61-1-1a 61-1-1b ༄༅༅། །དེ་ལྟར་འདོད་ཆགས་ལ་སོགས་པའི་གཉེན་པོར་གྱུར་པ་རྡོ་རྗེ་སེམས་དཔའ་དང་། དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། པདྨ་དང་། ནོར་བུའི་རིགས་རྣམས་བཤད་ནས། ད་ནི་འཇིག་རྟེན་པའི་ལྷ་རྣམས་ཀྱི་ཚུལ་གྱིས་འདུལ་བའི་སེམས་ཅན་གྱི་ཁམས་ནས་བརྩམས་ཏེ། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །ཞེས་བྱ་བ་ལ་སོགས་པས་མིང་པོ་གསུམ་གྱི་རྟོགས་པ་ གསུངས་པ་ཡིན་ནོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པ་སྟེ། དང་པོའི་སྦྱོར་བའི་ཏིང་ངེ་འཛིན་གྱི་རྗེས་ཐོགས་ཉིད་ལའོ། །འདིར་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་ནི་དཔལ་རྡོ་རྗེ་སེམས་ དཔའི་དཀྱིལ་འཁོར་ཆེན་པོར་བཤད་པ་ཉིད་ཡིན་ནོ། །རྒྱལ་པོ་རྡོ་རྗེ་འཛིན་ཅེས་བྱ་བ་ནི་གོ་བར་ཟད་དོ། །འཇིག་རྟེན་གསུམ་པོ་ཞེས་བྱ་བ་ནི་སེམས་ཅན་རྣམས་འདུལ་བའི་ཕྱིར་སའི་འཇིག་རྟེན་ དང་། བར་སྣང་གི་འཇིག་རྟེན་དང་། མཐོ་རིས་ཀྱི་འཇིག་རྟེན་དུ་མིང་པོ་གསུམ་གྱི་ཚུལ་གྱིས་བཞུགས་ཤིང་དེའི་ཆོས་ཉིད་ཡིན་པས་ན་འཇིག་རྟེན་གསུམ་མོ། །ཁམས་གསུམ་པ་ཞེས་བྱ་བ་ 61-1-2a ནི་སེམས་ཅན་གྱི་དོན་དང་། ཆོས་ཉིད་ཀྱིས་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཚུལ་གྱིས་བཞུགས་པའོ། །བདག་པོ་ཞེས་བྱ་བ་ནི་ཁམས་གསུམ་པའི་ཆོས་ཀྱི་རྒྱལ་སྲིད་ཀྱི་དབང་ བསྐུར་བ་བརྙེས་པས་ན་ཁམས་གསུམ་པའི་བདག་པོའོ། །རྒྱུ་བ་དང་མི་རྒྱུ་བ་དང་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཡིན་པས་ན་ཐམས་ཅད་དོ། །ལྷ་ཆེན་པོ་ལ་སོགས་པ་འཇིག་རྟེན་པ་གསུམ་པོ་ལ་ཚར་གཅོད་པ་དང་། ཕན་ འདོགས་པར་མཛད་པས་ན་གསུམ་གྱི་སྟོན་པའོ། །ཆོ་ག་བཞིན་དུ་སྒོམ་གྱུར་ཅིང་། །ཞེས་བྱ་བ་ནི་མིང་པོ་གསུམ་གྱི་དཀྱིལ་འཁོར་གྱི་ཚུལ་གྱིས་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བ་དེ་སྒོམ་ཞིང་མངོན་སུམ་དུ་མཛད་པའོ། ། སེམས་ཅན་དོན་ཕྱིར་ཆོ་གས་བཞུགས། །ཞེས་བྱ་བ་ནི་མིང་པོ་གསུམ་གྱི་བག་ཆགས་དང་ལྡན་པའི་སེམས་ཅན་གྱི་ཁམས་རྣམས་ལ་མིང་པོ་གསུམ་རྟོགས་པ་བསྐྱེད་པར་བྱ་བའི་ཕྱིར་ཆོ་ག་བཞིན་དུ་བཞུགས་པ་ནི་སེམས་ ཅན་གྱི་དོན་དེ་སྒོམ་པར་མཛད་པའོ། །ཇི་ལྟར་སྒོམ་པར་མཛད་ཅེ་ན། འདོད་ཆགས་ཞེས་བྱ་བ་གསུངས་ཏེ། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པའི་འདོད་ཆགས་དང་། ཞེ་སྡང་དང་གཏི་མུག་རྣམས་ནི་རྣམ་པ་ཐམས་ 61-1-2b ཅད་དུ་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པའི་ངོ་བོས་གནས་པས་ན་རྣམ་པར་གནས་ཞེས་བྱའོ། །མི་མཉམ་པའི་རྟེན་གྱུར་ན་ཞེས་བྱ་བ་ནི་དངོས་པོར་འཛིན་པ་ལ་མངོན་པར་ཞེན་པ་ཉིད་ཀྱིས་མངོན་སུམ་དུ་བྱས་པའོ། །དུག་ཉིད་དུ་འགྲོ་ཞེས་བྱ་བ་ལ་རྒྱུ་བ་དང་མི་རྒྱུ་བའི་དུག་དང་ འདྲ་བར་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བའི་སྲོག་འཕྲོག་པར་བྱེད་པས་ན་དུག་གོ། །དེའི་ངོ་བོ་ཉིད་ཡིན་པ་ན་དུག་ཉིད་དོ། །ཉེ་བར་འགྲོ་ཞེས་བྱ་བ་ནི་དུག་གི་རང་བཞིན་མ་ཡིན་པར་ཡང་འདི་དག་དུག་གི་བྱ་བ་བྱེད་པའི་ཐ་ཚིག་གོ། །བདུད་རྩི་ཉིད་དུ་འགྱུར་བ་ཡིན། །ཞེས་བྱ་ བ་ལ་བདུད་ནི་འཆི་བའོ། །དེ་འདི་ལ་མེད་པས་ན་འཆི་བ་མེད་པ་སྟེ་མྱ་ངན་ལས་འདས་པ་བདུད་རྩིའོ། །དེའི་ངོ་བོ་ཉིད་ཡིན་པས་ནི་བདུད་རྩི་ཉིད་ཡིན་ནོ། །འང་ཞེས་བྱ་བའི་སྒྲ་ནི་ཁྱད་པར་གྱི་དོན་ཏོ། །འགྱུར་བ་ཡིན་ཞེས་བྱ་བ་ནི་འགྲོ་བའོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་འགྱུར་ཞེ་ན། བདུད་རྩི་ཉིད་ཀྱིས་བསྟེན་འགྱུར་ན། །ཞེས་བྱ་བ་གསུངས་ཏེ་མྱ་ངན་ལས་འདས་པའི་དོན་དུ་རང་བཞིན་མེད་པའི་ངོ་བོ་ཉིད་ཀྱིས་མངོན་སུམ་དུ་བྱས་པས་ན་བདུད་རྩི་ཉིད་དུ་བསྟེན་པ་ཡིན་ནོ། །འདི་སྐད་སྟོན་པ་ཡིན་ཏེ། འདོད་ཆགས་དང་། ཞེ་སྡང་དང་གཏི་མུག་རྒྱལ་བར་བྱེད་ པ་དང་། དོན་ཐམས་ཅད་གྲུབ་པར་བྱེད་པའི་ཚུལ་དུ་ཡོངས་སུ་རྟོག་ཅིང་དངོས་པོ་ལ་མངོན་པར་ཞེན་པས་བསྟེན་ན་ནི་ངན་སོང་གསུམ་གྱི་རྒྱུར་གྱུར་པ་ཡིན་ལ། རང་བཞིན་གྱིས་རྣམ་པར་དག་པར་བསྒོམས་པས་མངོན་སུམ་དུ་བྱས་ནས་ཐར་པ་ཆེན་པོ་བསྐྱེད་པར་གྱུར་པ་ཡིན་ནོ། ། འདོད་ཆགས་ཚངས་པ་འབྱིན་པའི་མཆོག །ཅེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པའི་འདོད་ཆགས་ནི་ཏིང་ངེ་འཛིན་གྱིས་ཚངས་པ་ཡིན་ཞིང་འཇིག་རྟེན་ཐམས་ཅད་ཀྱི་དམ་པ་ཡིན་པས་མཆོག་ཡིན་ལ་སྐྱེ་བས་ན་འབྱིན་པའོ། །དེ་གདུལ་བྱ་རྣམས་ལ་ཕན་གདགས་ པར་བྱ་བའི་ཕྱིར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཚངས་པ་ཡིན་པར་གསུངས་སོ། །ཞེ་སྡང་དྲག་པོ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པའི་ཞེ་སྡང་ནི་ཏིང་ངེ་འཛིན་གྱིས་ན་དྲག་པོ་ཡིན་ནོ། །ཏིང་ངེ་འཛིན་གྱིས་བྱ་བ་ནི་སྒོམ་པའི་སྟོབས་ཀྱིས་སོ། །གཏི་མུག་ 61-1-3a ཁྱབ་འཇུག་ཅེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པའི་གཏི་མུག་ནི་ཁྱབ་འཇུག་གི་ཚུལ་དུ་བསྐྱེད་པ་ཡིན་ནོ། །བརྟན་མཛད་ནས། འཇིག་རྟེན་གསུམ་པོ་བྱིན་གྱིས་བརླབས། །ཞེས་བྱ་བ་ནི་དེ་ལྟར་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཚངས་པ་ལ་ སོགས་པའི་ཚུལ་དུ་བསྐྱེད་ནས། དེ་ལ་མོས་པའི་སེམས་ཅན་རྣམས་མགུ་བར་བྱ་བའི་ཕྱིར་འཁོར་བ་ཇི་སྲིད་བར་དུ་བརྟན་པར་མཛད་ནས་དེའི་རྗེས་ལ་རྒྱལ་བར་བྱེད་པ་དང་། སྦྲང་རྩིར་བྱེད་པ་དང་། དོན་ཐམས་ཅད་གྲུབ་པར་བྱེད་པའི་ཚུལ་གྱིས་འདོད་ཆགས་ལ་སོགས་འཇིག་རྟེན་ གསུམ་པོ་ཡང་དག་པར་བྱིན་གྱིས་བརླབས་ཤིང་སྐྱེད་པར་མཛད་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདོད་ཆགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་རང་བཞིན་འཇིག་རྟེན་གསུམ་པོ་ནི་རྟག་པར་གནས་ཤིང་རྒྱུན་མི་འཆད་ པ་ཉིད་དུ་གནས་པ་དང་། སྲིད་པ་གསུམ་སྟེ་འདོད་པ་དང་གཟུགས་དང་གཟུགས་མེད་པའི་སྲིད་པ་རྣམ་པ་གསུམ་སྟེ། ཆོས་རྣམ་པ་གསུམ་གྱི་ཚུལ་གྱིས་བསྟེན་ཅིང་རང་བཞིན་དག་པས་མངོན་དུ་བྱས་ནས། མཆོག་གསུམ་སྟེ་རྒྱལ་བར་བྱ་བ་དང་། སྦྲང་རྩིར་བྱ་བ་དང་། དོན་ཐམས་ ཅད་གྲུབ་པར་བྱེད་པའི་རང་བཞིན་དུ་འགྱུར་རོ། །ཆོས་མིན་བསྟེན་པས་ངན་སོང་གསུམ། །ཞེས་བྱ་བ་ནི་རྒྱལ་བར་བྱེད་པ་དང་། སྦྲང་རྩིར་བྱེད་པ་དང་། དོན་ཐམས་ཅད་གྲུབ་པར་བྱེད་པའི་རང་བཞིན་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དངོས་པོར་འཛིན་པ་ལ་མངོན་པར་ཞེན་པས་ བསྟེན་ན་དམྱལ་བ་དང་། ཡི་དྭགས་དང་། དུད་འགྲོའི་མཚན་ཉིད་ཅན་གྱི་ངན་སོང་གསུམ་དུ་འགྱུར་རོ། །འདོད་ཆགས་སྦྲང་རྩིར་བྱེད་པར་བཤད། །ཅེས་བྱ་བ་ནི་འདོད་པའི་ལྷའི་གཟུགས་འཛིན་པའི་ཚངས་པ་ལ་ནི་སྦྲང་རྩིར་བྱེད་པ་ཞེས་བྱའོ། །ཞེ་སྡང་རྒྱལ་བར་ བྱེད་ཅེས་གྲགས། །ཞེས་བྱ་བའི་སྟོབས་བཟངས་ཀྱི་གཟུགས་འཛིན་པའི་དྲག་པོ་ནི་རྒྱལ་བར་བྱེད་པ་ཞེས་བྱའོ། །གཏི་མུག་དེར་ནི་སྒྲུབ་བྱེད་ཡིན། །ཞེས་བྱ་བ་ནི་དཔྱིད་ཀྱི་གཟུགས་འཛིན་པའི་ཁྱབ་འཇུག་གི་དོན་ཐམས་ཅད་གྲུབ་པ་ཞེས་བྱའོ། །ཀུན་དུ་གསང་བའི་མིང་ཡིན་ 61-1-3b ནོ། །ཞེས་བྱ་བ་ནི་སྐྱེ་བོ་ཐམས་ཅད་ཀྱི་ཐུན་མོང་མ་ཡིན་གྱི་ཕྱོགས་བཅུ་ཐམས་ཅད་དུ་རྣལ་འབྱོར་པ་ཉིད་ལ་མིང་འདི་དག་གྲགས་པ་ཡིན་ནོ། །ང་ནི་འཇིག་རྟེན་གཅིག་པུ་ཉིད། །ཅེས་བྱ་བ་ནི་སེམས་ཙམ་གྱི་ཚུལ་གྱིས་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཉིད་འཇིག་རྟེན་ཡིན་ནོ། ། འཇིག་རྟེན་གསུམ་དུ་རབ་ཏུ་བཤད། །ཅེས་བྱ་བ་ནི་རྣམ་པར་དབྱེ་བའི་ཚུལ་གྱིས་ནི་འདོད་ཆགས་ནི་ཚངས་པ་ཞེ་སྡང་ནི་དྲག་པོ་གཏི་མུག་ནི་ཁྱབ་འཇུག་ཡིན་ནོ་ཞེས་རབ་ཏུ་བཤད་ཅིང་ངས་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་བསྐྱེད་དེ་བཤད་པ་ཡིན་ནོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་འཆང་ ཆེན་པོས་གསུངས་སོ། །ཡང་དེ་ལྟར་རྣམ་པར་ཤེས་པ་ཙམ་དུ་ནི་གཅིག་ཏུ་ཟད་ལ། དེ་དབྱེ་བའི་ཚུལ་གྱིས་ནི་རྣམ་པར་གཞག་པ་ཇི་ལྟར་ཤེས་ཤེ་ན། ང་ནི་འདོད་པ་གཅིག་པུ་ཉིད། །ཅེས་བྱ་བ་གསུངས་ཏེ། གང་གི་ཕྱིར་ང་ནི་ཆོས་ཀྱི་དབྱིངས་ཐོག་མ་དང་ཐ་མ་མེད་པའི་ངོ་བོ་ ཉིད་ཀྱིས་ནི་དོན་དམ་པར་གཅིག་པུ་ཉིད་ཡིན་ཞིང་བྱང་ཆུབ་ཀྱི་མཚན་མ་མིང་ཅན་གྱི་སེམས་ཀྱི་ངོ་བོ་ཡིན་པས་ན་འདོད་པ་ཡིན་ལ། འདིའི་རྒྱུ་མཐུན་པ་ལས་བྱུང་བའི་འདོད་པའི་ལྷའི་གཟུགས་ཅན་གྱི་ཚངས་པ་ཡིན་པས་ན་འདོད་པའོ། །དྲག་པོ་ནི་སྟོབས་བཟངས་ཀྱི་གཟུགས་ཅན་ནོ། །གཡུང་དྲུང་ནི་ དཔྱིད་ཀྱི་གཟུགས་ཅན་ཁྱབ་འཇུག་གོ། །དེ་བས་ན་རྒྱུ་གཅིག་གི་རྒྱུ་མཐུན་ལས་བྱུང་བ་ཉིད་ཀྱིས་ན་འཇིག་རྟེན་གསུམ་པོ་འདི་དག་གཅིག་པུ་ཉིད་ཡིན་ནོ་ཞེས་རྡོ་རྗེ་འཆང་ཆེན་པོས་རབ་ཏུ་བཤད་ཅིང་གསུངས་པ་ཡིན་ནོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པ་སྟོན་པའི་ཚིག་ཡིན་ཏེ། དེ་ལྟར་ འཇིག་རྟེན་གསུམ་གྱི་དེ་ཁོ་ན་ཉིད་བཤད་ནས་དེའི་རྗེས་ཐོགས་ཉིད་ལ། མིང་པོ་གསུམ་པོ་འདིའི་མཆོག་རྡོ་རྗེ་འཆང་དངོས་པོར་འཛིན་པ་ལ་མངོན་པར་ཞེན་པ་ཡང་སྤང་བས་བྱང་ཆུབ་ཀྱི་མཚན་ཅན་གྱི་སེམས་རྟོགས་པ་ནི་སྦྱངས་པ་སྟེ། དོན་དེའི་ཕྱིར་རྡོ་རྗེ་བཟང་པོ་ཞེས་བྱ་བ་སྟོང་པ་ ཉིད་ཀྱི་རྡོ་རྗེ་ཤིན་ཏུ་རྫོགས་པར་མཛད་པས་ན་རྡོ་རྗེ་བཟང་པོ་འཛིན་པའོ། །གཟུགས་ནི་གསུམ་པོ་འདི་དག་ཉིད། །ཅེས་བྱ་བ་རྒྱལ་བར་བྱེད་པ་དང་། སྦྲང་རྩིར་བྱེད་པ་དང་། དོན་ཐམས་ཅད་གྲུབ་པར་བྱེད་པའི་ལུས་གསུམ་པོ་སྟེ་དེ་དག་སྐྱེད་པར་མཛད་པའོ། །ཉིད་ཅེས་བྱ་བ་ 61-1-4a ནི་ངེས་པར་བཟུང་སྟེ། གཟུགས་གསུམ་པོ་འདི་དག་ཁོ་ནའོ། །བདག་ཉིད་ཁོ་ན་བྱུང་བ་ཡིན། །ཞེས་བྱ་བ་ནི་བདག་ཉིད་ཀྱི་རང་གི་རྒྱུད་རྒྱལ་བར་བྱེད་པ་དང་། སྦྲང་རྩིར་བྱེད་པ་དང་། དོན་ཐམས་ཅད་གྲུབ་པའི་གཟུགས་སུ་བཅོམ་ལྡན་འདས་རྡོ་རྗེ་འཆང་ ཆེན་པོར་བྱིན་གྱིས་བརླབས་ཤིང་ཕྱུང་ལ་སྐྱེད་པར་མཛད་པ་ཡིན་ནོ། །ཅིའི་ཕྱིར་གཟུགས་གསུམ་པོ་དེར་བདག་ཉིད་ཀྱིས་བདག་ཉིད་བྱིན་གྱིས་རློབ་པར་མཛད་ཅེ་ན། གང་ཕྱིར་འཇིག་རྟེན་འདི་དག་ནི། །རྟག་ཏུ་ཡང་ནི་འདི་སྐད་སྨྲས། །ཞེས་བྱ་བ་གསུངས་ཏེ། གང་གི་ ཕྱིར་ས་འོག་ས་བླ་མཐོ་རིས་པའི་རང་བཞིན་ཅན་གྱི་མིང་པོ་གསུམ་ལ་འཁོར་བ་ཐོག་མ་མེད་པ་ནས་རྟག་པར་ལྷག་པར་དད་པ་འདི་དག་གོ། །ཡང་ཞེས་བྱ་བའི་སྒྲ་ནི་ཁྱད་པར་དུ་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ལ་སོགས་པ་ལ་ལྷག་པར་མོས་པའི་སེམས་ལ་ལྟོས་པ་ཡིན་ནོ། ། ཚངས་པ་སོགས་ཀྱིས་འདུལ་ཞེས་བྱ་བ་ནི། ཚངས་པ་ལ་སོགས་པ་གང་ཡིན་པ་དེ་ནི་ཚངས་པ་སོགས་ཀྱིས་འདུལ་ཏེ། དྲག་པོ་དང་ཁྱབ་འཇུག་ལ་སོགས་པས་འདུལ་ཞིང་དེ་ལ་མོས་པའི་སེམས་ཅན་གང་ཡིན་པའོ། །ཡང་དག་སངས་རྒྱས་བྱང་ཆུབ་སྣོད་མ་ཡིན། །ཞེས་བྱ་ བ་ནི་གཞན་དག་གིས་འདུལ་བའི་འཇིག་རྟེན་འདི་ནི་ཡང་དག་ཅིང་ཕྱིན་ཅི་མ་ལོག་པའི་སངས་རྒྱས་ཀྱི་བྱང་ཆུབ་མངོན་སུམ་དུ་བྱེད་པའི་སྣོད་མ་ཡིན་ཞིང་སྐལ་བ་མེད་པ་ཡིན་ལ་དེ་བས་ན་གཟུགས་གསུམ་པོར་བདག་ཉིད་བྱིན་གྱིས་རློབ་པར་མཛད་པ་ཡིན་ནོ། །དེ་རྣམས་སྦྱང་ བའི་ཕྱིར་ཞེས་བྱ་བའི་གཟུགས་གསུམ་པོར་བདག་ཉིད་ཀྱིས་བྱིན་གྱིས་བརླབས་པས་སེམས་ཅན་དེ་རྣམས་ཀྱི་དངོས་པོ་ལ་མངོན་པར་ཞེན་པའི་སེམས་རྣམ་པར་བསམ་པར་མཛད་ནས་སངས་རྒྱས་པ་ཐོབ་པའི་ཕྱིར་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་རང་ཉིད་རྒྱལ་བར་བྱེད་པ་དང་། སྦྲང་རྩིར་བྱེད་པ་དང་། དོན་ཐམས་ཅད་གྲུབ་པར་བྱེད་པའི་གཟུགས་མཛད་པར་བྱེད་པའི་རྒྱུ་དེས་གཟུགས་གསུམ་ཉིད་ཀྱིས་ཚངས་པ་ལ་སོགས་པ་འདུལ་བ་དེ་རྣམས་ཀྱི་སེམས་རྣམ་པར་སྦྱངས་ནས་བཅོམ་ལྡན་འདས་ཅི་ཞིག་མཛད་ཅེ་ན། ཕྱིས་ནི་ངས་རྒྱས་ཉིད་མི་འགྱུར། ། 61-1-4b ཞེས་བྱ་བ་གསུངས་ཏེ། ཚངས་པ་ལ་སོགས་པ་དེ་རྣམས་དེ་བཞིན་ཉིད་རྟོགས་པས་ས་བརྒྱད་པའི་རང་བཞིན་ཅན་གྱི་སེམས་སུ་སྐྱེད་པར་མཛད་ནས། ཕྱིས་ནས་སངས་རྒྱས་ཉིད་དུ་རྟག་ཅིང་མི་འགྱུར་བས་སྐྱེད་པར་མཛད་པ་ཡིན་ནོ། །འདི་སྐད་སྟོན་ཏེ། ཚངས་པ་དང་། ཁྱབ་ འཇུག་དང་། དབང་ཕྱུག་ཆེན་པོ་དང་། དེ་ལ་མོས་པའི་སེམས་ཅན་རྣམས་མིང་པོ་གསུམ་གྱི་ཚུལ་གྱིས་རང་བཞིན་གྱིས་དག་པའི་ཏིང་ངེ་འཛིན་གྱིས་སངས་རྒྱས་ཉིད་ལ་ངེས་པར་སྦྱར་བའི་ཕྱིར་བཅོམ་ལྡན་འདས་རྡོ་རྗེ་འཆང་བ་གཟུགས་གསུམ་པར་བདག་ཉིད་ཀྱིས་བྱིན་གྱིས་ རློབ་པར་མཛད་པ་ཡིན་ནོ། །དེ་ནས་སེམས་ཅན་དེ་རྣམས་གཟུགས་གསུམ་པོར་འཛིན་པར་མཛད་པའོ། །རྡོ་རྗེ་སེམས་དཔའ་ལས་ཆོས་ཐོས་ནས་དེ་བཞིན་གཤེགས་པར་འགྱུར་བ་ཡིན་ནོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པ་སྟེ། དེ་ལྟར་བཤད་མ་ཐག་པའི་ཚུལ་གྱིས་ བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་ཚངས་པ་ལ་སོགས་པའི་ལྷ་རྣམས་སངས་རྒྱས་ཉིད་ལ་རབ་ཏུ་གཞག་པའི་རྗེས་ཐོགས་ཉིད་ལའོ། །འཇིག་རྟེན་གསུམ་གྱི་མཆོག་ཀྱང་ཡིན་ལ་དབང་ཕྱུག་ཆེན་པོ་ཡང་ཡིན་པས་ན་འཇིག་རྟེན་གསུམ་གྱི་མཆོག་དབང་ཕྱུག་ཆེན་པོའོ། ། དཀྱིལ་འཁོར་ཞེས་བྱ་བ་ནི་འཇིག་རྟེན་གསུམ་གྱི་གསང་བའི་དཀྱིལ་འཁོར་དུའོ། །དེར་ཞེས་བྱ་བ་ནི་དཀྱིལ་འཁོར་དེར་རོ། །རང་གི་ཞེས་བྱ་བ་ནི་བདག་ཉིད་ཀྱིའོ། །གསང་བའི་སྙིང་པོ་ཞེས་བྱ་བ་ནི་གསང་བ་སྟོན་པར་བྱེད་པའམ། གསང་བ་སྐྱེད་པར་བྱེད་པའི་སྙིང་པོའོ། །རང་ གི་རབ་གྲུབ་ཕྱིར་རབ་ཕུལ། །ཞེས་བྱ་བ་ནི་རང་ཉིད་གྲུབ་པར་བྱེད་པའི་ཕྱིར་སྙིང་པོ་ཕུལ་བ་སྟེ། མིང་པོ་གསུམ་གྱི་ཚུལ་གྱིས་གདུལ་བྱ་རྣམས་སངས་རྒྱས་ཀྱི་བྱང་ཆུབ་ཏུ་གྲུབ་ཅིང་མངོན་པར་བྱང་ཆུབ་པ་ཐོབ་པར་བྱ་བའི་ཕྱིར་ཚངས་པ་ལ་སོགས་པས་རང་གི་སྙིང་པོ་ཕུལ་ལོ་ཞེས་བྱ་བའི་ ཐ་ཚིག་གོ། །དེ་ལྟར་ན། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །ཞེས་བྱ་བ་ནས་བརྩམས་ཏེ། ཨོཾ་བྷུར་བྷུ་བ་སྭཿཞེས་བྱ་བའི་བཤད་པས་ནི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །བསྡུ་བ་སྔོན་དུ་འགྲོ་བ་ནས་བརྩམས་ཏེ། གསུམ་པ་ཡང་ཡིན་པར་ཤེས་པར་བྱའོ། །དེ་ལྟར་ཏིང་ངེ་ 