་ཡི་མཛེས་པ་སྟོན། །ཞེས་པའི་གནས་སུ་སྙན་པའི་པི་ཝང་བརྡུང་ཞིང་གླུ་ལེན་མ། །ཞེས་པ་བཅུག་པས་རྗེས་སུ་སྔར་གྱི་པི་ཝཾ་བརྡུང་བའི་ཚུལ་དང༌། ཨོཾ་ཤཔྟ་བཛྲི་ཧཱུཾ་ཧཱུཾ་ཕཊ། ཅེས་བརྗོད། དེ་བཞིན་དུ་འོག་མ་གསུམ་ལ་ཡང་ ཤེས་པར་བྱའོ། །བཟང་པོའི་དྲི་ཡིས་ཕྱོགས་ཀུན་རབ་འགེངས་མ། །ཨོཾ་གནྔྷེ་བཛྲི་ཧཱུཾ་ཧཱུཾ་ཕཊ། ཅེས་དང༌། བདུད་རྩིས་གང་བའི་རིན་ཆེན་སྣོད་འཛིན་མ། །ཨོཾ་ར་ས་བཛྲི་ཧཱུཾ་ཧཱུཾ་ཕཊ། ཅེས་དང༌། འཇམ་མཉེན་རེག་བྱ་མཆོག་གིས་ཡིད་འཕྲོག་མ། །ཨོཾ་སྤརྴ་བཛྲི་ཧཱུཾ་ཧཱུཾ་ཕཊ། ཅེས་འདོད་ཡོན་ལྔས་མཆོད། དྲི་མེད་གསེར་གྱི་རྩིབས་སྟོང་འོད་འབར་བ། །རིན་ཆེན་ཨིནྡྲ་ནཱི་ལའི་ཏོག་གིས་མཛེས། །སྣ་ཚོགས་ཕྲ་བཀོད་མུ་ཏིག་ཆུན་འཕྱང་གིས། །ཁོར་ཡུག་བརྒྱན་པའི་གདུགས་ཀྱིས་མཆོད་པར་བྱ། །གཡོན་དེ་བཞིན་གཤེགས་པའི་ཁུ་ ཚུར་བྱས་པའི་མཐེ་བོའི་སྟེང་དུ། གཡས་པ་ཁ་ཐུར་དུ་བསྟན་པ་བརྐྱངས་ལ། ཨོཾ་བཛྲ་ཙྪ་ཏྲཾ་ག་པྲ་ཏཱི་ཙྪ་ཧཱུཾ་སྭཱ་ཧཱ། ཞེས་གདུགས་དང༌། དྲང་ཞིང་ལྡེམ་པའི་རིན་ཆེན་ཡུ་བ་ནི། །ཟླ་ཕྱེད་རྡོ་རྗེ་རིན་ཆེན་རྩེ་མོ་ཅན། །དར་ལྕེ་གསུམ་པ་རླུང་གིས་བསྐྱོད་པ་ན། །སིལ་ 2-3-223b སིལ་འཁྲོལ་བའི་དྲིལ་ཆུང་སྒྲ་སྒྲོགས་ཤིང༌། །སུམ་ཁུགས་འཁྱོག་གི་འགྱིང་དང་རབ་ཏུ་ལྡན། །མཛེས་པའི་སྲོག་ཆགས་མཚན་མ་ཡོད་མེད་ཀྱི། །མི་མཐུན་ཕྱོགས་ལས་རྒྱལ་བའི་རྒྱལ་མཚན་དང༌། །རབ་མཛེས་བ་དན་རྣམས་ཀྱིས་མཆོད་པར་བྱ། །གཡོན་པའི་ རྡོ་རྗེ་ཁུ་ཚུར་གྱི་སྟེང་དུ་གཡས་པའི་གྲུ་མོ་བཙུགས་པའི་རྡོ་རྗེ་ཁུ་ཚུར་ཕྲག་པ་གཡོན་ཕྱོགས་སུ་ཁྱེར་བ་དང༌། ལག་པ་གཉིས་བརྐྱང་པ་ལ་སྲིན་ལག་གི་ཚིགས་དབུས་མ་བཀུག་ནས་བ་དན་རྩེ་གསུམ་པའི་ཚུལ་དུ་བསྒྲེངས་ཏེ། ལག་པ་གཉིས་བརྐྱངས་ནས་སྟེང་དུ་ བཏེག་པ་ལྟར་བཞག་པ། ཨོཾ་བཛྲ་ཀེ་ཏུ་པ་ཏཾ་ག་པྲ་ཏཱི་ཙྪ་ཧཱུཾ་སྭཱ་ཧཱ། ཞེས་རྒྱལ་མཚན་དང་བ་དན། ནམ་མཁའི་རྒྱན་གྱུར་རིན་ཐང་མེད་པའི་གོས། །སྣ་ཚོགས་དར་གྱི་ཤམ་བུ་གཡོ་བ་ཅན། །ཙན་དན་སྦྲུལ་གྱི་སྙིང་པོའི་དྲིས་བསྒོས་པ། །རབ་འབྱམས་བླ་རེའི་སྤྲིན་གྱིས་མཆོད་པར་ བྱ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ནམ་མཁའ་ལ་བླ་རེ་འདོགས་པའི་ཚུལ་ལམ། ཡང་ན་གཡོན་པང་པར་མཉམ་གཞག་བྱས་གཡས་ཁ་ཐུར་དུ་བསྟན་ཏེ། བླ་རེ་བསྐྱེད་པའི་བསམ་པས་ནམ་མཁའ་ལ་ཡོངས་སུ་བསྐོར་ལ། ཨོཾ་བཛྲ་བི་ཏོ་ན་པྲ་ཏཱི་ཙྪ་ཧཱུཾ་སྭཱ་ཧཱ། ཞེས་བླ་རེ་ དབུལ་ལོ། འཛམ་བུ་ཆུ་བོའི་གསེར་ལས་ལེགས་བྱས་ཤིང༌། །རྩིབས་སྟོང་ལྡན་པའི་དཔག་ཚད་ལྔ་བརྒྱ་པ། །ཉི་མ་གཉིས་པ་ལྟ་བུར་མཁར་འཕགས་ཏེ། །དཔག་ཚད་འབུམ་ལམ་ཉི་མ་གཅིག་གིས་གཅོད། །དེའི་མཐུས་ནམ་མཁའི་ལམ་ལས་དཔུང་ཚོགས་ བཞི། །གླིང་བཞི་ལྷ་གནས་དང་པོར་བགྲོད་བྱེད་པའི། །འཁོར་ལོ་རིན་ཆེན་ཕུལ་བས་འགྲོ་བ་ཀུན། །ཆོས་ཀྱི་སྲིད་ལ་དབང་བསྒྱུར་ཐོབ་པར་ཤོག །ལག་པའི་མཁྲིག་མ་གཉིས་བསྣོལ་ཏེ། རྒྱབ་སྦྱར་ལ་སོར་མོ་རྣམས་གཅིག་ལ་གཅིག་འཁྱུད་དེ། མཐེ་བོང་གཉིས་ལག་ 2-3-224a མཐིལ་དུ་བཀུག་ལ། ཨོཾ་བཛྲ་ཙཀྲ་རཏྣ་པྲ་ཏཱི་ཙྪ་ཧཱུཾ་སྭཱ་ཧཱ། ཞེས་འཁོར་ལོ་དང༌། རིན་ཆེན་བཻ་ཌཱུརྱ་ཡི་ཟུར་བརྒྱད་ལས། སྤྲོས་པའི་འོད་ཀྱིས་དཔག་ཚད་བརྒྱ་ཡི་བར། །མཚན་མོའང་ཉིན་མོ་བཞིན་དུ་སྣང་བྱེད་ཅིང༌། །ཚ་བས་གདུངས་ཚེ་འོད་ཀྱིས་ བསིལ་བ་སྟེར། །དེར་ནི་དུས་མིན་འཆི་དང་ནད་རྣམས་སེལ། །ཡིད་ལ་གང་བསམས་ཕལ་ཆེར་འབྱུང་འགྱུར་བའི། །ནོར་བུ་རིན་ཆེན་ཕུལ་བས་འགྲོ་ཀུན་གྱི། །ཆོས་ལྡན་རེ་བ་ཡིད་བཞིན་འགྲུབ་པར་ཤོག། །ཁུ་ཚུར་གཉིས་ཀྱི་མཛུབ་མོ་གཉིས་ཚིགས་ བཅག་སྟེ་མཐེ་བོང་གཉིས་དང་རྩེ་སྤྲད་ལ་ཙཀྲ་རཏྣའི་གནས་སུ། མ་ཎི་རཏྣ་ཞེས་ནོར་བུ། ཡིད་འོང་ལྟ་ན་སྡུག་པའི་བུད་མེད་ནི། །ལུས་དང་ཁ་ནས་དྲི་ཞིམ་རབ་ཏུ་འབྱུང༌། །གང་གིས་རེག་ལ་བདེ་བ་མཆོག་སྟེར་ཞིང༌། །གླིང་དེར་བཀྲེས་སྐོམ་མྱ་ངན་སེལ་ བར་བྱེད། །བུད་མེད་སྐྱོན་ལྔ་སྤངས་ཤིང་ཡོན་ཏན་ནི། །རྣམ་པ་བརྒྱད་དང་རབ་ཏུ་ལྡན་གྱུར་པའི། །བཙུན་མོ་རིན་ཆེན་ཕུལ་བས་འགྲོ་བ་ཀུན། །ཟག་མེད་བདེ་བ་ཆེ་ལ་སྤྱོད་པར་ཤོག །རྡོ་རྗེ་འབྱུང་བ་ལས། རྡོ་རྗེ་ཐལ་མོ་ལས། མཛུབ་མོའི་རྩེ་མོ་བཀུག་ནས་ ནི། གུང་མོ་མཉམ་པའི་ཚིགས་སུ་སྦྱར། རྡོ་རྗེ་དབྱིངས་ཀྱི་དབང་མོར་བཤད། །ཅེས་པའི་ཕྱག་རྒྱ་དང༌། སྟྲི་རཏྣ་ཞེས་བཙུན་མོ། གཞན་ལ་མི་འཚེ་ཆོས་མ་ཡིན་པ་སྤངས། །ཡང་དག་ཐ་སྙད་ལས་ལ་སྐྱོ་བ་མེད། །ས་ཡི་བདག་པོའི་ཡིད་ལ་བསམས་པ་ རྣམས། །མ་སྨྲས་པར་ཡང་ཤེས་ནས་སྒྲུབ་པར་བྱེད། །དཔུང་རྣམས་འགྲོ་དང་གནས་དང་ལྡོག་པ་ཡི། །བྱ་བ་ཀུན་ལ་རབ་ཏུ་མཁས་གྱུར་པའི། །བློན་པོ་རིན་ཆེན་ཕུལ་བས་འགྲོ་བ་ཀུན། །རྒྱལ་བའི་དགོངས་པ་ཇི་བཞིན་སྐོང་བར་ཤོག །རྡོ་རྗེ་བསྡམས་ 2-3-224b པ་ལས་གུང་མོ་གཉིས་དང་ཐ་མ་བཞི་གཤིབས་ཏེ་བསྒྲེང་བའི་ཕྱག་རྒྱ་དང༌། པ་རི་ཎ་ཡ་ཀ་རཏྣ་ཞེས་སློན་པོ། ཡན་ལག་བདུན་ལྡན་གངས་ཀྱི་རི་བོ་འདྲ། །རང་བཞིན་གླང་པོ་སྟོང་གི་སྟོབས་དང་ལྡན། །ཉི་མ་གཅིག་གིས་འཛམ་གླིང་ལན་གསུམ་འཁོར། ། ཅང་ཤེས་སྐུད་པ་ཡིས་ཀྱང་དཀྲི་བར་ནུས། །གཞན་ལ་མི་གནོད་མི་འཁྲུག་དལ་གྱིས་འགྲོ། །ཕ་རོལ་སྡེ་ལས་རྒྱལ་བར་བྱེད་པ་ཡི། །གླང་པོ་རིན་ཆེན་ཕུལ་བས་འགྲོ་བ་ཀུན། །ཐེག་པ་མཆོག་གི་བཞོན་པས་བགྲོད་པར་ཤོག །ལག་པ་གཡོན་པའི་མཐིལ་ དུ་གཡས་པའི་གྲུ་མོ་བཞག་སྟེ་བསྒྲེངས་ལ། གཡས་པའི་ཁུ་ཚུར་འོག་ཏུ་གླང་པོ་ཆེའི་རྣམ་པར་བྱས་པའི་གུང་མོ་གླང་པོའི་སྣ་ལྟར་བྱས་ལ། ག་ཛ་རཏྣ་ཞེས་གླང་པོ། མེ་ཏོག་ཀུ་མུ་ད་བཞིན་རབ་ཏུ་དཀར། །ལྷ་ཡི་གཙུག་རྒྱན་ནོར་བུ་སོགས་ཀྱིས་ བརྒྱན། །མདོག་དང་དབྱིབས་དང་བོངས་ཚོད་ཕུན་སུམ་ཚོགས། །བསྒོ་ནས་ཉིན་གཅིག་འཛམ་གླིང་ལན་གསུམ་འཁོར། །ལུས་ལ་ནད་མེད་གཟི་བརྗིད་ཆེན་པོ་ཅན། །ཡོངས་སུ་ངལ་བ་མེད་པའི་བཞོན་པ་ནི། །རྟ་མཆོག་རིན་ཆེན་ཕུལ་བས་ འགྲོ་བ་ཀུན། །རྫུ་འཕྲུལ་མཆོག་གི་ཤུགས་དང་ལྡན་པར་ཤོག །ཁུ་ཚུར་བཅེར་བའི་གུང་མོ་གཉིས་དང་སྲིན་ལག་གཉིས་བརྐྱངས། མཐེ་བོང་གཉིས་རྣ་བ་ལྟར་བྱས་ལ། ཨ་ཤྭ་རཏྣ་ཞེས་རྟ་མཆོག །རྡོ་རྗེ་རིན་ཆེན་མཐོན་ག་མརྒད་དང༌། །གསེར་དང་ དངུལ་དང་སྤུག་ལ་སོགས་པ་ནི། །ཟད་པ་མེད་པས་ས་ཕྱོགས་རབ་འགེངས་པ། །དེ་ཡི་འབྱོར་པ་ཤིན་ཏུ་བརྟན་པ་སྟེ། །གཡོ་དང་སྒྱུ་མེད་གཞན་ལ་གནོད་པ་མེད། །སྐྱེ་བོ་ཐམས་ཅད་རབ་ཏུ་དགའ་འགྱུར་བའི། །ཁྱིམ་བདག་རིན་ཆེན་ཕུལ་བས་འགྲོ་བ་ 2-3-225a ཀུན། །གསུང་རབ་རིན་ཆེན་མཛོད་ཀུན་འཛིན་པར་ཤོག །ཐལ་མོ་གཉིས་བཀན་ལ་སྙིམ་པའི་ཚུལ་དུ་བྱས་པ་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དཔྲལ་བར་བཞག་ལ་གྲི་ཧ་བ་ཏི་རཏྣ་ཁྱིམ་བདག་སྟེ། རིན་ཆེན་སྣ་བདུན་གྱིས་མཆོད་དོ། །འཁོར་ལོའི་སྔགས་ ཀྱི་ཐོག་མཐའ་ཕྱི་མ་དྲུག་ལའང་སྦྱར་རོ། །རིན་ཆེན་སྣ་བདུན་འབུལ་བའི་ཚིགས་བཅད་རྣམས་ནི། མདོ་དྲན་པ་ཉེར་གཞག་ལས་གསུངས་པའི་དོན་བསྡུས་པའོ།། ༈ །།དེ་ནས་དཔྱིད་ཀྱི་རྒྱལ་པོའི་གླུ་རྗེ་ཐམས་ཅད་མཁྱེན་པས་མཛད་པ་འདི་ལྟར། མངོན་བརྗོད་བླ་ མའི་ལེའུ་ཉེར་ལྔ་པར་གསུངས་པའི་དཔྱིད་ཀྱི་རྒྱལ་པོའི་གླུ་ལ་དྲུག །གླུ་བླངས་པའི་ཕན་ཡོན། གླུ་ལེན་པའི་དུས། ཇི་ལྟར་བྱས་ནས་གླུ་བླངས་པ། གླུས་བསྐུལ་བའི་ཡུལ། གླུའི་ཚིགས་སུ་བཅད་པ། གླུའི་སྒྲའི་དོན་བཤད་པའོ། །དང་པོ་ནི། མངོན་བརྗོད་ལས། འདི་ ཡིས་མགོན་པོ་བསྐུལ་ན་ནི། །དཀྱིལ་འཁོར་དངོས་གྲུབ་ངེས་པ་སྟེ། །ཞེས་གླུ་འདིས་བསྐུལ་ན་དཀྱིལ་འཁོར་པ་རྣམས་ཀྱི་དངོས་གྲུབ་ངེས་པར་སྟེར། ཞེས་པ་དང༌། སྙན་ཅིང་འཇམ་པའི་མགྲིན་པའི་དབྱངས། །དཔྱིད་ཀྱི་རྒྱལ་པོའི་གླུ་བླངས་པས། །མཁའ་འགྲོའི་ དྲ་བ་དྲི་མེད་རྣམས། །གཟིགས་ཤིང་ལས་ཀུན་མཛད་པ་ཡིན། །ཞེས་དྲི་མ་མེད་པའི་མཁའ་འགྲོའི་དྲ་བ་སྟེ་ཚོགས་རྣམས་ཀྱིས་ཐུགས་བརྩེ་བས་གཟིགས་ཤིང་ཡིད་ལ་འདོད་པའི་ལམ་ཐམས་ཅད་སྒྲུབ་པར་མཛད་པ་ཡིན། ཞེས་གསུངས་པས་དོན་ཆེའོ། ། དེའི་ཕྱིར་མངོན་བརྗོད་ཀྱི་དགུ་པ་ལས། མཁའ་འགྲོ་མ་ནི་དགྱེས་བྱེད་པའི། །གླུ་ནི་རྣལ་འབྱོར་པས་མི་སྨད། །ཅེས་གསུངས་པ་ལྟར་སྙན་པའི་སྒྲ་དབྱངས་ཀྱིས་འདི་འདྲ་བའི་གླུ་ལེན་པ་ལ་སྨད་དུ་མི་རུང་ངོ༌། །གཉིས་པ་ནི། མངོན་བརྗོད་ལས། བསྒོམས་པས་ 2-3-225b འཁོར་ལོའི་བཟླས་པ་བྱ། །རང་གི་ལྷ་ཡི་སྦྱོར་བ་ཡིས། །རྒྱུ་དང་མི་རྒྱུ་བལྟ་བར་བྱ། །དམ་ཚིག་ཅན་ཉིད་ལངས་དུས་སུ། །ཞེས་གསུངས་པ་ལྟར་ལངས་པའི་དུས་སུའོ། །འདི་ལ་འགྲེལ་པ་ལས། རྒྱུའི་ཧེ་རུ་ཀ་ཞུ་བ་ལངས་པར་འགྱུར་བའི་དུས་སུ་བྱ་བར་བཤད་ཀྱང༌། འདི་གཙོ་ འཁོར་གྱི་དཀྱིལ་འཁོར་པའི་ལྷ་རྫོགས་པར་བསྐྱེད། ཡེ་ཤེས་པ་བཅུག །དབང་བསྐུར་ནས་བཟླས་པ་ཟིན་པའི་འོག་ཏུ་བྱེད་པར་གསུངས་པས་མི་འཐད་དོ། །བོད་ཀྱི་བླ་མ་ཁ་ཅིག་ཐོ་རངས་ལངས་པའི་དུས་ལ་འདོད་པ་ཡང་མི་འཐད་དེ། གླུ་འདིས་བསྐུལ་བའི་རྗེས་སུ་ཡིག་ བརྒྱ་བཟླས་ནས་ཅི་བདེར་གནས་པར་བྱ་བར་གསུངས་པས་ཐུན་གཤམ་དུ་སྣང་བའི་ཕྱིར་རོ། །དེས་ན་ལྷ་བསྒོམས་པ་དང་སྔགས་བཟླས་པའི་ཏིང་ངེ་འཛིན་ལས་ལངས་པའི་དུས་སུ་ཡིན་ལ། དེ་ཡང་བདག་བསྐྱེད་ཀྱི་སྐབས་སུ་གསུངས་ཀྱང༌། མདུན་བསྐྱེད་ཀྱི་དཀྱིལ་ འཁོར་སྐབས་སུ་ཡང་བྱས་པས་ཆོག་ལ། ཚོགས་འཁོར་ལ་སོགས་པའི་སྐབས་སུ་ཡང་བྱར་རུང་ངོ༌། །གསུམ་པ་ནི། རང་གི་ལྷ་ཡིས་ཞེས་པ་གཉིས་ཀྱི་དོན་རང་བདེ་མཆོག་ཡབ་ཡུམ་དུ་གསལ་བའི་སྦྱོར་བ་སྟེ། རྣལ་འབྱོར་གྱིས་མི་རྒྱུ་བ་སྣོད་གཞལ་ཡས་ཁང་དང༌། རྒྱུ་ བ་བཅུད་ཀྱི་སེམས་ཅན་རྣམས་དཀྱིལ་འཁོར་པའི་ལྷར་བལྟས་ནས་བྱ་བ་དང༌། ཡང་དེ་ཉིད་ལས། རྡོ་རྗེ་པདྨ་ཡིད་འོང་བ། །སྦྱོར་བས་དངོས་གྲུབ་ཐམས་ཅད་འགྲུབ། །དགྱེས་པ་འདི་ཡིས་བསྐུལ་ན་ནི། །བདེ་བ་ཆེན་པོ་སྩོལ་བ་ཡིན། །ཞེས་དབང་པོ་གཉིས་མཉམ་པར་ སྦྱོར་བའི་དགྱེས་པ་སྟེ། མཉེས་བྱེད་འདི་ཡིས་བསྐུལ་ན་ཞེས་གསུངས་པས་སྙོམས་པར་འཇུག་པའི་དུས་ཀྱི་སྔགས་འགོད་པ་དང་གསང་གནས་བསྐྱེད་པ་སོགས་བྱས་ལ་དགའ་བ་རྣམས་བསྐྱེད་ནས་འདི་བྱའོ། །བཞི་པ་ནི། མངོན་བརྗོད་ལས། དེ་བཞིན་གཤེགས་ 2-3-226a པ་ཐམས་ཅད་དང༌། །དཔའ་བོ་དང་ནི་རྣལ་འབྱོར་མ། །མཁའ་འགྲོ་དང་ནི་མཁའ་འགྲོ་མ། །ཀུན་ལ་གསོལ་བ་གདབ་པར་བྱ། །ཞེས་གསུངས་པ་ལྟར་ཡུལ་དེ་རྣམས་ལ་གླུ་འདིས་གསོལ་བ་གདབ་པར་བྱའོ། །མངོན་བརྗོད་ཀྱི་འགྱུར་གཞན་ལས་ཀུན་ གྱིས་ཞེས་འབྱུང་བ་མ་དག་གོ། ལྔ་པ་ནི། གླུའི་ཚིགས་སུ་བཅད་པ་ནི། ཁྲོ་བོ་བདེ་བ་དགྱེས་པ་ཡིས། །བདེ་བའི་ལོངས་སྤྱོད་ལས་བྱུང་བའི། །བདེ་བ་དབབ་པའི་སྦྱོར་བ་ཡིས། །རབ་ཏུ་རྨོངས་པས་སྟེན་པར་བྱེད། །བདེ་ཆེན་བདེ་བའི་གར་གྱིས་རོལ། །རྣལ་འབྱོར་མ་མཆོག་ པདྨའི་བདེ། །ཨ་ལ་ལ་ཧོ་དགྱེས་པ་རྣམས་ཀྱི་བདེ་བ་མཆོག །རྣལ་འབྱོར་མ་མཆོག་མཆོད་པར་མཛོད། །ཨ་ཨཱི་ཨཱ་ཨཱ་ར་ལི་ཧོ། །རབ་དགྱེས་མགོན་པོ་ཁྱོད་བཞུགས་མཛོད། །མཁའ་འགྲོ་དྲ་བའི་བདེ་བ་སྩོལ། །དགྱེས་པའི་བདེ་བ་སྩོལ་བར་མཛོད། །ཞི་བའི་ གར་གྱིས་གར་མཛད་པ། །བདག་ལ་བདེ་ཆེན་བདེ་བ་སྩོལ། །ཐར་པའི་མཚན་ཉིད་ལྡན་པ་ཁྱོད། །ཨ་ལ་ལ་ལ་ལ་ཧོ། །བདེ་བ་སྤངས་པས་གྲོལ་མི་འགྱུར། །བདེ་མེད་སྡུག་བསྔལ་གྱིས་མི་གྲོལ། །བདེ་དེ་ཆུ་སྐྱེས་དབུས་ན་གནས། །ཆགས་པའི་དངོས་པོ་ཁྱོད་མ་ གྱུར། །བདེ་བ་ཆེ་ཡིས་གྲོལ་བར་མཛོད། །པདྨ་རྒྱས་པའི་རོ་ཉིད་ཀྱིས། །བུང་བ་ལྟ་བུར་ཚིམས་པར་མཛོད། །ཅེས་པའོ། །དང་པོ་བཞི་ལ། ལོ་ཆུང་གི་འགྱུར་ལས། ཁྲོ་བོ་བདེ་བའི་དགྱེས་པ་ཡི། །ལོངས་སྤྱོད་ལས་ནི་བྱུང་བ་ཡི། །རབ་རྨོངས་མ་ཡིས་བསྙེན་བྱས་ནས། །བདེ་ བའི་སྦྱོར་བ་ལ་ཞུགས་ཏེ། །ཞེས་འབྱུང་ངོ༌། །དྲུག་པ་ནི། ཅིའི་ཕྱིར་དཔྱིད་ཀྱི་རྒྱལ་པོའི་གླུ་ཞེས་བྱ་སྙམ་ན། བདེ་བའི་དགའ་སྟོན་འབར་བས། མེ་ཏོག་སོགས་རྒྱས་པའི་དཔྱིད་ཀྱི་དུས་དང་འདྲ་བས་ན་དཔྱིད་དོ། །རྒྱལ་པོ་ནི་མཆོག་གི་དོན་ནོ། །བྱེད་ལས་དེ་ལྟ་བུ་སྒྲུབ་པའི་གླུ་ལ་ 2-3-226b དཔྱིད་ཀྱི་རྒྱལ་པོའི་གླུ་ཞེས་བྱའོ། །ཐེག་པ་བླ་ན་མེད་པའི་ལམ་ནི་བདེ་བས་ཁྱད་པར་དུ་བྱས་ལ། གླུ་འདིས་བསྐུལ་ན་བདེ་བ་འཕེལ་བའི་གནད་ཡོད་པས། འདི་ན་མཁའ་འགྲོ་མའི་བྱིན་རླབས་ཆགས་པའི་གླུ་ཁྱད་པར་ཅན་ནོ། །འདི་ལ་དོན་ནི་རྒྱུད་ལས་གསུངས་པ་ལས་ ལྷག་པ་མེད་མོད་ཀྱང༌། ཚིག་གི་སྦྱོར་བ་ཕྱོགས་འདིའི་གདུལ་བྱའི་བློ་དང་འཚམ་ཞིང་གོ་སླ་བས། ཡིད་འཁུལ་པ་ཡོད་ན་དད་པ་དང་བདེ་སྟོང་གི་ལམ་ངོ་མཚར་བར་འགྱུར་བས་དེ་བརྗོད་པར་བྱའོ། །ཧཱུཾ། བདེ་བ་ཆེ་ལ་དགྱེས་པའི་ཧེ་རུ་ཀས། །བདེ་བས་རབ་མྱོས་མ་ལ་ བསྙེན་བྱས་ནས། །ཆོ་ག་བཞིན་དུ་ལོངས་སྤྱད་པ་ཡིས་ནི། །ལྷན་སྐྱེས་བདེ་བའི་སྦྱོར་བ་ལ་ཞུགས་སོ། །བདེ་བ་ཆེན་པོས་ཡིད་ནི་རབ་བསྐྱོད་པས། །ལུས་ནི་ཀུན་ཏུ་གཡོ་བའི་གར་གྱིས་ནི། །ཕྱག་རྒྱའི་པདྨར་རོལ་བའི་བདེ་བ་ཆེ། །རྣལ་འབྱོར་མ་མཆོག་རྣམས་ལ་ མཆོད་པར་མཛོད། །ཡིད་འོང་ཞི་བའི་ཉམས་ཀྱིས་གར་མཛད་པ། །རབ་དགྱེས་མགོན་པོ་ཁྱེད་དང་མཁའ་འགྲོའི་ཚོགས། །བདག་གི་མདུན་དུ་བཞུགས་ཏེ་བྱིན་རློབས་ལ། །ལྷན་སྐྱེས་བདེ་ཆེན་བདག་ལ་སྩལ་ཏུ་གསོལ། །བདེ་ཆེན་ཐར་པའི་མཚན་ཉིད་ལྡན་པ་ཁྱོད། ། བདེ་ཆེན་སྤངས་པའི་དཀའ་ཐུབ་དུ་མ་ཡིས། །ཚེ་གཅིག་གྲོལ་བ་མི་བཞེད་བདེ་ཆེན་ཡང༌། །ཆུ་སྐྱེས་མཆོག་གི་དབུས་ན་གནས་པ་ཡིན། །འདམ་གྱི་དབུས་སུ་སྐྱེས་པའི་པདྨ་བཞིན། །ཆགས་ལས་སྐྱེས་ཀྱང་ཆགས་པའི་སྐྱོན་མ་གོས། །རྣལ་འབྱོར་མ་མཆོག་པདྨའི་ བདེ་བ་ཡིས། །སྲིད་པའི་འཆིང་བ་མྱུར་དུ་གྲོལ་བར་མཛོད། །སྦྲང་རྩིའི་འབྱུང་གནས་རྣམས་ཀྱི་སྦྲང་རྩིའི་བཅུད། །བུང་བའི་ཚོགས་ཀྱིས་ཀུན་ནས་འཐུང་བ་ལྟར། །མཚན་ཉིད་དྲུག་ལྡན་མཚོ་སྐྱེས་རྒྱས་པ་ཡི། །བཅུད་བཅིངས་པ་ཡི་རོ་ཡིས་ཚིམ་པར་མཛོད། །ཅེས་ 2-3-227a པའི་ཚུལ་གྱིས་དོན་གསལ་བར་བཀྲོལ་ན་གོ་བདེ་བར་འགྱུར་རོ། །འདིའི་ཤློ་ཀ་རེ་རེའི་མགོར། དེ་བཞིན་གཤེགས་པ་ཐམས་ཅད་དང༌། །ཞེས་པའི་རྐང་པ་གསུམ་གྱི་མཐར། ཀུན་ལ་བདག་ནི་གསོལ་བ་འདེབས། །ཞེས་སྦྱར་ལ། ཤློ་ཀ་རེ་རེའི་ མཐར་ཨ་ལ་ལ་ལ་ལ་ཧོ། །ཨ་ཨཱི་ཨཱ་ཨཱ་ར་ལི་ཧོཿ ཞེས་པ་བཙུད་པའི་མཐར། དྲི་མེད་མཁའ་འགྲོའི་ཚོགས་རྣམས་ཀྱིས། །བརྩེ་བས་གཟིགས་ལ་ལས་ཀུན་མཛོད། །ཅེས་སྦྱར་རོ། །ཐོག་མར་ཧཱུཾ་གླུར་ལེན་པ་ནི། རྒྱུད་འདིའི་གླུའི་སྐབས་གཞན་དུ་གསུངས་ ཏེ་འདི་ལའང་འགྲེའི། མཇུག་ཏུ་བྱ་བའི་སྨོན་ལམ་དང་ཤིས་བརྗོད། རྗེ་ཐམས་ཅད་མཁྱེན་པས་མཛད་པ་ནི་འདི་ལྟར། དགེ་བ་ཅུང་ཟད་ཙམ་ཡང་རྒྱལ་སྲས་ཀྱི། །ཐབས་མཁས་སྨོན་ལམ་མཆོག་གིས་ཟིན་གྱུར་ན། །འབྲས་བུ་དམན་པའང་ཕུལ་དུ་འབྱུང་འགྱུར་ ཞིང༌། །མྱུར་དུ་འཛད་པའང་ནམ་ཡང་མི་ཟད་པར། །གསུངས་ཕྱིར་དུས་གསུམ་དགེ་བ་ཅི་མཆིས་པ། །རླབས་ཆེན་སྨོན་ལམ་རྣམས་ཀྱིས་བསྒྱུར་བ་ལ། །མཁས་པ་སུ་ཞིག་རབ་ཏུ་བརྩོན་མི་བྱེད། །དེ་ཕྱིར་ཐབས་མཁས་དེང་ནི་འདིར་བྱའོ། །འདས་དང་མ་ བྱོན་ད་ལྟར་བྱུང་བ་དང༌། །འབྲེལ་བའི་ལེགས་ཚོགས་བདག་ལ་ཅི་མཆིས་པ། །དེ་ཡིས་དངོས་གྲུབ་ཀུན་གྱི་འབྱུང་གནས་མཆོག །བཤེས་གཉེན་དམ་པ་ཚུལ་བཞིན་བསྟེན་པར་ཤོག །དེ་ཡིས་ཉེ་བར་བསྟན་པའི་གདམས་པ་ལས། །འོངས་པའི་དལ་ འབྱོར་དོན་ཆེ་རྙེད་དཀའ་དང༌། །འཇིག་པར་སླ་དང་ངན་འགྲོའི་སྡུག་བསྔལ་དང༌། །དེ་ལས་སྐྱོབ་པའི་སྐྱབས་འགྲོ་ལས་འབྲས་རྣམས། །ལེགས་པར་བསམས་ལས་ངེས་པ་བརྟན་པོ་ནི། །རྙེད་ནས་ཡང་དག་ལམ་གྱི་གཞི་ཟིན་ཤོག །འཁོར་བ་ཆུ་ཤིང་ 2-3-227b སྙིང་པོ་མེད་པ་ལ། །རྟག་ཏུ་བདག་གི་ཡིད་ནི་འབྱུང་གྱུར་ཅིག །བརྩེ་བས་འགྲོ་བའི་སྡུག་བསྔལ་མ་བཟོད་ནས། །སེམས་ནི་བྱང་ཆུབ་མཆོག་ལ་མངོན་ཕྱོགས་པའི། །སྨོན་སེམས་འཇུག་པའི་སྡོམ་པ་ལེགས་བཟུང་ནས། །ཕྱིན་དྲུག་བསྡུ་བ་བཞི་ལ་སྤྱོད་པར་ཤོག །ཐུན་མོང་ ལམ་སྦྱངས་སྣོད་དུ་གྱུར་པ་ན། །དབང་བཞི་བསྐུར་བས་སྐུ་བཞི་འགྲུབ་ངེས་ཀྱི། །ནུས་པ་འཇོག་བྱེད་དྲི་མ་རྣམ་པ་བཞི། །འཁྲུད་ཅིང་རིམ་གཉིས་བསྒོམ་ལ་དབང་བར་ཤོག །དེ་དུས་བླ་མ་སངས་རྒྱས་བྱང་སེམས་དང༌། །དཔའ་བོ་མཁའ་འགྲོ་དཔང་དུ་ལེགས་བཞག་ནས། ། ཇི་སྐད་གསུངས་བཞིན་སྲུང་བར་ཁས་བླངས་པའི། །དམ་ཚིག་སྡོམ་པ་ཚུལ་བཞིན་སྲུང་བར་ཤོག །དེ་ནས་ཚེ་རབས་ཀུན་ཏུ་ལྷག་པའི་ལྷས། །རྗེས་སུ་བཟུང་ནས་བྱིན་གྱིས་རློབ་པ་དང༌། །རྫོགས་རིམ་ཡོངས་རྫོགས་སྐྱེ་བའི་རྒྱུད་སྨིན་ཅིང༌། །ཐ་མལ་སྣང་ཞེན་དྲི་མ་འཁྲུད་ བྱེད་པ། །བསྐྱེད་པའི་རིམ་ལ་ངེས་པ་བརྟན་རྙེད་ནས། །ཐུན་བཞིའི་རྣལ་འབྱོར་ལ་ནི་རབ་འབད་དེ། །གང་སྣང་ལྷ་ཡི་འཁོར་ལོར་འཆར་བ་ཡི། །རིམ་པ་དང་པོའི་རྟོགས་པ་སྐྱེ་བར་ཤོག །སྒོ་གསུམ་སྤྱོད་པ་དཔལ་ལྡན་ཧེ་རུ་ཀའི། །སྐུ་གསུང་ཐུགས་ཀྱི་དག་བྱེད་ལྷ་ རྣམས་ཀྱིས། །བྱིན་གྱིས་བརླབས་པས་བགེགས་རྣམས་ཟློག་པ་དང༌། །རླབས་ཆེན་བསོད་ནམས་ཚོགས་ནི་རྫོགས་པར་ཤོག །སྤྲོས་ཀུན་འོད་གསལ་གནས་སུ་སྡུད་པ་དང༌། །དེ་ལས་ནཱ་དའི་གཟུགས་སུ་ལྡང་བ་དང༌། །དེ་ཉིད་དབྱངས་གསལ་གཟུགས་ བརྙན་བཞིན་ཤར་བའི། །དཀར་དམར་ཟླ་བའི་དབུས་སུ་ཞུགས་པ་ལས། །ཧེ་རུ་ཀ་ཡི་དཀྱིལ་འཁོར་རྫོགས་པའི་དོན། །འཆི་བ་ཆོས་སྐུ་བར་དོ་ལོངས་སྐུ་དང༌། །སྐྱེ་བ་སྤྲུལ་སྐུར་འཁྱེར་བའི་ལམ་འཁྱེར་དུ། །ཤེས་ནས་བསྒོམས་པས་དེ་བཞིན་འགྲུབ་པར་ 2-3-228a ཤོག །གནས་མཆོག་གང་དུ་ཧེ་རུ་ཀ་རྫོགས་པའི། །འབྱུང་བཞི་རི་རབ་པདྨས་མཚོན་པའི་དོན། །གང་ལ་གནད་དུ་བསྣུན་པའི་རྩ་འཁོར་སོགས། །རྡོ་རྗེ་ལུས་ཀྱི་གནས་ལུགས་རྟོགས་པར་ཤོག །པདྨའི་ལྟེ་བར་ཟླ་བ་དཀར་དམར་ནི། །འདུས་ པ་སོགས་ཀྱིས་མཚོན་པར་གྱུར་པའི་དོན། །ལྟེ་བའི་དམར་ཆ་སྤྱི་བོའི་དཀར་ཆ་ཡི། །འབར་དང་འཛག་པ་དྷུ་ཏཱིར་འདུས་པ་ལས། །ངེས་དོན་ལྷན་ཅིག་སྐྱེས་པའི་ཧེ་རུ་ཀའི། །དཀྱིལ་འཁོར་རྫོགས་པར་བསྐྱེད་པའི་ཐབས་སུ་ནི། །ལེགས་པར་ཤེས་ནས་ཐུན་བཞིར་བསྒོམས་ པ་ཡིས། །དེ་འདྲའི་རྫོགས་རིམ་སྐྱེ་བའི་སྣོད་གྱུར་ཅིག །སྐྱེ་བ་སྤྲུལ་སྐུར་འཁྱེར་བའི་ཧེ་རུ་ཀའི། །ཕྱི་དང་ལུས་ཀྱི་དཀྱིལ་འཁོར་ཐུན་མཚམས་བཞིར། །བསྒོམས་པས་རགས་པ་དང་ནི་ཕྲ་བ་ཡི། །ཕྱི་ནང་དཀྱིལ་འཁོར་གསལ་སྣང་མཐར་ཕྱིན་ཤོག །སྒོ་མཚམས་ མ་རྣམས་དབང་པོའི་སྒོར་བསྒོམས་པས། །ལས་རླུང་དབང་པོའི་སྒོ་ནས་ལྡོག་པར་ཤོག །ཉེར་བཞིའི་ཡུལ་དུ་དཔའ་བོ་དཔའ་མོ་རྣམས། །བསྒོམས་པས་རླུང་རྣམས་ཉེར་བཞིའི་རྩར་འདུས་ཤོག །ཆོས་ཀྱི་འཁོར་ལོའི་འདབ་མར་བདེ་ཆེན་གྱི། །ལྷ་རྣམས་བསྒོམས་ པས་སླར་ཡང་རླུང་རྣམས་ནི། །སྙིང་གའི་ཕྱོགས་དང་མཚམས་ཀྱི་རྩ་བརྒྱད་དུ། །འདུས་ནས་དབུས་ཀྱི་དྷཱུ་ཏཱིར་འཇུག་པར་ཤོག །ནང་གི་རྗེ་བཙུན་ཡབ་ཡུམ་བསྒོམས་པ་ལས། །དཔྱིད་དང་ཐིག་ལེ་ཕན་ཚུན་སྙོམས་ཞུགས་ནས། །རྫོགས་པའི་རིམ་པ་མཆོག་ རྣམས་སྐྱེ་བ་ཡི། །དགེ་བའི་རྩ་བ་ཡོངས་སུ་སྨིན་པར་ཤོག །དཔལ་ལྡན་འཁོར་ལོ་སྡོམ་པའི་རྩ་རྒྱུད་དོན། །གྲུབ་མཆོག་ལཱུ་ཨི་པ་ཡི་མན་ངག་གིས། །བཤད་པའི་རྒྱུད་ལ་བརྟེན་ནས་རབ་བཤད་པས། །ལེགས་པར་བཤད་པའི་སྙིང་པོ་རབ་བསྡུས་ 2-3-228b པ། །རྫོགས་རིམ་རྣལ་འབྱོར་ཆེན་པོ་སྤྲོས་བཅས་དང༌། །སྤྲོས་མེད་ཤིན་ཏུ་སྤྲོས་མེད་སྤྱོད་པ་གསུམ། །རྫོགས་པར་བསྐྱེད་ནས་དངོས་གྲུབ་མཆོག་བརྙེས་ཏེ། །མཐའ་ཡས་འགྲོ་བ་མྱུར་དུ་སྒྲོལ་བར་ཤོག །སྤྲུལ་པའི་འཁོར་ལོའི་དབུས་སུ་སྤྲིན་སྒྲ་ལ། །སེམས་ནི་བརྟན་པས་ ཉི་ཟླའི་འགྲོས་བཅོམ་སྟེ། །དྷཱུ་ཏཱིར་ཙཎྜ་ལི་ནི་འབར་བ་ཡིས། །སྟོང་ཕྲག་དོན་གཉིས་རྩ་ནས་རབ་གཡོས་པའི། །བྱང་ཆུབ་སེམས་རྒྱུན་འབར་དང་འཛགས་པ་ལས། །ཡས་བབས་མས་བརྟན་དགའ་བཞི་སྐྱེ་བར་ཤོག །འཇུག་དང་གནས་དང་ལྡང་བའི་རླུང་གིས་ནི། །སྔགས་ཀྱི་ རྒྱལ་པོ་རྡོ་རྗེ་གསུམ་གྱི་གདངས། །དྷཱུ་ཏཱིའི་ལམ་ནས་ཡང་ཡང་བསྒྲགས་པ་ཡིས། །ལྟེ་བའི་དབུས་ཀྱི་མཆོག་གི་དབང་ཕྱུག་མ། །ཧཾ་ཡིག་བདུད་རྩིའི་རྒྱུན་གྱིས་མཉེས་བྱས་པས། །འོད་གསལ་ཐམས་ཅད་སྟོང་པར་འཆར་བར་ཤོག །མཁའ་དབྱིངས་ཤར་བའི་དབང་ པོའི་གཞུ་བཞིན་དུ། །གསལ་དྭངས་འོད་ཟེར་ལྔ་ཡི་དྲ་བ་ཅན། །ཀུན་ད་ལྟར་དཀར་ཡེ་ཤེས་སེམས་དཔའ་ནི། །ཤེས་རབ་ཕག་མོར་རོལ་པའི་དགའ་བའི་སྒྲས། །སྣོད་བཅུད་སྤྲོས་པ་ཀུན་སྡུད་བསམ་གཏན་མཆོག །རྗེས་གཞིག་རིམ་པས་འོད་གསལ་འཇུག་ པར་ཤོག །བསམ་གྱིས་མི་ཁྱབ་འོད་གསལ་ཕྱག་རྒྱ་ཆེ། །ལྷན་སྐྱེས་བདེ་ཆེན་སྟོང་ཉིད་མཐར་ཐུག་དང༌། །ལེགས་སྦྱར་མཉམ་པར་བཞག་དུས་བསྐྱངས་པ་དང༌། །ལངས་པར་གྱུར་ཚེ་གང་ཤར་སྣོད་བཅུད་ཀུན། །ཆུ་དང་ཆུ་རླབས་གཉིས་པོ་ཇི་བཞིན་དུ། །བདེ་བ་ཆེན་པོའི་ རོལ་པར་ཤར་གྱུར་ཏེ། །གཟུང་འཛིན་རྣམ་པར་རྟོག་པའི་བག་ཆགས་ཀུན། །ཡོངས་སུ་སྐྱོད་ལ་ཐོགས་པ་མེད་པར་ཤོག །རིམ་པ་དེ་ཡིས་དཔེ་ཡི་ལྷན་སྐྱེས་ལས། །ཆུ་ཀླུང་ཤིན་ཏུ་དྭངས་ལ་ཉ་བཞིན་དུ། །སྒྱུ་འཕྲུལ་དྲ་བའི་སྐུར་ནི་ལངས་གྱུར་ཏེ། །སྒྱུ་མ་ལྟ་བུའི་ཏིང་འཛིན་ 2-3-229a རྫོགས་པར་ཤོག །སྒྱུ་མའི་ལུས་མཛེས་ཡང་ཡང་འོད་གསལ་དུ། །ཀུན་ཏུ་ཞུགས་ལས་དོན་གྱི་ལྷན་ཅིག་སྐྱེས། །མངོན་དུ་བྱས་མཐར་དཔལ་ལྡན་རྡོ་རྗེ་འཆང༌། །སློབ་པའི་ཟུང་འཇུག་མངོན་དུ་འགྱུར་བར་ཤོག །དཔའ་བར་འགྲོ་བའི་ཏིང་འཛིན་དེ་ཉིད་ནི། །ཡང་ ཡང་གོམས་པས་ཏིང་ངེ་འཛིན་རྒྱལ་པོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ནི། །འཁྲུལ་པའི་བག་ཆགས་མ་ལུས་འཇོམས་པར་ཤོག །གོ་འཕང་མཆོག་དེ་ཚེ་འདིར་མ་ཐོབ་ན། །འཆི་ཚེ་རྗེ་བཙུན་ཡབ་ཡུམ་འཁོར་བཅས་ཀྱིས། །ཡིད་འོང་མཆོད་སྤྲིན་སྙན་པའི་ རོལ་མོའི་སྒྲ། །ངོ་མཚར་ལྟས་བཟང་མང་པོས་བསུ་བར་ཤོག །དེ་ནས་འཆི་བའི་འོད་གསལ་ཟིན་མཛད་ཅིང༌། །ལམ་མཆོག་བསྒྲུབ་པའི་རིག་པ་འཛིན་པའི་གནས། །རྣམ་དག་མཁའ་སྤྱོད་གནས་སུ་ཁྲིད་ནས་ནི། །ཟབ་མོའི་ལམ་འདི་མྱུར་དུ་མཐར་ཕྱིན་ཤོག ། རྣལ་འབྱོར་དབང་ཕྱུག་བྱེ་བས་བགྲོད་གྱུར་པ། །བདེ་མཆོག་བཤད་སྒྲུབ་ཤིན་ཏུ་ཉམས་པ་འདི། །ཆེས་ཆེར་རྒྱས་ཤིང་ཐར་འདོད་འཇུག་ངོགས་སུ། །ནམ་ཡང་མི་ནུབ་རིང་དུ་གནས་གྱུར་ཅིག །ཚུལ་དེ་སྒྲུབ་ལ་ཐོགས་མེད་མཐུ་ལྡན་པ། །འཛམ་གླིང་གནས་མཆོག་ ཉི་ཤུ་རྩ་བཞི་ཡི། །དཔའ་བོ་རྣལ་འབྱོར་མ་ནི་འཁོར་བཅས་ཀྱི། །གཡེལ་བ་མེད་པར་རྟག་ཏུ་གྲོགས་མཛད་ཤོག །ཅེས་སྨོན་ལམ་གདབ་པར་བྱའོ།། ༈ །།དེ་ནས་ཤིས་བརྗོད་བྱ་ཚུལ་ནི། རབ་ཡངས་ནམ་མཁའ་ཏིལ་གྱི་གང་བུ་བཞིན། །ཡོངས་སུ་གང་བའི་བདེ་ མཆོག་ལྷ་ཚོགས་ནི། །ཁ་ཅིག་མེ་ཏོག་སྣ་ཚོགས་ཆར་འབེབས་ཤིང༌། །ལ་ལ་བཀྲ་ཤིས་གདངས་སྙན་གླུ་རུ་ལེན། །གཞན་དག་བགེགས་དཔུང་འཇོམས་པའི་འཕྲིན་ལས་ཀྱིས། །ཁྱེད་ལ་རྟག་ཏུ་དཔལ་གནས་མཛད་པ་འདི། །ཤེས་པར་གྱིས་ལ་ཡིད་བདེ་ 2-3-229b སྐྱེད་ཅིག་དང༌། །ཤིས་བརྗོད་ཕྲེང་བ་བདག་གིས་བསྒྲག་པར་བྱ། །རྨད་བྱུང་མཚན་དཔེའི་དཔལ་འབར་ལོངས་སྤྱོད་རྫོགས། །ཁ་སྦྱོར་བདེ་སྟོང་རོ་ལ་རྟག་རོལ་ཅིང༌། །དམིགས་མེད་ཐུགས་རྗེས་ཞི་བའི་མཐའ་སྤངས་པ། །རྒྱལ་བ་ཡན་ལག་བདུན་ལྡན་ལ་ཕྱག་འཚལ། །གསང་ བ་ཀུན་གྱི་མཛོད་འཛིན་གསང་བའི་བདག །ས་ར་ཧ་དང་ཀླུ་སྒྲུབ་ཤ་བ་རི། །ལཱུ་ཨི་པ་དང་དཱ་རི་ཀ་པ་དང༌། །རྡོ་རྗེ་དྲིལ་བུ་པ་དང་རུས་སྦལ་ཞབས། །ཛ་ལན་དྷ་ར་བ་དང་ནག་པོ་པ། །གུ་ཧྱ་བ་དང་རྣམ་རྒྱལ་ཞབས་དང་ནི། །ཏེ་ལོ་ནཱ་རོ་ལ་སོགས་བླ་མ་ལ། །དགེ་མཚན་ཇི་ སྙེད་མཆིས་པའི་བཀྲ་ཤིས་དེས། །དངོས་དང་བརྒྱུད་པའི་བླ་མ་མཆོག་རྣམས་ཀྱི། །དྲི་མེད་རྣམ་ཐར་ཇི་བཞིན་ཟིན་པ་དང༌། །བྱིན་རླབས་ཞུགས་པས་འཁོར་ལོ་བདེ་མཆོག་གི། བསྟན་པ་རྒྱས་པར་བྱེད་པའི་བཀྲ་ཤིས་ཤོག །ཐར་པ་ཆེན་པོའི་ཕོ་བྲང་གཞལ་ཡས་ཁང་ ཆེན་པོའི་དབུས་ན་སྣ་ཚོགས་ཆུ་སྐྱེས་དང་ཉིན་བྱེད་རྒྱས་པའི་དཀྱིལ་འཁོར་ལ་གནས་པའི་འཇིགས་བྱེད་དང་དུས་མཚན་གྱི་གདན་གྱི་སྟེང་ན། ཤིན་ཏུ་མཛེས་ཤིང་བལྟ་བས་མི་ངོམས་པའི་ཨིནྡྲ་ནཱི་ལའི་རི་བོ་ལ་ཐུན་མཚམས་ཀྱི་ཆུ་འཛིན་གཞོན་ནུ་ཡིད་ འཕྲོག་པའི་ཁ་དོག་དམར་སེར་ཅན་གྱིས་འཁྱུད་པ་བཞིན་དུ་བཞུགས་པའི་སྟོན་པ་ཕུན་སུམ་ཚོགས་པ་རིགས་ཐམས་ཅད་ཀྱི་ཁྱབ་བདག་དྲུག་པ་རྡོ་རྗེ་འཆང་ཆེན་པོའི་ངོ་བོ་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་སྐུ་མདོག་སྔོན་པོ་ལ་མཛེས་པའི་མིག་གི་ བདུད་རྩི་ཐམས་ཅད་ཕྱོགས་གཅིག་ཏུ་བསགས་པ་ལྟ་བུའི་གཟུགས་དང་ལང་ཚོའི་དཔལ་ཕུན་སུམ་ཚོགས་པ་མཐོང་བ་ཙམ་གྱི་མོད་ལ་བདེ་བ་ཆེན་པོ་ཀུན་ཏུ་འབར་བར་མཛད་པའི་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོས་ཡོངས་སུ་ 2-3-230a འཁྱུད་པའི་དཔལ་ཧེ་རུ་ཀ་ཡབ་ཡུམ་ལ་ཤིན་ཏུ་ངོ་མཚར་བའི་དགེ་ལེགས་ཀྱི་མཚན་མ་ཇི་སྙེད་ཅིག་མཆིས་པའི་བཀྲ་ཤིས་པའི་དམ་པ་དེས་སྐལ་བ་དང་ལྡན་པའི་གང་ཟག་ཁྱེད་ཅག་འདིར་འཁོད་པ་རྣམས་ལ་ཕུན་སུམ་ཚོགས་པའི་དཔལ་ལ་ རྟག་ཏུ་གནས་པའི་ཤིས་པ་ལྷག་པར་སྐྱོང་བར་གྱུར་ཅིག །བདེ་ཆེན་རྒྱལ་པོ་ཧེ་རུ་ཀ་དཔལ་དང༌། །བདེ་བའི་མཆོག་སྦྱིན་རྡོ་རྗེ་ཕག་མོ་གཉིས། །དཔྱིད་དང་ཐིག་ལེའི་སྦྱོར་བ་ལ་ཞུགས་ནས། །ཐབས་ཤེས་མཉམ་པར་སྦྱོར་བའི་བཀྲ་ཤིས་དེས། །ཁྱེད་ཀྱི་བདེ་སྟོང་དབྱེར་ མེད་རྒྱས་མཛད་ནས། །ཤེས་བྱའི་འཁོར་ལོར་ཐམས་ཅད་ལྷན་སྐྱེས་བདེར། །ཡོངས་སུ་སྡོམ་བྱེད་འཁོར་ལོ་སྡོམ་པ་ཡི། །ལྷན་སྐྱེས་བདེ་བའི་བཀྲ་ཤིས་རྒྱས་བྱེད་ཤོག །དེ་ལྟ་བུའི་སྟོན་པ་ཕུན་སུམ་ཚོགས་པས་གསུངས་པའི་ཆོས་ཕུན་སུམ་ཚོགས་ པ་དཔལ་ཧེ་རུ་ཀ་དཔའ་བོ་ཆེན་པོ་ཀླགས་པས་གྲུབ་པ་ཐམས་ཅད་དུ་གཞན་གྱིས་མི་ཐུབ་པ། གདོད་ནས་གྲུབ་པ་རྒྱུད་ཐམས་ཅད་ཀྱི་བླ་མ། དཔལ་ཧེ་རུ་ཀ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་དཔལ་འཁོར་ལོ་བདེ་མཆོག་གི་རྩ་བའི་རྒྱུད་གསུམ་ དང༌། བཤད་པའི་རྒྱུད་དྲུག་དང༌། ཆ་མཐུན་པའི་ཡན་ལག་གི་རྒྱུད་རྣམས་ལ་ཤིན་ཏུ་ངོ་མཚར་བའི་ཞེས་སོགས་དང༌། རྣལ་འབྱོར་མ་རྒྱུད་དུང་ཕྱུར་ཕྲག་གཅིག་དང༌། །བྱེ་བ་ཕྲག་དྲུག་གསུངས་པའི་ནང་ནས་ནི། །རྒྱལ་མཚན་ཏོག་ལྟར་མཐོ་བའི་རྒྱུད་ ཀྱི་མཆོག །དཔལ་ལྡན་འཁོར་ལོ་སྡོམ་པའི་རྒྱུད་རྣམས་ལ། །དགེ་མཚན་ཇི་སྙེད་མཆིས་པའི་བཀྲ་ཤིས་དེས། །ཁྱེད་ལ་ཆོས་ཀྱི་འབྱོར་བ་རྒྱས་པ་དང༌། །ཆོས་ཀྱི་མི་མཐུན་ཕྱོགས་ཀུན་ཟད་གྱུར་ཏེ། །ཕུན་ཚོགས་དཔལ་འབྱོར་རྒྱས་པའི་བཀྲ་ཤིས་ཤོག ། 2-3-230b དེ་ལྟ་བུའི་ཆོས་ཕུན་སུམ་ཚོགས་པ་ཉན་པའི་འཁོར་ཕུན་སུམ་ཚོགས་པ་སངས་རྒྱས་ཀྱི་ཞིང་གྲངས་མེད་པའི་རྡུལ་དང་མཉམ་པའི་བྱང་ཆུབ་སེམས་དཔའ་ཆེན་པོའི་འཁོར་གྱི་ནང་ནས་ཆེ་ལོང་ཙམ་ཞིག་བརྗོད་པ་འདི་ལྟ་སྟེ། དཔའ་བོ་ཆེན་པོ་གཟུགས་རྡོ་རྗེ་ ཞེས་བྱ་བ་ནས། དཔའ་བོ་ཆེན་པོ་ཚོར་བ་རྡོ་རྗེ་ཞེས་བྱ་བ་དང༌། ཆོས་ཀྱི་དབྱིངས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་དབང་ཕྱུག་ཆེན་པོ་ཞེས་བྱ་བའི་བར་དྲུག་དང༌། དཔའ་བོ་ཆེན་པོ་རྣ་བ་རྡོ་རྗེ་ཞེས་བྱ་བ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ དབང་ཕྱུག་ཅེས་བྱ་བའི་དཔའ་བོ་ཆེན་པོའི་བར་དྲུག་དང༌། རྣལ་འབྱོར་མ་ཆེན་མོ་ལྟུང་བྱེད་མ་ཞེས་བྱ་བ་ནས་རྣལ་འབྱོར་མ་ཆེན་མོ་པདྨའི་དྲ་བ་མོ་ཞེས་བྱ་བའི་བར་ལྔ་སྟེ། ཐམས་ཅད་ཀྱང་ནམ་མཁའི་ཁམས་ཀྱི་མཐར་ཐུག་པར་ཧཱུཾ་དང་ཕཊ་ཀྱི་སྒྲ་སྒྲོགས་པ། མཛེས་པའི་གར་སྣ་ཚོགས་བྱེད་ཅིང་རང་གི་དམ་ཚིག་དང་འཁྱུད་པ་དང༌། ཙུམྦྷ་ནས་སྙིང་རྗེ་ཆེན་པོའི་ཉམས་ཡོངས་སུ་རྫོགས་པར་མཛད་ཅིང༌། ཁྱད་པར་དུ་ཡང་ཕུང་པོ་དང་སྐྱེ་མཆེད་དང་ཁམས་རྣམས་བྱིན་གྱིས་རློབས་པར་བསྔགས་པའི་ལྷ་བཅུ་བདུན་ ལ། ཤིན་ཏུ་ངོ་མཚར་བའི་ཞེས་སོགས་དང༌། རྣམ་སྣང་རྡོ་རྗེ་ཉི་མ་གར་དབང་དང༌། །རྡོ་རྗེ་རྒྱལ་པོ་རྡོར་སེམས་ཧེ་རུ་ཀ །གཏི་མུག་ཞེ་སྡང་སེར་སྣ་རྡོ་རྗེ་དང༌། འདོད་ཆགས་ཕྲག་དོག་དབང་ཕྱུག་རྡོ་རྗེ་དང༌། །ལྟུང་བྱེད་གསོད་བྱེད་འགུགས་བྱེད་མ་དང་ནི། །གར་ དབང་མ་དང་པདྨའི་དྲ་བ་ལ། །དགེ་མཚན་ཇི་སྙེད་མཆིས་པའི་བཀྲ་ཤིས་དེས། །ཁྱེད་ཀྱི་ཕུང་ཁམས་སྐྱེ་མཆེད་བྱིན་རློབ་པའི། །བཀྲ་ཤིས་ཉིན་མཚན་ཀུན་ཏུ་སྐྱོང་གྱུར་ཅིག །སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ཕྱོགས་ཀྱི་འདབ་མ་བཞི་ལ་རིན་པོ་ཆེའི་ 2-3-231a རིགས་ཀྱི་ངོ་བོ་ཉིད་དུ་བཞུགས་པ་མཁའ་འགྲོ་མ་ཆེན་མོ་རྡོ་རྗེ་མཁའ་འགྲོ་མ་ཞེས་བྱ་བ་དང༌། མཁའ་འགྲོ་མ་ཆེན་མོ་རྡོ་རྗེ་ལཱ་མ་ཞེས་བྱ་བ་ལ་སོགས་པའི་སྙིང་པོའི་རྣལ་འབྱོར་མ་བཞིན་ནམ་མཁའི་ཁམས་ཀྱི་མཐར་ཐུག་པར་ཧཱུཾ་དང་ཕཊ་ཀྱི་སྒྲ་སྒྲོགས་ པ་ཞེས་པ་ནས། ཁྱད་པར་དུའང་རིན་པོ་ཆེའི་རིགས་ལ་བརྟེན་པའི་རྒྱས་པའི་ལས་ལ་སོགས་པའི་དངོས་གྲུབ་ཐམས་ཅད་སྒྲུབ་པ་པོ་ལ་བདེ་བླག་ཏུ་སྩོལ་བར་མཛད་པ་རྣམས་ལ་ཤིན་ཏུ་ངོ་མཚར་བའི་ཞེས་སོགས་དང༌། ཕྱོགས་ཀྱི་འདབ་མར་སྐྲ་གྲོལ་གཟུགས་མཛེས་ པའི། །མཁའ་འགྲོ་ལཱ་མ་དུམ་སྐྱེས་གཟུགས་ཅན་མ། །པདྨའི་མཚོ་ལ་ངང་པའི་ཚོགས་འདུ་བཞིན། །དམ་ཚིག་ཅན་གྱི་གནས་སུ་ལེགས་འདུས་ནས། །བརྩེ་བའི་མ་དང་སྲིང་མོ་ཇི་བཞིན་དུ། །རྟག་ཏུ་སྒྲུབ་པ་པོ་ཡི་གྲོགས་མཛད་མས། །ཁྱེད་ཀྱི་ཏིང་འཛིན་ཤེས་རབ་ ལོངས་སྤྱོད་ཚེ། །ཡོན་ཏན་མ་ལུས་རྒྱས་བྱེད་བཀྲ་ཤིས་ཤོག །གང་ཞིག་བསྟེན་ལ་ཡོན་ཏན་མང་གསུངས་པ། །བདུད་རྩི་ལྔ་ཡི་བཅུད་ཀྱིས་རབ་གང་བའི། །མཚམས་ཀྱི་འདབ་མར་གནས་པའི་ཐོད་པ་ལ། །དགེ་མཚན་ཇི་སྙེད་མཆིས་པའི་བཀྲ་ཤིས་དེས། །ཁྱེད་ ལ་གེགས་ཀྱི་བར་ཆད་ཞི་བ་དང༌། །མཁའ་འགྲོ་མ་རྣམས་དགྱེས་པར་འགྱུར་བ་དང༌། །བྱང་སེམས་འཕེལ་བས་དངོས་གྲུབ་མྱུར་བ་ཡི། །བཀྲ་ཤིས་དམ་པ་རབ་ཏུ་རྒྱས་པར་ཤོག །རྡོ་རྗེའི་ཕྲེང་བ་སྔོན་པོའི་མུ་ཁྱུད་ཀྱིས་ཡོངས་སུ་བསྐོར་བའི་ཐུགས་ཀྱི་འཁོར་ལོ་སྔོན་ པོ་རྩིབས་བརྒྱད་པའི་ཕྱོགས་དང་མཚམས་ཀྱི་རྩིབས་ལ་རྡོ་རྗེའི་རིགས་ཀྱི་ངོ་བོ་ཉིད་དུ་བཞུགས་པ་གྲུབ་པའི་གནས་མཆོག་ཏུ་གྱུར་པ་པཱུ་ལི་ར་མ་ལ་ཡ་ལ་སོགས་པ་བརྒྱད་ཀྱི་དཔའ་བོ་དང་རྣལ་འབྱོར་མའི་བདག་ཉིད་དཔའ་བོ་ཆེན་པོ་རྡོ་རྗེ་ཐོད་པའི་དུམ་བུ་ཞེས་ 2-3-231b བྱ་བ་ལ་སོགས་པའི་དཔའ་བོ་ཆེན་པོ་བརྒྱད་དང༌། རྣལ་འབྱོར་མ་ཆེན་མོ་རབ་གཏུམ་མ་ཞེས་བྱ་བ་ལ་སོགས་པའི་རྣལ་འབྱོར་མ་ཆེན་མོ་བརྒྱད་ནམ་མཁའི་ཁམས་ཀྱི་མཐར་ཐུག་པར་ཞེས་པ་ནས། ཁྱད་པར་དུའང་རྡོ་རྗེའི་རིགས་ལ་བརྟེན་པའི་དྲག་པོའི་ལས་ ལ་སོགས་པའི་དངོས་གྲུབ་ཐམས་ཅད་སྒྲུབ་པ་པོ་ལ་བདེ་བླག་ཏུ་སྩོལ་བར་མཛད་པ་རྣམས་ལ་ཞེས་སོགས་དང༌། གནས་དང་ཉེ་བའི་གནས་ན་བཞུགས་པ་ཡི། །དཔའ་བོའི་དབང་ཕྱུག་དཔའ་མོའི་དབང་ཕྱུག་མ། །མཁའ་ལ་སྤྱོད་པའི་དཔའ་བོ་ཡབ་ཡུམ་ ལ། །དགེ་མཚན་ཇི་སྙེད་མཆིས་པའི་བཀྲ་ཤིས་དེས། ཁྱེད་ཀྱི་དྲག་པོའི་ལས་ཀུན་འགྲུབ་པ་དང༌། །ཐུགས་ཀྱི་རིགས་ཀྱི་སྔགས་སྐྱེས་ཞིང་སྐྱེས་སོགས། །ཕོ་ཉའི་གྲོགས་དང་མྱུར་དུ་འདུས་པ་ལས། །བདེ་བའི་དགའ་སྟོན་འབར་བའི་བཀྲ་ཤིས་ཤོག །པདྨའི་འཕྲེང་བ་དམར་ པོའི་མུ་ཁྱུད་ཀྱིས་ཡོངས་སུ་བསྐོར་བའི་གསུང་གི་འཁོར་ལོ་དམར་པོ་རྩིབས་བརྒྱད་པའི་ཕྱོགས་དང་མཚམས་ཀྱི་རྩིབས་ལ་པདྨའི་རིགས་ཀྱི་ངོ་བོ་ཉིད་དུ་བཞུགས་པ་གྲུབ་པའི་གནས་མཆོག་ཏུ་གྱུར་པ་ཀ་མ་རུ་པ་ལ་སོགས་པའི་དཔའ་བོ་དང་རྣལ་འབྱོར་མའི་བདག་ ཉིད་དཔའ་བོ་ཆེན་པོ་རྡོ་རྗེ་མྱུ་གུ་ཅན་ཞེས་བྱ་བ་ལ་སོགས་པའི་དཔའ་བོ་ཆེན་པོ་བརྒྱད་དང༌། རྣལ་འབྱོར་མ་ཆེན་མོ་ས་སྲུངས་མ་ཞེས་བྱ་བ་ལ་སོགས་པའི་རྣལ་འབྱོར་མ་ཆེན་མོ་བརྒྱད་ནམ་མཁའི་ཁམས་ཀྱི་མཐར་ཐུག་པར་ཞེས་པ་ནས། ཁྱད་པར་དུའང་པདྨའི་ རིགས་ལ་བརྟེན་པའི་དབང་གི་ལས་ལ་སོགས་པའི་དངོས་གྲུབ་ཐམས་ཅད་སྒྲུབ་པ་པོ་ལ་བདེ་བླག་ཏུ་སྩོལ་བར་མཛད་པ་རྣམས་ལ་ཤིན་ཏུ་ངོ་མཚར་བའི་ཞེས་སོགས་དང༌། ཞིང་དང་ཉེ་བའི་ཞིང་དང་འདུན་རྟོག་དང༌། །ཉེ་བའི་འདུན་རྟོག་རྣམས་ན་བཞུགས་པ་ 2-3-232a ཡི། །ས་ལ་སྤྱོད་པའི་དཔའ་བོ་ཡབ་ཡུམ་ལ། །དགེ་མཚན་ཇི་སྙེད་མཆིས་པའི་བཀྲ་ཤིས་དེས། །ཁྱེད་ཀྱི་དབང་གི་ལས་ཀུན་འགྲུབ་པ་དང༌། །གསུང་གི་རིགས་ཀྱི་སྔགས་སྐྱེས་ཞིང་སྐྱེས་སོགས། །ཕོ་ཉའི་གྲོགས་དང་མྱུར་དུ་འདུས་པ་ལས། །བདེ་བའི་དགའ་ སྟོན་འབར་བའི་བཀྲ་ཤིས་ཤོག །འཁོར་ལོའི་ཕྲེང་བ་དཀར་པོའི་མུ་ཁྱུད་ཀྱིས་ཡོངས་སུ་བསྐོར་བའི་སྐུའི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི་ཕྱོགས་དང་མཚམས་ཀྱི་རྩིབས་ལ་འཁོར་ལོའི་རིགས་ཀྱི་ངོ་བོ་ཉིད་དུ་བཞུགས་པ་གྲུབ་པའི་གནས་མཆོག་ཏུ་གྱུར་ པ་པྲེ་ཏ་པུ་རི་ལ་སོགས་པ་བརྒྱད་ཀྱི་དཔའ་བོ་དང་རྣལ་འབྱོར་མའི་བདག་ཉིད་དཔའ་བོ་ཆེན་པོ་རྡོ་རྗེ་སྟོབས་པོ་ཆེ་ཞེས་བྱ་བ་ལ་སོགས་པའི་དཔའ་བོ་ཆེན་པོ་བརྒྱད་དང༌། རྣལ་འབྱོར་མ་ཆེན་མོ་འཁོར་ལོའི་ཤུགས་ཅན་མ་ཞེས་བྱ་བ་ལ་སོགས་པའི་རྣལ་འབྱོར་མ་ ཆེན་མོ་བརྒྱད། ནམ་མཁའི་ཁམས་ཀྱི་མཐར་ཐུག་པར་ཞེས་པ་ནས། ཁྱད་པར་དུའང་འཁོར་ལོའི་རིགས་ལ་བརྟེན་པའི་ཞི་བའི་ལས་ལ་སོགས་པའི་དངོས་གྲུབ་ཐམས་ཅད་སྒྲུབ་པ་པོ་ལ་བདེ་བླག་ཏུ་སྩོལ་བར་མཛད་པ་རྣམས་ལ་ཤིན་ཏུ་ངོ་མཚར་བའི་ཞེས་ སོགས་དང༌། འདུ་དང་ཉེ་བའི་འདུ་བ་དུར་ཁྲོད་དང༌། །ཉེ་བའི་དུར་ཁྲོད་རྣམས་ན་བཞུགས་པ་ཡི། །ས་འོག་སྤྱོད་པའི་དཔའ་བོ་ཡབ་ཡུམ་ལ། །དགེ་མཚན་ཇི་སྙེད་མཆིས་པའི་བཀྲ་ཤིས་དེས། །ཁྱེད་ཀྱི་ཞི་བའི་ལས་ཀུན་འགྲུབ་པ་དང༌། །སྐུ་ཡི་རིགས་ཀྱི་སྔགས་ སྐྱེས་ཞིང་སྐྱེས་སོགས། །ཕོ་ཉའི་གྲོགས་དང་མྱུར་དུ་འདུས་པ་ལས། །བདེ་བའི་དགའ་སྟོན་འབར་བའི་བཀྲ་ཤིས་ཤོག །གཞིའི་དམ་ཚིག་གི་འཁོར་ལོའི་སྒོ་བཞི་དང༌། སྒོའི་མཚམས་བཞི་ན་རལ་གྲིའི་རིགས་ཀྱི་ངོ་བོ་ཉིད་དུ་བཞུགས་པ། རྡོ་རྗེ་མ་མོ་ 2-3-232b ཁྭ་གདོང་མ་ཞེས་བྱ་བ་ལ་སོགས་པའི་སྒོ་མ་བཞི་དང༌། རྡོ་རྗེ་མ་མོ་གཤིན་རྗེ་བརྟན་མ་ཞེས་བྱ་བ་ལ་སོགས་པའི་མཚམས་མ་བཞི་ཕྱོགས་དང་མཚམས་ཀྱི་བགེགས་བཟློག་པ་ལ་བསྔགས་ཤིང༌། ལས་ཀྱི་རིགས་ལ་བརྟེན་པའི་སྣ་ཚོགས་པའི་དངོས་གྲུབ་ཐམས་ཅད་སྒྲུབ་ པ་པོ་ལ་བདེ་བླག་ཏུ་སྩོལ་བར་མཛད་པ་རྣམས་ལ་ཤིན་ཏུ་ངོ་མཚར་བའི་ཞེས་སོགས་དང༌། དཀྱིལ་འཁོར་ཆེན་པོའི་སྒོ་དང་མཚམས་རྣམས་ན། །རོ་ཡི་གདན་ལ་བརྗིད་པའི་གཡས་བརྐྱང་གིས། །རབ་ཏུ་བཞུགས་པའི་མ་མོ་བརྒྱད་པོ་ལ། །དགེ་མཚན་ཇི་སྙེད་མཆིས་པའི་ བཀྲ་ཤིས་དེས། །ཁྱེད་ཀྱི་སྣ་ཚོགས་ལས་ཀུན་འགྲུབ་པ་དང༌། །ཕྱོགས་དང་མཚམས་སུ་རྒྱུ་བའི་གདུག་པ་ཅན། །ལམ་གྱི་བར་ཆད་བྱེད་ལས་བསྲུང་བ་ཡི། །བཀྲ་ཤིས་དམ་པ་རབ་ཏུ་རྒྱས་པར་ཤོག །གཞན་ཡང་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྡོ་རྗེ་སེམས་དཔའ་ ལ་སོགས་པའི་དཔའ་བོའི་གོ་ཆ་དྲུག་དང༌། རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་མ་ཆེན་མོ་རྡོ་རྗེ་ཕག་མོ་ལ་སོགས་པ་དཔའ་མོའི་གོ་ཆ་དྲུག་ལུས་ཀྱི་གནས་རྣམས་སུ་བགེགས་ཀྱི་མཚོན་གྱིས་མི་ཕིགས་པའི་གོ་ཆ་ཆེན་པོ་མཛད་པ་རྣམས་ལ་ཤིན་ཏུ་ངོ་མཚར་བའི་ཞེས་སོགས་ དང༌། རྡོ་རྗེ་སེམས་དཔའ་ལ་སོགས་དྲུག་དང་ནི། །རྡོ་རྗེ་ཕག་མོ་ལ་སོགས་རྣམ་པ་དྲུག །གོ་ཆ་བཅུ་གཉིས་ཡབ་ཡུམ་ལྷ་རྣམས་ལ། །དགེ་མཚན་ཇི་སྙེད་མཆིས་པའི་བཀྲ་ཤིས་དེས། །ཁྱེད་ཀྱི་ལྷ་ཡི་རྣལ་འབྱོར་ཏིང་འཛིན་ལས། །བསྐྱོད་པར་བྱེད་པའི་བགེགས་ཀྱི་མཚོན་ཆ་ ཡིས། །ནམ་ཡང་གཡོ་བར་མི་ནུས་རྡོ་རྗེ་ཡི། །གོ་ཆ་རབ་ཏུ་བརྟན་པའི་བཀྲ་ཤིས་ཤོག །སྟོན་པ་དང་འཁོར་ཕུན་སུམ་ཚོགས་པ་བཞུགས་པའི་གནས་ཕུན་སུམ་ཚོགས་པ་རིའི་རྒྱལ་པོ་རིན་པོ་ཆེ་སྣ་ཚོགས་པའི་གཟི་བརྗིད་ཀྱིས་མཛེས་པའི་སྟེང་ན་རྡོ་རྗེ་ཆེན་པོའི་ 