61-1-5a འཛིན་གསུམ་གསུངས་ནས་ད་ནི་དམ་ཚིག་དབང་བསྐུར་བ་ཐོབ་པ་རྣམས་ཀྱིས་བཟླས་བརྗོད་དང་བསྒོམ་པ་བྱའོ་ཞེས་བྱ་བ་བསྟན་པའི་ཕྱིར། ཟུར་བཞི་པ་ལ་སྒོ་བཞི་པ། །ཞེས་བྱ་བ་ལ་སོགས་པས་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་སློབ་མ་འཇུག་པ་ལ་སོགས་པའི་ཆོ་ག་ རྒྱས་པ་གསུངས་པ་ཡིན་ནོ། །ཟུར་བཞི་པ་ལ་ཞེས་བྱ་བ་ནི་གོ་བར་ཟད་དོ། །དེ་ཁོ་ན་ཉིད་ནི། སྙིང་སྟོབས་རྡུལ་དང་མུན་པ་ཉིད། །ཚངས་པ་དྲག་པོ་གཡུང་དྲུང་སྟེ། །མིང་པོ་གསུམ་པོ་འདི་ཉིད་ནི། །ནམ་ཡང་བརྙས་པར་མི་བྱའོ། །ཞེས་བྱ་བ་འདི་ཉིད་ནི་གསང་བ་ཡིན་ནོ། །གལ་ཏེ་ ཁྱོད་ཀྱིས་རྩེ་གསུམ་བཅག །སྙིང་པོ་སྣོད་མིན་ལ་སྨྲས་པས། །ཇི་སྐད་སྨྲས་པའི་ཆོས་རྣམས་ནི། །གལ་ཏེ་འདི་ནི་མ་སྤྱད་དམ། །ཞེས་བྱ་བའི་དམ་ཚིག་བྱིན་ལ་སློབ་མ་རྣམས་ལ་དེ་ཁོ་ན་ཉིད་གསང་བ་བརྗོད་པ་འདི་བྱ་ཞིང་། བྷུར་བྷུ་བ་སྭཿཞེས་བྱ་བ་འཇུག་པའི་གླུ་དང་ཟློས་ཤིང་ རྡོ་རྗེ་ཤུགས་ཀྱིས་འདིར་འཇུག་པར་བྱའོ། །ཆོ་ག་ལྷག་མ་རྣམས་ནི་སྔར་མིང་པོ་གསུམ་གྱི་ནང་དུ་བཤད་ཟིན་པས་དེ་ཉིད་ལས་ཁོང་དུ་ཆུད་པར་བྱའོ། །འཇིག་རྟེན་གསུམ་འབྱིན་པའི་རྒྱུད་ཀྱི་བཤད་པ་རྫོགས་སོ།། །།དེ་ལྟར་འཇིག་རྟེན་གསུམ་འབྱིན་པའི་རྒྱུད་ གསུངས་ནས། ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྲིང་མོ་བཞི་འབྱིན་པའི་རྒྱུད་གསུངས་པ་ཡིན་ནོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པ་སྟེ། དང་པོའི་སྦྱོར་བའི་རྗེས་ཐོགས་ཉིད་ལའོ། །འདིར་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་མིང་པོ་གསུམ་གྱི་དཀྱིལ་འཁོར་ལས་བཤད་ པ་ཉིད་ཡིན་ནོ། །ཀུན་དུ་ཆགས་དང་ཞེ་སྡང་རྨོངས། །བརྟན་པར་བྱེད་པའི་རྒྱུ་ཡིན་ནོ། །ཞེས་བྱ་བ་ནི་མིང་པོ་གསུམ་གྱི་རྣལ་འབྱོར་པ་རྣམས་ཀྱིས་ཡང་དག་པར་སྦྱོར་བའི་སྒོམ་པས་འདི་དག་སྒྲུབ་པའོ། །དེ་ལྟར་ཀུན་དུ་ཆགས་པ་དང་ཞེ་སྡང་དང་གཏི་མུག་སྟེ་མིང་པོ་གསུམ་གྱི་ རང་བཞིན་འདི་རྣམས་ཀྱིས་བརྟན་པར་བྱེད་པའི་རྒྱུ་ཡིན་ནོ། །དཀྱིལ་འཁོར་ཞེས་བྱ་བ་ནི་གོ་བར་ཟད་དོ། །གལ་ཏེ་གསང་ཞིང་མ་བསྲུངས་ན། །གང་ཞིག་སེམས་ཅན་དོན་ཞུགས་དང་། །གང་ཡང་དཀྱིལ་འཁོར་སྒྲུབ་བྱེད་པ། །དེ་རྣམས་ཁྱེད་ཀྱིས་གསད་པར་འགྱུར། །ཞེས་བྱ་བ་ 61-1-5b ནི་དམ་ཚིག་གོ། །དཀྱིལ་འཁོར་འདིའི་བཤད་པ་ནི་སྔར་བཤད་ཟིན་ལ་འདིར་ཁྱད་པར་ནི་འདི་ཙམ་དུ་ཟད་དོ། །འདི་ལྟ་སྟེ་ཧྲི་ཧཱུཾ་ཤྲཱི་བྷྱོ་ཞེས་བྱ་བ་ནི་འཇུག་པའི་གླུ་ཡིན་ནོ། །ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་གླུའི་དཀྱིལ་འཁོར་གསུངས་པ་ཡིན་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་སྔར་བཤད་པ་ ཡིན་ནོ། །འདོད་ཆགས་ལ་སོགས་དུག་གཞིག་ཕྱིར། །ཞེས་བྱ་བའི་འདོད་ཆགས་ལ་སོགས་པའི་དུག་བསལ་བ་ནི་དུག་གཞིག་པ་སྟེ་དེའི་ཕྱིར་རོ། །ཀུན་ནས་བདུད་རྩི་ཉིད་བྱའི་ཕྱིར། །ཞེས་བྱ་བ་ནི་ཕྱོགས་བཅུའི་གདུལ་བྱ་རྣམས་ཀུན་ནས་རང་བཞིན་གྱིས་དག་པར་བསྒོམས་པས་ཐར་ པ་མངོན་སུམ་དུ་བྱས་པ་ནི་བདུད་རྩིའོ། །དེའི་ངོ་བོ་ཉིད་ཡིན་པས་ན་བདུད་རྩི་ཉིད་དེ་དེའི་དོན་དུའོ། །ཞེ་སྡང་ལས་བྱུང་གླུ་ཡིས་ནི། །དཀྱིལ་འཁོར་དམ་པ་ཕྱུང་བར་འགྱུར། །ཞེས་བྱ་བ་ནི་འདི་ཡང་སྔར་བཤད་པའི་དེ་ཉིད་ལས་ཤེས་པར་བྱའོ། །འདིའི་ཁྱད་པར་ནི་འདི་ཡིན་ཏེ། འདི་ ལྟ་སྟེ་ཕུ་ཕུ་ཞེས་བྱ་བ་འཇུག་པའི་གླུའི་མཆོད་པ་ཡིན་ནོ། །དེ་ལྟར་གླུའི་དཀྱིལ་འཁོར་གསུངས་ནས་ད་ནི། དེ་ནས་སྟོན་པ་རྡོ་རྗེ་འཛིན། །ཞེས་བྱ་བ་ལ་སོགས་པས་བགེགས་ཐམས་ཅད་རྣམ་པར་གཞོམ་པའི་ཕྱིར་གདོན་གྱི་དཀྱིལ་འཁོར་གསུངས་པ་ཡིན་ནོ། །དེ་ནས་ཞེས་བྱ་ བའི་སྒྲ་ནི་སྔ་མ་བཞིན་དུ་ལོག་འདྲེན་ལ་སོགས་པ་གདོན་ཐམས་ཅད་ལས་བྱུང་བའི་སྡུག་བསྔལ་ཐམས་ཅད་དེ། དེ་རྣམ་པར་བསལ་ཞིང་མེད་པར་མཛད་པས་ན་སྡུག་བསྔལ་ཐམས་ཅད་བསལ་བ་སྟེ། བཅོམ་ལྡན་འདས་རྡོ་རྗེ་འཆང་བའོ། །སེམས་ཅན་ཀུན་ནི་བདེ་བའི་ཕྱིར། ། ཞེས་བྱ་བ་ནི་གདོན་ལ་སོགས་པ་ལས་བྱུང་བའི་སྡུག་བསྔལ་དང་བྲལ་བས་སེམས་ཅན་ཐམས་ཅད་བདེ་བ་ཉམས་སུ་མྱོང་བའི་ཕྱིར་རོ། །ནི་ཞེས་བྱ་བ་ནི་ངེས་པར་གཟུང་བ་སྟེ། བདེ་བ་ཁོ་ནའི་ཕྱིར་རོ། །གདོན་གྱི་དཀྱིལ་འཁོར་ཕྱུང་བ་ཡིན། །ཞེས་བྱ་བ་ནི་རིམས་ལ་སོགས་པས་ཡོངས་ སུ་གང་བའི་དཀྱིལ་འཁོར་སྐྱེད་པར་མཛད་པས་སོ། །དེ་ཅིའི་ཕྱིར་ཞེ་ན། འདོད་ཆགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་དམིགས་པ་ལ་སྤྱོད་པའི་སེམས་ཅན་ཐམས་ཅད་ནི་འདོད་ཆགས་ལ་སོགས་པའི་དུག་གིས་གསོ་བ་མ་བྱས་པའི་ཉེས་བྱས་ཀྱིས་དུག་ཉིད་དུ་གྱུར 61-1-6a པ་ཡིན་ཞིང་སྔར་བཤད་པའི་ཚུལ་གྱིས། གདོན་དང་རིམས་དང་སྡིག་པ་དང་། །དམྱལ་བར་ཡང་ནི་འགྱུར་བ་ཡིན། །ཞེས་བྱ་བ་ཡང་དེ་ཉིད་ཡིན་གྱིས་ཕྱི་རོལ་གཞན་དག་མ་ཡིན་ནོ། །དེ་བས་ན་རྣམ་པར་རྟོག་པ་དང་བཅས་པ་ལས་བྱུང་བའི་སྲིན་མོ་ལ་སོགས་པའི་གདོན་གྱི་ ཚུལ་ཅན་སྡུག་བསྔལ་ཐམས་ཅད་སྐྱེད་པར་བྱེད་པའི་རྣམ་པར་རྟོག་པ་དེ་རྣམས་གཞིག་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་ཀྱིས་གདོན་གྱི་དཀྱིལ་འཁོར་ཕྱུང་བ་ཡིན་ནོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་གནས་སྐབས་ཏེ། གདུག་པ་སྐྱེད་པར་བྱེད་པ་ཡི་གེ་ཧྲིཾ་ངོ་། །དེ་ལྟར། དེ་ནས་སྟོན་པ་རྡོ་རྗེ་ འཛིན། །ཞེས་བྱ་བ་ནས་བརྩམས་ཏེ་ཧྲིཾ་ཞེས་བྱ་བའི་བར་གྱིས་ནི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་བསྡུ་བ་སྔོན་དུ་འགྲོ་བས་གསུམ་པ་ཡིན་པར་ཤེས་པར་བྱའོ། །དེ་ལྟར་བསྡུས་པ་སྲིན་པོ་ལ་སོགས་པའི་གདོན་རྣམས་བཀུག་སྟེ། རྡོ་རྗེ་ལྕགས་ཀྱུས་ཁྲོ་བོ་ལ་སོགས་ པ་དགུག་པ་དང་གཞུག་པ་དང་། བཅིང་བ་དང་། དབང་དུ་བྱས་ལ་སློབ་དཔོན་གྱིས་སྲིན་པོ་ལ་སོགས་པའི་གདོན་གཞོམ་པར་བྱ་བའི་ཕྱིར་དཀྱིལ་འཁོར་བྲིས་ལ། སྲིན་པོ་ལ་སོགས་པའི་གདོན་གཞོམ་པར་བྱའོ་ཞེས་བྱ་བའི་ཆོ་ག་འདི་བསྟན་པར་བྱ་བའི་ཕྱིར་ཟུར་བཞི་པ་ཞེས་བྱ་བ་ལ་སོགས་ པས་གདོན་གཞོམ་པའི་སློབ་དཔོན་གྱི་ལས་ཀྱི་ཆོ་ག་གསུངས་པ་ཡིན་ནོ། །ཟུར་བཞི་པ་ལ་ཞེས་བྱ་བ་ལ་སོགས་པ་ལ་ནི་གོ་བར་ཟད་དོ། །དེ་ནས་ཞེས་བྱ་བ་བཤད་མ་ཐག་པའི་དཀྱིལ་འཁོར་དེའི་དབུས་དང་པོར་ཞེས་བྱ་བ་ལས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་ཐོག་མར་དཀྱིལ་འཁོར་ དུ་འབྱུང་པོ་དང་། ཡི་དགས་དང་། ཤ་ཟ་དང་། གནོད་སྦྱིན་དང་། སྲིན་པོ་དང་། གྲུལ་བུམ་དང་། ཀླུ་ལ་སོགས་པའི་རིག་པ་མཆོག་གི་རྒྱུད་ལས་གསུངས་པའི་གདོན་བཅོ་བརྒྱད་དང་། སོགས་པའི་ཞེས་བྱ་བའི་སྒྲས་རིམ་པ་བརྒྱད་པོ་སྐྱེས་བུ་གཅེར་བུ་གདོང་གནག་པ་སྐྲ་ གྱེན་དུ་བརྫེས་པ། སྡིག་པ་ཞེས་བྱ་བ་ཡི་དགས་ཀྱི་ཁྱད་པར་རྣམས་དང་། མནར་མེད་པ་ལ་སོགས་པའི་དམྱལ་བ་བརྒྱད་དང་། ཉེ་འཁོར་བའི་དམྱལ་བ་རྣམས་སོ། །དེ་རྣམས་ཀྱི་ཆོ་ག་རྒྱས་པ་ནི་ཡུལ་དང་གྲོང་དང་འཇིག་རྟེན་གྱི་བཀོད་པའི་དབྱིབས་རྣམས་བྲི་བར་བྱའོ། །དེ་ལྟར་ 