2-3-233a གཞལ་ཡས་ཁང་དཀྱིལ་འཁོར་གྱི་རྒྱལ་པོ་ཆེན་པོ་ཕུན་སུམ་ཚོགས་པ་སྣ་ཚོགས་པས་བརྒྱན་པ་རྡོ་རྗེ་རིན་པོ་ཆེའི་རྒྱན་གྱིས་སྤུད་པ། ཉི་མ་དང་ཟླ་བའི་མདོག་ལྟར་འདུག་པ། དྲིལ་བུ་དང་རྔ་ཡབ་དང་རྒྱལ་མཚན་དང་གཡེར་ཁའི་དྲ་བས་མིག་མངས་ རིས་སུ་བྲིས་པ། རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོ་ལ་འཇུག་པའི་སྒྲ་སྒྲོགས་པའི་ཕྱི་རོལ་ན། སྣ་ཚོགས་པའི་ལྷ་དང་ཀླུ་དང་གནོད་སྦྱིན་དང་སྲིན་པོ་ལ་སོགས་པ་དང༌། དཔའ་བོ་དང་མཁའ་འགྲོ་དང་མཁའ་འགྲོ་མའི་སྒྲ་ཕེཾ་ཞེས་བྱ་བའི་སྒྲ་དང༌། ཨ་ལ་ལ་ཞེས་ བྱ་བའི་སྒྲ་སྒྲོགས་པ་དང༌། དྲིལ་བུ་དང་ཅང་ཏེའུའི་སྒྲ་སྒྲོགས་པ་རྣམས་ཀྱིས་ཡོངས་སུ་བསྐོར་བའི་གཞལ་ཡས་ཁང་ལ། ཤིན་ཏུ་ངོ་མཚར་བའི་ཞེས་སོགས་དང༌། ནམ་མཁའི་ཁྱོན་ལྟར་ཡངས་པའི་ཕོ་བྲང་མཆོག །ཉི་ཟླའི་འོད་དང་མཉམ་པའི་འོད་འཕྲོ་ཞིང༌། ། གྲངས་མེད་རིན་ཆེན་རྒྱན་གྱིས་མཛེས་པ་ལ། །དགེ་མཚན་ཇི་སྙེད་མཆིས་པའི་བཀྲ་ཤིས་དེས། །ཁྱེད་ཅག་གང་དང་གང་དུ་གནས་པ་དེར། །མི་ཤིས་མཚན་མ་འགའ་ཡང་མི་འབྱུང་ཞིང༌། །ཞིང་གི་འབྱོར་པ་ཕུལ་དུ་བྱུང་བ་ཡི། །དགེ་ལེགས་རྒྱུན་མི་འཆད་པའི་ བཀྲ་ཤིས་ཤོག །ཅེས་ཤིས་པ་བརྗོད་ཅིང་མེ་ཏོག་གི་ཆར་དབབ་པར་བྱའོ། །ཞེས་འཁོར་ལོ་བདེ་མཆོག་གི་མཆོད་འབུལ་སྨོན་ལམ་བཀྲ་ཤིས་དང་བཅས་པ་འདི་ནི། རྗེ་རིན་པོ་ཆེའི་ཞལ་སྔ་ནས་མཛད་པའོ།། ༈ །།ཨོཾ་སྭ་སྟི། ཕུན་སུམ་ཚོགས་པ་ཐམས་ཅད་ སྩོལ་བར་མཛད་པའི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཉམ་མེད་ཤཱཀྱའི་རྒྱལ་པོ་ལ་སོགས་པ་ཕྱོགས་བཅུའི་རྒྱལ་བ་སྲས་དང་སློབ་མའི་ཚོགས་བསྟན་པ་སྐྱོང་བ་དང་བཅས་པ་རྣམས་ 2-3-233b བདག་ཅག་སྦྱིན་པའི་བདག་པོ་རྣམས་ལ་དགོངས་སུ་གསོལ། མཆོད་ཡོན་ཕལ་ཆེར་ལ་སོགས་པ་དང༌། མཉམ་མེད་མི་གཡོས་བསྟོད་དོ། །བཅོམ་ལྡན་རྒྱལ་བའི་དབང་པོ་མཆོག །རིག་པའི་རྒྱལ་པོ་ཁྱོད་ལ་འདུད། །སྦྱིན་བདག་རྣམས་ལ་བརྩེ་ཕྱིར་དང༌། །ཁྱེད་ ལ་མཆོད་པར་བྱ་བའི་ཕྱིར། །མགོན་པོ་ཐུགས་རྗེའི་བདག་ཉིད་ཅན། །མཆོད་པ་བགྱི་བར་བདག་འཚལ་ལོ། །དེ་ཕྱིར་བཅོམ་ལྡན་བདག་གུས་ལ། །བཀའ་དྲིན་གནང་བར་མཛད་པར་རིགས། །སངས་རྒྱས་འགྲོ་འཁོར་བྱ་དོན་སྩོལ། །བྱང་ཆུབ་སེམས་དཔའ་འབྲས་ གནས་དང༌། །གཞན་ཡང་གང་དག་གསང་སྔགས་ལྷ། །ལྷ་དང་འཇིག་རྟེན་སྐྱོང་བ་དང༌། །འབྱུང་པོ་བྱང་ཆུབ་བསྟན་གནས་དང༌། །སེམས་ཅན་བསྟན་ལ་མངོན་དགའ་བ། །གང་སུ་རྡོ་རྗེའི་སྤྱན་མངའ་རྣམས། །བདག་ལ་ཡང་དག་དགོངས་སུ་གསོལ། །བདག་ཅག་ དཔོན་སློབ་འཁོར་བཅས་ཀྱིས། །རྒྱལ་བ་རྣམས་ལ་མཆོད་པ་ནི། །ཇི་ལྟར་ནུས་པ་ཉེར་སྤྱོད་པ། །དེའི་ཕྱིར་བདག་དང་སྦྱིན་བདག་ལ། །རྗེས་སུ་བརྩེ་བར་ཉེར་བཟུང་ནས། །རྒྱལ་བ་འཁོར་བཅས་ཐམས་ཅད་ནི། །ཉེ་བར་འབྱོན་པར་མཛད་པར་རིགས། །ཞེས་པས་ སྙན་གསན་ཕབ་སྟེ། དངོས་གཞིའི་དུས་མཆོད་པ་རྣམས་བསང་སྦྱང་སྐྱེད་དེ་བྱིན་གྱིས་བརླབས་ནས། རྒྱལ་བ་འཁོར་བཅས་སྤྱན་དྲངས་པ་ལ། རི་བོ་ལྟར་ནི་མཛེས་པ་ཡི། །ཡོན་ཏན་དམ་པའི་རྒྱན་ལྡན་པའི། །མཆོད་གནས་རིན་ཆེན་འདི་དག་ལ། །བདག་ གིས་ཁྲུས་འདི་གསོལ་བར་བགྱི། །མ་རིག་འཇོམས་པའི་ཉི་མ་སྟེ། །སྲིད་པའི་ནད་ནི་སེལ་བའི་སྨན། །དམ་ཆོས་རིན་ཆེན་འདི་དག་ལ། །བདག་གིས་ཁྲུས་འདི་གསོལ་བར་བགྱི། །བསྐལ་པའི་མཐའ་ཡི་དངོས་འཇོམས་པ། །འཇིགས་བྱེད་མེ་ཡི་ཆ་བྱད་ཅན། ། 2-3-234a མགོན་པོ་སྙིང་རྗེའི་སྟོབས་ལྡན་ལ། །བདག་གིས་ཁྲུས་འདི་གསོལ་བར་བགྱི། །མཆོག་ཏུ་ཚིམ་ཞིང་སྐལ་བཟང་པ། །དམ་པའི་བདུད་རྩི་མཛེས་ཆ་བྱད། །དཔལ་ལྡན་བླ་མའི་སྐུ་གསུང་ལ། །བདག་གིས་ཁྲུས་འདི་གསོལ་བར་བགྱི། །ཆོས་ཀྱི་སྐུ་ ཡི་བདག་ཉིད་ཅན། །མཆོག་གི་ཡོན་ཏན་གཟུགས་བརྙན་གྱི། །མཆོད་རྟེན་རིན་ཆེན་འདི་དག་ལ། །བདག་གིས་ཁྲུས་འདི་གསོལ་བར་བགྱི། །གདུལ་བྱའི་སེམས་ཅན་གང་དག་ལ། །རྒྱལ་བའི་སྤྲུལ་སྐུ་མང་པོ་ཡིས། །ཆ་བྱད་ལྷ་ཡི་རྣམ་པ་ནི། ། སྙིང་རྗེ་ཡིས་ནི་ངེས་གང་བ། །རྟག་ཏུ་ཕན་དང་བདེ་མཛད་པ། །མཆོག་ཏུ་དུལ་བ་དེ་དག་ལ། །བདག་གིས་ཁྲུས་འདི་གསོལ་བར་བགྱི། །སངས་རྒྱས་གཟུགས་བརྙན་གནས་དང་ནི། །སློབ་པའི་དགེ་འདུན་གནས་ཀྱི་ས། །གཙུག་ལག་ཁང་དང་གནས་ གཞན་ལ། །བདག་གིས་ཁྲུས་འདི་གསོལ་བར་བགྱི། །ཞེས་པས་དམ་བཅའ་བརྗོད་དེ་དེའི་རྗེས་ལ། ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་ བླ་རེ་བྲེས་པ་དེར། །དེ་བཞིན་གཤེགས་དང་དེ་ཡི་སྲས་རྣམས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུ། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། ། གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱིའོ། །སྟོང་གསུམ་ཀུན་ཏུ་དྲི་ངད་ལྡད་པ་ཡི། །སོགས་ཀྱིས་དྲིས་བྱུག །དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །སོགས་ཀྱིས་ན་བཟའ་དབུལ། རྒྱལ་བ་མཚན་དཔེའི་རང་བཞིན་རྒྱན་ལྡན་ཕྱིར། །རྒྱན་ 2-3-234b གཞན་དག་གིས་བརྒྱན་པར་མི་འཚལ་ཡང༌། །རིན་ཆེན་རྒྱན་མཆོག་ཕུལ་བས་འགྲོ་ཀུན་གྱིས། །མཚན་དཔེས་བརྒྱན་པའི་སྐུ་ལུས་ཐོབ་པར་ཤོག །དེ་ནས་སྨོན་ལམ་ནི། སྐུ་མཆོག་རྣམ་དག་བལྟ་བས་མི་ངོམས་ཤིང༌། །ངོ་མཚར་སྐྱོན་བྲལ་མཁའ་ དཀྱིལ་ཉི་གསལ་འདྲ། །ཆོས་ཀྱི་སྐུ་ལ་དྲི་མ་མི་མངའ་ཡང༌། །སྲི་ཞུ་བཀུར་སྟི་རིམ་གྲོའི་ཚུལ་ཙམ་དུ། །ཆུ་གཙང་སྨན་སྤོས་འོ་མ་འདག་ཆལ་ཆུས། །འགྲོ་བའི་ལུས་སེམས་སྡུག་བསྔལ་ནད་བསལ་ཏེ། །ཉེས་པའི་སྐྱོན་བྲལ་འགྲོ་བའི་ཡིད་འོང་བ། །དམ་པའི་སྐུ་མཆོག་ བདག་གིས་ཐོབ་པར་ཤོག །བདེ་གཤེགས་སྐུ་གསུམ་དཔེ་དང་མཚན་མངའ་ཡང༌། །འགྲོ་བའི་དོན་དུ་གཟུགས་སྐུ་ཅིར་ཡང་གདའ། །རིན་ཆེན་དབྱིག་ལྟར་ཉེས་པའི་སྐྱོན་བྲལ་ཡང༌། །འཇིག་རྟེན་སྲིད་ཞུ་གུས་པའི་ཚུལ་ཙམ་དུ། །སྡིག་མེད་རྒྱལ་བ་རྣམས་ ཀྱིས་རབ་སྔགས་པའི། །རས་མཆོག་འདི་ཡིས་རྒྱལ་བའི་སྐུ་ཕྱིས་པས། །ཉོན་མོངས་དུག་གསུམ་སྒྲིབ་པ་ཀུན་སྦྱངས་ཏེ། །སྐུ་གསུམ་ངང་དུ་བདག་ཅག་འགྱུར་བར་ཤོག །བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཞེས་སོགས་ཀྱིས་བཞུགས་སུ་གསོལ་ ཏེ། བྱང་ཆུབ་ལྟུང་བཤགས་འདོན། རིན་ཆེན་སེམས་བཟུང་གིས་མཆོད་པ་སྤྱི་རྣམས་ཕུལ། མཎྜལ་རྒྱས་བསྡུས་གང་ཡང་རུང་བ་བྱས་ནས། ཕུན་ཚོགས་གཟི་འོད་ཕྱོགས་བཅུར་རབ་ཏུ་འཕྲོ། །བཀྲ་ཤིས་དཔལ་གྱིས་ཀུན་ནས་ལྷམ་མེ་བ། །རིན་ཆེན་ས་ལེ་སྒྲམ་ གྱི་དབུ་རྒྱན་འདི། །ཤཱཀྱའི་རྒྱལ་པོའི་དབུ་ལ་ཕུལ་བ་ཡིས། །བསྟན་པ་རིན་ཆེན་ཕྱོགས་བཅུར་དར་བ་དང༌། །འཇིག་རྟེན་བདེ་ལེགས་ཆེན་པོས་ཁྱབ་པ་དང༌། །ལྷར་བཅས་འགྲོ་བའི་གཙུག་གི་རྒྱན་གྱུར་པའི། །སྟོབས་བཅུ་མངའ་བའི་གོ་འཕང་ཐོབ་པར་ཤོག ། 2-3-235a ཕུན་སུམ་ཚོགས་པའི་གཟི་བརྗིད་ཀྱི་འོད་ཟེར་ཕྱོགས་ཐམས་ཅད་དུ་རབ་ཏུ་འཕྲོ་ཞིང་བཀྲ་ཤིས་པའི་དཔལ་གྱིས་ཀུན་ནས་ལྷམ་མེར་གྱུར་པ་རིན་པོ་ཆེ་ས་ལེ་སྦྲམ་ལས་བསྒྲུབས་པའི་དེ་བཞིན་གཤེགས་པ་རིགས་ལྔའི་དབུ་རྒྱན་དཔའ་ བོའི་དར་དཔྱངས་དང་བཅས་པ་རིན་པོ་ཆེ་སྣ་ཚོགས་པའི་ཕྲ་བཀོད་པས་མཛེས་པར་བྱས་པ་འདི་བཅོམ་ལྡན་འདས་མཉམ་མེད་ཤཱཀྱའི་རྒྱལ་པོའི་དབུ་ལ་ཕུལ་བའི་དགེ་བའི་རྩ་བ་ལ་བརྟེན་ནས་མདོ་སྔགས་ཀྱིས་བསྡུས་པའི་བསྟན་པ་རིན་པོ་ཆེ་སྒོ་ ཐམས་ཅད་ནས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །འཇིག་རྟེན་གྱི་ཁམས་ཐམས་ཅད་དུའང་བཀྲ་ཤིས་དང་དགེ་མཚན་རྒྱ་ཆེན་པོ་རྒྱུན་མི་འཆད་དུ་འབྱུང་བར་གྱུར་ཅིག །དེ་ལྟར་བསྒྲུབས་པའི་སྦྱིན་པའི་བདག་ པོ་རྣམས་ཀྱང་ལྷ་དང་མི་དང་ལྷ་མ་ཡིན་དང་དྲི་ཟར་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱི་གཙུག་གི་ཅོད་པན་གྱི་སྟེང་ན་གང་གི་ཞབས་ཀྱི་པདྨོ་རྣམ་པར་མཛེས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཇི་འདྲ་བ་དེ་བཞིན་དུ་གྱུར་ཅིག །དྲི་མེད་མཚན་ ལ་སྒྲིབས་པ་མི་མངའ་ཡང༌། །ཞེས་དང༌། འདིར་ནི་བསོད་ནམས་ཞིང་གི་དམ་པ་ཁྱོད། །མཉེས་པར་བགྱིད་སླད་ལྷག་བསམ་དག་པ་ཡིས། །དགེ་སྦྱོང་རྣམས་ལ་འདྲེན་པས་བསྔགས་པ་ཡི། །ཆོས་གོས་གསུམ་དང་གསིལ་བྱེད་དྲང་སྲོང་སྣོད། །ཞེས་ མེད་མ་ཆགས་བློ་ཡིས་དབུལ་བར་བགྱི། །ཕུལ་བྱུང་གཟུགས་མཛེས་ཡིད་འཕྲོག་རྒྱན་གྱིས་སྤུད། །ལང་ཚོ་རབ་རྒྱས་གླུ་དང་གར་ལ་མཁས། །དབང་པོ་དྲུག་ལ་རྨད་བྱུང་བདེ་བ་སྟེར། །ཀུན་གྱི་དགའ་སྐྱེད་མཆོད་པའི་ལྷ་མོ་ནི། །ཁ་ཅིག་མེ་ཏོག་ 2-3-235b སྣ་ཚོགས་ཀུན་ཏུ་ཐོགས། །གཞན་དག་དྲི་ཞིམ་བདུག་པས་ཕྱོགས་ཀུན་འགེངས། །ལ་ལ་སྣང་གསལ་དྲི་དང་བདུད་རྩི་འཛིན། །དེ་འདྲའི་མཆོད་པའི་སྤྲིན་གྱིས་བདག་མཆོད་ན། །འཁོར་དང་བཅས་པའི་བརྩེ་ལྡན་བཅོམ་ལྡན་འདས། །བདག་གི་བསོད་ནམས་སྤེལ་ སླད་བཤམས་པ་དང༌། །ཡིད་ཀྱིས་སྤྲུལ་པའི་རབ་འབྱམས་མཆོད་པའི་ཚོགས། །དགྱེས་བཞིན་བཞེས་ཏེ་མཆོག་རྣམས་སྩལ་དུ་གསོལ། །ཡང་། པི་ཝང་མ་དང་གླིང་བུ་མ། །རྫ་རྔ་མ་དང་རྫ་རྔ་ཆེ། །བཞད་མོ་སྒེག་མོ་གླུ་གར་མོ། །མེ་ཏོག་མ་དང་སྤོས་འཆང་ མ། །མར་མེ་མ་དང་དྲི་ཆབ་མ། །མེ་ལོང་མ་དང་རོ་འཛིན་མ། །རེག་བྱ་མ་དང་ཆོས་ལྡན་མ། །ནམ་མཁའ་གང་བའི་ཚོགས་སྤྲུལ་ནས། །རྒྱལ་བ་སྲས་དང་བཅས་ལ་འབུལ། །ཞེས་པའོ། །ལྷ་རྫས་ལས་བྱས་ལྟེ་བ་ཤིན་ཏུ་ཟླུམ། །ཞེས་སོགས་ཀྱིས་རྒྱལ་སྲིད་སྣ་ བདུན་ཕུལ་ཏེ། རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་ཕུལ་བའི་དགེ་བའི་རྩ་བ་ལ་བརྟེན་ནས་སྦྱིན་པའི་བདག་པོ་རྣམས་བླ་ན་མེད་པའི་ཆོས་ཀྱི་རྒྱལ་སྲིད་ལ་མངའ་བསྒྱུར་བའི་ཆོས་ཀྱི་རྒྱལ་པོ་ཆེན་པོར་གྱུར་ཅིག །རིན་ཆེན་གདུགས་དང་གསེར་ཉ་དང༌། །གཏེར་ཆེན་བུམ་པ་ པདྨ་བཟང༌། །དུང་དཀར་གཡས་འཁྱིལ་དཔལ་བེའུ། །མཆོག་གི་རྒྱལ་མཚན་འཁོར་ལོ་སོགས། །དངོས་གྲུབ་རྣམ་གཉིས་སྩོལ་བའི་ཕྱིར། །བླ་མ་ལྷར་བཅས་བཞེས་སུ་གསོལ། །བཀྲ་ཤིས་པའི་རྟགས་བརྒྱད་ཕུལ་བའི་དགེ་བའི་རྩ་བ་ལ་བརྟེན་ནས་སྦྱིན་པའི་ བདག་པོ་རྣམས་ཕྱོགས་དང་དུས་དང་གནས་སྐབས་ཐམས་ཅད་དུ་བཀྲ་ཤིས་དང་བདེ་ལེགས་ཀྱི་དགེ་མཚན་རྒྱ་ཆེན་པོ་རྒྱུན་མི་འཆད་དུ་འབྱུང་བར་གྱུར་ཅིག །རིན་ཆེན་མཛེས་པའི་བཀྲ་ཤིས་བུམ་པ་འདི། །སྣ་ཚོགས་བཅུད་ཀྱིས་བཀང་སྟེ་ཕུལ་བ་ཡིས། །ལས་ 2-3-236a དང་ཉོན་མོངས་སྒྲིབ་པ་ཀུན་དག་ནས། །བྱང་ཆུབ་སེམས་ཀྱི་རླན་གྱིས་བརླན་པར་ཤོག །ཅེས་པས་གང་བུམ་ཕུལ། དེ་ནས། རྔ་བོ་ཆེ་རྣམས་ཕུལ་བའི་དགེ་བ་ཡིས། །སེམས་ཅན་ཐམས་ཅད་ཚངས་པའི་དབྱངས་ལྟར་གྱུར། །སངས་རྒྱས་བྱང་ཆུབ་ དམ་པ་མཆོག་རེག་ཤོག །ཆོས་ཀྱི་འཁོར་ལོ་དགེ་བ་བསྐོར་གྱུར་ཅིག །བསྐལ་པ་བསམ་གྱིས་མི་ཁྱབ་བཞུགས་པར་ཤོག །འགྲོ་ལ་ཕན་ཕྱིར་ཆོས་ཀྱང་སྟོན་གྱུར་ཅིག །ཉོན་མོངས་འཇོམས་འགྱུར་སྡུག་བསྔལ་སེལ་བར་ཤོག །འདོད་ཆགས་ཞེ་སྡང་ གཏི་མུག་ཞི་གྱུར་ཅིག །རྔ་ཕུལ་བའི་དགེ་བའི་རྩ་བ་ལ་བརྟེན་ནས་སྦྱིན་པའི་བདག་པོ་རྣམས་ཆོས་ཀྱི་རྔ་ཆེན་པོ་རྒྱུན་མི་འཆད་དུ་བརྡུང་བར་གྱུར་ཅིག །ཅེས་པས་རྔ་ཕུལ། དེ་ནས། དཀར་མཛེས་འཁྱིལ་ལེགས་དར་གྱི་ཅོད་པན་ཅན། །གདངས་སྙན་སྐད་ཀྱི་ང་རོས་ཕྱོགས་ ཀུན་འགེངས། །གཡས་འཁྱིལ་དུང་གིས་ནམ་མཁའ་བཀང་སྟེ་འབུལ། །འགྲོ་བ་ཚངས་དབྱངས་མཆོག་ནི་ཐོབ་པར་ཤོག །དུང་ཕུལ་བའི་དགེ་བའི་རྩ་བ་ལ་བརྟེན་ནས་སྦྱིན་པའི་བདག་པོ་རྣམས་ཆོས་ཀྱི་དུང་རྒྱུན་མི་འཆད་དུ་འབུད་པར་གྱུར་ཅིག །ཅེས་པས་དུང་ཕུལ། དེ་ནས་ གདུགས་འབུལ་བའི་ཚིག་གང་ཡང་རུང་བ་བྱས་ལ། གདུགས་ཕུལ་བའི་དགེ་བའི་རྩ་བ་ལ་བརྟེན་ནས་སྦྱིན་པའི་བདག་པོ་རྣམས་བླ་ན་མེད་པའི་ཆོས་ཀྱི་རྒྱལ་པོ་ཆེན་པོར་གྱུར་ཅིག །ཅེས་པས་གདུགས་ཕུལ། དེ་ནས་རྒྱལ་མཚན་ལ་ཚིགས་བཅད་གང་རུང་གི་རྗེས་སུ་རྒྱལ་མཚན་ཕུལ་བའི་དགེ་བའི་རྩ་བ་ལ་ བརྟེན་ནས་སྦྱིན་པའི་བདག་པོ་རྣམས་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་བའི་ཆོས་ཀྱི་རྒྱལ་མཚན་ཕྱོགས་བཅུར་བསྒྲེང་བར་གྱུར་ཅིག །དེ་ནས་ངོ་མཚར་བའི་མཆོད་པ་ཆེན་པོ་བཅོ་བརྒྱད། མཆོད་པ་ཉེར་ལྔ་པ། མཆོད་པ་ཉེར་གཅིག་པ། ཡོ་བྱད་ཀྱི་མཆོད་པ་བཅུ་རྣམས་ཕུལ་ནས། རྒྱལ་བས་བདུད་བཅོམ་བྱང་ 2-3-236b ཆུབ་སངས་རྒྱས་ཏེ། །རྒྱལ་བའི་སྐུ་ལ་སྒྲིབས་སྐྱེམ་མི་མངའ་ཡང༌། །བདག་ཅག་བསོད་ནམས་ཞིང་དུ་འགྱུར་སླད་དུ། །བཤོས་དང་ཞལ་ཟས་སྦྱར་བ་འདི་ཕུལ་བས། །དུས་ཀུན་དགེ་བའི་ལོ་ཏོག་འཕེལ་རྒྱས་ནས། །བདེ་བ་ཅན་དུ་པདྨ་ལས་སྐྱེས་ཏེ། །རིན་ཆེན་ཟས་དང་ཆོས་ལ་སྤྱོད་པར་ཤོག །ཅེས་པས་ཞལ་ཟས་སོགས་ ཕུལ་ནས་གསོལ་བ་གདབ། བསྟོད་པ་འདོན། བདེ་བ་ཅན་གྱི་སྨོན་ལམ། བསྟན་པ་འབར་བའི་སྨོན་ལམ། སྤྱིའི་བསྔོ་བ་དང་སྨོན་ལམ། བཀྲ་ཤིས་རྣམས་བྱའོ། །ཞེས་པ་འདི་ནི་ལྷ་སར་སྨོན་ལམ་ཆེན་མོའི་དུས་རྗེ་བཙུན་ཙོང་ཁ་པ་ཉིད་ཀྱིས་ཁྲིགས་སུ་བསྡེབས་ པའོ།། ༈ །།ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །མཐའ་ཡས་འགྲོ་བ་སྲིད་ལས་བསྒྲལ་བྱའི་ཕྱིར། །མཐའ་མེད་སྨོན་ལམ་ལྷག་བསམ་དག་པས་གདབ། །བསླུ་མེད་དཀོན་མཆོག་གསུམ་དང་མཐུ་སྟོབས་ཅན། །དྲང་ སྲོང་མཐུ་ཡིས་བདེན་ཚིག་འགྲུབ་གྱུར་ཅིག །བདག་ནི་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །ངན་སོང་ངན་འགྲོ་ལོག་པར་ལྟུང་བ་ཡི། །སྐྱེ་གནས་རྣམས་སུ་ནམ་ཡང་མི་སྐྱེ་ཞིང༌། །དལ་འབྱོར་ཚང་བའི་མི་ལུས་ཐོབ་པར་ཤོག །སྐྱེས་མ་ཐག་ནས་སྲིད་པའི་བདེ་བ་ ལ། །ནམ་ཡང་མ་ཆགས་ཐར་པ་ཐོབ་བྱའི་ཕྱིར། །ངེས་འབྱུང་བསམ་པས་ཚངས་སྤྱོད་ཚོལ་བ་ལ། །བརྩོན་འགྲུས་ལྷོད་པ་མེད་པར་འཇུག་པར་ཤོག །བདག་ནི་རབ་ཏུ་འབྱུང་བར་བྱེད་པ་ལ། །འཁོར་དང་ཉེ་དུ་ལོངས་སྤྱོད་གང་གིས་ཀྱང༌། །གེགས་བྱེད་མེད་ པར་མཐུན་པའི་རྐྱེན་རྣམས་ཀུན། །ཇི་ལྟར་བསམས་པ་ཇི་བཞིན་འགྲུབ་པར་ཤོག །རབ་ཏུ་བྱུང་ནས་ཇི་སྲིད་འཚོ་ཡི་བར། །མཁན་སློབ་སྤྱན་སྔར་ཇི་བཞིན་ཁས་བླངས་བཞིན། །བཅས་དང་རང་བཞིན་ཁ་ན་མ་ཐོ་བའི། །ཉེས་པས་ནམ་ཡང་གོས་པར་མ་ 2-3-237a གྱུར་ཅིག །ཚངས་སྤྱོད་རྟེན་ལ་ཐེག་པ་ཆེན་པོ་ཡི། །ཟབ་ཅིང་རྒྱ་ཆེའི་ཆོས་རྣམས་ཇི་སྙེད་པ། །མ་རྣམས་དོན་དུ་དཀའ་བ་དུ་མ་ཡིས། །བསྐལ་པ་དཔག་ཏུ་མེད་པར་སྒྲུབ་པར་ཤོག །ལུང་རྟོགས་ཡོན་ཏན་དུ་མས་རྒྱུད་བལྟམས་ཤིང༌། །དབང་པོ་ཞི་ཞིང་ རབ་དུལ་སྙིང་བརྩེར་བཅས། །གཞན་དོན་སྐྱོ་མེད་སྒྲུབ་པའི་སྙིང་སྟོབས་ཅན། །བཤེས་གཉེན་དམ་པས་རྗེས་སུ་འཛིན་པར་ཤོག །རྟག་ཏུ་ངུ་ཡིས་ཆོས་འཕགས་བསྟེན་པ་ལྟར། །ལུས་སྲོག་ལོངས་སྤྱོད་ཀུན་གྱིས་གཡོ་མེད་པར། །བཤེས་གཉེན་ དམ་པ་ལེགས་པར་མཉེས་བྱས་ནས། །མི་མཉེས་སྐད་ཅིག་ཙམ་ཡང་མི་བྱེད་ཤོག །ཟབ་ཞི་སྤྲོས་དང་བྲལ་བའི་ཤེར་ཕྱིན་དོན། །ལོག་རྟོག་དྲི་མའི་ཆུ་ཡིས་མ་བསླད་པར། །ཇི་ལྟར་རྟག་ཏུ་ངུ་ལ་བསྙད་པ་ལྟར། །དེ་ལྟར་བདག་ལ་རྟག་ཏུ་འདོམས་པར་ཤོག ། ཐུབ་པའི་དགོངས་པའི་དོན་ལས་ཕྱིར་ཕྱོགས་པའི། །རྟག་ཆད་ལྟ་བ་སྟོན་པར་བྱེད་པ་པོ། །མི་དགེའི་བཤེས་གཉེན་སྡིག་པའི་གྲོགས་རྣམས་ཀྱི། །དབང་དུ་ནམ་ཡང་འགྲོ་བར་མ་གྱུར་ཅིག །ལྷག་བསམ་རྣམ་པར་དག་པའི་དར་ཆེན་འཕྱར། །བརྩོན་འགྲུས་ ལྷོད་པ་མེད་པའི་རླུང་གིས་བསྐྱོད། །ཐོས་བསམ་སྒོམ་པའི་གྲུ་གཟིངས་ལེགས་བསྡམས་ནས། །ལུས་ཅན་འཁོར་བའི་མཚོ་ལས་སྒྲོལ་བར་ཤོག །ཇི་ཙམ་མང་དུ་ཐོས་དང་ལྷག་པར་གཏོང༌། །རྣམ་དག་ཚུལ་ཁྲིམས་རྣམ་དཔྱོད་ཤེས་རབ་ཀྱིས། །བདག་ རྒྱུད་ལྷག་པར་གྱུར་པ་དེ་ཙམ་དུ། །ཕྱི་ཕྱིར་ཁེངས་པ་ཀུན་དང་བྲལ་བར་ཤོག །རྣམ་དག་རིགས་པའི་སྟོབས་ཀྱིས་གསུང་རབ་དོན། །ཇི་བཞིན་འབྱེད་ལ་གཞན་དྲིང་མི་འཇོག་པའི། །མཁས་པའི་གམ་དུ་མཐའ་ཡས་གསུངས་རབ་ལ། །ངོམས་པ་མེད་པའི་ཐོས་ 2-3-237b པ་བྱེད་པར་ཤོག །ཇི་ལྟར་ཐོས་པའི་དོན་ལ་རིགས་པ་བཞིས། །ཉིན་དང་མཚན་དུ་ཚུལ་བཞིན་རབ་བརྟགས་ནས། །བསམ་བྱའི་གནས་ལ་བསམ་ལས་བྱུང་བ་ཡི། །རྣམ་དཔྱོད་བློ་ཡིས་ཐེ་ཚོམ་ཆོད་པར་ཤོག །གང་ཚེ་ཤིན་ཏུ་ཟབ་པའི་ཆོས་ཚུལ་ལ། །བསམ་བྱུང་བློ་ ཡིས་ངེས་ཤེས་རྙེད་པའི་ཚེ། །ཚེ་འདིའི་འཁྲི་བ་ཆོད་པའི་བརྩོན་འགྲུས་ཀྱིས། །དབེན་པ་བསྟེན་ནས་ཚུལ་བཞིན་སྒྲུབ་པར་ཤོག །དེ་ལྟར་ཐོས་བསམ་སྒོམ་པས་རྒྱལ་བ་ཡི། །དགོངས་པའི་གནད་རྣམས་རྒྱུད་ལ་བསྐྲུན་པའི་ཚེ། །སྲིད་ལ་བརྐམ་པའི་ཚེ་འདིའི་ སྣང་བ་དང༌། །རང་བདེ་འདོད་པའི་བློ་རྣམས་མི་འབྱུང་ཤོག །བདག་གིས་བདོག་པའི་དངོས་པོ་ཐམས་ཅད་ལ། །མ་ཆགས་བློ་ཡིས་སེར་སྣ་བཅོམ་བྱས་ཏེ། །ཐོག་མར་ཟང་ཟིང་སྦྱིན་པས་སེམས་ཅན་རྣམས། །འཁོར་དུ་བསྡུས་ནས་ཆོས་ཀྱིས་ཚིམ་བྱེད་ ཤོག །ཇི་ལྟར་མནོས་པའི་བསླབ་པ་ཕྲ་བ་ཡང༌། །ངེས་འབྱུང་བསམ་པས་བྱང་ཆུབ་ཐོབ་ཀྱི་བར། །སྲོག་གི་ཕྱིར་ཡང་གཏོང་བར་མི་བྱེད་པའི། །ཐར་པའི་རྒྱལ་མཚན་རྟག་ཏུ་འཛིན་པར་ཤོག །བདག་ལ་བརྡེག་འཚོག་མཚང་འབྲུའི་སེམས་ཅན་རྣམས། ། མཐོང་ངམ་ཐོས་སམ་ཡིད་ལ་དྲན་པའི་ཚེ། །ཁོང་ཁྲོ་བྲལ་ཞིང་སླར་ཡང་དེ་དག་གི། ཡོན་ཏན་བརྗོད་ཅིང་བཟོད་པ་སྒོམ་པར་ཤོག །དཀར་པོའི་ཆོས་རྣམས་མ་ཐོབ་ཐོབ་པ་དང༌། །ཐོབ་རྣམས་གོང་ནས་གོང་དུ་འཕེལ་བ་ལས། །ཉམས་པར་བྱེད་པའི་ལེ་ལོ་རྣམ་ པ་གསུམ། །ཀུན་ནས་སྤངས་པའི་བརྩོན་འགྲུས་རྩོམ་པར་ཤོག །སྲིད་མཐའ་གནོན་པའི་ལྷག་མཐོང་སྟོབས་དང་བྲལ། །ཞི་མཐའ་གནོན་པའི་སྙིང་རྗེའི་རླན་གྱིས་དབེན། །ཕལ་ཆེར་སྲིད་པར་འཕེན་པར་བྱེད་པ་ཡི། །ཞི་གནས་སྤངས་ཏེ་ཟུང་འབྲེལ་སྒོམ་པར་ཤོག ། 2-3-238a གནས་ལུགས་ཟབ་མོའི་དོན་ལ་སྐྲག་གྱུར་ནས། །བློས་བྱས་ཉི་ཚེའི་སྟོང་པ་མཆོག་འཛིན་པའི། །ལོག་པའི་ལྟ་ངན་མཐའ་དག་རབ་སྤངས་ཏེ། །ཆོས་ཀུན་གདོད་ནས་སྟོང་པར་རྟོགས་པར་ཤོག །རྣམ་དག་བསླབ་པ་ཁྲེལ་མེད་སེམས་ཀྱིས་དྲལ། ། དམ་པས་སྨད་པའི་ལས་ལ་འཇིགས་མི་བྱེད། །ཁྲིམས་འཆལ་དགེ་སྦྱོང་ཤ་ཚུགས་ཅན་རྣམས་ཀྱང༌། །བདག་གིས་སྐྱོན་མེད་ཁྲིམས་ལ་སྦྱོར་བར་ཤོག །ཡང་དག་ལམ་སྟོར་ལོག་པའི་ལམ་ངན་ཞུགས། །མི་དགེའི་བཤེས་གཉེན་སྡིག་གྲོགས་དབང་དུ་སོང༌། ། གང་ཡིན་དེ་ཡང་བདག་གིས་བདེ་བླག་ཏུ། །རྒྱལ་བས་བསྔགས་པའི་ལམ་ལ་འགོད་པར་ཤོག །བདག་གི་འཆད་རྩོད་རྩམ་པ་སེང་གེའི་སྒྲས། །ལོག་སྨྲའི་ཝ་ཚོགས་སྤོབས་པ་ཕྲོགས་བྱས་ནས། །གང་གིས་འདུལ་བའི་ཐབས་ཀྱིས་རྗེས་བཟུང་སྟེ། །མི་ནུབ་ བསྟན་པའི་རྒྱལ་མཚན་འཛིན་པར་ཤོག །བདག་ནི་གང་དུ་སྐྱེས་ནས་ཐུབ་པ་ཡི། །གསུང་གི་བདུད་རྩི་འཐུང་བ་དེ་ཡི་ཚེ། །རིགས་གཟུགས་འབྱོར་དང་དབང་ཕྱུག་ཤེས་རབ་དང༌། །ཚེ་རིང་ནད་མེད་བདེ་དང་ལྡན་པར་ཤོག །བདག་གི་ལུས་དང་སྲོག་དང་ལོངས་ སྤྱོད་ལ། །རྒྱུན་དུ་འཚེ་བའི་བསམ་པ་དང་ལྡན་ཞིང༌། །བདག་ལ་མི་སྙན་བརྗོད་པ་དེ་དག་ལའང༌། །བདག་ནི་ལྷག་པར་མ་བཞིན་བྱམས་གྱུར་ཅིག །བདག་གིས་དེ་དག་རིང་པོར་མི་ཐོགས་བར། །བདག་པས་གཞན་གཅེས་བསྒོམ་པའི་བྱང་ཆུབ་སེམས། །ལྷག་ བསམ་དག་པ་རྒྱུད་ལ་སྐྱེད་བྱས་ནས། །བླ་མེད་བྱང་ཆུབ་གོ་འཕང་སྟེར་བར་ཤོག །སྨོན་ལམ་འདི་དག་གང་གིས་མཐོང་ངམ་ཐོས། །ཡིད་ལ་དྲན་པར་བྱེད་པ་དེ་དག་ཀྱང༌། །རྒྱལ་སྲས་རྣམས་ཀྱི་སྨོན་ལམ་རླབས་པོ་ཆེ། །མ་ལུས་སྒྲུབ་ལ་ཞུམ་པ་མེད་པར་ 2-3-238b ཤོག །ལྷག་བསམ་དག་པའི་སྟོབས་ཀྱིས་ལེགས་བསྒྲུབ་པའི། །རྒྱ་ཆེན་སྨོན་ལམ་བཏབ་པ་འདི་ཡི་མཐུས། །སྨོན་ལམ་ཕ་རོལ་ཕྱིན་པ་ཡོངས་རྫོགས་ནས། །ལུས་ཅན་ཀུན་གྱི་རེ་བ་བསྐོང་བར་ཤོག །ཅེས་ཐོག་མ་དང་བར་དང་ཐ་མར་དགེ་བའི་སྨོན་ལམ་འདི་ནི། མང་ དུ་ཐོས་པའི་རྒྱལ་ཁམས་པ་བློ་བཟང་གྲགས་པའི་དཔལ་གྱིས་གཞོ་སྟོད་དཔལ་གྱི་འབྲི་གུང་ཐེལ་དུ་སྦྱར་བའོ།། ༈ །།ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། དཔག་ཡས་བསྐལ་པར་རྨད་བྱུང་སྤྱོད་པ་ཡིས། །མ་ལུས་འགྲོ་བ་སྒྲོལ་བའི་ཁུར་ཁྱེར་བ། །ཕྱོགས་བཅུའི་ཞིང་ན་ ཇི་སྙེད་བཞུགས་པ་ཡི། །ཐུབ་དབང་སྲས་དང་བཅས་རྣམས་དགོངས་སུ་གསོལ། །འདིར་ནི་རླབས་ཆེན་སྤྱོད་ལ་འཇུག་པའི་ཕྱིར། །རྒྱལ་སྲས་རྣམས་ཀྱི་ཐབས་ལ་འཇུག་པའི་སྒོ། །རབ་འབྱམས་ཚོགས་གཉིས་སྡུད་པའི་གཏེར་ཆེན་པོ། །དྲི་མེད་སྨོན་ལམ་ཕྲེང་བ་ གདབ་པར་བགྱི། །གང་གང་གུས་པས་ཇི་ལྟར་གསོལ་བྱེད་པ། །དེ་དང་དེ་ཡི་འདོད་པ་བསྐང་ངོ་ཞེས། །ཉིན་མཚན་ཀུན་ཏུ་འགྲོ་ལ་གཟིགས་རྣམས་ཀྱིས། །བདག་གིས་སྨོན་པ་བདེ་བླག་འགྲུབ་པར་མཛོད། །བདག་གིས་ལེགས་པར་སྤྱད་པའི་ཚོགས། །བགྱིས་དང་བགྱིད་ འགྱུར་ཅི་མཆིས་དང༌། །གཞན་ཡང་དགེ་ཚོགས་གང་ཡིན་པ། །དེ་དག་གཅིག་ཏུ་བསྡོམས་པ་ཡིས། །འཇིག་རྟེན་རྣམ་པར་འདྲེན་པ་ཡི། །གོ་འཕང་དམ་པ་མངོན་བགྱིས་ནས། །སྡུག་བསྔལ་མཚོར་ལྷུང་ཉམ་ཐག་ཀུན། །སྲིད་ལས་མྱུར་དུ་སྒྲོལ་བར་ཤོག །གོ་འཕང་ མཆོག་ལ་མ་རེག་པའི། །སྐྱེ་ཞིང་སྐྱེ་བར་རྒྱལ་བ་ཡི། །བསྟན་ལ་རབ་ཏུ་འབྱུང་བ་དང༌། །ཚུལ་ཁྲིམས་ཡོངས་སུ་དག་པར་ཤོག །དམ་པའི་མགོན་ལ་བརྟེན་ནས་ནི། །དེ་ཡི་རྗེས་སུ་བསྟན་པ་ལ། །ཐོས་དང་བསམ་དང་སྒོམ་པ་ཡིས། །རྣམ་པ་ཀུན་ཏུ་སློབ་པར་ཤོག ། 2-3-239a ཟབ་པ་དང་ནི་རྒྱ་ཆེ་བའི། །ལེགས་བཤད་དཔག་མེད་ཐོས་པ་དང༌། །ཇི་བཞིན་འབྱེད་པའི་རྣམ་དཔྱོད་དང༌། །དེ་དག་ཆུད་མི་ཟ་བའི་རྒྱུ། །མི་བརྗེད་པ་ཡི་གཟུངས་རྣམས་དང༌། །གཏུགས་པ་མེད་པའི་སྤོབས་པ་དང༌། །རྟག་ཏུ་སྦྱོར་བའི་བརྩོན་འགྲུས་ དག །ཟླ་དང་བྲལ་བ་ཐོབ་པར་ཤོག །དེ་ཚེ་བཟང་པོའི་རྩོམ་པ་ལ། །བར་དུ་གཅོད་པ་མེད་པ་དང༌། །རྗེས་སུ་མཐུན་པའི་རྐྱེན་རྣམས་ནི། །བདེ་བླག་ཉིད་དུ་འབྱོར་བར་ཤོག །རྒྱ་ཆེའི་ཞིང་ནི་སྤྱོད་པ་དང༌། །རྒྱལ་བ་མཆོད་དང་སེམས་ཅན་ཁམས། །གྲངས་མེད་ སྨིན་པར་བགྱིད་པ་ལ། །འཇམ་པའི་དབྱངས་བཞིན་བདག་གྱུར་ཅིག །ལུས་དང་ངག་དང་ཡིད་ཀྱིས་ནི། །སྤྱོད་པ་ཅི་དང་ཅི་སྤྱད་པ། །ཐམས་ཅད་མཐའ་ཡས་འགྲོ་བ་ལ། །ཕན་བདེ་དཔག་ཏུ་མེད་པར་ཤོག །རྣམ་པ་ཀུན་ཏུ་སྡིག་གྲོགས་དང༌། །བདུད་ཀྱིས་ བསླུ་བར་མི་ནུས་ཤིང༌། །བཤེས་གཉེན་བཟང་པོའི་རྗེས་ཞུགས་ནས། །བྱང་ཆུབ་སྤྱོད་པ་རྫོགས་བྱེད་ཤོག །དབེན་པའི་ཡོན་ཏན་མཐོང་བ་ཡིས། །རྣམ་གཡེང་མ་ལུས་སྤོང་བ་དང༌། །རྟག་ཏུ་བག་དང་ལྡན་པ་ཡིས། །སྒྲུབ་པ་སྙིང་པོར་བྱེད་པར་ཤོག །འཇིག་རྟེན་ ཆོས་བརྒྱད་དག་ལ་ནི། །ཡིད་ནི་མཉམ་པ་ཉིད་ཐོབ་ཅིང༌། །རྟག་ཏུ་ཟང་ཟིང་མེད་པ་ཡི། །ཆོས་ཀྱི་དགའ་བདེས་འཚོ་བར་ཤོག །ཐུབ་བསྟན་འཇིག་ཏུ་ཉེ་བའི་ཚེ། །བསྟན་པ་འབའ་ཞིག་འགྲོ་ཀུན་གྱི། །ཕན་བདེའི་རྩ་བར་མཐོང་ནས་ནི། །རྒྱལ་བའི་ཆོས་ ཚུལ་འཛིན་གྱུར་ཅིག །ཡིད་ནི་སྙིང་རྗེའི་དབང་གྱུར་ཏེ། །ཇི་ལྟར་བགྱིས་ན་སེམས་ཅན་རྣམས། །རྣམ་པར་གྲོལ་བར་འགྱུར་སྙམ་པའི། །བསམ་པ་དེ་དང་འབྲལ་མ་གྱུར། །རྒྱལ་བའི་ཡོན་ཏན་ཇི་བཞིན་དུ། །ཤེས་པའི་དད་པ་རྙེད་གྱུར་ཏེ། །བཀའ་དྲིན་ 2-3-239b གཟོ་བས་དེ་དག་གི། དགོངས་པ་ཡོངས་སུ་སྐོང་བར་ཤོག །ལུས་སེམས་སོ་སོར་འབྲལ་བ་ན། །གནད་གཅོད་སྡུག་བསྔལ་མེད་པ་དང༌། །རྒྱལ་བའི་རྒྱལ་ཚབ་མི་ཕམ་མགོན། །འཁོར་དང་བཅས་པ་མཐོང་བར་ཤོག །དེ་ནས་དགའ་ལྡན་གནས་སུ་ནི། །སྐྱེས་མ་ ཐག་ཏུ་འཁོར་དབུས་སུ། །མི་ཕམ་མགོན་ལ་བྱང་ཆུབ་ཏུ། །ལུང་བསྟན་བདག་གིས་ཐོབ་གྱུར་ཅིག །དེ་ཡི་མོད་ལ་ཡོན་ཏན་ཚོགས། །དཔག་མེད་མངོན་དུ་གྱུར་ནས་ནི། །གྲངས་མེད་ཞིང་དུ་རྒྱལ་སྲས་ཀྱི། །རླབས་ཆེན་སྤྱོད་པ་རྫོགས་པར་ཤོག །རྒྱལ་ བ་རྒྱལ་སྲས་རྒྱ་མཚོ་ཡི། །བདེན་པ་དང་ནི་བདག་ཅག་གི། གཡོ་མེད་བསམ་པའི་སྟོབས་ཀྱིས་ནི། །སྨོན་པ་བདེ་བླག་འགྲུབ་གྱུར་ཅིག །ཚུལ་འདི་ནི་གངས་རིའི་ཁྲོད་ཀྱི་སྡོམ་བརྩོན་རྣམས་ཀྱི་གཙུག་རྒྱན་དམ་པར་གྱུར་པ་རྒྱལ་བའི་སྲས་པོ་བདེ་འབྱུང་ཞེས་ མཚན་ཡོངས་སུ་གྲགས་པ་མཚན་གཞན་གྲགས་པ་རྒྱ་མཚོ་ཞེས་པའི་བཀའ་སྩལ་དང་དུ་བླངས་ཏེ། ཤཱཀྱའི་དགེ་སློང་བློ་བཟང་གྲགས་པའི་དཔལ་གྱིས་དགའ་བ་གདོང་གི་ཡང་དགོན་དུ་སྦྱར་བའོ།། ༈ །།རྒྱལ་བ་དཔག་མེད་རྣམས་ཀྱི་ཚངས་དབྱངས་ ཀྱིས། །ཟབ་ཅིང་རྒྱ་ཆེའི་འཁོར་ལོ་བསྐོར་བའི་ཁུར། །གང་གིས་བཟུང་བའི་རི་ཡི་དབང་པོ་ནི། །དཔལ་ལྡན་བྱ་རྒོད་ཕུང་པོ་ཞེས་སུ་གྲགས། །རྨད་བྱུང་ས་འཛིན་མཆོག་དེར་མངོན་གཤེགས་ནས། །ཕྱོགས་བཅུའི་ཞིང་དུ་འོད་ཀྱིས་རབ་འགེངས་ཤིང༌། །ས་ཆེན་རྣམ་པ་ དྲུག་ཏུ་གཡོ་མཛད་པའི། །ཤཱཀྱ་སེང་གེའི་ཞབས་ལ་མགོས་ཕྱག་འཚལ། །དེར་ནི་ཐུབ་པའི་དཔལ་གྱི་མགུར་ནས་ནི། །ཕུན་ཚོགས་འཁོར་ལ་ལེགས་པར་བཀའ་སྩལ་པ། །ལེགས་བཤད་ཀུན་གྱི་རབ་དང་ཕུལ་ཉིད་ནི། །ལེགས་བཤད་ཟླ་མེད་ཤེས་རབ་ཕ་རོལ་ 2-3-240a ཕྱིན། །དེ་ནི་ལྷ་མིའི་འདྲེན་པས་ལན་གསུམ་དུ། །རྒྱལ་བས་གསུངས་པའི་ཆོས་མཛོད་ཀུན་འཇིན་པ། །ཆོས་འཛིན་ཀུན་དགའ་བོ་ལ་གཏོད་པ་ན། །ང་ཡིས་བཤད་པའི་ཆོས་ཀྱི་རྣམ་གྲངས་གཞན། །མ་ལུས་པོ་རམ་ཆུད་གཟོན་གྱུར་ཀྱང་བླའི། །རྒྱལ་ བའི་ཡུམ་འདི་ཅུང་ཟད་ཆུད་གཟོན་ན། །དེ་ཚེ་ཁྱོད་ལ་སྐྱོན་དུ་བཟུང་ངོ་ཞེས། །ནན་ཏན་ཆེན་པོས་བཀའ་སྩལ་མཛད་པ་དང༌། །མདོ་སྡེ་མཆོག་འདི་གང་དུ་བཞུགས་པའི་ཡུལ། །དེར་ནི་རྒྱལ་བའི་དབང་པོ་བཞུགས་སོ་ཞེས། །སྟོན་པ་ཉིད་དང་ཁྱད་པར་མ་མཆིས་ པར། །ཉིད་ཀྱི་ཞལ་ནས་རྣམ་པ་དུ་མར་བསྔགས། །འདི་བྲིས་པ་དང་ཀློག་དང་མཆོད་ལ་སོགས། །གསུང་རབ་གཞན་ལས་ཆེས་ཆེར་ཁྱད་ཞུགས་པར། །ཡང་དང་ཡང་དུ་གཏན་ཚིགས་དང་བཅས་ཏེ། །གསུངས་ཕྱིར་འདི་ལ་འཇུག་རྣམས་སྐལ་བ་བཟང༌། །ཚུལ་ འདི་གཟིགས་ནས་མཁས་པ་དུ་མ་ཡིས། །འབད་པ་ཆེན་པོས་ཡང་ཡང་བསྔགས་མཛད་པས། །དད་ལྡན་རྣམས་ལ་བཟང་པོའི་སྲོལ་གཏོད་པ། །ད་དུང་བར་དུ་ཉམས་པར་མ་གྱུར་ཏེ། །དེ་ཕྱིར་མངོན་མཐོའི་དཔལ་གྱིས་རབ་ཏུ་མཛེས། །སྐྱབས་གསུམ་ བླ་མ་གཙུག་གི་རྒྱན་དུ་འཛིན། །རང་སྲིད་ཚུལ་བཞིན་སྐྱོང་བའི་ཁུར་ཁྱེར་བ། །བསྟན་པའི་སྦྱིན་བདག་ནམ་མཁའ་བཟང་པོ་དང༌། །བསྟན་ལ་གུས་ཤིང་གཏོང་ལ་རབ་ཏུ་དགའ། །མི་དབང་ཆེན་པོའི་ལྕམ་མོ་རིན་ཆེན་སྒྲོན། །གཞོན་ཡང་རྒན་པོའི་བློ་གྲོས་ཅན་ གྱུར་པ། །གྲགས་པ་དབང་ཕྱུག་ཡབ་ཡུམ་སྲས་གསུམ་ནི། །དགེ་ལེགས་འབུམ་ཕྲག་དུ་མའི་གཞིར་གྱུར་པ། །ལམ་བཟང་འདི་ལ་ཤིན་ཏུ་མོས་གྱུར་ཏེ། །སྟོང་ཕྲག་བརྒྱ་པ་ལ་སོགས་ཤེར་ཕྱིན་དང༌། །ཏིང་འཛིན་རྒྱལ་པོ་དམ་ཆོས་པདྨ་དཀར། །རྒྱ་ཆེར་རོལ་པ་ 2-3-240b གཟུངས་མཆོག་གྲྭ་ལྔ་དང༌། །ཡངས་པའི་གྲོང་འཇུག་བསྐལ་པ་བཟང་པོ་སྟེ། །མདོ་སྡེའི་རྣམ་གྲངས་ཉི་ཤུ་རྩ་དགུ་ནི། །བཻ་ཌཱུརྱ་ལྟར་དག་པའི་གླེགས་བམ་ལ། །རིན་ཆེན་ས་ལེ་སྦྲམ་གྱིས་ལེགས་བྲིས་པ། །མིག་ལ་བདུད་རྩིའི་དགའ་སྟོན་འགྱེད་པའི་མཆོག །ངོ་མཚར་གནས་སུ་ གྱུར་པ་འདི་དག་བཞེངས། །དེ་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱི། །འཕྲལ་དང་ཡུན་གྱི་ཕན་དང་བདེ་བའི་གཞི། །རྒྱལ་བའི་བསྟན་པ་ལུང་དང་རྟོགས་པའི་ཆོས། །ཕྱོགས་དུས་ཀུན་ཏུ་རྒྱས་པའི་ཕྱིར་དུ་ཡིན། །མཁས་པར་སྦྱངས་པའི་ཡི་གེ་པ་རྣམས་ལ། །རྙེད་དང་བཀུར་སྟི་མཆོག་ གིས་མཆོད་པ་དང༌། །བཤེས་གཉེན་མཁས་པ་དག་གིས་གྲོགས་མཛད་པས། །གླེགས་བམ་འདི་རྣམས་གཞན་ལས་ཕུལ་དུ་བྱུང༌། །སྙིགས་དུས་འགྲོ་བའི་བསོད་ནམས་ཞིང་གཅིག་པུ། །ཤཱཀྱའི་རྒྱལ་པོའི་ཕོ་བྲང་ལྷ་ས་ཡི། །ཉེ་འཁོར་གནས་སུ་གྱུར་པའི་ས་ཡི་ཆ། །ཕུན་ ཚོགས་དཔལ་གྱི་དགེ་མཚན་རབ་འཛིན་པ། །བཀྲ་ཤིས་ཆུ་བོ་དལ་གྱིས་འབབ་པའི་ངོགས། །ཡིད་འཛིན་སྐྱེད་ཚལ་ཕྲེང་བས་བསྐོར་བ་ལ། །ས་ཡི་ཐིག་ལེར་གནས་པའི་གཞིས་ཀ་ནི། །སྣེའུ་ཞེས་བྱར་བདེ་བླག་ཉིད་དུ་གྲུབ། །བདེ་གཤེགས་ཀུན་གྱི་ལམ་གཅིག་པུ། །རྒྱལ་ བ་སྲས་བཅས་བསྐྱེད་པའི་ཡུམ། །རབ་ཟབ་བསྟན་པའི་སྙིང་པོ་མཆོག །གཞུང་བཟང་སྟོང་ཕྲག་བརྒྱ་པ་སོགས། །བསྒྲུབས་ལས་བསོད་ནམས་གང་ཐོབ་དེས། །རྐང་གཉིས་གཙོ་བོ་སངས་རྒྱས་སུ། །རིང་པར་མི་ཐོགས་བདག་གྱུར་ཏེ། །འགྲོ་ཀུན་སངས་རྒྱས་སར་འདྲེན་ ཤོག །དེ་སྲིད་དེ་མ་ཐོབ་པ་ཡི། །སྐྱེ་བ་གཞན་དང་གཞན་དག་ཏུ། །ཐེག་མཆོག་རིགས་སུ་སྐྱེ་བ་དང༌། །བཤེས་གཉེན་དམ་པ་རྙེད་པར་ཤོག །དེ་ལས་ཤེས་རབ་ཕ་རོལ་ཕྱིན། །ལེགས་པར་ཐོས་ཤིང་སེམས་པ་དང༌། །དེ་དོན་ཚུལ་བཞིན་སྒྲུབ་པ་ཡིས། །རྒྱལ་རྣམས་མཉེས་ 2-3-241a པར་བྱེད་པར་ཤོག །སེམས་ནི་ཉོན་མོངས་དབང་སོང་བས། །ལུས་དང་ངག་དང་ཡིད་ཀྱིས་ནི། །སྡིག་པ་གང་དག་བགྱིས་པ་རྣམས། །དེ་དག་ཐམས་ཅད་བྱང་གྱུར་ཅིག །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །རྣམ་པ་ཀུན་ཏུ་མི་འབྲལ་ཞིང༌། །དེ་ཡིས་བསྟན་པའི་ ལམ་བཟང་ལ། །རླབས་ཆེན་བརྩོན་འགྲུས་རྩོམ་པར་ཤོག །རིགས་མཐོ་གཟུགས་མཛེས་གཟི་བརྗིད་ཆེ། །ཚེ་མཐར་ཕྱིན་དང་ནད་མེད་དང༌། །ཆོས་ལྡན་འབྱོར་པ་ཕུན་ཚོགས་ཤིང༌། །ཤེས་རབ་རྒྱ་ཆེན་ཐོབ་པར་ཤོག །ཡུལ་ཕྱོགས་ཀུན་ཏུ་དཔལ་འབར་ཞིང༌། །དགེ་ ལེགས་རྒྱུན་མི་འཆད་པ་དང༌། །དཀར་ཕྱོགས་སྐྱོང་བའི་ལྷ་རྣམས་ཀྱིས། །རྟག་ཏུ་བརྩེ་བས་སྐྱོང་གྱུར་ཅིག །འདི་ཡི་ཆེད་དུ་ལུས་དང་ངག །ཡིད་ཀྱིས་མཐུན་པའི་རྐྱེན་རྣམས་ནི། །ཅུང་ཟད་ཙམ་རེ་བྱས་པ་རྣམས། །ཀུན་ཀྱང་བྱང་ཆུབ་མཆོག་ཐོབ་ཤོག །ཤིན་ཏུ་རྒྱས་ པའི་མདོ་སྡེ་འདི། །གང་དང་གང་དུ་བཞུགས་གྱུར་པ། །དེ་དང་དེར་ནི་མི་མཐུན་ཕྱོགས། །ཞི་ཞིང་བདེ་ལེགས་རྒྱས་གྱུར་ཅིག །དེ་ལྟར་ངོ་མཚར་ཡོན་ཏན་ཀུན་གྱི་གཞི། །དམ་ཆོས་རིན་ཆེན་འདི་ཡི་བྱིན་རླབས་ཀྱིས། །ཚེ་རབས་འདིར་ཡང་བར་ཆད་ཀུན་ཞི་ནས། ། སྨོན་ལམ་ཐམས་ཅད་ཆོས་བཞིན་འགྲུབ་པར་ཤོག །ཅེས་པ་འདི་ནི་བློ་བཟང་གྲགས་པའི་དཔལ་གྱིས་སྦྱར་བའོ།། ༈ །།རྒྱལ་བ་དཔག་མེད་རྣམས་ཀྱི་ཚངས་དབྱངས་ཀྱིས། །ཟབ་ཅིང་རྒྱ་ཆེའི་འཁོར་ལོ་བསྐོར་བའི་ཁུར། །གང་གིས་བཟུང་བའི་རི་ཡི་ དབང་པོ་ནི། །དཔལ་ལྡན་བྱ་རྒོད་ཕུང་པོ་ཞེས་སུ་གྲགས། །རྨད་བྱུང་ས་འཛིན་ཕྱོགས་དེར་མངོན་གཤེགས་ནས། །ཕྱོགས་བཅུའི་ཞིང་ཀུན་འོད་ཀྱིས་རབ་འགེངས་ཤིང༌། །ས་ཆེན་རྣམ་པ་དྲུག་ཏུ་གཡོ་མཛད་པའི། །ཤཱཀྱ་སེང་གེའི་ཞབས་ལ་གུས་ཕྱག་ 2-3-241b འཚལ། །དེར་ནི་ཐུབ་པའི་དཔལ་གྱི་མགུར་ནས་ནི། །ཕུན་ཚོགས་འཁོར་ལ་ལེགས་པར་བཀའ་སྩལ་པ། །གསུང་རབ་ཀུན་གྱི་རབ་དང་ཕུལ་ཉིད་ནི། །ལེགས་བཤད་ཟླ་མེད་ཤེས་རབ་ཕ་རོལ་ཕྱིན། །དེ་ནི་ལྷ་མིའི་འདྲེན་པས་ལན་གསུམ་དུ། །ཆོས་འཛིན་ཀུན་དགའ་བོ་ལ་ གཏོད་པ་ན། །ང་ཡིས་བཤད་པའི་ཆོས་ཀྱི་རྣམ་གྲངས་གཞན། །མ་ལུས་བོར་རམ་ཆུད་གཟན་གྱུར་ཀྱང་བླའི། །རྒྱལ་བའི་ཡུམ་འདི་ཅུང་ཟད་ཆུད་གཟན་ན། །དེ་ཚེ་ཁྱོད་ལ་སྐྱོན་དུ་བཟུང་ངོ་ཞེས། །ནན་ཏན་ཆེན་པོས་བཀའ་སྩལ་མཛད་པ་དང༌། །མདོ་སྡེའི་མཆོག་ འདི་གང་དུ་བཞུགས་པའི་ཡུལ། །དེར་ནི་རྒྱལ་བའི་དབང་པོ་བཞུགས་སོ་ཞེས། །སྟོན་པ་ཉིད་དང་ཁྱད་པར་མ་མཆིས་པར། །ཉིད་ཀྱི་ཞལ་ནས་རྣམ་པ་དུ་མར་བསྔགས། །འདི་བྲིས་པ་དང་ཀློག་དང་མཆོད་ལ་སོགས། །གསུང་རབ་གཞན་ལས་ཆེས་ཆེར་ཁྱད་ཞུགས་ པར། །ཡང་དང་ཡང་དུ་གཏན་ཚིགས་དང་བཅས་ཏེ། །ལེགས་པར་གསུངས་ཕྱིར་ཆོས་འདི་འདྲི་བ་དང༌། །ཀློག་དང་མཆོད་སོགས་བྱེད་རྣམས་སྐལ་བ་བཟང༌། །ཚུལ་འདི་སྔོན་བྱུང་སྐྱེ་བོ་མཁས་རྣམས་ཀྱིས། །འབད་པ་དུ་མས་རྒྱ་ཆེར་བསྔགས་པས་ན། །ད་དུང་ས་ འདིར་དད་ལྡན་སྐྱེ་བོ་དག །བསོད་ནམས་མིག་ནི་ཟུམ་པར་མ་གྱུར་ཏོ། །དེ་ཕྱིར་མདོ་སྨད་ས་ཆེར་སྐྱེས་པ་ཡི། །འདིང་རིགས་སྣེ་ན་དགེ་རྒན་ཞེས་བྱ་བ། །དགེ་ལེགས་འབུམ་ཕྲག་དུ་མའི་གཞིར་གྱུར་པའི། །ལམ་བཟང་འདི་ལ་ཤིན་ཏུ་དད་གྱུར་ཏེ། །རྨད་བྱུང་མདོ་ འདི་བཞེངས་ལ་ཉེར་མཁོའི་རྫས། །བཟང་མང་ཐོགས་ནས་དཔལ་གྱི་ཕག་མོ་གྲུར། །འཇུག་པར་འདོད་ནས་ལམ་རིངས་ཞུགས་པ་ན། །མི་བསྲུན་སྐྱེ་བོ་དེ་ཡི་གེགས་སུ་གྱུར། །དེ་ནས་དད་ལྡན་སྐྱེ་བོས་རིང་མོ་ནས། །ཡིད་ལ་བརྣག་པའི་དོན་ཆེན་འགྲུབ་པའི་ལས། ། 2-3-242a འབད་པས་བསྒྲུབ་པའི་རེ་བ་ཆད་པ་ཡི། །གཞན་གྱི་ཡིད་ཀྱི་གདུང་བ་མ་བཟོད་ནས། །སྒྲུབ་བརྒྱུད་བསྟན་འཛིན་གཙུག་ན་རི་དབང་བཞིན། །རབ་ཏུ་མཐོ་བའི་སྤྱན་སྔ་ཆོས་རྗེ་དང༌། །ས་ཆེན་སྐྱོང་བ་འཁོར་ལོས་བསྒྱུར་བ་བཞིན། །མཚུངས་བྲལ་གྲགས་པ་ རྒྱལ་མཚན་དཔལ་བཟང་པོས། །ཐག་རིང་གདུལ་བྱའི་ཡིད་ལ་རེ་བའི་དོན། །ཇི་བཞིན་བསྒྲུབས་པའི་བཀའ་ལུང་གཉེན་པོ་སྩལ། །གསུང་དེ་བསྒྲུབ་ཕྱིར་རྒྱལ་བའི་བསྟན་པ་ལ། །གུས་པའི་བློ་ཅན་བཀྲ་ཤིས་རྒྱལ་མཚན་གྱིས། བཻ་ཌཱུརྱ་ལྟར་དག་པའི་མཐིང་ ཤོག་ལ། །རིན་ཆེན་གསེར་དང་དངུལ་གྱི་ཡི་གེའི་གཟུགས། །བར་བར་བདེ་གཤེགས་རྣམས་ཀྱི་མཛེས་པའི་སྐུས། །ལེགས་པར་བརྒྱན་པའི་སྟོང་ཕྲག་བརྒྱ་པ་བཞེངས། །མཁས་པར་སྦྱངས་པའི་ཡིག་མཁན་མང་བསྡུས་ཤིང༌། །དེ་ལའང་དངོས་པོ་གྱ་ ནོམ་སྩལ་བ་དང༌། །རིན་ཆེན་རྒྱལ་མཚན་ཞེས་བྱས་ལེགས་བསྐུལ་བས། །ཚུལ་འདི་གཞན་ལས་ཁྱད་པར་འཕགས་པར་གྲུབ། །དཀར་ཕྱོགས་སྐྱོང་ལ་མཐུ་དང་རབ་ལྡན་པ། །ལྷ་ཡི་དགེ་བསྙེན་འོ་དེ་གུང་རྒྱལ་གྱི། །གངས་རི་རབ་དཀར་མཛེས་པའི་ ཁོར་ཡུག་ལ། །ས་གཞི་རྣམ་པར་ཆགས་པའི་དཔལ་འཛིན་པ། །རྣམ་མང་སྐྱེ་བོའི་ཚོགས་ཀྱིས་གང་བ་ཡི། །སྦྲང་ཡུལ་འོལ་ཁར་ས་ཡི་དུམ་བུ་ལ། །མི་ཡི་བདག་པོའི་ཕོ་བྲང་གནས་གྱུར་པ། །སྟག་རྩེ་ཞེས་བྱའི་གཞིས་ཀར་གྲུབ་པ་ཡིས། །བདེ་གཤེགས་ ཀུན་གྱི་ལམ་གཅིག་པུ། །རྒྱལ་བ་སྲས་བཅས་བསྐྱེད་པའི་ཡུམ། །རབ་ཟབ་བསྟན་པའི་སྙིང་པོ་མཆོག །གཞུང་བཟང་སྟོང་ཕྲག་བརྒྱ་པ་ནི། །བསྒྲུབས་ལས་བསོད་ནམས་གང་ཐོབ་དེས། །ལན་མང་བརྩེ་བས་བསྐྱངས་པའི་མ། །འཁོར་བའི་རྒྱ་མཚོ་ཆེར་ 2-3-242b འཁྱམས་པ། །ཀུན་གྱི་སྡུག་བསྔལ་ཞི་གྱུར་ཅིག །དེ་ལྟར་སྲིད་མཚོ་ནས་འདྲེན་པའི། །རྐང་གཉིས་གཙོ་བོ་སངས་རྒྱས་སུ། །རིང་པོར་མི་ཐོགས་བདག་གྱུར་ཏེ། །འགྲོ་ཀུན་སངས་རྒྱས་སར་འདྲེན་ཤོག །ཇི་སྲིད་དེ་མ་ཐོབ་པ་ཡི། །སྐྱེ་བ་འདི་དང་གཞན་དག་ཏུ། །ཐེག་མཆོག་ རིགས་སུ་སྐྱེ་བ་དང༌། །བཤེས་གཉེན་དམ་པ་རྙེད་པར་ཤོག །དེ་ལས་ཤེས་རབ་ཕ་རོལ་ཕྱིན། །ལེགས་པར་ཐོས་ཤིང་སེམས་པ་དང༌། །དེ་དོན་ཚུལ་བཞིན་སྒྲུབ་པ་ཡིས། །རྒྱལ་རྣམས་མཉེས་པར་བྱེད་པར་ཤོག །སེམས་ཅན་ཉོན་མོངས་དབང་སོང་བས། །ལུས་དང་ ངག་དང་ཡིད་ཀྱིས་ནི། །སྡིག་པ་གང་དག་བགྱིས་པ་རྣམས། །དེ་དག་ཐམས་ཅད་བྱང་གྱུར་ཅིག །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །རྣམ་པ་ཀུན་ཏུ་མི་འབྲལ་ཞིང༌། །དེ་ཡིས་བསྟན་པའི་ལམ་བཟང་ལ། །རླབས་ཆེན་བརྩོན་འགྲུས་རྩོམ་པར་ཤོག །རིགས་མཐོ་ གཟུགས་མཛེས་གཟི་བརྗིད་ཆེ། །ཚེ་མཐར་ཕྱིན་དང་ནད་མེད་དང༌། །ཆོས་ལྡན་འབྱོར་པ་ཕུན་སུམ་ཚོགས། །ཤེས་རབ་རྒྱ་ཆེན་ཐོབ་པར་ཤོག །གཞན་ཡང་རྒྱལ་བ་འོད་དཔག་མེད། །འཁོར་དང་བཅས་པ་མཐོང་བ་དང༌། །ཡིད་ལ་དགའ་བ་རྒྱས་བཞིན་དུ། །བདེ་བ་ཅན་ དུ་སྐྱེ་བར་ཤོག །ཤིན་ཏུ་རྒྱས་པའི་མདོ་སྡེ་འདི། །གང་དང་གང་དུ་བཞུགས་གྱུར་པ། །དེ་དང་དེར་ནི་མི་མཐུན་ཕྱོགས། །ཞི་ཞིང་བདེ་ལེགས་རྒྱས་གྱུར་ཅིག །འདི་ཡི་ཆེད་དུ་ལུས་དང་ངག །ཡིད་ཀྱིས་མཐུན་པའི་རྐྱེན་རྣམས་ནི། །ཅུང་ཟད་ཙམ་རེ་བྱས་པ་རྣམས། །ཀུན་ཀྱང་ བྱང་ཆུབ་མཆོག་ཐོབ་ཤོག །དེ་ལྟར་ངོ་མཚར་ཡོན་ཏན་ཀུན་ཀྱི་གཞི། །དམ་ཆོས་རིན་ཆེན་འདི་ཡི་བྱིན་རླབས་ཀྱིས། །ཚེ་རབས་འདིར་ཡང་བར་ཆད་ཀུན་ཞི་ནས། །སྨོན་ལམ་ཐམས་ཅད་ཆོས་བཞིན་འགྲུབ་པར་ཤོག །རྫོགས་སོ། །ཚིགས་སུ་བཅད་པ་འདི་ཡང་ཤེས་རབ་ཀྱི་ཕ་ 2-3-243a རོལ་ཏུ་ཕྱིན་པ་འབུམ་བཞེངས་པའི་ཚེ་བཀྲ་ཤིས་པའི་ཡན་ལག་ཏུ་ནན་ཆེར་གསོལ་བ་བཏབ་པས། བླ་མ་རྗེ་བཙུན་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་མཛད་པའོ།། ༈ །།བདེ་གཤེགས་དུ་མས་ལེགས་པར་ བསྟེན་གྱུར་པ། །རི་ཡི་དབང་པོ་བྱ་རྒོད་ཕུང་པོའི་རིར། །གསུང་རབ་ཀུན་གྱི་སྙིང་པོ་རྒྱལ་བའི་ཡུམ། །གང་གིས་གསུངས་པའི་ཐུབ་དབང་དེར་ཕྱག་འཚལ། །ཐུགས་རྗེའི་གཏེར་དེས་དཀའ་བ་དུ་མ་ཡིས། །གང་གི་དོན་དུ་དཔག་ཡས་སྤྱོད་མཛད་པ། །དམ་ཆོས་ རིན་ཆེན་ཀུན་གྱི་རབ་དང་ཕུལ། །རྒྱལ་བ་ཀུན་གྱི་བགྲོད་པ་གཅིག་པའི་ལམ། །གང་ཞིག་འདྲི་དང་ཀློག་དང་འཆད་དང་ཉན། །ཡིད་ལ་བྱེད་དང་མཆོད་པ་གང་བགྱིད་པ། །དེ་ཡི་བསོད་ནམས་ཕུང་པོ་ཟླ་མེད་པར། །རྣམ་གྲངས་དུ་མར་ཡང་དང་ཡང་ བསྔགས་པ། །རྒྱལ་ཡུམ་བར་མ་ཉི་ཁྲི་ལྔ་སྟོང་པ། །ཨིནྡྲ་རྙིལ་ལྟར་སྔོ་བའི་གླེགས་བམ་ལ། །རིན་ཆེན་ས་ལེ་སྦྲམ་དང་དངུལ་གྱིས་ནི། །མིག་ལ་དཔལ་སྟེར་ཡི་གེར་ལེགས་བཀོད་པ། །དེ་ཡིས་བསྐྲུན་པའི་ལེགས་ཚོགས་ཇི་སྙེད་ཀུན། །རྒྱལ་བ་དགྱེས་ པའི་སྨོན་པའི་གནས་རྣམས་སུ། །བསམ་པ་ཐག་པས་རྣམ་དག་འདུན་པ་ཡིས། །ཡོངས་སུ་བསྔོ་བའི་རྣམ་པ་འདི་འདྲའོ། །བཟང་པོའི་ལས་འདིར་རབ་ཏུ་འབད་པ་ཡིས། །བདག་གིས་འཇིག་རྟེན་རྣམ་པར་འདྲེན་པ་ཡི། །གོ་འཕང་ཐོབ་ནས་སྡུག་བསྔལ་མཚོར་ ལྷུང་པའི། །ཉམ་ཐག་འགྲོ་ཀུན་སྲིད་ལས་སྒྲོལ་བར་ཤོག །གོ་འཕང་མཆོག་ལ་མ་རེག་པའི། །སྐྱེ་ཞིང་སྐྱེ་བར་རྒྱལ་བ་ཡི། །བསྟན་ལ་རབ་ཏུ་བྱུང་བ་དང༌། །ཚུལ་ཁྲིམས་ཡོངས་སུ་དག་པར་ཤོག །དམ་པའི་མགོན་ལ་བརྟེན་ནས་ནི། །དེ་ཡིས་རྗེས་སུ་བསྟན་ 2-3-243b པ་ལ། །ཐོས་དང་བསམ་དང་སྒོམ་པ་ཡིས། །རྣམ་པ་ཀུན་ཏུ་སློབ་པར་ཤོག །དེ་ཚེ་བཟང་པོའི་རྩོམ་པ་ལ། །བར་དུ་གཅོད་པ་མེད་པ་དང༌། །རྗེས་སུ་མཐུན་པའི་རྐྱེན་རྣམས་ནི། །བདེ་བླག་ཉིད་དུ་འབྱོར་བར་ཤོག །དམ་པའི་བཤེས་ལ་རྒྱལ་ཡུམ་སོགས། །ལེགས་བཤད་ དཔག་མེད་ཐོས་པ་དང༌། །ཇི་བཞིན་འབྱེད་པའི་རྣམ་དཔྱོད་དང༌། །དེ་དག་ཆུད་མི་ཟ་བའི་རྒྱུ། །མི་བརྗེད་པ་ཡི་གཟུངས་རྣམས་དང༌། །གཏུགས་པ་མེད་པའི་སྤོབས་པ་དང༌། །རྟག་ཏུ་སྦྱོར་བའི་བརྩོན་འགྲུས་ནི། །ཟླ་དང་བྲལ་བའང་ཐོབ་པར་ཤོག །རྒྱ་ཆེའི་ཞིང་ནི་སྦྱོང་ བ་དང༌། །རྒྱལ་བ་མཆོད་དང་སེམས་ཅན་ཁམས། །གྲངས་མེད་སྨིན་པར་བགྱིད་པ་ལ། །འཇམ་པའི་དབྱངས་བཞིན་བདག་གྱུར་ཅིག །ལུས་དང་ངག་དང་ཡིད་ཀྱིས་ནི། །སྤྱོད་པ་ཅི་དང་ཅི་སྤྱད་པ། །ཐམས་ཅད་མཐའ་ལས་འགྲོ་བ་ལ། །ཕན་བདེ་དཔག་ཏུ་མེད་པར་ ཤོག །རྣམ་པ་ཀུན་ཏུ་སྡིག་གྲོགས་དང༌། །བདུད་ཀྱིས་བསླུ་བར་མི་ནུས་ཤིང༌། །བཤེས་གཉེན་བཟང་པོའི་རྗེས་ཞུགས་ནས། །བྱང་ཆུབ་སྤྱོད་པ་རྫོགས་བྱེད་ཤོག །དབེན་པའི་ཡོན་ཏན་མཐོང་བ་ཡིས། །རྣམ་གཡེང་མ་ལུས་སྤོང་བ་དང༌། །རྟག་ཏུ་བག་དང་ལྡན་པ་ཡིས། ། སྒྲུབ་པ་སྙིང་པོར་བྱེད་པར་ཤོག །འཇིག་རྟེན་ཆོས་བརྒྱད་དག་ལ་ནི། །ཡིད་ནི་མཉམ་པ་ཉིད་ཐོབ་ཅིང༌། །རྟག་ཏུ་ཟང་ཟིང་མེད་པ་ཡི། །ཆོས་ཀྱི་དགའ་བདེས་འཚོ་བར་ཤོག །ཐུབ་བསྟན་འཇིག་ཏུ་ཉེ་བའི་ཚེ། །བསྟན་པ་འབའ་ཞིག་འགྲོ་ཀུན་གྱི། །ཕན་བདེའི་རྩ་བར་ མཐོང་ནས་ནི། །རྒྱལ་བའི་ཆོས་ཚུལ་འཛིན་གྱུར་ཅིག །ཡིད་ནི་སྙིང་རྗེའི་དབང་གྱུར་ཏེ། །ཇི་ལྟར་བགྱིས་ན་སེམས་ཅན་རྣམས། །རྣམ་པར་གྲོལ་བར་འགྱུར་སྙམ་པའི། །བསམ་པ་དེ་དང་འབྲལ་མ་གྱུར། །རྒྱལ་བའི་ཡོན་ཏན་ཇི་བཞིན་དུ། །ཤེས་པའི་དད་པ་རྙེད་ 2-3-244a གྱུར་ཏེ། །བཀའ་དྲིན་གཟོ་བས་དེ་དག་གིས། །དགོངས་པ་ཡོངས་སུ་སྐོང་བར་ཤོག །ལུས་སེམས་སོ་སོར་འབྲལ་བ་ན། །གནད་གཅོད་ཚོར་བ་མེད་པ་དང༌། །རྒྱལ་བའི་དབང་པོ་འོད་དཔག་མེད། །འཁོར་དང་བཅས་པ་མཐོང་བར་ཤོག །དེ་ནས་བདེ་བ་ ཅན་དུ་ནི། །སྐྱེས་མ་ཐག་ཏུ་འཁོར་དབུས་སུ། །ཚེ་དཔག་མེད་ལས་བྱང་ཆུབ་ཏུ། །ལུང་བསྟན་བདག་གིས་ཐོབ་གྱུར་ཅིག །དེ་ཡི་མོད་ལ་ཡོན་ཏན་ཚོགས། །དཔག་མེད་མངོན་དུ་གྱུར་ནས་ནི། །གྲངས་མེད་ཞིང་དུ་རྒྱལ་སྲས་ཀྱི། །རླབས་ཆེན་སྤྱོད་པ་རྫོགས་ པར་ཤོག །རྒྱལ་བ་རྒྱལ་སྲས་རྒྱ་མཚོ་ཡི། །བདེན་པ་དང་ནི་བདག་ཅག་གི། །གཡོ་མེད་བསམ་པའི་སྟོབས་ཀྱིས་ནི། །སྨོན་པ་བདེ་བླག་འགྲུབ་གྱུར་ཅིག །ཅེས་པ་འདི་ནི་མང་དུ་ཐོས་པའི་རྒྱལ་ཁམས་པ་བློ་བཟང་གྲགས་པའི་དཔལ་གྱིས་སྦྱར་བྱའོ།། །། ༈ ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དུས་ལས་འདས་པ་མིང་འདི་ཞེས་བྱ་བ་ལ་དགོངས་སུ་གསོལ། དུས་ལས་འདས་པ་མིང་འདི་ཞེས་བགྱི་བས་ཐོག་མ་མེད་པའི་དུས་ནས་སྦྱིན་པ་ལས་བྱུང་བ་དང༌། ཚུལ་ཁྲིམས་ལས་བྱུང་བ་དང༌། བསྒོམས་པ་ལས་བྱུང་བའི་དགེ་བའི་རྩ་བ་རང་གིས་བགྱིས་པ་དང༌། བགྱིད་དུ་སྩལ་པ་དང༌། བགྱིད་པ་ལ་རྗེས་སུ་ཡི་རང་བའི་དགེ་བའི་རྩ་བ་རྣམས་དང༌། གཞན་ཡང་ཁོང་གི་ཕྱིར་དུ་དམིགས་ཏེ་འབྲེལ་པ་ཤུལ་ན་མཆིས་ པ་རྣམས་ཀྱིས་བླ་མ་དང་དཀོན་མཆོག་མཆོད་པ། དགེ་འདུན་ལ་བསྙེན་བཀུར་བ། དབུལ་ཕོངས་ལ་སྦྱིན་པ་བཏང་བ། གཟུངས་སྔགས་ཀྱི་བཟླས་བརྗོད། གསུང་རབ་བསྒྲགས་པ། དཀྱིལ་འཁོར་དུ་བཅུག་ཅིང་དབང་བསྐུར་ཏེ་སྡིག་པ་སྦྱང་བ་སོགས་ཀྱི་དགེ་ 2-3-244b བའི་རྩ་བ་ཐམས་ཅད་དུས་ལས་འདས་པ་དེ་དག་གལ་ཏེ་ལས་ཀྱི་དབང་གིས་འགྲོ་བ་རིགས་དྲུག་གང་དང་གང་དུ་སྐྱེས་སམ། སྐྱེ་བར་འགྱུར་བའི་ལས་ཅན་ཞིག་ཡིན་ན་ཡང༌། དགེ་བའི་རྩ་བ་འདི་དག་ཐམས་ཅད་དེའི་ཕྱི་བཞིན་དུ་འབྲང་ཞིང་རྗེས་སུ་འཇུག་པར་གྱུར་ ཅིག །ཕྱི་བཞིན་དུ་འབྲང་ཞིང་ཞུགས་ནས་ཀྱང་རིགས་དྲུག་སོ་སོའི་སྡུག་བསྔལ་མཐའ་དག་ལས་གྲོལ་ཏེ། མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །ཅེས་ལན་གསུམ་བརྗོད་ཅིང༌། དེ་མ་ཐོབ་པའི་ཚེ་རབས་ཐམས་ཅད་དུའང་ལུས་ཀྱི་རྟེན་དལ་བ་ ཕུན་སུམ་ཚོགས་པ་ཐོབ་པར་གྱུར་ཅིག །དེ་ཡང་མཐོ་རིས་ཀྱི་ཡོན་ཏན་བདུན་དང་ལྡན་པར་གྱུར་ཅིག །འཕགས་པའི་ནོར་བདུན་དང་ལྡན་པར་གྱུར་ཅིག། །གནས་སྐབས་ཐམས་ཅད་དུ་སངས་རྒྱས་མཐོང་བ་དང་མི་འབྲལ་བར་གྱུར་ཅིག །དམ་པའི་ཆོས་མཉན་པ་ དང་མི་འབྲལ་བར་གྱུར་ཅིག །འཕགས་པའི་དགེ་འདུན་ལ་བསྙེན་བཀུར་བྱེད་པ་དང་མི་འབྲལ་བར་གྱུར་ཅིག །ཅེས་སོ།། ༈ །།ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད། ཚེ་དང་ལྡན་པ་མིང་འདི་ཞེས་བྱ་བ་ལ་དགོངས་སུ་གསོལ། ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བས། ཐོག་མ་མེད་པའི་དུས་ནས། སྦྱིན་པ་དང་ཚུལ་ཁྲིམས་དང་བསྒོམས་པ་ལས་བྱུང་བའི་དགེ་བ་བགྱིས་པ་དང༌། བགྱིད་དུ་སྩལ་བ་དང༌། བགྱིད་པ་ལ་རྗེས་སུ་ཡི་རང་བའི་དགེ་བའི་རྩ་བ་ཐམས་ཅད་ཕྱོགས་གཅིག་ཏུ་བསྡོམས་ པའི་མཐུ་ལ་བརྟེན་ནས། ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་མྱུར་དུ་ཐོབ་པར་གྱུར་ཅིག །ཅེས་ལན་གསུམ་བརྗོད། 2-3-245a དེ་མ་ཐོབ་པའི་ཚེ་རབས་ཐམས་ཅད་དུ་ཡང༌། རིགས་མཐོ་བ་དང་གཟུགས་བཟང་བ་རྣམས་ཀྱི་ནང་ན་མཆོག་ཏུ་གྱུར་ཅིག །ཚེ་རིང་བ་དང་ནད་མེད་པ་རྣམས་ཀྱི་ནང་ན་མཆོག་ཏུ་གྱུར་ཅིག །འབྱོར་བ་དང་དབང་ཕྱུག་ཆེ་བ་རྣམས་ཀྱི་ནང་ན་མཆོག་ཏུ་ གྱུར་ཅིག །ཤེས་རབ་དང་དད་པ་ཆེ་བ་རྣམས་ཀྱི་ནང་ན་མཆོག་ཏུ་གྱུར་ཅིག །མང་དུ་ཐོས་པ་དང༌། ཚུལ་ཁྲིམས་བསྲུང་བ་རྣམས་ཀྱི་ནང་ན་མཆོག་ཏུ་གྱུར་ཅིག །གཏོང་བ་ལ་དགའ་བ་དང་ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་རྣམས་ཀྱི་ནང་ན་མཆོག་ཏུ་གྱུར་ཅིག །གཞན་ཡང་ དགེ་བའི་རྩ་བ་འདིའི་མཐུ་ལ་བརྟེན་ནས། སྐྱེ་དགུ་ཐམས་ཅད་ཀྱི་ཕན་བདེ་རབ་འབྱམས་ཀྱི་རྩ་བ། སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་རིན་པོ་ཆེ་སྒོ་ཐམས་ཅད་ནས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་པར་གྱུར་ཅིག །བསྟན་པ་རིན་པོ་ཆེ་བཤད་པ་དང་ སྒྲུབ་པའི་སྒོ་ནས་འཛིན་པའི་དམ་པ་ཐམས་ཅད་སྐུ་ཁམས་བཟང་ཞིང་སྐུ་ཚེ་རིང་བར་གྱུར་ཅིག །དེ་དག་གི་རྣམ་པར་དཀར་བའི་འཕྲིན་ལས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་པར་གྱུར་ཅིག །དགེ་འདུན་ཐམས་ཅད་ཀྱིའང་ཆོས་སྤྱོད་བཅུའི་སྒྲུབ་པ་ ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག །དེ་དག་གི་ཐུགས་རྗེ་དང་བྱིན་རླབས་ལ་བརྟེན་ནས་སྦྱིན་པའི་བདག་པོ་འཁོར་དང་བཅས་པ་ཐམས་ཅད་ཀྱིའང་འགལ་རྐྱེན་ཕྱི་ནང་གི་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག ། མཐུན་པའི་རྐྱེན་ཚེ་དང་དཔལ་དང་འབྱོར་བ་དང་དབང་ཕྱུག་ཐམས་ཅད་ཟླ་བ་ཡར་གྱི་ངོ་བཞིན་དུ་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག །དེ་དག་གི་འགལ་རྐྱེན་སེལ་ཞིང་མཐུན་རྐྱེན་སྒྲུབ་པ་ལ། སྔོན་སངས་རྒྱས་མཐོང་བ། ཆོས་ཐོས་པ། 2-3-245b དགེ་འདུན་ལ་བརྟེན་པ། བསྟན་པ་དང་འཁོར་རྣམ་བཞི་སྐྱོང་བར་ཞལ་གྱིས་བཞེས་པའི་སྲུང་མ་དམ་ཚིག་ཅན་རྣམས་ཀྱིས་སྐད་ཅིག་ཀྱང་གཡེལ་བ་མེད་པར་གྲོགས་མཛད་པར་གྱུར་ཅིག གཞན་ཡང་དགེ་བའི་རྩ་བ་འདིའི་མཐུ་ལ་བརྟེན་ནས། ནམ་མཁའ་དང་ མཉམ་པའི་སེམས་ཅན་ཐམས་ཅད་ལ་བདེ་སྐྱིད་ཀྱི་དཔལ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག །འཇིག་རྟེན་གྱི་ཁམས་ཐམས་ཅད་དུའང་ལོ་ཕྱུགས་རྟག་ཏུ་ལེགས་པར་གྱུར་ཅིག །ཆར་ཆུ་དུས་སུ་འབབ་པར་གྱུར་ཅིག །མི་ནད་དང་ཕྱུགས་ནད་ཐམས་ཅད་རྒྱུན་ ཆད་པར་གྱུར་ཅིག །དུས་ཀྱི་འཁྲུག་པ་དང༌། མཚོན་གྱི་བསྐལ་པ་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག །སེམས་ཅན་གདུག་རྩུབ་ཅན་རྣམས་ཀྱི་བསམ་སྦྱོར་ངན་པ་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཕན་ཚུན་དུ་ཕ་མ་ལྟར་ བྱམས་པ་ལ་གནས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བདུད་ཀྱི་ཞགས་པ་ལས་ཡོངས་སུ་ཐར་བར་གྱུར་ཅིག །སེམས་ཅན་ཐམས་ཅད་རང་རང་གི་རྫས་དང་ལོངས་སྤྱོད་དང་དབང་ཕྱུག་དག་གིས་ཆོག་ཤེས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བདེ་ དང་ལྡན་གྱུར་ཅིག །ངན་འགྲོ་ཐམས་ཅད་རྟག་ཏུ་སྟོངས་པར་ཤོག །བྱང་ཆུབ་སེམས་དཔའ་གང་དག་སུ་བཞུགས་པ། །དེ་དག་ཀུན་གྱི་སྨོན་ལམ་འགྲུབ་གྱུར་ཅིག །མཐོང་ཞིང་ཐོས་སམ་རྗེས་སུ་དྲན་ཀྱང་རུང༌། །རིག་གམ་གཏམ་དུ་བརྗོད་པ་ཙམ་གྱིས་ཀྱང༌། །རྣམ་ པ་ཀུན་ཏུ་འགྲོ་ལ་ཕན་དོན་དུ། །བདེ་དང་ལྡན་པ་རྟག་ཏུ་བགྱིད་གྱུར་ཅིག །འདི་ན་རྒྱལ་བ་དགྲ་རྒྱལ་བདེན་གང་གིས། །ཤིན་ཏུ་བདེན་པ་གསུང་ཞིང་རྫུན་མེད་པ། །བདེན་པ་དེ་ཡིས་དེང་འདིར་བདེ་ལེགས་ཤོག །འགྲོ་ཀུན་འཇིགས་པ་ཆེ་ལས་ཐར་གྱུར་ཅིག ། 2-3-246a ཕྱོགས་བཅུ་ན་བཞུགས་པའི་རྒྱལ་བ་སྲས་དང་སློབ་མར་བཅས་པ་ཐམས་ཅད་ཀྱི་ཞབས་ལ་ཕྱག་འཚལ་ལོ། །དགེ་ལེགས་དཔག་ཡས་འབྱུང་བའི་སྒོ་གཅིག་བུ། །དམ་ཆོས་རྒྱལ་སྲིད་ཀུན་ལ་དབང་བསྐུར་ཞིང༌། །འཕགས་སྲས་ སྟོང་གི་དབུས་ན་ལྷམ་མེ་བ། །ཆོས་ཀྱི་འཁོར་ལོ་བསྒྱུར་རྒྱལ་དེ་ལ་འདུད། །དེ་ཡི་དྲི་མེད་སྤྱན་གྱིས་གཟིགས་གྱུར་ནས། །རང་གི་འཁོར་ལ་ལེགས་པར་བཅས་པའི་ཁྲིམས། །འཕགས་ཚོགས་བྱེ་བས་སྤྱི་བོས་མནོས་གྱུར་པའི། །རྣམ་དག་ བཅའ་བ་དེ་ཡི་རྗེས་འབྲངས་ནས། །ཐུབ་པའི་བསྟན་པ་རིང་དུ་གནས་ཕྱིར་དུ། །ཆོས་ཀྱི་བཅའ་ཁྲིམས་ཕྱོགས་འགའ་བརྗོད་པ་འདི། །ཡིད་ལ་སྨོན་པ་ཇི་བཞིན་ལེགས་འགྲུབ་པར། །ཐུབ་ཆེན་རྣམས་ཀྱིས་བཀའ་དྲིན་མཛད་དུ་གསོལ། །ཇི་སྐད་དུ་ སྤྱོད་པ་ལ་འཇུག་པ་ལས། འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང༌། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །ཅེས་གང་གསུངས་པ་ལྟར་ལུས་ཅན་རྣམས་ཀྱི་སྡུག་བསྔལ་མ་ ལུས་པ་སེལ་བའི་སྨན་དང༌། བདེ་བ་ཐམས་ཅད་འབྱུང་བའི་གནས་གཅིག་པུ་ནི་རྒྱལ་བའི་བསྟན་པ་ཉིད་ཡིན་ལ། དེ་ལ་ཡང་གཉིས་ལས་ལུང་གི་བསྟན་པ་ཐམས་ཅད་ནི་སྡེ་སྣོད་རྣམ་པ་གསུམ་དུ་ངེས་པས་སྒྲུབ་པའི་བསྟན་པ་ཡང་བསླབ་པ་རིན་ པོ་ཆེ་རྣམ་པ་གསུམ་དུ་ངེས་སོ། །དེ་ལ་ཡང་ཚུལ་ཁྲིམས་ཀྱི་བསླབ་པ་ནི་བསླབ་པ་གཞན་གཉིས་སྐྱེ་བ་དང་གནས་པ་དང་འཕེལ་བའི་རྟེན་དུ་ལན་ཅིག་མ་ཡིན་པར་བཀའ་སྩལ་བས་ན་འདིར་གཙོ་ཆེར་ཚུལ་ཁྲིམས་ཀྱི་བསླབ་པ་ལས་བརྩམས་ 2-3-246b ཏེ་རང་རེའི་གྲྭ་ན་གནས་པ་རྣམས་ཀྱི་ཀུན་སྤྱོད་དག་པར་བྱ་བའི་ཐབས་སུ་ཁྲིམས་སུ་བཅའ་བ་འགའ་ཞིག་བརྗོད་པར་བྱའོ། །དེ་ལ་མ་ཐོབ་པ་ཐོབ་པར་བྱ་བའི་སྐབས་ལས་ནི་རབ་ཏུ་འབྱུང་བའི་ཕྱིར་འོངས་པ་རྣམས་ཞུ་བར་འོས་པའི་དགེ་འདུན་ཐམས་ཅད་ལ་མ་ ཞུས་པ་དང༌། སྐྱེ་བའི་བར་ཆད་དང་ལྡན་པ་དང༌། བསྲེལ་དགོས་པའི་རྐྱེན་དང་ལྡན་པ་ལ་ཞག་བདུན་དུ་མ་བསྲེལ་བ་དང༌། ཆོས་གོས་གཉིས་དང་ལྷུང་བཟེད་གདིང་བ་ཆུ་ཚགས་མ་ཚང་བ་དང༌། རབ་ཏུ་བྱུང་ནས་ཀྱང་སློབ་དཔོན་དུ་འོས་པའི་དགེ་སློང་ལ་བརྟེན་ ནས་བླང་འདས་ཕྱོགས་མཐུན་དང་བཅས་པའི་བསླབ་བྱའི་ཚིག་དོན་མ་མཐའ་སྡོམ་ཚིག་ལ་བརྟེན་པ་ཤེས་ནས་བསྲུང་མཚམས་མ་ཟིན་གྱི་བར་དུ་མི་སྡོད་པ་རྣམས་རབ་ཏུ་མི་དབྱུང་ཞིང་དགག་བྱ་དེ་དག་དང་མི་ལྡན་པ་རྣམས་རབ་ཏུ་དབྱུང་བར་བྱ། བསྙེན་ པར་རྫོགས་པར་འདོད་ནའང་སྐྱེ་བའི་བར་ཆད་དང་མི་ལྡན་ཞིང་རྟགས་རྣམས་ཚང་བ་རྣམ་འབྱེད་ཀྱི་སྡོམ་ཚང་མ་དང་གཞིའི་དོན་རགས་པའི་ཚིག་དོན་ཁོར་དུ་ཚུད་ཅིང་དེ་དག་གི་བསྲུང་མཚམས་ཟིན་པ་སྔར་ཡོད་པའམ་མེད་པ་དང་དེ་རྣམས་དང་ལྡན་གྱི་བར་ དུ་སྡོད་ན་བསྙེན་པར་རྫོགས་པར་བྱ་བར་བཅད། མི་ཉམས་པར་སྲུང་བར་བྱེད་པའི་སྐབས་ལས་ནི། གྲྭ་འདིར་གནས་ནས་སྡོམ་པ་གསུམ་གྱི་བསླབ་ཁྲིམས་ཆེན་མོའི་གཞུང་སྲོང་བར་འདོད་པའི་དགེ་ཚུལ་དང༌། དགེ་སློང་གྲྭ་འདིར་ལོ་གཅིག་ཚུན་ཆད་དུ་གནས་ པར་འདོད་པ་རྣམས་ཀྱིས་འོས་པའི་སློབ་དཔོན་ལ་བརྟེན་ནས། མ་མཐའ་ཡང་རྣམ་འབྱེད་ཀྱི་སྡོམ་གྱིས་བསྡུས་པའི་བསླབ་ཁྲིམས་རྣམས་དང་གཞིའི་སྐབས་ཀྱི་འབྱུང་ཉེ་བའི་རགས་པ་རྣམས་ཀྱི་ཚིག་དོན་བཟུང་ནས་བསྲུང་མཚམས་ངེས་པའི་སྒོ་ནས་ 2-3-247a བསླབས་ཏེ་ཆོས་ཐོག་གཉིས་ཚུན་ཆད་སྔ་མ་དེ་ལྟར་བྱེད་པ་རྣམས་དང་མཐུན་པར་བྱེད་པར་བཅད། དེ་རྣམས་ཀྱི་བླ་གོས་དང་མཐང་གོས་དང་གདིང་བ་དང་ལྷུང་བཟེད་རུང་བ་ཚད་ལྡན་དང༌། དགེ་སློང་ཡིན་ན་སྣམ་སྦྱར་རུང་བ་ཚད་ལྡན་རྣམས་ཚང་བ་དགོས་ ཤིང༌། སྔར་མ་ཚང་ན་ཆོས་ཐོག་གཅིག་ཚུན་ཆད་དུ་ཚང་བར་བྱ་བར་བཅད། བསྲུང་མཚམས་ཟིན་མ་ཟིན་སོགས་དགེ་བསྐོས་ཀྱིས་བརྟགས་པའི་ཚེ་དེ་དག་ལས་འགལ་བ་བྱུང་ན་ཉེས་པ་ཆོས་བཞིན་དུ་ཕྱིར་འཆོས་ཤིང༌། དགེ་སློང་ཡིན་ན་དགེ་སློང་ཉི་ཚེ་འཚོགས་ པའི་དགེ་འདུན་གྱི་དབུས་སུ་ཇི་ལྟར་གྱུར་པ་ཞུས་ནས་ཕྱག་བརྒྱ་བྱས་ནས་དགེ་འདུན་གྱི་བཀའ་བཅག་པའི་བཟོད་པ་གསོལ་ཞིང༌། དགེ་ཚུལ་ཡིན་ན་གཉིས་ཀ་འཚོགས་པའི་དབུས་སུ་དེ་ལྟར་བྱེད་པར་བཅད། རབ་ཏུ་བྱུང་བ་བཞིར་ལོངས་ཡན་ཆད་ལ་ཆོས་ གོས་གསུམ་དང་ལྷུང་བཟེད་དུ་གྲུབ་པ་སྤྱི་འཕུལ་བྱེད་པ་བྱུང་ན་བསླབ་ཁྲིམས་ཆེན་མོའི་ཁོངས་སུ་གཏོགས་པ་ཡོ་བྱད་དེ་དག་མེད་པ་ལ་རྒན་རིམ་བཞིན་དུ་དགེ་བསྐོས་ཀྱིས་ཡོ་བྱད་དེ་བསྒྲུབ་པའི་ནུས་པ་ཡོད་མེད་བརྟགས་ནས་སྦྱིན་པ་དང༌། རབ་ཏུ་བྱུང་ བ་བཅུ་ཡན་ཆད་ལ་དར་རས་དང་སྣམ་བུ་སྣམ་སྦྱར་དང་རས་ཆེན་གྱི་རྒྱུར་རུང་བ་བྱུང་ན་མི་བགོ་བར་སྔར་ལྟར་བསླབ་ཁྲིམས་ཆེན་མོ་ལ་གནས་པ་རྣམས་ཀྱིས་སྦྱིན་པར་བཅད། སྔར་བཤད་པའི་བསླབ་ཚིག་རྣམས་ཀྱི་སྡོམ་འོས་རྣམས་བསྡམས་པ་དང༌། བཤགས་འོས་རྣམས་བཤགས་པ་དང་བྱིན་གྱིས་བརླབ་པར་འོས་པ་རྣམས་བྱིན་གྱིས་བརླབས་ཤིང་བསྲུང་མཚམས་ཀྱིས་ཚིགས་ལེགས་པར་ཟིན་པའི་དགེ་སློང་མ་གཏོགས་པས་གྲྭ་འདིར་རབ་བྱུང་བསྙེན་རྫོགས་དང་དགེ་འདུན་ལ་བཤགས་དགོས་ 2-3-247b ཀྱི་ལྟུང་བ་ཕྱིར་བཅོས་ཀྱི་ཡུལ་མི་བྱེད་པར་བཅད། གསོ་སྦྱོང་ལ་འདུ་བའི་སྤྱིའི་ས་ཚིགས་ལ་རབ་ཏུ་བྱུང་བའི་རྟགས་སྡོམ་གང་རུང་དང་མི་ལྡན་པའི་རབ་བྱུང་ལྟར་སྣང་དང་གསོ་སྦྱོང་ལྷན་ཅིག་ཏུ་མི་བྱེད་ཅིང༌། རྟགས་སྡོམ་ལྡན་ན་དགེ་བསྐོས་ཀྱིས་བརྟགས་ནས་བྱེད་ པ་དང༌། དེ་ཡང་ཆོས་ཐོག་གཅིག་གི་བར་དུ་སྡོད་ན་ཆང་དང་ཕྱི་དྲོའི་ཁ་ཟས་ཇི་སྲིད་འཚོའི་བར་དུ་སློང་མི་ནུས་ན། གསོ་སྦྱོང་དང་དབྱར་གནས་ལྷན་ཅིག་མི་བྱེད་པར་བཅད། ཚོགས་སུ་ཟང་ཟིང་གི་ལོངས་སྤྱོད་ཀྱི་གཎྜི་དང་པོ་བྱུང་བའི་ཚེ་ལུས་ཀྱི་ཀུན་སྤྱོད་ལ་སོགས་ པ་སྔ་རོལ་ཏུ་སྒྲུབ་དགོས་པ་རྣམས་སྒྲུབ་ཅིང༌། ཟང་ཟིང་གི་ལོངས་སྤྱོད་ཀྱི་གཎྜི་ཕྱི་མ་དང་ཆོས་ཉན་པ་ལ་སོགས་པའི་གཎྜི་བཏང་བའི་ཚེ། གཎྜི་མ་བྱུང་བར་དུ་མི་འདུལ། བྱུང་མ་ཐག་ཏུ་སྤྱོད་ལམ་མཛེས་པས་འདུ་བ་དང༌། དགེ་འདུན་སྤྱིའི་གྲལ་གསེབ་ཏུ་རབ་བྱུང་གི་ཆོས་ གོས་གཉིས་མ་ཚང་བ་དང༌། སྡོམ་པ་དང་མི་ལྡན་པ་མི་འཇུག་ཅིང༌། སྦྱིན་བདག་གིས་ཆེད་དུ་བོས་པ་སོགས་ཀྱི་རྟགས་ལྡན་ཡིན་ན་དགེ་བསྐོས་ཀྱིས་བརྟགས་ནས་བྱེད། གློ་བུར་བ་དང༌། གཉུག་མར་གནས་པའི་རབ་བྱུང་གང་ཡིན་ཡང་ཚོགས་སུ་ཕུ་དུང་མ་དང་ཁ་ མ་བསྒྱུར་བའི་གོས་དང་ཀོ་ལྤགས་མི་གྱོན། ཀོ་ལྤགས་ཀྱི་ནང་དུ་ཟས་ལ་ལོངས་མི་སྤྱད། སྤྱིར་གྲྭ་འདིར་ཟླ་བ་ཕྱེད་ཡན་ཆད་གནས་པ་རྣམས་ཀྱིས་ཀྱང་ཅི་ཙམ་སྡོད་ཀྱི་རིང་ལ་དེ་ལྟར་བྱ། བསླབ་ཁྲིམས་ཆེན་མོ་ལ་གནས་པས་དུས་ཐམས་ཅད་དུ་དེ་ལྟར་བྱེད་པ་དང༌། གང་དུ་ཚོགས་ཀྱང་བསླབ་གྲལ་ལ་འཁོད་ཅིང༌། གཞན་གྱིས་གྲྭ་འདིར་ཆོས་ཐོག་རེ་སྡོད་ན་ཚོགས་སུ་བསླབ་གྲལ་ཇི་ལྟ་བ་བཞིན་དུ་འཁོད། དགེ་འདུན་གྱི་སྤྱིའི་བྱ་བ་བྱེད་པ་དང༌། རབ་ཏུ་འབྱུང་འདོད་དང༌། སྦྱིན་བདག་གིས་ཆེད་དུ་བོས་པའི་ཁྱིམ་པ་ཡིན་ན་དགེ་བསྐོས་ 2-3-248a ཀྱིས་དགེ་འདུན་ལ་གནང་བ་ཞུས་ནས་སྟེར་བ་མ་གཏོགས་པ་ཁྱིམ་པ་ལ་དགེ་འདུན་གྱི་ཟས་དང་གོས་ལ་སོགས་པའི་རྙེད་པ་སྦྱིན་དུ་མི་རུང་བར་ནན་ཏན་དུ་གསུངས་པ་ལྟར་བྱ་བར་བཅད། དགེ་འདུན་སྤྱིའི་ཟས་སྙོམས་པར་བྲིམ་ཞིང་ནད་པའི་ ཕྱིར་དང་ཐེམ་པ་ཕྱིར་ལ་མི་འདའ་བའི་མཚམས་ལ་བསྡད་པ་དང་སྦྱིན་བདག་གིས་དགོས་སུ་སྟེར་བ་རྣམས་མ་གཏོགས་པ་ཚོགས་སུ་མ་འདུས་པ་རྣམས་ཀྱིས་ཟས་ཀྱི་སྐལ་བ་མི་བླང་ཞིང་འགྲོ་བར་ཆས་པ་ལ་སོགས་པ་སྤྱིའི་ཟས་ཀྱི་སྔ་རོལ་དུ་བྱ་ དགོས་པ་རྣམས་མ་གཏོགས་པ་སྔོན་དུ་སྐལ་བ་མི་ལེན་པར་བཅད། ཆུད་འཛའ་བའི་རྙེད་པ་མི་གཤེགས་པ་དང༌། དགེ་འདུན་གྱི་སྤྱི་འབུལ་བྱུང་བའི་ཚེ་བསྙེན་པར་རྫོགས་མ་རྫོགས་ཀྱི་རྙེད་པ་མཉམ་པོར་ཐོབ་མི་ཐོབ་འདུལ་བ་ནས་གསུངས་པ་བཞན་བྱ། ཚོགས་ཀྱི་ཆོས་སྤྱོད་ནར་མ་ལ། གནས་བཅུའི་གསོལ་འདེབས། ཡན་ལག་བདུན་པ་མཎྜལ་དང་བཅས་པ་དང༌། མདོ་སྒྲུབ་སྒྲོལ་མ་འདོན་པ་དང༌། བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་སྐུ་ཚེ་བསྲིང་བའི་ཕྱིར་ཚེ་དཔག་མེད་ཀྱི་གཟུངས་བརྒྱ་རྩ་རེ་བགྲང་ བ་དང༌། གཏོར་མ་བརྒྱ་རྩ་རེ་གཏོང༌། དགེ་འདུན་གྱི་གནས་བརྟན་གྱིས་ཚོགས་ཀྱི་ཀུན་སྤྱོད་དག་པར་བྱ་བ་ལ་བསྐུལ་བ་ལྟར། ཚོགས་སུ་དུས་ཐམས་ཅད་དུ་ལོང་གཏམ་མི་གླེང་ཞིང༌། ཆོས་སྤྱོད་ཀྱི་དུས་སུ་གཏམ་གཞན་མི་གླེང་བ་དང་དེ་གཉིས་ལས་ འདས་ན་དགེ་བསྐོས་ཀྱིས་དགེ་འདུན་གྱི་དབུས་སུ་ཕྱག་འཚལ་དུ་བཅུག་ནས་བཟོད་པ་གསོལ་བའི་བརྡ་སྤྲོད་པར་བཅད། བྱ་བ་གློ་བུར་བ་མ་བྱུང་ན་བསྔོ་བ་མ་ཚར་གོང་དུ་གྲལ་ནས་མི་འགྲོ། དགེ་འདུན་གྱི་མཁོ་ཞིང་འོས་པའི་སྤྱད་པ་མ་གཏོགས་དགེ་ 2-3-248b འདུན་གྱི་སྣོད་སྤྱད་ཡན་ཆད་གང་ཟག་གིས་ལོངས་མི་སྤྱད་ཅིང༌། སྤྱད་ན་དགེ་བསྐོས་ཀྱིས་དགེ་འདུན་ལ་ཉེས་པ་བསྒྲགས་ནས་བཟོད་པ་གསོལ་དུ་འཇུག་པར་བཅད། གྲྭ་འདིར་ལག་འདྲེས་པའི་འཐབ་རྩོད་དང༌། མ་བྱིན་ལེན་ཆེ་ཆུང་གང་བྱས་པ་དང༌། ལུས་ཀྱི་རེག་ པའི་སྦོམ་པོ་ལས་མི་བསྐྱེད་ནའང་སུན་འབྱིན་གྱི་བར་ཆད་ཀྱི་དོགས་པ་མི་ཆོད་པའི་ཉེས་པའི་གནས་ལ་ཞུགས་པ་རྣམས་གནས་ནས་དབྱུང་ཞིང་དེའི་ངན་རྒྱབ་བྱེད་པ་སྣང་ན་ཡང་གནས་ནས་དབྱུང་བར་བཅད། འདིར་རབ་བྱུང་བསྙེན་རྫོགས་དང་སྡོམ་པ་གོང་ མ་བླངས་པ་དང༌། སྔར་བཤད་པའི་ཁྲིམས་ཁོག་ཏུ་ཞུགས་ནས་འདིར་ལོ་གཅིག་སྡོད་པ་རྣམས་ཀྱིས་ཕྱོགས་གཞན་དུ་ཕྱིན་པའི་ཚེ་ཡང་སྔར་བཤད་པའི་གནས་དབྱུང་གི་རྒྱུ་གསུམ་བཤད་པ་དང༌། རང་གིས་ལག་བསྟད་དེ་སོ་ནམ་བྱས་པ་དང༌། ཆང་དང་ ཕྱི་དྲོའི་ཁ་ཟས་འཛེམ་མེད་དུ་སྤྱད་པ་དང༌། ཁ་མཆུའི་གསེབ་ཏུ་ཞུགས་པ་དང༌། ཁྲིམས་གྲོགས་མེད་པར་ཉེ་དུ་མ་ཡིན་པའི་བུད་མེད་དང་གནས་གཅིག་ཏུ་ཞག་ཏུ་ཉལ་བ་ལ་ཕམ་པ་དང་པོར་མི་འགྲོ་བའི་དོགས་པ་ཆོད་ངེས་པའི་རྒྱུ་མཚན་ཡང་དག་མི་འདུག་ པ་དང༌། དགེ་འདུན་གྱི་ནང་ཁྲིམས་དང་འགལ་བའི་ཉེས་པ་ངོས་མ་བླངས་པར་སོང་བ་རྣམས་གྲྭ་འདིར་སླར་མི་བསྟེན་པར་བཅད། ནད་པ་བྱུང་ན་གང་དུ་བྱུང་བའི་ས་སྐོར་དེའི་དགེ་བསྐོས་ཀྱིས་བརྟགས་ནས་ནད་པ་ཉིད་ལ་རིམ་གྲོའི་ཆས་འདུག་ན་ལེགས། མི་འདུག་ ན་དགེ་འདུན་གྱི་སྤྱི་རྫས་ཡོད་ན་དེ་ལས་སྟེར་བ་དང༌། དེ་ཡང་མེད་ན་སངས་རྒྱས་ཀྱི་སྐུ་ལ་གསོལ་བ་མན་ཆད་ཀྱིས་ཀྱང་བྱ་བར་གསུངས་པ་ལྟར་བྱེད་ཅིང་ནད་གསོས་ནས། འབྱོར་བ་ཡོད་ན་དཀོན་མཆོག་གི་རྫས་ལ་སྤྱད་པ་ཕྱིར་བསབ་པར་བྱ། ཡོད་མེད་ 2-3-249a ཅི་འདྲ་ཞིག་ཡིན་ཡང་ས་རིས་དེར་གཏོགས་པའི་དགེ་འདུན་རྣམས་འདུས་ནས་ཅི་ཙམ་འོས་པའི་རིམ་གྲོལ་འབད་པ་འདོན། ས་རིས་གཞན་ནས་མེད་ཁ་མེད་ཀྱི་རིམ་གྲོ་བ་སོགས་མ་གཏོགས་པ་མི་གཡེང་བར་བཅད། དགེ་འདུན་སྤྱིའི་དགེ་ བསྐོས་དང་ཞལ་ཏ་བ་དང་གནས་རིས་སོ་སོའི་དགེ་བསྐོས་ལ་སོགས་པ་སྤྱི་ལས་པ་རྣམས་ཀྱིས་དགེ་འདུན་གྱི་ཁྲིམས་ཡིག་བཞིན་བྱས་པ་ལ་ལོག་སྒྲུབ་བྱེད་པ་བྱུང་ན་གནས་ནས་འབྱིན་པར་བཅད། མ་བཅོལ་བའི་ཁ་གཏོགས་བྱེད་པ་བྱུང་ན་ ལྟུང་བ་ཕྱིར་བཅོས་ནས་དགེ་འདུན་གྱི་དབུས་སུ་ནང་ཁྲིམས་དང་འགལ་བའི་བཟོད་པ་གསོལ་བར་བཅད། རབ་ཏུ་བྱུང་བ་ལ་དུས་མ་ཡིན་པའི་ཁ་ཟས་མི་སྟེར་ཞིང་ཁྱིམ་པ་ཡན་ཆད་ལ་མྱོས་འགྱུར་གྱི་བཏུང་བ་མི་བླུད་པ་དང་དེའི་རིན་ཡང་མི་སྦྱིན། ཉམས་ན་ཕྱིར་བཅོས་པའི་སྐབས་ལས་ནི་ཕམ་པ་འཆབ་བཅས་བྱུང་ན་སླར་བཅོས་སུ་མི་རུང་ལ། དེ་དག་མ་གཏོགས་པའི་ལྟུང་བ་བྱུང་བ་རྣམས་ལ་བསླབ་ཁྲིམས་ཆེན་མོ་ལ་གཏོགས་པ་རྣམས་ཀྱིས་དགེ་འདུན་གྱི་གནས་བརྟན་དགེ་བསྐོས་ དང་བཅས་པས་བགྲོས་ནས་ཇི་ལྟར་བསྐུལ་བ་བཞིན་ཕྱིར་མ་བཅོས་ན་ཆད་པ་ཇི་ལྟར་ཕབ་པ་ལྟར་འཁུར་བར་བཅད། གྲྭ་འདིར་སྡོམ་པ་གོང་མ་ལེན་པ་ཡིན་ན་བསླབ་ཁྲིམས་ཆེན་མོའི་ནང་དུ་གཏོགས་ཤིང་ལམ་གྱི་རིམ་པ་ལ་བློ་སྦྱངས་པ། སྨོན་ སེམས་ཆོ་གས་བཟུང་ནས། དེའི་བསླབ་བྱ་ལ་སློབ་པ་སྔོན་དུ་སོང་བ། ཚུལ་ཁྲིམས་ལེའུའི་བསླབ་བྱ་རྫོགས་པ་དང༌། ལམ་གྱི་རིམ་པའི་ཕར་ཕྱིན་གཞན་ལྔ་དང༌། བསྡུ་བ་བཞིའི་བསླབ་བྱ་རགས་པའི་མཚམས་ཟིན་པ་རྣམས་ལ་རྒྱལ་སྲས་ཀྱི་སྡོམ་པ་ 2-3-249b སྦྱིན་ཞིང༌། དེ་རྣམས་ཀྱི་སྟེང་དུ་བླ་མ་ལྔ་བཅུ་པའི་དམ་ཚིག་རྣམས་ཀྱི་བསྲུང་མཚམས་ཟིན་པ། རྩ་བ་དང་སྦོམ་པོའི་ལྟུང་བ་རྣམས་བསྲུང་བ་ལ་སློབ་ནུས་པ་ཡིན་ན་སྔགས་ཀྱི་སྡོམ་པ་སྦྱིན་པར་བྱ། བསྐྱེད་རྫོགས་ཀྱི་ཁྲིད་རྒྱས་པ་དང་སྔགས་ཀྱི་གཞུང་རྒྱས་ པ་ཉན་ན་སྡོམ་པ་གསར་དུ་བཟུང་བའམ་ཉམས་པ་གསོས་ནས་རྩ་བ་དང་ཡན་ལག་གི་བསྲུང་མཚམས་ཟིན་པ་ལ་བྱ། གལ་ཏེ་གྲྭ་འདིར་རིང་དུ་གནས་པའི་ལོང་སྐབས་མ་བྱུང་བས་ལམ་གྱི་རིམ་པ་ལ་བསླབ་པ་དང༌། བསླབ་ཁྲིམས་ཆེན་མོ་ལ་ཞུགས་པ་མ་ཡིན་ ཡང་སྡོམ་པ་གོང་མ་དོན་དུ་གཉེར་ཞིང་དེའི་བསླབ་ཚིགས་ཤེས་པ་བསྟན་པ་ལ་ཕན་པ་རྒྱ་ཆེན་པོ་ཐོགས་པའི་གང་ཟག་ཡིན་ན་བརྟགས་ཏེ་བྱ། དབྱར་དགུན་གྱི་མཚམས་གཉིས་ཀྱི་སྐབས་སུ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལམ་གྱི་རིམ་པ་ལ་བློ་སྦྱོང་བའི་ སྒྲུབ་པ་བསམ་གཏན་གྱི་འཁོར་ལོ་ལ་གཙོ་བོར་བྱ་ཞིང༌། སྟོན་དཔྱིད་ཀྱི་སྐབས་སུ་སྔགས་དང་ཕ་རོལ་ཏུ་ཕྱིན་པའི་གཞུང་ལ་བློ་དང་བསྟུན་པའི་ཀློག་པ་ཐོས་བསམ་གྱི་འཁོར་ལོ་ལ་གཙོ་བོར་ནན་ཏན་དུ་བྱ། དུས་གཉིས་ཀར་ཡང་རང་གིས་གང་ཁས་བླངས་པའི་ བསླབ་ཁྲིམས་རྣམས་ལ་ཐུན་དྲུག་ཏུ་སྡོམ་སེམས་གཏོང་བ་སྤྱོད་ལམ་ཀུན་ཏུ་སྡོམ་པ་གསུམ་གྱི་ཉམས་ལེན་དང་མི་འགལ་བར་སྤྱོད་པའི་བྱ་བ་ལས་ཀྱི་འཁོར་ལོ་ལ་འབད་པར་བྱ་བར་བཅད། ཡུལ་དུས་ཀྱི་དབང་གིས་དགེ་འདུན་གྱི་ཁྲིམས་སུ་བཅའ་ བ་མང་ཉུང་སྣ་ཚོགས་པར་འགྱུར་བའི་མ་ངེས་པ་རྣམས་ནི་བཅའ་ཡིག་ཆུང་བ་ཟུར་ན་ཡོད་པ་བཞིན་བྱ། སྔོན་གྱི་དུས་སུ་བསྟན་པ་རིན་པོ་ཆེ་ལ་ཆེས་ཆེར་གཅེས་སྤྲས་སུ་མཛད་པའི་སྐྱེས་བུ་དམ་པ་བསྟན་པའི་གནད་མཁྱེན་པ་རྣམས་ཀྱིས་དགེ་འདུན་གྱི་ 2-3-250a ཁྲིམས་སུ་བཅའ་བ་རིམ་པ་བཞིན་དུ་མཛད་ནས་བསྟན་པ་རིན་པོ་ཆེ་རྒྱས་པར་སྤེལ་བའི་སྲོལ་བཟང་པོ་རྣམས་དུས་ཀྱི་དབང་གིས་ཆེས་ཆེར་ཉམས་པའི་སྐབས་འདིར་སྐྱེ་དགུ་ཐམས་ཅད་ཀྱི་ཕན་བདེའི་གཏེར་ཆེན་པོ་ཐུབ་པའི་བསྟན་པ་རིན་པོ་ཆེ་ སྒོ་ཐམས་ཅད་ནས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་རིང་དུ་གནས་ན་ཅི་མ་རུང་སྙམ་པའི་བསམ་པས་ཀུན་ནས་བསླངས་ནས་བྱས་པའི་བཅའ་ཡིག་འདིའི་ལུགས་བཞིན་དུ་བསྟན་པ་རིན་པོ་ཆེའི་སྲོལ་ག་ཚུགས་པའི་ཐབས་ལ་གཞིན་གཉུག་མར་ བཞུགས་པ་དང༌། བྱེས་ནས་གློ་བུར་དུ་བྱོན་པའི་སྡོམ་བརྩོན་དམ་པ་སེམས་ཅན་ལ་སྙིང་བརྩེ་བ་དང༌། རྒྱལ་བ་སྲས་དང་སློབ་མར་བཅས་པ་ལ་གུས་པ་དང༌། བསྟན་པ་རིན་པོ་ཆེ་ལ་གཅེས་སྤྲས་སུ་འཛིན་པ་དང༌། བསྟན་པ་ཕྱོགས་རེ་བར་མ་སོང་བར་རྒྱལ་ བའི་དགོངས་པའི་གནད་ཡོངས་སུ་རྫོགས་པའི་ལུགས་བཟང་པོ་མི་ནུབ་པ་ལ་བརྩོན་པར་མཛད་པ་རྣམས་ཀྱིས་ཤིན་ཏུ་རླབས་ཆེ་བའི་ཐུགས་ཁུར་བསྣམས་ནས་རང་ཡང་དེ་ལ་གནས། གཞན་ཡང་དེ་ལ་འགོད། ཆོས་མཐུན་པ་མཐོང་ན་ལེགས་པར་བསྔགས་ པའི་སྒོ་ནས་བརྩོན་པ་ཆེན་པོ་ཐུགས་ལ་འདོགས་པར་ཞུ། མདོར་ན་མཐོ་དམན་འབྲིང་གསུམ་གྱིས་ཐམས་ཅད་ནས་ཐུགས་ཁུར་རྒྱ་ཆེན་པོ་བསྣམས་ལ་དགེ་འདུན་གྱི་སྤྱིའི་ཁྲིམས་སུ་བཅའ་བ་འདིའི་གཞུང་སྲོང་བར་མཛོད། རྒྱལ་བ་སྲས་དང་སློབ་མའི་ཚོགས་ བཀའ་སྡོད་དང་བཅས་པ་རྣམས་ཀྱིས་ཀྱང་མངོན་པར་འདོད་པའི་གནས་འདི་དག་གེགས་མེད་པར་བདེ་བླག་ཏུ་འགྲུབ་པར་མཛད་དུ་གསོལ། བསླབ་པར་བྱའི་གཞི་ཕྱོགས་རེ་བ་མ་ཡིན་པའི་བསྟན་པའི་གནད་ཡོངས་སུ་རྫོགས་པ་ལ་སློབ་ཚུལ་ཕྱོགས་ 2-3-250b རེ་བ་མ་ཡིན་པའི་ཐོས་པ་དང༌། བསམ་པ་དང༌། སྒོམ་པ་གསུམ་ཆར་གྱི་སྒོ་ནས་སློབ་པའི་ཁྲིམས་སུ་བཅའ་བ་འདི། སྒོ་ཐམས་ཅད་ནས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །གཙུག་ལག་ཁང་རྣམས་ཀློག་པ་དང༌། ཁ་ཏོན་ གྱིས་རྒྱས་ལེགས་གནས་ཤོག །རྟག་ཏུ་དགེ་འདུན་མཐུན་པ་དང༌། །དགེ་འདུན་དོན་ཡང་འགྲུབ་པར་ཤོག །བསླབ་པ་འདོད་པའི་དགེ་སློང་དག །དབེན་པ་དག་ནི་ཐོབ་གྱུར་ཏེ། །གཡེང་བ་ཐམས་ཅད་རབ་སྤངས་ནས། །སེམས་ནི་ལས་རུང་སྒོམ་གྱུར་ཅིག ། བྱ་ལོ་ཟླ་བ་ལྔ་པའི་ཡར་གྱི་ངོའི་ཚེས་བཞིའི་ཉིན་གངས་རིའི་དབང་པོ་འོ་དེ་གུང་རྒྱལ་གྱི་ལྷ་ཞོལ་དབེན་གནས་བྱམས་པ་གླིང་དུ་དགེ་བའི་བཤེས་གཉེན་ཆེན་པོ་བློ་བཟང་གྲགས་པའི་དཔལ་གྱི་ཞལ་སྔ་ནས་བཀའ་གནང་སྟེ། སྡོམ་བརྩོན་སྡེ་སྣོད་འཛིན་ པ་གནས་བརྟན་བསྟན་པ་རིན་པོ་ཆེ་ལ་གཅེས་སྤྲས་སུ་མཛད་པ་རྣམས་ཀྱིས་དགེ་འདུན་གྱི་ཁྲིམས་སུ་བཅའ་བ་དང་པོར་མཛད་པའོ།། ༈ །།རྒྱལ་བ་སྲས་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ། །བྱམས་པ་གླིང་ན་བཞུགས་པའི་དགེ་འདུན་རྣམས་ ཀྱིས་སྤྱིའི་ཁྲིམས་སུ་བྱ་བའི་བཅའ་ཡིག་ཆུང་ངུ་མཛད་པ་ལ། དབྱར་དགུན་གྱི་མཚམས་ཀྱི་དུས་སུ་ནང་གི་རྐྱེན་གྱི་དབང་དུ་བྱས་ན། ལྟུང་བ་ཕྱིར་འཆོས་པ་དང༌། ནང་པའི་ཕྱིར་དང༌། དགེ་བསྐོས་དང་ཞལ་ཏ་བ་དང༌། སྤྱི་ལས་བྱེད་པའི་དགེ་བསྙེན་དང༌། ཐབ་ གཅིག་ལ་འདུ་བའི་སྤྱིལ་པོ་སོ་སོར་འདུག་པ་དང༌། མཐུན་རྐྱེན་གྱིས་གཏུགས་པ་དང་ཆོས་མཐུན་གྱི་བྱ་བ་ལ་མི་འགྲོ་ཁ་མེད་ཀྱི་ཕྱི་རོལ་ཏུ་འགྲོ་དགོས་པ་དང༌། ཆོས་ཀྱི་ཉིན་མོ་མ་གཏོགས་པ་སྤྱིལ་པོ་ཕན་ཚུན་དང་གླིང་གི་ཕྱི་རོལ་ཏུ་མི་འགྲོ་ཞིང༌། ཕྱི་རོལ་ 2-3-251a ཏུ་འགྲོ་དགོས་པའི་རྐྱེན་དང་ལྡན་པའི་ཚེ་ཡང་དགེ་བསྐོས་ལ་དྲིས་ནས་མངོན་ཆུང་བར་བྱས་ཏེ་འགྲོ་བར་བཅད། དེ་རྣམས་དང་འགལ་ན་དགེ་འདུན་ལ་བརྗོད་དེ་ཉེས་པ་ཕྱིར་བཅོས་ནས་ཕྱག་བརྒྱ་འཚལ་བར་བཅད། གདམས་ངག་གསར་དུ་ ཞུ་བས་འོས་པ་ལ་མ་དྲིས་པར་གླིང་གི་ཕྱི་རོལ་ཏུ་ཕྱིན་ན་གདམས་ངག་དེའི་འཕྲོ་མི་སྦྱིན་པར་བཅད། ཕྱིའི་རྐྱེན་གྱི་དབང་དུ་བྱས་ན་གློ་བུར་དུ་བྱོན་པ་ཐམས་ཅད་བསྐོས་པའི་དགེ་བསྙེན་གྱིས་མ་བརྟགས་པར་མཚམས་མཐོ་ཡན་ལ་བཏང་ན་ཉེས་པ་ བསྒྲགས་ནས་དགེ་བསྙེན་ཕྱག་ཉི་ཤུ་རྩ་གཅིག་འཚལ་དུ་འཇུག་པར་བཅད། དགོས་པ་ཁྱད་པར་ཅན་མ་གཏོགས་མཚམས་ཐོའི་ནང་དུ་མི་གཏོང་བ་དང༌། ངེས་པར་ཕྲད་དགོས་ཀྱི་རྐྱེན་དང་ལྡན་ན་དགེ་བསྙེན་གྱིས་བརྡ་སྦྱར་ཏེ་མཚམས་ཀྱི་ཕྱི་རོལ་ ཏུ་ཕྲད་པར་བཅད། གླིང་གསེབ་ཏུ་བུད་མེད་ཞག་ཏུ་མི་བཞག་ཅིང་ཆོས་ལྡན་གྱི་དགོས་པ་མ་གཏོགས་གླིང་གསེབ་ཏུའང་མི་བཏང༌། རྩྭ་ཤིང་ལ་སོགས་པའི་ཡོ་བྱད་ཕྲན་ཚེགས་འཚོང་བ་དང༌། སྤྲང་པོ་གླིང་གསེབ་ཏུ་མི་བཏང་ཞིང་གལ་ཏེ་བཏང་ན་ཆད་པ་ གོང་བཞིན་བྱེད་པར་བཅད་ཅིང་ཁ་ཟས་དགེ་བསྙེན་གྱིས་བསྡུས་ནས་མཚམས་ཀྱི་ཕྱི་རོལ་ཏུ་སྐྱེལ་བར་བཅད། གླིང་གསེབ་ཏུ་ཁྱི་རྐུན་བྱུང་ན་གླིང་དགོས་གང་དུ་བྱུང་བ་དེས་མཚམས་ཀྱི་ཕྱི་རོལ་ཏུ་འདེད་པར་བཅད། བྲེ་སྲང་སོགས་བྱ་བ་ཟིན་མ་ཐག་སྤྱི་ ས་སྐོར་དུ་བསྐྱལ་བ་དང༌། ཞིང་བཏབ་པའི་སྟེང་དུ་ལམ་མི་བྱ་བ་དང༌། དུད་འགྲོས་ཞིང་ཟོས་པ་བྱུང་ན་ཅི་ཙམ་བརླག་པའི་རིན་ཞིང་བདག་ལ་སྦྱིན་པར་བཅད། ཆུ་ངོགས་ཆུ་འགྲམ་ལོངས་སྤྱད་དུ་རུང་བའི་ཤིང་ཀུན་ལ་མཁོ་བའི་གནས་དགེ་འདུན་གྱི་ཀུན་དགའ་ར་ 2-3-251b བ་རྣམས་སུ་མཆིལ་མ་དང་སྣབས་དང་མི་གཙང་བ་ལ་སོགས་པའི་དངོས་པོ་མི་འདོར་བ་དང༌། གླིང་གསེབ་ཏུ་རྒྱང་སྐད་མི་འབོད་པ་དང༌། ཁ་ཏོན་གྱི་སྒྲ་ཆེན་པོ་དང༌། ཐུག་རུམ་གྱི་སྒྲ་མི་བྱེད་པར་བཅད། ཉེ་འཁོར་དུ་ཡོ་བྱད་ཉོ་བ་རྣམས་ཀྱིས་སྔ་མས་ཐག་མ་བཅད་པར་ དངོས་པོའི་སྟེང་དུ་མི་རུབ་ཅིང་ཧབ་བཤུར་མི་བྱ། རིན་ཐང་ཇི་ལྟར་བཅད་པ་ལས་རིན་ཐང་ལྷག་ཆད་དུ་མི་འཇལ་ཞིང༌། གླིང་གསེབ་ནང་ཚུན་ཆད་མ་གཏོགས་རིན་ཐང་གཅོད་པར་བསྐོས་པ་ལམ་གཏུགས་པར་ཉོ་ཚོང་བྱས་པ་བྱུང་ན་དགེ་འདུན་གྱི་ཚོགས་ལ་ཕན་ པར་ཆུ་བན་གསུམ་སྐྱེལ་བར་བཅད་ཅིང་དེ་ལས་འདས་ན་དགེ་འདུན་གྱི་དབུས་སུ་བཟོད་པ་གསོལ་བར་བཅད། དགེ་འདུན་འདུས་པའི་ཤུལ་དུ་བསྐོས་པའི་མི་དང་ནད་པའི་ཕྱིར་དང་ཞལ་ཏ་བ་དང་དགེ་བསྐོས་ལ་དྲིས་ནས་མ་གཏོགས་གླིང་གསེབ་ཏུ་བྲང་ཁང་ ཕན་ཚུན་དུ་མི་འགྲོ་བ་དང༌། གླིང་གསེབ་ཏུ་དུད་འགྲོ་ཞག་གསུམ་མིན་པར་མི་བསྟེན་པར་བཅད། སྦྱིན་བདག་དང་ལས་བྱེད་པ་མ་གཏོགས་ཐབ་རྩར་མི་སྡོད་ཅིང་ཚོགས་ཆེ་ཆུང་གང་དུ་འདུ་བའི་ཚེ་སྒྲུབ་ནུས་པ་རྣམས་ཀྱིས་བེམ་པོ་དང་ཕྱམ་ཚེ་མི་བགོ་བར་བླ་ གོས་དང་རྔུལ་གཟན་སོགས་དབྱིབས་རུང་བ་ལ་བསྟེན་པར་བཅད། ཁ་འཐབ་བྱེད་པ་བྱུང་ན་ལྟུང་བ་བཤགས་ནས་དགེ་འདུན་གྱི་དབུས་སུ་ཕྱག་དང་བཅས་པའི་ལྟུང་བཤགས་ཚར་བདུན་བཏོན་ནས་བཟོད་པ་གསོལ་ཞིང་ཚོགས་སུ་ཆུ་བན་གསུམ་སྐྱེལ་བར་ བཅད། གྲལ་ལ་འདུ་བའི་ཀུན་སྤྱོད་ལྷག་མ་རྣམས་མཛེས་ཆོས་བ་དང་ཞལ་ཏ་བས་བསྒོ་བ་བཞིན་དུ་བྱེ་པར་བཅད། ཐོ་ནང་དུ་ཤིང་དང་ལོ་མ་མི་གཅོད་པ་དང༌། མཚམས་ཀྱི་སྔ་རོལ་ན་ཡོད་པ་རྣམས་ཀྱིས་མཚམས་བསྡམས་ནས་མ་གྲོལ་བར་མཁང་ 2-3-252a ལས་གསར་དུ་མི་བྱ་བ་དང༌། གློ་བུར་དུ་སླེབ་པས་མི་བྱེད་ཁ་མེད་ཀྱི་མཁར་ལས་དགོས་པ་བྱུང་ན་དགེ་བསྐོས་དང་ཞལ་ཏ་བ་ལ་དྲིས་ནས་ཇི་ལྟར་འོས་པའི་སར་བྱེད་པར་བཅད། རྩ་བདག་ཡིན་ཡང་ནས་འགྲོ་བའི་ཚེ་སྤྱིལ་པོ་ མི་བཤིག་པ་དང༌། སོང་བའི་ཤུལ་དུའང་སྤྱིལ་པོ་ཕན་ཚུན་བཤིག་ནས་གཅིག་ཏུ་འདྲིལ་བ་མི་བྱེད་པ་དང༌། སྤྱིལ་པོ་བཞག་སའི་དོ་དམ་དངོས་སུ་བྱེད་པ་མེད་ན་དགེ་བསྐོས་དང་ཞལ་ཏ་བ་ལ་གཏོད་པར་བཅད། གནས་འདིར་ཆོས་ ཐོག་རེ་སྡོད་པར་འདོད་པའི་རབ་བྱུང་རྣམས་ཀྱིས་ཟང་རི་མན་ཆད་ཀྱི་མི་སྡེ་ལ་འུ་ལག་བསྐུལ་ན་བླ་མ་ལ་དམིགས་པའི་སྡིག་ཁམ་པོ་ཆེ་སོག་པར་སྣང་བས་དེ་མི་བྱེད་པ་དང༌། ཆེས་ནས་གསུང་ཤོག་བླངས་ནས་ནན་གྱིས་ཡོ་བྱད་ སྟེར་དུ་བཅུག་ན་སྦྱིན་བདག་རྣམས་ཡིད་སུན་ནས་དགེ་འདུན་སྤྱི་ལ་མི་མོས་པའི་དགག་བྱ་ཆེན་པོ་འདུག་པས་དེ་ལྟར་མི་བྱེད་པར་བཅད། གལ་ཏེ་དེ་གཉིས་དང་འགལ་བར་བྱས་ན་དགེ་འདུན་གྱི་དབུས་སུ་ཉེས་པ་བསྒྲགས་ནས་བཟོད་པ་ གསོལ་བར་བཅད། གླེངས་ན་སྐྱོན་བརྗོད་དུ་འགྲོ་བའི་ཉེས་པ་རྣམས་ལ་གྲྭ་འདིར་ཆོས་ཐོག་རེ་སྡོད་པ་ཚུན་ཆད་དུ་སྡོད་པའི་རབ་ཏུ་བྱུང་བ་རྣམས་ཀྱིས་འདིར་བཞུགས་ཀྱི་རབ་བྱུང་ལ་སྨྲས་པ་ལ། དགེ་བསྐོས་ཀྱིས་གང་ལས་ཐོས་པ་ སོགས་ཇི་ལྟར་ཡིན་རྩད་བཅད་པའི་ཚེ་གཞི་དེ་གང་ཡིན་གྱི་ངེས་པ་མི་སྣང་ན་གཅིག་ནས་གཅིག་ཏུ་བརྒྱུད་པའི་གང་སྨྲས་ཐམས་ཅད་ཀྱིས་ཉེས་པ་ཕྱིར་བཅོས་ནས་དགེ་འདུན་འདུས་པའི་སྤྱན་སྔར་ཕྱག་ཉི་ཤུ་རྩ་གཅིག་བྱས་ཏེ་ 2-3-252b བཟོད་པ་གསོལ་བར་བཅད། བསླབ་ཁྲིམས་ཆེན་མོ་ལ་གཏོགས་པ་རྣམས་ཀྱིས་ཡུལ་དུས་ཀྱི་དབང་གིས་སྒྲུབ་པར་མི་ནུས་པ་མིག་གཉའ་ཤིང་གང་ཙམ་ལས་ཕན་ཆད་དུ་མི་བལྟ་བ་ལ་སོགས་པ་འགའ་ཞིག་མ་གཏོགས་གྲྭ་འདི་ན་ཕྱིར་བཅོས་ཀྱི་ ལན་ལེན་ཡོད་པའི་སྡེ་ལྔའི་ལྟུང་བ་ཁྲིམས་ཆེན་མོའི་ཁོག་ཏུ་ཞུགས་པའི་གྲོགས་ལ་བྱུང་བ། དགེ་སློང་བསྐོས་པ་ལ་སོགས་པས་གླེངས་ན་ལྟུང་བ་ཕྱིར་འཆོས་པའི་ཐབས་སྒྲུབ་པ་གང་ཡང་རུང་བ་ལ་མ་སྨྲས་པར་གསང་བ་དང༌། གྲྭ་འདིར་དགེ་ འདུན་གྱི་བཅའ་ཡིག་ཆེ་ཆུང་དང་འགལ་བའི་ཉེས་པ་བྱུང་བ་ཤེས་བཞིན་དུ་བསྐོས་པའི་དགེ་སློང་ལ་མ་བཤད་པར་གསང་ནའང་ཆད་པ་སྔ་མ་བཞིན་བྱེད་པར་བཅད། གྲྭ་འདིར་ཕྱོགས་རིས་ནས་བྱོན་པའི་སྡོམ་བརྩོན་རྣམས་ཀྱི་ཀུན་སྤྱོད་ཡོངས་སུ་དག་པ་ ལ་བརྟེན་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་པར་བྱ་བའི་ཕྱིར་དགེ་འདུན་གྱི་ཁྲིམས་སུ་བཅའ་བ་མཛད་པ་འདི་མཐོ་དམན་གྱི་ས་ཐམས་ཅད་ནས་སོ་སོ་ནས་ཐུགས་ཁུར་ཆེན་པོ་བསྣམས་ཏེ། བསྟན་པ་རིན་པོ་ཆེ་ རྒྱས་པའི་ཐབས་ལ་དགེ་འདུན་གྱི་ཁྲིམས་སུ་བཅའ་བ་འདིའི་གཞུང་སྲོང་བར་མཛོད། གཙུག་ལག་ཁང་རྣམས་ཀློག་པ་དང༌། ཁ་ཏོན་གྱིས་རྒྱས་ལེགས་གནས་ཤོག །རྟག་ཏུ་དགེ་འདུན་མཐུན་པ་དང༌། །དགེ་འདུན་དོན་ཡང་འགྲུབ་པར་ ཤོག །བསླབ་པ་འདོད་པའི་དགེ་སློང་དག །དབེན་པ་དག་ནི་ཐོབ་གྱུར་ཏེ། གཡེང་བ་ཐམས་ཅད་རབ་སྤངས་ནས། །སེམས་ནི་ལས་རུང་སྒོམ་གྱུར་ཅིག །བྱ་ལོ་ཟླ་བ་ལྔ་པའི་ཡར་ངོའི་ཚེས་བཞིའི་ཉིན་གངས་རིའི་དབང་པོ་འོ་དེ་གུང་ 2-3-253a ལམ་ཡོངས་སུ་རྫོགས་པར་སྟོན་པའི་བླ་མ་ཡང་ཡོན་ཏན་ཕྱོགས་རེ་བརྙེད་པ་ཙམ་གྱིས་མི་ཆོག་གི། སྡོམ་པ་གསུམ་མ་ནོས་ཤིང་། དེ་དག་རང་རང་གི་ཉེས་ལྷུང་དང་བྲལ་བ་། སྡེ་སྣོད་གསུམ་ལ་མཁས་ཤིང་། དེ་འི་བརྗོད་བྱ་བསླབ་ པ་གསུམ་དང་ལྡན་པ། རྒྱུད་སྡེ་བཞི་ལ་མཁས་ཤིང་དབང་བཞི་ཡོངས་སུ་རྫོགས་པས་རྒྱུད་བསྐྱེད་རྫོགས་ཀྱི་སྣོད་རུང་དུ་བྱས་ནས་ལམ་ཟམ་མོ་གཉིས་ཉམས་སུ་ལེན་ཅིང་། མྱོང་པ་ཐོན་ནས་གཞན་ལ་བརྩེ་བས་མདོམས་པ། མདོར་ ན་རྡོ་རྗེ་འཆང་གི་གོ་འཕང་མྱུར་མ་ལས་ཀྱང་ཆོས་མྱུར་བར་མངོན་དུ་བྱེད་པའི་ཟབ་ལམ་ཁྱད་པར་ཅན་ཕྱིན་ཅི་མ་ལོག་པར་ཡོངས་སུ་རྫོགས་པར་སྟོན་པའི་བླ་མ་ཞིག་བསམ་སྦྱོར་གཉིས་ཀྱི་སྒོ་ནས་བསྟེན་པར་བྱའོ། །ལམ་ཚུལ་བཞིན་ དུ་བསྒྲུབ་པའི་གྲོགས་ཀྱང་བླ་མ་དང་ཆ་མཐུན་ཞིག་དགོས་ལ། གྲོགས་རང་གི་ཐུན་མོང་མ་ཡིན་པའི་གནད་ལ། ལས་འབྲས་ལ་དད་པ་དང་། ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ། འགྲོན་སེམས་དང་ཆགས་སྡང་མེད་པ། ཕན་སེམས་ཆེ་བ། གོང་དུ་བཤད་པའི་བླ་མ་དང་ཡི་དམ་ཆོས་སྐྱོང་ལམ་གྱི་སྲོག་ཐམས་ཅད་དང་མཐུན་པ་ཞིག་དགོས་སོ། །ཡོང་རྫོགས་པའི་ལམ་དེ་ལྟ་བུ་མ་ཐོབ་པར་བྱེད་པ། ཐོབ་ཟིན་བརྟན་པར་བྱེད་པ། བརྟན་པ་གོང་འཕེལ་དུ་བྱེད་པ་ལ་ བླ་མ་ཡི་དམ་དབྱེར་མེད་དུ་གསོལ་བ་འདེབས་པ། ཚོགས་གསོག་ཅིང་སྒྲིབ་པ་སྦྱོང་བ། གཞུང་ཆེན་མོ་ལྟ་བ་གསུམ་སུམ་དུ་བྱེད་དགོས་ལ། དེ་ལ་ཚོགས་ཞིང་གསལ་འདེབས་པ་ནི་རང་གི་སྦྱི་བོར་རིན་པོ་ཆེའི་ཁྲིའི་སྟེང་དུ། ངོ་བོ་ 2-3-253b རྩ་བའི་བླ་མ་ཡིན་པ་ལ་རྣམ་པ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྣམ་པར་གསལ་བཏབ་ལ། དེའི་སྐུ་གསུང་ཐུགས་ལས་འོད་ཟེར་འཕྲོས་བས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་སྤྱན་དྲངས་ལ། དེ་ལ་བསྟིམས་ནས་མནྜལ་ཕུལ་ལ། གདུང་ཤུགས་དྲག་པོས་གསོལ་བ་བཏབ་ནས་ལམ་གྱི་ལུས་ཡོངས་སུ་རྫོགས་པའི་སྨོན་ཤུགས་དྲག་ལ་རྒྱུན་རིང་དུ་གསོལ་བ་བཏབ། གཏིང་ངེ་འཛིན་གྱི་དབང་བཞི་རྫོགས་པར་ལེན་ཅིང་། བླ་མ་དང་ཡི་དམ་གྱིས་སྨོན་ལམ་གྱུ་འབྲས་ བུ་འགྲུབ་པར་ཞལ་གྱིས་བཞེས་པར་བསམས་ལ། མཐར་བླ་མ་ཡི་དམ་རང་གི་སྙིང་གར་ཐིག་ལེ་གའུ་ཁ་སྦྱོར་གྱི་དབུས་སུ་བཞུགས་པའོ། །སྒྲིབ་པ་སྦྱོང་པ་ལ་ཡང་ལྟུང་བ་བཤགས་ཕྱག་དང་བཅས་པ། ཡེ་གེ་བརྒྱ་པའི་ སྒོམ་བཟླས། །དམ་ཚིག་རྡོ་རྗེའི་བཟླས་པ། ཟ་བྱེད་མཁའ་འགྲོའི་སྦྱིན་སྲེག་ལ་སོགས་པ་མདོར་ན་སྟོབས་བཞི་ཚང་བའི་སྒོ་ནས་སྦྱོང་བ་གནས་ཚེ། དེ་ཡང་སྡིག་པའི་འབྲས་བུ་རྣམ་པ་སྨིན་ཡིད་དུ་མི་འོང་བ་མཐོང་ནས་སྔར་བྱས་ལ་འགྱོད་ སེམས་དང་། ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བྱེད་བསམ་པའི་སྡོམ་སམས་བརྟན་པར་བྱེད་པ་ནི་སྡིག་པ་སྦྱོང་བའི་ཐབས་བླ་ན་མེད་པའོ། །གཞུང་ཆེན་མོ་ལ་ལྟ་བ་ཡང་སྔགས་མཚན་ཉིད་ཀྱི་གསུང་རབ་དགོངས་འགྲེལ་དང་བཅས་ པ་གང་ལ་ཡང་གཞུང་དེའི་དངོས་བསྟན་ཤུགས་བསྟན་བསྟན་བྱའི་གཙོ་བོ། །དེའི་ཆེད་དུ་བྱ་བའི་གདུལ་བྱ་གོང་འོག་གི་འགྲེལ་ཚུལ་རྣམས་ངེས་པར་བརྟག་དགོས་སོ། །མདོར་ན་བཤེས་གཉེན་བསྟན་ཚུལ་ནས་བཟུང་སྟེ་ 2-3-254a གྲངས་མེས་བསམ་གྱིས་མི་ཁྱབ་པར་རྡོ་རྗེ་འཆང་ཐོབ་པའི་སྐལ་ཆད་ཅན་ནོ། །ལམ་ཐུན་མོང་བ་གང་ཡང་རུང་གིས་མི་ཆོག་གིས། སྐྱེས་བུ་གསུམ་གྱི་ལམ་གྱིས་རྒྱུད་སྦྱོང་དགོས་ཤིང་། ཁྱད་པར་དུ་ངེས་འབྱུང་བྱང་ཆུབ་ཀྱི་སེ་སཾ ལྟ་བ་རྣམ་དག་ཅིག་རྒྱུད་ལ་ཅི་སྐྱེས་བྱའོ། །ལྟ་བ་ཡང་། བཅོམ་ལྡན་འདས་ཀྱིས་མདོ་སྔགས་དུ་མར་ལུང་བསྟན་པའི་ཀླུ་སྒྲུབ་ཡབ་སྲས་ཀྱི་ལྟ་བ་ལ་ཅི་ནུས་ཀྱིས་འབས་པར་བྱའོ། །རྡོ་རྗེ་ཐེག་པའི་ལམ་དུ་ཞུགས་ཙམ་གྱིས་མི་ཆོག་པས། མྱུར་དུ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་འདོད་ན་བླ་མ་ཡི་དམ་ཆོས་སྐྱོས་ལམ་གྱི་སྲོག་ཐམས་ཅད་རང་གི་ཐོབ་བྱའམ་ལམ་གྱི་འགྲོས་དང་མཐུན་པ་ངེས་པར་བྱ་དགོས་སོ། །དེ་ཡང་རང་གི་ཐོབ་བྱ་ཆོས་སྐུའམ་གཟུགས་སྐུའི་རྒྱུ་ཐུན་མོང་མ་ ཡིན་པ་ལེགས་པར་ཤེས་ཤིང་རྒྱུད་ལ་སྐྱེ་དགོས་ལ། དེ་ལའང་སྔགས་བླ་མེད་ཀྱི་དཀྱིལ་འཁོར་རེ་རེས་ཀྱང་མངལ་སྐྱེས་ཁམས་དྲུག་ལྡན་གྱི་སོ་སོ་སྐྱེ་བོ་འཆིང་བ་ལྔ་ལྡན་དེ། ཚེ་གཅིག་ལུས་གཅིག་ལ་འཚར་རྒྱ་བའི་རྣམ་གཞག་སྟོན་ པ་བླ་མེད་ཁོ་ནའི་ཁྱད་ཆོས་ཡིན་མོད། དེ་ལྟ་ནའང་སྔགས་བླ་མེད་ལ་བརྟེན་པའི་ནང་ནས་ཀྱང་ཆེས་ཤིན་ཏུ་ནས་ཀྱང་མྱུར་བའི་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བྱེད་འདོད་ན་གསང་བདེ་འཇིགས་གསུམ་ཡ་མ་བྲལ་བར་ངེས་པར་ བསྟེན་དགོས་ཏེ། དེ་དག་ཀྱང་རིམ་པས་འཆད་པར་འགྱུར་རོ། །དེ་ཡང་ཟུང་འཇུག་སྐུའི་རྒྱུ་ཐུན་མོང་མ་ཡིན་པ་ལ་སྒྱུ་ལུས་དང་འོད་གསལ་བསྲེ་འཕོའི་སྐོར་ལེགས་པར་ཤེས་ཤིང་རྒྱུད་ལ་སྐྱེ་དགོས་ལ། འདུས་པ་ལ་འཕགས་ 2-3-254b ལུགས་དང་། ཡེ་ཤེས་ཞབས་ལུགས་གཉིས་ལས་འཕགས་ལུགས་ལ་སྦྱང་དགོས་ལ། འདིས་སྒྱུ་ལུས་དང་འོད་གསལ་རྒྱས་པར་སྟོན་ཅིང་། འདུས་པ་ནི་ཕ་རྒྱུད་ཀྱི་གཙོ་བོ་ཡིན་པས་སོ། །དེ་ཡང་སྒྱུ་ལུས་འོད་གསལ་གྱི་སྦྱོང་ལུགས་ སྒྱུ་ལུགས་ལྡང་ལུགས་སོགས་ཤིན་ཏུ་གལ་ཆེ་ཞིང་ཤེས་པར་བྱའོ། །འཇམ་དཔལ་རྡོ་རྗེ་ལའང་ཁོ་རང་ལ་དཀའ་གནད་ཁྱད་པར་ཅན་གཞན་དང་མི་འདྲ་བ་ཡོད་པས་ལོགས་སུ་འཆད་ཅིག་བག་ཆགས་འཇོག་པ་ཤིན་ཏུ་གལ་ཆེའོ། ཆོས་སྐུའི་རྒྱུ་ཐུན་མོང་མིན་པ་ནི། བདེ་སྟོང་ཁྱད་པར་ཅན་ཡིན་པས་ཤེས་ཤིང་རྒྱུང་ལ་སྐྱེ་དགོས་ལ། བདེ་སྟོང་གི་རྣམ་གཞག་ཀྱི་རྡོར་སོགས་ནས་དངོས་སུ་བསྟན་ཀྱང་། བདེ་བ་དེ་གང་ལས་བྱུང་བའི་རྒྱུ་ཤེས་དགོས་ལ། དེ་ལ་ སྤྱིར་བདེ་སྟོང་སྦྱོར་ནས་ཉམས་སུ་ལེན་པ་ལ་བདེ་བ་མཚན་ཉིད་པ་ཁྱད་པར་ཅན་འབར་ཞིང་འཛག་དགོས་ལ། བདེ་བའི་ངོ་བོ་ཆེ་ཆུང་དང་། གང་དུ་འབབ་པའི་ཚད་དམ། མཚམས་གང་ནས་དགའ་བ་བཞིར་འཇོག་ཅིང་། དགའ་བ་ བཞི་པོ་རེ་རེ་ལའང་བླ་ཞིར་ཡོད་ཅིང་། ཡས་བབས་ཀྱི་དགའ་བ་དང་མས་བརྟན་གྱི་དགའ་བ། བདེ་བ་ཆེ་ཆུང་དང་ལུགས་འབྱུང་དང་ལུགས་ལྡོག་འོང་ཚུལ་སོ་སོའི་རྣམ་གཞག་རྒྱས་པར་ཤེས་དགོས་ཤིང་། སྟོང་པ་ལ་མཚན་ ཉིད་ཐེག་པ་ནས་བཤད་པ་ལས་ཟུར་དུ་མེད་ཀྱི། དེ་སྟོང་ཚུལ་མཚན་ཉིས་ཐོག་པ་ནས་ཕུལ་དུ་བྱུང་བའོ། །བདེ་བའི་ངོ་བོ་བྱང་སེམས་དེ་ལྟ་བུའི་འབེབས་བྱེད་ནི། ངེས་དོན་གྱི་མཁའ་འགྲོ་མ་གཏུམ་མི་རྡུལ་གྱི་མེ་སྦར་བས་འབེབས་དགོས་ཤིང་། 2-3-255a དེ་འབར་ཞིང་འཛག་པ་ལ་ཕྱག་རྒྱ་དང་མཉམ་པར་སྦྱར་དགོས་པ་ཕྱག་རྒྱ་ལའང་བཞིར་ཡོད་ཅིང་། དེ་བཞི་པོ་སོ་སོའི་ངོ་བོ་བསྟེན་ཚུལ། མཉམ་པར་སྦྱོར་ཚུལ། སྦྱར་ནས་བདེ་ཆེན་བསྟེན་ཚུལ། བདེ་ཆེན་རེ་རེས་སྦང་བྱ་ཇི་ལྟར་ སྦོང་ཞིང་གང་སྤངས་པའི་རྟགས་ཐོབ་པ། དགའ་བ་བཞི་པོའི་ཁྱད་པར། གཏུམ་མོའང་རྩ་གང་རུང་གེ་ནང་འབར་བས་སྙིང་ཁ་སོགས་ཀྱི་རྩ་གདུད་གྲོལ་མི་ཐུབ་པས། རོ་རྐྱང་གི་རླུང་དབུ་མར་ནང་དུ་ཞུགས་དགོས། ཞུགས་གནས་ཐིམ་གསུམ་ བྱས་པས། སྤྱི་བོ་མགྲིན་པ་སྙིང་ཁ་ལྟེ་བ་སོགས་ཀྱི་རྩ་མདུད་གྲོལ་འོང་བ་ཡིན་ནོ། །རྩ་རླུང་དེ་དག་ལས་རུང་དུ་འགྲོ་བ་ལ་སྤྱོ་བོ་ལ་སོགས་པའི་རྩ་གནས་རྣམས་སུ་ཡུལ་ཉེར་བཞིའི་དཔའ་བོ་དཔའ་མོ་བསྒོམས་པས་རྩ་རླུང་ལས་རུང་དུ་འགྱུར་ བ་ཡིན་ནོ། །དེས་ན་ཕྱག་རྒྱ་བཞིའི་སྐོར། ལུས་ཀྱི་རྩ་གཉིས་ཕྲ་རགས་ཀྱི་གནས་ཚུལ། དེ་དག་གི་རླུང་དབུ་མར་འཇུག་པ། རིག་མ་དང་སྙོམས་པར་ཞུགས་ནས་བདེ་ཆེན་འདྲེན་ལུགས་སོགས་དཔལ་འཁོར་ལོ་བདེ་མཆོག་གོས་སྟོན་པས། དེས་ན་ དཔལ་འཁོར་ལོ་བདེ་མཆོག་གི་སྐོར་ལ་མཁས་པར་བྱས་ཤིང་རྒྱུད་ལ་སྐྱེ་དགོས་ཏེ། རྒྱ་གར་འཕགས་ཡུལ་དང་བོད་རྣམས་སུ་ལམ་འདི་བརྟེན་པའི་གྲུབ་ཆེན་སའི་རྡུལ་ལྟར་ཤིན་ཏུ་མང་ཞིང་རྣལ་འབྱོར་བྱེད་པ་ཤ་སྟག་གོ། །དེ་ཡང་ལྷུན་པོའི་ རྩེ་ལ་དངོས་སུ་བཞུགས་ཏེ་བྱིན་རླབས་མྱུར་བའོ། །བདེ་གསང་གཉིས་ཀྱི་བསྐྱེད་རྫོགས་ཀྱི་ལམ་འདི་ལྟ་བུ་རྒྱུད་ལ་སྐྱེ་བ་ལ་འགལ་རྐྱེན་སེལ་ཞིང་མཐུན་རྐྱེན་མཆོག་ཐུན་མོང་གི་དངོས་གྲུབ་མྱུར་དུ་སྒྲུབ་པར་བྱེད་པའི་ཡི་དམ་རྡོ་རྗེ་འཇིགས་ 2-3-255b བྱེད་ལ་བྱེད་དགོས་ཏེ། འདི་ལ་གཞན་དང་མི་འདྲ་བའི་གནད་ཁྱད་པར་ཅན་ལྔ་ཡོད་ལ། གནད་གཅིག་ནི་ད་ལྟར་སྙིགས་མ་ལས་ཀྱང་ཆེས་སྙིགས་པའི་དུས་སུ་སེམས་ཅན་རྣམས་ལེ་ལོ་ཆེ་བ། ཤེས་རབ་ཆུང་བ། དམ་ཚིག་མི་བསྲུང་བ་སྡོམ་པ་ དང་མི་ལྡན་པ། ལོག་ལྟ་ཆེ་བ། གསུང་རབ་ཀྱི་དོན་འབྱེད་པ་ལ་རྨོངས་པ། བླ་མ་དང་གྲོགས་ལ་མི་གུས་པ། སྙིང་རྗེ་ཆུང་བ། ངོ་ཚ་དང་ཁྲེལ་མེད་པ་ཆོས་སྤོང་ཞིང་ཁེངས་པ་ཆེ། འཇིག་ལྟས་ང་རྒྱལ་ཞིང་ལྟ་ངན་གྱི་གཅོང་རོང་དུ་ལྷུང་བ། འདོད་ཡོན་གྱི་ མྱོས་པ། ཚེ་ཐུང་བ། བསོད་ནམས་དང་མི་ལྡན་པ། འབྱུང་པོ་དང་། རོ་ལངས་དང་། གཤིན་རྗེ་དང་། མ་མོ་དང་། བགེགས་དང་ལོག་འདྲེན་གྱི་བར་ཆད་ཧ་ཅང་ཆེ་བའི་དུས་སུ་ཡི་དམ་འདི་དང་མི་ལྡན་ན་ལམ་ཟབ་མོ་མཐར་མི་ཕྱིན་པས། དེས་ན་ དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ང་རྒྱལ་དང་ལྡན་ཞིང་ཐུན་བཞིའི་རྣལ་འབྱོར་ལ་གནས་ན་བགེགས་དེ་ལྟ་བུ་དང་བྲལ་ཞིང་། འབྲས་བུ་རྡོ་རྗེ་འཆང་གི་གོ་འཕང་མྱུར་དུ་ཐོབ་པར། འཇམ་དཔལ་རྩ་རྒྱུད་དང་། གསང་བ་སྤྱི་རྒྱུད་དང་། ཕྱག་ན་གཏུམ་ཆུང་གི་ རྒྱུད་ལ་སོགས་པར་མང་དུ་གསུངས་སོ། །དེའང་། དཔེར་ན་རྒྱ་མཚོའི་གླིང་ནས་ནོར་བུ་རིན་པོ་ཆེ་ལེན་པའི་ཚེ། ལམ་གྲུ་ལ་བརྟེན་ནས་འགྲོ་དགོས་མོད་ཀྱང་དེད་དཔོན་ཐབས་མཁས་ཤིང་ཤེས་རབ་ཚེ་བ། ནོར་བུ་ལེན་པའི་ས་ལམ་གནད་སྔོན་དུ་སོང་བ། བསོད་ནམས་ཀྱི་དུངས་ཆེན་པོ་དང་ལྡན་པ་ཞིག་བསྟེན་དགོས་ཏེ། གྲུར་ཞུགས་ནས་ལམ་ལ་ཆས་པའི་ཚེ། ཆུའི་འགྲོ་ཚུལ་འདི་ལྟ་བུ། འཁོར་ལུགས་འདི་ལྟ་བུ། ཁ་དོག་འདི་ལྟ་བུ། རྒྱང་རིང་ཐུང་འདི་ལྟ་བུ། སྔ་ཕྱི་འདི་ལྟ་བུ། རི་དང་ཀླུང་འདི་ལྟ་བུ་ 2-3-256a འདུག་ཇི་ལྟར་བགྱི་ཞེས་བརྗོད་ན། འདི་ལྟ་བུ་གྱུས་ཞེས་འདི་ལྟ་བུ་གདམས་པ་དང་མཐུན་པར་བགྱིས་པས། དེད་དཔོན་བསོད་ནམས་དང་ལྡན་པའི་སྟོབས་ཀྱིས་ནོར་བུ་མྱུར་དུ་བླངས་ནས་དབུལ་པ་སེལ་བ་སོགས་རང་གང་འདོད་ ཀྱི་འབྲས་བུ་འགྲུབ་པ་བཞིན། ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོལ་ལ་གནས་པས་ལམ་བདེ་གསང་གི་བསྐྱེད་རྫོགས་རྒྱུད་ལ་སྐྱེས་ན་འབྲས་བུ་རྡོ་རྗེ་འཆང་གི་གོ་འཕང་མྱུར་དུ་མངོན་དུ་བཞེད་དོ་ཞེས་དཔེ་དང་བཅས་ནས་གསུངས་ པ་གནང་ཆེའོ། །འོ་ན་ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་ལ་གནས་ནས་ལམ་བདེ་གསང་ནས་བཤད་པའི་བསྐྱེད་རྫོགས་ཀྱི་གནད་མཐར་ཐུག་པ་མེད་པའམ། ཇི་ལྟར་ཡིན་སྙམ་ན། འདི་ལ་ནི་དམར་སེར་འོད་ཀྱི་ཕུང་པོའི་ཚ་ཟེར་ གྱུས་ཁོ་བོའི་བློ་གྲོས་ཡར་པོའི་ཟླ་བཞིན་དུ་རྒྱས་པར་བྱས་པས་བཤད་པར་བྱའོ། །དེ་ཡང་། བདེ་གསང་འཁོར་ཆེན། དུས་འཁོར། དགྱེས་རྡོར་ལ་རང་རང་གི་རྒྱུད་གང་དུ་གཏོགས་པའི་ཁྱད་ཆོས་རེ་ཡོད་མོད་ཀྱང་། བཅོམ་ལྡན་འདས་རྡོ་ རྗེ་འཇིགས་བྱེད་ནི་ཕ་རྒྱུད་གཉིས་ཀ་ནས་བཤད་ལ། མ་རྒྱུད་ཀྱང་སམྦྷུ་ཊ་ནས་བཤད་དོ། །དེས་ན། འདི་ལ་ཕ་རྒྱུད་མ་རྒྱུད་གཉིས་ཀའི་གནད་མཐར་ཐུག་པ་ཡོད་དེ། འདིའི་ཕྱག་མཚན་འཆད་པའི་སྐབས་སུ། གནང་གཅིག་ལ་ རྒྱུ་མ་དང་མེ་ཐབ་ཀྱི་མ་འདུས་པ་ནས་བཤད་པའི་སྒྱུ་ལུས་དང་འོད་གསལ་སྟོན་པའོ། །གནད་གཅིག་ལ། ཁ་ཊཱཾ་གས་བདེ་ལ་འབར་འཛག་སྟོན་ལ། །ཕ་རྒྱུད་རྐྱང་པ་ལ་ཕྱག་འཚན་དུ་ཁ་ཊྭཱཾ་ག་མི་འོང་བས། དེས་ན་ཁ་ཊྭཱཾ་གསལ་འཁོར་ལོ་བདེ་མཆོག་ 2-3-256b ནས་བཤད་པའི་བདེ་སྟོང་གི་རྣམ་གཞག་སྟོན་པའོ། །གནད་གཅིག་ལ། རྡོ་རྗེ་འཇིགས་བྱེད་རང་གི་ཁྱད་ཆོས་གནད་གཞན་ལ་མེད་པའི་ཐུན་མོང་མ་ཡིན་པ་ནི་མེ་ཐབ་སྡིགས་མཛུབ། སྐྱེས་བུ་གསལ་ཤིང་ལ་བསྐྱོན་པ་གསུམ་ཡིན་ལ། དེ་ཡང་ མེ་ཐབ་ཀྱིས་ཤེས་རབ་གཞན་ལས་ཆེ་བ་མཚོན་པའོ། །སྡིགས་མཛུབ་ཀྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ལ་ཉོན་ཅིག་གཅེས་བཀའ་བསྒོས་པས་རྒྱུར་གཞན་ལ་མེད་པའི་ཕ་རྒྱུད་མ་རྒྱུད་གཉིས་ཀའི་མཐར་ཐུག་པ་དེ་ལ་ ཡོད་ཅེས་མཚོན་པ་དང་། འཇིག་རྟེན་ལས་འདས་པའི་ལྷ་ལ་སྡིགས་ན་འཇིག་རྟེན་གྱི་སྟེང་འོག་སོགས་ཕྱོགས་བཅུའི་གདོན་འཇོམས་པ་ལྟ་ཅི་སྨོས་པའོ། །སྐྱེས་བུ་གསལ་ཤིང་ལ་བསྐྱོན་པས་ན་མི་དགེ་བ་བཅུ་དང་། ཆོས་སྤོང་དང་། མཚམས་མེད་སོགས་བྱས་པའི་སྡིག་པོ་ཆེ་བཙན་ཐབས་སུ་མཚང་རྒྱ་བར་སྟོན་པའོ། །དེ་ཡང་། དུར་ཁྲོད་ཀྱི་གསལ་ཤིང་དང་དོན་མི་གཅིག་སྟེ། དུར་ཁྲོད་ཀྱི་ནི་རོ་ཡིན་ལ། འདི་གང་ཟག་གོ། །གནད་གཅིག་ནི། སྤྱིར་རྗེ་བཙུན་ སངས་རྒྱས་ཀུན་གྱི་ཡབ་ཡིན་ཞིང་། འཚང་རྒྱ་འགྱུར་གྱི་ཚེ་རྗེ་བཙུན་ལ་བརྟེན་ནས་འཚང་རྒྱ་བར་དགོས་པ་ཧ་ཅང་ཆེ་མོད། ཁྱད་པར་དུ་རྗེ་བཙུན་རིམ་གྱིས་དམར་ནག་འཇིགས་གསུམ་དུ་ཁྲོས་པའི་རྡོ་རྗེ་འཇིགས་བྱེད་ལ། རྒྱུ་དུས་ འབྲས་དུས། ཡེ་ཤེས་སེམས་དཔའི་སྐབས་སུ་རྗེ་བཙུན་གྱི་ཞལ་དངོས་སུ་ཡོད་པ་ལས། རྗེ་བཙུན་གྱིས་རྗེས་སུ་འཛིན་པས་ཤེས་རབ་སྔ་མ་ལས་ལྷག་པར་ཆེ་བ་ཡིན་ནོ། །འདིའི་རྭ་གཉིས་ཀྱིས་ཡུལ་བདེན་པ་གཉིས་ཀྱི་གནས་ 2-3-257a ཚུལ། ལམ་ཐབས་ཤེས་གཉིས་རྒྱུད་ལ་ཇི་ལྟར་བསྐྱེད་ལ། དེ་བ་སྒྲུབ་པའི་འབྲས་བུ་སྐུ་གཉིས་ཐོབ་ཚུལ་གཞན་ལ་མེད་པ་རྒྱས་པར་སྟོན་པའོ། །དེ་ལྟ་བུའི་འགལ་རྐྱེན་སེལ་ཞིང་མཐུན་རྐྱེན། སྒྲབ་པའི་ཆོས་སྐྱོང་ལ་མདོ་ རྒྱུད་གཞན་ནས་གསུངས་བའི་བཀའ་སྡོད་ཁྱད་པར་ཅན་ཤིན་ཏུ་མང་ཞིང་འགེངས་ཆེ་མོད། དེ་ལྟ་ནའང་གོང་དུ་བཤད་པ་མྱུར་བའི་དབང་དུ་བྱས་པའི་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་དང་མཐུན་པ་ཞིག་ངེས་པར་དགོས་པ་ཡིན་ ལ། དེ་ལ་སྐྱེས་བུ་ཆུང་ངུའི་བསམ་པ་ནི་འཇིག་རྟེན་འདིར་ཡིན་རིང་དུ་མི་གནས་པས། འཆི་བ་མི་རྟག་པ། ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་བསམ་ཞིང་། དེ་ལས་བསྐྱབ་པའི་སྐྱབས་འགྲོ་བསླབ་བྱ་དང་བཅས་པ་ བསམ་ཞིང་རྒྱུད་ལ་སྐྱེ་དགོས་པས། འདི་རྒྱུད་ལ་བསྐྱེད་པ་ལ་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་བསྟེན་དགོས་ཏེ། འདི་ནི་འཆི་བདག་གམ། དགེ་སྡིག་གི་དཔང་པོའམ། སྡིག་པ་ཅན་གྱི་ཆད་ལོས་མཁན་ནམ། དགེ་བ་ཅན་གྱི་སྟངས་ འཛིན་པའམ། ལས་རྒྱུ་འབྲས་གསལ་བྱེད་ཀྱི་མེ་ལོང་། ལེགས་ཉིས་ཚུལ་བཞིན་དུ་སྤྱོད་པའམ་ཆོས་བཞིན་དུ་སྤྱོད་པས་ཆོས་རྒྱས་ཞེས་བྱ་ཞིང་། ལས་དཀར་ནག་གི་རྗེས་སུ་འཇུག་བས་ན། ལས་ཀྱི་གཤིན་རྗེ་ཞེས་ བྱའོ། དེས་ན་སྐྱེས་བུ་ཆུང་ངུའི་ཆོས་སྐོར་འདི་རྣམས་ལམ་གསུམ་གའི་རྩ་བ་ཡིན་པས། འདི་རྒྱུད་ལ་བསྐྱེད་པའི་ཕྱིར་དུ་ལས་གཤིན་བསྟེན་པར་བྱའོ། སྐྱེས་བུ་འབྲིང་གི་བསམ་པ་ནི། འཇིག་རྟེན་ཕྱི་མ་བདེ་བའི་ཐབས་སུམ་ 2-3-257b ཟང་། འཁོར་བ་མཐའ་དག་མེ་འོ་བས་ལྟ་བུར་མཐོང་ནས། དེ་དང་འདྲ་ལ་འདད་ཀྱི་ཐར་པ་དོན་གཉེར་གྱི་བློ་ངེས་འབྱུང་གི་བསམ་པ་ཅན་ཡིན་ལ། འཁོར་བ་མཐའ་དག་ལ་སྙིང་པོ་མེད་པར་མཐོང་ནས། དེ་ལ་ཡིད་སྐྱོ་ཞིང་ངེས་པར་འབྱུང་ བའི་བསམ་པ་ནི་ཚུལ་ཁྲིམས་ཀྱི་བསླབ་པའི་གཙོ་བོ་ཡིན་ཞིང་། འདི་གཉིས་དོན་གཅིག་པས་སོ། །དེས་ན་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་བསྟེན་དགོས་ཏེ། འདི་སྡེ་སྣོད་གསུམ་གྱི་ནང་ནས་འདུལ་བའི་སྡེ་སྣོད་ཀྱི་སྲུང་མའམ། བསླབ་པ་གསུམ་གྱི་ནང་ནས་ཚུལ་ཁྲིམས་ཀྱི་བསླབ་པ་བསྲུང་བའོ། སྐྱེས་བུ་ཆེན་པོའི་བསམ་པ་ནི། རང་ཉིད་འཁོར་བ་ལས་ཐར་བ་ཙམ་གྱིས་མི་ཆོག་པར། མར་གྱུར་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་ མཚོ་ལས་ཐར་བའི་བྱང་ཆུབ་ཀྱི་སེམས་སྐྱེས་པ་ཡིན་ལ། དེ་རྒྱུད་ལ་སྐྱེ་བའི་ཕྱིར་དུ་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་པར་སྤྲུལ་པ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་བསྟེན་པར་བྱའོ། །ཡང་འབྲས་བུ་གཟུགས་ སྐུ་དང་ཆོས་སྐུའི་རྒྱ་ལམ་ཐབས་ཤེས་གཉིས་རྒྱུད་ལ་སྐྱེ་དགོས་པས། བྱང་ཆུབ་ཀྱི་སེམས་རྒྱུད་ལ་བསྐྱིད་བ་ལ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་བསྟེན་དགོས་ཏེ། འདི་ནི་སྙིང་རྗེ་ཅན་གྱི་ཆོས་སྐྱོད་ཡིན་པས་སོ། ། ཤེས་རབ་བམ་ལྟེ་བ་རྣམ་དག་རྒྱུད་ལ་བསྐྱེད་པ་ལ་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་བསྟེན་དགོས་ཏེ། འདི་ན་ཤེས་རབ་ཅན་གྱི་ཆོས་སྐྱོད་ཡིན་པའམ། རྗེ་བཙུན་འཇམ་དཔའ་དབྱངས་ཀྱི་བཀའ་སྡོང་ཡིན་པས་སོ། །དེ་ལྟ་བུའི་ 2-3-258a རྒྱལ་གྱི་ལྷ་ཞོལ་དབེན་གནས་བྱམས་པ་གླིང་དུ་ཡོངས་རྫོགས་པའི་དགེ་བའི་བཤེས་གཉེན་ཆེན་པོ་བློ་བཟང་གྲགས་པའི་དཔལ་གྱི་ཞལ་སྔ་ནས་བཀའ་གནང་སྟེ། སྡོམ་བཙོ་ན་སྡེ་སྣོད་འཛིན་པའི་གནས་བརྟན། བསྟན་པ་རིན་པོ་ཆེ་ལ་གཅེས་སྤྲས་སུ་མཛད་པ་རྣམས་ཀྱི་ཁྲིམས་སུ་བཅའ་བ་ཆུང་བ་དང་པོར་མཛད་པོ།། ༑ །།རྗེ་བཙུན་རེད་མདའ་པའི་གསུང་ངག་དྲིས་ལན་ནི། ན་མོ་མ་ཉྫུ་གྷོ་ཥཱ་ཡ། རྗེ་བཙུན་མཁྱེན་པའི་གཏེར་ལ་ཕྱག་འཚལ་ ལོ། །མི་སློབ་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི། །གོ་འཕང་ཤིན་ཏུ་མྱུར་དུ་ཐོབ་འདོད་ན། །བླ་མ་ཡི་དམ་ཆོས་སྐྱོང་ལམ་གྱི་སྲོག །གྲངས་ངེས་གོ་རིམ་སོ་སོའི་གནད་རྣམས་ཀྱིས། །སྐལ་བཟང་ཧ་ཅང་མྱུར་དུ་འཁྲིད་པའི་ཚུལ། །རྒྱུད་དང་རྗེ་ བཙུན་བླ་མའི་མན་དག་བཞིན། །ལེགས་པར་བཤད་དོ་སྐུ་གསུམ་གོ་འཕང་མཆོག །མྱུར་དུ་ཐོབ་འདོད་དེ་དག་གུས་པས་ཉོན། །དེ་ལ་འདིར་ཐམས་ཅད་མཁྱེན་པའི་གོ་འཕང་ཤིན་རུ་མྱུར་དུ་ཐོབ་པར་འདོད་པའི་གང་ཟག་གིས་འདི་ལྟར་ བསམ་པར་བྱའོ། །དེ་ཡང་རང་ཉིད་སྲིད་པའི་མཚོར་ལྷུང་བ་ཇི་འདྲ་བ་དེ་བཞིན་དུ། མར་གྱུར་སེམས་ཅན་ཀུན་ཀྱང་འཁོར་བ་སྡུག་བསྔལ་གྱི་མཚོ་ཆེན་པོར་ཡུན་རིང་དུ་འཁྱམས་ཤིང་། འཁོར་བ་སྤྱི་དང་ཁྱད་པར་ངན་སོང་གསུམ་གྱི་སྡུག་ བསྔལ་དྲག་ལ་ཙུབ་པ་འཁོར་བའི་སྔོན་མཐའ་མེད་པ་དེ་སྲིད་དུ་ཉོན་མོངས་པས་ཡིད་ཤིན་ཏུ་སྐྱོ་བ་དང་། ད་དུང་ཡང་མར་གྱུར་འགྲོ་བས་དེ་དག་གི་གཏིང་མ་མཐོང་ཞིང་ལམ་གྱི་སྲོང་མཐར་ཐུག་པ་ཞིག་མ་ཐོབ་པ་ན། མངོན་མཐོ་རེ་ཙམ་ 2-3-258b ཐོབ་པས་གང་དུ་མི་ཕྱིན་ལ། དེ་ཡང་འཁོར་བའི་རྩ་བ་མ་རིག་པ་མཆོད་ན་དེའི་དབང་གིས་ད་དུང་འཁོར་བར་འཁྱམ་ཞིང་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་མྱོང་དགོས་པ་འདི་དག་མ་བཟོད་ནས། འདི་ལས་ཐར་པར་བྱེད་པའི་མཐུ་ནུས་ སངས་རྒྱས་མ་གཏོགས་གཞན་གང་ལ་ཡང་མེད་ལ། དོ་ཐོབ་པར་བྱེད་པའི་ཐོབ་རྒྱུས་བཅུ་དང་ལམ་ལྔའི་གྲངས་ངེས་གོ་རིམ་སོགས་རྒྱས་པར་མཚན་ཉིད་ཐེག་པ་ནས་ལན་གྲངས་མང་པོ་གསུངས་ཀྱང་། ལམ་དེར་འགྲོད་པ་ནི་བསྐལ་པ་གྲངས་ མེད་སུམ་ཅུ་ཙ་གསུམ་མམ། གྲངས་མེད་བདུན་ནམ། གྲངས་མེད་གསུམ་དུ་ངེས་པར་ཚོགས་བསག་དགོས་སོ། །དེས་ན་ལམ་ཐུན་མོངས་བས་རྒྱུད་ལེགས་པར་སྦྱངས་ནས་ངེས་པ་ཁོ་ནར་སྐལ་བཟང་སྐྱེ་བོའི་འཇུག་ངོགས། ཐེག་པ་ཀུན་ གྱི་མཆོག་ཏུ་གྱུར་པ་ཆེ་གཅིག་ལ་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བྱེད་ནུས་པའི་ཐབས་མཁས་ཀྱི་ལམ་ཁྱད་པར་ཅན་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་འཇུག་པར་བྱ་དགོས་ཏེ། ལམ་འདི་ནི་སྐྱེ་བ་བཅུ་དྲུག་གམ། །བདུན་ནམ། བར་དོའི་ ཚེ་གཅིག་ལ་རྡོ་རྗེ་འཆང་གི་གོ་འཕག་མངོན་དུ་བྱེད་ནུས་པར་རྒྱུད་དང་རྒྱ་གཞུང་དང་གྲུབ་ཆེན་རྣམས་ཀྱིས་ཡང་དང་ཡང་དུ་གསུངས་པ་ལ་ངེས་ཤེས་ཁྱད་པར་ཅན་སྐྱེ་དགོས། །ཁ་ཅིག །སྔགས་ཀྱི་སྣོད་ལྡན་དུ་མ་གྱུར་པས་ཟབ་ལམ་འདི་ལྟ་ བུ་ཡོད་བཞིན་དུ་དེ་ལ་རང་གར་མཐོང་ནས། རིགས་ལམ་ལ་ཆེད་དུ་གཉེར་ནས་འཇུག་པ་ནི་ལམ་བཟང་འདི་ལྟ་བུ་ལ་འཇུག་པའི་སྐལ་བ་དང་བྲལ་ནས་ལམ་འདི་ཉམས་སུ་ལེན་པ་ལྟ་ཅི་སྨོས། འདི་འདྲའི་ཚིག་ཙམ་ཡང་མི་ཐོས་པས་བསྐལ་ལ་ 2-3-259a འབྲས་བུ་སྐུ་གསུམ་གྱི་གོ་འཕང་མངོན་དུ་བྱེད་པའི་བར་གྱི་ལམ་ཐུན་མོང་བས་རྒྱུད་སྦྱངས་པ། དེའང་སྐུ་གསུམ་གྱི་ལམ་ལ་རིམ་གྱིས་འཁྲིད་ཚུལ། ཐུན་མོང་མ་ཡིན་པ་སྔགས་ལམ་ལ་འཇུག་པ་ཡང་དབང་རྣམ་ བར་དག་པ་ཐོབ་པ། ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བསྲུང་བ། རིམ་གཉིས་རྒྱུད་ལ་སྐྱེད་ཚུལ་སོགས་གྲངས་ངེས་གོ་རིམ་སོ་སོའི་ངོ་བོ་རྣམས་མྱོང་བ་རྒྱུད་ལ་བསྐྱེད་ཅིང་གོ་བ་ཆགས་པར་བྱེད་པ་དང་། འདི་དག་གི་བཤར་སྒོམ་ཙམ་རེ་བྱེད་པ་ལ་ཡང་ལམ་གྱི་ལུས་ཡོངས་སུ་རྫོགས་པའི་ཉམས་ལེན་གྱི་གནོད་ཚང་བ་ཡིན་པས། ས་ཆོད་དང་དགེ་སྦྱོར་གྱི་བྱེད་ཚུལ་གཏན་འདྲ་བ་མིན་ནོ། །དེས་ན་རྫེ་བཙུན་ལ་ཞུས་ལ། མྱོང་བ་ལ་དཀར་ བའི་དགེ་སྦྱོར་བྱེད་ཚུལ་ཚེ་ཐུང་འདི་ལ་བོགས་ཆེ་བའི་ཉམས་ལེན་གྱི་གནད་རྫོགས་པ་ཞིག་ཞུས་ལ་བསྐུར་གསུང་བའི་གསུང་ཤོག་ནན་ཅན་བསྐུར་བྱུང་བས། བདག་གིས་རྗེ་བཙུན་འཇམ་དཔལ་དབྱངས་ལ་ཕྱི་ནང་གསང་བའི་མཆོད་ པ་བསམ་གྱིས་མི་ཁྱབ་པ་ཕུལ་ནས་གསོལ་བ་དྲག་པོ་ཕུར་ཚུགས་སུ་བཏབ་པ་ལ་བརྟེན་ནས། ཚེ་གཅིག་ལ་རྡོ་རྗེ་འཆང་གི་གོ་འཕང་ཆེས་ཤིན་ཏུ་ནས་ཀྱང་མྱུར་བ་མངོན་དུ་བྱེད་པའི་ལམ་གྱི་གནད་ཐམས་ཅད་མ་ཚང་བ་ མེད་པར་ཡོངས་སུ་རྫོགས་པ་གཅིག་ཏུ་དྲིལ་ནས་ཉམ་སུ་ལེན་ཚུལ་འདི་བཞིན་གྱིས་གསུང་བའི་རྗེ་བཙུན་གྱི་གསུང་ངག་ཡི་གེར་བཏབ་ནས་ཕུལ་བ་ལགས། ཉམས་ལན་གྱི་གནད་འདི་ལྟ་བུ་ཆེས་ཆེར་ནས་ཤིན་ཏུ་དཀོན་ཅིང་ 2-3-259b གསང་བ་མཐར་ཐུག་པར་འདུག་པ་གཞན་ལ་གཏན་ནས་མི་སྟོན་པ་ཞུ་ཞུ། འདི་དག་གི་དོན་རེ་རེ་བཞིན་ཞིབ་བར་གསུང་པ་རྣམས་མཇལ་དུས་ཞུ་བར་སྨོན། ཞུ་ཡིག་གི་རྟེན་དུ་ཧད་ཁྲུད་ཇ་སེར་པོ་ཞོ་ལྔ་ཕུལ་བ་དགེ་ལེགས་འཕེལ་བར་ གྱུར་ཅིག །རྗེ་བཙུན་རེད་མདའ་བའི་ཞུ་ཡིག་ལན། རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་བས་རྗེ་བཙུན་འཇམ་དཔལ་དབྱངས་ལ་ཞུས་ནས་ཕུལ་བའི་ཉམས་ལེན་གྱི་གནད་ཡོངས་སུ་རྫོགས་པར་དྲིལ་ནས་ཐུགས་ཉམས་སུ་བཞེས་ཚུལ་ ལོ།། ༑ །།བླ་མའི་རྣལ་འབྱོར་ཆུང་ངུ་བཞུགས་སོ།། ༈ །།སྐྱབས་འགྲོ་སེམས་བསྐྱེད་བྱ། མདུན་གྱི་ནམ་མཁའི་གནས་སུ། སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ། སྣ་ཚོགས་པདྨ་དང་ཟླ་བ་དང་ཉི་མའི་གདན་ལ། རྩ་བའི་བླ་མ། ངོ་བོ་བླ་མ་ལ། རྣམ་པ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་པས་རྡོ་རྗེ་དང༌། གཡོན་པས་དྲིལ་བུ་ཐུགས་ཀར་བསྣོལ་ནས་འཛིན་པ། མཚན་སོ་གཉིས་ དང་དཔེ་བྱད་བརྒྱད་ཅུས་བརྒྱན་པ། དབུ་སྐྲ་རལ་པ་ཐོར་ཚུགས་སུ་བྱས་པ། རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། དཔུང་རྒྱན། ཕྱག་གདུབ། ཞབས་གདུབ་གིས་བརྒྱན་པ། དར་སྣ་ཚོགས་ཀྱི་ཤམ་ཐབས་ཅན། དེའི་ དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་རྣམས་དང༌། ཡི་དམ་དཀྱིལ་འཁོར་སངས་རྒྱས་དང་བྱང་ཆུབ་ 2-3-260a སེམས་དཔའ་དཔག་ཏུ་མེད་པ་སྤྱན་དྲངས། དེ་ཉིད་ལ་ཐིམ། མཁའ་འགྲོ་ཆོས་སྐྱོང་དྲག་པོའི་མཚོན་ཆ་སྣ་ཚོགས་བཟུང་ནས། རང་གི་ཕྱོགས་བཞི་མཚམས་དང་བརྒྱད། །སྟེང་འོག་གཉིས་དང་བཅུར་གནས་པས། །རང་ གི་བར་ཆད་ཐམས་ཅད་སེལ་བར་གྱུར། མཎྜལ་ཕུལ། གསོལ་བཏབ་པས། བླ་མའི་དཔྲལ་བའི་ཨོཾ་དཀར་པོ་ལས་འོད་ཟེར་དཀར་པོ་བྱུང༌རང་གི་དཔྲལ་བར་ཐིམ། ལུས་ཀྱི་སྡིག་སྒྲིབ་དག །བུམ་པའི་དབང་ཐོག སྐུའི་ དབྱིབས་ཞུགས། མགྲིན་པའི་ཨཱཿདམར་པོ་ལས་འོད་ཟེར་དམར་པོ་བྱུང༌། རང་གི་མགྲིན་པར་ཐིམ། ངག་གི་སྒྲིབ་པ་དག །གསང་བའི་དབང་ཐོབ། གསུང་གི་དབྱིབས་ཞུགས། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་སྔོན་པོ་བྱུང༌། རང་གི་ སྙིང་ཁར་ཐིམ། སེམས་ཀྱི་སྡིག་སྒྲིབ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཐུགས་ཀྱི་དབྱིབས་ཞུགས། སྐུ་གསུང་ཐུགས་ཀྱི་ཡི་གེ་གསུམ་ལས། འོད་ཟེར་དཀར་དམར་སྔོ་གསུམ་བྱུང༌། རང་གི་ལུས་ངག་ཡིད་གསུམ་ སྤྱི་ལ་ཐིམ། ལུས་ངག་ཡིད་གསུམ་སྤྱིའི་སྡིག་སྒྲིབ་དང༌། བག་ཆགས་ཀྱི་སྡིག་སྒྲིབ་ཐམས་ཅད་སྦྱངས། དབང་བཞི་པ་ཚིག་དབང་རིན་པོ་ཆེ་ཐོབ། སྐུ་གསུང་ཐུགས་དབྱེར་མི་བྱེད་པ་རྡོ་རྗེ་འཆང་ཆེན་པོའི་དབྱིབས་ཞུགས་པར་ བསམས་ལ། རང་ཐ་མལ་དུ་གནས་པའི་རྣམ་པར་ཤེས་པ་ཧཱུཾ་དུ་གྱུར་པ་སྤྱི་བོ་ཚངས་བུག་ནས་ཐོན་པ། རྡོ་རྗེ་རྣལ་འབྱོར་མ་དམར་མོ་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་པ་འཛིན་པར་གྱུར། རང་གི་མདུན་དུ་ཡཾ་ལས་ 2-3-260b རླུང་གི་དཀྱིལ་འཁོར་སྔོན་པོ། གཞུའི་དབྱིབས་ཅན། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ་དེའི་སྟེང་དུ་ཨཱཿལས་མི་མགོའི་སྒྱེད་བུ་གསུམ། རྡོ་རྗེ་རྣལ་འབྱོར་མས་རང་གི་ལུས་ཐ་མལ་དུ་གནས་པའི་སྨིན་ མཚམས་ནས་བྲེག་པའི་ཐོད་པ། མི་མགོའི་སྒྱེད་བུ་གསུམ་གྱི་སྟེང་དུ་བཀལ་བས། སྟོང་གསུམ་འཇིག་རྟེན་གྱི་ཁམས་དང་མཉམ་པར་གྱུར། ལག་པ་གཡོན་པ། རྐང་པ་གཡོན་པ། ལག་པ་གཡས་པ། རྐང་པ་གཡས་པ། བུམ་ ལྡིར་རྣམས་རིམ་པ་བཞིན་དུ། ཐོད་པའི་ནང་དུ་བསྒྱུར། འོག་གི་རླུང་གཡོས་མེད་སྦར། ཐོད་པའི་རྫས་རྣམས་བསྐོལ་བའི་ནང་དུ། ཨོཾ་ཨཱཿཧཱུཾ་གསུམ་གྱི་ཡི་གེ་གསུམ་གནས་པ་ལས་འོད་འཕྲོས། སངས་རྒྱས་བྱང་ཆུབ་སེམས་ དཔའི་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས། ཡི་གེ་གསུམ་ལ་ཐིམ། ཡི་གེ་དང་བཅས་པ་ཐོད་པའི་ནང་དུ་ལྷུང་བས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། རྡོ་རྗེ་རྣལ་འབྱོར་མའི་ཐུགས་ཀ་ནས། རྡོ་རྗེ་རྣལ་འབྱོར་མ་ཐོད་ པ་ཐོགས་པ་དཔག་ཏུ་མེད་པ་འཕྲོས། ཐོད་པའི་ནང་གི་བདུད་རྩི་ཐོད་ཕོར་གྱིས་བཅུས་ཏེ། རྩ་བའི་བླ་མ་ལ་དྲངས། ཐུགས་དགྱེས་པར་བསམ། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ དཔག་ཏུ་མེད་པ་ལ་དྲངས། དེ་རྣམས་ཐུགས་དགྱེས། མཁའ་འགྲོ་ཆོས་སྐྱོང་དཔག་ཏུ་མེད་པ་ལ་དྲངས། དེ་རྣམས་ནུས་པ་དང་ལྡན་པར་གྱུར། གཞན་ཡང་རིགས་དྲུག་སེམས་ཅན་ཐམས་ཅད་ལ་དྲངས། དེ་རྣམས་སྡུག་ 2-3-261a བསྔལ་མཐའ་དག་དང་བྲལ་བར་གྱུར། གནོད་བྱེད་འབྱུང་པོ་ལན་ཆགས་རྣམས་ལ་དྲངས། དེ་རྣམས་གནོད་པ་དང༌། གདུག་པའི་བསམ་པ་ཐམས་ཅད་དང་བྲལ་བར་གྱུར། རིགས་དྲུག་ཕྱིན་གྱི་མགྲོན་སྟོང་པ་ ཉིད་དུ་གྱུར། རྡོ་རྗེ་རྣལ་འབྱོར་མ་ཐམས་ཅད་ཀྱང་རང་ལ་ཐིམ། བླ་མ་ཁྲི་དང་བཅས་པ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་འོད་དུ་ཞུ་ནས། རང་ལ་ཐིམ་པས་རང་གི་ལུས་ངག་ཡིད་གསུམ་དང་ བླ་མའི་སྐུ་གསུང་ཐུགས་དབྱེར་མེད་དུ་གྱུར། རང་ཡང་འོད་དུ་ཞུ་ནས་སྟོང་པ་ཉིད་དུ་གྱུར། དམིགས་མེད་ཀྱི་ངང་ལ་བཞག །བསྔོ་བ་སྨོན་ལམ་བྱ། ཞེས་པའི་བླ་མའི་རྣལ་འབྱོར་ཐམས་ཅད་མཁྱེན་པ་ཤར་བཙོང་ཁ་པ་བློ་བཟང་གྲགས་ པའི་དཔལ་གྱིས་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་སྦྱར་བའོ།། ༈ །།རྗེ་རེད་མདའ་པས་སྙིམ་པའི་མེ་ཏོག་གི་འཆད་ཉན་ཨེ་ཚུགས་གཟིགས་གསུང་པའི་ཞུ་ལན་ས་སྐྱ་བ་ངག་དབང་གྲགས་པའི་ཞུ་ལན་དུ་གནང་བ། བཤེས་གཉེན་སྦ་བ་ལ་གནང་བ། བསྔོ་བའི་ རིམ་པ་རྣམས་བཞུགས།། ༈ །།བསྟན་པ་རིན་པོ་ཆེའི་མངའ་བདག་འདྲེན་མཆོག་རིན་པོ་ཆེའི་སྤྱན་སྔར། བློ་བཟང་གྲགས་པས་ཞུ་བ། སྐུ་ཁམས་རིན་པོ་ཆེ་འགྲོ་བའི་བསོད་ནམས་ཀྱི་ཞིང་དུ་བརྟན་པའི་སྐབས་ནས། བཀའ་ཤོག་གནང་བ་འཕྲོད་པ་ཐུགས་ལ་བཏགས། འདིར་ཡང་བླ་མ་དཀོན་མཆོག་གི་ཐུགས་རྗེ་ལ་བརྟེན་ནས་བདེ་བར་གྱུར་ལགས། སྐབས་ཀྱི་ཞུ་བ་དཔལ་གསང་བ་འདུས་པ་ལ་ལུགས་གསུམ་གྱི་རྣམ་དབྱེ་ 2-3-261b བྱུང་བའི་ཚུལ་དགོངས་པ་ལྟར་གནང་བས་ཤིན་ཏུ་ཡ་མཚན་ལགས། མཁས་པ་ཤཱནྟི་པའི་ལུགས་དེ་སྔ་གོང་ཞུས་པ་བཞིན་འགྲེལ་པ་དེའི་ལུང་ཙམ་ཡང་མ་ཐོབ་པས་དེ་ལ་ཡིག་འཇོག་དང་བཤད་ཉན་བྱས་ཀྱང་མང་པོའི་ཁ་སྨྲ་བ་ ཞིག་དང་ཕན་ཆེར་མེད་པ་ཞིག་ལས་མི་ཡོང་བར་སྣང་བས་དེ་ལྟར་བྱེད་པ་མ་བྱུང་ལགས། སྤྱིར་བཀའ་སྩལ་ལ་མ་གུས་པ་མ་ལགས། དེ་ལྟར་དགོངས་པ་ཐུགས་ལ་འདོགས་པར་ཞུ། རྩ་རྒྱུད་ཀྱི་ལེའུ་དང་པོས་མདོར་བསྟན་པའི་དོན་ ལེའུ་ཕྱི་མ་བཅུ་དྲུག་གིས་རྒྱས་པར་བཤད་པ་རྣམས་བསྙེན་སྒྲུབ་ཡན་ལག་བཞིར་བསྡུས་པ་ཞིག་འཕགས་ལུགས་ལའང་ངེས་པར་ཡོད་ལ། དེ་ཡང་ཡན་ལག་བཞི་རེ་རེ་ལ་ལེའུ་བཞི་བཞིར་བྱས་ནས་འཆད་པའི་ཚུལ་འཕགས་ པ་ཡབ་སྲས་དང་ཟླ་བ་གྲགས་པ་ནས་བརྒྱུད་པའི་མན་ངག་ལ་བརྟེན་ནས་ནཱ་རོ་པ་མིང་གཞན་སྙན་གྲགས་བཟང་པོའི་རྒྱུད་ཕྱི་མའི་འགྲེལ་པ་འདི་ཤིན་ཏུ་ལེགས་པ་ཞིག་འདུག་པ། དེའི་ལུང་སྐོར་སྔར་ཐོབ་པས་དེའི་སྟེང་ནས་ཡིག་ འཇོག་ཅིག་དང་བཅས་པ་ཞིག་ཨེ་ཡོང་སྙམ་པ་སྔ་རབས་ནས་ཡོད་པས་ད་དུང་རྩོལ་བ་བྱེད་པར་བདོག་ལགས། སྙིམ་པའི་མེ་ཏོག་གིས་བསྐྱེད་རིམ་བསྙེན་སྒྲུབ་ཡན་ལག་བཞིར་བསྡུས་པའི་རེ་རེའི་དོན་རྩ་རྒྱུད་ལེའུ་བཞི་ བཞིར་འཆད་པ་ཡང༌། དང་པོ་བསྙེན་སྒྲུབ་བཞིའི་སྒྲ་དོན་ལ་བརྟེན་ནས་སོ་སོའི་མཚན་ཉིད་རྒྱུད་དང་འགྲིག་པའི་ངེས་པ་ཐོབ་པ་རེ་བྱུང་ནས། དེ་ནས་རྩ་རྒྱུད་ཀྱི་ལེའུ་བཞི་བཞིས་དེ་རྣམས་སྟོན་པར་སྦྱར་བ་ན། ལེའུ་དེ་དག་ལས་དོན་ 2-3-262a དེ་སྟོན་པར་ཤིན་ཏུ་གསལ་བ་རེའི་ངེས་པ་ཐོབ་དགོས་པར་སྣང་ནའང༌། འགྲེལ་པ་དེ་ལས་ངེས་པ་དེ་རྙེད་དཀའ་བར་སྣང་ཞིང༌། གཞན་ལས་ཀྱང་དེའི་ངེས་པ་སྟེར་བ་མི་སྣང་བས་ཤིན་ཏུ་དཀའ་བར་སྣང༌། རྫོགས་རིམ་བསྙེན་ སྒྲུབ་ཡན་ལག་བཞིར་སྡུད་པའི་སྦྱོར་བ་ཡན་ལག་དྲུག་གི་ལམ་སྒོམ་ཚུལ་དེར་བཤད་པ་རྣམས་ལའང་ལུགས་དེར་རྫོགས་རིམ་མཐར་ཐུག་པར་ནི་འདོད་དགོས་ལ། དེ་ལྟ་ན་དེས་རྫོགས་རིམ་གྱིས་ལུས་ལ་གནད་དུ་བསྣུན་པའི་ ཚུལ་མཐར་ཐུག་པར་འདི་ལྟར་འགྱུར་ཞེས་པའི་དོན་ཡང་གཞུང་དེ་ལས་ངེས་པ་ཤིན་ཏུ་ཐོབ་དཀའ་བར་སྣང་ངོ༌། །དེ་ཕྱིར་འབྲུ་ནོན་རེ་ཙམ་དང༌། བསྐྱེད་རིམ་གྱི་ཆོག་ཁྲིགས་ཙམ་དང༌། རྫོགས་རིམ་གྱི་དམིགས་པ་ཇི་ལྟར་འཛིན་པའི་ ཚུལ་ཙམ་ཤེས་པར་སྣང་ཡང༌། ལུགས་དེའི་གནད་མཐར་གཏུགས་པ་བཤད་པའི་སྒོ་ནས་བློ་གྲོས་ཆེན་པོ་དང་ལྡན་པ་རྣམས་དགའ་བ་བསྐྱེད་ནུས་པའང་ཤིན་ཏུ་དཀའ་བར་སྣང་ལགས་པས་དགོངས་པར་ཞུ། རྒྱུ་མཚན་ཞིབ་པར་ སྒྲུབ་པ་དཔལ་པས་ངག་ཏུ་འབུལ་བར་བདོག་ལགས། ཟླ་བ་གསུམ་པའི་ཚེས་གཅིག་ལ་ཕུལ་བའི་ཞུ་ཡིག་གཟིགས་པའི་རྟེན་མཚོན་པར་ཇ་དཀར་ཞོ་གང་ཕུལ་ལགས། འདི་ནི་རྗེ་རེད་མདའ་པས་སྙིམ་པའི་མེ་ཏོག་གི་འཆད་ཉན་ཞིག་ ཨེ་ཚུགས་གཟིགས་གསུང་བའི་ལན་དུ། རྗེ་ཐམས་ཅད་མཁྱེན་པས་མཛད་པའོ།། ༈ །།སྲིད་པའི་ཕུན་ཚོགས་དུ་མའི་རྩེར་སོན་ཅིང༌། །མངོན་རློམ་རི་བོ་མཐོན་པོ་ལ་འཛེགས་པ། །ཚངས་དང་ལྷ་ཆེན་རྣམས་ཀྱི་གཙུག་གིས་ཀྱང༌། །གང་གི་ཞབས་ 2-3-262b རྡུལ་གུས་པས་རབ་བསྟེན་པ། །ལྷ་ཡི་ལྷར་གྱུར་རྗེ་བཙུན་མཁྱེན་པའི་གཏེར། །འཇམ་པའི་དབྱངས་ཀྱིས་འགྲོ་བའི་དབུགས་འབྱིན་པ། །འཇམ་པའི་དབྱངས་ཀྱི་ཞབས་ཀྱི་པདྨོ་དེ། །སྐྱེ་ཞིང་སྐྱེ་བར་གཙུག་ན་མཛེས་གྱུར་ཅིག །རྣམ་དཀར་ ལས་ཀྱི་བྱེད་པོ་ཡིས། །རྣམ་དཔྱོད་བགོ་སྐལ་ལྷག་བྱིན་པས། །རྣམ་མང་གཞུང་ལ་མངའ་བརྙེས་པ། །རྣམ་འདྲེན་བཤེས་གཉེན་དམ་པ་རྒྱལ། །རྒྱལ་བའི་གསུང་རབ་མདོ་སྔགས་ཀྱིས་བསྡུས་པའི་ནང་རིག་པ་དང༌། ཐ་སྙད་ཀྱི་ གཞུང་དུ་མ་ལ་རྣམ་དཔྱོད་ཀྱི་སྣང་བ་ཆེས་ཆེར་རྒྱས་པའི་བཤེས་གཉེན་ཆེན་པོ་ངག་དབང་གྲགས་པ་སྐུ་ཁམས་རིན་པོ་ཆེ་འགྲོ་བའི་བསོད་ནམས་ཀྱི་ཞིང་དུ་བརྟན་ཅིང༌། འཕྲིན་ལས་བཟང་པོ་ཕྱོགས་སུ་རྒྱས་པའི་སྐབས་ ནས་དོན་བཟང་ལ་ཚིག་གི་སྦྱོར་བ་ལེགས་པའི་འཕྲིན་ཡིག་གཟུངས་སྔགས་ཀྱི་སྐྱེས་དང་བཅས་པ་བདག་གི་སུག་པར་ཕྱིན་པས་ཡིད་ཤིན་ཏུ་རངས་པར་བྱས། འདིར་ཡང་དགེ་བར་མཆིས། དམ་པ་ཁྱེད་གཞན་གྱི་ལེགས་ པར་བཤད་པ་ཕུན་སུམ་ཚོགས་པ་མཐོང་བས། རང་གི་ཡིད་ཚེར་མའི་མལ་དུ་མའི་འཇུག་པར་མ་ཟད། ཚིག་དང་དོན་གྱི་རོ་མྱངས་པ་ལས་བྱུང་བའི་དགའ་བདེ་འཕེལ་བར་བྱུང་གསུང་བ་ནི། རིགས་པ་དང་མི་རིགས་པ་ཚུལ་ བཞིན་དུ་དཔྱོད་པར་ནུས་ཤིང༌། གཟུ་བོའི་བློ་དང་ལྡན་པའི་དམ་པ་རྣམས་གང་ནས་གཤེགས་པའི་ལམ་དེ་ཉིད་ནས་སོང་བར་མཐོང་ནས། བདག་གི་ཡིད་ཀྱང་ཆེས་རངས་པས་དྲངས་པའི་ངག་གིས་དམ་པ་རྣམས་ཀྱི་ཀུན་ཏུ་སྤྱོད་ 2-3-263a པ་ནི་འདི་འདྲ་བས་སོ་ཞེས་གཞན་ལའང་གྲགས་པའི་འཕྲེང་བ་སྤེལ་ཞིང་མཆིས། ཐོས་མང་མཁྱེན་པ་རྒྱ་ཆེ་ལ། །རིགས་ལམ་དུ་མར་ངལ་བྱས་ཤིང༌། །བརྩོན་ལྡན་གཟུར་གནས་ངང་ཚུལ་ཅན། །ཁྱེད་ལ་མང་དུ་སྨོས་ཅི་ དགོས། །དེ་ལྟར་ན་ཡང་མ་འདྲིས་མཛའ་བཤེས་ལ། །ཅུང་ཟད་གསོལ་བ་འདི་ཡང་དགོངས་པར་མཛོད། །སྲིད་ཞིའི་ཕུན་ཚོགས་འབྱུང་བའི་སྒོ་གཅིག་པུ། །རྒྱལ་བའི་བསྟན་པ་རིང་དུ་གནས་པ་ནི། །གཞུང་ལུགས་ གདམས་པར་ཤར་བའི་མང་ཐོས་ཀྱིས། །སྒྲུབ་པ་སྙིང་པོར་བྱེད་ལ་རག་ལས་པས། །མཁས་ཁྱོད་མང་ཐོས་དོན་ལྡན་མཛད་པ་ཡི། །ལྷ་དང་བཅས་པའི་འཇིག་རྟེན་མགུ་བར་མཛོད། །སྐལ་བཟང་རྣམ་དཔྱོད་ཅན་གྱི་སྐྱེ་ བོ་ཡིས། །སྙིང་ནས་ཤེས་པར་འདོད་པའི་འབྲེལ་གཏམ་རོ། །ཡིད་ལ་སྐལ་བཟང་སྩོལ་པ་ལས་ལྷག་པའི། །དགའ་བའི་ལོངས་སྤྱོད་འདི་ན་མ་མཆིས་པས། །དེ་ཕྱིར་ཐེག་མཆོག་གཏམ་གྱི་འགྲོ་བ་ལས། །བྱུང་བའི་ དགའ་དང་བདེ་དང་དང་བ་ཡིས། །ལུས་ཀྱི་སྤུ་ལོང་རྒྱས་པའི་དགའ་སྟོན་ལ། །ཡང་ཡང་འདུ་བའི་སྨོན་པའང་བགྱིད་པར་འཚལ། །ཞེས་དབོ་ཟླ་བའི་ཉེར་གཉིས་ལ་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་ནས་ བློ་བཟང་གྲགས་པའི་དཔལ་གྱིས་ཕུལ་བ་དགེ་ལེགས་སུ་གྱུར་ཅིག །ཅེས་པའི་སྐྱེས་ཀྱི་བརྡ་མཚོན་ཙམ་དུ་དར་ཆེན་དཀར་པོ་མཆུ་འགྲི་ལ་ཡོད་པ་ཁ་གང་འབུལ། འདི་ས་སྐྱ་པ་ངག་དབང་གྲགས་པའི་ཞུ་ལན་དུ་གནང་བའོ།། 2-3-263b ༈ །།རྗེ་ཐམས་ཅད་མཁྱེན་པས་མཛད་པའི་བྱ་དཀའི་སྙན་ངག་ཨའི་དབྱངས་ངེས་བཞུགས་སོ།། ༈ །།ཡང་དག་ལམ་ལ་རབ་གནས་པ། །ལས་ངན་བག་ཆགས་ཐམས་ཅད་སྤངས། །གཞན་ཕན་ཐབས་མང་རབ་མངའ་བ། །དག་པ་སར་གནས་འཇམ་ དཔལ་དང༌། །གཞན་ཡང་འཕགས་པ་ཐམས་ཅད་ལ། །ལྷག་བསམ་དག་པས་རབ་དད་ནས། །ཟབ་ལམ་མན་ངག་དམ་པ་འཆད། །ལྷག་པར་དགའ་བས་མཉན་པར་འཚལ། །ལས་ངན་བག་ཆགས་བསགས་པ་ལས། །མངལ་ དང་གཞན་ཡང་གནས་ངན་འགར། །རང་དབང་སྤངས་ནས་བཙལ་བ་དང༌། །རྣམ་མང་ན་ཚས་ཡང་ཡང་མནར། །རྒས་པས་ཡན་ལག་ཉམས་དང་འདར། །རྐང་ལག་ཞ་དང་མདངས་ངན་པ། །ཐམས་ཅད་ལས་ངན་དབང་ལས་ ལགས། །ལས་ངན་ཆགས་སྡང་མ་སྤངས་ན། །རང་གཞན་ཐམས་ཅད་ལས་ངན་ལས། །ནམ་ཡང་ཐར་བར་དཀའ་བས་ན། །ཆགས་སྡང་སྤང་ལ་འབད་པར་འཚལ། །རྣམ་དཀར་ལས་ལས་ཐར་པ་དང༌། །ལས་ངན་བསགས་ པས་གནས་ངན་འགར། །ཡང་ཡང་མནར་བ་རབ་བསམས་ནས། །དཀར་ནག་ལས་ལ་གདམ་ག་འཚལ། །རབ་གནག་ལས་ལ་གང་དགའ་བ། །ལས་ངན་དབང་ལས་བསད་པ་དང༌། །བཅད་དང་བཏགས་པས་རྣམ་པར་ མནར། །ནགས་ཚལ་ཡངས་པ་མཐའ་ཡས་པར། །བཤང་ལམ་བརྡར་བས་བཅད་པ་དང༌། །རབ་ཚ་ཟངས་ནང་ཉམ་ང་བར། །ཤ་དང་པགས་པ་ཞག་རྣམས་ཟད། །མཁའ་ལ་འདབ་མ་འབར་བ་དང༌། །རྣམ་མང་མདའ་ཆར་ 2-3-264a ཡང་ཡང་འབབ། །རབ་འབར་ཚ་བ་དང་ལྡན་པར། །དཔག་ཡས་བསྐལ་པར་གནས་ཀྱང་འཚལ། །གཞན་ཡང་པདྨ་ལྟར་གས་ནས། །ཉམ་ཐག་པར་ཡང་གནས་པ་དག །ཐམས་ཅད་ལས་ངན་དབང་ལགས་པ། ། ལས་ངན་སྤང་ལ་འབད་པར་འཚལ། །གཞན་ཡང་ལས་ངན་བསག་པ་ལས། །རྟ་འམ་བ་གླང་མངལ་བཙས་ནས། །རང་དབང་རབ་སྤངས་ཐག་པས་བཏགས། །བསད་དང་བཅད་པས་ཉམ་ཐག་འབར། །ལ་ལ་ཁལ་ མང་བཀལ་བས་མནར། །ཕན་དང་དགའ་བ་སྤངས་པ་དག །ཐམས་ཅད་ལས་ངན་དབང་ལགས་པས། །ལས་ངན་སྤང་ལ་འབད་པར་འཚལ། །ལས་ངན་དབང་ལས་གང་ཟག་འགས། །ཡང་དག་ཁ་ཟས་མ་འཚལ་བར། ། ཐལ་དང་བཤང་བ་ཟ་བའམ། །ཁ་ཟས་གཏན་ནས་མ་འཚལ་བས། །ཉམ་ཐག་པར་ཡང་རྣམ་པར་གནས། །ལ་ལ་རྐང་ལག་མཐའ་དག་ཞ།། །སྣ་དང་ཡན་ལག་མ་ཚང་བས། །གཞན་འགས་སྨད་དང་བརྙས་པར་མཛད། ། ལ་ལ་གཅན་གཟན་མངལ་བཙས་ནས། །གཞན་ལ་སྡང་བས་རྣམ་པར་གནས། །ལ་ལ་ཉ་དང་ཕག་པར་གནས། །འདམ་བཅས་གནས་ན་ཉལ་བ་དག །ཐམས་ཅད་ལས་ངན་དབང་ལགས་པས། །ལས་ངན་ སྤང་ལ་འབད་པར་འཚལ། །ལས་ངན་དབང་ལས་ཉ་བ་དང༌། །བཤན་པ་དག་ལ་རབ་དགའ་བས། །རབ་གནག་ལས་ལམ་མང་བསགས་ནས། །ལས་ངན་ཉམ་ངར་རྟག་པར་གནས། །མཐར་ཡང་ཐར་བར་དཀའ་ 2-3-264b བས་ན། །ལས་ངན་སྤང་ལ་འབད་པར་འཚལ། །དར་མར་གནས་པ་རྒས་པས་ཉམས། །རྣམ་མང་ན་ཚས་མདངས་བཟང་ཡལ། །བསགས་པ་ཐམས་ཅད་ནམ་ཡང་འཛད། །གནས་པ་ཐམས་ཅད་མཐར་འགག་པས། །བསམ་པ་ ཐར་པ་ལ་གཏད་ནས། །རྣམ་དཀར་ལས་ལ་འབད་པ་དང༌། །ཆགས་སྡང་མཐའ་དག་སྤངས་ན་འཐད། །པད་མ་རཱ་ག་འབར་བ་དང༌། །མརྒད་ཁང་པ་བ་དན་ཅན། །ཆང་དང་ཁ་ཟས་རབ་མང་བར། །དགའ་མ་མདངས་བཟང་དང་བཅས་ པ། །དར་ཟབ་སྟན་ལ་ཉལ་བ་ཡང༌། །ས་བདག་དཔལ་ལས་མཐར་ཉམས་ནས། །འདམ་བཅས་ཁང་པ་དག་ན་ཉལ། །ཁ་ཟས་ཡང་དག་མ་འཚལ་བས། །རང་དབང་དགའ་བ་རབ་སྤངས་ན། །ཉམ་ཐག་པར་ཡང་གནས་འཚལ་ལགས། ། དལ་འབབ་པད་མ་གསར་གནས་པ། །ཡལ་འདབ་དང་ལྡན་དཔག་བསམ་ཅན། །དགའ་ཚལ་དག་དང་ལྷ་རྣམས་དང༌། །དབང་མཛད་དཔལ་ལྡན་ལྷ་དབང་ཡང༌། །ལྷ་དབང་དཔལ་ལས་མཐར་ཉམས་ནས། །ཕག་གམ་བ་ལང་མངལ་ནས་ བཙས། །ཁ་ཟས་རྩྭ་དང་བཤང་བ་ཟ། །ས་དང་གནས་མལ་ངན་པ་འགར། །ཉམ་ང་བར་ཡང་གནས་འཚལ་ལགས། །སྔར་བཤད་ལས་ངན་རབ་སྤངས་ནས། །རྣམ་དཀར་གཞན་ཕན་བསམ་པ་དང༌། །ཡང་དག་ལམ་ལ་རབ་གནས་ པས། །ལས་དང་བག་ཆགས་སྤངས་པ་དང༌། །ཐར་ལམ་དག་ལ་འབད་ན་འཐད། །རབ་དཀར་ལས་ལ་གང་དགའ་བ། །ཡང་དག་ཁ་ཟས་རྣམ་མང་ལྡན། །ཁང་བཟང་བ་དན་ཅན་ལ་དབང༌། །ཐམས་ཅད་བཀའ་བ་རབ་མཉན་པ། ། 2-3-265a ས་ལ་དཔལ་འབར་ས་བདག་དང༌། །བསམ་གཏན་རབ་མངའ་ཚངས་དབང་ཡང༌། །ཡང་དག་སར་གནས་འཕགས་པ་དང༌། །གཞལ་ཡས་ཁང་གནས་ལྷ་དབང་ཡང༌། །རྣམ་དཀར་ལས་ལ་རག་ལས་པས། །ཡང་ དག་ལམ་ལ་འབད་ན་འཐད། །ཡལ་འདབ་རབ་བཟང་དཔག་བསམ་དང༌། །མདངས་གསལ་དལ་འབབ་པད་གསར་ཅན། །དགའ་ཚལ་མ་ལ་ཡས་ཁང་པ། །དཔག་ཡས་ངད་ལྡན་གནས་གཙང་ན། །ཁང་བཟང་ རྣམ་དཀར་བ་དན་ཅན། །ལྟ་ན་རབ་དཀར་ཡངས་པ་དང༌། །དར་དཀར་ན་བཟའ་མལ་ཆ་སྟན། །རྣམ་མང་དར་ཟབ་རཏྣ་དང༌། །ཡང་དག་ཁ་ཟས་དཔལ་ལ་དབང༌། །ས་དང་བར་སྣང་མཐའ་དག་ན། །དཔག་ཡས་བསྔགས་པ་དང་ ལྡན་པའང༌། །རྣམ་དཀར་ལས་ལ་རག་ལས་པས། །ཡང་དག་ལམ་ལ་འབད་ན་འཐད། །ཟབ་ཡངས་གངྒཱ་པད་གསར་ཅན། །པད་དཀར་མདངས་བཟང་འདབ་མ་འདབ། །ཙནྡན་མ་ལ་ཡ་ངད་ལྡན། །སྣང་བ་རབ་འབར་ རྣམ་མང་གསལ། །རབ་བཟང་ངད་ལྡན་ཙནྡན་འདར། །ཞལ་ཟས་བཟའ་བ་ལྷ་རྫས་མང༌། །རྫ་རྔ་ཆ་ལང་ཇི་སྐད་སྙན་དང༌། །དགའ་ཆ་མདངས་གསལ་གར་ཉམས་ཅན། །ལྷ་རྫས་གཞན་ཡང་མང་ལྡན་པ། །རབ་ དཀར་ལས་ལ་རག་ལས་པས། །ཡང་དག་ལམ་ལ་འབད་ན་འཐད། །རྣམ་དཀར་ལས་ལ་འབད་ན་ཡང༌། །མཚན་མ་དང་ལྡན་བསམ་གཏན་ལས། །ཟག་བཅས་གནས་ནས་ཐར་བར་དཀའ། །ཡང་དག་ལམ་ལ་ 2-3-265b གནས་པ་ལ། །ཟག་པ་ཐམས་ཅད་འགགས་པ་ན། །མཚན་མར་ལྟ་བ་རབ་སྤངས་ནས། །བཀའ་དང་མན་ངག་མཉན་པར་འཚལ། །ཡང་དག་ལམ་ལ་མཁས་པ་དང༌། །གཞན་ཕན་བསམ་པ་རབ་མངའ་བ། །ས་དང་ལམ་ལ་གནས་པ་ཡང༌། །གང་ ཟག་དམ་པ་གཞན་བཙལ་ནས། །ཟབ་ལམ་ཡང་ཡང་ཉན་ན་བཟང༌། །རྣམ་དག་བཀའ་དང་འགའ་བ་རྣམས། །གཞན་འགས་འཐད་པར་བསྟན་ན་ཡང༌། །ཚད་མས་རྣམ་པར་བཀག་པས་ན། །ཉན་ཡང་རང་གཞན་ངལ་བར་ཟད། །བསམ་གཏན་ དག་ལ་མ་འབད་ན། །ཉན་པ་ཙམ་ལས་ཐར་དཀའ་བས། །རང་རང་ཁང་པ་བས་མཐའ་དང༌། །གང་བསམ་ནགས་ཚལ་ཉམས་དགའ་བ། །འདབ་ཆགས་སྐད་སྙན་དང་ལྡན་པར། །བསམ་པ་གཞན་དག་རབ་བཏང་ནས། །མཉམ་གཞག་ ལམ་ལ་འབད་ན་འཐད། །བདག་ལྟ་མཐའ་དག་རྣམ་སྤངས་ནས། །ཟབ་ལམ་ཡང་དག་ལྟ་བ་ལ། །རྣམ་དག་བསམ་པས་འབད་པ་ན། །ཐར་པ་དམ་པ་རང་ལ་གནས། །ཡང་དག་ལམ་ལ་འབད་ན་ཡང༌། །རང་ལ་ཕན་བསམ་མ་སྤངས་ ན། །ཉན་རང་དག་ལས་མ་འདས་པས། །གཞན་ཕན་ལས་ལ་འབད་ན་འཐད། །གང་ཟག་གཞན་དག་ཐམས་ཅད་ལ། །ཕ་དང་མར་ཡང་རབ་བསམས་ནས། །རང་ལས་གཞན་ལ་ལྷག་པར་ཡང༌། །རྣམ་དཀར་བསམ་པ་ལྡན་པར་འཚལ། ། གཞན་ཕན་བསམ་པས་རབ་འཕངས་ནས། །ཁ་ཟས་མལ་ཆ་གནས་ཁང་དང༌། །ཡན་ལག་དག་དང་དགའ་མ་ཡང༌། །མ་ཕངས་གཞན་ལ་གཏད་པར་འཚལ། །ལ་ལས་འདབ་མ་འབར་བ་དང༌། །རྣམ་མང་མདའ་ཆར་ཕབ་ན་ཡང༌། །བདག་དང་ 2-3-266a ལས་ལ་རབ་བསམས་ནས། །རྣམ་དཀར་བསམ་པས་གནས་པར་འཚལ། །ཐམས་ཅད་རང་ལ་རག་ལས་པས། །རང་བསམ་སྟག་ལྟར་ཡན་པ་དག །ཟབ་ལམ་ཀ་བ་དམ་པ་ལ། །བསམ་གཏན་ཐག་པས་བཏགས་ན་བཟང༌། །ལྟ་ ངན་རྣམ་པར་མ་བསལ་ན། །ཐར་ལམ་དག་ལས་ཉམས་ལགས་པས། །རྟག་ཆད་ལྟ་རབ་སྤངས་ནས། །ཡང་དག་མཐའ་ལ་མཉམ་གཞག་འཚལ། །བརྟགས་ནས་ཚད་མས་བསལ་བ་དང༌། །ཐ་སྙད་སྣང་ཙམ་མ་འགགས་པས། །རྟག་ ཆད་མཐའ་ལས་རབ་འདས་པར། །ཡང་དག་ལམ་ལ་མཁས་པས་བཤད། །ཡང་དག་ལམ་ལ་མ་འབད་ན། །ལས་ངན་བག་ཆགས་སྤང་དཀའ་བས། །མཚན་མ་ཐམས་ཅད་རབ་སྤངས་ནས། །ས་ལམ་དག་ལ་འབད་པར་འཚལ། །བཀའ་ རྣམས་གདམས་པར་རབ་ཤར་ནས། །ཟབ་ལམ་བསམ་གཏན་དག་ལ་འབད། །མཉམ་གཞག་ལམ་ལས་ལངས་པ་དང༌། །བཀའ་དང་མན་ངག་འཆད་པར་འཚལ། །གཞན་ཕན་མཛད་པ་བསམ་ལས་འདས། །ལས་ངན་བག་ཆགས་ མཐའ་དག་སྤངས། །ཟབ་ལམ་ཐམས་ཅད་ཚང་བར་མངའ། །མཚན་དང་ལྡན་པ་གཞན་ལས་ལྷག །རབ་དང་བར་དང་ཐ་མ་ལ། །རང་རང་ཁམས་དང་བསམ་པ་དང༌། །འཚམ་པར་ལམ་རྣམས་ཐམས་ཅད་འཆད། །ཚངས་དང་ལྷ་ དབང་བཀའ་ལ་ཉན། །མདའ་ལྔ་པ་རྣམས་རང་དབང་སྤངས། །འཕགས་པ་གཞན་ལས་མཁས་པ་དག །ཡང་དག་ལམ་ལ་རག་ལས་པས། །ལས་ངན་ཐམས་ཅད་རབ་སྤངས་ནས། །ཡང་དག་ལམ་ལ་འབད་པར་འཚལ། །གཞན་ 2-3-266b ཕན་བསམ་པས་རབ་འཕངས་ནས། །ཟབ་ལམ་བག་ཙམ་བསྟན་པ་ལ། །བདག་ལ་ཕན་བསམ་ལྡན་པ་རྣམས། །དགའ་དང་དད་པས་ཉན་ན་འཐད། །ཐ་མལ་ནད་དང་བཅས་པ་ཡང༌། །སྨན་པ་དག་ལ་རབ་ཉན་ན། །ཆགས་དང་སྡང་བས་ན་བ་དག ། བཀའ་ལས་འདས་པ་ག་ལ་འཐད། །ཡན་ལག་ཞགས་པས་བསྡམས་པ་ཡང༌། །བཅད་ཐབས་དག་ལ་རབ་འབད་ན། །ལས་ངན་ཞགས་པས་བཏབ་པ་དག །དལ་བར་གནས་པ་ག་ལ་འཐད། །དད་ལྡན་སྦ་བས་ཡང་དང་ཡང༌། །ནན་མཛད་ངག་ལས་ རབ་ཉན་ནས། །སྙན་ངག་གནས་རྣམས་མཐའ་དག་ལ། །མཁས་པས་ལྷག་བསམ་དག་པས་བརྩམས། །ཟབ་ལམ་མན་ངག་བཤད་པ་ལ། །འགལ་བ་སྣང་ན་མཁས་ལ་བཤགས། །རྣམ་དཀར་ལས་དང་གང་ལྡན་པས། །རང་གཞན་ བག་ཆགས་སྤང་བར་འཚལ། །གཞན་འགས་བསྐལ་པར་འབད་ན་ཡང༌། །བརྩམ་པར་རབ་དཀའ་སྙན་ངག་དག །ལྷག་བསམ་རྣམ་པར་དག་པས་བརྩམས། །མཁས་པ་རྣམས་ལ་ཡ་མཚན་གནས། །ཆགས་དང་སྡང་བས་སྨད་ན་ ཡང༌། །རང་རྟགས་གཞན་ལ་བསྟན་པར་ཟད། །བདག་ལ་འདར་དང་ཉམ་ང་བ། །ནམ་ཡང་མངའ་བ་ག་ལ་འཚལ། །ཞེས་པ་འདི་ནི་བཤེས་གཉེན་སྦ་བས་བསྐུལ་བའི་ངོར། བདེ་བར་གཤེགས་པའི་གསུང་རབ་ཕལ་མོ་ཆེ་ལ་བློ་གྲོས་ཀྱི་པད་མོ་རྒྱས་པ་ཤར་ཙོང་ཁ་ པ་བློ་བཟང་གྲགས་པའི་དཔལ་གྱིས་སྦྱར་པའོ།། ༈ །།ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྦྱིན་པའི་བདག་པོ་འཁོར་དང་བཅས་པ་རྣམས་ལ་དགོངས་སུ་གསོལ། སྦྱིན་པ་ལས་བྱུང་བའི་དགེ་ 2-3-267a བའི་རྩ་བ་རྒྱ་ཆེན་པོ་འདིས་མཚོན་བྱེད་དུ་བྱས་ནས་རང་གཞན་གྱིས་འདས་མ་འོངས་ད་ལྟར་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་རྣམས་ཀྱི་མཐུ་ལ་བརྟེན་ནས། བླ་མ་དམ་པ་བདེ་བར་གཤེགས་པ་རྣམས་ཀྱི་ ཐུགས་ཀྱི་དགོངས་པ་ཁྱད་པར་ཅན་གོང་ནས་གོང་དུ་ཡོངས་སུ་རྫོགས་པར་གྱུར་ཅིག །ཕན་བདེ་མ་ལུས་པའི་རྩ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་པར་གྱུར་ཅིག བསྟན་པ་རིན་པོ་ཆེ་བཤད་པ་དང་སྒྲུབ་པའི་སྒོ་ནས་འཛིན་པའི་དམ་པ་ཐམས་ཅད་སྐུ་ཁམས་བཟང་ཞིང་སྐུ་ཚེ་རིང་བར་གྱུར་ཅིག །དེ་དག་གི་རྣམ་པར་དཀར་བའི་འཕྲིན་ལས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་པར་གྱུར་ཅིག ། དགེ་འདུན་གྱི་ཆོས་སྤྱོད་བཅུའི་སྒྲུབ་པ་འཕེལ་ཞིང་རྒྱས་པར་གྱུར་ཅིག །དེའི་བྱིན་རླབས་དང་ཐུགས་རྗེ་ལ་བརྟེན་ནས་སྦྱིན་པའི་བདག་པོའི་ཐར་པ་དང་ཐམས་ཅད་མཁྱེན་པ་སྒྲུབ་པའི་འགལ་རྐྱེན་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ ཞི་བར་གྱུར་ཅིག །མཐུན་པའི་རྐྱེན་ཚེ་དང་དཔལ་དང་འབྱོར་བ་དང་བསོད་ནམས་ཐམས་ཅད་ཟླ་བ་ཡར་གྱི་ངོ་བཞིན་དུ་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག །གཞན་ཡང་དགེ་བའི་རྩ་བ་འདི་དག་གི་མཐུ་ལ་བརྟེན་ནས། བདག་ཅག་རྣམས་ཀྱིས་དེང་ནས་བཟུང་སྟེ་སངས་མ་རྒྱས་ཀྱི་ཚེ་རབས་ཐམས་ཅད་དུ་རྒྱལ་བ་རྣམས་ཀྱི་དམ་པའི་ཆོས་མ་ལུས་པ་རྒྱལ་བའི་དགོངས་པ་ཇི་ལྟ་བ་བཞིན་དུ་འཛིན་ནུས་པར་གྱུར་ཅིག །དེ་ལ་གེགས་ཀྱི་རྣམ་པ་སྐད་ཅིག་ 2-3-267b ཀྱང་མི་འབྱུང་བར་གྱུར་ཅིག །མཐུན་པའི་རྐྱེན་དགེ་བའི་བཤེས་གཉེན་ལ་བརྟེན་པ་དང་གནས་དང་གྲོགས་དང་ཚེ་དང་འཚོ་བའི་ཡོ་བྱད་རྒྱལ་བས་གནང་བ་ཐམས་ཅད་གཏུགས་པ་མེད་པར་བདེ་བླག་ཏུ་འགྲུབ་པར་གྱུར་ཅིག །དེ་དག་གི་ འགལ་རྐྱེན་སེལ་ཞིང་མཐུན་རྐྱེན་སྒྲུབ་པ་ལ། སྔོན་སངས་རྒྱས་མཐོང་བ། དམ་པའི་ཆོས་ཐོས་པ། འཕགས་པའི་དགེ་འདུན་ལ་བརྟེན་པ། བསྟན་པ་དང་འཁོར་རྣམ་བཞི་སྐྱོང་བར་ཞལ་གྱིས་བཞེས་པའི་སྲུང་མ་དམ་ཚིག་ཅན་རྣམས་ ཀྱིས་སྐད་ཅིག་ཀྱང་གཡེལ་བ་མེད་པར་གྲོགས་མཛད་པར་གྱུར་ཅིག །ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་མིང་འདི་ཞེས་བགྱི་བ་ལ་དགོངས་སུ་གསོལ། ཚེ་དང་ལྡན་པ་མིང་ འདི་ཞེས་བགྱི་བ་གཞི་གསུམ་གྱིས་བསྡུས་པའི་དགེ་བའི་རྩ་བ་འདི་རྣམས་ཀྱི་མཐུ་ལ་བརྟེན་ནས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་གྱུར་ཅིག །དེ་མ་ཐོབ་ པའི་ཚེ་རབས་ཐམས་ཅད་དུ་ཡང་རིགས་མཐོ་བ་དང་གཟུགས་བཟང་བ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་ཅིག །ཚེ་རིང་བ་དང་ནད་མེད་པ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་ཅིག །འབྱོར་བ་དང་དབང་ཕྱུག་ཆེ་བ་རྣམས་ཀྱི་ནང་ཟས་ མཆོག་ཏུ་གྱུར་ཅིག །ཤེས་རབ་ཆེ་བ་དང་དད་པ་ཆེ་བ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་ཅིག །མང་དུ་ཐོས་པ་དང་ཚུལ་ཁྲིམས་བསྲུང་བ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་ཅིག །གཏོང་བ་ལ་དགའ་བ་དང་ངོ་ཚ་ཤེས་ཤིང་ 2-3-268a ཁྲེལ་ཡོད་པ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་ཅིག །གཞན་ཡང་དགེ་བའི་རྩ་བ་འདི་དག་གི་མཐུ་ལ་བརྟེན་ནས། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཆར་ཆུ་དུས་སུ་ཕེབས་པར་གྱུར་ཅིག །ལོ་ཏོག་རྟག་ཏུ་ ལེགས་པར་གྱུར་ཅིག །མི་ནད་དང་ཕྱུགས་ནད་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག །དུས་ཀྱི་འཁྲུག་པ་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག །སེམས་ཅན་གདུག་རྩུ་བ་ཅན་གྱི་བསམ་སྦྱོར་ངན་པ་ཐམས་ཅད་ཉེ་ བར་ཞི་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཚུན་ཕ་མ་ལྟར་བྱམས་པ་ལ་གནས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་རང་རང་གི་རྫས་དང་ལོངས་སྤྱོད་དང་དབང་ཕྱུག་དག་གིས་ཆོག་ཤེས་པར་གྱུར་ཅིག ། སེམས་ཅན་ཐམས་ཅད་བདུད་ཀྱི་ཞགས་པ་ལས་ཡོངས་སུ་ཐར་བར་གྱུར་ཅིག །སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །ངན་འགྲོ་ཐམས་ཅད་རྟག་ཏུ་སྟོངས་བར་ཤོག །བྱང་ཆུབ་སེམས་དཔའ་གང་དག་ སུ་བཞུགས་པ། །དེ་དག་ཀུན་གྱི་སྨོན་ལམ་འགྲུབ་གྱུར་ཅིག །རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །ཞེས་སོགས་བྱ། ཞེས་པ་བློ་བཟང་གྲགས་པའི་དཔལ་གྱི་སྦྱར་བའོ།། ༈ །།ཕྱོགས་བཅུ་ན་བཞུགས་ པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཚེ་ལས་འདས་པ་མིང་འདི་ཞེས་བགྱི་བ་ལ་དགོངས་སུ་གསོལ། ཚེ་ལས་འདས་པ་མིང་འདི་ཞེས་བགྱི་བས་འཁོར་བ་ཐོག་མ་མེད་པ་ནས་སྦྱིན་པ་བཏང་བ་དང༌། 2-3-268b ཚུལ་ཁྲིམས་བསྲུངས་བ་དང༌། ཏིང་ངེ་འཛིན་བསྒོམས་པ་ལ་སོགས་པའི་དགེ་བའི་རྩ་བ་དཔག་ཏུ་མེད་བ་བགྱིས་པ་དང༌། བགྱིད་དུ་སྩལ་བ་དང༌། གཞན་གྱིས་བགྱིས་པ་ལ་རྗེས་སུ་ཡི་རང་བགྱིས་པ་དང༌། གཞན་ཡང་འབྲེལ་བ་ཤུལ་ན་མཆིས་པ་ རྣམས་ཀྱིས། དུས་ལས་འདས་པའི་ཕྱིར་དུ་བླ་མ་དང་དཀོན་མཆོག་ལ་མཆོད་པ་ཕུལ་བ་དང༌། དགེ་འདུན་ལ་བསྙེན་ཅིང་བཀུར་བ་དབུལ་པོ་ལ་སྦྱིན་པ་གཏོང་བ་བགྱིས་པ་དང༌། གཟུངས་སྔགས་ཀྱི་བཟླས་བརྗོད་བགྱིས་པ། གསུང་རབ་བསྒྲགས་ པ། དཀྱིལ་འཁོར་དུ་བཅུག་ཅིང་དབང་བསྐུར་ཏེ། སྡིག་སྦྱང་བགྱིས་པ་སོགས་ཀྱི་དགེ་བའི་རྩ་བ་རྣམས་ཀྱི་མཐུ་ལ་བརྟེན་ནས་དུས་ལས་འདས་པ་མིང་འདི་ཞེས་བགྱི་བ། གལ་ཏེ་ལས་ཀྱི་དབང་གིས་འགྲོ་བ་རིགས་དྲུག་གང་དུ་སྐྱེས་སམ་སྐྱེ་ བར་འགྱུར་བའི་མི་ལས་ཅན་ཞིག་ཡིན་ནའང༌། དགེ་བའི་རྩ་བ་འདི་དག་ཐམས་ཅད་དེའི་རྗེས་སུ་འབྲངས་ཤིང༌། རྗེས་སུ་ཞུགས་པར་གྱུར་ཅིག །རྗེས་སུ་ཞུགས་ནས་ཀྱང་རིགས་དྲུག་སོ་སོའི་སྡུག་བསྔལ་ལས་ཐར་ནས་མྱུར་དུ་མངོན་པར་རྫོགས་པར་ འཚང་རྒྱ་བར་གྱུར་ཅིག །ཅེས་གསུངས་ལ། དེ་ལྟ་བུ་མ་ཐོབ་པའི་ཚེ་རབས་ཐམས་ཅད་དུ་ལུས་ཀྱི་རྟེན་དལ་བ་ཕུན་སུམ་ཚོགས་པ་ཐོབ་པར་གྱུར་ཅིག །དེ་ཡང་མཐོ་རིས་ཀྱི་ཡོན་ཏན་བདུན་དང་ལྡན་པར་གྱུར་ཅིག །འཕགས་པའི་ནོར་བདུན་དང་ལྡན་ པར་གྱུར་ཅིག །གཞན་ཡང་ཚེ་རབས་ཐམས་ཅད་དུ་སངས་རྒྱས་མཐོང་བ་དང་མི་འབྲལ་བར་གྱུར་ཅིག །དམ་པའི་ཆོས་ཉན་པ་དང་མི་འབྲལ་བར་གྱུར་ཅིག །འཕགས་པའི་དགེ་འདུན་ལ་བསྙེན་བཀུར་བྱེད་པ་དང་མི་འབྲལ་བར་གྱུར་ཅིག །གཞན་ 2-3-269a ཡང་ཚེ་རབས་ཐམས་ཅད་དུ་རྣམ་པར་སྨིན་པ་ལ་མི་རེ་བའི་སྦྱིན་པ་གཏོང་བར་གྱུར་ཅིག །སྲིད་ཕྱིར་སྐྱེ་བ་ལ་འདུན་པ་དང་བྲལ་བའི་ཚུལ་ཁྲིམས་བསྲུང་བར་གྱུར་ཅིག །སེམས་ཅན་ལ་ཞེ་འགྲས་པ་མེད་པའི་བཟོད་པ་སྒོམ་ པར་གྱུར་ཅིག །དགེ་བའི་རྩ་བ་ཐམས་ཅད་མྱུར་དུ་སྡུད་པའི་བརྩོན་འགྲུས་རྩོམ་པར་གྱུར་ཅིག །གཟུགས་མེད་པའི་ཁམས་རྣམ་པར་བསལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་གྱུར་ཅིག །ཐབས་སྙིང་རྗེ་ཆེན་པོ་དང་མ་བྲལ་ བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་རྟོགས་ཤིང་ཁོང་དུ་ཆུད་པར་གྱུར་ཅིག །དུས་ལས་འདས་པ་མིང་འདི་ཞེས་བགྱི་བ་རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །ཞེས་བསྔོ་བ་ནི་གོང་འོག་འབྲེལ་བསྒྲིགས་ནས་གནས་ སྐབས་དང་བསྟུན་ནས་མཛད་པར་ཞུ། ཞེས་པ་བློ་བཟང་གྲགས་པའི་དཔལ་གྱིས་སྦྱར་བ་དགེ།། ༈ །།འཇམ་མགོན་ཙོང་ཁ་བ་ཆེན་པོས་གོང་མ་ཏཱ་མིང་རྒྱལ་པོར་སྩལ་བའི་ཆབ་ཤོག་བཞུགས་སོ།། ༈ །།ཨོཾ་བདེ་ལེགས་སུ་གྱུར་ཅིག །རླབས་པོ་ཆེའི་བསོད་ ནམས་ཀྱི་མཐུ་ལ་བརྟེན་ནས་ས་ཆེན་པོ་རྒྱ་མཚོའི་མཐར་ཐུག་བར་ཚུལ་བཞིན་སྐྱོང་བའི་མིའི་དབང་པོ་ཆེན་པོའི་སྤྱན་སྔར། ནུབ་ཕྱོགས་གངས་ཅན་གྱི་ཁྲོད་ཡུལ་དབུས་ཀྱི་ཆ་ན་གནས་པའི་ཤཱཀྱའི་དགེ་སློང་བློ་བཟང་གྲགས་པའི་དཔལ་གྱི་ཞུ་ བ། ཆོས་ཀྱི་རྒྱལ་པོ་ཆེན་པོའི་བསོད་ནམས་རི་རབ་ལྷུན་པོ་ལྟར་འཕང་མཐོ་ཞིང་བཀའ་འབངས་རྣམས་ཀྱི་བདེ་སྐྱིད་ལྷ་ཡུལ་ལྟར་ཕུན་སུམ་ཚོགས་པར་བཀའ་ལུང་གཉན་པོ་རྒྱལ་ཕྲན་དུ་མས་སྤྱི་བོས་ལེན་པར་བཞུགས་པའི་སྐབས་ 2-3-269b ནས། དཀོན་མཆོག་གསུམ་གྱི་མཐུ་སྟོབས་བསྐྱེད་པའི་ཕྱིར་དུ་ལུང་གིས་འདི་ཕྱོགས་སུ་མངགས་པའི་གསེར་ཡིག་པ་རྣམས་ཀྱིས་འཇའ་ས། མེ་ཏོག་ཞིབ་མོ་སྤྲིན་རིས་ཡོད་པའི་གོས་ཡུག་དམར་པོ་གཅིག་དང༌། ལྗང་གུ་ཡུག་གཅིག །མེ་ཏོག་ མེད་པའི་གོས་ཡུག་དམར་པོ། སྔོན་པོ། ལྗང་གུ་ཡུག་གསུམ་དང༌། དར་མདོག་ཅན་ཡུག་བདུན། གོས་ཆེན་གྱི་ཆོས་གོས། ཕྱག་ཚེ། གོང་ཐུང༌། རིང་འགག །ཐང་ཐེབ། ཆུ་ཤེལ་གྱི་ཕྲེང་བ། རྡོ་རྗེ་དྲིལ་བུ་བུགས་གཉིས། དཀར་ཡོལ་གཉིས། རྟེན་ཁེབས་གཉིས། ལག་ཕྱིས་གསུམ། པང་ཁེབས་མཎྜལ་གྱི་རྒྱན་གསུམ། སྐ་རགས། ཏིང་ཤགས་བུབས་གཉིས། ལྷམ་འབོག་དང་བཅས་པ། ཇ་རྒྱ་མ་ལྔ་བཅུ། ཙན་དན་དུམ་གཅིག་གི་གནང་སྦྱིན་དང་བཅས་པ་འདིར་འཕྲོད་པས་ཐུགས་ ལ་བཏགས། གོང་མ་ཆེན་པོའི་ཐུགས་ཀྱི་དགོངས་པ་ལ། ངེད་དེ་ཕྱོགས་སུ་ལན་ཅིག་འོང་བ་གྱིས་གསུང་བ་ཡིན་ཟེར་བའི་ལུང་བུད་པའི་རྒྱུ་མཚན་གསེར་ཡིག་པ་རྣམས་དང༌། ཝང་གིས་ནན་གྱིས་གསུང་འབྱོན་ཡིན་འདུག་པའི་དོན་ཁོང་དུ་ ཆུད། སའི་བདག་པོ་ཆེན་པོས་སངས་རྒྱས་ཀྱི་བསྟན་པ་ལ་དགོངས་པའི་ལུང་ཡིན་པར་འདུག་པ་མ་གོ་ཞིང་ལུང་བུད་ལ་མ་གུས་པ་དང༌། བརྙས་པ་བྱས་པ་མ་ལགས་ནའང༌། མི་མང་པོ་དང་ནམ་ཕྲད་པའི་དུས་རྣམས་སུ་ནད་དྲག་པོ་ འབའ་ཞིག་འོང་བ་བྱུང་བའི་དོན་གྱིས། ྋ བཀའ་ལུང་བཞིན་དུ་བསྒྲུབ་པར་མ་ནུས་པ་ལ་ནམ་མཁའ་དང་འདྲ་བར་ཟབ་ལ་ཤིན་ཏུ་རྒྱ་ཆེ་བའི་ཐུགས་ཀྱིས་མི་དགྱེས་པ་མི་མཛད་པ་ཐུགས་འདོགས་པར་ཞུ། སྔོན་གྱི་དུས་སུ་བྱོན་པའི་ཆོས་ 2-3-270a རྒྱལ་ཆེན་པོ་རྣམས་ཀྱིས་འཇིག་རྟེན་འདིའི་ཁྲིམས་ལུགས་དང་འཇིག་རྟེན་ཕྱི་མའི་ཆོས་ལུགས་ཕྱོགས་ཐམས་ཅད་དུ་ལེགས་པར་དར་བའི་ཐུགས་ཀྱི་ཁུར་ཆེན་པོ་བསྣམས་འདུག་པའི་ལུང་བཞིན་དུ། ད་ལྟའི་དུས་སུ་གོང་མ་ཆེན་ པོའི་ཐུགས་དགོངས་རྣམ་པར་དག་པ་དང་མཛད་པ་འཕྲིན་ལས་ངོ་མཚར་བས་ལྷ་དང་བཅས་པའི་འཇིག་རྟེན་གྱི་ཡིད་མགུ་བར་བྱེད་པའི་གཏམ་སྙན་པོ་ཡང་དང་ཡང་དུ་ཐོས་པས། བདག་ཅག་འདི་ཕྱོགས་ན་ཡོད་པའི་རབ་བྱུང་དྲག་པ་ཕལ་མོ་ ཆེས། གོང་མ་ཆེན་པོའི་སྐུ་ཚེ་དང་རྒྱལ་སྲིད་ཡུན་རིང་དུ་བརྟན་པའི་སྨོན་ལམ་རྣམ་པར་དག་པ་ཡང་དང་ཡང་དུ་འདེབས་ཀྱིན་ཡོད་པའི་ཚུལ་འདི་དགོངས་པར་ཞུ་ཞིང༌། དེ་ལྟར་ཡིན་ལགས་ན་དེ་ལ། ྋས་སྐྱོང་ཆེན་པོའི་འཕྲིན་ལས་ཀྱིས་ཇི་ལྟར་སྐྱོང༌། ཆོས་ཀྱི་རྒྱལ་པོ་ཉིད་ཀྱིས་མཁྱེན་པས། བདག་ཅག་འདྲ་བས་ཞིབ་ཏུ་མི་སྤོབས་ལགས། གུས་པས་ཕུལ་བའི་ཞུ་ཡིག སྤྱན་ལམ་དུ་བབ་པའི་ཐབས་ཀྱི་རྟེན་མཚོན་པར། ལིའི་ཡུལ་ནས་སྤྱན་དྲངས་པའི་སྤྱན་རས་གཟིགས་ཀྱི་སྐུ་གཅིག །བཅོམ་ ལྡན་འདས་ཤཱཀྱ་ཐུབ་པའི་གསེར་སྐུ་གཅིག །དེ་བཞིན་གཤེགས་པ་འཇམ་དཔལ་གྱི་གསེར་སྐུ་གཅིག །དེ་བཞིན་གཤེགས་པའི་རིང་བསྲེལ་འཕེལ་བཞིན་པ་གསུམ་སྦྲེལ་གཅིག །ཡང་དེ་བཞིན་གཤེགས་པའི་རིང་བསྲེལ་གཅིག ། རྒྱ་གར་གྱི་གྲུབ་ཆེན་རྒྱ་དང་བོད་གཉིས་ཀར་སངས་རྒྱས་ཀྱི་བསྟན་པ་དར་རྒྱས་སུ་མཛད་པའི་སྐུ་དྲིན་ཅན་ཇོ་བོ་ཆེན་པོ་ལྷ་ཅིག་གི་གདུང་རུས་ལས་བྱོན་པའི་རིང་བསྲེལ་གཅིག་རྣམས་ཕུལ། བྱི་བ་ལོ་ཟླ་བ་དྲུག་པའི་ཚེས་བཅུ་དགུ་ལ་ 2-3-270b ཡུལ་དབུས་ནས་ཕུལ་བའི་ཞུ་ཡིག །ཅེས་པ་འདི་རྒྱ་ནག་ཏ་མིང་རྒྱལ་པོས་ལྔ་བརྒྱ་པ་རྣམས་ཀྱི་གཙུག་རྒྱན་དམ་པར་གྱུར་པ་རྒྱལ་བ་ཙོང་ཁ་པ་དེ་ཉིད་ཉི་མ་ཤར་ཕྱོགས་ཀྱི་ཡུལ་གྲུ་ཆེན་པོར་གདན་འདྲེན་གྱི་ཞུ་ཡིག་གསེར་ཡིག་པ་དང་ བཅས་པ་བཏང་བའི་ཞུ་ཡིག་ལན་ངོས་བཤུགས་སོ།། མངྒ་ལཾ།། ༈ །།རང་ལ་བསྐུལ་བའི་ཚིགས་སུ་བཅད་པ་འཁོར་བ་ལས་སྐྱོ་བའི་གཏམ་ཞེས་བྱ་བ་བཞུགས།། ༈ །།བསླབ་གསུམ་རྒྱན་དང་ཐོས་པའི་ཕ་རོལ་སོན། །སྟོང་གསུམ་ཁྱབ་པའི་གྲངས་ལྡན་ འགྲོ་བའི་མགོན། །སྐུ་གསུམ་མངོན་མཛད་བླ་མའི་ཞབས་པད་ལ། །སྒོ་གསུམ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །སྐུ་གཉིས་ཕུལ་བྱུང་ལུས་སྟོབས་རྒྱས་པ་ལ། །བསླབ་གསུམ་རྣམ་དག་གསེར་གྱི་དྲ་བས་གཡོགས། །སྐུ་བཞིའི་ མཆེ་བ་རབ་དཀར་ཤིན་ཏུ་བརྟན། །སྐུ་ལྔའི་བདག་ཉིད་ཐུབ་དབང་ལག་ལྡན་རྒྱལ། །དལ་འབྱོར་ཐོབ་ཀྱང་དལ་བའི་སྐབས་མེད་ཅིང༌། །བདེ་འགྲོར་སྐྱེས་ཀྱང་བདེ་བས་དབེན་པར་གྱུར། །ཆོས་ལ་མོས་ཀྱང་ཆོས་དོན་རྟོགས་པ་མེད། །བློ་ གྲོས་དམན་ཡང་བློ་བཟང་ཞེས་བཏགས་པའི། །རྒྱལ་ཁམས་པ་ཁྱོད་རང་གི་བསྐུལ་ཚིག་ལ། །མ་གཡེངས་རྣ་བའི་དབང་ཤེས་ལེགས་གཏད་དེ། །ལུང་དང་རིགས་པས་ལེགས་པར་བརྟགས་བྱས་ནས། །འདིར་སྨྲས་དོན་རྣམས་ ཉམས་སུ་བླང་བར་རིགས། །ཁྱོད་ཀྱིས་སྔོན་ཡང་དུག་གསུམ་ལ་སྤྱད་པས། །ཐོག་མ་མེད་ནས་ཐ་མ་ད་ཡི་བར། །མ་རིག་ཁྲོད་འདིར་བགྲང་ལས་འདས་པ་འཁོར། །བཟོད་གླགས་མེད་པའི་སྡུག་བསྔལ་སྣ་ཚོགས་མྱོང༌། །ད་དུང་ 2-3-271a འདི་ལ་སྤྱད་པར་བྱས་ན་ནི། །སླར་ཡང་ངན་སོང་གསུམ་ལས་འགྲོ་ས་མེད། །ཀྱི་ཧུད་ངན་འགྲོའི་སྡུག་བསྔལ་བཟོད་གྱུར་ཏམ། །ཀྱེ་མའོ་དེ་རྒྱུ་དེང་ནས་སྤང་བར་རིགས། །ཞེས་སྨྲས་པ་དང༌། ཁོ་ན་རེ། འོ་ན་དེར་མི་སྐྱེ་བའི་ ཐབས་ཅི་ཡོད། དེ་ཡི་སྡུག་བསྔལ་ཡང་ཇི་ཙམ། སྡུག་བསྔལ་དེ་ཉམས་སུ་མྱོང་བའི་རྒྱུ་ཅི། ཞེས་པའི་ལན་སྨྲས་པ། ངན་འགྲོའི་གནས་སུ་མི་སྐྱེའི་ཐབས་དག་ནི། །བཤད་ཀྱིས་ལེགས་པར་ཉོན་དང་རྒྱལ་ཁམས་པ། །འཕྲལ་ ཕུགས་ཀུན་ཏུ་མི་བསླུར་ངེས་གྱུར་པའི། །སྐྱབས་གནས་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང༌། །སེམས་ཅན་འདི་དག་ཐོག་མ་མེད་ནས་བདག །དྲིན་གྱིས་བསྐྱངས་པའི་མ་མ་དྲིན་ཅན་ཡིན། །དེ་སླད་མ་རྒན་དེ་དག་བྱང་ ཆུབ་ལ། །འགོད་པའི་ཕྱིར་དུ་བྱང་ཆུབ་མཆོག་སེམས་སྐྱེད། །བཀའ་དང་བསྟན་བཅོས་ཇི་སྙེད་གསུངས་དེ་ཡི། །དགོངས་དོན་ཡོངས་འཛིན་བཟང་པོས་བསྟན་དོན་ལ། །དབེན་པའི་གནས་སུ་གྲོགས་མེད་གཅིག་པུ་རུ། །གཡེང་བ་ སྤངས་ཏེ་རྩེ་གཅིག་གནས་པར་བྱ། །རྗེས་ཀྱི་སྐབས་སུ་དགེ་དེས་མཚོན་པ་ཡིས། །འཁོར་འདས་གཉིས་ཀྱིས་བསྡུས་པའི་དགེ་རྩ་རྣམས། །མཁའ་མཉམ་མ་རྒན་རྣམས་ཀྱི་དོན་དུ་ནི། །འཁོར་གསུམ་དག་པའི་ཐབས་ ཤེས་གཉིས་ལྡན་གྱིས། །སྒྲོ་སྐུར་མཚན་མའི་ཚོགས་རྣམས་སྤངས་བྱས་ནས། །སྟོབས་བཅུ་མངའ་བའི་ས་དེར་བསྔོ་བར་བྱ། །གང་དུ་གནས་ན་དུག་གསུམ་ལ་སོགས་པའི། །ཉོན་མོངས་ཚོགས་རྣམས་ཡར་ངོའི་ 2-3-271b ཟླ་བཞིན་འཕེལ། །དཀར་ཕྱོགས་ཐོ་རངས་རྒྱུ་སྐར་ལྟར་འགྲིབ་པའི། །གནས་ངན་མྱུར་དུ་སྤོང་དང་རྒྱལ་ཁམས་པ། །སྣ་ཚོགས་འདམ་སྐྱེས་དཔག་མེད་གཅལ་དུ་བཀྲམ། །རྐང་དྲུག་ལྡན་རྣམས་དགའ་བའི་གླུ་ལེན་ཞིང༌། །སྙན་ པའི་དར་དིར་སྒྲོག་པར་བྱེད་པ་ཡི། །དབེན་གནས་དམ་པ་སྟེན་དང་རྒྱལ་ཁམས་པ། །ཚིག་ཙམ་ཤེས་ཀྱང་དོན་ལ་བློ་མ་ཕྱོགས། །སྡོམ་བརྩོན་རྣམས་ལ་སྡང་ཤུགས་མནར་སེམས་ཅན། །ཕྱོགས་འཛིན་རླུང་གིས་རྣམ་པར་གཡེངས་ གྱུར་པའི། །བླ་མའི་གཟུགས་བརྙན་སྤོང་དང་རྒྱལ་ཁམས་པ། །ཡིན་ལུགས་ཁོང་དུ་ཆུད་ཅིང་དབང་པོ་དུལ། །མཐོང་བ་ཙམ་གྱིས་གཞན་ཡིད་འཕྲོག་པར་བྱེད། །བསྟེན་པ་ཙམ་གྱིས་དགེ་འཕེལ་སྐྱོན་འགྲིབ་པའི། །བཤེས་གཉེན་ དམ་པ་སྟེན་དང་རྒྱལ་ཁམས་པ། །དམུ་རྒོད་མ་རུངས་དུག་སྦྲུལ་ཁྲོས་འདྲ་ཞིང༌། །འགྲོགས་པ་ཙམ་གྱིས་རང་གཞན་ཕུང་བར་བྱེད། །ཐར་པའི་སྲོག་རྩ་གཅོད་པར་བྱེད་པ་ཡི། །གྲོགས་ངན་མྱུར་དུ་སྤོང་དང་རྒྱལ་ཁམས་པ། །གཞན་ལ་ འཚེ་བས་དབེན་པའི་རི་དྭགས་དང༌། །ཉན་ཤེས་འཁོར་དུ་བདེ་བ་བསྐྱེད་པའི་སྒྲ། །རྒྱུན་དུ་སྒྲོག་པ་འདབ་བཟང་གཞོན་ནུའི་ཚོགས། །དེ་འདྲའི་གྲོགས་དག་སྟེན་དང་རྒྱལ་ཁམས་པ། །དེ་ལྟར་ཇི་སྐད་བསྟན་བཞིན་བྱེད་གྱུར་ན། །ངན་སོང་གནས་ རྣམས་གང་དུའང་མི་སྐྱེ་ཞིང༌། །གནས་སྐབས་མངོན་མཐོ་མཐར་ཐུག་ངེས་ལེགས་ཀྱི། །གོ་འཕང་ཐོབ་པར་འགྱུར་རོ་རྒྱལ་ཁམས་པ། །དྲི་བ་དང་པོའི་ལན་རྫོགས་སོ།། །།ཀྭ་ཡེ་ད་དུང་གསོན་དང་རྒྱལ་ཁམས་པ། །ངན་སོང་གསུམ་གྱི་ 2-3-272a སྡུག་བསྔལ་ཆེ་ཆུང་ནི། །རྣམ་པ་གསུམ་དུ་འགྱུར་ཏེ་ཆེན་པོ་ནི། །དམྱལ་བ་རྣམས་ལ་ཡོད་དེ་དེ་ཡང་ནི། །ཚ་གྲང་སྡུག་བསྔལ་བརྒྱ་ཕྲག་གཉིས་སུ་འགྱུར། །ཡང་གསོས་ཐིག་ནག་བསྡུས་འཇོམས་ངུ་འབོད་དང༌། །ངུ་འབོད་ཆེན་པོ་ཚ་བ་ རབ་ཚ་དང༌། །མནར་མེད་པ་སྟེ་ཚ་བའི་དམྱལ་བ་བརྒྱད། །ཆུ་བུར་ཆུ་བུར་རྡོལ་དང་ཀྱི་ཧུད་དང༌། །ཨ་ཆུ་སོ་ཐམས་པ་དང་ཨུཏྤལ་ལྟར། །གས་དང་པདྨ་ལྟར་གས་ཆེར་གས་ཏེ། །དེ་ལྟར་གྲང་བའི་དམྱལ་བ་རྣམ་བརྒྱད་དང༌། །མེ་མ་མུར་དང་རོ་ མྱགས་འདམ་དང་ནི། །སྤུ་གྲིས་གཏམས་སོགས་ཉེ་འཁོར་བ་དག་དང༌། །རྒྱ་མཚོའི་འགྲམ་སོགས་ངེས་མེད་ལ་གནས་པའི། །ཉི་ཚེ་བ་དང་རྣམ་པ་བཅོ་བརྒྱད་དོ། །དེ་དག་རྣམས་ཀྱང་སྔ་མ་སྔ་མ་ལས། །ཕྱི་མ་ཕྱི་མའི་སྡུག་བསྔལ་ བཟོད་པར་དཀའ། །མདོར་ན་ཚ་གྲང་སྡུག་བསྔལ་བཟོད་དཀའ་ཡིས། །ཀུན་ནས་གཟིར་ཅིང་ཐར་པའི་མཐུ་མ་མཆིས། །འབྲིང་ནི་ཡི་དྭགས་ལ་ཡོད་དེ་ཡང་ནི། །ཕྱི་ནང་ཟས་སྐོམ་སྒྲིབ་པས་གསུམ་དུ་འགྱུར། །ཕྱི་ཡི་སྒྲིབ་པ་ཅན་རྣམས་རྒྱ་ མཚོ་ལའང༌། །རྣག་ཁྲག་སོགས་སུ་མཐོང་ནས་སྤྱོད་སྐལ་མེད། །ནང་གི་སྒྲིབ་པ་ཅན་རྣམས་ཟས་སྐོམ་སོགས། །མི་རྙེད་གལ་ཏེ་ཅུང་ཟད་རྙེད་གྱུར་ཀྱང༌། །མགྲིན་པར་མི་ཚུད་ལོངས་སྤྱོད་མཐུ་ཡང་མེད། །ཟས་སྐོམ་སྒྲིབ་པར་ གྱུར་རྣམས་ཟོས་པ་དང༌། །འཐུངས་པ་རྣམས་ཀྱང་མེ་ལྕེའི་ཕྲེང་བ་རུ། །གྱུར་ནས་རང་ཉིད་དག་ཀྱང་ཚིག་པར་བྱེད། །མདོར་ན་བཀྲེས་སྐོམ་སྡུག་བསྔལ་བཟོད་གླགས་མེད། །དག་གིས་གཟིར་ཅིང་ཐར་པའི་སྐབས་མ་མཆིས། །ཆུང་ངུ་དུད་འགྲོ་ལ་ 2-3-272b ཡོད་དེ་ཡང་ནི། །བྱིང་དང་ཁ་འཐོར་སྒོ་ནས་གཉིས་སུ་འགྱུར། །དེ་དག་གཅིག་ལ་གཅིག་ཟའི་སྡུག་བསྔལ་དང༌། །གླེན་ཅིང་གཏི་མུག་ལ་སོགས་སྡུག་བསྔལ་གྱིས། །རྟག་ཏུ་གཟིར་ཅིང་ཐར་པའི་སྐབས་མ་མཆིས། །དེ་འདྲའི་སྡུག་བསྔལ་སྤོང་ཐབས་མི་བྱེད་པར། ། ཆགས་སྡང་གཉིས་ཀྱིས་རང་གཞན་རྒྱུད་སྲེག་ཅིང༌། །མི་དགེ་སྣ་ཚོགས་སྒྲུབ་པའི་བྱ་བ་འདི། །ད་ལྟ་ཉིད་ནས་དོར་དང་རྒྱལ་ཁམས་པ། །དྲི་བ་གཉིས་པའི་ལན་རྫོགས་སོ།། །། ད་དུང་གསོན་དང་བཤད་དོ་རྒྱལ་ཁམས་པ། །དེ་ལྟའི་སྡུག་ བསྔལ་མྱོང་བའི་རྒྱུ་དག་ནི། །ཕྱི་ནང་ཆོས་ལ་བདག་དང་བདག་གིར་གཟུང༌། །བདག་འཛིན་ལས་བྱུང་འདོད་ཆགས་ལ་སོགས་པའི། །དུག་གསུམ་ཉོན་མོངས་ལྟེ་བ་རབ་བརྟན་ཅིང༌། །ན་རྒ་སྐྱེ་འཆིའི་རྩིབས་རྣམ་བཞི་དང་ལྡན། །སྡུག་བསྔལ་གྱི་དང་ འགྱུར་དང་ཁྱབ་སོགས་ཀྱི། །སྡུག་བསྔལ་རྣམས་ཀྱི་མུ་ཁྱུད་ཀྱིས་བསྐོར་བའི། །ལས་ངན་འཁོར་ལོར་འཁོར་འདི་བྱུང་བ་ཡིན། །དྲི་བ་གསུམ་པའི་ལན་རྫོགས་སོ།། །།ཞེས་དེ་སྐད་སྨྲས་པ་དང༌། ཁོ་ཡི་རངས་ཏེ། འདི་སྐད་དུ། ཨེ་མ་དེང་ནས་ བཟུང་སྟེ་བྱང་ཆུབ་སྙིང་པོའི་བར། །དཀོན་མཆོག་སྐྱབས་འགྲོ་བྱང་ཆུབ་སེམས་བསྐྱེད་ནས། །དབེན་པའི་གནས་སུ་བླ་མས་བསྟན་པ་ཡི། །མན་ངག་ཉམས་བླངས་དགེ་རྩ་བྱང་ཆུབ་བསྔོ། །ཀྱེ་མའོ་ངན་སོང་གནས་ལས་འཇིགས་པ་ཨང༌། །ཀྱེ་མའོ་ནམ་འཆིའི་ངེས་པ་མི་ སྣང་ན། །ཀྱེ་མའོ་གར་སྐྱེ་ཤེས་པ་མི་སྣང་ན། །ཀྱེ་མའོ་མི་སྐྱེའི་རང་དབང་མི་སྣང་ན། །ཀྱི་ཧུད་བླ་ན་མེད་པའི་བླ་མ་དང༌། །ཀྱི་ཧུད་ཡིད་བཞིན་ནོར་འདྲའི་ཡི་དམ་དང༌། །ཀྱི་ཧུད་བསྙན་ལ་གནོད་འཇོམས་བསྟན་སྐྱོང་གིས། །བདག་དང་མཁའ་ 2-3-273a མཉམ་འགྲོ་བའི་བདག་འཛིན་འདི། །གཏན་ནས་ཉེ་བར་བཅོམ་ནས་གཏན་གྱི་སྐྱབས། །མཐར་ཐུག་ཆོས་སྐུ་ཐོབ་ནས་མཐའ་བྲལ་གྱི། །གནས་ལུགས་འགྲོ་ལ་སྟོན་ཅིང་གནས་གྱུར་ཅིག །ཇི་ལྟར་སྨྲས་ལས་ཉེས་སྐྱོན་ཆུ་འཛིན་ ཚོགས། །མཆིས་གང་འཕགས་དང་ཚུ་རོལ་མཁས་རྣམས་ཀྱི། །ཐུགས་རྗེའི་མགྱོགས་འགྲོས་རབ་ཏུ་བསལ་བྱས་ཏེ། །བདག་གི་རྣམ་དཔྱོད་ཚ་ཟེར་གསལ་བར་མཛོད། །འདི་ལས་ཐོབ་པའི་རབ་དཀར་དགེ་བ་འདི། །འདི་དང་ཕྱི་མ་ཀུན་ཏུ་མི་ཟད་ གཏེར། །གཏེར་ཆེན་བུམ་བཞིན་དཔག་ཡས་ཡོན་ཏན་དག །དག་དང་མ་དག་འགྲོ་ལ་སྩོལ་གྱུར་ཅིག །ཅེས་རང་ལ་བསྐུལ་བའི་ཚིགས་སུ་བཅད་པ་འཁོར་བ་ལས་སྐྱོ་བའི་གཏམ་ཞེས་བྱ་བ་འདི་མཁས་པ་དུ་མའི་ཞབས་རྡུལ་སྤྱི་བོས་ལེན་པ་ རྒྱལ་ཁམས་པ་ཤར་ཙོང་ཁ་པ་བློ་བཟང་གྲགས་པས་གཞན་ལ་ཕྲག་དོག་དང་འགྲན་སེམས་ཀྱིས་མ་ཡིན་པར་རང་ཉིད་ཐར་ལམ་ལ་བསྐུལ་བའི་དོན་དུ་ལྟོས་འགྲོའི་རྒྱུ་སྐར་གྱི་དབང་པོ་མདའི་དཀར་ཕྱོགས་ཀྱི་ཚེས་ལ་མཁས་པ་དུ་མའི་ འབྱུང་གནས་ཡུལ་དབུས་ཀྱི་སའི་ཆ་ཆོས་གྲྭ་ཆེན་པོ་བདེ་བ་ཅན་དུ་སྦྱར་བ་རེ་ཞིག་རྫོགས་སོ།། མངྒ་ལཾ།། 2-3-273b empty page 2-4-1a ༄༅། །རྡོ་རྗེ་རྩེ་མོའི་ཟིན་བྲིས་རྗེ་ཉིད་ཀྱིས་གནང་བ་བཞུགས་སོ།། 2-4-1b ༄༅༅། །རྩེ་མོའི་དབུས་ཀྱི་དཀྱིལ་ཆོག་བཞིན། །ཤར་གྱི་ལིང་ཚེར་ཕྱོགས་ཞིན་བཞི་པོ་ལའང༌། །དེ་བཞིན་གཤེགས་པ་ལྔ་པོ་དབུས་དང་འདྲ་བ་བཅས། །རྣམ་སྣང་གིས་ཧཱུཾ་ཞེས་བརྗོད་པས། །དེ་བཞིན་གཤེགས་པ་བཞི། རྡོར་ སེམས་དང་བཅས་པ་རྣམས་རང་གི་སྙིང་གར་བསྡུས་ཏེ། ཧཱུཾ་ཞེས་བརྗོད་པས་ཐུགས་ཀའི་རྡོར་སེམས་ལ་བསྐུལ་བས་རྡོར་སེམས་ཀྱི་ཐུགས་ཀའི་རྡོ་རྗེ་ལས་ཁྲོ་བོ་དཔག་ཏུ་མེད་པ་བྱུང་ཏེ། འཇིག་རྟེན་གྱི་ཁམས་ཐམས་ ཅད་དུ་མ་རུངས་པ་ཐམས་ཅད་བཏུལ་ནས་ཚུར་འདུས་རྡོ་རྗེ་རིགས་ཀྱི་ལྷ་སོ་དགུར་གྱུར་ནས་དཀྱིལ་འཁོར་ལ་འཁོད་པར་གྱུར་ཏེ། དེ་ནས་རྣམ་སྣང་གིས་ཧཱུཾ་ཞེས་བརྗོད་པས་རྣམ་སྣང་གི་ཐུགས་ཀའི་དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཕྱག་ན་རྡོ་རྗེ་བྱུང་སྟེ། དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའི་འཁོར་དང་བཅས་པ་ཐམས་ཅད་བྱིན་གྱིས་བརླབས་ཏེ་སྤྱན་དྲངས་ལ་དམ་ཚིག་གི་དཀྱིལ་འཁོར་དུ་བཅུག་སྟེ། དམ་ཚིག་ གིས་བཅིངས་ནས་གཅིག་ཏུ་འདུས། ཤར་དུ་ཁྲོ་བོ་རྡོ་རྗེ་སེམས་དཔའ། ལྷོ་རུ་ཁྲོ་གཉེར་ཅན་སོགས་སྐུ་མདོག་ཕྱག་མཚན་རྣམས་འདི་ལྟ་བུ་གསལ་འདེབས། ནས་རང་རང་གི་གནས་གནས་སུ་འཁོད། འཇིག་རྟེན་གྱི་སངས་རྒྱས་བྱང་སེམས་ཐམས་ཅད་ཁྲོ་བོ་ ཆེན་པོར་གྱུར་ནས་རྣམ་སྣང་གི་ཐུགས་ཀར་ཞུགས་ཏེ། ཁྲོ་བོའི་ང་རྒྱལ་བྱས་ཨེ་མའོ་བྱང་ཆུབ་ཀྱི་ནི་སེམས་སོགས་ནས་ཧཱུཾ་མཛད་ཀྱི་གཟུགས་ཀྱིས་ཕྱུང་སྟེ་ཤར་གྱི་ལིང་ཚེ་ལ་འཁོད་པར་གྱུར། དེ་བཞིན་དུ་ཕྱོགས་གཞན་ 2-4-2a གསུམ་ལའང་འདིའི་རིགས་པས་འགྲེའོ། །རྣམ་སྣང་གིས་བསྡུ་བའི་དུས་སུ་དབུས་ཀྱི་རྡོར་དབྱིངས་དང་འདྲ་བ་ལ་ཕྱོགས་མཚམས་ཀྱི་ལྷ་ཐམས་ཅད་གཙོ་བོ་གཅིག་པོ་ལ་ཐིམ། གཅིག་པོའང་དམ་ཚིག་པའི་གཙོ་ བོ་ལ་ཐིམ། སྤྲོ་བའི་དུས་སུའང་གཙོ་བོའི་ཐུགས་ཀའི་གཙོ་བོ་ལས་རང་འཁོར་རྣམས་སྤྲོས་ལ་བསྟིམ་མོ། །དེ་ལ་ཧཱུཾ་མཛད་བཞི་ནི་གཡོན་ཐུགས་ཀར་སྡིགས་མཛུབ་གཡས་འཕྱར་བ་ལ། ཁྱད་པར་རིན་ཆེན་ཧཱུཾ་མཛད་གཡོན་དཔྲལ་ བ། ཁྲོ་བོ་རྡོར་སེམས་གཡས་འཕྱར། གཡོན་དཀུར་བརྟེན། རྒྱལ་པོ་སོགས་གསུམ་ཕྱག་གཉིས་རང་གི་མཚན་མ་འཛིན་པའོ། །རིན་ཆེན་གཟི་བརྗིད་གཉིས་གཡོན་ཐུགས་ཀ་ལ་ཁྱད་པར་རིན་ཆེན་གཡས་དཔྲལ་བ། གཞན་ གཉིས་པོ་དཀུར་བརྟེན། ནུབ་ཀྱི་བཞི་ཁ་གཡོན་སྡིགས་མཛུབ་ཐུགས་ཀ །བྱང་གི་རྡོ་རྗེ་ལས་གཡོན་སྡིགས་མཛུབ་ཐུགས་ཀ །གཡས་འཕྱར། གཞན་གསུམ་པོ་རང་མཚན་དྲག་པོ་མ་གཏོགས་རྣམས་གཡོན་དཀུར་བརྟེན། འཁྱིལ་པ་འོད་བཟའ་མི་བཞི་རྣམས་གཡོན་དཀུར་བརྟེན། གཡས་ཐུགས་ཀ །གླང་སྣ་གཉིས། ཕྲེང་བ་གཉིས་རྣམས་གཡོན་འཕྱར་བ། མེ་བཟའ་མིའང་འཕྱར་བ། འཇིགས་པ་བ་བཟའ་མི་གཡས་འཕྱར། གཡོན་དཀུར་ བརྟེན། ལྕགས་ཀྱུ་བཟའ་མི་གཡོན་འཕྱར་བ། དུས་བཟའ་མི་གཡོན་དཀུར་བརྟེན། གཞན་རྣམས་དཀུར་བརྟེན། རྡོ་རྗེ་དབྱིག་པ་དང་ཟེར། སྨུག་པ་བཟའ་མི་བཞི་རྣམས་གཡས་ཀྱང་འཕྱར་བའོ།། །།སློབ་དཔོན་ 2-4-2b སེམས་ཆུང་བྱེད་ན་བྱང་ཤར་རམ། །མི་མཐུན་ཕྱོགས་ཟིལ་གྱིས་གནོན་ནུས་ན་རང་གི་ཡིད་དང་རྗེས་སུ་མཐུན་པའི་གནས་སུའོ། །ས་ལྷའི་མཆོད་གཏོར་སྔོན་འགྲོས་ས་ལ་རྒྱུ་བའི་ལྷ་ཀུན་ལན་གསུམ་བརྗོད། དྲག་པོའི་སྦྱིན་སྲེག་མི་རུས་ཀྱི་ཕྱེ་ མས་སོ། །དེ་རབ་འདོམ་གང༌། འབྲིང་ལྐོག་མ། ཐ་མ་བུས་མོ། །ས་དཀར་ན་རབ། དེ་མིན་ན་ཆུ་ལ་འོ་མ་ཙནྡན་དཀར་པོ་བཏབ་པའི་སྤོས་ཆུ་དྲི་ཞིམ་པོས་སྤྲུས་བའམ། ཐུན་གྱི་སས་བཀང་ངོ༌། །བའི་རྣམ་ལྔ་ནི། བ་དམར་སེར། དབྱར་རྩ་ཟ་དུས་ཀྱི་ལྕི་ བ་ས་ལ་མ་ལྷུངས་པ། ཆུ་འོ་མ་མར་ཞོ་སྟེ་ལྔ། ལ་ལ་ན་རེ་ཁའི་ཆུ་ཟེར་ཏེ་མ་དག དེ་རྣམས་ལྕི་བ་ཉི་མ་ལ་སྐམ་ཐག་ཆོད་པ་དང༌། ལེགས་པར་བརྡུངས་ཏེ་དར་ཚགས་བྱ། དེ་ལ་ཞོ་འོ་མ་མར་གསུམ་པོ་བསྲེས་ནས་སྐམ། དེ་ལ་ཆུ་བསིངས་ཏེ་ ལན་གསུམ་ཙམ་སྐམ་ཐག་ཆོད་པར་བྱའོ། །དེ་ནས་རིལ་བུ་གང་འདོད་བྱས་ནས། དཀྱིལ་འཁོར་གྱི་ལས་བྱའོ་གསུངས། ཡུང་ཆུ་ཐལ་བ་བསྲེས་ནས་བྱེད་པར་ཡང་བཤད། ཕྱག་ལེན་ལ་སོ་སོར་མཛད། ཐལ་བ་རྙེད་ན་སྦྱིན་སྲེག་གི་ཐལ་བ། མ་རྙེད་ན་ གང་ཡང་རུང་བའོ། །བ་དྲི་བྱུག་དུས་སྔོན་ལ་དཀྱིལ་ནས་དེ་ནས་དབང་ལྡན་ནས་འཐེན་ནས་རྒྱ་ཇེ་ཆེར་བཏང་ངོ༌། །སྟེང་དུ་བླ་བྲེ་བྲེ་བ་ནས་གྲྭ་བཞིར་སྤོས་སྣོད་བཞག་པ་ཡན་ཆད་ཀྱི་རྒྱན་དང་མཆོད་རྫས་ཀྱིས་གཟུང་བའོ། །ཆེད་དུ་གཏད་པའི་ཟླས་སྒོམ་ གྱི་བར་བྱས་ནས་དམ་ཚིག་གསུམ་བཟུང་འདི་ནས་རྡོར་དྲིལ་དང་མི་འབྲལ་བར་བཤད། དེ་ནས་སྒྲུབ་གྲོགས་རྣམས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ང་རྒྱལ་བཟུང་ནས་གསོལ་བ་འདེབས་པ་སྔོན་བྱུང་དང་བསྟུན་པའོ། །ཕྱག་ལེན་ལ་ 2-4-3a མཆོད་ཡོན་སྔོན་འགྲོའི་ཉེར་སྤྱོད་ལྔ། སྒེག་སོགས་དེ་ནས་མཚན་བརྒྱ་བྱེད་པ་ལ་བླ་མ་སྨད་ལུགས་པ་རྣམས་ཀྱིས་དང་པོའི་ཕྱག་ལེན་ལ། ཤར་ནས་དེ་བཞིན་གཤེགས་པའི་རིགས་ཀྱི་མཚན་བརྒྱ་ལྷོ་ནས་རིན་ཆེན་རིགས། ནུབ་ནས་ པདྨའི་རིགས། བྱང་ནས་ལས་རིགས་ཀྱི་མཚན་བརྒྱ་བྱེད། དེ་རྡོར་དབྱིངས་པ་ལ་མི་དགོས། ཅིས་ཀྱང་རིགས་འབྱེད་ན། ཤར་ནས་ཤར་སེམས་བཞི། དེ་བཞིན་དུ་ཕྱོགས་གསུམ་ག་ལའང་རང་རང་གི་སེམས་དཔའ་བཞི་བཞིས་བསྟོད། གསོལ་གདབ་ ཀྱི་དུས་སུ་རྒྱུད་སྡེ་གཞན་དང་མཐུན་པར་མཎྜལ་འབུལ་བ་ལ་གཡོན་སྔོན་འགྲོའི་གཞི་བཅའ་དང༌། པུས་མོ་གཡས་འཛུགས། ཕུར་པ་འདེབས་དུས་གཡས་སྔོན་འགྲོའི་གཞི་བཅའ་དང༌། པུས་མོ་གཡོན་འཛུགས་སོ། །བསང་ཆུའི་བུམ་པ་གནོད་ སྦྱིན་གྱི་སྔགས་རྒྱས་བསངས། སྭ་བྷ་བས་སྦྱངས་པའི་ངང་ལས། པཾ་ལས་པདྨ། ཨ་ལས་ཟླ་བའི་སྟེང་དུ་བཾ་དང༌། ཧཱུཾ་ལས་བསྐྱེད་པ་ཡོད་པ་ལས་སྔོན་མ་དག་གསུང༌། བཾ་ལས་རིན་པོ་ཆེའི་བུམ་པ་ལྟོ་བ་ཡངས་ཤིང་མཆུ་འཕྱང་བ། ལྷ་རྫས་ ཀྱི་གོས་ཀྱིས་མགུལ་བཅིངས་པ། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པའི་ནང་དུ། སྨན་ལྔ། འབྲུ་ལྔ། རིན་པོ་ཆེ་ལྔ། དྲི་ལྔ། སྙིང་པོ་ལྔ་སྟེ་ལྔ་ལྔ་ཉི་ཤུ་རྩ་ལྔ་དང་ལྡན་པ། ཨོཾ་ཏཱཔ་ཏེ་ཏཱཔ་ཏེ་མ་ཧཱ་ཏཱབ་ཏེ་སྭ་ཧཱ། ཞེས་པས་ལྷའི་དལ་འགྲོའི་རང་བཞིན་གྱི་ ཆུ་བཀུག་པའི་ནང་དུ་ཧྲཱིཿལས་པདྨ། ས་མ་ཡ། ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་བཛྲ་ཡཀྵ་ཨ་ལས་ཁྲོ་བོའི་རྡོ་རྗེས་མཚན་པའི་རྡོ་རྗེའི་མཆེ་བ། དེ་ལས་ཁྲོ་བོ་རྡོ་རྗེ་ནག་པོ་ཞལ་གཅིག་ཕྱག་གཉིས་པ་སོགས་མངོན་རྟོགས་བཞིན་ 2-4-3b བསྐྱེད། དེ་ལ་བཛྲ་ཨཾ་ཀུ་ཤ་ཛཿསོགས་ཀྱིས་ཡེ་ཤེས་པ་དགུག་གཞུག་སོགས་བྱ། དེ་ལ་ཕྱག་རྒྱ་བཞིས་རྒྱས་གདབ། དབང་བསྐུར་བཛྲ་ཡཀྵ་བརྒྱ་རྩ་བརྒྱུད་ཟེར་ཡང༌། ལན་གསུམ་བཞི་བཟླས་པའི་མཆོད་ཡོན་སྔོན་འགྲོའི་མཆོད་པ་དང་བསྟོད་པ་བྱ། དེ་ནས་རྡོ་རྗེ་གནོད་སྦྱིན་གྱི་དམ་རྒྱས་གཟུངས་ཐག་བཟུང་ལ། བཛྲ་ཡཀྵ་བརྒྱ་རྩ་བརྒྱད་བཟླས་སོ། །དེ་ནས་སྟ་གོན་ལ། གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བཞི་དང་བཅས་པའི་དབུས་སུ། གྲུ་བཞི་སྒོ་བཞི་རྟ་བབས་མེད་པ་མཚན་ཉིད་ཐམས་ཅད་ ཡོངས་སུ་རྫོགས་པའི་གཞལ་ཡས་ཁང་དང་བཅས་པའི་དབུས་སུ། ཨཿསིང་ཨཿསོགས་གདན་བསྐྱེད། དེ་ནས་དབུས་སུ་སེངྒེའི་ཁྲི་དང་པད་ཟླའི་སྟེང་དུ་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་ཞལ་བཞི་ཕྱག་གཉིས་སོགས་བསྐྱེད། དེ་ནས་ སྨད་ལུགས་པའི་ཕྱག་བཞེས་ལ་དེ་མ་ཁད་བཛྲ་ཨངྐུ་ཤ་ཛཿསོགས་ཀྱིས་བར་སྣང་ནས་ལྷ་དབབ། དེ་ནས་མཆོད་གཡོག་པས་སྒོས་མཆོད་ཀྱིས་མཆོད། དེ་བཞིན་དུ་རིམ་པ་བཞིན་མཆོད། ཡང་ན་ལྷ་བསྐྱེད་ཆོག་ཚར་རེ་བཏང་ནས་དགུག་ གཞུག་ཐུན་མོང་བྱས་ཀྱང་ཆོག་གོ། །དེ་ནས་རྣམ་རྒྱལ་བུམ་པ་སྔར་གྱི་རིགས་འགྲེལ་ཤེས་ལ། རྡུལ་ཚོན་གྱི་དཀྱིལ་འཁོར་ལྷ་སྒྲུབ་པ་ནི། དེ་ནས་སྟ་གོན་གྱི་ལྷ་རྣམས་ནམ་མཁའི་དབྱིངས་སུ་བཞུགས་སུ་གསོལ། གཞལ་ཡས་ཁང་བབས་ཏེ་ རྡུལ་ཚོན་གྱི་གཞལ་ཡས་ཁང་དང་གཉིས་སུ་མེད་པར་འདྲེས་པར་གྱུར་ཏེ། གྲུ་བཞི་སྒོ་བཞི་རྟ་བབས་བཞི་དང་བཅས་པ་བསྐྱེད་པའི་དབུས་ཀྱི་སེང་གེའི་ཁྲི་དང༌། པད་ཟླའི་སྟེང་དུ་བཛྲ་དྷཱུ་ཏུ། ཨཿདང་རྡོ་རྗེ་རྩེ་ལྔ་པ་ལས་རྣམ་པར་སྣང་མཛད་ 2-4-4a བསྐྱེད། དེ་བཞིན་དུ་ཤར་དུ་གླང་པོ་ཆེའི་ཁྲི་དང་པད་ཟླའི་སྟེང་དུ། བཛྲ་དྷཱུ་ཏུ་ཧཱུཾ་དང་རྡོ་རྗེ་ལས་མི་བསྐྱོད་པ་བསྐྱེད། གཞན་གསུམ་ལའང་དེའི་རིགས་པ་འགྲེའོ། །རྣམ་སྣང་གི་མདུན་དུ་པད་ཟླའི་སྟེང་དུ་སཏྭ་བཛྲིར། སེམས་མ་རྡོ་རྗེ་ མ་རྡོ་རྗེ་སེམས་དཔའ་འདྲ་བ་རྡོ་རྗེ་རྩེ་ལྔ་པའི་ནང་དུ་སྐུ་ཆུད་པ་བསྐྱེད། གཞན་གསུམ་ལའང་འགྲེའོ། །མི་བསྐྱོད་པའི་མདུན་དུ་པད་ཟླའི་སྟེང་དུ་བཛྲ་སཏྭ་ཧཱུཾ། རྡོ་རྗེ་ལས་སྐྱེས་པའི་རྡོར་སེམས། དེ་བཞིན་དུ་འབེབས་པའི་བར་དུ་རང་རང་གི་སྙིང་ པོ་ས་བོན་ཕྱག་མཚན་ལས་བསྐྱེད། བསྐལ་བཟང་རྣམས་རིག་པ་ལས་བསྐྱེད། དེ་ནས་བཛྲ་ཨཾ་ཀུ་ཤ་ཛཿ སོགས་ཀྱིས་ཡེ་ཤེས་པ་དགུག་གཞུག་སོགས་བྱ། དེ་ནས་རྣམ་སྣང་ནས་འབེབས་པའི་བར་དང༌། བསྐལ་བཟང་གི་བར་གྱི་དམ་རྒྱས་ སྒྲུབ། དེ་ནས་བཛྲ་དྷཱུ་ཏུ་སོགས་རང་རང་གི་སྙིང་པོས་བར་སྣང་ནས་ལྷ་ཕབ་ལ་བསྟིམ། དེ་ལ་དམ་རྒྱས་སྒྲུབ་པ་རེ་རེའི་རྗེས་སུ་ཕབ་ཀྱང་ཆོག་གོ། །དེ་ནས་ཆོས་ལས་ཕྱག་ཆེན་གསུམ་གྱི་རྒྱས་གདབ་བོ། །དེ་ནས་ལྷག་ཆད་ཁ་སྐོང་སོགས་ བྱའོ། །བུམ་པ་སྒྲུབ་པ་གོང་གི་རིགས་པས་འགྲེ་ཞིང༌། ལྷ་བསྐྱེད་པ་རྡུལ་ཚོན་དཀྱིལ་འཁོར་སྒྲུབ་པ་དང་འདྲའོ། །བུམ་པའི་ཆེ་ཆུང་གི་ཚད་འཕགས་པ་ཌ་བ་ཏི་ཆོ་ག་གཟུངས་འདུས་ལས་གསུངས་པ། རིམས་ནད་ཀྱི་ཆོ་ག་ལས་ལྷུང་ བཟེད་ཀྱི་ཚད་དང་མཉམ་པར་བཤད་དོ། །དཔལ་མཆོག་དཀྱིལ་འཁོར་དབུས་མའི་རྡོར་སེམས་ལ། གཙུག་ཏོར་གྱི་རྩེ་མོ་ནས་ཡས་མར་བརྩམས་ཏེ། རིན་པོ་ཆེ་དང༌། པདྨ་དང༌། སྣ་ཚོགས་རྡོ་རྗེ། རྣ་ལྟག་གཡས་ཀྱི་རྩེ་མོ་ན་རིན་པོ་ 2-4-4b ཆེ། གཡོན་གྱི་རྩེ་མོ་ན་སྣ་ཚོགས་རྡོ་རྗེ། རྣ་ལྟག་གཡས་ནས་གཡོན་དུ་པདྨའི་ཕྲེང་བས་བསྐོར། རིགས་ལྔ་ལ་བྲིས་པ་མི་སྣང༌། རྡོ་རྗེ་ཡིད་ལས་བྱུང་བ་ནི་ཨུཏྤ་ལ་ཁ་མ་བྱེ་བའི་མདེའུ་ཅན་གྱི་མདའ་གཞུ་བཀང་བ། གཡས་སུ་རྡོ་རྗེ་ཀཱི་ལི་ ཀཱི་ལ་ནི། དང་པོའི་རྡོ་རྗེ་བཟུང་ནས་ལེགས་སོ་སྦྱིན་པའི་ཚུལ་འདྲ་བ་ལ་འཁྱུད་པ་མི་གདའ། དྲན་མ་ཕྱག་གཡས་ཆུ་སྲིན་གྱི་ཏོག་ལ་མཚན་པའི་རྒྱལ་མཚན། གཞན་འདྲ། དེ་དང་རྡོ་རྗེ་སྙེམས་མ་འདྲ། ཤར་གྱི་ལེའུ་ཚེལ་མི་བསྐྱོད་པ་དཀར་པོ་ གཡས་ས་གནོན་གྱིས་མཐེའུའི་ཕུགས་སུ་རྡོ་རྗེ་འཛིན། གཡོན་མཉམ་གཞག གཡས་སུ་ཕྱག་རྡོར་དང་འཇམ་དཔལ་གཉིས་དཀྱིལ་ཆོག་དང་འདྲ། ལྷོའི་ལེའུ་ཚེ་ལ་རིན་ཆེན་འབྱུང་ལྡན། གཡས་མཆོག་སྦྱིན་གྱིས་རིན་པོ་ཆེ། གཡོན་མཉམ་ གཞག །ནམ་མཁའི་སྙིང་པོ་ནམ་མཁའ་མཛོད་དཀྱིལ་ཆོག་བཞིན། ནུབ་ཏུ་འོད་དཔག་མེད་ཆོས་འཆད་ཀྱི་ཕྱག་རྒྱས་རྡོ་རྗེ་པདྨའི་སྡོང་བུ་དཀུར་འཛིན་པ། གཡོན་གྱི་སྙན་གྱི་ཐད་དུ་ཁ་ཕྱེ་བའི་ཚུལ། འཇིག་རྟེན་དབང་ཕྱུག་དཀྱིལ་ཆོག་བཞིན། སེམས་བསྐྱེད་ མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་གཡས་རྡོ་རྗེ་ཁུ་ཚུར་ཁ་ཕྱིར་བསྟན་པའི་གུང་མོའི་རྩེ་མོ་ན་འཁོར་ལོ་བསྣམས་པའོ། །བྱང་དུ་དོན་གྲུབ་དཀྱིལ་ཆོ་ག་བཞིན། རྡོ་རྗེ་ཁུ་ཚུར་མདུན་དུ་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་དང་པོའི་རྡོ་འཚིར་བ། རྡོ་གནོད་སྦྱིན་དཀྱིལ་ཆོག་བཞིན། འབར་ བའི་ཕྲེང་བ་མི་སྣང༌། ཕྱི་སྒེག་བཞི་དཀྱིལ་ཆོག་བཞིན། ནང་སྒེག་རྣམས་ཀྱང་འདྲ། ཀར་ཏི་ཀ་གདོང་དྲུག ཞལ་གསུམ་གསུམ་དྲུག་སྟེ། རྩེ་གས་ཞལ་གཡས་འགྱེད་གཡོན་འགྱེད། གཡས་གཉིས་ན་རྡོ་རྗེ་དང་རལ་གྲི་སྔོན་པོ། གཡོན་ན་རིན་པོ་ཆེ་དང་ 2-4-5a པདྨ། འོག་མ་གཉིས་དཀུར་བརྟེན། གོང་མ་གཉིས་དཔུང་གར་ཕྱག་མཚན་འཛིན་པ། ཚངས་པ་གསེར་མདོག །གཡས་ཀྱིས་རྡོ་རྗེ་ཐུགས་ཀར་འཛིན། གཉིས་པ་བགྲེང་ཕྲེང་དཔུང་གར། གཡོན་སྤྱི་བླུགས་དཀུར་བརྟེན། གཉིས་པ་ དབྱུག་པ་དཔུང་གར། ཞི་བ་འདྲ། ལྷ་ཆེན་གཡས་རྡོ་རྗེ་སྔོན་པོ་རྩེ་གསུམ་དང་མཆོག་སྦྱིན། གཉིས་པ་གར་བསྒྱུར་བ་ལྟ་བུ། གཡོན་དང་པོས་མདུང་རྩེ་གསུམ་དཀུར་བརྟེན་ཅིང༌། གཉིས་པ་རལ་གྲི་དཔུང་གར་འཕྱར། སྦྲུལ་གྱི་མཆོད་ཕྱིར་ཐོགས་སོགས་མི་ སྣང༌། དབུ་མས་རང་གི་གཡོན་ནས་འཁྱུད་པ། ཕྱག་མཚན་ལྷ་ཆེན་འདྲ། ཁྱབ་འཇུག་གཡས་རྡོ་རྗེ་ཐུགས་ཀར་གཉིས་པ་དཔུང་པའི་ཐད་ཀར་དབྱུག་པ་འཛིན་པ། གཡོན་དང་པོ་དུང་དཀུར་བརྟེན། གཉིས་པ་འཁོར་ལོ་དཔུང་བའི་ཐད་ཀར་འཛིན་པ། རྡོ་ རྗེ་སེར་མོ་གཡོན་རྡོ་རྗེ་སྔོན་པོ་དཀུར་བརྟེན་པ། གཡས་རྡོར་རྗེ་སེར་པོ་ཐུགས་ཀར་གཏོད་པ། འདོད་པ་ཁམས་ཀྱི་དབང་ཕྱུག་ཆད་ནས་མི་སྣང༌། བརྒྱ་བྱིན་གཡོན་རང་གི་རྡོ་རྗེ་སྔོན་པོ་དཀུར་བརྟེན་པ། གཡས་འདས་པ་རྡོ་རྗེ་སེར་པོ་ཐུགས་ཀར་གཏོད་པ་རྩེ་ གསུམ་འདྲ། ཟླ་བ་དཀར་པོ་གཡས་རྡོ་རྗེ་སྔོན་པོ་ཐུགས་ཀར་གཏོད་པ། གཡོན་པདྨའི་རྩ་བ་དཀུར་བརྟེན་ཅིང༌། སྙན་གྱི་ཐད་དུ་ཁ་བྱེ་བའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་དཀར་པོ། ཉི་མ་གཡས་པདྨའི་རྩ་བ་ཐུགས་ཀར་འཛིན་ཅིང༌། པདྨའི་སྟེང་ན་རྡོ་རྗེ་བསྣམས་པ། གཡོན་པདྨའི་རྩ་བ་དཀུར་བརྟེན་ཅིང༌། ཐུགས་ཀར་ཁ་བྱེ་བའི་སྟེང་ན་ཉི་མའི་དཀྱིལ་འཁོར། རྟ་གཅིག་གིས་དྲངས་པའི་ཤིང་རྟ་ལ་གནས་པའོ། །སྤེན་པ་གཡས་རྡོ་རྗེ་སེར་པོ་ཐུགས་ཀར་གཏོད་ཅིང༌། གཡོན་དབྱུག་པ་དཀུར་འཛིན་པ། མིག་དམར་གཡས་རྡོ་རྗེ་དམར་པོ་ 2-4-5b འཕྱར་བ། གཡོན་ཀེང་རུས་ཀྱི་རྐང་པ་ནས་བཟུང་ནས་མགོ་ནས་ཟ་བ། ནུབ་སྟོབས་ཀྱི་ལྷ་དཀར་པོ་གླང་པོའི་སྣ་ཅན། གཡས་རྡོ་རྗེ་སྔོན་པོ་ཐུགས་ཀར། གཡོན་ཐོང་གཤོལ་ཟེར་ཀྱང་དབྱུག་པ་དཀུར་འཛིན། འཇུ་བ་མ་དཀྱིལ་ཆོག་བཞིན། དཔྱིད་ལྷ་གཡས་རྡོ་རྗེ་སྔོན་ པོ་ཐུགས་ཀར། གཡོན་མེ་ཏོག་གི་ཕྲེང་བ་དཀུར། ཟ་བ་མ་དཀྱིལ་ཆོག་བཞིན། རྒྱལ་བ། སྒོ་བ་མ། རྣམ་པར་རྒྱལ། ནོར་སྦྱིན་རྣམས་རྡོ་རྗེ་སྔོན་པོ་ཐུགས་ཀར། གཡོན་རང་རང་གི་ཕྱག་མཚན་དཀུར་འཛིན། ནོར་སྦྱིན་གྱི་ཁྱོགས་ནི། ཅོག་རྩེ་འདྲ་བ་རླུང་ལྷ་མེ་ལྷ་ ལུས་ངན་པོ་རྣམས་རྡོ་རྗེ་སྔོན་པོ་ཐུགས་ཀར། གཡོན་དཀུར་བརྟེན་ནས་རང་རང་གི་ཕྱག་མཚན་འཛིན་པ། ཕག་མདོག་གཡས་རྡོ་རྗེ་སྔོན་པོ་ཐུགས་ཀར། གཡོན་དཀུར་བརྟེན་ནས་ལྕགས་ཀྱུ་འཛིན་པ། ཀླུའི་རྒྱལ་པོ་ཤེ་ཥ། སྟོད་མི་ལ་སྤྲུལ་མགོ། སྨད་སྦྲུལ་ མཇུག་ཏུ་འཇུག །བྲན་མོ་རྡོ་རྗེ་ཁ་གཡས་རྡོ་རྗེ་སྔོན་པོ་ཐུགས་ཀར། གཡོན་རལ་གྲི་དཀུར་བརྟེན། གཤིན་རྗེ་མ། དུས་མ། ཚོགས་བདག་རྣམས་གཡས་རྡོ་རྗེ་སྔོན་པོ་ཐུགས་ཀར། གཡོན་དཀུར་རང་རང་གི་ཕྱག་མཚན་འཛིན་པ། ཚོགས་བདག་གླང་པོའི་མགོ་ཅན། ཕོ་ཉ་མོ། ཆུ་ལྷ། ཆུ་སྲིན་རྡོ་རྗེ་གཡས་རྡོ་རྗེ་སྔོན་པོ་ཐུགས་ཀར། གཡོན་དཀུར་བཟུང་ནས་རང་རང་གི་ཕྱག་མཚན་འཛིན་པ། ལྷོ་ཤར་གྱི་ལེ་ཚེའི་དབུས་སུ། རྡོ་རྗེ་ཧཱུཾ་མཛད་སྐུ་མདོག་ཕྱག་མཚན་དཀྱིལ་འཁོར་བཞིན་ལ། རིན་པོ་ཆེ་ལ་སོགས་པའི་ཕྲེང་བ་རྣམས་ དཔྲལ་བའི་དབུས་དང་རྣ་ལྟག་གཡས་གཡོན་ན་རྩེགས་མར་སྣང༌། ཁྲོ་བོ་རྡོ་རྗེ་འཛིན་པ་ནས་ཆུ་གྲི་འཛིན་པའི་བར་དཀྱིལ་ཆོག་དང་མཐུན། གྲི་རིང་ནི་རལ་གྲིའོ། །ཤར་དུ་འདོད་པ་ཁམས་ཀྱི་དབང་ཕྱུག་ནས། ཕྱི་རོལ་རྡོ་རྗེ་རིགས་རྣམས་དཀྱིལ་འཁོར་དབུས་ 2-4-6a མ་དང་འདྲ། ལྷོའི་དཀྱིལ་འཁོར་གྱི་ལེ་ཚེའི་དབུས་སུ། ནམ་མཁའི་སྙིང་པོ་རྟ་བདུན་གྱིས་དྲངས་པའི་ཤིང་རྟ་ལ་རྡོ་རྗེ་ཁུ་ཆུར་ཁ་ནང་དུ་བསྟན་པས་རང་གི་དཔྲལ་བའི་ཐད་དུ་དབང་བསྐུར་ཚུལ། རིན་ཆེན་ཅོད་པན་དབྲལ་བར་འཛིན་པ། ནོར་སྩོལ་ བའི་རིན་པོ་ཆེ་མཆོག་སྦྱིན་གྱི་བུམ་པ་འཛིན་པ། ཆོས་ཆེན་པོ་གླེགས་བམ་ཐུགས་ཀར་འཛིན་པ། རོ་མྱང་ཟས་སྐོམ་གྱི་རོས་ཡོངས་སུ་གང་བའི་སྣོད་ཐུགས་ཀར་འཛིན། རིན་ཆེན་གདུགས། རིན་ཆེན་རྒྱལ་མཚན། རིན་ཆེན་སྲོག་ཤིང༌། རྔ་ཅན་མ་ རྣམས་དཀྱིལ་ཆོག་བཞིན། བུམ་པ་ཤར་ལྷོ་ན་དམར་པོ། ལྷོ་ནུབ་ན་སྔོན་པོ། ནུབ་བྱང་ན་ལྗང་གུ། བྱང་ཤར་ན་སེར་པོ། སྒོའི་མཚན་མ་རྣམས་ཁ་དོག་སེར་པོ། །ནུབ་ཀྱི་དཀྱིལ་འཁོར་དབུས་སུ་འཇིག་རྟེན་དབང་ཕྱུག་དཀྱིལ་ཆོག་བཞིན། ཤར་པདྨ་ འདོད་ལྷ་གཡས་པདྨའི་རྩ་བ་ཐུགས་ཀར་འཛིན། གཡོན་མེ་ཏོག་པདྨ་དང་མདའ་གཞུ་དཔུང་ཐད་དུ་འཛིན་པ། གཏུམ་པའི་དབང་ཕྱུག་གཡས་དང་པོ་ཏྲི་ཤུ་ལ་ཐུགས་ཀ །གཉིས་པ་པདྨ་དཔུང་གར་འཛིན། གཡོན་དང་པོ་ཁ་ཊྭཱཾ་ག་དཀུར་བརྟེན། གཡས་ཐོད་པ་དཔུང་གར་འཛིན། པདྨ་ཁྱབ་འཇུག །ཕྱག་མཚན་འཛིན་ཚུལ་གཏུམ་པའི་དབང་ཕྱུང་འདྲ། ཚངས་པའི་གཟུགས་འཛིན། ཞལ་བཞི་ཕྱག་མཚན་འཛིན་ཚུལ་གཏུམ་པའི་དབང་ཕྱུག་འདྲ། པདྨ་ས་འཛིན་ལྷ་མོ་ནི། ཕྱག་དང་པོ་ གཉིས་གཅིག་གིས་གཅིག་འཛིན་པ། འོག་མ་གཉིས་རང་རང་གི་ཐད་དུ་ཕྱག་མཚན་འཛིན་པ། པདྨ་རྒྱ་མཚོ་གཡས་པདྨ་ཐུགས་ཀར། གཡོན་སྦྲུལ་ཞགས་དཀུར་བརྟེན་པ། པདྨ་ཉི་མ། གཡས་པདྨ་ཐུགས་ཀར་འཛིན། གཡོན་པདྨའི་སྡོང་པོ་ 2-4-6b དཀུར་འཛིན་པའི་འདབ་མར་ཉི་མ་རླུང་གི་གཞུ་འཛིན་པ། གཡས་གྲི་གུག་ཐུགས་ཀར། གཡོན་བ་དན་དཀུར། ས་འཛིན་ལྷ་མོ་ཤྲི། ཧྲི་གི་དྷི་རྣམས་གཡས་རང་རང་གི་ཕྱག་མཚན་ཐུགས་ཀར་འཛིན་ཅིང༌། གཡོན་དཀུར་འཛིན། བུད་མེད་ཀྱི་གཟུགས་འཛིན་པ་ དམར་པོ་གཡས་དཔང་པོར་ཁས་ལེན་གྱི་ཕྱག་རྒྱ། གཡོན་གདན་ལ་བརྟེན་པ། བྱང་དུ་རྡོ་རྗེ་ཁུ་ཚུར་གྱི་དཀྱིལ་འཁོར་ནི་དཀྱིལ་ཆོག་བཞིན་ནོ། །མེར་དཀྱིལ་འཁོར་གྱི་དབུས་སུ། འཇམ་དཔལ་ཕྱག་བཞིས་རལ་གྲི་རང་རང་གི་ཐད་དུ་འཕྱར་བ། འཁོར་རྣམས་ དཀྱིལ་ཆོག་བཞིན། དབུས་ཀྱི་དཀྱིལ་འཁོར་གྱི་འཇམ་དཔལ་གྱི་དཔུང་པ་གཡས་གཡོན་དུ་ན་ཀྲ། གཞན་སྔར་བཞིན། ནམ་མཁའ་མཛོད་ཀྱི་དཀྱིལ་འཁོར་དུ་གཙོ་འཁོར་རྣམས་དཀྱིལ་ཆོག་བཞིན། ཤར་སྒོར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དོང་རྩེར་རི་མོ་དམར་ པོ། ལྷོ་སྒོར་གསེར། ནུབ་སྒོར་མུ་ཏིག་འབྲུམ་བུ་དཀར་པོ། བྱང་སྒོར་པདྨ་རཱ་ག་དམར་པོ་རྣམས་ཉི་མའི་དབྱིབས་ལྟ་བུ་ཟླུམ་པོའོ། །རྡོ་རྗེ་འཁོར་ལོའི་དཀྱིལ་འཁོར་ལ་རྡོ་རྗེ་འཁོར་ལོ་ལ་སོགས་པའི་ལིང་ཚེ་དགུའི་ལྷ་རྣམས་དཀྱིལ་ཆོག་བཞིན། འཇིག་རྟེན་པའི་ དཀྱིལ་འཁོར་བཞི་པོ་དཀྱིལ་ཆོག་བཞིན། མ་མོའི་དཀྱིལ་འཁོར་གྱི་སྒོ་རང་གི་ཕྱོགས་ཀྱི་དབྱེ་བས་བྱང་ཤར་ན་གནས། ལྷ་རྣམས་ཆུང་ནས་འདྲི་མ་ཤེས་པར་ཕྱག་མཚན་བྲིས་སྣང༌། རྡོ་རྗེ་གནོད་སྦྱིན་གྱི་མཆེ་བ་ཐམས་ཅད་ཁྲོ་བོའི་རྡོ་རྗེས་མཚན་པའི་མཆེ་ བ་ཁ་འགྲམ་དུའོ། །རྡོ་རྗེ་གནོད་སྦྱིན་དཀྱིལ་ཆོག་དང་མཐུན། ཞི་བ་མདུང་གི་དཀྱིལ་འཁོར་དུ་དབང་ཕྱུག་ཆེན་པོ་ནི། ཞལ་བཞིའི་རྩ་ཞལ་ཞི་བ་ལྷག་མ་རྣམས་ཁྲོ་བོ་འཁོར་ཞལ་དུ་སྣང༌། གཡས་དང་པོ་ཁ་ཊྭཱཾ་ག་ཐུགས་ཀར་གཏོད་ཅིང༌། གཡོན་དང་པོ་ཁ་ཊྭཱཾ་ག་ 2-4-7a དཀུར་བརྟེན་ཅིང༌། ཕྱག་ལྷག་མ་རྣམས་རང་རང་གི་ཐུགས་ཀར་འཕྱར་བ། དེའི་སྤྱི་བོར་ཁྲོ་བོ་འཇིགས་བྱེད་བཞེངས་པ། ཕྱག་བཞིས་རང་རང་གི་ཐད་དུ་ཕྱག་མཚན་འཛིན་པ། ནག་པོ་ཆེན་པོ་གཡས་ཏྲི་ཤུ་ལ་ཐུགས་ཀར་འཛིན་གཡོན་ དཀུར་བརྟེན་པ། དགའ་བྱེད་དབང་ཕྱུག་རྫ་རྔ་བརྡུང་བ། ནུབ་ཏུ་དྲིལ་ཆེན་དམར་པོ་དྲིལ་བུ་འཛིན་པ། དྲིལ་བུ་གཉིས་དཔུང་གར་འཛིན་པ། གར་གྱི་དབང་ཕྱུག་དཀར་པོ་གཡས་ཐུགས་ཀར་མདུང་འཛིན་ཅིང༌གཡོན་དཀུར་བརྟེན། ཐོད་པ་བཟང་པོ་ནག་པོ། གཡོན་ཐོད་པ་ཐུགས་ཀར། གཡས་ཁུ་ཚུར་སྙིང་གར། ལྷོ་ནུབ་ཏུ་གཏུམ་དབང་ཕྱུག་ནག་པོ་ཕྱག་བཞི། གཡས་དང་པོ་ཌཱ་མ་རུ་དཔུང་ཁར། འོག་མ་ཁ་ཊྭཱཾ་ག་འཕྱར། གཡོན་དང་པོ་ཐོད་པ་ཐུགས་ཀར། གཞན་རྣམས་འཕྱར་བ། ཁ་ཊྭཱཾ་ག་ནག་པོ། གཡས་ཁ་ཊྭཱཾ་ག་དཔུང་ཀ། གཡོན་ཐོད་པ་ཐུགས་ཀ །བ་ལང་རྣ་བའི་དབང་ཕྱུག་ནག་པོ་ཏྲཱི་ཤུ་ལ་མདུང་འཛིན་ཚུལ་དང་འདྲ། དྲག་མོ་སེར་མོ་རྩེ་གསུམ་ཡང་འཛིན་ཚུལ་མདུང་དང་འདྲ། ཚངས་པ་དཀར་པོ་ཕྲེང་བ་གཡས་ཀྱི་དཔུང་གར། ཁྱབ་ འཇུག་སེར་པོ་གཡས་འཁོར་ལོ་ཐུགས་ཀར། གཡོན་དཀུར་བཞག །གཞོན་ནུ་མ་དམར་པོ་གཡས་དྲིལ་བུ་ཐུགས་ཀར། གཡོན་དཀུར་ནག་མོ་ནག་མོ་གཡས་རལ་གྲི་ཐུགས་ཀར། གཡོན་དཀུར་བཞག །ལྷོ་ནུབ་ཏུ་ནག་མོ་ཆེ་གཡས་ཆུ་གྲི་ རྣ་བའི་ཐད་དུ། གཡོན་སྡིགས་མཛུབ། ཟ་བ་མོ་ནག་མོ་རྡོ་རྗེའི་མཆེ་བ་རྣ་བའི་ཐད་དུ་འཛིན་པ། སྲིན་མོ་ནག་མོ་ཁ་ཊྭཱཾ་ག་ཐུགས་ཀར་གཡོན་དཀུར། ཞི་བ་དམར་མོ་གཡས་ཐོད་པ་ཐུགས་ཀར། གཡོན་དཀུར། བེ་ཏུ་ན་ཊ་ལྗང་གུ་ཕྱག་གཉིས་ 2-4-7b ཐུགས་ཀར། རུས་པའི་ལུ་གུ་རྒྱུད་དེ་ལྕགས་སྒྲོག་ལྟ་བུ། གཏུམ་མོ་ནག་མོ་གཡས་རྡོ་རྗེ་ཁུ་ཚུར། གཡོན་བྱ་རྒོད་དཔུང་གར། འཇིགས་བྱེད་མ་སེར་མོ་གཡས་རྡོ་རྗེ་ཁུ་ཚུར་རྣ་བའི་ཐད་དུ། གཡོན་ཐུགས་ཀར་བྱི་བ་འཛིན། འབྱུང་པོའི་ཡི་གེ་ཏྲི་བརྒྱད་བརྒྱད། ཁ་དོག་ནག་པོ་ཏྲི་བཞི་བཞིའི་བར་དུ་ཏྲི་ཤུལ་རེ་རེའོ། །དབྱུག་པའི་དབང་ཕྱུག་དམར་པོ་ལག་གཡས་ཐོད་པ་ཐུགས་ཀ །གཡོན་ན་འཁར་བ་དཀུར་བརྟེན། ལྗང་གུ་གཡས་ཁ་ཊྭཱཾ་ག་ཐུགས་ཀར། གཡོན་དཀུར་བརྟེན། དྲིལ་བུའི་རྣ་སྔོན་པོ་གཡས་དྲིལ་བུ་ཐད་ དུ། གཡོན་དཔུང་པའི་ཐད་དུ་ཁུ་ཚུར་འཕྱུར་རོ། །ནག་པོ་ཆེན་པོ་སྐུ་མདོག་ནག་མོ། །ཞལ་གཅིག་ཕྱག་བཅུ། དང་པོ་གཉིས་ཁ་ཊྭཱཾ་ག་དང་པདྨ་ཐུགས་ཀར་འཛིན། གཡས་འོག་མ་གཉིས་ཁ་ཊྭཱཾ་ག། །དེ་འོག་གཉིས་མདུང་རྩེ་གཅིག་པ། ཕྱག་རང་རང་གི་ཐད་དུ། གཡོན་གྱི་ཕྱག་ལྷག་མ་བཞི་པདྨ་འཛིན། ཞབས་གཡོན་བརྐྱང་གིས་གཙོ་འཁོར་ཐམས་ཅད་བཞུགས་པ། དེའི་བྱང་དུ་དྲག་མོ་སེར་མོ། གཡས་ཁ་ཊྭཱཾ་ཐུགས་གར་འཛིན་ཅིང༌། གཡོན་དཀུར་བརྟེན། ཤར་དུ་ཚངས་མ་དཀར་མོ། ཕྱག་གཉིས་རྣ་བའི་ཐད་ རིན་ཆེན་ཕྲེང་བ་འཛིན། ལྷོར་ཁྱབ་འཇུག་སེར་པོ་གཡས་འཁོར་ལོ། གཡོན་སྡིགས་མཛུབ་ཐུགས་ཀར། ནུབ་ཏུ་གཞོན་ནུ་མ་དམར་མོ་གཡས་དྲིལ་བུ་ཐུགས་ཀར། གཡོན་ཁུ་ཚུར་དཀུར་བཞག །བྱང་ཤར་ནག་མོ་མདོག་ནག་མོ་གཡས་ཁུ་ཚུར་རྣ་ བའི་ཐད་དུ་འཕྱར། གཡོན་ཐོད་ཁྲག་ཐུགས་ཀར། ཤར་ལྷོར་ནག་མོ་ཆེན་པོ་ནག་མོ། གཡས་དབྱུག་པ་རྩེ་མོར་མེ་ཏོག་གིས་མཚན་པ། གཡོན་ཐུགས་ཀར་སྡིགས་མཛུབ་ཟ་བ་མོ་དཀྱིལ་ཆོག་ཏུ་བཤད་པ་བཞིན། སྲིན་མོ་ནག་མོ་ཕྱག་གཡས་ 2-4-8a ཐུགས་ཀར་མི་མགོས་མཚན་པའི་མདུང་རྩེ་གཅིག །གཡོན་རྡོ་རྗེ་ཁུ་ཚུར་དཀུར་བརྟེན། སྒོམ་བཞི་ཐ་གཉིས་སྒོའི་གཡས་གཉིས་གཡོན་དུ་སྐུ་མདོག་ཕྱག་མཚན་ཞི་བ་མདུང་དང་འདྲ། རྒྱལ་བར་བྱེད་པ་ནི་གསེར་གྱི་མདའ་གཞུ་བཀང་ བའི་ནང་དུ་སེངྒེ་དཀར་པོ་ཁ་ཕྱིར་ལོག་པ་དེའི་སྟེང་གི་དབུས་སུ་རྒྱལ་བར་བྱེད་པ་དཀར་པོ། གཡས་སུ་སྦྲང་རྩིར་བྱེད་པ་སེར་པོ། གཡོན་དུ་དོན་གྲུབ་ལྗང་གུ། གསུམ་པོ་ཕྱག་གཡོན་ཐོད་ཁྲག་ཐུགས་ཀར། གཡས་མདའ་གཞུ་རྣ་བའི་ཐད་དུ་འཛིན། ཁྲོ་ཞིང་ ཡ་མཆུས་མ་མཆུ་མནན་པ། སྐུ་ལ་ལྕགས་ཁྲབ་འདྲ་བ་གསོལ་བ། ཡ་ལད་ནི་སྤྱི་གཙུག་དང་རྣ་ལྟག་གཡས་གཡོན་དུ། རིན་ཆེན་ཟུར་གསུམ་པའི་རྣམ་པ་ལྟ་བུ་སྣང༌། ཤར་སྒོ་བ་དཀར་མོ་གཡས་ཁ་ཊྭཱཾ་ག་ཐུགས་ཀར་འཛིན་ཅིང༌། གཡོན་རྡོ་རྗེ་ཁུ་ ཚུར་ཐུགས་ཀར། ལྷོ་སྒོར་འཕེལ་བ་ལག་ན་གཏེར་གྱི་བུམ་པ་སེར་པོ་ཐུགས་ཀར་འཛིན། མེ་ཏོག་གི་ཟ་མ་ཏོག་ནི་རག་ཨོང་ལྟ་བུ་མེ་ཏོག་གིས་གང་བའོ། །གནོད་སྦྱིན་ཟ་མོ་འདྲ། དེའི་ནང་གི་ལྷ་སྣམ་གྱི་གྲྭར། ཤར་ལྷོར་གཏུམ་པོ་སྒོ་སྔོན་པོ། ལག་ གཡས་དབྱུག་པ་དཔུང་པའི་ཐད་དུ་འཕྱར། གཡོན་སྡིགས་མཛུབ་ཐུགས་ཀར། ཁྲོ་བོ་ནག་པོ་སྦྲུལ་མགོ་གཡས་ཀྱིས་ཐུགས་ཀར་འཛིན། གཡོན་རྣ་བའི་ཐད་དུ་ཁུ་ཚུར་འཕྱར། མཆོག་ནག་པོ་གཡས་འཁོར་ལོ་རྣ་བའི་ཐད་དུ་འཕྱར། གཡོན་སྡིགས་ མཛུབ་ཐུགས་ཀར། གསོད་པ་ནག་པོ་དཀྱིལ་ཆོག་བཞིན། བྱང་ཤར་དུ་སྲིང་མོ་བཞིའི་དཀྱིལ་འཁོར་ལ། ཤར་དུ་དགའ་བ་མོ་དམར་མོ་མདའ་གཞུ་རྣ་བའི་ཐད་དུ་འགེངས་པ། བསོད་པ་ནག་པོ་གཡས་རལ་གྲི་ནམ་མཁར་འཕྱར་ཞིང་གཡོན་ཕུབ་ 2-4-8b འཛིན། ཕག་མོ་གསེར་མདོག་གསེར་གྱི་བུམ་པ་ཐུགས་ཀར་འཛིན་པ། གྲུབ་བ་མོ་དཀར་མོ་གཡས་གྲི་རིངས་ཤང་ལང་ལྟ་བུ་ཐུགས་ཀར་འཕྱར། གཡོན་ཐོད་པ་སྟ་ཟུར་ཐད་ན་ཕར་འཛིན་པ། རང་རང་གི་སྒོའི་ཐོད་དུ་ཁ་བལྟ་བ། ཞབས་གཉིས་མཉམ་པའི་སྟབས་ ལ་སྨད་ལ་ཁ་དོག་རང་གི་དང་མཐུན་པའི་སྨད་གཡོགས་གསོལ་བའོ།། །།ནང་ཁྲུས་ཀྱི་རྒྱ་ལེན་ལ་མེད། བ་དན་གྱི་རྒྱ་སྟག །ཉེར་སྤྱོད་དང་མཆོད་པ་ཉི་ཤུ་ལ་མེ་ཏོག་སོགས་ཁྲོ་བོའི་ཁུ་ཚུར་ལས་བྱུང་བའི་རྒྱའོ། །ཆོས་འཁོར་དྲལ་བའི་སྔགས་རྒྱ་ལན་གསུམ། མདའ་ལྔ་བསྡུས་པ་ལ་གསུམ་སྟེ། རྒྱ་ནི་དང་པོའི་རྡོ་རྗེ་བྱེད་དེ་མིན་ནོ། །ཚོགས་བསྟེན་བསྟུང་བ་ན་གཞན་རྣམས་ལ་དམ་རྒྱ་བཅིང་ཞིང༌། མཐར་བསྐལ་བཟང་རྡོ་རྗེའི་རིགས་དང་བཅས་པའི་གཞལ་ཡས་ཁང༌། བཛྲ་ས་མ་ཛ་ཛཿཧཱུཾ་བཾ་ཧོ།ཿ དགུག་སོགས་བྱ། རྡོ་རྗེ་ དེ་ལས་རྡོ་རྗེའི་རིགས་ཐམས་ཅད་ཅེས་པའི་གོང་དུ་སྙིང་པོ་གདོན་པ་ཐོབ། དཀྱིལ་འཁོར་གྲུ་བཞི་པའི་ཁྲོ་བོ་རྡོ་རྗེ་ལྟ་བུའི་སྔགས་ནི། ཨོཾ་བཛྲ་ཧེ་ཏུ་ཀྲོ་དྷ་བྲ་བི་ཤ་སོགས་ཏེ་ལན་ཅིག་གོ། །ཕྱག་དང་རྒྱུན་བཤགས་དངོས་སུ་བྱ། སྡོམ་གཟུང་ཇི་ལྟར་དུས་གསུམ་ སོགས་ཀྱིས་བྱ། སྟོད་སྨད་ཀྱི་གཡོགས་དང་གཙུག་ཏོར་ལ་དངོས་དང་སྔགས་བརྗོད་པའང་མེད་ཟེར་ཏེ། སྔགས་ཙམ་དགོས་པ་འདྲའོ། །རྡོ་རྗེ་ཐལ་མོ་བསྐོར་བས་ཧཱུཾ་མཛད་ལ་ཕྱག་བྱ་བ་མི་བྱེད་ཟེར་ཏེ་དཔལ་མཆོག་ལྟར་བྱས་ན་འཐད། སྙིང་གར་རྡོ་རྗེ་ཧཱུཾ་མཛད་ དང་ཁྲོ་བོ་རྡོར་སེམས་བསྒོམ་པ་ལ་གནས་ཀྱི་གསལ་ཁ་མེད་པས་གང་བདེ་བྱ་སྟེ་དེས་རིན་ཆེན་ཧཱུཾ་མཛད་སོགས་ཀྱང་དཔག་གོ། སྒོ་མ་བཞིའི་ཕྱག་རྒྱ་འདི་པའི་ལུགས་དང༌། སྔགས་སྤྱི་འགྲོ་ལྟར་ཟེར་ཏེ། གྲུབ་ན་འདི་པའི་སྔགས་དགོས། ལན་གསུམ་ 2-4-9a བརྗོད་པའི་སྔགས་ནི་ཕྱག་མཚན་དབབ་པའི་སྐབས་ཀྱི་སྔགས་སོ། །ཕྱག་མཚན་གྱི་ང་རྒྱལ་བཟུང་བ་ལ་ཧཱུཾ་མཛད་ཕྱི་མ་གསུམ་ལ་མི་སྣང་ཡང༌། རཏྣ་མ་སོགས་ལན་གཉིས་བསྐྱར། དེ་བཞིན་གཤེགས་པ་ལྔའི་ཕྱག་མཚན་ཡང་རྡོ་རྗེ་ཁུ་ཚུར་ལས་ བྱུང་བ་རྒྱ་གཞུང་གི་དགོངས་པའོ། །རྒྱུད་རྒྱས་པ་ལས་གསུངས་པ་མི་བྱེད་ཟེར། སེམས་དཔའ་དང་གཟི་བརྗིད་གཙུག་ཏོར་གཉིས་ཀྱི་སྔགས་ལན་རེ་དང༌། ཕྱག་རྒྱ་སྤྱི་བོར་འཇོག་སྟེ་རྒྱ་གཞུང་ན་ཡོད། ཁྲོ་བོ་མོ་སྡེར་སྙེམས་ཁྲོ་བོ་སྒེག་མོ་སྟེ། རིན་ཆེན་སྙེམས་ མ་སོགས་ཀྱང་དེ་ལྟར་རོ། །འོག་ནས་བཤད་པ་ལྟར་ལྷ་ཆེན་པོ་སོགས་ལ་དེ་ནས་ཧཱུཾ་མཛད་ཀྱིས་ཨོཾ་པཱ་ཏ་ཨཱ་ཀཪྴ་ནས་ཨཊ་མ་ཧོའི་བར་དུ་དང་དེ་ནས་ཧཱུཾ་མཛད་ཀྱི་ཕྱག་རྒྱ་དེ་ལ་གནས་ནས། ཨོཾ་བཛྲ་ཨ་ཊ་མ་ཧོ་བརྗོད། གདབ་པའི་སྔགས་རྒྱའང་དེའི་ རྗེས་ལ་མཛད་པར་གདའ། རྣལ་འབྱོར་གཅིག་ལྡན་གྱི་མིག་བྱིན་རླབས་འདི་གོང་དུའང་དགོས་སམ། ལས་རྒྱལ་མཆོག་ཏུ་བཤད་པ་ལྟར་དགོས་བརྟག་གོ། །གཞི་ལུས་ཀྱི་སྐབས་སུ་སྙིང་པོ་འདྲ་ཞེས་དེ་བཞིན་གཤེགས་པ་ལ་གསལ་ཞིང༌། གཞན་ལ་ ཧཱུཾ་ཡིན་པ་འདྲ་སྟེ་ཆོ་ག་ལྔ་བསྐྱེད་ཀྱི་སྐབས་བཞིན་ནོ། །སྔགས་དང་གཞི་མཐུན་པ་གསུངས་ཏེ་མིན་ནོ། །རིགས་ལྔ་བབ་པའི་ཚེ་སྤྱི་འགྲོ་ལྟར་རོ། །དང་པོ་ཁྲོ་བོའི་མཚན་བརྒྱའི་ཚེ་ཉེར་སྤྱོད་སྒེག་སོགས་ཀྱིས་མཆོད། བསྟོད་ནས་ཐ་མའི་ཤླཽ་ཀ་ལ་དབྱངས་བྱ་ སྟེ་སྤྱི་ལྟར་མཎྜལ་འབུལ། འོག་གི་སྔགས་རིང་སློབ་དཔོན་རང་གིས་གདོན་གསུངས། གསོལ་གདབ་སྤྱི་དང་མཐུན་པར་བྱེད་ན། འདིར་སློབ་དཔོན་རང་གིས་བརྗོད་ཅིང༌། འོག་ཏུ་ཚིགས་བཅད་ཐ་མ་ལ་གསོལ་བ་གདབ་པ་དང༌། མཆོད་བསྟོད་སློབ་མས་ 2-4-9b བྱའོ། །རྡོ་རྗེ་དེ་རང་གི་སྙིང་གར་བཞག་ཅེས་པར་དངོས་སུ་བྱེད། རྡོར་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ཞེས་པར་རྡོ་རྗེའི་རིགས་མ་གཏོགས་པའི་ལྷ་རྣམས་ཐམས་ཅད་ཁྲོ་བོའི་ཉམས་སུ་བསྐྱེད། དེའི་ཕྱིར་རིགས་བཞིའང་འདི་ནས་ཉམས་འཕོ་ཟེར་ རོ། །རྡོ་རྗེ་གསོར་ཞིང་ཞེས་པ་རྣམས་ལ་དངོས་དང་སྟང་ག་གང་རུང་དམིགས་བསལ་ཅན་མིན་པ་ལ་ང་རྒྱལ་གྱིས་ཞེས་པར་དེའི་ཕྱག་ཆེན་མི་བྱེད་ཟེར། ང་རྒྱལ་གྱིས་ཞེས་ངག་ཏུ་བརྗོད་ཀྱིན་སྣང༌། གཡོན་པས་དྲངས་ཏེ་གཡས་སུ་གཞུ་ཞེས་པར། ཕྱག་ རྒྱ་དེ་གཡོན་ནས་གཡས་སུ་འཁྱེར་ཏེ་གཡོན་དུ་ཡོ་བ་ལའང་བྱེད། ལྷ་ཆེན་པོ་ལ་བབས་ནས་མན་ཆད་བརྗོད། མཛུབ་མོ་གཉིས་གོ་ཆ་འཆིང་བའི་ཚུལ་དུ་ཞེས་པས་སརྦ་མུ་ཏྲ་མེའི་རྒྱ་དང་འདྲ་བར་བཅིང་ངོ༌། །ཕྱག་བཞི་སྔོན་དུ་འགྲོ་བའི་སོགས་ལ། སྒོམ་དོན་ ལ་དེ་རྣམས་ཀྱིས་བྱེད་པར་བསམས་ན། དངོས་སུ་རང་གི་ཕྱག་གི་སྔགས་དང༌། བཤགས་པའི་ཚིག་དང༌། ཇི་ལྟར་དུས་གསུམ་སོགས་དང་ཏི་རིནྟི་རི་རྒྱ་འཆིང་བ་སོགས་བྱེད། ཕྱག་མཚན་གྱི་དབང་བསྐུར་བ་ལ་སྔགས་བཏོན་ནས་ཁྲིམས་མཚན་ནས་དབང་ བསྐུར་གྱི་བར་བརྗོད་ཀྱི་སྣང་བ་དབའ་རྫས་དངོས་སུ་མེད་དོ། །དེ་ནས་མིང་དབང་ཡི་གེ་བཞིན་གདོན་ཟེར་ཏེ་བརྟག་དགོས། གཡས་གཡོན་དུ་གཅུ་ཞིང་འདྲེན་པའི་རྒྱ་ནི། གཡས་གཡོན་སོ་སོར་བྱས་ནས་དགྲོལ་བ་བྱེད། སྔགས་རྫོགས་པ་དང་རིགས་ལྔས་བཀའ་ བསྒོ་ཞེས་བརྗོད་དེ་འོག་མ་ལའང་དེས་དཔག་གོ། །དེ་གཉིས་ཀས་གུང་མོ་གཉིས་ཀ་མནན་ཞེས་པ་མཐེ་བོང་དང་མཛུབ་མོ་གཉིས་ཀས་གུང་མོ་རྡོ་རྗེ་བསྡམས་པ་ལ་མནན་པ་ཡིན་ཟེར། སྙིང་གའི་གཡས་གཡོན་དུ་གཞུག་ཅིང་དྲག་ཏུ་དྲལ་ནས་གདབ་ཅེས་ 2-4-10a པ་གཡས་པ་གཡོན་པའི་སྟེང་དུ་བྱས་པའི་ཕྱག་རྒྱ་དེས་གཡས་གཡོན་སོ་སོར་དྲིལ་ཞིང་གཞི་བཅའ་ཡང་དྲལ་ནས་བྱེད་ལག་པ་གཉིས་ཀ་ཐུར་དུ་བསྟན་པ་སོགས་ནི་འབར་བའི་རྒྱ་བྱེད། ཡང་ཡང་དུ་གཏོག་པའི་ཕྱག་རྒྱ་ཞེས་པ་ལ་ཕྱག་རྒྱ་དེ་བཅས་ ནས་ལན་ཁ་ཡར་འདྲེལ་བ་ལ་བྱེད། ཕྲ་མེན་མ་འགུགས་པ་ལ་གཡས་པའི་མཛུབ་མོས་གཡོན་མཛུབ་ལ་བཅིངས་ནས་བྱེད་པར་གདའ་སྟེ་བརྟག་གོ། །ཡིད་ཀྱིས་ཁྲོས་ནས་བཙིར་བའི་རྒྱ། ཞེས་པ་ལག་པ་སོ་སོར་བྱས་ནས་མཐེ་བོང་བཀུག་པ་ལ་རང་རང་གི་ མཛུབ་མོས་དེའི་རྒྱབ་མནན་པའོ། །ལས་རྒྱལ་དུ་བསྐལ་བཟང་ལ་རྒྱས་འདེབས་པ་འདིར་བཤད། རྡོ་རྗེའི་རིགས་རྣམས་འདིར་མི་སྐྱེས་པས་མི་དགོས་གསུངས། འོན་ཀྱང་འདིར་དབང་བསྐུར་བཤད་པས་དཀྱིལ་འཁོར་ལ་བསྐྱེད་པར་གསལ། རྒྱས་འདེབས་པ་ བརྟག །དབང་བླང་ཡུལ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་བསམ་ཞེས་པ་ལ་རྡོ་རྗེ་བསྡུ་བའི་སྔགས་རྒྱ་བྱེད་པ་མ་བཤད་ཀྱང་དེ་བྱུང་བ་ཐམས་ཅད་ལ་མཛད་པ་ཕྱག་ཆེན་ནོ། །གར་མའི་དམ་རྒྱ་རྡོར་དབྱིངས་ལྟར་ལ། སྡིགས་མཛུབ་བསྒྲེངས་པའོ། །རིག་ མ་བཅུ་དྲུག་གི་ཚིགས་བཅད་དང་སྔགས་རྣམས་ལ་གར་གྱི་ཁྱམས་བཅའ་བ་སྔོན་དུ་འགྲོ་བས་ཁྲོ་བོ་བཅུ་དྲུག་གི་ལས་རྒྱ་བྱ། ཕྱག་ཆེན་བྱེད་པ་མེད་གསུང༌། སྒེག་སོགས་ཀྱི་མཆོད་པ་དང་རིག་མའི་མཆོད་པ་རྣམས་ལས་རྒྱས་བྱེད་ཅིང་གླུ་དང་གར་དང་རོ་དང་ཟས་ཞེས། རོའམ་ཉམས་དགོས་པར་བཤད་པས། དེ་དག་ལའང་བཞེངས་ནས་མཛད་པར་གདའ་གསུང༌། གསང་མཆོད་བཞིའི་ཁྲོ་བོ་སྒེག་སོགས་བཞིའི་སྔགས་བརྒྱ་ཙམ་བྱེད། ས་སྦྱང་གཟུང་གི་སྔོན་དུ་ཆ་གསུམ་གཏོང་བ་ན་ཁ་ཤར་དུ་ཕྱོགས་ནས་མཎྜལ་གསུམ་ 2-4-10b དང་མེ་ཏོག་ཚོམ་བུའི་གདན་བྱས་ནས། དང་པོའི་ཕྱོགས་སྐྱོང་ནས་བཏང༌། མགྲོན་གཤེགས་པ་ན། རོལ་མོ་བརྡུང་བ་རེ་དང་མཎྜལ་ཕྱི། དེ་ནས་ནུབ་ཏུ་ཕྱོགས་ནས་གཡས་ལྷའི་གཏོར་མ་བཏང་སྟེ་མགྲོན་བསྐྱེད་པ་དང་དེར་དགུག་པ་མི་བྱེད། གཏོར་སྔགས་ལ་སོགས་ པ་མེད། དེ་ནས་དབུས་དང་སྒོར་སློབ་དཔོན་རྣམས་བསྡད་ནས་མཆོད་པ་བསང་སྦྱང་སོགས་བྱ། དམ་ཚིག་གསུམ་འཛིན་མི་འཛིན་ཅི་རིགས་སུ་ཡོད། ཚོགས་རྟེན་གྱི་མཆོད་པ་བྱིན་རླབས་དང་འོག་གི་དམ་ཚིག་གསུམ་བཟུང་བའང་བྱེད་དེ། གཞན་ལའང་ འགྲེའོ། །ཨོཾ་བཛྲ་པཱ་ཎི་མ་ཧཱ་ལམ་སོགས། བླ་མཆེན་པོ་སློབ་མས་བྱེད། གསོལ་གདབ་ཀྱང་འདིས་བྱ་གསུང༌། གཞན་དག་འདི་སློབ་དཔོན་གྱིས་བྱ། གསོལ་གདབ་འདི་པའི་ལུགས་གོང་དུ་བྱེད་འདིར་ཅིས་ཀྱང་བྱེད་ནའང་ཚིག་སྔ་མས་བྱ་གསུང༌། རྐང་པ་བྱིན་ བརླབ་ཕྲེང་བ་ལྟར་བྱེད་པར་འདུག །དགོས་རྒྱུ་ནི་མེད་གསུང༌། སེམས་དཀྱིལ་གྱིས་འདུག་ལ་བསྣུན་བསྲེགས་སོགས་ཟེར་ཡང་ལངས་ནས་ཁྲོ་བོར་བསྐྱེད་ཅིང་སྲུང་འཁོར་བསྒོམ་ཟེར། ལྷ་སྟ་གོན་གྱི་ཚེ་ནམ་མཁའི་གཞལ་ཡས་ཁང་འབེབས་པ་དམིགས་པ་ཙམ་ གྱིས་ཆོག་གསུངས་པ་དྲིས་པ་ཡིན་གསུང༌། བླ་ཆེན་ས་མ་ཡ་ཨས་འབེབས་གསུངས། ཐིག་སྐུད་བསྐྱེད་ཆོག་ལ་ཤར་དུ་ཕྱོགས་ནས་ནུབ་ཏུ་ཕྱོགས་ཏེ་སྐུད་པ་བརྐྱང་ནས་ཆོ་ག་གསུམ་བསྐྱེད་བྱེད་པར་འདུག་གསུང༌། བདེན་བྲལ་དུ་སོང་ནས་རང་རྣམ་ སྣང་དུ་བསྒྱུར། གྲོགས་ལས་སུ་དཀྲོང་བསྐྱེད་བྱས་ཟིན་པ་དང༌། ཐིག་འདེབས་པ་སོགས་རང་གི་འཁོར་བསྒྱུར་གྱིས་བྱེད་པས་ཧཱུཾ་མཛད་དུ་བསྒྱུར་ནས་ཐིག་སྣ་གཏད་གསུང༌། དེ་ནས་ནུབ་ཤར་དུ་སོང་ནས་མཆོད་པ་གཉིས་ཀྱིས་མཆོད། མིག་བྱིན་གྱིས་ 2-4-11a བརླབ། ཕྱག་བྱ་ལ་གདབ་གསུང༌། འདི་ལ་ཕྱག་དང་མིག་བྱིན་བརླབ་གཅིག་འཆད་པར་སྣང་ངོ༌། །དེ་ནས་ཚོན་བྱིན་བརླབ་བྱ། ཕུར་བུ་འདིར་དབྱུང་། དེའི་སྐབས་སུ་ཆོས་དབྱིངས་ནས་བྱ་གྲུབ་དག་པ་སྟེའི་བར་བརྗོད་ཅིང༌། དྲིལ་གསིལ་རེའང་བྱེད་ཀྱི་ན་ གདའ་ཟེར་ཕུར་བུ་འདེབས་པ་མེད་པར་སྣང་སྟེ། དམིགས་པས་བཏབ་ན་འཐད་པ་འདྲ། དེ་ནས་ཚོན་པྲ་བརྟག་པའི་ཕྱིར་བྲི་བ་དང༌། ཕྱོགས་མཚམས་སུ་ཐེབ་ཚོད་ཀྱི་ཚོན་རེ་གཏོར་ཏེ་ཆ་དབྱེ་བ་ཡིན་འདི་མཛད་པར་སྣང་བ་མཐོང་ཟེར། ཚོན་གྱིས་བྲིས་ཟིན་ནས་ མཆོད་དེ། ཡེ་ཤེས་པ་གཤེགས། ཚོན་པྲ་ལའང་གོང་འོག་གཉིས་ཀར་སྔགས་བརྒྱ་ཙམ་གྱིས་མཆོད། སྐུ་དངོས་དང་ཕྱག་མཚན་ཡོད་ན་ཕྱག་རྒྱ་བཞིའི་རྒྱས་འདེབས་མི་བྱེད་ཟེར་ཏེ་བརྟག་གདན་ནམ་ཐིག་ལེ་ཙམ་ལས་མེད་ན་རྣམ་སྣང་ནས། རྡོ་རྗེ་ རིགས་ཀྱི་བར་དུ་རང་རང་གི་སྔགས་དང༌། གཡས་ཀྱི་ཕྱག་མཚན་དང་པོ་ལས་བསྐྱེད། དེ་ནས་ཡེ་ཤེས་པ་སྒོ་བཞི་བཞིས་བཅུག་ནས་དམ་རྒྱས་བསྒྲུབ། དེའང་རྣལ་འབྱོར་ཆེན་པོའི་སྐབས་ལྟར་ཏེ། དཔེར་ན་ས་མ་ཡ་སྟཾ་ཧཱུཾ་བཛྲ་ཏྲི་ཥྣེ་མ་ཊ་རང་རང་གི་ སྔགས་བརྗོད། ཏྲི་ཤྱ་ཛཿ ཧཱུཾ་བཾ་ཧོཿ ས་མ་ཡ་སྟྭཾ་ས་མ་ཡ་སྟྭཾ་ཨཾ་ཧཾ་ཨོཾ་བཛྲ་སཏྭ་ཀྲོ་དྷ་སོགས་རང་རང་གི་སྔགས་གསུམ་གསུམ་བརྗོད་དེ་གཞན་དུའང་ངོ༌། །དེ་ནས་རྣམ་སྣང་ནས་འཇིག་རྟེན་པའི་བར་གྱི་སྔགས་རྣམས་བརྗོད་ནས་སྟ་གོན་གྱི་ལྷ་ དབབ། འདི་ལ་རྡོ་རྗེ་བསྡུ་བ་དང་སྒོ་བ་བཞིས་དགུག་པ་སོགས་མེད་ཟེར། དེ་ནས་ཕྱག་རྒྱ་ཕྱི་མ་གསུམ་གྱིས་རྒྱས་འདེབས་པ་འདི་རྡུལ་ཚོན་གྱི་དཀྱིལ་འཁོར་སྒྲུབ་མ་ཐག་ཕྱག་རྒྱ་བཞིས་རྒྱས་འདེབས་པ་ཐམས་ཅད་ལ་འདྲ་ཟེར། ཡང་ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿ 2-4-11b ཨཱཿ རྣམས་དང་དེ་བཞིན་གཤེགས་པའི་རྡོ་རྗེ་ལས་རིགས་ལྔ་དང་ཧཱུཾ་ཏྲཱཾ་སོགས་ཕྱག་མཚན་ལས་རང་རང་གི་སྐུར་བསྐྱེད་པ་སེམས་དཔའ་བཅུ་དྲུག་སོགས་ལ་བྱའང་ཟེར། བླ་མ་ཆེན་པོ་ནི་བཛྲ་དྷཱ་ཏུ་ཨཱ། བཛྲོ་ཧཾ། བཛྲ་དྷཱ་ཏུ་ར་ཧཾ་སོགས་ཀྱིས་བསྒྲུབ་གསུང༌། ཡེ་ཤེས་པ་ཟུར་པ་སྤྱན་མི་འདྲེན། སྟ་གོན་གྱི་ལྷ་ཕབ་པ་ལ་དམ་རྒྱས་སྒྲུབ་ནས་གཞན་གྱིས་རྒྱས་འདེབས་གསུང༌། ལྷ་ཐམས་ཅད་གསལ་བར་བསྒོམས་ནས་ཞེས་པ་ལ། སྔགས་མི་བརྗོད་བསྒོམ་པ་ཙམ་བྱ་ཟེར། རྡོ་རྗེ་བསྡུ་བའི་སྔགས་ཉེར་ གཅིག་ཟེར་ཡང་ཁ་ཡར་ཞིག་བྱེད། ལྷ་སྟ་གོན་བྱེད་པའི་ཚེ་ཨོཾ་ཨ་ཀཱ་རོ་སོགས་ཀྱིས་སྟོང་པར་སྦྱངས་ནས་གདན་གྱི་བར་བསྐྱེད་ཟེར། གཞལ་ཡས་ཁང་ལ་སྒོ་བ་བཞིས་དགུག་པ་མི་རུང་ཟེར། རྡོ་རྗེ་སེམས་དཔའི་ལུས་ཀྱིས་སེམས་བསྐྱེད་པ་སོགས་ སྔགས་རྣམས་བརྗོད་ཟིན་པའི་མཇུག་ཏུ་ཡི་གེ་ལྟར་བརྗོད་ཟེར། ལས་འཆོལ་གྱི་སྐབས་སུ་འཇིག་རྟེན་པ་ལ་ལས་འཆོལ་མི་བྱེད་ཟེར། སློབ་མ་སྟ་གོན་གྱི་སེམས་མ་བཞིའི་སྔགས་ཀྱི་གོང་དུ་ལག་པ་གནས་བཞིར་བཞག་ནས་ཧཱུཾ་ཏྲཱཾ་ཧྲཱིཿཨཱཿ བརྗོད། དེ་ནས་སྔགས་བརྗོད་པ་མཛད་པར་འདུག་ཟེར། སློབ་མ་རེ་རེ་ལ་སོ་ཤིང་ནས་གཙུག་ཏོར་གྱི་བསྲུང་བའི་བར་བར་མ་ཆད་དུ་བྱེད་པ་འདི་པའི་ལུགས། ཆོས་རྗེ་པ་སོ་ཤིང་སོགས་སློབ་མ་ཐམས་ཅད་ལ་ཚན་ཚན་དུ་མཛད། སྲུང་སྐུད་མདུད་པ་བྱས་པའི་ལག་པ་ མ་བཏེག་པ་ལ་བསང་ཆུ་ནས་ཆུ་བླངས་པ་མདུད་མཚམས་སུ་ལྡུག་ཟེར། ལག་པའི་ཟེ་འབྲུའི་ཆུས་ཁ་ལ་མང་དུ་བྱ་བ་ཅེས་པ་ཆུ་ལེན་པ་གུང་སྲིན་གྱིས་བླངས་ནས་བྱ་བ་པ་ནི། ཕུལ་ཁ་ཡིན་ཟེར། བདག་འཇུག་ལ་དབུགས་དབྱུང་མེད། ཕྱི་རོལ་པ་བསྡུས་པ་གཏོང་ 2-4-12a བ་ནི་ཡི་གེ་ལྟར་བྱེད། མཆོད་འབུལ་གྱི་སྔགས་རྒྱ་དངོས་སུ་མི་བྱེད་ཀྱང་ལྷ་བཤོས་མ་གཏོགས་པའི་ཉེར་སྤྱོད་བཤམ་ཟེར། སྒོ་དབྱེ་བ་ལ་གཞི་བཅའ་དང༌། གཡོན་བརྐྱང་བྱས་ནས་སྔགས་ལན་གསུམ་བྱེད། བུམ་པ་བསྡུས་པ་ལ་སྔགས་རྒྱས་སྤྲུལ་ནས་ ཕྱོགས་དེའི་ལྷ་རྐང་ཐོན་དུ་བརྗོད་ནས་སྤྲུལ་ཏེ། དེའང་བསྐལ་བཟང་དང་རྡོ་རྗེའི་རིགས་མ་གཏོགས་ཟེར་རོ། །རིགས་བཞིའི་གསོལ་གདབ་ལྷུག་པ་སློབ་མ་འདུས་པ་དང་མ་འདུས་པ་གང་རུང་བྱེད། ཆེ་གེ་ཞེས་བྱ་དང་གཉིས་ཀ་ལ་ལན་རེ་དང་ཕྱག་མེད་ཟེར། ཆུ་དབང་གི་རིན་ ལ་གཡོན་བརྐྱང་བྱས་པ་ལ་དབང་སྐུར། སྔགས་སྟོང་རྩ་བཟླ་བ་སྐབས་དེར་ཅི་གྲུབ་ཅིག་བྱས་ནས་སྔགས་དེ་ཉིད་ལ་ཨ་བྷི་ཥཱི་ཉྩ་བཏགས་ལ་བསྐུར། སེམས་ཅན་འདི་དག་ནི་བཟའ་བ་དང་བཏུང་བ་སྟེ་སོགས་བྱེད་པ་མེད་གསུང༌། མཆོད་མ་ཐག་དངོས་གྲུབ་ ཀྱི་བརྟུལ་ཞུགས་སོགས་བྱ། མཐའི་ཕྱག་རྒྱ་དགྲོལ་བ་ན་བསྐལ་བཟང་སོགས་ཀྱི་ཕྱག་རྒྱ་འགྲོལ་བ་དང་མི་འགྲོལ་བ་ཅི་རིགས་སུ་ཡོད་དེ་རིན་ཏི་རིའི་རྒྱ་བཅིངས་ཏེ་ཧཱུཾ་བཞི་འདོན་བཞིན་བསྐོར་བ་ན། གཞན་རྣམས་ཀྱིས་རོལ་མོ་དང་སློབ་དཔོན་ཕྱག་རྒྱ་དེ་ལ་ གནས་མུའི་བར་དུ་སྡོད་ཅིང་རྡོར་དབྱིངས་ལའང་དེ་ལྟར་ཟེར། དཀྱིལ་འཁོར་སྡུད་པ་ན་རྩིག་པ་ལ་ཐོ་ཡེ་མ་སོང་བར་བྱས་ནས་མི་སླེབ་ན། གཞན་ཕྱག་ཆེན་རྩིག་པའི་ནང་གི་ཕྱོགས་ཕྱོགས་སུ་བསྡད་ནས་གཡོན་དྲིལ་བུ་དང་བཅས་པའི་མེ་ལོང་གཡས་རྡོ་རྗེ་ དང་བཅས་པས་མཚན་མ་དམའ་རིམ་ནས་བསྡུ། དེ་ནས་ཚངས་ཟུར་རྡོ་རྗེས་དབྱི་གསུང༌། བླ་མ་མ་ཧཱ་སུ་ཁ་ནི་དང་པོ་ཚངས་ཟུར་ནས་རྡོ་རྗེས་རྗེས་གཏོད་ནས། དེ་རྗེས་སྡུད་པ་མཛད། ལུགས་གཉིས་ཀས་ཀྱང་མུའི་རྗེས་ལ་མཐའི་མཆོད་པ་སོགས་བསྡུས་ 2-4-12b ནས་དེ་རྗེས་སུའོ། །ཕུར་བུ་འདོན་པ་ན་ཡོ་ག་པ་རྣམས་གཞི་བཅའ་མི་བྱེད་ཟེར། གཞན་ཁ་ཅིག་བྱས་ནས་འདོན་ཟེར། དབང་ལྡན་གྱི་ཕུར་བུ་རྟིང་ལ་འདོན་པ་བླ་མ་ཆེན་པོ་བཞེད། ཆོས་རྒྱ་དང་ཕྱག་ཆེན་འཆིང་བ་ན་དེ་དག་གི་སྔགས་འདོན་ཟེར་རོ། །དྲག་ པོའི་དམ་རྒྱ་ལ་མཐེ་བོང་ཆེ་ཆུང་རྣམས་མི་སྦྲེལ་བར་ལྕགས་ཀྱུའི་རྣམ་པར་བྱེད་པར་གདའ། སྒེག་སོགས་བརྒྱད་ཀྱི་འཁོར་གྱི་ལྷ་མོ་རྣམས་ལ་བསྐྱེད་ཆོག་དང་རྒྱས་འདེབས་ཟུར་པ་མི་མཛད་པར་གདའོ།། །།ཁམས་གསུམ་རྣམ་རྒྱལ་རྩ་བའི་ དཀྱིལ་འཁོར་ལ། །དབུས་སུ་ཕ་གུ་གྲུ་བཞི་པའི་ཞེས་པ་ནི། །རྒྱབ་ཡོལ་སེར་པོ་གྲུ་བཞི་པ་ཞིག་སྣང༌། །རྣམ་སྣང་ཞལ་འཁོར་ཞལ་ཕྱག་གཉིས་བྱང་ཆུབ་མཆོག་གི་རྒྱ། དེའི་ཕྱོགས་བཞིར་སེམས་མ་བཞིའི་ཕྱག་མཚན། ཤར་དུ་རྡོ་རྗེ་དམར་པོ་འོད་ཟེར་སེར་པོས་ བསྐོར་བ། ལྷོ་རུ་རིན་ཆེན་ཟུར་བརྒྱད་པ་དམར་སེར་འོད་ཟེར་སེར་པོ། །ནུབ་ཏུ་པདྨ་དམར་པོ་འོད་ཟེར་དཀར་པོ། བྱང་དུ་སྣ་ཚོགས་རྡོ་རྗེ་འོད་ཟེར་དམར་པོས་བསྐོར། ཤར་གྱི་ལིང་ཚེའི་དབུས་སུ་རྡོ་རྗེ་ཧཱུཾ་མཛད་སྔོན་པོ་ཞབས་གཡོན་བརྐྱང་བས་དབང་ཕྱུག་དཀར་ པོ་གཡས་རྩེ་གསུམ་གཡོན་མདུང་རྩེ་གསུམ་པ་འཛིན་པ། རྣ་བ་གཡོན་པའི་སྟེང་ནས་མནན། དབུ་མ་གསེར་མདོག །རྡོ་རྗེ་རྩེ་གསུམ་དང་ཁ་ཊཱཾ་འཛིན་པ་ནུ་མའི་སྟེང་དུ་ཞབས་གཡས་པས་མནན། ཧཱུཾ་མཛད་ཞལ་བཞི་པ་མཆེ་བ་གཙིགས་ཤིང་མ་མཆུ་ མནན་པ། ཁྲོ་ཞིང་རྩ་ཞལ་འཇིགས་པ་གཞན་གསུམ་ཁྲོ་ཞིང་འཛུམ་པ་འཁོར་ཞལ་ལོ། །ཕྱག་བརྒྱད་ཀྱི་དང་པོ་གཉིས་རྡོར་དྲིལ་ཧཱུཾ་མཛད་རྒྱ། འོག་མ་གཉིས་མདའ་གཞུ་རྣ་བའི་ཐད་དུ་འགེངས་གཡས་གསུམ་པ་རལ་གྲི། གཡོན་གསུམ་པ་ལྕགས་ 2-4-13a ཀྱུ། ལྷག་མ་གཡས་གཡོན་གཉིས་རྡོ་རྗེ་རྩེ་གསུམ་པ་དང་ཞགས་པ་ཕྲག་པར་འཛིན་པའོ། །ཁྲོ་བོའི་རྡོར་སེམས་གཡས་རྡོ་རྗེ་དམར་པོ་གཡོན་སྡིགས་མཛུབ། རྒྱལ་པོ་སེར་པོ་གཡས་རིན་ཆེན་དབྱུག་ཏོ། །ཆགས་པ་དམར་པོ་གཡས་ མདའ་གཞུ། །ལེགས་པ་ལྗང་གུ་གཡས་རྡོ་རྗེ་དམར་པོ། །ལྷོའི་ལེའུ་ཚེའི་དབུས་སུ། རིན་ཆེན་ཧཱུཾ་མཛད་དང༌། རིན་ཆེན་སེར་པོ་གཡས་རིན་པོ་ཆེ་དང་པདྨ། ཉི་མ་དམར་པོ། རྒྱལ་མཚན་སྔོན་པོ། །གཡས་རྡོ་རྗེ་རྒྱལ་མཚན། བཞད་པ་དཀར་པོ། ནུབ་ཀྱི་ ལེའུ་ཚེར་ཆོས་ཀྱི་ཧཱུཾ་མཛད་གཡས་པདྨས་མཚན་པའི་རྡོ་རྗེ། ཆོས་གཡས་པདྨས་མཚན་པའི་སྣ་ཚོགས་རྡོ་རྗེ། གཉིས་ཀ་མདོག་དམར་སྐྱ། རྣོན་པོ་སྔོན་པོ་གཡས་རལ་གྲི། རྒྱུ་སེར་པོ་འཁོར་ལོ་སྨྲ་བ་ཟངས་མདོག །བྱང་གི་ལེའུ་ཚེར་ལས་ཀྱི་ཧཱུཾ་ མཛད་ཞལ་དཀར་པོ། མགྲིན་པ་ནས་སྙིང་ག་ཡན་ཆད་དམར་པོ། །སྙིང་ག་ནས་བརླའི་བར་སྔོན་པོ། །བརླ་ནས་པུས་མོའི་བར་སེར་མོ། །པུས་མོ་ནས་རྐང་མཐིལ་བར་དཀར་པོ། །ཕྱག་དཔུང་པ་ནས་ལག་མགོའི་བར་སྔོན་པོ། །གཡས་སྣ་ཚོགས་རྡོ་རྗེ། ཁྲོ་བོའི་ལས་སྣ་ཚོགས་པའང་ཁ་དོག་དང་ཕྱག་མཚན་གོང༌། སྲུང་པ་སེར་པོ། གནོད་སྦྱིན་ནག་པོ་གཡས་མཆེ་བ། ཁུ་ཚུར་སེར་པོ་གཡས་རྡོ་རྗེ། དེ་ཐམས་ཅད་ཀྱང་དམིགས་བསལ་མེད་པ་རྣམས་གཡས་ཐམས་ཅད་རང་རང་གི་ཕྱག་ མཚན་ཕྲག་པར་འཕྱར། གཡོན་ཐམས་ཅད་སྡིགས་མཛུབ་ཐུགས་ཀར་འཛིན་པའོ། །ལྷ་སྣམ་གྱི་གྲྭར་ཤར་ལྷོར་སྒེག་མོ་སྔོན་མོ། ཁྲཽའི་བོའི་ཁུ་ཚུར་གཉིས་ཀྱིས་རྡོ་རྗེ་གཉིས་བསྣམས་ནས་དཀུ་གཡས་གཡོན་དུ་བཞག་ནས་གཡོན་དུ་ 2-4-13b འགྱིང༌། ཆ་ལང་བརྡུང་བའི་ལྷ་སྔོན་མོ་བཞིས་བསྐོར་བ། ལྷོ་ནུབ་ཏུ་ཕྲེང་བ་མ་སེར་མོ། །ཁྲོ་བོའི་ཁུ་ཚུར་གཉིས་ཀྱིས་ཕྲེང་བ་དཀར་པོ་དཔུང་པའི་ཐད་དུ་འཕྱར་བ། འཁོར་ལྷ་མོ་སེར་མོ་བཞིས་བསྐོར་བ་རྔ་ཟླུམ་བརྡུང་བའོ། །ནུབ་བྱང་དུ་གླུ་མ་མདོག་དམར་སྐྱ་པི་ཝང་ སེར་པོ་བརྡུང་བ། གླིང་བུ་བསྒྱུར་བའི་ལྷ་མོ་དམར་མོ་བཞིས་བསྐོར་བ། ཕྱག་གཡས་ཐུགས་ཀའི་ཐད་དུ་བཟུང་བའོ། །བྱང་ཤར་དུ། གར་མ་སྣ་ཚོགས་མདོག་ཅན། །ཕྱག་གཉིས་ཀྱིས་རྡོ་རྗེ་རྩེ་གསུམ་པ་བསྣམས་ནས། གཡས་སྤྱི་བོ། གཡོན་དཀུར་བཞག་ ནས་གར་བསྒྱུར་བ། འཁོར་ལྷ་མོ་བཞི་སྣ་ཚོགས་མདོག་ལྔ་ཁ་གཅིག་པ། པགས་པས་གཡོགས་པ། རྔ་ཤིང་དྲ་བས་བརྒྱན་པ་མདུན་དུ་ཕྱག་གཉིས་ཀྱིས་བརྡུང་བའོ། །ཕྱིའི་ལྷ་སྣམ་གྱི་གྲྭར། ཤར་ལྷོར་བདུག་པ་མ་སྔོན་མོ། །གཡོན་པ་ཁྲོ་བོའི་ཁུ་ཚུར་ གྱིས་སྡིགས་མཛུབ་བསྒྲེང་བ། གཡས་སྤོས་སྣོད་ཐོགས་པ། །འཁོར་བཞི་ཕྱག་གཡོན་དུ་དུང་འབུད་པ། གཡས་སྡིགས་མཛུབ་ཐུགས་ཀར། ལྷོ་ནུབ་ཏུ་མེ་ཏོག་མ་སེར་མོ། གཡོན་མེ་ཏོག གཡས་པ་མེ་ཏོག་གི་ཆར་འབེབས་ཚུལ། རྫ་རྔ་དྲ་བ་ཅན་ཁ་ གྱེན་དུ་བསྟན་ནས་བརྡུང་བའི་ལྷ་མོ་སེར་མོ་བཞིས་བསྐོར། ནུབ་བྱང་དུ་མར་མེ་མ་དམར་སྐྱ། གཡོན་ཁུ་ཚུར་ཐུགས་ཀར། གཡས་པ་རྡོ་རྗེ་ཁུ་ཚུར་གྱིས་མར་མེའི་སྡོང་བུ་ཕྲག་པ་གཡོན་པར་འཛིན་རྔ་དྲ་བ་ཅན་རོལ་མོ་བརྡུང་བའི་ལྷ་མོ་དམར་ སྐྱ་བཞིས་བསྐོར། བྱང་ཤར་གྱི་གྲྭར་བྱུག་པ་མ་སྣ་ཚོགས་པའི་མདོག་ཅན། གཡོན་དྲིའི་དུང་ཆོས་ཐུགས་ཀར་བཟུང་ནས། གཡས་ཀྱིས་དཔུང་པའི་ཐད་དུ་དྲི་ཕྱུག་ཚུལ། འཁོར་སྣ་ཚོགས་མདོག །བོད་རྔ་བརྡུང་ཚུལ་ཕྲག་པ་གཡོན་དུ། ཕྱི་ནང་གཉིས་ 2-4-14a ཀའི་སྒོ་བཞིར་ལྕགས་ཀྱུ་སྔོན་པོ། ཞགས་པ་སེར་པོ། ལྕགས་སྒྲོག་དམར་སྐྱ། དྲིལ་བུ་སྣ་ཚོགས་མདོག་གཡས་རྡོ་རྗེ། དེ་ལྟར་གཡས་ཐམས་ཅད་ཕྱག་མཚན་རྣ་བའི་ཐད་དུ་འཕྱར། གཡོན་ཐམས་ཅད་ཐུགས་ཀར་སྡིགས་མཛུབ། ཐམས་ཅད་ཀྱང་གཡོན་བརྐྱང་གིས་བཞུགས་པའོ། །དེ་ནས་ལྷ་སྣམ་ལ་བསྐལ་བཟང་ཤར་ཕྱོགས་པ་སྔོན་པོ་རྡོ་རྗེ་འཛིན་པ། བསྐལ་བཟང་གི་སངས་རྒྱས་རྣམས་ཀྱིས་ཕྱག་མཚན་གཡས་ཀྱིའོ། །ལྷོ་ཕྱོགས་པ་རྣམས་སེར་པོ་རིན་པོ་ཆེ་འཛིན་ པ། ནུབ་ཕྱོགས་པ་རྣམས་དམར་སྐྱ་རྡོ་རྗེ་པདྨ་འཛིན་པ། བྱང་ཕྱོགས་པ་རྣམས་སྣ་ཚོགས་རྡོ་རྗེ་བསྣམས་པའོ། །གཡས་ཐམས་ཅད་ཕྲག་པར་འཕྱར། གཡོན་ཐམས་ཅད་སྡིགས་མཛུབ་ཐུགས་ཀར་ཞབས་ཐམས་ཅད་སྟང་སྟབས། དེ་ན་ཕྱིའི་ ཁྱམས་ལ། ཤར་ཕྱོགས་དབང་ལྡན་ནས་བརྩམས་ནས་རིམ་པ་བཞིན། དྲག་པོ་མདོག་དཀར་པོ་ལག་པ་བཞི་པ། གཡས་དང་པོ་དབུ་མ་ལ་འཁྱུད་པ། གཉིས་པ་རྡོ་རྗེ་རྩེ་གསུམ་དང་བཅས་པས་ཏེ། གུང་མཛུབ་ཀྱི་རྩེ་མོར་རྡོ་རྗེ་བཞག་ནས་མཆོག་སྦྱིན་ཚུལ། གཡོན་པ་གཉིས་ཀྱིས་མདུང་རྩེ་གསུམ་པ་དང༌། རལ་གྲི་འཛིན་པ་སྟེ། རལ་གྲི་ཕྲག་པར་འཕྱར། མདུང་དཀུར་བཞག །གླང་ཁྱུ་མཆོག་དུར་སེམས་ལ་ཞོན་པའོ། །མགྲིན་པ་སྔོན་པོ། གཡོན་དུ་དབུ་མ་སེར་པོ་ཕྱག་བཞི་པ། ཕྱག་གཡས་མགྲིན་སྔོན་ལ་འཁྱུད་ ཅིང༌། གཞན་རྣམས་ཡབ་དང་འདྲ། ཁྱབ་འཇུག་མདོག་ནག་པོ་ཕྱག་བཞི་པ། གཡས་དང་པོ་རྡོ་རྗེ་ཐུགས་ཀར། གཉིས་པ་དབྱུག་པ་དཔུང་གར་འཕྱར། གཡོན་དང་པོ་དཀུར་བཞག གཉིས་པ་འཁོར་ལོ་ཕྲག་པར་འཕྱར། ནེ་ཙོ་འདྲ་བ་ལ་ཞོན་པ་དེའི་གཡོན་ 2-4-14b དུ་རྡོ་རྗེ་སེར་མོ་གསེར་མདོག །གདན་ཕྱག་མཚན་ཁྱབ་འཇུག་པ་དང་འདྲ། རྡོ་རྗེ་དྲིལ་བུ་དམར་པོ་གདོང་དྲུག་པོ་རྩེགས་ཞལ། ལག་པ་བཞི་པ་གཡས་དང་པོ་མདུང་ཐུགས་ཀར། འོག་མ་རྡོ་རྗེ་དཔུང་པར་འཕྱར། གཡོན་དང་པོ་བྱ་ཕོ་དཀུར་བཞག འོག་མ་དྲིལ་བུ་ དཔུང་པའི་ཐད་དུ་འཕྱར། རྨ་བྱ་ལ་གནས་པའོ། །རྡོ་རྗེ་གཞོན་ནུ་མ་དྲིལ་བུ་དང་འདྲ། ཐུབ་པ་རྡོ་རྗེ་སེར་པོ་གདོང་བཞི་འཁོར་ཞལ་ཕྱག་བཞི་པ་གཡས་དང་པོ་རྡོ་རྗེ་ཐུགས་ཀར། འོག་མ་ཕྲེང་བ་དཔུང་གར་འཛིན། གཡོན་དང་པོ་དབྱུག་པ་དཀུར་བཟུང༌། འོག་ མ་སྤྱི་བླུགས་ཕྲག་པར་ཐོགས། ངང་དཀར་ལ་གནས། རྡོ་རྗེ་ཞི་བ་མ་ནི་ཚངས་པ་དང་འདྲའོ། །རྡོ་རྗེ་མཚོན་ཆ་སེར་པོ་གཡོན་རང་གི་རྡོ་རྗེ་སྔོན་པོ་དཀུར་བརྟེན། གཡས་འདས་པའི་རྩེ་ལྔ་རྡོ་རྗེ་སེར་པོ་ཕྲག་པའི་ཐད་དུ་འཕྱར། གླང་པོ་ཆེ་དཀར་པོ་ལ་གནས་པའོ། ། རྡོ་རྗེ་ཁུ་ཚུར་མ་རྡོ་རྗེ་མཚོན་ཆ་དང་འདྲ། ལྷོ་ཕྱོགས་སུ་རྡོ་རྗེ་འཁྱིལ་བ་དམར་པོ་པདྨ་དང་བཅས་པའི་རྡོ་རྗེ་ཐོགས། གཡོན་ཉི་མའི་དཀྱིལ་འཁོར་དང་བཅས་པའི་པདྨ་འཛིན། རྟ་བདུན་གྱིས་དྲངས་པའི་ཤིང་རྟ་ལ་གནས་པའོ། །རྡོ་རྗེ་བདུད་རྩི་འཁྱིལ་བ་དང་འདྲ། རྡོ་རྗེ་ འོད་དཀར་པོ་གཡས་རྡོ་རྗེ། གཡོན་པདྨའི་སྟེང་དུ་ཟླ་བ་འཛིན་པ། ངང་དཀར་ལ་ཞོན་པའོ། །རྡོ་རྗེ་མདངས་དང་འདྲ། རྡོ་རྗེ་དབྱུག་པ་སྔོན་པོ་གཡས་རྡོ་རྗེ་སྔོན་པོ་གཡོན་དབྱུག་པ་འཛིན་པ། རུས་སྦལ་ལ་གནས། རྡོ་རྗེ་སྦྱིན་མཆོག་མ་དེ་དང་འདྲ། རྡོ་རྗེ་སེར་སྨུག་ནི་ མདོག་དམར་སྨུག །གཡས་རྡོ་རྗེ་དམར་པོ། །གཡོན་མི་མགོ་ཐོགས་ནས་ཟ་ཚུལ། ར་སྔོ་སྐྱ་ལ་གནས་པ། རྡོ་རྗེ་རྐེད་ཆིངས་ལྗང་གུ་གཡས་རྡོ་རྗེ། གཡོན་མེ་ཏོག་གི་ཕྲེང་བ་འཛིན། ཁུ་བྱུག་ཤིང་རྟ་ལའོ། །རྡོ་རྗེ་ཟབ་མོ་དེ་དང་འདྲ་བ་ལས། ཁྱད་པར་གཡོན་ 2-4-15a མདུང་རྩེ་གཅིག་པ་ཕྲག་པའི་ཐད་དུ་འཕྱར། རྡོ་རྗེ་དབང་མདོག་སེར་སྐྱ། གཡས་རྡོ་རྗེ། གཡོན་ཆུ་སྲིན་རྒྱལ་མཚན་སྙིང་གར་འཛིན། ནེ་ཙོའི་ཤིང་རྟ་ལའོ། །རྡོ་རྗེ་སྒོ་བ་མ། དེ་དང་འདྲ་བ་ལས། ཁྱད་པར་མདོག་དམར་པོའོ། །ཚོགས་བདག་ རྡོ་རྗེ་རྣམ་རྒྱལ་དཀར་པོ་གཡས་རྡོ་རྗེ། གཡོན་རལ་གྲི། སྦལ་པ་ལ་ཞོན། རྡོ་རྗེ་དགའ་བ་མ་དེ་དང་འདྲ། ཕོ་ཉ་རྡོ་རྗེ་ཐོ་བ་ནི་མདོག་སེར་པོ། གཡས་རྡོ་རྗེ། གཡོན་གཏུན་ཤིང་ཕྲག་པའི་ཐད་དུ་ཁྱོགས་ནི་མདོ་ལེ་མེ་ཏོག་གིས་སྤྲས་པ་ལ་གནས་པའོ། །རྡོ་ རྗེ་ཕོ་ཉ་མོ་ནི་རྡོ་རྗེ་ཐོ་བ་འདྲ་བ་ལས། ཁྱད་པར་ལག་པ་གཡོན་དུ་ཁ་ཏྲི་ཁ། དར་དཔྱངས་དང་བཅས་པ་དཔུང་གར་འཛིན། ཕོ་ཉ་རྡོ་རྗེ་རླུང་སྔོན་པོ་གཡས་རྡོ་རྗེ། གཡོན་དབྱུག་པའི་མགོ་ལ་བ་དན་འཕྱར་བ། རི་དྭགས་ཤ་བ་མོ་འདྲ་རུང་ལ་ཞོན་པའོ། །རྡོ་རྗེ་ མགྱོགས་མ་དེ་དང་འདྲ། རྡོ་རྗེ་མེ་ནོ། མདོག་དམར་སྨུག །གཡས་རྡོ་རྗེ་དང་དགང་གཟར། གཡོན་གཉིས་ན་དབྱུག་པ་དཀུར། སྤྱི་བླུགས་ཕྲག་པར་ར་སྐྱེས་འདྲ་བ་ལ་ཞོན། རྡོ་རྗེ་འབར་བ་དེ་དང་འདྲ། རྡོ་རྗེ་འཇིགས་པ་སྔོན་པོ་གཡས་རྡོ་རྗེ། གཡོན་དབྱུག་ པ་ཐུགས་ཀར། རོ་ལངས་ལ་གནས། རྡོ་རྗེ་འཁྱོགས་པ་ནི་དེ་དང་འདྲ་བ་ལས་ཁྱད་པར་གཡོན་ན་ཞགས་པ་དཔུང་གར། བྱང་ཕྱོགས་སུ་བྲན་རྡོ་རྗེ་ལྕགས་ཀྱུ་སྔོན་པོ་གཡས་རྡོ་རྗེ། གཡོན་ལྕགས་ཀྱུ་ཕག་གི་སྣ་ཅན་ཀླུའི་རྒྱལ་པོ་ཤོ་ཥ་ལ་ཞོན་པ་ སྟེ། སྦྲུལ་མགོ་མེད་པའི་སྟོད་མིའོ། །སྨད་སྦྲུལ་མཇུག་འཁྱིལ་བ། བྲན་རྡོ་རྗེ་ཁ་ནི་མདོག་སྔོན་པོ་ཕག་སྣ་ཅན། གཡས་རྡོ་རྗེ་གཡོན་རལ་གྲི་དཔུང་གར་ཐོགས་པ་མི་ལ་གནས་པའོ། །རྡོ་རྗེ་དུས་ནི་མདོག་ནག་པོ་གཡས་རྡོ་རྗེ། གཡོན་དབྱུག་ 2-4-15b པ་དཔུང་གར་ཐོགས་པ། མ་ཧེ་ལ་གནས་པའོ། །རྡོ་རྗེ་དུས་མ་ནི་ནག་མོ་གཡས་རྡོ་རྗེ། གཡོན་ཁ་ཊྭཱཾ་ག་དཔུང་པའི་ཐད་དུ་འཛིན། རོ་ལངས་ལག་པ་ཐལ་མོ་སྦྱར་བ་ལ་ཞོན། རྡོ་རྗེ་བགེགས་ཀྱི་གཙོ་བོ་དཀར་པོ། གླང་པོ་ཆེའི་གདོང་ཅན། ལག་པ་བཞི་ པ། གཡས་དང་པོ་རྡོ་རྗེ། འོག་མ་དགྲ་སྟ་འཕྱར་ཐབས། གཡོན་དང་པོ་མདུང་རྩེ་གསུམ་པ་གཉིས་པ་གླང་པོ་ཆེའི་མཆེ་བ་ཕྲག་པར་འཛིན། བྱི་བ་ལ་ཞོན་པ། མོ་རུལ་མ་ནི་མདོག་སྔོན་པོ་གཡས་རྡོ་རྗེ། གཡོན་ཕྱགས་ཤིང་འཛིན་པ། བྱི་བ་འདྲ་བ་ལ་ཞོན། བྲན་རྡོ་རྗེ་ཀླུ་དཀར་པོ་གཡས་རྡོ་རྗེ། གཡོན་སྦྲུལ་ཞགས་དཔུང་པའི་ཐད་དུ་འཛིན། མགོ་ལ་སྦྲུལ་མགོ་བདུན་ཡོད་པའོ། །ཆུ་སྲིན་ལ་གནས། ཆུ་སྲིན་མ་དཀར་མོ། སྦྲུལ་མགོ་བརྒྱད་ཀྱི་གདེངས་ཀ་ཡོད་པའོ། །གཡས་རྡོ་རྗེ་གཡོན་ཆུ་སྲིན་རྒྱལ་མཚན་ ཐོགས་པའོ། །མེ་མཚམས་སུ་མ་མོ་འཇིགས་མ་ལྗང་གུ། གཡས་རྡོ་རྗེ། གཡོན་རལ་གྲི་དང་ཕུབ་སྙིང་གའི་ཐད་དུ་འཛིན། བདེན་བྲལ་དུ་དཔལ་མོ་སེར་མོ་གཡས་རྡོ་རྗེ། གཡོན་པདྨ་རླུང་དུ་དབྱངས་ཅན་མ་དཀར་མོ་གཡས་རྡོ་རྗེ། གཡོན་པི་ཝཾ་སྙིང་ གར། དབང་ལྡན་དུ་དཀའ་བཟློག་ལྗང་གུ། གཡས་དང་པོ་རྡོ་རྗེ། གཉིས་པ་འཁོར་ལོ་ཐུགས་ཀར། གཡོན་དང་པོ། མེད་མིན། གཉིས་པ་རལ་གྲི་དཔུང་གར་འཕྱར། དེ་ལྟར་འཇིག་རྟེན་པའི་ལྷ་ཐམས་ཅད་རང་རང་གི་བཞོན་པའི་ལུས་ཕྱེད་དང༌། ལྷའི་ ཕྱེད་མི་མངོན་ཅིང༌། རྐད་པ་ཡན་ཆད་མི་མཐོང་བའོ། །ཕྱག་མཚན་འཛིན་ཚུལ་མི་གསལ་བ་རྣམས་གཡས་ཐམས་ཅད་རང་གི་མཚོན་ཆ་ཕྲག་པར་འཕྱར། གཡོན་ཐམས་ཅད་དཀུར་བཟུང་བའོ། །བཞོན་པའི་ཁ་དོག་མི་གསལ་བ་རྣམས། 2-4-16a ནེ་ཙོ། རྨ་བྱ། རྟ་རྣམས་སྔོ་ལྗང༌། བྱི་བ་གྲྭ་བྱི་བ། ར་ཐལ་ཁ། མི་དང་རོ་ལངས་མི་ཤ་ཁ། རུས་སྦལ་ཤུན་པ་སེར་པོ་ལུས་དུད་ཀ། གླང་པོ་ཆེ་དང་སེངྒེ་དཀར། མ་ཧེ་དུར་སེར། ཤ་བ་སེར་སྐྱའོ། །སྒོ་ནང་མའི་རྟ་བབས་རིན་པོ་ཆེའི་ཁ་བྱི་ལྟ་ལ་གླང་རྒྱབ་བསྐོར་ བ། ཕྱིའི་ཁྱམས་ལ་རྟ་བབས་ཀྱི་གཡས་གཡོན་དུ་རིན་པོ་ཆེའི་བུམ་པའི་ཁ་རྒྱན་གཡས་གཡོན་གྱེས་པ་ལ་རིན་ཆེན་སྣ་བདུན་བྲིས་སྣང༌། བ་དན་ཁ་དོག་སྣ་ཚོགས་པ་ལ་རྩེ་མོར་རྡོ་རྗེ་དང་ནོར་བུ་སེང་གེ་དང༌། མཁའ་ལྡིང་དང༌། སེང་གེ་གཤོག་པ་ རྒྱས་པ་དང༌། ཤ་རམ་པ་དང༌། ངང་པ་དང༌། རྨ་བྱ་དང༌། ངུར་པ་དང༌། ཤང་ཤང་དང༌། ལག་པ་དང༌། ཆུ་སྲིན་དང༌། ཉ་དང༌། དེའི་ཕྱི་རོལ་ཁོར་ཡུག་ལ་རྡོ་རྗེ་དང་མེ་རི་དང་ཆུས་བསྐོར་བ་སྣང་ངོ༌། །འདིས་ཀྱང་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྒོ་ཐམས་ཅད་ ནས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །འདི་རྗེ་ཉིད་ཀྱིས་ཞ་ལུའི་རྒྱུད་རིས་དང་ཕྱག་ལེན་གཟིགས་དུས་ཟིན་བྲིས་སུ་གནང་བའོ།། །།མངྒལཾ།། 2-4-16b empty page 2-5-1a ༄༅། །ཡེ་ཤེས་མཁའ་འགྲོའི་སྒྲུབ་ཐབས། འཕོ་བ། བཀའ་བསྒོ་བཅས་བཞུགས་སོ།། 2-5-1b ༄༅༅། །བླ་མ་དང་ཡེ་ཤེས་མཁའ་འགྲོའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །རང་ཉིད་སྐད་ཅིག་གིས་ཡེ་ཤེས་མཁའ་འགྲོར་གསལ་བའི་ངང་ནས་སྔོན་འགྲོ་གཏོར་མ་མཁའ་འགྲོ་སྤྱི་གཏོར་གྱིས་བཏང༌། དེ་ནས་མཆོད་པ་བསང་བ་དང༌། སྦྱང་བ་དང༌། བསྐྱེད་པ་དང་བྱིན་གྱིས་བརླབས་ལ། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་བྱ། དེ་ནས་རང་ཉིད་ཡེ་ཤེས་མཁའ་འགྲོ་ཞལ་གསུམ་ཕྱག་དྲུག་པའམ། ཞལ་གཅིག་ཕྱག་ གཉིས་པར་གསལ་བའི་ཐུགས་ཀར་པདྨ་དང་ཟླ་བ་ལ་གནས་པའི་ཧཱུཾ་དམར་པོ་ལས་འོད་འཕྲོས་པས། རང་བཞིན་གྱི་གནས་ནས་ཡེ་ཤེས་མཁའ་འགྲོ་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་ལ་སངས་རྒྱས་དང༌། བྱང་ ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་བ་སྤྱན་དྲངས་ལ་འོད་ཟེར་སྙིང་གར་བསྡུའོ། །སྙིང་གའི་ས་བོན་ལས་སྤྲོས་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་བསམས་ཏེ། ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་ སྤྱོད་རོལ་མོ་དང་བཅས་པས་མཆོད་ལ། ནང་མཆོད་ཀྱིས་ཀྱང་མཆོད་དེ། ཐོག་མར་ཨོཾ་ཨཱཿཧཱུཾ་གིས་བླ་མ་ལ་དབུལ། དེ་ནས་སྔགས་དེ་ཉིད་ཀྱིས་ཚོགས་ཞིང་གི་ལྷ་ལ་དབུལ་ལོ། དེ་ནས། དཀོན་མཆོག་གསུམ་ ལ་བདག་སྐྱབས་མཆི། །ཞེས་སོགས་ཀྱིས་ཡན་ལག་བདུན་པ་བྱ། དེ་ནས། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་བྲལ་བར་གྱུར་ཅིག །བདེ་པ་དང་མི་འབྲལ་བར་གྱུར་ 2-5-2a ཅིག །སེམས་ཅན་ཐམས་ཅད་ལ་ཆགས་སྡང་ཉེ་རིང་ཐམས་ཅད་དང་བྲལ་བའི་བཏང་སྙོམས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག་སྙམ་པའི་ཚད་མེད་པ་བཞི་བསྒོམ། དེ་ནས་ཨོཾ་སྭ་བྷཱ་ཝ་ཤུད་དྷཿ སརྦ་དྷརྨཿསྭ་བྷཱ་ཝ་ཤུད་དྷོཉ་ཧཾ། ཞེས་བརྗོད་ལ་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་སྟོང་པ་ཉིད་དུ་བསམ་ལ། སྟོང་པའི་ངང་ལས་ཨོཾ་ཧཱུཾ་སྭཱཧཱ་ཞེས་བརྗོད་པས་འོག་རྡོ་རྗེའི་ས་གཞི། ཨོཾ་ཛཾ་བྷ་ནི་ཧཱུཾ་ཕཊ་ཞེས་ བརྗོད་པས་རྡོ་རྗེའི་ར་བ་གྲུ་བཞི་ཨོཾ་ཛུཾ་སྭཱ་ཧཱ་ཞེས་བརྗོད་པས་རྡོ་རྗེའི་གུར་དང་བླ་རེ། ཨོཾ་ཧཱུཾ་ཕཊ་ཞེས་བརྗོད་པས་བགེགས་རྣམས་ལ་ཕུར་བུས་བཏབ་པར་བསམ་མོ། །དེ་ནས་ར་བའི་ནང་དུ་པཾ་ལས་པད་མ་ཨ་ལས་ཟླ་ བའི་སྟེང་དུ་རང་གི་སེམས་སུ་གྱུར་པའི་ཧཱུཾ་བསམ་ལ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས་སླར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་ཡེ་ཤེས་མཁའ་འགྲོ་མ་སྐུ་མདོག་དམར་མོ་རྩ་ ཞལ་དཀར་ལ་བཞད་པ། གཡས་ཞལ་ནག་ལ་ཁྲོས་པ། གཡོན་ཞལ་དམར་ལ་སྒེག་པའི་ཞལ་གསུམ་པ་ཅན། ཕྱག་དྲུག་གི་གཡས་དང་པོས་མདའ། བར་པས་ལྕགས་ཀྱུ། ཐ་མས་རྡོ་རྗེ་ནམ་མཁར་གདེངས་པ། གཡོན་པ་གསུམ་ན་དཔག་བསམ་གྱི་ལྕུག་མ་དང༌། ཐུགས་ཀར་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་གཞུ་འཛིན་པ། དབུ་སྐྲ་ཤིན་ཏུ་མཛེས་པ། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་གཉིས་སེམས་ 2-5-2b དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། སྐུའི་འོད་ཟེར་ལས་སངས་རྒྱས་ཀྱི་ཚོགས་ནམ་མཁའ་གང་བ་འཕྲོ་བའི་ཐུགས་ཀར་ཟླ་བ་ལ་གནས་པའི་ཧཱུཾ་ལས་འོད་འཕྲོས། རང་བཞིན་གྱི་གནས་ནས་ཡེ་ཤེས་མཁའ་འགྲོ་མ་འཁོར་དང་བཅས་པ་སྤྱན་ དྲངས་ལ། རྡོ་རྗེ་ཁུ་ཚུར་བཅིངས་པའི་གུང་མོ་གཉིས་རྩེ་སྤྲད་པའི་དམ་ཚིག་གི་ཕྱག་རྒྱ་བསྟན་ལ། མཆོད་པས་མཆོད། ཛཿཧཱུཾ་བཾ་ཧོཿཞེས་པས་གཉིས་སུ་མེད་པར་བསྟིམ། ཡང་ཐུགས་ཀ་ནས་འོད་ཟེར་འཕྲོས། རིགས་ལྔ་འཁོར་དང་བཅས་པ་སྤྱན་ དྲངས། དེ་བཞིན་གཤེགས་པ་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་ཏུ་གསོལ། ཞེས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་རྣམས་ཀྱིས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཞེས་གསུང་ཞིང་དབང་བསྐུར་དྲི་མ་ དག་ཆུ་ལྷག་མ་ཡར་ལུད་པས་མི་བསྐྱོད་པས་དབུ་བརྒྱན་པར་བསམས་ལ། སྔར་ལྟར་མཆོད་དེ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོ་བསྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ལྡན། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །ཞེས་ པས་བསྟོད་ལ་ནང་མཆོད་ཀྱིས་ཀྱང་མཆོད་དོ།། ༈ །།འཕོ་བའི་གདམས་པ་ནི། དང་པོར་ཡེ་ཤེས་མཁའ་འགྲོ་མའི་བསྐྱེད་རིམ་ལ་བསླབ། དེ་ནས་དབང་པོའི་སྒོ་རྣམས་འགོག་པའི་ཡི་གེ་ལ་གསལ་སྣང་འདོན། དེའི་རྗེས་སུ་ལྟེ་བའི་བུམ་པ་ ཅན་བྱེད། དེ་ནས་གསང་གནས་སུ་སྟེང་འོག་གི་རླུང་གཉིས་ཁ་སྦྱར་བའི་བུམ་པ་ཅན་བྱེད། བུམ་པ་ཅན་སྒོམ་པས་སྣ་བུག་གི་རྒྱུ་བ་ལོག་ནས་སྣང་མཆེད་ཐོབ་གསུམ་མམ། དགའ་བ་བཞི་འཆར་ན། འཕོ་བའི་དམིགས་པ་སྐྱོང་བའི་དུས་ཡིན། 2-5-3a དེ་སྐྱོང་བ་ན་སྙིང་ཁའི་ཡི་གེ་རྣམས་སྤྱི་གཙུག་གི་འོག་བར་དུ་རླུང་ཕྱིར་འགྲོ་བ་དང་བསྟུན་ནས་འདྲེན། ཡང་ནང་དུ་འཇུག་པ་དང་བསྟུན་ནས་སྙིང་ག་བར་དུ་འབེབས་པ་ལ་གོམས་པར་བྱེད་ཐུན་གྱི་མཐར་སྙིང་གར་སྔར་བཀོད་ པ་བཞིན་འཇོག །སྐྱོང་བའི་ཚེ་སྤྱིར་ཡི་གེ་ཀུན་དང་ཁྱད་པར་དུ་སྤྱི་གཙུག་གི་ཡི་གེས་དམ་པར་བཀག་པས་ཉེན་ཡེ་མེད། གོམས་པར་བྱས་པས་གྲུབ་པའི་ཚད་ནི། རླུང་འབྱུང་འཇུག་གིས་སྟེང་འོག་ཏུ་འདྲེན་པ་རང་གི་ངང་གིས་འཇུག་པ་ ཐུབ་པའི་ཚད་ཡིན། བུམ་པ་ཅན་ལའང་དྲག་ཤུལ་མི་བྱེད་པར་འཇམ་རླུང་ཉིད་འཛིན་ཅིང༌། རླུང་ཕྱི་ནང་གི་བཟླས་པས་ཡར་མར་འདྲེན་པ་ལའང་འཇམ་པོ་ཉིད་བྱས་པས་ཉེན་མེད། དེ་ལ་ཉམས་སྐྱེ་ཚུལ་རྣམས་ཞིབ་པར་དྲི་དགོས།། །། ༈ སངས་རྒྱས་དང་ཆོས་དང༌། དགེ་འདུན་ཏེ་བླ་ན་མེད་པའི་དཀོན་མཆོག་གསུམ་ལ། སྔོན་བསྙེན་བཀུར་མཛད་ཅིང་དགེ་བའི་རྩ་བ་རྒྱ་ཆེར་བསྐྱེད་པ། འཇིག་རྟེན་ན་ལྷ་དང་མི་རྣམས་ཀྱི་ཆོས་དཀར་པོའི་ཕྱོགས་རྟག་ཏུ་རྒྱ་ཆེར་སྤེལ་ ཞིང་སྲུང་བ། སེམས་ཅན་རྣམས་འཐབ་པ་དང༌། རྩོད་པ་དང་འགྱེད་པ་དང༌། ཕྱི་དགྲ་དང༌། ནང་འཁྲུག་དང༌། གནོད་པ་དང་ཉམ་ང་བ་དང༌། མི་བདེ་བ་དང་སྡུག་བསྔལ་བ་དང༌། ནད་དང་རིམས་དང་མི་ངས་དང༌། ཕྱུགས་ངས་དང༌། མུ་གེ་དང་ལོ་ཉེས་དང་ལྟས་ངན་པ་དང་མཚན་མ་ངན་པ་ཐམས་ཅད་རབ་ཏུ་ཞི་བར་མཛད་པ། སྔོན་སངས་རྒྱས་འདས་པ་ཆེན་པོའི་ཚེ་ཐེག་པ་ཆེན་པོའི་མདོ་སྡེ་དང༌། འདུལ་བ་དང་ཆོས་མངོན་པ་དང༌། གཟུངས་སྔགས་དང་རིག་སྔགས་ 2-5-3b དང་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པ་ཟབ་ཅིང་རྒྱ་ཆེ་བ་བཤད་པའི་ཚེ་ན་སངས་རྒྱས་བཅོམ་ལྡན་འདས་ཀྱིས། ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་ཕྱི་མའི་དུས་ཀྱི་ཚེ། ངའི་བསྟན་པ་དམ་པའི་ཆོས་དང༌། དགེ་སློང་དང་དགེ་སློང་མ་དང་དགེ་ བསྙེན་མའི་འཁོར་རྣམ་བཞི་དང༌། རྒྱལ་པོ་དང་བློན་པོ་དང༌། རིགས་བཞི་དང་ཆོས་དང་ལྡན་ཞིང་ཆོས་སྤྱོད་པ་ཐམས་ཅད་དང༌། ལྷ་ཡུལ་དང༌། ཡུལ་འཁོར་དང༌། གྲོང་དང་གྲོང་ཁྱེར་ལ་སོགས་པ་ལ། འབྱུང་པོའི་ཚོགས་མི་དགེ་བ་རྣམས་སྲུངས་ ཤིག །ཅེས་ཞལ་གྱིས་བཀའ་སྩལ་ཞིང༌། དེ་དག་གིས་ཀྱང་དམ་ཚིག་མནོས་ཏེ། ལྷ་དང་མིའི་མགོན་མཛད་པ་ཕྱག་བྱ་བའི་གནས་བཀུར་སྟི་བྱ་བའི་གནས་བླ་མར་བྱ་བའི་གནས། བཙུན་པར་བྱ་བའི་གནས་དཔལ་ཡེ་ཤེས་ཀྱི་མགོན་པོ་རྣམས་ དང༌། བང་ཆེན་པོ་ལྕམ་དྲལ་དང༌། རྒྱལ་པོ་ཆེན་པོ་ཡུལ་འཁོར་བསྲུངས་དང་འཕགས་སྐྱེས་པོ་དང་སྤྱན་མི་བཟང་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་གནོད་སྦྱིན་རྟ་བདག་བརྒྱད་འཁོར་དང་བཅས་པ་བདག་ཉིད་ཆེན་པོ་དམ་ཚིག་ཅན། སངས་རྒྱས་ མཐོང་བ། ཆོས་ཐོས་པ། དགེ་འདུན་ལ་བརྟེན་པ། ལྷ་དང་མིའི་མགོན་མཛད་པ་རྟག་ཏུ་དཀོན་མཆོག་གསུམ་གྱི་ཞབས་འབྲིང་མཛད་ཅིང༌། བསྟན་པ་འཁོར་རྣམ་བཞི་དང༌། མཆོད་རྟེན་དང་གཙུག་ལག་ཁང་སྲུང་བ། དམ་པའི་ཆོས་སྤེལ་བར་ཐུགས་དམ་ བཅས་པ་རྣམས་ཀྱིས་སྔོན་གྱི་ཐུགས་དམ་བཟང་པོ་ཇི་ལྟར་བཅས་པ་བཞིན་མཛད་པ་དང༌། ཁྱད་པར་དུ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའི་གཞལ་མེད་ཁང་ཆེན་པོ་ཅི་འདྲ་བ་དེ་འདྲ་བའི་ཕོ་བྲང་མཆོག་མཆོད་པའི་རྫས་དང་སྟེན་པའི་རྫས་ཕུན་སུམ་ 2-5-4a ཚོགས་པས་བརྒྱན་པ་འདིར་འཁོར་བ་ཇི་སྲིད་དུ་བཞུགས་ནས་སྐུ་གསུང་ཐུགས་ཀྱི་རྟེན་ཕོ་བྲང་དང་བཅས་པ་སྲུང་བ་དང༌། ཇོ་བོ་རིན་པོ་ཆེའི་འཕྲིན་ལས་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱུན་མི་འཆད་པ་དང༌། རྒྱལ་ བ་མ་ཕམ་པའི་གསུང་རབ་འཛིན་སྐྱོང་སྤེལ་བའི་དགེ་འདུན་གྱི་སྡེ་ཆེན་པོ་འཕེལ་བ་དང་སྦྱིན་པའི་བདག་པོ་ལ་སོགས་པ་ཡུལ་སྤྱོད་པ་རྣམས་ཀྱིས་ཐོག་དྲངས་སེམས་ཅན་ཐམས་ཅད་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཔལ་འབྱོར་ཐམས་ཅད་ དང་ལྡན་ཞིང་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་གནས་སྐབས་ཐམས་ཅད་དུ་སྲུང་བ་དང་སྐྱབ་པ་དང༌། སྦ་བ་ལ་སྐད་ཅིག་ཀྱང་གཡེལ་བ་མེད་པར་མཛོད་ཅིག །མི་ཕམ་མདུན་ས་རྫིང་སྤྱི་དགའ་ལྡན་གླིང༌། །གང་དེར་རྒྱལ་བས་བསྔགས་པའི་ ཚངས་སྤྱོད་མཆོག །སྐྱོན་བྲལ་ཚུལ་ཁྲིམས་ལྷུར་ལེན་ཤཱཀྱའི་སྲས། །ངུར་སྨྲིག་འཛིན་པའི་སྡོམ་བརྩོན་ཤ་སྟག་གིས། །ཡོངས་སུ་གང་ཞིང་རབ་འབྱམས་གཞུང་ལུགས་ལ། །ཆོས་བརྒྱད་རྣམ་རྟོག་མཚན་མས་མི་གཡོ་བར། །བསྟན་དང་སེམས་ ཅན་ཁུར་ཆེན་ཁྱེར་བ་ཡིས། །མཁས་པའི་བྱ་བ་རྣམ་གསུམ་མཐར་ཕྱིན་ཤོག། །། ཛ་ཡནྟུ།། 2-5-4b empty page 2-6-1a ༄༅། །སྒྲ་མི་སྙན་གྱི་ཚེ་སྒྲུབ་བཞུགས་སོ།། 2-6-1b ༄༅༅། །རྩ་བརྒྱུད་བླ་མའི་ཞབས་བཏུད་ནས། །ཚེ་ཡི་རིག་འཛིན་སྒྲུབ་པའི་ཐབས། །ཀུན་མཁྱེན་བླ་མའི་གདམས་པ་བཞིན། །འདིར་ནི་གསལ་བར་འབྲི་བར་བྱ། །འཆི་མེད་རང་གཟུངས་ཉམས་སུ་ལེན་པར་འདོད་པས་ནང་ པར་བྱ་རོག་གིས་སྐད་མ་བཏོན་པའི་གོང་དུ་གྲུབ་ན་རབ། གང་ཡིན་ཀྱང་སུ་ལའང་ངག་མ་སྨྲས་པའི་གོང་དུ་བདེ་བའི་སྟན་ལ་འཁོད་དེ། སྐྱབས་འགྲོ་སེམས་བསྐྱེད་སྤྱི་འགྲོ་དང་མཐུན་པར་ཡིད་ཁུལ་ངེས་ཤེས་པ་བྱ། ཁྱད་པར་དུ་འདི་ཉིད་ ཀྱི་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་ལ་མོས་གུས་ཆེར་བསྐྱེད། སངས་རྒྱས་བསྒྲུབ་པའི་ཆེད་དུ་ཆོས་སྒྲུབ་པ་ལ་ཚེ་རིང་བ་གལ་ཆེ་བས་ཚེའི་རིག་འཛིན་བསྒྲུབ་སྙམ་དུ་སེམས་བསྐྱེད། དེ་ནས་རང་ཉིད་ཚེ་དཔག་མེད་དུ་གསལ་ བའི་སྙིང་གའི་ཧྲཱིཿཡིག་གི་འོད་ཟེར་གྱིས་བདེ་བ་ཅན་ནས་ཚེ་དཔག་མེད་ལ་རྩ་བརྒྱུད་ཀྱི་བླ་མ་སོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས་ལ། མཆོད་པ་དང་ཡན་ལག་བདུན་པ་བྱ། ཚད་མེད་བཞི་བསྒོམ། ཚོགས་ཞིང་ རྣམས་མཉེས་ཏེ་རང་ལ་ཐིམ་པས་ལུས་འོད་དུ་གྱུར། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཞེས་བརྗོད་ལ་སྟོང་ཉིད་བསྒོམ། སྟོང་པའི་ངང་ལས་པཾ་ལས་ལྕགས་ཀྱི་པདྨ་འདབ་མ་བརྒྱད་པ། སྐྱ་ཁྲོམ་མེ་བ་ཞིག་གི་སྟེང་དུ་ཨ་ལས་ ཟླ་བའི་དཀྱིལ་འཁོར་ཉ་གང་བ། དེའི་སྟེང་དུ་ཧྲཱིཿ དམར་པོ་ཚེག་དྲག་རིང་ཆ་དང་བཅས་པ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཁྱད་པར་དུ་ཚེའི་བར་ཆད་སྦྱངས་ནས་ཚེ་དཔག་མེད་ཀྱི་གོ་འཕང་ལ་ 2-6-2a བཀོད། སངས་རྒྱས་སྲས་བཅས་རྣམས་ལ་མཉེས་པའི་མཆོད་པ་ཕུལ། ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་བྱིན་རླབས་དང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྫས་སོགས་སྨན་བཅུད་ཀྱི་ནུས་པ་ཐམས་ ཅད་བསྡུས། ཧྲཱིཿཡིག་ལ་ཐིམ་ཡོངས་སུ་གྱུར་པ་ལས་རང་ཉིད་སངས་རྒྱས་ཚེ་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་བྱུ་རུའི་མདོག་ལྟ་བུ་ཞལ་གཅིག་ཕྱག་གཉིས་ཀྱིས་མཉམ་གཞག་གི་ཕྱག་རྒྱ་མཛད་པའི་སྟེང་དུ་འཆི་ མེད་ཚེའི་བདུད་རྩིས་གང་བའི་རིན་པོ་ཆེ་གསེར་གྱི་བུམ་པ་དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ལྷའི་གོས་ཀྱིས་མགུལ་ཆིངས་བྱས་པ་བསྣམས་ཤིང༌། ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དར་ དམར་པོའི་ཆོས་གོས་རྣམ་གསུམ་སྐུ་ལ་གསོལ་ཞིང༌། དབུའི་གཙུག་ཏོར་ལ་སོགས་པ་མཚན་དང་དཔེ་བྱད་ཀྱིས་མཛེས་པ། ཟླ་བ་ཉ་ཡོངས་སུ་གང་བའི་རྒྱབ་ཡོལ་དང་ལྡན་ཅིང་ཕྲག་གོང་གཡས་གཡོན་དུ་ཉི་ཟླ་འཆར་ བ། འོད་དམར་པོ་འབར་ཞིང་འཁྱིལ་བའི་དབུས་སུ་བཞུགས་པ་དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ཁོང་པའི་ནང་རྒྱབ་ལ་ཉེ་བར་ལྕགས་ཀྱི་སྲོག་རྩ་སྦ་དབྱུག་ཙམ་ཡར་སྣ་སྤྱི་ གཙུག མར་སྣ་གསང་གནས་སུ་ཟུག་པ་དེའི་ནང་དུ་རྩ་དབུ་མ་མདའ་སྨྱུག་ཙམ། མདོག་སྔོ་སྐྱ་ལ་དམར་བའི་མདངས་ཆགས་པའི་ནང་འོད་གསལ་གྱི་རླུང་དམར་ལྗང་ཁྱུག་གེ་བས་གང་བ། དེ་ལ་མེ་ལོང་ལ་གཟུགས་ 2-6-2b བརྙན་ཤར་བ་ལྟར་གསལ་བའི་སྔགས་ཕྲེང་ཚར་བརྒྱད་ཀྱི་ཕྱོགས་བཞིའི་མགོ་བོ་གྱེན་བསྟན། མཚམས་བཞིའི་མགོ་བོ་ཐུར་བསྟན་ཏེ། སྔགས་མགོ་མཇུག་འབྲེལ་བས། དབུ་མའི་ཡར་རྩེ་ནས་མར་རྩེའི་བར་མ་ལུས་པ་ཁྱབ་པ། དབུ་མའི་མར་ སྣའི་ནང་དུ་རང་འདྲའི་ཚེ་དཔག་མེད་དམར་པོ་དང༌། ཡར་སྣའི་ནང་དུ་ཚེ་དཔག་མེད་དཀར་པོ་ཆ་ལུགས་རང་དང་འདྲ་བ་འོད་ཀྱི་ཕུང་པོ་ཅན། མགོ་བོ་གྱེན་བསྟན་ཏུ་བཞུགས་པ། སྙིང་གའི་རྩ་འཁོར་གྱི་དབུས་ཀྱི་ཐད་ཀའི་དབུ་མའི་ནང་དུ་རང་འདྲའི་ཚེ་ དཔག་མེད་དམར་ལ་སྔོ་བའི་མདངས་ཆགས་པ། དེའི་སྙིང་གར་ཟླ་བའི་སྟེང་དུ་འཆི་མེད་ཚེའི་བདུད་རྩིས་གང་བའི་བུམ་པ། དེའི་ནང་དུ་ཟླ་བ་ལ་གནས་པའི་གསེར་གྱི་རྡོ་རྗེ་རྩེ་ལྔ་པ། དེའི་ལྟེ་བའི་ཐད་དུ་ཟླ་གདན་ལ་འོད་ཀྱི་གའུ་ཁ་སྦྱོར་གྱི་ནང་དུ་ ཧྲཱིཿ ཡིག་དམར་པོ་ཚེག་དྲག་རིང་ཆ་དང་བཅས་པ་དང༌། ཧཱུཾ་ཡིག་སྔོན་པོ་གཉིས་ཕན་ཚུན་དུ་འཁྲིལ་བ། འོད་ཟེར་ལྔ་འཕྲོ་བ་ཡེ་ཤེས་ལྔའི་བདག་ཉིད་ཅན་རང་གི་སེམས་ཀྱི་ངོ་བོར་མོས། ནང་གི་ཧྲཱིཿདང་ཕྱིའི་ཧཱུཾ་གཉིས་ལ་འོད་ཟེར་ལྕགས་ཀྱུ་ ལྟ་བུ་འཕྲོས། སྟེང་ཕྱོགས་ཡོན་ཏན་བཀོད་པའི་ཞིང་ཁམས་ནས་རང་དང་ཇི་བཞིན་དུ་འདྲ་བའི་ཚེ་དཔག་མེད་ཡེ་ཤེས་པ་སྤྱན་དྲངས་ཏེ། རང་གི་སྤྱི་གཙུག་གི་རྒྱབ་ངོས་ན་བཞུགས་པར་བསྒོམས་ལ། ཨོཾ་ཨ་པ་ར་མི་ཏ་ཨཱ་ཡུར་ཛྙཱ་ན་ས་པ་ རི་ཝཱ་ར་བཛྲ་ས་མཱ་ཛཿ ཞེས་བརྗོད། རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བྱ། འཇིག་རྟེན་འདྲེན་པའི་ཞེས་སོགས་ཤླཽ་ཀ་གཅིག་གིས་བསྟོད། མཆོད་པས་མཆོད་ལ་ཧཱུཾ་སྐྱེ་འཆི་རབ་སྤངས་རྡོ་རྗེའི་ཚེ། །བདག་ལ་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་བཛྲ་ཨཱ་ཡུ་ 2-6-3a ཥེ་ས་ར་ཧ་ཀ་ར་རེ་ཤ་ར་རི་ཧཱུཾ་ཕཊ། ཅེས་ལན་གསུམ་གྱིས་གསོལ་བ་བཏབ་པས་སྟེང་གི་ཚེ་དཔག་མེད་ཀྱི་ཐུགས་ཀ་ནས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་ཕྱོགས་བཅུར་འཕྲོས་པས། རང་གི་ཐོག་མ་མེད་པ་ནས་ཚེ་དང་བསོད་ ནམས་སོགས་གཞན་གྱིས་བརྐུས་པ། ཡར་བ། འཐོར་བ། བླ་བཀུག་པ། གཏད་དུ་བཅུག་པ་སོགས་གང་ན་ཡོད་པ་ཐམས་ཅད་བཅིངས་པ་རྣམས་བཀྲོལ་ཏེ་བཀུག་ནས་འཆི་མེད་བདུད་རྩིའི་རྣམ་པར་སྟེང་གི་ཚེ་དཔག་མེད་ཀྱི་བུམ་པའི་ནང་དུ་ ཐིམ་བདུད་རྩི་ཁོལ་ཏེ་ལུང་པ་བུམ་པ་ཕྱིར་ཡོ་བའི་ཁ་ནས་རང་གི་སྤྱི་གཙུག་ཏུ་ཞུགས་པས་ལུས་ཀྱི་རྩ་ཐམས་ཅད་གང༌། རང་གི་ཚེ་དང་བསོད་ནམས་ཉམས་པ་རྣམས་གསོས། ཆད་པ་རྣམས་འཐུད། ཟད་པ་རྣམས་གསོས་ཏེ་འཕེལ་བར་བྱས་ནས་ འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བསམ། སླར་ཡང་སྔར་བཞིན་གསོལ་བ་བཏབ་པས། སྟེང་གི་ཚེ་དཔག་མེད་ཀྱི་ཐུགས་ཀ་ནས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་ཕྱོགས་བཅུར་འཕྲོས་པས། རྩ་བ་དང་བརྒྱུད་པའི་བླ་མ་སངས་རྒྱས་བྱང་སེམས། དཔའ་ བོ་དཔའ་མོ། གྲུབ་པ་དང་རིག་པ་འཛིན་པ་རྣམས་ཀྱི་བྱིན་རླབས་དང་ནུས་མཐུ་དང༌། སྣོད་བཅུད་ཀྱི་འཇིག་རྟེན་ཐམས་ཅད་ཀྱི་བཅུད་དང་ནུས་པ་རྣམས་འཆི་མེད་ཚེའི་བདུད་རྩིའི་རྣམ་པར་བསྡུས། ཚེ་དཔག་མེད་ཀྱི་བུམ་པའི་ནང་དུ་ཐིམ། ཁོལ་ཞིང་ལུད་ པ་བུམ་པ་ཕྱིར་ཡོ་བའི་ཁ་ནས་སྤྱི་གཙུག་གི་དབུ་མའི་ནང་ནས་བརྒྱུད་དེ། རིམ་གྱིས་བབས་པས་ཉི་མའི་དཀྱིལ་འཁོར་གྱིས་གྲིབ་མ་དེད་པ་བཞིན་དུ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ནད་གདོན་བར་ཆད་རྣམས་དང་ཁྱད་པར་དུ་ཚེའི་བར་ཆད་ 2-6-3b རྣམས་རིམ་གྱིས་ཕྱིར་དེད། སེན་མོ་ཉི་ཤུ་དང་འོག་སྒོ་གཉིས་དང་བ་སྤུའི་བུ་ག་རྣམས་ནས། སྣག་ཚའི་ཁུ་བ་ལྟ་བུར་ནག་ཉིལ་ཉིལ་ཐོན་ཏེ། ས་རིམ་བདུན་གྱི་འོག་ཏུ་སོང་བར་བསམ། སེན་མོ་ཉི་ཤུའི་བར་ནས། བདུད་རྩི་གྱེན་དུ་ལུད་པས་མཁྲིག་མ་ཕན། བརླ་རྩ་མན་བདུད་རྩིས་གང་བར་བསྒོམས་ལ་བུམ་པ་ཅན་གཅིག་བཟུང༌། དེ་ནས་གྲུ་མོ་དང་ལྟེ་བའི་བར་གང་བ་དང༌། ཕྲག་པ་དང་སྙིང་གའི་བར་གང་བ་དང༌། མགྲིན་པ་མན་ཆད་གང་བ་དང༌། སྣ་བུག་མན་ཆད་གང་བ་དང༌། སྤྱི་གཙུག་མན་ཆད་གང་ བར་བསྒོམས་ལ་བུམ་པ་ཅན་རེ་རེ་བཟུང༌། ལུས་ཐམས་ཅད་འཆི་མེད་ཚེའི་བདུད་རྩིས་གང་བར་བསྒོམས་ལ། བུམ་པ་ཅན་གཅིག་སྟེ་བདུན་བཟུང་བར་བྱའོ། །དེ་ནས་ལྷ་དང་སྔགས་ཕྲེང་གསལ་བའི་ངང་ནས། རང་གི་སེམས་ཧྲཱིཿཡིག་དང་དབྱེར་ མེད་པས་སྔགས་ཕྲེང་ཀློག་པའི་ཚུལ་གྱི་སྔགས་འདྲེན་པར་བྱ་ཞིང༌། སྐབས་སུ་དབུ་མའི་ནང་གི་ཚེ་དཔག་མེད་གསུམ་པོ་ལ་བརྟན་པའི་སྤྲོ་བསྡུ་བྱ་སྟེ་ཞལ་ལས་ཤེས། ཐུན་འཇོག་གར་མཆོད་བསྟོད་བྱས་ལ། སྟེང་གི་ཚེ་དཔག་མེད་གདན་ལ་ སོགས་པ་དང་བཅས་པ་རྣམས། རང་གདན་བཅས་སོ་སོ་ལ་ཐིམ་ནས། བྱིན་གྱིས་བརླབས་ཤིང་དངོས་གྲུབ་ཐོབ་པ་བརྟན་པར་བྱ་བའི་དམིགས་པ་བྱས་ལ་བུམ་པ་ཅན་ཅི་ནུས་བསྒོམ། དེ་རྗེས་ཚེ་དཔག་མེད་ཀྱི་གཟུང་རིང་ཚར་བདུན་སོགས་གང་ འཕྲོད་འདོན། བསྔོ་བ་སྨོན་ལམ་རྒྱས་པར་བཏབ། སྤྱོད་ལམ་ཐམས་ཅད་དུ་ཚེ་དཔག་མེད་ཀྱི་ང་རྒྱལ་བརྟན་པར་བྱ་ཞིང༌། ཐུན་མཚམས་སུ་དཀོན་མཆོག་མཆོད་པ། འབྱུང་པོ་ལ་གཏོར་མ། སྐུ་གཟུགས་བཞེང་བ་སོགས་ལ་བརྩོན་པར་བྱའོ། ། 2-6-4a ལོངས་སྤྱོད་ཆེ་རུ་འགྲོ་བ་ཡིན་པས་འདི་ཞུ་བའི་དུས་སུ་བླ་མ་ལ་འབུལ་བ་བཟང་དགོས་གསུང༌། བླ་མའི་ཞལ་སྔ་ནས་ངའི་གོང་གི་འདིའི་བརྒྱུད་པ་ལ་ལོ་དགུ་བཅུ་མ་བརྒལ་བ་གཅིག་ཀྱང་མེད། ལོ་རྒྱུས་དང་བླ་མའི་རྣམ་ཐར་ རྣམས་ནི་གཞན་དུ་ཤེས་པར་བྱའོ། །བསྡུ་བར་འདོད་ན། ཚོགས་ཞིང་མཆོད་པ་བཞག་ཀྱང་ཆོག །དེ་ལྟར་དམ་ཚིག་པ་བསྐྱེད་ཟིན་མ་ཐག །བདེ་བ་ཅན་ནས་ཡེ་ཤེས་པ་ཞིག་སྤྱན་དྲངས་ལ་བསྟིམ། དེ་ནས་དཀྱུས་བཞིན་བྱ་གསུང༌། ཤིན་ ཏུ་བསྡུ་ན། རྫས་དང་དམིགས་མེད་ཀྱི་ངང་ནས་སྔགས་ཚར་ཉི་ཤུ་རྩ་གཅིག་རེ། གཞན་དུ་ཉིན་རེ་བཞིན་དུ་མ་ཆག་པར་བཟླས་ན་དེས་ཀྱང་ལོ་དགུ་བཅུ་མི་ཐུབ་མི་སྲིད་གསུང༌། སྔགས་ནི། ན་མོ་བུད་དྷཱ་ཡ། ན་མོ་དྷ་རྨཱ་ཡ། ན་མོ་སངྒྷ་ ཡ། ཏདྱ་ཐཱ། ཨོཾ་ཨད་ཏེ། བྷད་ཏེ། བྷིད་ཏེ། བྷི་ནན་ཏེ། ཀུ་ནན་ཏེ། ཏ་ཀེ། ཐ་ཀེ། ཐ་ར་ཀེ། ཏ་ར་ཀེ། ཧཱུ་རུ་མ་ཏེ། ཧི་ལི་ཧི་ལི། མི་ལི་མི་ལི། སཾ་བྷཀྵ། བྷི་བྷཀྵ། བྷ་མུ་ན། ཛི་ཛཱ་བ་ནཱཾ། སི་ས་ནས་དྷུ། བྷ་ནྡྷ་སྭཱ་ཧཱ། ཞེས་སོ། །ཀུན་མཁྱེན་ བླ་མའི་ཞལ་གྱི་བཅུད། འདི་ནི་བློ་བཟང་གྲགས་པ་ཡིས། །བཤེས་གཉེན་བློ་གསལ་དོན་གཉེར་ཅན། །སངས་རྒྱས་མགོན་པོས་བསྐུལ་ཏེ་བཀོད། །ཞལ་གདམས་ཡི་གེར་བྲིས་པ་ལ། །མ་ཡིས་བུ་གཅིག་པ་ལ་བཞིན། །ཆོས་ བདག་རྣམས་ཀྱིས་བཟོད་པར་མཛོད། །དགེ་བས་འགྲོ་བ་མ་ལུས་པ། །འཆི་བདག་བདུད་ལས་རབ་རྒྱལ་ཏེ། །རྡོ་རྗེའི་ཚེ་ནི་ཐོབ་པར་ཤོག །འདི་ཡང་མཁས་བཙུན་བླ་མའི་གསུང་བཞིན་བཀོད་པའོ།། ཤུ་བྷ་མས།། 2-6-4b empty page 2-7-1a ༄༅། །སྡོམ་པ་གོང་མ་གཉིས་ཀྱི་ཕྱིར་བཅོས་བྱེད་ཚུལ་རྗེའི་ཕྱག་ལེན་བཞིན་བཀོད་པ་བཞུགས་སོ།། 2-7-1b ༄༅༅། །ཐམས་ཅད་ཀྱིས་ཕྱག་གསུམ་བཙལ་ཏེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་སློབ་དཔོན་བྱང་ཆུབ་སེམས་དཔའི་ཞལ་སྔ་ནས་གཙོ་མཛད་ དགེ་འདུན་བྱང་ཆུབ་སེམས་དཔའ་རྣམས་ལྟུང་བ་ཕྱིར་བཅོས་ཀྱི་ཆོ་ག་ལ་ཐུགས་གཏད་པར་ཞུ། ཞེས་བརྗོད་པའི་རྗེས་སུ་འདུག་སྟེ། ཕྱོགས་བཅུ་ན་བཞུགས་པའི་ནས་བྱང་ཆུབ་སེམས་དཔའ་རྣམས། ཞེས་པའི་བར་སྔར་དང་ འདྲ་བ་ལ། དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་ལ། ཇི་སྐད་ཡོངས་སུ་བརྗོད་པའི་ཕམ་པའི་གཞི་ལས་བྱང་ཆུབ་སེམས་དཔའི་འདུལ་བ་དང་འགལ་བའི་ནོངས་པ་རྩ་ལྟུང་དང་པོ་ནས་རྩ་ལྟུང་བཅོ་ བརྒྱད་པའི་བར་གྱི་དངོས་གཞི་དང་ཟག་པ་ཆུང་འབྲིང་གི་ནོངས་པ། རྙེད་དང་བཀུར་སྟིས་ཆགས་པ་ཡིས། །བདག་བསྟོད་གཞན་ལ་སྨོད་པ་དང༌། །སྡུག་བསྔལ་མགོན་མེད་གྱུར་པ་ལ། །སེར་སྣས་ཆོས་ནོར་མི་སྟེར་དང༌། ། གཞན་གྱིས་བཤགས་ཀྱང་མི་ཉན་པར། །ཁྲོས་ནས་གཞན་ལ་འཚོག་པ་དང༌། །ཐེག་པ་ཆེན་པོ་སྤོང་བྱེད་ཅིང༌། །དམ་ཆོས་འདྲར་སྣང་སྟོན་པའོ། །དཀོན་མཆོག་གསུམ་གྱི་དཀོར་འཕྲོག་དང༌། །དམ་པའི་ཆོས་ནི་ སྤོང་བྱེད་པ། །ཚུལ་ཁྲིམས་འཆལ་བའི་དགེ་སློང་ལའང༌། །ངུར་སྨྲིག་འཕྲོག་དང་བརྡེག་པ་དང༌། །བཙོན་རར་འཇུག་པར་བྱེད་པ་དང༌། །རབ་ཏུ་བྱུང་ལས་ཕབ་པ་དང༌། །མཚམས་མེད་ལྔ་པོ་བྱེད་པ་དང༌། །ལོག་ 2-7-2a པར་ལྟ་བ་འཛིན་པ་དང༌། །གྲོང་ལ་སོགས་པ་འཇིག་པ་དང༌། །བློ་སྦྱང་མ་བྱས་སེམས་ལ། །སྟོང་པ་ཉིད་ནི་བརྗོད་པ་དང༌། །སངས་རྒྱས་ཉིད་ལ་ཞུགས་པ་དག །རྫོགས་པའི་བྱང་ཆུབ་བཟློག་པ་དང༌། ། སོ་སོར་ཐར་པ་ཡོངས་སྤངས་ཏེ། །ཐེག་པ་ཆེ་ལ་སྦྱོར་བ་དང༌། །སློབ་པའི་ཐེག་པས་ཆགས་ལ་སོགས། །སྤོང་བར་འགྱུར་བ་མིན་ཞེས་འཛིན། །ཕ་རོལ་དག་ཀྱང་འཛིན་འཇུག་དང༌། །རང་གི་ཡོན་ཏན་བརྗོད་པ་དང༌། །རྙེད་ པ་དང་ནི་བཀུར་སྟི་དང༌། །ཚིགས་བཅད་རྒྱུ་ཡིས་གཞན་སྨོན་དང༌། །བདག་ནི་ཟབ་མོ་བཟོད་པའོ་ཞེས། །ལོག་པ་ཉིད་ནི་སྨྲ་བ་དང༌། །དགེ་སྦྱོང་ཆད་པས་གཅོད་འཇུག་དང༌། །དཀོན་མཆོག་གསུམ་གྱི་སྦྱིན་བྱེད་དང༌། ། སྦྱིན་པ་ལེན་པར་བྱེད་པ་དང༌། །ཞི་གནས་འདོར་བར་བྱེད་པ་དང༌། །ཡང་དག་འཇོག་གི་ལོངས་སྤྱོད་རྣམས། །ཁ་ཏོན་བྱེད་ལ་སྦྱིན་པ་དང༌། །བྱང་ཆུབ་སེམས་གཉིས་སྤངས་པ་ལ་སོགས་པ་ཇི་སྐད་ཡོངས་སུ་བརྗོད་པ་ ཕམ་པའི་གཞི་ལས་བྱང་ཆུབ་སེམས་དཔའི་འདུལ་བ་དང་འགལ་བའི་རྩ་ལྟུང་དང་པོ་ནས་བཅོ་བརྒྱད་པའི་བར་གྱི་དངོས་གཞི་དང༌། ཟག་པ་ཆུང་འབྲིང་གི་ནོངས་པ་དཔག་ཏུ་མེད་པ་བྱུང་སྟེ། བདག་མིང་འདི་ཞེས་བགྱི་ བའི་ནོངས་པ་དེ་རྣམས་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། སློབ་དཔོན་བྱང་ཆུབ་སེམས་དཔའི་ཞལ་སྔ་ནས་གཙོ་མཛད་དགེ་འདུན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ 2-7-2b སྤྱན་སྔར་བཤགས་ཤིང་མཐོལ་ཏེ། མི་འཆབ་བོ། །བཤགས་ཤིང་མཐོལ་བས་བདག་བདེ་བ་ལ་གནས་པར་འགྱུར་གྱི། མ་མཐོལ་ཞིང་མ་བཤགས་ན་ནི་བདེ་བ་ལ་གནས་པར་མི་འགྱུར་བ་ལགས་སོ། །ཞེས་ལན་གསུམ་བརྗོད་པའི་རྗེས་སུ་ཡུལ་གྱིས། ཁྱེད་ཀྱིས་དེ་རྣམས་ལ་ཉེས་པར་གཟིགས་སམ། ཕྱིས་ཀྱང་སྡོམ་པར་བྱེད་དམ་ཞེས་དྲི། རྟེན་གྱིས། མཐོང་ལགས་དང༌། ཤེས་བཞིན་མཐོང་ན་ཆོས་བཞིན་འདུལ་བ་བཞིན་ཤིན་ཏུ་ལེགས་པར་སྤྱི་བོས་ནོད་པར་བགྱིའོ། །དྲི་ལན་གསུམ་བརྗོད། ཡང་བྱང་སེམས་ ཀྱི་ཉེས་བྱས་ཕྱིར་བཅོས་ཚུལ་ནི། དགོངས་གསོལ་སྔར་ལྟར་བྱས་ལ། བདག་མིང་འདི་ཞེས་བགྱི་བ་ལ་ཇི་སྐད་ཡོངས་སུ་བརྗོད་པའི་ཉེས་བྱས་ཀྱི་གཞི་ལས། བྱང་ཆུབ་སེམས་དཔའི་འདུལ་བ་དང་འགལ་བའི་ཉེས་བྱས་ཀྱི་ནོངས་པ། གཞན་ལ་ཆོས་དང་ཟང་ ཟིང་གིས་འབྱོར་བར་བྱ་བའི་ཕྱིར་བརྩོན་པར་བྱ་དགོས་པའི་ཚེ། བརྩོན་པར་མ་བྱས་པ་དང༌། གཞན་གྱིས་ཕན་བཏགས་པ་དང༌། གནོད་པ་བསྐྱལ་བའི་མཚན་མ་ཞེ་ལ་བཟུང་ནས་རིས་སུ་བཅད་པ་དང༌། ཕྱོགས་ཡོངས་སུ་བཟུང་བའི་བསམ་པས་ཆགས་ པ་དང༌། སྡང་བ་དང༌། བཏང་སྙོམས་ཀྱི་ཡལ་བར་འདོར་བའི་བློ་སྐྱེས་པ་དང༌། དམ་པ་ཉེ་བར་མ་བསྟེན་པ་དང༌། བྱང་ཆུབ་སེམས་དཔའི་ཟབ་པ་དང་རྒྱ་ཆེ་བའི་སྡེ་སྣོད་ལ་ཐོས་བསམ་མ་བྱས་པ་དང༌། ཟས་གོས་གནས་ཁང་སོགས་ལ་ལོངས་སྤྱོད་པའི་ཚེ། གཞན་དོན་གྱི་བློས་ཟིན་པར་མ་བྱས་པ་དང༌། སྦྱིན་སོགས་ཕར་ཕྱིན་དྲུག་ལ་སློབ་པའི་ཚེ། བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པར་མ་བྱས་པ་དང༌། གཞན་ཡང་བྱང་ཆུབ་ཀྱི་སེམས་ཉམས་པར་བྱེད་པ་ནག་པོའི་ཆོས་བཞི་མ་སྤངས་པ་དང༌། འཕེལ་ 2-7-3a བར་བྱེད་པ་དཀར་པོའི་ཆོས་བཞི་ལ་མ་བསླབས་པ་དང༌། གཞན་གྱི་ཕན་བདེ་སྒྲུབ་པ་དང་སྡུག་བསྔལ་སེལ་བའི་སྦྱོར་བ་ལ་བརྩོན་པར་མ་བྱས་པ་དང༌། དཀོན་མཆོག་གསུམ་ལ་གསུམ་མི་མཆོད། །འདོད་པའི་སེམས་ ཀྱི་རྗེས་སུ་འཇུག །རྒན་པ་རྣམས་ལ་གུས་མི་བྱེད། །དྲིས་པ་ལ་ནི་ལན་མི་འདེབས། །མགྲོན་པོས་བདག་གིར་མི་བྱེད་དང༌། །གསེར་ལ་སོགས་པ་ལེན་མི་བྱེད། །ཆོས་འདོད་པ་ལ་སྦྱིན་མི་བྱེད། །ཚུལ་ཁྲིམས་འཆལ་རྣམས་ཡལ་བར་འདོར། །ཕ་རོལ་དད་ཕྱིར་སློབ་མི་བྱེད། ། སེམས་ཅན་དོན་ལ་བྱ་བ་ཆུང༌། །སྙིང་བརྩེར་བཅས་པར་མ་བྱས་དང༌། །འཚོ་བ་ལོག་པ་དང་དུ་ལེན། །འཕྱར་ནས་རབ་ཏུ་རྒོད་ལ་སོགས། །འཁོར་བར་གཅིག་པུ་བགྲོད་པར་སེམས། །གྲགས་པ་མ་ཡིན་མི་སྤོང་དང༌། །ཉོན་མོངས་བཅས་ཀྱང་ འཆོས་མི་བྱེད། །གཤེ་ལ་ལན་དུ་གཤེ་ལ་སོགས། །ཁྲོས་པ་རྣམས་ནི་ཡལ་བར་འདོར། །ཕ་རོལ་བཤད་ཀྱིས་ཆགས་པ་སྤོང༌། །ཁྲོ་བོའི་སེམས་ཀྱི་རྗེས་སུ་འཇུག །རྙེད་བཀུར་འདོད་ཕྱིར་འཁོར་རྣམས་སྡུད། །ལེ་ལོ་ལ་སོགས་སེལ་ མི་བྱེད། །ཆགས་པས་བྲེ་མོའི་གཏམ་ལ་བརྟེན། །ཏིང་ངེ་འཛིན་གྱི་དོན་མི་འཚོལ། །བསམ་གཏན་སྒྲིབ་པ་སྤོང་མི་བྱེད། །བསམ་གཏན་རོ་ལ་ཡོན་ཏན་ལྟ། །ཉན་ཐོས་ཐེག་པ་སྤོང་བར་བྱེད། །རང་ཚུལ་ཡོད་བཞིན་དེ་ལ་བརྩོན། །བརྩོན་ མིན་ཕྱི་རོལ་བསྟན་བཅོས་བརྩོན། །བརྩོན་པར་བྱས་ཀྱང་དེ་ལ་དགའ། །ཐེག་པ་ཆེན་སྤོང་བར་བྱེད། །བདག་ལ་བསྟོད་ཅིང་གཞན་ལ་སྨོད། །ཆོས་ཀྱི་དོན་དུ་འགྲོ་མི་བྱེད། །དེ་ལ་སྨོད་དང་ཡི་གེ་རྟེན། །དགོས་པའི་གྲོགས་སུ་འགྲོ་མི་བྱེད། ། 2-7-3b ནད་པའི་རིམ་གྲོ་བྱ་བ་སྤོང༌། །སྡུག་བསྔལ་སེལ་བར་མི་བྱེད་དང༌། །བག་མེད་རྣམས་ལ་རིགས་མི་སྟོན། །བྱས་ལ་ལན་དུ་ཕན་མི་འདོགས། །གཞན་གྱི་མྱ་ངན་སེལ་མི་བྱེད། །ནོར་འདོད་པ་ལ་སྦྱིན་མི་བྱེད། །འཁོར་རྣམས་ཀྱི་ནི་དོན་མི་བྱེད། །གཞན་ གྱི་བློ་དང་མཐུན་མི་འཇུག །ཡོན་ཏན་བསྔགས་པ་སྨྲ་མི་བྱེད། །རྐྱེན་དུ་འཚམ་པར་ཚར་མི་གཅོད། །རྫུ་འཕྲུལ་སྡིག་ལ་སོགས་པ་མ་བྱས་པའི་བྱང་ཆུབ་སེམས་དཔའི་འདུལ་བ་དང་འགལ་བའི་ཉེས་བྱས་ཀྱི་ནོངས་པ་དཔག་ཏུ་མེད་པ་བྱུང་སྟེ། བདག་ མིང་འདི་ཞེས་བགྱི་བའི་ནོངས་པ་དེ་རྣམས་ཞེས་སོགས་དང༌། མཐོང་སྡོམ་སྔར་དང་འདྲའོ། །ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། སློབ་དཔོན་རིག་པ་འཛིན་པའི་ཞལ་སྔ་ནས་གཙོ་མཛད། དགེ་འདུན་རིག་པ་ འཛིན་པ་རྣམས་ལྟུང་བ་ཕྱིར་བཅོས་ཀྱི་ཆོ་ག་ལ་ཐུགས་གཏད་པར་ཞུ། ཞེས་བརྗོད་པའི་རྗེས་སུ་འདུག་སྟེ། ཕྱོགས་བཅུ་ནས་དགེ་འདུན་རིག་པ་འཛིན་པ་རྣམས་ཡན་སྔར་དང་འདྲ་བ་ལ། དགོངས་སུ་གསོལ། གསང་མཚན་བརྗོད་ནས། བདག་ཆེ་གེ་རྡོ་རྗེ་ཞེས་བགྱི་ བ་ལ། ཇི་སྐད་ཡོངས་སུ་བརྗོད་པའི་ཕམ་པའི་གཞི་ལས། རྡོ་རྗེ་ཐེག་པའི་འདུལ་བ་དང་འགལ་བའི་རྩ་ལྟུང་དང་པོ་ནས་རྩ་ལྟུང་བཅུ་བཞི་པའི་བར་གྱི་ཕྱོགས་མཐུན་གྱི་ནོངས་པ། དཔལ་ལྡན་བླ་མ་དམ་པ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །མཎྜལ་མེ་ ཏོག་བཅས་ཕུལ་ནས། །ཕྱག་ནི་འཚལ་བར་མ་བྱས་དང༌། །དཔོན་སློབ་འབྲེལ་བ་མ་བརྟགས་པར། །ཆོས་ལ་ཉན་བཤད་བྱས་པ་དང༌། །བླ་མ་ལ་བརྙས་སྨད་པ་དང༌། །བླ་མའི་ཐུགས་ནི་དཀྲུགས་པ་དང༌། །ཡིད་འོངས་ཡོན་ནི་མ་ཕུལ་དང༌། །རྟག་ཏུ་ 2-7-4a དམ་ཚིག་མ་བསྲུངས་དང༌། །རྟག་ཏུ་བདེ་གཤེགས་མ་མཆོད་དང༌། །རྟག་ཏུ་བླ་མ་མ་མཆོད་དང༌། །བླ་མ་དང་ནི་རྡོ་རྗེ་འཛིན། །ཐ་དད་པར་ནི་བསམས་པ་དང༌། །བླ་མའི་གྲིབ་མ་ལྷམ་དང་སྟན། །བཞོན་པ་སོགས་ལ་འགོམས་པ་དང༌། ། བཀའ་བསྒོ་གུས་པས་མ་ཉན་དང༌། །མི་ནུས་བཤད་སྦྱང་འོས་པ་ལ། །བཤད་སྦྱང་དག་ནི་མ་བྱས་དང༌། །བླ་མའི་རྫས་ལ་སྲོག་བཞིན་དང༌། །འཁོར་ལ་གཉེན་བཞིན་མ་བསམས་དང༌། །དྲུང་དུ་མལ་སྟན་ལ་འདུག་དང༌། །བསྒོ་བ་མ་ཐོབ་སྔོན་འགྲོ་དང༌། ། བླ་མ་ལས་སྔར་སྟན་གྱི་སྟེང༌། །རྐང་པ་འཇོག་དང་གྲུ་རྒྱངས་བྱེད། །བླ་མ་བཞེངས་ཚེ་ཉལ་དང་འདུག །བཞུགས་པ་དག་ན་ཉལ་བ་དང༌། །བླ་མའི་དྲུང་དུ་མཆིལ་མ་སོགས། །དོར་དང་རྐང་པ་རྐྱོང་བ་དང༌། །འཆག་དང་ཁ་སྟོབས་འགྱེད་པ་དང༌། །ཡན་ ལག་མཉེ་དང་གར་དག་དང༌། །གླུ་དང་རོལ་མོ་བྱས་པ་དང༌། །བྲེ་མོའི་གཏམ་རྣམས་སྨྲས་པ་དང༌། །ལྡང་འདུག་གུས་པར་མ་བྱས་དང༌། །བླ་མའི་དྲུང་དུ་ལུས་གཅུ་དང༌། །ཀ་བ་སོགས་ལ་བརྟེན་པ་དང༌། །སོར་མོའི་ཚིགས་ནི་འཐེན་པ་དང༌། །དྲིལ་ཕྱི་སྐུ་ མཉེ་ལ་སོགས་ལ། །ཐོག་མཐར་ཕྱག་ནི་མ་བྱས་དང༌། །ཞལ་སྔ་ལྡན་པ་མ་སྦྱར་བར། །བླ་མའི་མཚན་ནས་སྨོས་པ་དང༌། །གཞན་དག་གུས་པར་བྱ་བའི་ཕྱིར། །ཁྱད་པར་ཅན་གྱི་ཚིག་མ་བརྗོད། །རྒོད་དང་ལུད་པ་ལ་སོགས་ལ། །ལག་པས་ཁ་ནི་མ་ བཀབ་དང༌། །བྱ་བ་ཟིན་ནས་འཇམ་པ་ཡི། །ཚིག་གི་བརྡའ་ནི་མ་སྦྱར་དང༌། །མདུན་དུ་དུལ་བས་མ་འདུག་དང༌། །གོས་སོགས་ཚུལ་ནི་མ་བསྡམས་དང༌། །གསང་སྔགས་དམ་ཆོས་ཉན་པའི་ཚེ། །པུས་བཙུགས་ཐལ་མོ་སྦྱར་བྱས་ནས། །གསོལ་བ་ 2-7-4b ལན་གསུམ་མ་བཏབ་དང༌། །ང་རྒྱལ་སྒེག་ཆོས་ཀུན་སྤངས་ནས། །དུལ་ཞིང་བག་ཡོད་མ་བསྟེན་དང༌། །བླ་མའི་གནང་བ་མ་ཐོབ་པར། །བླ་མ་གནས་པའི་ས་ཕྱོགས་དེར། །རབ་གནས་དཀྱིལ་འཁོར་སྦྱིན་སྲེག་དང༌། །སློབ་མ་སྡུད་དང་འཆད་པ་དང༌། །བླ་མའི་ སློབ་མ་སློབ་མར་བྱས། །སྤྱན་འབྱེད་སོགས་ལ་ཅི་ཐོབ་པ། །དེ་ཀུན་བླ་མར་མ་ཕུལ་དང༌། །དེ་ཡིས་བསྟབས་པ་བླངས་ནས་ནི། །གཞན་ལ་ཅི་བདེར་མ་བྱས་དང༌། སློབ་དཔོན་ལ་ནི་གང་ཕུལ་དང༌། །བླ་མས་ཀྱང་ནི་གང་སྩལ་བ། །དེ་ལ་བཏུད་དེ་ལག་གཉིས་ཀྱིས། ། ལེན་པ་སོགས་ནི་མ་བྱས་དང༌། བླ་མའི་དྲུང་དུ་གཞན་དག་གིས། །ཕྱག་སོགས་བྱེད་པ་མ་བཟློག་དང༌། །རང་གི་ཀུན་སྤྱོད་ལ་བརྩོན་པས། །སྤུན་གྱི་རང་སྤྱོད་ལས་འདས་པ། །དགའ་བས་ཕན་ཚུན་མ་བཟློག་དང༌། །བདེ་གཤེགས་བླ་མའི་བཀའ་འདས་དང༌། ། སྤུན་ལ་ཁྲོས་ནས་སྐྱོན་སྨྲས་དང༌། །སྤུན་གྱི་ཆོས་ལྡན་ངག་བཅག་དང༌། །སེམས་ཅན་རྣམས་ལ་བྱམས་པ་སྤངས། །སེམས་ཅན་ལ་ནི་ཁྲོས་པ་དང༌། །བྱང་ཆུབ་སེམས་གཉིས་སྤངས་པ་དང༌། །རང་གཞན་གྲུབ་མཐའ་ལ་སྨད་དང༌། །མ་སྨིན་པ་ལ་གསང་བ་བསྒྲགས། ། ཕུང་པོ་ལ་བརྙས་སྨད་པ་དང༌། །སྟོང་པ་ཉིད་ནི་སྤངས་པ་དང༌། །གདུག་པ་ཅན་ལ་བྱམས་པར་བྱས། །རྒྱུ་ཡིས་བྱམས་པ་བསྟེན་པ་དང༌། །རྒྱུན་བར་སྟོང་ཉིད་མ་བསྒོམས་དང༌། །བདེ་བ་ཆེན་པོའི་གདམས་ངག་དང༌། །སྟོང་ཉིད་འཚོལ་བར་མ་བྱས་དང༌། །དད་ ལྡན་སུན་པར་བྱས་པ་དང༌། །རྣལ་འབྱོར་པ་ཡི་སྐྱོན་སྨྲས་དང༌། །དམ་རྫས་ཚུལ་བཞིན་མ་བསྟེན་དང༌། །བུད་མེད་ལ་ནི་སྨད་པ་ལ་སོགས་པའི་ནོངས་པ་དཔག་ཏུ་མེད་པ་བྱུང་སྟེ། གསང་མཚན་བརྗོད་ནས་བདག་ཆེ་གེ་རྡོ་རྗེ་ཞེས་བགྱི་བའི་ནོངས་པ་དེ་རྣམས་ཕྱོགས་ 2-7-5a བཅུ་ནས་སློབ་དཔོན་ནམ་གནས་བརྟན་རིག་པ་འཛིན་པའི་སྤྱན་སྔར་བཤགས་ཤིང་མཐོལ་ཏེ་མི་འཆབ་བོ། །བཤགས་ཤིང་མཐོལ་བས་བདག་བདེ་བ་ལ་གནས་པར་འགྱུར་གྱི་མ་འཐོལ་ཞིང་མ་བཤགས་ན་ནི་བདེ་བར་གནས་ པར་མི་འགྱུར་བ་ལགས་སོ། །ཞེས་ལན་གསུམ་བརྗོད་པའི་རྗེས་སུ། ཡུལ་གྱིས། ཁྱེད་ཀྱིས་དེ་རྣམས་ལ་ཉེས་པར་གཟིགས་སམ། ཕྱིན་ཆད་ལེགས་པར་སྡོམ་མམ། ཞེས་སྨོས་པའི་ཚེ། རྟེན་གྱིས་མཐོང་ལགས་དང༌། ཤེས་བཞིན་མཐོང་ན་ཆོས་ བཞིན་འདུལ་བ་བཞིན་ཤིན་ཏུ་ལེགས་པར་སྤྱི་བོས་ནོད་པར་བགྱིའོ། །དྲི་ལན་གསུམ་བྱ། སྦོམ་པོ་ཕྱིར་བཅོས་ནི་དགོངས་གསོལ་སྔར་བཞིན་བྱས་པའི་རྗེས་སུ། བདག་ཆེ་གེ་རྡོ་རྗེ་ཞེས་བགྱི་པ་ལ། ཇི་སྐད་ཡོངས་སུ་བརྗོད་པའི་སྦོམ་པོའི་གཞི་ལས། རྡོ་རྗེ་ཐེག་པའི་འདུལ་བ་དང་འགལ་བའི་ནོངས་པ། ཤེས་རབ་སྟོབས་ཀྱིས་ལེན་པ་དང༌། །དེ་ཡི་བདུད་རྩི་སྟོབས་ཀྱིས་ལེན། །སྣོད་མིན་ལ་ནི་མི་གསང་དང༌། །ཚོགས་ཀྱི་ནང་དུ་རྩོད་པ་དང༌། །དད་ལྡན་ལ་གཞན་ཆོས་སྟོན་དང༌། །ཉན་ཐོས་ ནང་དུ་ཞག་བདུན་གནས། །རྫུན་གྱིས་རྣལ་འབྱོར་ང་རྒྱལ་བྱེད། །དད་པ་མེད་ལ་ཆོས་སྟོན་དང༌། །སྦྱོར་བ་ལེགས་པར་མ་བྱས་པར། །སྐལ་མིན་གསང་བ་སྟོན་པ་དང༌། །བསྙེན་སོགས་དག་པར་མ་བྱས་པར། །དཀྱིལ་འཁོར་ལས་ལ་འཇུག་ པ་དང༌། །སྡོམ་པ་གཉིས་ཀྱི་བཅས་པ་ལས། །དགོས་པ་མེད་པར་འདས་པ་དང༌། །རྩ་ལྟུང་སྦོམ་པོའི་ལྟུང་བ་ལ། །སྡོམ་སེམས་དུས་དྲུག་མ་བཏང་དང༌། །ཚུལ་ཁྲིམས་གསུམ་དང་འགལ་བ་དང༌། །སྐྱབས་འགྲོ་དུས་དྲུག་མ་གྲུབ་དང༌། ། 2-7-5b རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡི། །དམ་ཚིག་བསྟེན་པར་མ་བྱས་དང༌། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་དུས་དྲུག་མ་བྱིན་དང༌། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་ཆོས་འཛིན་འདོད་མ་བསྐྱེད་དང༌། །སྡོམ་པ་དང་ནི་མཆོད་པ་ལ། །དུས་དྲུག་ བརྩོན་པར་མ་བྱས་དང༌། །སེམས་ཅན་འདུལ་ཕྱིར་མ་གཏོགས་པར། །བྱ་བ་མ་ཡིན་མ་སྤངས་དང༌། །རྣལ་འབྱོར་པ་རྣམས་མ་མཆོད་དང༌། །དགེ་བཅུ་བསྒྲུབ་ལ་མི་བརྩོན་དང༌། །ཐེག་པ་དམན་ལ་འདོད་བྱས་དང༌། །སེམས་ཅན་དོན་ལ་རྒྱབ་ཕྱོགས་དང༌། ། འཁོར་བ་དག་ཀྱང་སྤངས་པ་དང༌། །རྟག་ཏུ་མྱ་ངན་འདས་ཆགས་དང༌། །ལྷ་དང་ལྷ་མིན་གསང་བ་པ། །དེ་དག་རྣམས་ལ་བརྙས་པ་དང༌། །ཕྱག་རྒྱ་བཞོན་པ་མཚོན་ཆ་དང༌། །མཚན་མ་འགོམས་དང་ཟོས་པ་དང༌། །དེ་བཞིན་དམན་མ་ལྷ་ཡི་གྲིབ། །རྐང་ པ་དག་གིས་བརྫིས་པ་ལ་སོགས་པ་རྡོ་རྗེ་ཐེག་པའི་འདུལ་བ་དང་འགལ་བའི་སྦོམ་པོའི་ནོངས་པ་དཔག་ཏུ་མེད་པ་བྱུང་སྟེ། བདག་ཆེ་གེ་རྡོ་རྗེ་ཞེས་བྱ་བའི་སྦོམ་པོའི་ནོངས་པ་དེ་རྣམས་ཞེས་བརྗོད་ནས་སྔར་བཞིན་བཤགས། མཐོང་སྡོམ་ཡང་སྔར་དང་འདྲའོ། །ཡང་ལངས་ ཏེ་ཕྱག་གསུམ་བཙལ་ནས་ཕྱོགས་བཅུ་ནས་སློབ་དཔོན་ནམ་གནས་བརྟན་རིག་པ་འཛིན་པས་གཙོ་མཛད་དགེ་འདུན་རིག་པ་འཛིན་པ་རྣམས་ལྟུང་བ་ཕྱིར་བཅོས་ཀྱི་ཆོ་ག་ལ་ཐུགས་གཏད་པ་བཀའ་དྲིན་ཆེ། ཞེས་བརྗོད། ཡུལ་གྱིས་ཆོས་བཞིན་འདུལ་བ་བཞིན་ ངོ་མཚར་ཆེ་ཞེས་བརྗོད། འདིས་ཀྱང་ཐུབ་པའི་བསྟན་པ་ཡུན་རིང་དུ་གནས་པར་གྱུར་ཅིག། སརྦ་མངྒལཾ།། 2-8-1a ༄༅། །གཏོར་མ་བརྒྱ་རྩའི་རིམ་པ་མཚུངས་མེད་ཆོས་ཀྱི་རྗེ་བློ་བཟང་གྲགས་པའི་ཕྱག་ལེན་བཞུགས་སོ།། 2-8-1b ༄༅༅། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །གཏོར་མ་བརྒྱ་རྩ་གཏོང་བའི་ཚུལ་འདི་ལ། སྔོན་འགྲོའི་རིམ་པ། དངོས་གཞིའི་ཆོ་ག །འཇུག་གི་བྱ་བ་གསུམ་གྱི། དང་པོ་ནི། གཏོར་མའི་སྣོད་བཤམ་ པའི་ཚུལ། གཏོར་མའི་མགྲོན་གྱི་རིམ་པ། ཞལ་ཟས་ཀྱི་རིམ་པ། ཞལ་ཟས་འབུལ་ཚུལ་ལོ། །སྣོད་བཤམ་པའི་ཚུལ་ནི། གཏོར་སྣོད་ལྕགས་སམ་བསེ་ལ་སོགས་པ་མ་ཡིན་པ། ཟངས་སམ་རིན་པོ་ཆེའི་སྣོད་དམ། མ་འབྱོར་ན་ཤིང་ངམ་རྫ་ལ་སོགས་པ་གང་ཡང་རུང་སྟེ། སྣོད་དེ་གང་ཡིན་ཡང༌། ལེགས་པར་བཀྲུས་ཤིང་བྱི་དོར་བྱས་ལ། བཤམ་པའི་དུས་སུ་གཏོར་སྟེགས་ཀྱི་སྟེང་དུ་གྲལ་གྱི་རིམ་པ་ཁྲིག་གི་ཡོང་བར་བྱ་ཞིང༌། ཡ་ཡོ་འགྱལ་འགྱེལ་མེད་པར་གཏོར་སྣོད་གཅིག་ལ་གཅིག་མ་རེག་པར་བཤམ་མོ། བཅུད་བཤམ་པའི་ཚུལ་ནི། གཏོར་མའི་ཡོ་བྱད་ཆང་ལ་སོགས་པ་མ་དག་པའི་རྫས་མ་ཡིན་པ། ཕྱེ་ཕུད་གཙང་མ་ལ་དཀར་གསུམ་ ལ་སོགས་པ་དང་ལྡན་པའི་གཏོར་ཟན་ལེགས་པར་བསྒྲུབས་ལ། དེའི་ཕུད་ལ་ཞལ་ཟས་བཅད་དེ་ལྷ་བཤོས་བྱ། གཞན་རྣམས་དུམ་བུ་བཅུ་གཅིག་ཏུ་བགོས་ལ། བཅུ་པོ་རེ་རེའང་ཆ་བཅུ་བཅུར་གསིལ་ལ། བཅུ་གཅིག་ པ་དེ་དུམ་བུ་བརྒྱང་དུ་བགོས་ལ་བཤམ་པའི་ཚེ། གཏོར་སྣོད་ནང་དུ་ཟན་རྣམས་གཅིག་གིས་གཅིག་ལ་མ་རེག་པར་བཤམ་ཞིང༌། དེ་ལ་ཆུ་གཙང་གཏོར་ཟན་གྲངས་དང་མཉམ་པའི་ཐིགས་པའམ། ཡང་ན་གཏོར་སྣོད་ 2-8-2a རེ་རེ་ལ་མཚམས་བཅད་ཅིང་བཤམ་མོ། །གཏོར་མགྲོན་གྱི་གོ་རིམ་ནི། བླ་མ་དགེ་བའི་བཤེས་གཉེན་རྣམས་ཀྱི་བཞེང་པས། གཏོར་མགྲོན་མི་འདྲ་བ་འགའ་རེ་ཡོད་ཀྱང༌། བྱང་སེམས་ཟླ་བ་རྒྱལ་མཚན་ གྱིས་མཛད་པའི་གཏོར་མའི་རིམ་པ་ནི། དམ་པ་རྣམས་ཀྱིས་ཕྱག་ལེན་དུ་མཛད་པ་མང་ཞིང༌། རྣམ་པར་དག་པ་དང་འཇུག་པ་བདེ་བས་དེའི་རྗེས་སུ་འབྲངས་ནས་བརྗོད་པ་ནི། བླ་སོགས་མཁའ་སོགས་དྲང་སྲོང་སོགས་ ལྷན་སྐྱེས་གཞི་བདག་འཕྲོག་མ་སོགས། གནོད་བྱེད་རིགས་དྲུག་ཡི་དྭགས་སོགས། །ལན་ཆགས་ལྷག་མའི་འབྱུང་པོ་སོགས། །ཞེས་པའི་ངོས་འཛིན་ནི། བླ་སོགས་དང་པོ་གཏོར་མ་བཅུ་ཚན་དང་པོ་བླ་མ་དཀོན་ མཆོག་དང་སོགས་ཁོང་ནས་སངས་རྒྱས་བྱང་ཆུབ་སེམས་དཔའ་སྤྱི་ལ་འབུལ། མཁའ་སོགས་ཞེས་པ། བཅུ་ཚན་གཉིས་པ་མཁའ་འགྲོ་ཆོས་སྐྱོང་བསྟན་པ་བསྲུང་བ་སྤྱི་ལ་འབུལ། དྲང་སྲོང་སོགས་ཞེས་པ། གསུམ་པ་བྲམ་ ཟེ་དྲང་སྲོང་བདེན་ཚིག་དང་སྨོན་ལམ་འགྲུབ་པ་རྣམས་ལ་འབུལ། ལྷན་སྐྱེས་ཞེས་པ། བཞི་པ་དེ་སྤྱིར་ནོར་ལྷ་ཐམས་ཅད་དང༌། ལྷན་ཅིག་སྐྱེས་པའི་ལྷ་ལ་སོགས་པ་རང་གི་སྒོས་ཀྱི་ལྷ་སྲུང་རྣམས་ལ་འབུལ། གཞི་ བདག་ཅེས་པ། ལྔ་པ་སྤྱི་དང་བྱེ་བྲག་གི་གཞི་བདག་གཉུག་མར་གནས་པ་རྣམས་ལ་འབུལ། འཕྲོག་མ་སོགས་ཞེས་པ། དྲུག་པ་འཕྲོག་མ་དང་འབྲོག་གནས་ལ་སོགས་ལྷ་སྲིན་སྡེ་བརྒྱད་ལ་བསྔོ། གནོད་བྱེད་ཅེས་པ། 2-8-2b བདུན་པ་གནོད་བྱེད་འབྱུང་པོ་གདོན་བགེགས་སྤྱི་ལ་བསྔོ། རིགས་དྲུག་ཅེས་པ། བརྒྱད་པ་འགྲོ་བ་རིགས་དྲུག་གི་སེམས་ཅན་སྤྱི་ལ་བསྔོ། ཡི་དྭགས་སོགས་ཞེས་པ། དགུ་པ་ཁ་ལ་མེ་འབར་མས་གཙོ་བྱས་ཡི་དྭགས་སྤྱི་ལ་བསྔོ། བཅུ་པ་ལན་ཆགས་ཞེས་ པ་བུ་ལོན་ཤ་ཁོན་ཆགས་པ་ཐམས་ཅད་ལ་བསྔོའོ། །ལྷག་མའི་འབྱུང་པོ་སོགས་ཞེས་པ། བཅུ་གཅིག་པ་ལྷག་མ་དང་བཤལ་ཆུ་ལ་དབང་བའི་འབྱུང་པོ་ཐམས་ཅད་ལ་བསྔོ། ཞལ་ཟས་འབུལ་བའི་ཚུལ་ནི། ཐོག་མར་རང་གི་ལག་ཏུ་ལྷ་བཤོས་ཐོགས་ ཏེ། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །ཞེས་སོགས་སྔགས་། ཨརྒྷཾ་གྱི་གནས་སུ་ནཻ་ཝི་དྱེ་བཅུག་པ་དང༌། གཞན་ཡང་ཞལ་ཟས་ཕལ་ཆེར་ཞལ་ཟས་བླ་བྲེ་དང༌། །ཞལ་ཟས་བཀོད་པའི་འོད་ཟེར་རབ་བཀྱེ་ཞིང༌། །ཞལ་ཟས་སྣ་ཚོགས་ཀུན་ཏུ་བཀྲམ་བྱས་ ནས། །བདག་ཉིད་ཆེན་པོ་རྒྱལ་བ་སྲས་བཅས་མཆོད། །ཞལ་ཟས་རོ་བརྒྱ་ལྡན་པའི་ཡིད་འཕྲོག་པ། ཞེས་སོགས་བརྗོད། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ནཻ་ཝི་དྱེ་ཨཱཿཧཱུཾ་ཞེས་པས་ཞལ་ཟས་འབུལ་བར་བྱའོ། །དེ་དག་ནི་སྔོན་དུ་བྱ་བའི་རིམ་པའོ། །དངོས་གཞིའི་ཆོ་ག་ ལ་དོན་གྱི་རྣམ་གྲངས་བཅུ་གཉིས་ཏེ། སྐྱབས་འགྲོ་སེམས་བསྐྱེད། གཏོར་མ་བསང་སྦྱང༌། བྱིན་གྱིས་བརླབ་པ། གཏོར་མགྲོན་སྤྱན་འདྲེན་པ། བཞུགས་གདན་འབུལ་བ། དམིགས་པ་གསལ་གཏབ་པ། གཟུངས་སྔགས་ཟློས་པ། མཆོད་པ་འབུལ་བ། བསྔོ་ བའི་རྒྱུ་བསྟན་པ། མགྲོན་ལ་སྟོབ་པ། ཕྲིན་ལས་འཆོལ་བ། བདེན་སྟོབས་བརྗོད་པའོ། །ལྔ་པ་མན་ཆད་ལ་གདན་འབུལ་དང་མཆོད་འབུལ་མི་དགོས། མཆོད་འབུལ་གྱི་གནས་སུ་དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད་ཅིང༌། བདེན་སྟོབས་ཀྱི་མཇུག་ 2-8-3a ཏུ་ཆོས་ཀྱི་སྦྱིན་པ་བཏང་སྟེ། དོན་གྱི་རྣམ་གྲངས་བཅུ་གཉིས་ཀྱིས་ཚང་བར་བྱའོ། །དེ་ལ་དང་པོ་ནི། སྐྱབས་འགྲོ་སེམས་བསྐྱེད་སྤྱི་དང་འདྲ་བར་བྱ་ཞིང༌། ཁྱད་པར་དུའང་འཇུག་པ་སེམས་བསྐྱེད་ཀྱི་སྐབས་སུ་སེམས་ཅན་ཐམས་ཅད་ ཀྱི་དོན་དུ་གཏོར་མའི་ཆོ་ག་ལ་འཇུག་པར་བྱའོ། །ཞེས་པའི་སེམས་བསྐྱེད་དང༌། ཚད་མེད་བཞི་བསྒོམ་པར་བྱའོ། །གཉིས་པ་བསང་སྦྱང་ནི། ཨ་མྲྀ་ཏའི་སྔགས་ཀྱིས་གཏོར་མ་ལ་གནོད་པའི་བགེགས་བསལ། སྭ་བྷཱ་ཝའི་སྔགས་ཀྱིས་གཏོར་མའི་སྣོད་ བཅུད་སྟོང་པར་བསམས་ལ་མ་དག་པ་སྦྱང་ངོ༌། །གསུམ་པ་བྱིན་གྱིས་བརླབ་པ་ནི། ཨོཾ་ཨཱཿཧཱུཾ་གསུམ་བརྗོད་པའི་དང་པོས་གཏོར་མའི་ཉེས་སྐྱོན་དང་དྲི་མ་ཐམས་ཅད་དག་པར་བསམ། གཉིས་པས་རིན་པོ་ཆེ་དང་བཅུད་ལྷའི་བདུད་རྩིར་བསམ་མོ། །གསུམ་ པས་འདོད་ཡོན་ཟད་མི་ཤེས་པར་འཇིག་རྟེན་གྱི་ཁམས་ཐམས་ཅད་གང་བར་བསམ། བཞི་པ་གཏོར་མགྲོན་སྤྱན་འདྲེན་པ་ནི། ལག་པ་གཉིས་ཀྱི་མཛུབ་མོ་གཉིས་ལྕགས་ཀྱུའི་ཚུལ་དུ་བྱས་ལ། དཔུང་པའི་ཐད་དུ་གཡས་གཡོན་གཉིས་བསྣོལ་ཏེ་སེ་གོལ་ གདབ་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བཅས་ལ། གཏོར་མགྲོན་གང་ཡིན་པའི་མིང་སྦྱར་ལ། མཆོད་སྦྱིན་གྱི་གཏོར་མའི་མགྲོན་ལ་བཛྲ་ས་མཱ་ཛཿ ཞེས་པས་རང་རང་གི་གནས་ནས་མདུན་གྱི་ནམ་མཁར་བྱོན་པར་བསམ་ལ་སྤྱན་དྲང་ངོ༌། །ལྔ་པ་བཞུགས་གདན་ འབུལ་བ་ནི། པདྨ་ཀ་མ་ལ་ཡེ་སྟྭཾ་ཞེས་པས་པདྨའི་གདན་ཕུལ་བས་མཉེས་བཞིན་དུ་འཁོད་པར་བསམ་མོ། །དྲུག་པ་དམིགས་པ་གསལ་གདབ་པ་ནི། གཏོར་མའི་མགྲོན་དེ་དག་གི་ལྗགས་རྡོ་རྗེའི་ལམ་ནས་འོད་ཟེར་གྱི་སྦུ་གུ་བྱུང་ནས་གཏོར་མ་ 2-8-3b ལ་རེག་པས་ཡོངས་སུ་དགྱེས་ཤིང་ཚིམ་པར་ལོངས་སྤྱོད་པར་བསམ་པ་ནི་གཏོར་མ་ལ་ལོངས་སྤྱོད་པའི་ཏིང་ངེ་འཛིན་ནོ། །བདུན་པ་གཟུངས་སྔགས་བཟླ་ནི། ན་མཿསརྦ་ཏ་ཐཱ་ག་ཏ་ཞེས་པ། བླ་མ་དཀོན་མཆོག་ལ་ཉེར་གཅིག །ཆོས་སྐྱོང་དྲང་སྲོང་ལྷན་སྐྱེས་ རྣམས་ལ་བཅུ་དགུ། ལྔ་པ་མན་ཆད་ལ་བདུན་བདུན་བརྗོད་པས་དག་པར་སེམས་སོ། །གཟུངས་སྔགས་བརྗོད་པའི་བར་ལ་གོང་གི་གཏོར་མ་ལོངས་སྤྱོད་པའི་ཏིང་ངེ་འཛིན་དེ་ཉིད་བསྒོམ་པ་ཡིན་ནོ། །བརྒྱད་པ་མཆོད་པ་འབུལ་བ་ནི། ཨརྒྷཾ་ལ་སོགས་པའི་སྔགས་ བརྗོད་ཅིང༌། མཆོད་ཡོན་ལ་སོགས་པ་སོ་སོའི་ཕྱག་རྒྱ་དང་བཅས་པའམ། ཡང་ན་སྔགས་ཙམ་གྱི་སྒོ་ནས་མཆོད་ཡོན། མེ་ཏོག །བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་འབུལ་ལོ། །དགུ་པ་བསྔོ་རྒྱུ་བསྟན་པ་ནི། མཆོད་སྦྱིན་གྱི་གཏོར་མ་གཟུགས་ སྒྲ་དྲི་རོ་རེག་བྱ་ཞེས་པ་ནས་བཟུང་སྟེ། ལྷ་དང་མིའི་དཔལ་འབྱོར་ལོངས་སྤྱོད་ཐམས་ཅད་དང་ལྡན་པ་འདི་ཞེས་པའི་བར་དག་ཏུ་བརྗོད་ཅིང༌། བརྗོད་པ་ལྟར་ཡིད་ཀྱིས་ཀྱང་གཏོར་མའི་ཡོ་བྱད་རྣམས་བསམ་གྱིས་མི་ཁྱབ་བར་བསྐྱེད་ལ་དེ་ཉིད་བསྔོ་རྒྱུ་ཡིན་པར་དམིགས་ ཀྱི་བཀར་ཏེ་སྦྱིན་པར་བྱ་བའི་དངོས་པོ་ངོས་བཟུང་བའི་ཚུལ་གྱིས་བརྗོད་དོ། །བཅུ་པ་མགྲོན་ལ་སྟོབ་པ་ནི། གཏོར་མ་འབུལ་བར་བྱ་བའི་ཡུལ་འོག་ནས་འབྱུང་བ་ལྟར། མགྲོན་སོ་སོའི་རྣམ་གྲངས་རྒྱས་པར་བརྗོད་པས། གཏོར་མའི་མགྲོན་གང་ཡིན་ངོས་བཟུང་ ལ་དེ་ལ་འབུལ་ཞིང་སྟོབ་བར་བྱའོ། །བཅུ་གཅིག་པ་འཕྲིན་ལས་འཆོལ་བ་ནི། མགྲོན་སོ་སོའི་རང་རང་གི་ཕྲིན་ལས་དང་མཐུན་པའི་འཕྲིན་ལས་དེ་ཉིད་ཞུ་ཞིང༌། འདོད་པའི་དོན་གང་ཡིན་པ་དེ་ཉིད་ལ་གསོལ་བ་གདབ་པར་བྱའོ། །བཅུ་གཉིས་པ་བདེན་སྟོབས་བརྗོད་ 2-8-4a པ་ནི། བདག་གི་བསམ་པའི་སྟོབས་དང་ནི། །ཞེས་པ་ནས། ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཅེས་པའི་ཚིག་རྐང་བཞིའི་སྐབས་སུ་མགྲོན་ལ་སོགས་པའི་མིང་འདོན་པ་བརྗེ་ཞིང་ཚིག་རྐང་གཞན་ཁྱད་པར་མེད་པར་བརྗོད་པར་བྱའོ། །འདི་ དག་ནི་གཏོར་མའི་རྣམ་གཞག་གོ་སླ་བར་བྱ་བའི་ཕྱིར་སྡོམ་ཚིག་གི་གོ་དོན་ངོས་འཛིན་ཅིང་སྤྱི་ཆིངས་དང་རྣམ་གཞག་བསྟན་པ་ཡིན་ནོ།། ༈ །།ད་ནི་འཇུག་པ་བདེ་ཞིང་ལག་ཏུ་བླང་བ་བདེ་བའི་ཕྱིར། ངག་འདོན་གྱི་རིམ་པ་བརྗོད་པར་བྱ་སྟེ། བདག་དང་ འགྲོ་བ་ཁམས་གསུམ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོ་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་ བཞིའི་འབྱུང་གནས་འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་རྣམས་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷ་རྨཱཿསྭ་བྷཱ་ཝ་ཤུདྡྷོ་྅ཧཾ། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ལྷ་རྫས་ལས་གྲུབ་པའི་ གཏོར་མ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། །ཨོཾ་ཨཱཿཧཱུཾ། ལན་གསུམ་བརྗོད། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་དཔལ་ལྡན་བླ་མ་དམ་པ་རྣམས་དང༌། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ 2-8-4b ཅད་མཆོད་སྦྱིན་གྱི་གཏོར་མའི་མགྲོན་ལ་བཛྲ་ས་མཱ་ཛཿ མདུན་གྱི་ནམ་མཁའི་གནས་སུ་བྱོན། པདྨ་ཀ་མ་ལ་ཡེ་སྟྭཾ། པདྨ་དང་ཟླ་བའི་གདན་ལ་མཉེས་བཞིན་དུ་འཁོད་ཅིང༌། སྤྲིན་གྱི་ཕུང་པོ་གཏིབས་པ་བཞིན་དུ་ནམ་མཁའ་བར་སྣང་ཐམས་ཅད་གང་བར་བཞུགས་ ཤིང༌། དེ་དག་གི་ལྗགས་རྡོ་རྗེའི་ལམ་ནས་འོད་ཟེར་གྱི་སྦུ་གུ་བྱུང་ནས། མཆོད་སྦྱིན་གྱི་གཏོར་མ་ལ་རེག་པས། ཡོངས་སུ་དགྱེས་ཤིང་ཚིམ་པར་ལོངས་སྤྱོད་པར་གྱུར། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ། ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུཾ་ལན་བདུན་ཨརྒྷཾ་ནས་ཤཔྟའི་ བར་བརྗོད། མཆོད་སྦྱིན་གྱི་གཏོར་མ་གཟུགས་སྒྲ་དྲི་རོ་རེག་བྱ་འདོད་པའི་ཡོན་ཏན་རྣམ་པ་ལྔ་དང་ལྡན་པ་འདི་དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང༌། སངས་རྒྱས་དཀོན་མཆོག་ཆོས་དཀོན་མཆོག །དགེ་ འདུན་དཀོན་མཆོག་སྟེ། སྐྱབས་གནས་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་ཕྱོགས་བཅུའི་རྒྱལ་བ་སྲས་དང་སློབ་མར་བཅས་པ་ཐམས་ཅད་ལ་འབུལ་ཞིང་བསྔོ་བར་བགྱིའོ། །བདག་དང་སེམས་ཅན་ ཐམས་ཅད་ཀྱི་སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་རྫོགས་ནས། རྣམ་མཁྱེན་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་མྱུར་དུ་ཐོབ་ཅིང༌། སངས་རྒྱས་མ་ཐོབ་བར་དུ་བྱང་ཆུབ་བསྒྲུབ་པའི་ལམ་གྱི་འགལ་རྐྱེན་བར་ཆད་ཞི་བ་དང༌། ལམ་གྱི་མཐུན་ རྐྱེན་ཐམས་ཅད་ཆོས་བཞིན་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ་ལོ། །བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་བྱིན་སྟོབས་དང༌། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །འཕགས་པ་རྣམས་ལ་མཆོད་པ་དང༌། །སེམས་ 2-8-5a ཅན་རྣམས་ལ་ཕན་གདགས་ཕྱིར། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པར། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །དང་པོའི་ཆོ་གའོ།། ༈ །།བཅུ་ཚན་གཉིས་པ་ལ། སྐྱབས་འགྲོ་སེམས་བསྐྱེད་གོང་ དང་འདྲ། སྤྱན་འདྲེན་གྱི་སྐབས་སུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཁའ་འགྲོ་ཆོས་སྐྱོང་བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་ཐམས་ཅད་མཆོད་སྦྱིན་གྱི་གཏོར་མའི་མགྲོན་ལ་བཛྲ་ས་མཱ་ཛཿ སྐུའི་མགོན་པོ། གསུང་ གི་མགོན་པོ། ཐུགས་ཀྱི་མགོན་པོ། ཡོན་ཏན་གྱི་མགོན་པོ། ཕྲིན་ལས་ཀྱི་མགོན་པོ། ཕྱོགས་སྐྱོང་བ་བཅུ། ལྷ་ཆེན་བརྒྱད། ཀླུ་ཆེན་བརྒྱད། རྒྱལ་ཆེན་བཞི། གཟའ་ཆེན་བརྒྱད། རྒྱུ་སྐར་ཉི་ཤུ་རྩ་བརྒྱད། འཇིགས་བྱེད་ཆེན་པོ་དགུ་ཆུང་མ་དང་བཅས་ པ་སྟེ། གཙང་རིས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔ་ལ་སོགས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ། རྫུ་འཕྲུལ་གྱི་མཐུ་མངའ་བ། སངས་རྒྱས་ཀྱི་བསྟན་པ་གཉན་པོ་བསྲུང་བར་ ཞལ་གྱིས་བཞེས་པའི་བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་ཐམས་ཅད་ལ་འབུལ་ཞིང་བསྔོ་བར་བགྱིའོ། །སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པ། དཀོན་མཆོག་གི་དབུ་འཕང་མཐོ་བ། །སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པ། བདག་དང་སེམས་ཅན་ཐམས་ཅད་ཀྱི་བསམ་སྦྱོར་དམ་པའི་ཆོས་དང་མཐུན་པའི་འཕྲིན་ལས་མཛད་དུ་གསོལ། བདེན་སྟོབས་ཀྱི་ཚིག་རྐང་བཞིའི་སྐབས་སུ། མཁའ་འགྲོ་ཆོས་སྐྱོང་མཆོད་བྱའི་ཕྱིར། །ཞེས་འདོན་པ་སྤོ་བ་རྣམས་མི་འདྲ་བའི་ཁྱད་པར་ 2-8-5b ཡིན་ལ། ཆོ་ག་གཞན་ཐམས་ཅད་ནི་བཅུ་ཚན་དང་པོ་དང་འདྲ་བར་བྱའོ།། ༈ །།བཅུ་ཚན་གསུམ་པ་ལ། བྲམ་ཟེ་དང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་ཞིང༌། སྨོན་ལམ་གྱི་ས་ལ་དབང་བ་བདེན་པའི་ཚིག་གྲུབ་པ་རྣམས། མཆོད་སྤྱིན་གྱི་གཏོར་མའི་ མགྲོན་ལ་བཛྲ་ས་མཱ་ཛཿ གཏོར་མ་འདི་ལྷའི་དྲང་སྲོང་རི་རབ་ཀྱི་ཁོང་གསེང་ན་གནས་པ། ཀླུ་བའི་དྲང་སྲོང་རྒྱ་མཚོའི་ནང་ན་གནས་པ། མིའི་དྲང་སྲོང་གཙང་འགྲམ་ན་གནས་པ། བྲམ་ཟེའི་དྲང་སྲོང་གཙང་སྦྲ་དང་དཀའ་ཐུབ་ལ་གནས་པ། མངོན་པར་ ཤེས་པ་ལྔ་དང་ལྡན་ཞིང༌། མཐུ་དང་སྨོན་ལམ་ལ་དབང་བ་བདེན་པའི་སྟོབས་བརྗོད་པ། དྲང་སྲོང་དམོད་པ་འདོར་ནུས་ཤིང་རིག་སྔགས་འཆང་གྲུབ་པའི་ཚོགས་ཐམས་ཅད་ལ་འབུལ་ཞིང་བསྔོ་བར་བགྱིའོ། །འཇིག་རྟེན་གྱི་ཁམས་སུ་བཀྲ་ ཤིས་བདེ་ལེགས་ཕུན་སུམ་ཚོགས་པ་འབྱུང་བ་དང༌། བདག་དང་སེམས་ཅན་ཐམས་ཅད་ཀྱི་ཆོས་སྤྱོད་བཅུའི་བསྒྲུབ་པ་འཕེལ་ཞིང་རྒྱས་པའི་སྨོན་ལམ་རྣམ་པར་དག་པ་གདབ་ཏུ་གསོལ། །བདེན་སྟོབས་བརྗོད་ལ། བྲམ་ཟེ་དྲང་སྲོང་མཆོད་བྱའི་ ཕྱིར། ཞེས་འདོན་པ་བསྒྱུར་རོ།། ༈ །།བཅུ་ཚན་བཞི་པ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ནོར་ལྷ་ཁྱད་པར་ཅན་ཐམས་ཅད་དང༌། ཁྱད་པར་དུ་བདག་གི་སྟོང་གྲོགས་བྱེད་པའི་ལྷ་སྲུང་ཐམས་ཅད་གཏོར་མའི་མགྲོན་ལ་བཛྲ་ས་མཱ་ཛཿ གཏོར་མ་འདི་ཛམྦྷ་ལ། ནོར་རྒྱུན་མ། རྣམ་ཐོས་སྲས། ཚོགས་ཀྱི་བདག་པོ། ཨ་པ་ར་ཙི་ཏ་ལ་སོགས་པའི་ནོར་ལྷ་ཁྱད་པར་ཅན་ཐམས་ཅད་དང༌། བདག་ཅག་གི་ལྷན་ཅིག་སྐྱེས་པའི་ལྷ་དང༌། འགོ་བའི་ལྷ། བསྲུང་བའི་ལྷ། སྐྱོབ་པའི་ལྷ། སྟོང་གྲོགས་ 2-8-6a བྱེད་པའི་ལྷ་སྲུང་ཐམས་ཅད་ལ་འབུལ་ཞིང་བསྔོ་བར་བགྱིའོ། །བདག་དང་སེམས་ཅན་ཐམས་ཅད་ལ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་བསྲུང་ཞིང་སྐྱོབ་པ་དང༌། གནས་སྐབས་སུ་དམ་པའི་ཆོས་དང་མཐུན་པའི་འདོད་དགུའི་དཔལ་འབྱོར་ ཉེར་མཁོའི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ་འབྱུང་བའི་སྟོང་གྲོགས་མཛད་དུ་གསོལ། བདེན་པའི་སྟོབས་བརྗོད་ལ། རྣལ་འབྱོར་ལྷ་སྲུང་མཆོད་བྱའི་ཕྱིར་ཞེས་བསྒྱུར་རོ།། ༈ །།བཅུ་ཚན་ལྔ་པ་ལ། སྤྱན་འདྲེན་གྱི་ཚེ། ལག་པ་གཉིས་རྒྱབ་སྤྲད་པའི་ མཐེའུ་ཆུང་ལུ་གུ་རྒྱུད་དུ་སྦྲེལ་ལ། མཛུབ་མོ་གཉིས་ལྕགས་ཀྱུ་ལྟར་བྱས་པ། ཧཱུཾ་མཛད་ཀྱི་ཕྱག་རྒྱ་དང༌། སྤྱི་དང་ཁྱད་པར་གྱི་གཞི་བདག་གཉུག་མར་གནས་པ་ཐམས་ཅད་མཆོད་སྦྱིན་གྱི་གཏོར་མའི་མགྲོན་ལ་བཛྲ་ས་མཱ་ཛཿ དེ་བཞིན་གཤེགས་པ་བཞིའི་ མཚན་བརྗོད། གཏོར་མ་འདི་ཞིང་སྐྱོང་གི་མཁའ་འགྲོ་ཉི་ཤུ་རྩ་ལྔ། བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་ལ་སོགས་པ། འཛམ་བུ་གླིང་གི་ལྷ་མཐུ་བོ་ཆེ། ཀླུ་མཐོ་བོ་ཆེ། བདུད་མཐུ་བོ་ཆེ། བཙན་མཐུ་བོ་ཆེ་ལ་སོགས་པ་འཛམ་བུ་གླིང་སྤྱི་དང་བྱེ་ བྲག་གི་གཞི་བདག་ཐམས་ཅད་དང༌། ཡུལ་ཕྱོགས་འདིའི་ལྷ་མགོན། ཀླུ་མགོན་གཉུག་མར་གནས་པ་ཐམས་ཅད་ལ་སྦྱིན་ཞིང་བསྔོ་བར་བགྱིའོ། །ཡུལ་ཕྱོགས་འདི་དག་ཐམས་ཅད་དུ་ལོ་ཕྱུགས་རྟག་ཏུ་ལེགས་པ། ཆར་ཆུ་དུས་སུ་འབེབས་པ་ མི་ནད་དང་ཕྱུགས་ནད་ཐམས་ཅད་རྒྱུན་ཆད་པ། སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པ། བདག་ཅག་འཁོར་དང་བཅས་པ་ཐམས་ཅད་ཀྱི་བསམ་པ་ཡིད་བཞིན་དུ་འགྲུབ་པའི་སྟོང་གྲོགས་མཛད་དུ་གསོལ། གནས་བདག་གཞི་བདག་མཆོད་ 2-8-6b བྱའི་ཕྱིར་སོགས་དང༌། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང༌། །ཞེས་པ་ནས། འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་པའི་མཇུག་ཏུ། འདུས་བྱས་ཐམས་ཅད་མི་རྟག་ཅིང༌། ཟག་བཅས་ཐམས་ཅད་སྡུག་བསྔལ་ཡིན། །མྱ་ངན་འདས་པ་ཞི་ཞིང་བདེ། །ཆོས་ རྣམས་ཐམས་ཅད་བདག་མེད་པའོ།། ༈ །།བཅུ་ཚན་དྲུག་པ། སྣང་སྲིད་ཀྱི་ལྷ་སྲིན་སྡེ་བརྒྱད་མཐུ་བོ་ཆེ་འཁོར་དང་བཅས་པ་ཐམས་ཅད་མཆོད་སྦྱིན་གྱི་གཏོར་མའི་མགྲོན་ལ་བཛྲ་ཨཾ་ཀུ་ཤ་ཛཿ གཏོར་མ་འདི་གནོད་སྦྱིན་འབྲོག་གནས་མཆེད་ ལྔ། འཕྲོག་མ་དང་འཕྲོག་མའི་བུ་ལྔ་བརྒྱ་འཁོར་དང་བཅས་པ་རྣམས་དང༌། ནམ་མཁའ་ལྡིང་གི་རྒྱལ་པོ་གསེར་མིག་ཅན་དང༌། དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ་ཅན་དང༌། མིའང་ཅིའི་རྒྱལ་པོ་ལྗོན་པ་རྟ་མགོ་ཅན་ལ་སོགས་པ་སྣང་སྲིད་ཀྱི་ལྷ་སྲིན་སྡེ་ བརྒྱད་ཐམས་ཅད་ལ་སྦྱིན་ཞིང་བསྔོ་བར་བགྱིའོ། །བདག་དང་སེམས་ཅན་ཐམས་ཅད་ལ་གནོད་པ་གདུག་རྩུབ་ཀྱི་བསམ་པ་ཞི་ཞིང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་སྒོ་ནས་གནས་སྐབས་དང་མཐར་ཐུག་གི་དོན་སྒྲུབ་པའི་སྟོང་ གྲོགས་གྱིས་ཤིག །ལྷ་སྲིན་སྡེ་བརྒྱད་མཆོད་བྱའི་ཕྱིར་སོགས་དང༌། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང༌། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །ཞེས་བརྗོད་དོ།། ༈ །།བཅུ་ཚན་བདུན་པ་ལ། གནོད་བྱེད་འབྱུང་པོ་གདན་བགེགས་ ལོག་པར་འདྲེན་པ་བར་དུ་གཅོད་པའི་བདུད་རིགས་ཐམས་ཅད་གཏོར་མའི་མགྲོན་ལ་བཛྲ་ཨཾ་ཀུ་ཤ་ཛཿ གཏོར་མ་འདི་བགེགས་ཀྱི་རྒྱལ་པོ་བི་ན་ཡ་ཀས་གཙོ་བྱས་པའི་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། གདོན་རིགས་སུམ་བརྒྱ་དྲུག་ 2-8-7a ཅུ། གཙོ་བོ་རིགས་ཀྱི་གདོན་ཆེན་བཞི། བགེགས་རིགས་སྡེ་དཔོན་བཅོ་བརྒྱད། བྱིས་པའི་གདོན་ཆེན་བཅོ་ལྔ་ལ་སོགས་པ་སྔོན་གྱི་ལས་དང༌། འཕྲལ་གྱི་རྐྱེན་ལས་གྱུར་པའི། བདག་དང་སེམས་ཅན་ཐམས་ཅད་ལ་གནོད་པ་ དང་འཚེ་བར་བྱེད་པའི་གདོན་དང་གནོད་བྱེད་འབྱུང་པོའི་ཚོགས་ཐམས་ཅད་ལ་སྦྱིན་ཞིང་བསྔོ་བར་བགྱིའོ། །བདག་དང་སེམས་ཅན་ཐམས་ཅད་ལ་གནོད་པ་དང་འཚེ་བ་སྤོངས་ལ། ཕན་པ་དང་བདེ་བ་སྒྲུབས། ཆོས་བསྒྲུབ་པ་རྣམས་ཀྱི་ཆོས་ཀྱི་འགལ་ རྐྱེན་བར་ཆད་མི་བྱེད་པའི་དམ་ཚིག་ལ་གནས་པར་གྱིས་ཤིག །གནོད་བྱེད་འབྱུང་པོ་ཚིམ་བྱའི་ཕྱིར་སོགས་དང༌། རྒྱན་གྱིས་བརྒྱན་པར་བྱས་ཀྱང་ཆོས་སྤྱོད་ཅིང༌། །ཞེས་པ་ནས། གཞན་ལ་གནོད་པ་མ་བྱེད་ཅིག །ཅེས་བརྗོད།། ༈ །།བཅུ་ཚན་ བརྒྱད་པ་ལ། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་འགྲོ་བ་རིགས་དྲུག་གིས་བསྡུས་པ་ཐམས་ཅད་གཏོར་མའི་མགྲོན་ལ་བཛྲ་ཨཾ་ཀུ་ཤ་ཛཿ གཏོར་མ་འདི་འགྲོ་བ་རིགས་དྲུག་ལམ་རྒྱུད་ལྔ། སྐྱེ་གནས་རྣམ་པ་བཞི། ཁམས་གསུམ་ ས་དགུས་བསྡུས་པའི་སེམས་ཅན་ཐམས་ཅད་ལ་སྦྱིན་ཞིང་བསྔོ་བར་བགྱིའོ། །དེ་ལྟར་བསྔོས་པ་ལ་བརྟེན་ནས། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་འཁོར་བ་སྤྱིའི་སྡུག་བསྔལ་གསུམ་དང༌། འགྲོ་བ་སེམས་ཅན་གྱི་སྡུག་བསྔལ་དྲུག་དང༌། ཕྱི་ནང་གི་སྡུག་བསྔལ་བརྒྱད་ལ་སོགས་པ། སྤྱི་དང་བྱེ་བྲག་གི་སྡུག་བསྔལ་ཐམས་ཅད་དང་བྲལ་ཞིང༌། རིགས་དྲུག་སོ་སོའི་བདེ་བ་ཁྱད་པར་ཅན་དང་ལྡན་པའི་སྒོ་ནས་ས་ལམ་གྱི་ཡོན་ཏན་བདེ་བླག་ཏུ་བགྲོད་དེ། རྣམ་མཁྱེན་སངས་རྒྱས་ཀྱི་གོ་འཕང་ 2-8-7b རིན་པོ་ཆེ་ཐོབ་པར་གྱུར་ཅིག །རིགས་དྲུག་སེམས་ཅན་ཚིམ་བྱའི་ཕྱིར། །ཞེས་སོགས།། ༈ །།བཅུ་ཚན་དགུ་པ་ལ། མཁའ་ལ་རྒྱུ་བ་དང༌། གནས་ན་གནས་པའི་ཡི་དྭགས་ཀྱི་རིགས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་གྲངས་དང་མཉམ་པ་ཐམས་ཅད་གཏོར་ མའི་མགྲོན་ལ་བཛྲ་ཨཾ་ཀུ་ཤ་ཛཿ གཏོར་མ་འདི་ཡི་དྭགས་ཀྱི་རྒྱལ་མོ་ཁ་ལ་མེ་འབར་མས་གཙོ་བྱས་པའི་ཡི་དག་ཕྱེའི་སྒྲིབ་པ་ཅན། ནང་གི་སྒྲིབ་པ་ཅན། མེ་ལྕེའི་འཁོར་ལོ་ཅན། ཟས་སྐོམ་གྱི་སྒྲིབ་པ་ཅན། སྤྱི་མཐུན་གྱི་སྒྲིབ་པ་ཅན། སྒོས་གུད་ཀྱི་སྒྲིབ་པ་ ཅན་ལ་སོགས་པ། མཁའ་ལ་རྒྱུ་བ་དང༌། གནས་ན་གནས་པའི་ཡི་དྭགས་ཀྱི་རིགས་སུམ་ཅུ་རྩ་དྲུག་གྲངས་ཚད་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་གྲངས་དང་མཉམ་པ་ཐམས་ཅད་ལ་སྦྱིན་ཞིང་བསྔོ་བར་བགྱིའོ། །དེ་ལྟར་བསྔོས་པ་ལ་བརྟེན་ནས། ཡི་དྭགས་ཐམས་ ཅད་སེར་སྣའི་ཚོགས་ཀྱི་སྒྲིབ་པ་བསམ་གྱིས་མི་ཁྱབ་པ་ཞི་ཞིང༌། ཟས་སྐོམ་དབུལ་ཕོངས་ཀྱི་སྡུག་བསྔལ་ཐམས་ཅད་ལས་གྲོལ་ཏེ། ཟས་སྐོམ་འདོད་ཡོན་ཕུན་སུམ་ཚོགས་པས་ཚིམ་ནས་ཚེ་རབས་ཐམས་ཅད་དུ་འདོད་དགུའི་དཔལ་འབྱོར་ཟད་མི་ཤེས་ པ་ལ་ལོངས་སྤྱོད་ཅིང༌། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ནས། ནམ་མཁའ་མཛོད་ལ་མངའ་བརྙེས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་གྱུར་ཅིག །ཡི་དྭགས་རྣམས་ནི་ཚིམ་བྱའི་ཕྱིར། །ཞེས་སོགས།། ༈ །།བཅུ་ཚན་བཅུ་པ་ ལ། ཚེ་རབས་ཐོག་མ་མེད་པ་ནས་ལན་ཆགས་བུ་ལོན་ཤ་ཁོན་ཆགས་པ་ཐམས་ཅད་གཏོར་མའི་མགྲོན་ལ་བཛྲ་ཨཾ་ཀུ་ཤ་ཛཿ གཏོར་མ་འདི་ལན་ཆགས་ཀྱི་མགྲོན་དུ་གྱུར་པ། བསད་པས་ཚེ་ཐུང་བ། བརྡུངས་པས་ནད་མང་བ། ཕྲོགས་པས་ནོར་དབུལ་ 2-8-8a བ་ལ་སོགས་པ། ཚེ་འཁོར་བ་ཐོག་མ་མེད་པ་ནས་ད་ལྟ་ལ་ཐུག་གི་བར་དུ། བདག་ལ་བུ་ལོན་སྙེག་པ་ལན་ཆགས་པ་ཤ་ཁོན་གཉེར་བ་ཐམས་ཅད་ལ་སྦྱིན་ཞིང་བསྔོ་བར་བགྱིའོ། །དེ་ལྟར་བསྔོས་པ་ལ་བརྟེན་ནས། ཚེ་རབས་ཐོག་མ་མེད་ པའི་ཟས་སྐོམ་གནས་མལ་ལུས་ལོངས་སྤྱོད་ལ་སོགས་པའི་ལན་ཆགས་ཐམས་ཅད་དང་བྲལ་བུ་ལོན་འཁོར། ཤ་ཁོན་ཐམས་ཅད་བྱང་ཞིང་དག་ནས། གང་ལ་གང་དགའ་བ་དང༌། ཇི་ལྟར་མོས་པ་དང༌། གང་གིས་འདུལ་བར་གྱུར་པའི་ཆོས་དང་ ཟང་ཟིང་གི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ་དང་མི་འབྲལ་བའི་ངང་ནས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག །ལན་ཆགས་ཞེས་པས་བསྒྱུར་རོ།། ༈ །།བཅུ་གཅིག་པ། ལྷག་མ་ལ་དབང་བ། སྐལ་བ་ཆུང་བ། བཤལ་ཆུ་ལ་ རེ་བའི་འབྱུང་པོ་ཐམས་ཅད་ཅེས་པ་དང༌། གཏོར་མ་འདི་འབྱུང་པོ་མ་ཐོབ་པ་མ་སླེབ་པ། ཁ་ཞན་པ་དབང་ཆུང་བ། གློ་བུར་དུ་ལྷགས་པ། དབང་པོ་མ་ཚང་ཞིང་བསོད་ནམས་དམན་པ། ལྷག་མ་ལ་དབང་བ། བཤལ་ཆུ་ལ་རེ་བའི་འབྱུང་པོ་ཐམས་ཅད་ལ་ སྦྱིན་ཞིང་བསྔོ་བར་བགྱིའོ། །དེ་ལྟར་བསྔོས་པ་ལ་བརྟེན་ནས། རང་རང་གི་གནས་རིགས་དང་མཐུན་པའི་འདོད་ཡོན་ལོངས་སྤྱོད་ཕུན་སུམ་ཚོགས་པ་ལ་ལོངས་སྤྱོད་ཅིང༌། མངོན་པར་མཐོ་བ་དང༌། ངེས་པར་ལེགས་པ་རྣམ་པར་གྲོལ་བའི་སྐལ་ བ་ཕུན་སུམ་ཚོགས་པ་དང་ལྡན་ཞིང༌། རྣམ་མཁྱེན་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག །ལྷག་མ་ལ་དབང་ཚིམ་བྱའི་ཕྱིར། ཞེས་སྤོའོ། །འདི་དག་ནི་བཅུ་ཚན་རེ་རེ་ལ་དོན་གྱི་རྣམ་གྲངས་བཅུ་གཉིས་ཚང་བའི་སྒོ་ནས་དོན་གྱི་རྣམ་གྲངས་བརྗོད་པ་དང༌། 2-8-8b འདོད་དོན་ལ་སོགས་རྒྱས་པར་བརྗོད་པ་ཡིན་ནོ།། ༈ །།མཇུག་གི་བྱ་བ་ལ་དོན་ལྔ་སྟེ། ནོངས་པ་བཟོད་པར་གསོལ་བ། གཏོར་མགྲོན་གཤེགས་པ། འབྱུང་པོའི་བར་ཆད་བསྲུང་བ། མདོ་དང་བདུད་བཟློག་བྱ་བ། བསྔོ་བ་སྨོན་ལམ་གྱི་རྒྱས་གདབ་པའོ། །ཡང་ འགའ་ཞིག་བསྡུས་པ་ལ་དགའ་བའམ། སྐབས་འགར་ལོང་མེད་བའམ། ནང་གི་དོན་ལ་ཡིད་གཞོལ་པའམ། ཁ་ཅིག་བློ་དམན་པས་རྒྱས་པར་བརྗོད་མི་ནུས་པ། དེ་དག་གིས་དོན་གྱི་རྐང་གྲངས་ཚང་བ་བྱ་ཞིང༌། ཆོ་ག་བསྡུས་པས་མགྲོན་ལ་སྟོབ་པའི་ཚེ། སྤྱན་ འདྲེན་གྱི་སྐབས་སུ་བརྗོད་པའི་མགྲོན་གྱི་མིང་བོས་ནས་དེ་ལ་ཕུལ་ཞིང༌། ལས་འཆོལ་གྱི་སྐབས་སུ། བདག་དང་སེམས་ཅན་ཐམས་ཅད་ཀྱིས་མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་ཅིང༌། གནས་སྐབས་སུ་དམ་པའི་ཆོས་ཀྱི་འགལ་རྐྱེན་ བར་ཆད་ཞི་ཞིང༌། མཐུན་རྐྱེན་བསམས་པ་ཡིད་བཞིན་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། དེ་བཞིན་དུ་འཕྲིན་ལས་མཛད་དུ་གསོལ། སྨོན་ལམ་གདབ་ཏུ་གསོལ། སྟོང་གྲོགས་མཛད་དུ་གསོལ། ཞེས་སོགས་འདོན་པ་སྤོ་ཞིང༌། སྦྱིན་བདག་ལ་སོགས་ པ་གཞན་གྱི་དོན་དུ་གཏོར་མ་གཏོང་ན། ལས་འཆོལ་གྱི་སྐབས་སུ་སྦྱིན་པའི་བདག་པོ་འཁོར་དང་བཅས་པའི་ཞེས་སོགས་འདོན་པ་སྤོ་བ་ནི། གནས་སྐབས་སུ་རྒྱས་བསྡུས་ཐམས་ཅད་ལ་སྦྱར་བར་བྱའོ། །དེ་རྣམས་རྫོགས་ནས། ཆུ་སྦྱིན་བཏང་བར་བྱའོ། ། རང་ཉིད་སྐད་ཅིག་གིས་ཧྲཱིཿལས་འཕགས་པ་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་མཆོག་སྦྱིན། གཡོན་པ་བསྐྱབས་སྦྱིན་མཛད་པ། གཡས་པའི་སོར་མོ་རྣམས་ལས་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་སྐྱ་འཁྱིལ་ 2-8-9a བྱུང་བས། ཡི་དྭགས་རྣམས་ཀྱི་ཁ་རུ་སིབ་སིབ་སོང་བས་བཀྲེས་སྐོམ་གྱི་དུཿཁ་ཞི་བར་བསམས་ལ། ངག་ཏུ། ཧྲཱིཿ པཾ་ཨོཾ་ཨཱཿཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་ལན་བདུན་ནམ། བཅུ་བཞིའམ། ཉེར་གཅིག་བརྗོད། སྤྱན་རས་གཟིགས་ དབང་གཙུག་ཏོར་ཅན། །ཕྱག་མཐིལ་བདུད་རྩིའི་རྒྱུན་བབ་པས། །ཞེས་སོགས་ཀྱིས་བསྔོའོ། །དེ་རྣམས་ནི་དངོས་གཞིའི་ཆོ་གའོ། །སྔར་བསྟན་པའི་དོན་ཚན་ལྔ་ཡོད་པའི་ནང་ནས། ནོངས་པ་བཟོད་པར་གསོལ་བ་ནི། ཡི་གེ་བརྒྱ་པ་དང༌། མ་འབྱོར་པ་ དང་ཉམས་པ་དང༌། །ཞེས་སོགས་དང༌། གཏོར་མགྲོན་གཤེགས་སུ་གསོལ་བ་ནི། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཅེས་སོགས་དང༌། བཛྲ་མུཿ ས་འདས་པའི་མགྲོན་གཤེགས་སོ། །འབྱུང་པོའི་བར་ཆད་བསྲུང་བ་ལ། བཛྲ་ཀྲོ་དྷའི་སྔགས་ ཀྱིས་ཆོས་སྐྱོང་གང་ཡང་རུང་བའི་ང་རྒྱལ་གྱིས་དེའི་སྔགས་བཟླས་པའི་བགེགས་བསལ་ལ་འབྱུང་པོའི་བར་ཆད་བསྲུང་ངོ༌། །མདོ་དང་བདུད་བཟློག་བྱ་བ་ལ་ཤེས་རབ་སྙིང་པོ་འདོན། བདུད་བཟློག་མདོ་སྒྲུབ་ལྟར་བྱའོ། །བསྔོ་བ་སྨོན་ལམ་གྱིས་རྒྱས་གདབ་ པ་ལ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སྦྱིན་པ་ཆེན་པོར་གྱུར་པ་འདི་ཡིས་ནི། །འགྲོ་བའི་དོན་དུ་རང་བྱུང་སངས་རྒྱས་ཤོག །སྔོན་གྱི་རྒྱལ་བ་རྣམས་ཀྱིས་མ་བསྒྲལ་ བའི། །སྐྱེ་བོའི་ཚོགས་རྣམས་བདག་གིས་སྒྲོལ་གྱུར་ཅིག །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏམ། །སའམ་འོན་ཏེ་བར་སྣང་འཁོད་པའང་རུང༌། །སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱས་ཏེ། །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །ཅེས་སོགས་ 2-8-9b དང༌། བླ་མེད་བླ་མའི་ཐུགས་རྗེ་དང༌། །རྒྱལ་དང་རྒྱལ་སྲས་རང་རྒྱལ་དང༌། །དགྲ་བཅོམ་བདེན་པའི་བྱིན་རླབས་ཀྱིས། །བསྔོ་བ་སྨོན་ལམ་འགྲུབ་པར་ཤོག །ཅེས་སོགས་ཀྱིས་བསྔོའོ། །ཆོས་རྗེ་བློ་བཟང་གྲགས་པའི་ཐུགས་དམ་ཕྱག་ལེན། བླ་མ་དཔལ་ལྡན་མཛེས་པས་ ཞུས་པ་ལགས་སོ།། ༈ །།རང་གི་སྒོས་ཀྱི་གཞི་བདག་ལ་གཏོར་མ་འབུལ་བར་བྱ་སྟེ། གོང་གི་བརྒྱ་རྩའི་གཞི་བདག་གི་སྐབས་ཇི་ལྟ་བ་བཞིན་བྱ། ཁྱད་པར་ནི་གཏོར་མ་བསྔོ་བའི་ཡུལ། གནས་འདི་ཉིད་ན་གནས་ཤིང༌། གཞི་འདི་ཉིད་ན་འཁོད་པར་བྱེད་པའི། གནས་བདག །གཞི་བདག། ཡུལ་བདག། གྲོང་བདག་གི་རིགས་སུ་གྱུར་པ་རྣམས་དང༌། གཞན་ཡང་ཡུལ་ཕྱོགས་ས་ཕྱོགས་འདི་དག་ཐམས་ཅད་དབང་ཞིང་སྐྱོང་བར་བྱེད་པའི་ལྷ་ཀླུ་གནོད་སྦྱིན་སྲིན་པོའི་ཚོགས་གཉུག་མར་གནས་པ་ཐམས་ཅད་ལ་སྦྱིན་ ཞིང་བསྔོ་བར་བགྱིའོ། །བདག་ཅག་འཁོར་བཅས་ཕྱོགས་དུས་གནས་སྐབས་ཀུན་ཏུ་འགྲོ་འོང་གནས་འདུག་སྤྱོད་ལམ་རྣམ་བཞི་གང་བྱེད་ཀྱང་རུང་དང་ཕྲག་དོག་མ་བྱེད་པར་གནས་འགྲོན་གྱི་དམ་ཚིག་གཉན་པོ་སྲུངས་ལ། ཆོས་བསྒྲུབ་པའི་བར་ཆད་ཐམས་ ཅད་ཞི་ཞིང༌། མཐུན་རྐྱེན་བསམས་པ་ཡིད་བཞིན་དུ་འགྲུབ་པའི་སྟོང་གྲོགས་མཛད་དུ་གསོལ། ཞེས་པས་སྦྱིན་ནོ། །ཕར་ཕྱིན་དྲུག་གི་ནང་ནས་སྦྱིན་པའི་ཕར་ཕྱིན་ནི་མཆོག་ཏུ་གསུངས། དེའི་ནང་ནས་གཏོར་མ་ནི། སྦྱིན་པའི་མཆོག་ཡིན་པས། རབ་ཏུ་ བྱུང་བ་རྣམས་ཀྱིས་རྒྱུ་ཆུང་ལ་འབྲས་བུ་ཆེ་བ་སྦྱིན་པ་རྣམ་པ་གསུམ་ལྡན་གྱི་ངོ་བོ་གཏོར་མ་བརྒྱ་རྩ་ལ་བརྩོན་པར་བྱའོ།། བཀྲིས།།