61-1-6b དཀྱིལ་འཁོར་དེ་བྲིས་པའི་རྗེས་ཐོགས་ཉིད་ལ་རྡོ་རྗེ་མེ་ལྟར་འབར་བའི་རྣལ་འབྱོར་པས་རྣལ་འབྱོར་ཆེན་པོ་བྱས་ལ། གཙུག་ཏོར་ལ་སོགས་པ་ཡང་རང་གི་ལུས་ལ་བཀོད་དེ། དེའི་རྗེས་ཐོགས་ཉིད་ལ་དཀྱིལ་འཁོར་འདིར་སློབ་དཔོན་གྱི་འཇུག་པ་བཅོམ་ལྡན་འདས་རྡོ་རྗེ་སེམས་ དཔས་བཤད་ཅིང་གསུངས་པ་ཡིན་ནོ། །ཇི་ལྟར་འཇུག་པར་བྱ་ཞེ་ན། མྱུར་དུ་ཞེས་བྱ་བ་གསུངས་སོ། །མྱུར་དུ་ཅི་ཞིག་བྱ་ཞེ་ན། རྡོ་རྗེ་འཛིན་པ་ཞུགས་ནས་ནི། །ཁྲོས་པས་རྐང་པ་གཡོན་པས་མཉེ། །ཞེས་བྱ་བ་གསུངས་ཏེ། གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་ཁྲོ་བོའི་རྡོ་རྗེ་ཐོགས་ཏེ། གཡོན་པའི་ཁྲོ་བོའི་ཁུ་ཚུར་སྡིགས་མཛུབ་བྱེད་པ་ལ་བརྩོན་པས་དཀྱིལ་འཁོར་དེ་རྐང་པ་གཡོན་པས་མཉེ་བར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་བར་ཟད་དོ། །འདིས་ནི་འདི་སྐད་སྟོན་པར་འགྱུར་ཏེ། གང་གི་ཚེ་རྣལ་འབྱོར་པ་ལོག་འདྲེན་ལ་སོགས་པ་ཉེ་བར་འཚེ་བར་འགྱུར་ བ་དེའི་ཚེ་རྡོ་རྗེ་མེ་ལྟར་འབར་བའི་སྦྱོར་བས་རྣལ་འབྱོར་ཆེན་པོར་བྱས་པ་ནི་རྡོ་རྗེ་གཙུག་ཏོར་ལ་སོགས་པ་ནས། རྡོ་རྗེ་ཤུགས་ཀྱི་བར་དུ་རང་གི་ལུས་ལ་བཀོད་ནས། རྡོ་རྗེ་སེམས་དཔའི་ལྷ་མོའི་དཀྱིལ་འཁོར་གྱི་ཚུལ་གྱིས་བདག་ཉིད་རྡོ་རྗེ་སེམས་དཔའ་རྣམ་པར་བསྒོམས་ལ་དེའི་རྗེས་ ཐོགས་ཉིད་ལ་བདག་ཉིད་རྡོ་རྗེ་མེ་ལྟར་འབར་བ་སླར་ཡང་བསམས་ཏེ། དཀྱིལ་འཁོར་འདི་རི་རབ་ཀྱི་སྟེང་དུ་ཧཱུཾ་ལས་སྤྲུལ་པ་བསྡུ་བར་བྱའོ། །དེ་ནས་རྡོ་རྗེ་ལྕགས་ཀྱུའི་ཁྲོ་བོ་ལ་སོགས་པ་ལས་ཀྱི་ཕྱག་རྒྱ་བཞིས་གདོན་ལ་སོགས་པའི་ཆོ་ག་རྒྱས་པས་བཀུག་ནས་བཅུག་སྟེ་བཅིངས་ ལ་འཇུག་པའི་ཕྱག་རྒྱས་བཅིངས་ནས་ཧྲིཾ་བཛྲ་ཏིཥྛ་མཎྜལ་ཨུདྠ་པ་ལ་ཞེས་བྱ་བས་དཀྱིལ་འཁོར་དེ་བར་སྣང་གི་ཕྱོགས་སུ་བཞག་ལ་རྡོ་རྗེ་མེ་ལྟར་འབར་བའི་དམ་ཚིག་གི་ཕྱག་རྒྱ་དང་། ཡི་གེ་ཧཱུཾ་གིས་བདག་ཉིད་བྱིན་གྱིས་བརླབས་ལ་ཧཱུཾ་ཟློས་ཤིང་ཡོངས་སུ་བསྐོར་ནས་ཐིག་ གདབ་པ་དང་ཚོན་དགྱེ་བ་བྱས་ཏེ། རིག་པ་མཆོག་ལས་གསུངས་པའི་གདོན་བཅོ་བརྒྱད་དང་། འཕགས་པ་དཔུང་བཟངས་ལས་བཤད་པའི་ལོག་འདྲེན་རྣམས་དང་། སྔར་བཤད་པའི་རིམས་བརྒྱད་དང་། སྡིག་པ་དང་དམྱལ་བ་རྣམས་ཡི་གེ་ཧྲཱིཾ་ཟློས་ཤིང་བྲི་བར་བྱའོ། །དེ་ནས་ 61-1-7a སྒོ་དབྱེ་བ་དང་བསྡུ་བ་བྱས་ལ། རྡོ་རྗེ་ལྕགས་ཀྱུའི་ཁྲོ་བོ་ལ་སོགས་པས་དེ་དག་དགུག་པ་དང་བཅིང་བ་བྱས་ལ། གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་ཁྲོ་བོའི་རྡོ་རྗེ་ཐོགས་ཏེ། གཡོན་པའི་ཁྲོ་བོའི་ཁུ་ཚུར་གྱིས་སྡིགས་མཛུབ་བྱེད་པ་ལ་བརྩོན་པ་དང་། གླུའི་ཚིག་ ཟློས་ཤིང་རབ་ཏུ་དགོད་པ་དང་། དཀྱིལ་འཁོར་དེར་ཞུགས་ལ་ཁྲོས་པ་དང་། རྐང་པ་གཡོན་པས་མཉེ་བར་བྱའོ། །དེ་ལ་གླུ་ནི་འདི་ཡིན་ཏེ། སརྦ་ཨགྷ་མཎྜལ་མི་དམ་བཛྲ་དྷ་ར་ཨ་ཀྲ་མ་བི་ཀི་ར་བི་ཀི་ར་བཛྲོད་ཡ་ནཱ་ཤ་ཡ་ཧ་ན་ད་ཧ་ན་པ་ཙ་བྷསྨི་ཀུ་རུ་ཀྲུ་དྷ་ཧཱུཾ་ཀ་ར་མ་དེ་ན། དེ་ནས་རྡོ་རྗེ་གནོད་སྦྱིན་དང་། རྡོ་རྗེ་ཁུ་ཚུར་དང་རྡོ་རྗེ་གཙུག་ཏོར་གྱིས་བདག་ཉིད་བསྲུང་བ་བྱས་ལ་རང་གི་ལྷའི་སྦྱོར་བས་གནས་པར་བྱའོ། །སྡུག་བསྔལ་ཐམས་ཅད་ལས་འདོན་པའི་རྒྱུད་ཀྱི་བཤད་པ་རྫོགས་སོ།། །།དེ་ལྟར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ དཀྱིལ་འཁོར་རྣམས་བཤད་ནས། ད་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ཐམས་ཅད་ཀྱི་དཀྱིལ་འཁོར་ལ་ལྷག་པར་མོས་པའི་སེམས་ཅན་རྣམས་རྗེས་སུ་གཟུང་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་བསྡུས་པའི་དཀྱིལ་འཁོར་གསུངས་པ་ཡིན་ནོ། །དེ་ནས་ཞེས་བྱ་བའི་ སྒྲ་ནི་དེ་མ་ཐག་པ་སྟོན་པའི་ཚིག་ཡིན་ཏེ། དང་པོའི་སྦྱོར་བའི་རྗེས་ཐོགས་ཉིད་ལའོ། །འདིར་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་ནི་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོར་གསུངས་པ་ཡིན་ནོ། །ཀུན་མཆོག་དམ་པའི་དབང་ཕྱུག་སྟེ། །ཞེས་བྱ་བ་ནི་ཀུན་གྱི་མཆོག་ཀྱང་ཡིན་ ལ་དམ་པའི་དབང་ཕྱུག་ཀྱང་ཡིན་པས་ན་ཀུན་མཆོག་དབང་ཕྱུག་སྟེ་དཔལ་རྡོ་རྗེ་སེམས་དཔའོ། །དེ་ཡང་ཐམས་ཅད་ཀྱི་མཆོག་ཡིན་པས་ན་ཀུན་མཆོག་གོ། །དེ་ཉིད་ནི་དམ་པ་སྟེ་ཕུལ་དུ་བྱུང་བ་ཡིན་ཞིང་ཁམས་གསུམ་པ་མ་ལུས་པའི་ཆོས་ཀྱི་རྒྱལ་སྲིད་ལ་མངའ་བརྙེས་པས་ན་དབང་ ཕྱུག་གོ། །སེམས་ཅན་དོན་ཀུན་རབ་སྒྲུབ་བྱེད། །ཅེས་བྱ་བ་ནི་རིགས་ལྔའི་ལྷ་རྣམས་ཀྱིས་འདུལ་བའི་སེམས་ཅན་ཀུན་ཡིན་ཏེ། དེ་རྣམས་ཀྱི་རབ་ཏུ་སྒྲུབ་པ་ནི་རིགས་ལྔ་རྟོགས་པར་གྱུར་པ་སྟེ་དེའི་དོན་དུའོ། །དཀྱིལ་འཁོར་ཐམས་ཅད་གསུངས་པ་ཡིན། །ཞེས་བྱ་བ་ནི་བཅོམ་ 61-1-7b ལྡན་འདས་རྡོ་རྗེ་འཆང་བས་བསྡུས་པའི་དཀྱིལ་འཁོར་བཀའ་སྩལ་པའོ། །གཟུགས་ཀུན་གྱིས་ཞེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་རྣམས་ཀྱི་གཟུགས་སོ། །དུས་གང་གི་ཚེ་ཞེ་ན། གང་ཚེ་གསང་བ་ཆེན་པོ་ལྔའོ། །དེ་ཉིད་ཀྱིས་ནི་མི་འདུལ་འགྱུར་ཞེས་ བྱ་བ་གསུངས་ཏེ། གསང་བ་ཆེན་པོའི་དེ་ཁོ་ན་ཉིད་ལྔ་ནི་རྡོ་རྗེ་སེམས་དཔའ་དང་། དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། པདྨ་དང་། ནོར་བུའི་རིགས་རྣམས་ཀྱིས་གང་གི་ཚེ་འདུལ་བར་མ་གྱུར་པའི་སངས་རྒྱས་ཉིད་དམ་རྡོ་རྗེ་འཛིན་པ་ཉིད་ལ་འཇོག་པར་མི་ནུས་པ་དེའི་ཚེ་སྣ་ ཚོགས་ཆེན་པོ་བསྡུས་པའི་དཀྱིལ་འཁོར་གྱིས་འདུལ་བའི་སྐྱེ་བོ་སྐལ་བ་དང་ལྡན་པ་རྣམས་ལ་དམ་པ་སྟེ། མཆོག་འདི་མཛད་པ་ཡིན་ནོ། །དེ་ལྟར་ན། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །ཞེས་བྱ་བ་ནས་བརྩམས་ཏེ། སྣ་ཚོགས་ཆེན་པོ། འགྲོ་བ་འདུལ་བའི་དམ་པ་ཡིན། །ཞེས་བྱ་ བ་ནི་བར་གྱིས་བཤད་པས་ནི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་བསྡུ་བ་སྔོན་དུ་འགྲོ་བ་ནི་གསུམ་པ་ཡིན་པར་ཤེས་པར་བྱའོ། །དེ་ལྟར་བསྡུས་པའི་དཀྱིལ་འཁོར་གྱི་ཏིང་ངེ་འཛིན་གསུམ་གསུངས་ནས། ད་ནི་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ཀྱིས་ བཟླས་བརྗོད་དང་བསྒོམ་པར་བྱའོ་ཞེས་བྱ་བའི་ཕྱིར། དེ་ནས་གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པས་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་སློབ་མ་འཇུག་པ་ལ་སོགས་པའི་ཆོ་ག་གསུངས་པ་ཡིན་ནོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པ་སྟོན་པར་བྱེད་པའི་ཚིག་སྟེ། ལས་ཀྱི་ཆོ་གའི་ཏིང་ངེ་ འཛིན་གྱི་རྗེས་ཐོགས་ཉིད་ལའོ། །གང་གི་ཕྱིར་ཞེས་བྱ་བ་ནི་རྒྱུ་སྟེ་གང་གི་ཕྱིར་བསྡུས་པའི་དཀྱིལ་འཁོར་དུ་འཇུག་པར་བྱེད་པ་དེས་འདུལ་བའི་སེམས་ཅན་རྣམས་ཀྱི་དོན་དུ་མི་འགྱུར་བས་དེའི་ཕྱིར་དཀྱིལ་འཁོར་ཆེན་པོ་སྟེ། བསྡུས་པའི་དཀྱིལ་འཁོར་དམ་པ་སྟེ་མཆོག་ཏུ་གྱུར་ པས་རབ་ཏུ་ཕྱེ་སྟེ་བཤད་པར་བྱའོ་ཞེས་པའོ། །ཀུན་མཆོག་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཚུལ་ཡང་དག་པར་སྟོན་པ་ཡིན་ཞེས་གང་དུ་འདུལ་བའི་སེམས་ཅན་གྱི་ཁམས་རྣམས་ལས་རྣམ་པར་རྒྱལ་བ་ཡིན་པས་ན་ཀུན་མཆོག་རྣམ་རྒྱལ་ལོ། །ལྷ་ཐམས་ཅད་ཀྱི་ 61-1-8a དཀྱིལ་འཁོར་གྱིས་འདུལ་བའི་སེམས་ཅན་སྐལ་བ་དང་ལྡན་པ་རྣམས་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་གཟུགས་ནི་སྣ་ཚོགས་སོ། །དེ་ཉིད་ཀྱིས་ན་བསྡུས་པའི་དཀྱིལ་འཁོར་འདི་ནི་ཀུན་མཆོག་དམ་པའི་དབང་ཕྱུག་ ཡིན་ནོ་ཞེས་བྱ་བ་ནི་འཇིག་རྟེན་པའི་དཀྱིལ་འཁོར་ཆེན་པོ་བྲིས་ནས་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོ་བྲིས་ལ། དེའི་དབུས་སུ་ཞེས་བྱ་བའི་དཀྱིལ་འཁོར་དབུས་མའི་ལྟེ་བའི་ཕྱོགས་སུ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོ་ཐིག་བཏབ་ཅིང་ཀུན་དུ་བྲིས་ལ་མིང་དེ་སྐད་ ཅེས་བྱ་བའི་དཀྱིལ་འཁོར་དེའི་ལྟེ་བའི་ཕྱོགས་སུ་སྔར་བཤད་པའི་ཚུལ་གྱིས་རྡོ་རྗེ་སེམས་དཔའ་རབ་ཏུ་གཞག་པར་བྱས་ཏེ། འདི་ནི་ཆོ་ག་བཞིན་ཞེས་བྱ་བའི་སྒྲའི་དོན་ཡིན་ནོ། །ཅི་དེ་འབའ་ཞིག་གམ་ཞེ་ན། རྡོ་རྗེ་ལྷ་མོ་ཞེས་བྱ་བ་གསུངས་ཏེ། འདོད་ཆགས་རྡོ་རྗེ་དང་། ཀི་ལི་ཀི་ ལ་དང་། རྡོ་རྗེ་དྲན་མ་དང་། རྡོ་རྗེ་འདོད་པའི་དབང་ཕྱུག་མ་ནི་རྡོ་རྗེ་ལྷ་མོའོ། །སོགས་པའི་སྒྲ་ནི་དུས་ཀྱི་མཆོད་པ་དང་། རྡོ་རྗེ་སྒེག་མོ་རྣམས་དང་། སྒོ་སྲུང་རྣམས་གཟུང་ངོ་། །རྡོ་རྗེ་ལྷ་མོ་ལ་སོགས་པས་ཡོངས་སུ་གང་བའི་དཀྱིལ་འཁོར་རམ། དེས་ཉེ་བར་མཚོན་པའི་དཀྱིལ་འཁོར་ ནི་རྡོ་རྗེ་ལྷ་མོ་ལ་སོགས་པའི་དཀྱིལ་འཁོར་ཏེ་དེར་རོ། །དེ་ཡི་ངོས་ནི་ཐམས་ཅད་དུ། །ཞེས་བྱ་བ་ནི་རེའུ་ཆ་དབུས་མར་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོ་བྲིས་པ་དེའི་ཕྱོགས་བཞིར་དེ་བཞིན་གཤེགས་པ་དང་། རྡོ་རྗེ་འཛིན་པ་དང་། འཇིག་རྟེན་དབང་ཕྱུག་དང་། ནམ་མཁའི་ སྙིང་པོ་ཀུན་མཆོག་ལྷག་པའི་སྐུ་རྣམས་ཀྱིས་མཚན་པའི་མཆོག་རྡོ་རྗེ་དང་བཅས་པ་འཁོར་ལོ་ལ་སོགས་པ་གང་ཡིན་པ་དེ་ནི་རྡོ་རྗེ་མཆོག་བཅས་མཚན་མ་རྣམས་རྡོ་རྗེས་མཚན་པའི་འཁོར་ལོ་ལ་སོགས་པའོ་ཞེས་བྱ་བའི་ཐ་ཚིག་གོ། །མ་ཞེས་བྱ་བའི་སྒྲ་ནི་ངེས་པར་གཟུང་བ་སྟེ་རྡོ་རྗེས་ མཚན་པའི་མཚན་ཉིད་དོ། །སྐུ་གཟུགས་ལ་སོགས་གཞག་པར་བྱ། །ཞེས་བྱ་བ་ནི་མི་བསྐྱོད་པ་ལ་སོགས་པ་རང་གི་རིགས་ཀྱི་ལྷའི་ཚུལ་གྱིས་ཡོངས་སུ་བསྐོར་བ་ནི་རང་གི་རིགས་ཀྱིས་བསྐོར་བ་ཞེས་བྱའོ། །རྒྱལ་པོ་རྡོ་རྗེ་སྲེད་མེད་བུའི། །གཟུགས་འཛིན་འཁོར་ལོ་བསྣམས་ 61-1-8b པ་བྲི། །ཞེས་བྱ་བ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྲེད་མེད་ཀྱི་བུའི་གཟུགས་འཛིན་པ་ཕྱག་ན་འཁོར་ལོ་བསྣམས་པ་གཞག་པར་བྱའོ། །ཁྱབ་བདག་རྡོ་རྗེ་ཅན་རྡོ་རྗེ། །གཏུམ་དབང་རྡོ་རྗེ་གདུང་བསྣམས་པ། །ཞེས་པ་ནི་བཅོམ་ལྡན་འདས་རྡོ་རྗེ་མེ་ལྟར་རབ་ཏུ་འབར་ བའི་རྡོ་རྗེ་གཏུམ་པའི་དབང་ཕྱུག་གི་གཟུགས་འཛིན་པ་རྡོ་རྗེ་གདུང་བསྣམས་པ་བྲི་བར་བྱའོ། །རྡོ་རྗེ་པད་འབྱུང་པདྨ་ཅན། །རྡོ་རྗེ་འཛིན་པ་ཚངས་གཟུགས་ལྡན། །ཞེས་བྱ་བ་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཟུགས་འཛིན་པའི་རྡོ་རྗེ་འཆང་རྡོ་རྗེ་འཛིན་པ་ནི་ཚངས་ པའི་གཟུགས་སུ་བྲི་བར་བྱའོ། །ནམ་མཁའི་སྙིང་པོ་འདོད་གཟུགས་ཅན། །རྡོ་རྗེ་དང་བཅས་མེ་ཏོག་མཆོག །ཅེས་བྱ་བ་ནི་བཅོམ་ལྡན་འདས་འཕགས་པ་ནམ་མཁའི་སྙིང་པོ་ནི་འདོད་པའི་ལྷའི་གཟུགས་འཛིན་པ་ལ་རྡོ་རྗེས་མཚན་པའི་གཞུ་བསྣམས་ཏེ་བཞུགས་པ་བྲི་བར་བྱའོ། ། གཞིའི་དཀྱིལ་འཁོར་གྱི་མེའི་མཚམས་སུ་རྡོ་རྗེ་དཔལ་མོ། བདེན་བྲལ་གྱི་མཚམས་སུ་རྡོ་རྗེ་དཀར་མོ། རླུང་གི་མཚམས་སུ་རྡོ་རྗེ་སྒྲོལ་མ། དབང་ལྡན་གྱི་མཚམས་སུ་ནམ་མཁའི་རྡོ་རྗེ་མ་བྲི་བར་བྱའོ། །དེ་ནས་འདི་རྣམས་ཀྱིས་ཞེས་བྱ་བ་ནི་གོ་བར་ཟད་དོ། །ཕྱི་ཡི་དཀྱིལ་འཁོར་གནས་ རྣམས་སུ། །ཞེས་བྱ་བ་ནི་ལྷའི་སྣམ་བུའོ། །རྡོ་རྗེ་མཚན་མ་རང་ཕྱོགས་གནས། །ཞེས་བྱ་བ་ནི་དྲག་པོ་ལ་སོགས་པའི་མཚན་མ་རྡོ་རྗེས་མཚན་པའི་ཏྲི་ཤཱུ་ལ་ལ་སོགས་པ་གང་ཡིན་པ་དེ་ནི་རྡོ་རྗེ་མཚན་མ་སྟེ། དེ་ཤར་ཕྱོགས་ལ་སོགས་པའི་ཕྱོགས་སུ་གནས་པ་ནི་རང་གི་ཕྱོགས་སུ་གནས་པ་བྲི་ བ་ཡིན་ནོ། །རྡོ་རྗེའི་མཚན་མ་རང་གི་ཕྱོགས་སུ་གནས་པར་བྲི་བ་དེ་གང་ཞིག་ཡིན་ཞེ་ན། ལྷ་དབང་དང་ནི་མ་མོ་ཉིད། །ཅེས་བྱ་བ་གསུངས་ཏེ། ལྷའི་དབང་པོ་ནི་དྲག་པོ་ལ་སོགས་པ་ནས་ཆུ་ལྷའི་མཐར་ཐུག་པའོ། །དེ་རྣམས་ཀྱི་ཆུང་མ་ནི་མ་མོའོ། །དེ་ཉིད་ནི་ལྷའི་དབང་པོ་མ་མོ་དང་བཅས་པའི་ འཇིག་རྟེན་སྐྱོང་བ་རྣམས་ཡིན་ཏེ་དེ་རྣམས་དགོད་པར་བྱའོ། །ཚོགས་ཀྱི་དབང་ཕྱུག་རྡོ་རྗེ་ཡི། །རོལ་མོའི་ཆེ་བཅུ་རྡུང་བྱེད་ལ། །ཕྱི་ཡི་དཀྱིལ་འཁོར་ཁ་ཁྱེར་དང་། །སྒོ་དང་མཚམས་སུའང་དེ་བྲིའོ། །ཞེས་བྱ་བ་ནི་ཕྱིའི་དཀྱིལ་འཁོར་གྱི་མཚམས་བཞིར་སྒེག་མོ་ལ་སོགས་པ་དང་། སྒོ་རྣམས་ 61-1-9a སུ་ལྕགས་ཀྱུ་མ་ལ་སོགས་པ་བྲི་བར་བྱའོ། །སྒོ་རྣམས་ཀུན་དུ་འཇུག་པ་ནི། །རང་གི་ཕྱག་རྒྱས་རབ་ཏུ་འཇུག །ཅེས་བྱ་བ་ནི་སྔར་བཤད་པའི་འཇུག་པའི་ཆོ་གས་རྡོ་རྗེ་སེམས་དཔའ་དང་། དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། པདྨ་དང་། ནོར་བུའི་རིགས་ཀྱི་དཀྱིལ་ འཁོར་དུ་འཇུག་པར་བྱའོ། །དང་པོའི་སྦྱོར་བས་དཀྱིལ་འཁོར་ནི། །དམ་པ་ལྔ་རུ་ཞེས་བྱ་བ་ནི་གཞིའི་དཀྱིལ་འཁོར་དུ་དང་པོར་དཀྱིལ་འཁོར་དུ་འཇུག་པའི་ཆོ་གས་འཇུག་པར་བྱའོ། །དེ་ནས་དབུས་སུ་གནས་གྱུར་ནས། །དགུག་པ་འདི་ནི་བྱ་བ་ཡིན། །ཞེས་བྱ་བ་ནི་དེ་ལྟར་དཀྱིལ་ འཁོར་བྲིས་ནས་རྡོ་རྗེ་ཧཱུཾ་མཛད་ཀྱི་སྦྱོར་བ་བྱས་ཏེ་ཇི་ལྟ་བ་བཞིན་དུ་ཞུགས་ཏེ། དེའི་རྗེས་ཐོགས་ཉིད་ལ་དཀྱིལ་འཁོར་གྱི་དབུས་སུ་འདུག་པར་བསམས་པས་སྒོ་དབྱེ་བའི་ཕྱག་རྒྱས་དཀྱིལ་འཁོར་གྱི་སྒོ་རྣམས་ཕྱེ་ནས། དེ་རྗེས་ལ་འོག་ནས་བཤད་པའི་དགུག་པར་བྱའོ། །གསང་བའི་ ལྕགས་ཀྱུ་དྲིལ་བཅས་པས། །འདིར་ནི་ཞེས་བྱ་བ་ལ་སོགས་པ་གོ་བར་ཟད་དོ། །དེ་དག་གོ་རིམས་ཇི་བཞིན་དུ། །དཀྱིལ་འཁོར་ཐམས་ཅད་བསྒྲུབ་པར་བྱ། །ཞེས་བྱ་བ་ནི་རེ་ཞིག་དང་པོར་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོའི་ལྷ་རྣམས་རང་གི་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་ དེ་བཞིན་ཉིད་དུ་བསྒྲུབ་པར་བྱའོ། །དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། པདྨ་དང་། ནོར་བུའི་རིགས་ཀྱི་ལྷ་རྣམས་བསྒྲུབ་པར་བྱ་སྟེ། འདི་ནི་འདིར་གོ་རིམས་ཇི་བཞིན་བསྒྲུབ་པར་བྱ་བའི་སྒྲའི་དོན་ཡིན་ནོ། །སྒྲུབ་པ་དག་ནི་ཐམས་ཅད་དང་། །དངོས་གྲུབ་རྣམས་ཀྱང་དེ་བཞིན་ ནོ། །ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་དང་། དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། པདྨ་དང་། ནོར་བུའི་རིགས་ཀྱི་དཀྱིལ་འཁོར་རྣམས་སུ་ལྷ་ཐམས་ཅད་ཀྱི་སྒྲུབ་པ་གསུངས་པ་དང་། ལྷ་ཐམས་ཅད་ཀྱི་དངོས་གྲུབ་གསུངས་པ་དེ་ཐམས་ཅད་ཀྱི་དཀྱིལ་འཁོར་ཐམས་ཅད་ བསྒྲུབ་པ་སྒྲུབ་པ་པོ་ལ་འགྲུབ་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན་ཡང་། བདེ་བ་ཐམས་ཅད་མི་འགྱུར་གནས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདེ་བ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་བདེ་བ་ཐམས་ཅད་དེ། རྡོ་རྗེ་སེམས་དཔའ་ལ་སོགས་པ་ལྷ་ཐམས་ཅད་ཀྱི་བདེ་བ་ 61-1-9b གཉིས་སུ་མེད་པ་སེམས་དང་སེམས་ལས་བྱུང་བའི་མཚན་ཉིད་ཅན་ནོ། །དེ་ཉིད་ནི་མི་འགྱུར་བའི་གནས་ཏེ་ཆོས་ཀྱི་དབྱངས་ཐོག་མ་ཐ་མ་མེད་པའི་རང་བཞིན་སེམས་ཅན་གྱི་ཁམས་ཐམས་ཅད་དང་། རྡོ་རྗེ་སེམས་དཔའ་ལ་སོགས་པའི་བདེ་བ་མངོན་སུམ་དུ་བྱེད་པའི་གཞིར་གྱུར་པའོ། ། བདེ་བ་ཆེན་པོ་ཞེས་བཤད་དོ། །ཞེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་གསུངས་པའོ། །རྡོ་རྗེ་འདི་ནི་བསྒྲུབ་ལ་སོགས། །འདི་ནི་ཚེ་འདིར་འགྲུབ་པར་འགྱུར། །ཞེས་བྱ་བ་ནི་དེ་བཞིན་ཉིད་ཀྱི་རྡོ་རྗེའི་རང་བཞིན་ཡིན་པས་བདེ་བ་ཆེན་པོ་དེ་ནི་རྡོ་རྗེ་ཡིན་པ་དང་། དེ་ལས་བྱུང་བའི་ དཀྱིལ་འཁོར་འདི་ལ་ཡང་ཉེ་བར་བརྟགས་པས་དེ་སྐད་ཅེས་བྱ་སྟེ། སྒྲུབ་པ་འདི་ལ་སོགས་པའི་དཀྱིལ་འཁོར་སྒྲུབ་པར་བྱེད་པར་བསྒྲུབས་ནས་སྒྲུབ་པ་པོ། ཚེ་འདི་ཉིད་ལ་མངོན་པར་འདོད་པའི་དངོས་གྲུབ་འདི་དག་ཐམས་ཅད་འགྲུབ་པར་འགྱུར་རོ། །དེ་ལྟར་བཤད་པའི་ཚུལ་གྱིས་ འགྲུབ་པར་འགྱུར་བར་བཤད་དོ་ཞེས་སྦྱར་རོ། །སྣ་ཚོགས་པ་ཡང་ཡིན་ལ་དོན་དམ་པ་ཡང་ཡིན་པས་སྣ་ཚོགས་པའི་དོན་ཏེ། བསྡུས་པའི་དཀྱིལ་འཁོར་དུ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཚུལ་ལོ། །དེས་རྣམ་པར་སྦྱང་བ་ནི་ལྷ་ཚོགས་པ་ལ་མོས་པའི་སེམས་ཅན་གྱི་ཁམས་ རྣམས་རིགས་ལྔ་པོ་རྟོགས་པས་འདོད་ཆགས་ལ་སོགས་པ་དང་བྲལ་བའོ། །དེའི་དོན་གྱི་ཆོ་ག་ནི་ལྷག་པར་གནས་པ་དང་། ཕྱག་འཚལ་བ་དང་དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པའོ། །དེ་ལྟར་འགྲོ་བ་དཔག་ཏུ་མེད་པ་སྟེ། སེམས་ཅན་གྱི་ཁམས་ཚད་མེད་པ་དེས་འདུལ་ ཞིང་ལམ་རྟོགས་པ་ལ་གཞག་པ་ནི་འགྲོ་བ་དཔག་ཏུ་མེད་པ་ཀུན་བཏུལ་བ་སྟེ། དེ་ཉིད་ནི་མཐའ་མེད་པ་ཡང་ཡིན་ལ་སྣ་ཚོགས་པ་ཡང་ཡིན་པས་ན་མཐའ་མེད་པའི་སྣ་ཚོགས་པ་སྟེ། མཉམ་པ་མེད་པ་ནི་མཚུངས་པ་མེད་པའོ། །གསུངས་པ་ནི་བཤད་པའོ། །ཕུལ་དུ་གྱུར་པ་ནི་ མཆོག་ཏུ་གྱུར་པའོ། །ཇི་ལྟར་ན་ཕུལ་དུ་བྱུང་བ་ཡིན་ཞེ་ན། གང་གི་ཕྱིར་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཐམས་ཅད་འཛིན་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་འཛིན་པའོ། །དེ་བྱེད་པ་ཡང་ཡིན་ལ་བདེ་བའི་མཆོག་ཀྱང་ཡིན་པས་ན་དེ་བྱེད་པའི་ 61-1-10a བདེ་བའི་མཆོག་གོ། །རྒྱལ་བ་ཐམས་ཅད་དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྡུས་པའི་དཀྱིལ་འཁོར་འདི་བྱིན་གྱིས་བརླབས་ཤིང་བརྟན་པར་མཛད་པས་ན་སྲིད་པ་བའི་བདེ་བའི་མཆོག་བྱེད་པ་སྟེ། གདུལ་བྱ་རྣམས་ཀྱིས་མི་གནས་པའི་མྱ་ངན་ལས་འདས་ པའི་བདེ་བ་སྐྱེད་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །ཡང་འདིའི་དོན་བརྗོད་པར་བྱ་སྟེ། དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རྣལ་འབྱོར་ཇི་ལྟ་བ་བཞིན་དུ་བྱས་ལ་འདི་ལས་བཤད་པའི་བྱིན་གྱིས་བརླབས་པ་དང་། དབང་བསྐུར་བ་ དང་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་ཀྱང་བླངས་ནས་འདོད་ཆགས་རྡོ་རྗེ་མ་ལ་སོགས་པའི་ཕྱག་རྒྱའི་མཆོད་པ་བཅུ་གཉིས་ཀྱིས་བདག་ཉིད་ཡང་དག་པར་མཆོད་ལ་རྣམ་པར་སྒེག་པའི་དགའ་བའི་རྡོ་རྗེ་དང་ཕྱག་བཞིས་ཀྱང་ཕྱག་བྱས་ལ་དེ་ཁོ་ན་ཉིད་དང་ཆོས་དང་དམ་ཚིག་བཟུང་ནས་ཧཱུཾ་ ཞེས་ལན་གསུམ་བཟླས་ལ། དམ་ཚིག་གསུམ་གྱི་གླུའི་མཆོད་པ་བྱས་ནས་རང་གི་སྙིང་གའི་ཟླ་བར་ཡིད་ཀྱིས་ཞུགས་ལ། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་བཅིངས་ཏེ་ཧཱུཾ་ཨ་ཧཱུཾ་ཧྲཱིཾ་ཏྲཾ་ཞེས་བརྗོད་དོ། །དེར་བསྡུས་པའི་དཀྱིལ་འཁོར་སྤྲུལ་ལ་ལྷ་ཐམས་ཅད་ཀྱི་རང་རང་གི་གནས་སུ་ རང་རང་གི་སྙིང་པོས་ལྷ་ཐམས་ཅད་རང་རང་གི་གཟུགས་སུ་བཀོད་ལ། ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བ་ལ་སོགས་པའི་སྙིང་པོ་གསུམ་བཟླས་ལ་སྔ་མ་བཞིན་དུ་དོན་གསུམ་བསྒོམས་ཏེ། བདག་ནི་རང་ཉིད་བསྡུས་པའི་དཀྱིལ་འཁོར་ཡིན་ནོ་ཞེས་ང་རྒྱལ་བསྐྱེད་ལ་བསྡུས་པའི་ དཀྱིལ་འཁོར་གྱི་སྙིང་པོ་ཟློས་ཤིང་། དུས་ཇི་སྲིད་ཀྱིས་བདག་ཉིད་བསྡུས་པའི་དཀྱིལ་འཁོར་གྱི་ངོ་བོ་ཉིད་དུ་མངོན་སུམ་ལྟར་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་ཉིན་རེའི་སྦྱོར་བས་བསྒོམ་པར་བྱའོ། །དེ་ནས་ཉིན་ཞག་བདུན་གྱི་བར་དུ་སྔར་བཤད་པའི་ཚུལ་གྱིས་ཏིང་ངེ་འཛིན་ གསུམ་བསྒོམ་པ་ནས་བརྩམས་ཏེ་བསྡུས་པའི་དཀྱིལ་འཁོར་བརྩམ་པར་བྱའོ། །དེ་ནས་ཇི་སྐད་དུ་བཤད་པའི་དཀྱིལ་འཁོར་གྱི་དབུས་སུ་སྔ་མ་བཞིན་དུ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། སློབ་མ་ལྷག་པར་གནས་པ་དང་། ལྷ་ལྷག་པར་གནས་པར་བྱས་ནས་ཉི་མ་འཆར་ 61-1-10b བའི་དུས་སུ་དཀྱིལ་འཁོར་ཐིག་གདབ་པར་བྱའོ། །དེ་ལ་རེ་ཞིག་དང་པོར་རྡོ་རྗེ་སེམས་དཔའི་ལྷ་མོའི་དཀྱིལ་འཁོར་གྱི་ཐིག་གདབ་པར་བྱའོ། །དེ་ལ་དཀྱིལ་འཁོར་དབུས་ཀྱི་རེའུ་ཆ་ལ་ཡང་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གཉིས་པ་འདོད་ཆགས་རྡོ་རྗེ་མའི་གནས་སུ་རྣམ་པར་ སྣང་མཛད་ཀྱི་དཀྱིལ་འཁོར་རོ། །ཀི་ལི་ཀི་ལའི་གནས་སུ་རྡོ་རྗེ་མེ་ལྟར་འབར་བའི་དཀྱིལ་འཁོར་རོ། །རྡོ་རྗེ་དྲན་མའི་གནས་སུ་འཇིག་རྟེན་དབང་ཕྱུག་གི་དཀྱིལ་འཁོར་རོ། །རྡོ་རྗེ་འདོད་པའི་དབང་ཕྱུག་མའི་གནས་སུ་འཕགས་པ་ནམ་མཁའི་སྙིང་པོའི་དཀྱིལ་འཁོར་ཐིག་ གདབ་པར་བྱའོ། །དེ་ནས་ཚོན་སྣ་ལྔའི་ཕྱེ་མས་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཐམས་ཅད་བྲིས་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འཁོར་དང་བཅས་པ་རང་གི་དཀྱིལ་འཁོར་དུ་དགོད་པར་བྱའོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་སྐུ་མདོག་ནག་པོ་ཁྱབ་ འཇུག་གི་གཟུགས་ཅན། ཕྱག་བཞི་པ་ཕྱག་གཡས་པ་གཉིས་ན་རྡོ་རྗེ་འཁོར་ལོ་དང་དབྱུག་པ་བསྣམས་པ། གཡོན་གཉིས་ན་གཅིག་གིས་མདུང་བསྣམས་པ། གཉིས་པས་གདན་ལ་སྙེམས་པའི་ཚུལ་གྱིས་གནས་པ་དཀྱིལ་འཁོར་གྱི་དབུས་ནས་ཤར་ཕྱོགས་སུ་གཟིགས་ཏེ་ བཞུགས་པར་བྱའོ། །ཨོཾ་བཛྲ་ག་དྷ་ཡ་ན་ཚིནྡ་ཨ་པྲ་ཏི་ཧ་ཏ་བཛྲ་ཙཀྲེ་ན་ཧོ་བྷ་ག་བཱན་བཛྲ་ཏ་ཐཱ་ག་ཏ་ཛཿཧཱུཾ་བཾ་ཧོཿབཛྲ་དྷ་ར་སྟཾ། མི་བསྐྱོད་པ་ལ་སོགས་པ་ནི་སྔར་བཤད་པའི་སྙིང་པོས་རང་གི་གནས་སུ་དགོད་པར་བྱའོ། །བཅོམ་ལྡན་འདས་རྡོ་རྗེ་མེ་ལྟར་འབར་བ་གཏུམ་པའི་དབང་ ཕྱུག་གི་གཟུགས་འཛིན་པ། སྐུ་མདོག་སྔོ་བ། སྤྱན་གསུམ་པ་ཕྱག་བཞི་པ། གཡས་རྡོ་རྗེ་རྩེ་གསུམ་དང་རྡོ་རྗེ་འབར་བ་བསྣམས་པ། གཡོན་གྱི་གཅིག་གིས་ཐོད་པ་བསྣམས་པ། གཉིས་པས་རལ་གྲི་བསྣམས་པ་སྙིང་པོ་འདིས་དགོད་པར་བྱའོ། །ཧཱུཾ་བཛྲ་ཀྲོ་དྷ་མ་ཧཱ་ ཡོ་གི་ནཱི། ག་ཎེ་ཤྭ་ར་མ་ཧཱ་བཛྲ་ཤཱུ་ལོ་གྲ་བྲ་ནེ་ཧོ་བྷ་ག་བཱན་བཛྲ་ཙནྡྷེ་ཤྭ་རཱ་ཡ་ཧ་ཧ་ཧ་ཧ་ཧོ། རྡོ་རྗེ་མཚོན་ཆ་མ་ལ་སོགས་པ་ལྷག་མ་རྣམས་ནི་སྔ་མ་བཞིན་དུ་བྲི་བར་བྱའོ། །རྡོ་རྗེ་གཙུག་ཏོར་ལ་སོགས་པ་ཡང་ཐིག་བདུན་གྱི་ནང་དུ་བྱའོ། །དེ་ནས་འཇིག་རྟེན་དབང་ཕྱུག་ཚངས་ 61-1-11a པའི་གཟུགས་འཛིན་པ། སྐུ་མདོག་དཀར་པོ་ཞལ་བཞི་པ་ཕྱག་གཡས་པ་གཉིས་ན་ཕྲེང་བ་དང་དབྱུག་པ་བསྣམས་པ། གཡོན་གཉིས་ན་སྤྱི་བླུགས་དང་པདྨ་བསྣམས་པ། རང་གི་དཀྱིལ་འཁོར་གྱི་དབུས་སུ་སྙིང་པོ་འདིས་དགོད་པར་བྱའོ། །ཧྲཱི་བཛྲ་ པདྨོད་བྷ་ག་བཱན་བཛྲ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ་མ་ཧཱ་བྲ་ཧྨ་སིདྡྷ་ཨོཾ་བྷུར་བྷུ་བ་སྭཿརི་ན་མཿསྭཱ་ཧཱ། པདྨའི་ཏིང་ངེ་འཛིན་བཟང་པོ་ལ་སོགས་པ་སྔ་མ་ཁོ་ན་ལྟར་བྲི་བར་བྱའོ། །དེ་ལྟར་འཇིག་རྟེན་དབང་ཕྱུག་གི་དཀྱིལ་འཁོར་བྲིས་ནས། འཕགས་པ་ནམ་མཁའི་སྙིང་པོ་རང་གི་ དཀྱིལ་འཁོར་གྱི་དབུས་ན་འདོད་པའི་དབང་ཕྱུག་གི་གཟུགས་འཛིན་པ་སྐུ་མདོག་དམར་པོ་ཕྱག་མཚན་རྡོ་རྗེ་མེ་ཏོག་དང་བཅས་པ་སྙིང་པོ་འདིས་བྲི་བར་བྱའོ། །ཧེ་བཛྲ་ཀུ་སུ་མེ་ཨ་སུ་དྷ་སརྦ་ཀརྨ་ན་མེ་ས་དཱ་ཡ་ཧི་བྷ་ག་བཱན་བཛྲ་ཨཱ་ཀཱ་ཤ་གརྦྷ་བ་ཌ་ཌ་ཏྲཱཾ། དབང་བསྐུར་བའི་རིན་ པོ་ཆེ་ལ་སོགས་པ་གཞན་དག་ནི་དེ་བཞིན་དུ་བྲི་བར་བྱའོ། །ཡང་གཞིའི་དཀྱིལ་འཁོར་གྱི་མེའི་མཚམས་སུ་བཅོམ་ལྡན་འདས་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དཔལ་མོའི་གཟུགས་འཛིན་པ། སྐུ་མདོག་གསེར་བཙོ་མའི་མདོག་འདྲ་བ་ཕྱག་གཡས་ན་འཁོར་ལོ་ གཡོན་པ་ན་པདྨ་བསྣམས་པ་སྙིང་པོ་འདིས་བྲི་བར་བྱའོ། །ན་མོ་ཡེ་ན་སཏྱེ་ན་བྷ་ག་ཝ་ཏི་པྲ་ཛྙཱ་པཱ་ར་མི་ཏ་སྦུ་ཏ་ཚིནྡྷ་བཛྲ་ནི་ཙ་ཀྲེ་ན། ཏེ་ན་ས་ཏྱེ་ན་བ་བ་ཀ་ན་ཨོཾ་དྷཱི་ཤྲཱི་ཤུདྡྷི་བི་ཛ་ཡེ་སྭཱ་ཧཱ། དེ་ནས་བདེན་བྲལ་གྱི་མཚམས་སུ་རྡོ་རྗེ་འཛིན་མ་ཨུ་མའི་གཟུགས་འཛིན་མ་གསེར་གྱི་མདོག་ ཅན་ཕྱག་གཡས་ན་རྡོ་རྗེ་རྩེ་གསུམ་བསྣམས་པ། གཡོན་ན་མདུང་རྩེ་གསུམ་པ་བསྣམས་པའི་སྙིང་པོ་འདིས་བྲི་བར་བྱའོ། །ཨོཾ་བཛྲ་གཽ་རཱི་མ་ཧི་བ་དྷེ་ཏྲཻ་ལོ་ཀྱ་བཛྲཱ་ཡ་ཤྭ་རི་བཛྲ་ཀྲོ་དྷ་ཨགྣི་ས་མ་ཡེ་བཛྲ་དྷ་རི་ན་མསྟུ་ཏེ། ཏདྱ་ཐཱ། ཧི་ལི་མི་ལི། ལེ་ལི་ལ་ལོ་བཛྲ་ཀཱ་མ་ཀ་ཡེ་ སྭཱ་ཧཱ། རླུང་གི་མཚམས་སུ་སྒྲོལ་མ་སྐུ་མདོག་ལྗང་གུ་ཕྱག་གཡོན་གྱིས་པདྨ་བསྣམས་པ། ཕྱག་གཡས་ཀྱིས་མཆོག་སྩོལ་བ། སྙིང་པོ་འདིས་བྲི་བར་བྱའོ། །ན་མོ་ཡེ་ན་ས་ཏྱེ་ན་མ་བྷ་ག་ཝ་ཏི་བུདྡྷ་བོ་དྷི་ར་ནུཏྟ་ར་བཛྲ་དྷརྨ་པྲ་ཡོ་གེ་ན་ཏེ་ན་སཏྱེ་ན་སིདྡྷ་མཾ་ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ 61-1-11b སྭཱ་ཧཱ། དེ་ནས་དབང་ལྡན་གྱི་མཚམས་སུ་ནམ་མཁའ་རྡོ་རྗེ་མ་དགའ་བའི་གཟུགས་འཛིན་པ། སྐུ་མདོག་དམར་པོ་རྡོ་རྗེ་དང་བཅས་པས་མཚོན་ཆ་བསྣམས་པ་སྙིང་པོ་འདིས་བྲི་བར་བྱའོ། །ཨོཾ་ཀརྨ་བཛྲ་ནི་སི་ད་སི་བི་ཤུདྡྷ་སི་སྭ་བྷཱ་བ་ཏ། ག་ག་ནོ་ད་བྷ་བ་ཡོ་གེ་ན་སིདྡྷ་མཾ་པ་ར་ མ་ཀྵ་རེ། ཏདྱ་ཐཱ། ག་ག་ན་བི་ཤུདྡྷི་སརྦ་ཨ་བྷི་པྲཱ་ཡ་པ་རི་པཱུ་ར་ནི་སྭཱ་ཧཱ། དེ་བཞིན་དུ་གཞིའི་དཀྱིལ་འཁོར་ཕྱིའི་མཚམས་བཞིར་སྒེག་མོ་ལ་སོགས་པ་ཡང་དག་པར་བྲི་བར་བྱའོ། །ཕྱི་དང་ནང་གི་སྒོ་རྣམས་སུ་རྡོ་རྗེ་ལྕགས་ཀྱུ་མ་ལ་སོགས་པ་དགོད་པར་བྱའོ། །ཕྱིའི་དཀྱིལ་ འཁོར་གྱི་སྣམ་བུ་ལ་འདོད་པའི་ལྷ་དང་། ཚངས་པའི་བདག་པོ་དང་། བདེ་བྱེད་ལ་སོགས་པ་ཆུང་མ་དང་བཅས་པ་དུམ་བུ་དང་པོའི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལས་བཤད་པའི་ཚུལ་དུ་བྲི་བར་བྱའོ། །དེ་ནས་ཕྱིའི་དཀྱིལ་འཁོར་གྱི་ཁ་ཁྱེར་ལ་རྡོ་རྗེ་ཚོགས་ཀྱི་དབང་ ཕྱུག་མ་པི་ཝང་ལེན་པ་ལ་བརྩོན་པ་བཅུ། གླིང་བུ་ལེན་པ་ལ་བརྩོན་པ་བཅུ། མུ་རཉྫ་ལེན་པ་བཅུ། ཆ་ལང་འཁྲོལ་བ་བཅུ། རྔ་བོ་ཆེ་བརྡུང་བ་བཅུ། རྫ་རྔ་བརྡུང་བའི་སྦྱོར་བས་གནས་པ་བཅུ། གླུ་རིང་ལེན་པས་གནས་པ་བཅུ། མུཉྫ་ལེན་པས་གནས་པ་བཅུ། ཏི་མི་ ལ་ལེན་པ་བཅུ་སྟེ། རྡོ་རྗེ་ཚོགས་ཀྱི་དབང་ཕྱུག་བཅུ་ཧཱུཾ་ཞེས་བྱ་བས་གནས་པ་བཅུ་བྲི་བར་བྱའོ། །དེ་ནས་ཇི་ལྟ་བ་བཞིན་དུ་སྒོ་ཕྱེ་ལ་བསྡུ་བ་བྱས་ལ་མཚན་བརྒྱ་རྩ་བརྒྱད་པས་བསྟོད་ལ་དཀྱིལ་འཁོར་གྱི་དབུས་སུ་འདུག་སྟེ། གསང་བའི་ལྕགས་ཀྱུ་མ་རྡོ་རྗེ་དྲིལ་བུ་དང་བཅས་པས་དཀྱིལ་ འཁོར་གྱི་ལྷ་ཐམས་ཅད་བཀུག་སྟེ། སྙིང་པོ་འདིས་དཀྱིལ་འཁོར་དུ་ཞུགས་པར་བྱའོ། །ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྱེ་ཏ་སིདྡྷ་ཧཱུཾ་སརྦ་ཏ་ཐཱ་ག་ཏ་ན་ས་མཱ་ཀཪྵ་ཡ་ཛཿ། ཿསརྦ་བཛྲ་ཀུ་ལ་ཨ་དྷི་པཾ་ད་མ་ཡི་ཏ་པྲ་བེ་ཤ་ཡ་ཧཱུཾ། སརྦ་ལོ་ཀེ་ཤྭ་རཾ། པྲ་བེ་ག་ཡ་ས་མ་ཡ་བ་ར་བནྡྷ་ནཿ། སརྦ་རཏྣ་ཨ་དྷི་ བཾ་མ་ནི་རོ་ཛམ་བ་ཤི་ཀུ་རུ་ཧོ་ཧཱུཾ་ཨ་ཧཱུཾ་ཧྲཱི་ཏྲཱཾ། དེ་ནས་རྡོ་རྗེ་གནོད་སྦྱིན་གྱིས་བགེགས་བསལ་བ་ལ་སོགས་པ་བྱས་ལ་རྡོ་རྗེ་ཁུ་ཚུར་གྱིས་སྒོ་རྣམས་བཅད་དེ། རྡོ་རྗེ་གོ་ཆས་སྲུང་བ་ཐམས་ཅད་ཡང་དག་པར་བསྲུངས་ལ་བསྡུས་པའི་དཀྱིལ་འཁོར་ལས་བཤད་པའི་སྙིང་པོས་མཆོད་ཡོན་ཕུལ་ 61-1-12a ཏེ། རང་གི་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་རྡོ་རྗེ་སེམས་དཔའ་ལ་སོགས་པ་ནས་ཆུ་ལྷའི་བར་དུ་བསྒྲུབ་པར་བྱའོ། །རྡོ་རྗེ་སེམས་དཔའ་ལ་སོགས་པ་ནི་རང་རང་གི་དཀྱིལ་འཁོར་ལས་བཤད་པ་ལྟར་བསྒྲུབ་པར་བྱའོ། །འདོད་པའི་ལྷ་དང་ཚངས་པ་ལ་སོགས་པ་ནི་ ཧཱུཾ་དྲྀ་ཤྱ་ས་མ་ཡ་སྟྭཾ་ས་མ་ཡ་ཧོ་དྷཾ་ཛཿཧཱུཾ་བཾ་ཧོཿཞེས་ལན་གསུམ་ཟློས་ཤིང་དང་པོའི་རྡོ་རྗེས་བཅིངས་ལ་ཚོགས་ཀྱི་དབང་ཕྱུག་གི་བར་དུ་བསྒྲུབ་པར་བྱའོ། །དེ་ནས་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཆོས་དང་ལས་དང་། ཕྱག་རྒྱ་ཆེན་པོས་རྒྱས་གདབ་པར་བྱའོ། །དེ་ནས་རྡོ་རྗེ་སེམས་ དཔའ་ལ་སོགས་པ་ནི་རང་གི་དབང་བསྐུར་བའི་ཕྱག་རྒྱ་རྣམས་ཀྱིས་དབང་བསྐུར་རོ། །རྡོ་རྗེ་སྲེད་མེད་ཀྱི་བུ་ལ་སོགས་པ་བཞིན་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱས་དབང་བསྐུར་རོ། །དེ་ནས་སློབ་དཔོན་གྱི་ཆོ་ག་ཐམས་ཅད་སྔ་མ་བཞིན་དུ་རྗེས་སུ་སྤྱད་པར་བྱའོ། །རིགས་ལྔའི་དཀྱིལ་ འཁོར་དུ་བཤད་པ་ལས་ཁྱད་པར་ནི་འདི་ཡིན་ཏེ། ཇི་ལྟར་བཞིའི་དཀྱིལ་འཁོར་དུ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལས་བཤད་པའི་ཆོ་གས་བསྡུས་པའི་དཀྱིལ་འཁོར་དུ་འཇུག་པའི་གླུའི་མཆོད་པ་ཟློས་ཤིང་འཇུག་པར་བྱའོ། །དེའི་རྗེས་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ དཀྱིལ་འཁོར་དུ་རང་གི་ཆོ་གས་སོ། །སློབ་དཔོན་གྱི་ལས་ཀྱི་ཆོ་ག་རྒྱས་པའོ། །དེ་ནས་སློབ་མ་བསྡུས་པའི་དཀྱིལ་འཁོར་དུ་བཤད་པའི་གླུའི་མཆོད་པ་བཞིའི་དཀྱིལ་འཁོར་དུ་བཅུག་ལ། དེའི་འོག་ཏུ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དཀྱིལ་འཁོར་གྱི་ཆོ་གས་རིགས་ ལྔའི་དཀྱིལ་འཁོར་དུ་གཞུག་པའི་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་པར་བྱའོ། །སློབ་མ་འཇུག་པ་ལ་སོགས་པའི་ཆོ་ག་རྫོགས་སོ། །བསྡུས་པའི་དཀྱིལ་འཁོར་བཤད་པ་རྫོགས་སོ།། །།རྟོག་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་རྟོག་པ་ཐམས་ཅད་དེ། རྡོ་རྗེ་ སེམས་དཔའ་ལ་སོགས་པའི་དཀྱིལ་འཁོར་བཅུ་པོ་བཤད་མ་ཐག་པ་ཉིད་དོ། །དེ་ཉིད་ནི་རྒྱུད་ཕྱི་མ་ཡིན་ལ་དེ་བས་ན་རྩ་བའི་རྒྱུད་ཡོངས་སུ་རྗོགས་པ་ཡིན་ནོ། །དེ་ལྟར་རྟོག་པ་ཐམས་ཅད་ཀྱི་རྒྱུད་ཕྱི་མ་དང་། རྩ་བའི་རྒྱུད་བཤད་ནས་ད་ནི་དེ་ལས་ཀྱི་སྒྲིབ་པའི་དབང་གིས་རྣལ་འབྱོར་ 61-1-12b པས་མ་གྲུབ་ན། གསང་བའི་ལེའུའི་དཀྱིལ་འཁོར་འདོད་པའི་དངོས་གྲུབ་ཐམས་ཅད་སྒྲུབ་པར་བྱེད་པའི་ཁྱད་པར་གྱི་རང་བཞིན་བསྟན་པའི་ཕྱིར། སངས་རྒྱས་ཀུན་གྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཀུན་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་ མཉམ་པའི་རྣམ་པར་སྣང་མཛད་ལ་སོགས་པ་སྟེ། དེ་རྣམས་ཀྱི་གསང་བ་ཡང་ཡིན་ལ་ཆེན་པོ་ཡང་དེ་ཉིད་ཡིན་པས་གསང་བ་ཆེ་སྟེ། སྐྱེ་བོ་ཐམས་ཅད་དང་ཐུན་མོང་མ་ཡིན་པའི་ལྷ་མོ་བཞི་དང་ལྷན་ཅིག་ཏུ་བཞུགས་པའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའོ། །དམ་ཚིག་ མཆོག་ཅེས་བྱ་བ་ནི་དེ་ཉིད་དམ་ཚིག་ཀྱང་ཡིན་ལ་མཆོག་ཀྱང་ཡིན་པས་ན་དམ་ཚིག་མཆོག་གོ། །དེའི་སྒྲུབ་པ་ནི་དཔལ་དགྱེས་པ་ཆེན་པོའི་གནས་ཏེ་དེར་བཞུགས་པའོ། །དེ་གང་ཡིན་ཞེ་ན། རྒྱལ་པོ་མཆོག་ཅེས་བྱ་བ་དང་སྦྱར་རོ། །སླར་ཡང་གནས་ཀྱི་ཁྱད་པར་བསྟན་པར་བྱ་བའི་ ཕྱིར་བདེ་བ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདེ་བ་ཆེན་པོ་ནི་རྡོ་རྗེ་སེམས་དཔའོ། །དེའི་གཞལ་ཡས་ཁང་པ་ནི་བདེ་བ་ཆེན་པོའི་གཞལ་ཡས་ཁང་པའོ། །དངོས་གྲུབ་ཀུན་གྱི་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་རྣམས་ཏེ། དེ་དག་གིས་མངོན་པར་ འདུ་བྱས་པ་ནི་རྫོགས་པའམ། དེའི་དོན་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་འདུས་ཏེ་བྱོན་པ་ནི། དེ་བཞིན་གཤེགས་མཆོག་ཆེན་པོའི་རིན་ཆེན་རྒྱལ་པོའོ། །སོགས་པའི་སྒྲས་ནི་ གཟུངས་དང་། རིག་པ་དང་། རྡོ་རྗེ་འཆང་ཆེན་པོ་དང་། བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱང་གཟུང་བར་བྱའོ། །དེ་བཞིན་གཤེགས་མཆོག་ཆེན་པོ་ཡི། །རིན་ཆེན་རྒྱལ་པོ་ལ་སོགས་པ་དེ་རྣམས་ཀྱིས་བརྒྱན་པ་དེ་ཡིན་ནོ། །བདེ་བ་ཆེན་པོ་ཆགས་པ་ ཆེ། །ཞེས་བྱ་བ་ལ་བདེ་བ་ཆེན་པོ་ཡང་ཡིན་ལ་ཆགས་པ་ཆེན་པོ་ཡང་ཡིན་པས་ན། བདེ་བ་ཆེན་པོ་ཆགས་པ་ཆེ་སྟེ། ལྷ་མོའི་དཀྱིལ་འཁོར་གྱི་དབུས་ན་བཞུགས་པའི་དཔལ་རྡོ་རྗེ་སེམས་དཔའོ། །དངོས་གྲུབ་ཀུན་ལ་རྗེས་ཆགས་ཕྱིར། །བཅོམ་ལྡན་འདས་ནི་ཆགས་པ་ཆེ། །དམར་ 61-1-13a དང་སྣ་ཚོགས་མཛེས་པའི་འོད། །དཔལ་རྡོར་སེམས་དཔའི་ཕྱག་རྒྱ་འདི། །ཞེས་འོག་ནས་གསུངས་པའི་ཕྱིར་རོ། །རྡོ་རྗེ་སེམས་དཔའ་དེའི་གླུ་ནི་འོག་ནས་འཆད་པར་འགྱུར་བའི་མཚན་ཉིད་ཅན་ཡི་གེ་ཧཱུཾ་གི་གླུ་དང་རོལ་མོ་སྟེ། དེ་དག་གི་རྗེས་སུ་ཆགས་པ་ནི་རྗེས་སུ་ སྒྲུབ་པ་བདེ་བ་ཆེན་པོ་ཆགས་པ་ཆེན་པོའི་གླུ་དང་རོལ་མོ་རྗེས་སུ་ཆགས་པ་གང་ལ་ཡོད་པ་དེ་ལ་འདི་སྐད་ཅེས་བྱའོ། །བླ་མེད་དགའ་བ་ཆེན་པོ་ཡི། །མཆོད་པ་ཀུན་གྱིས་རབ་ཏུ་མཆོད། །ཅེས་བྱ་བ་ལ་བླ་ན་མེད་པའི་དགའ་བ་ཆེན་པོའི་ཡིད་བདེ་བས་འདོད་ཆགས་རྡོ་རྗེ་མ་ལ་སོགས་པའི་ མཆོད་པ་བཅུ་གཉིས་དང་། ཕྱིའི་མེ་ཏོག་ལ་སོགས་པའི་མཆོད་པ་ཐམས་ཅད་ཀྱིས་རབ་ཏུ་མཆོད་པ་གང་ཡིན་པ་དེར་རོ། །དགའ་བ་ཆེན་པོ་ཞེས་བྱ་བ་ལ། ཆེན་པོ་ནི་བྱང་ཆུབ་ཀྱི་མཚན་ཉིད་ཅན་གྱི་ཐུགས་དང་སེམས་ཅན་གྱི་དོན་ལ་ཆགས་པས་ནི་དགའ་བ་ཆེན་པོས་རྡོ་རྗེ་སེམས་ དཔའོ། །དེའི་དཔལ་གྱི་གནས་ནི་འདོད་ཆགས་རྡོ་རྗེ་མ་ལ་སོགས་པའི་ལྷ་མོའི་ཚོགས་དང་ལྡན་པའི་གཞལ་ཡས་ཁང་པའོ། །དེ་ལྟ་བུའི་གནས་ཀྱི་མཆོག་དེ་ལ་བཅོམ་ལྡན་འདས་བཞུགས་པ་ཡིན་ནོ། །རབ་ཏུ་དགའ་བའི་རྒྱལ་པོ་མཆོག །ཅེས་བྱ་བ་ནི་ཇི་ལྟར་བཤད་ པ་བཞིན་དུའོ། །མི་འགྱུར་མཆོག་ནི་རྟག་པའོ། །དེ་གང་ཞེ་ན། རྡོ་རྗེ་སེམས་དཔའ་བདག་རང་ཉིད། །རབ་ཏུ་དགའ་བ་མི་འགྱུར་མཆོག །ཀུན་དུ་བཟང་པོ་འཁོར་བ་དང་། །བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས། །ཞེས་བྱ་བའོ། །དངོས་གྲུབ་ཆེན་པོ་ཀུན་གྱི་ མཆོག །ཅེས་བྱ་བ་ལ་དངོས་གྲུབ་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་དངོས་གྲུབ་ཆེན་པོ་སྟེ། དེ་ཉིད་ཐམས་ཅད་ཀྱི་མཆོག་ཡིན་པས་ན། དངོས་གྲུབ་ཀུན་གྱི་མཆོག་ནི་དཔལ་རྡོ་རྗེ་སེམས་དཔའི་དངོས་གྲུབ་བོ། །དེས་རྡོ་རྗེ་སྙེམས་པ་ནི་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་དང་ལྷ་ མོ་རྡོ་རྗེ་སྙེམས་མའི་བདག་པོ་ནི་བཅོམ་ལྡན་འདས་བྱང་ཆུབ་ཆེན་པོའི་ཐུགས་ཀྱི་རང་བཞིན་རྡོ་རྗེ་འཆང་ཆེན་པོའོ། །དེ་ཉིད་རིགས་ཀྱི་ལྷ་མོ་ཐམས་ཅད་བྱང་ཆུབ་སེམས་ལས་བྱུང་བའི་ཕྱིར། དེ་རྣམས་ཀྱི་ཡང་བདག་པོ་ཡིན་ནོ་ཞེས་བྱ་བ་བདག་པོའི་སྒྲ་གཉིས་པས་བསྟན་པ་ 61-1-13b ཡིན་ནོ། །དེ་ལྟར་ན་ཐམས་ཅད་ཅེས་བྱ་བ་ནས་བདག་པོའི་བདག་ཅེས་བྱ་བའི་བར་དུ་བཤད་པས་ཏིང་ངེ་འཛིན་དང་པོ་བསྟན་པ་ཡིན་ནོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ཐམས་ཅད་ཀྱི་མཆོག་ཡིན་པས་ན་ཀུན་མཆོག་གོ། །ཀུན་མཆོག་ཀྱང་ཡིན་ལ་ཆགས་པ་ ཆེན་པོ་ཡང་དེ་ཉིད་ཡིན་པས་ཀུན་མཆོག་ཆགས་པ་ཆེན་པོའོ། །དེའི་དངོས་གྲུབ་ནི་གདུལ་བྱའི་སྐྱེ་བོའི་རྒྱུད་ལ་རྫོགས་པའོ། །དེས་གདུལ་བྱ་དེ་མ་ལུས་ཤིང་ལུས་པ་མེད་པའི་ཁམས་གསུམ་གྱི་བདག་པོ་ཉིད་དོ། །དེའི་རྗེས་སུ་སྒྲུབ་པ་ནི་རྫོགས་པར་མཛད་པའོ། །གླུ་དང་རོལ་མོ་ ཞེས་བྱ་བའི་ཡི་གེ་ཧཱུཾ་གི་གླུ་གསུངས་པ་དང་། པི་ཝང་ལ་སོགས་པའི་རོལ་མོ་སྟོན་པར་བྱེད་པའི་ཧཱུཾ་སྟེ་དེ་ཉིད་རོལ་མོའོ། །དེ་ཉིད་ནི་དོན་དམ་པར་དབུས་དང་མཐའ་མེད་པའི་ཐོག་མཐའ་མེད་པ་སྟེ། སྔར་གསུངས་པ་ཡིན་ཡང་སྦྱོར་བའི་ཁྱད་པར་གྱིས་སླར་ཡང་གསུངས་པ་ཡིན་ནོ། ། དེ་གང་ཡིན་ཞེ་ན་ཧཱུཾ་ཞེས་པའོ། །དེ་ཐམས་ཅད་འཛིན་པ་ཞེས་བྱ་བ་ལ། རྡོ་རྗེ་སེམས་དཔའ་དང་། ཆགས་པའི་རྡོ་རྗེ་མ་དང་། ཀཱི་ལི་ཀཱི་ལ་དང་། རྡོ་རྗེ་དྲན་མ་དང་། རྡོ་རྗེ་འདོད་པའི་དབང་ཕྱུག་མ་རྣམས་ཀྱི་དེ་བཞིན་ཉིད་དང་རོ་གཅིག་པའི་ཡེ་ཤེས་རྣམས་ནི་རྡོ་རྗེ་ཐམས་ཅད་དོ། །དེ་ རྣམས་དང་རྒྱུ་མཐུན་པའི་དང་པོའི་རྡོ་རྗེ་ནི་རྡོ་རྗེ་ཐམས་ཅད་དོ། །དེ་འཛིན་པར་མཛད་པས་ན་རྡོ་རྗེ་འཛིན་པས་ཏེ། རྡོ་རྗེ་ཐམས་ཅད་འཛིན་པ་དེ་ཡིན་ནོ། །ནིའི་སྒྲ་ནི་ངེས་པར་གཟུང་བ་སྟེ། རྡོ་རྗེ་ཐམས་ཅད་འཛིན་པ་ཁོ་ནའོ་ཞེས་བྱའོ། །གསང་བ་ལྔ་ཡི་དེ་ཉིད་ ཆེ། །ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་དང་། དེ་སོ་སོར་རྟོག་པ་དང་། མངོན་དུ་བྱ་བ་དང་། ཡོངས་སུ་མི་སྤང་བ་དང་། ཐོབ་པའི་མཚན་ཉིད་ཅན་གྱི་ཡེ་ཤེས་རྣམས་སོ། །དེ་ལས་བྱུང་བའི་དགའ་བ་ཆེན་པོ་དཔལ་རྡོ་རྗེ་དོན་ཡོད་པའི་ཆགས་པའི་དམ་ཚིག་གིས་འདོད་པའི་རྡོ་རྗེ་ མ་ལ་སོགས་པ་ལྷ་མོ་བཞི་པའོ། །རྡོ་རྗེ་མདའ་ལ་སོགས་པ་ཉེ་བར་མཚོན་པ་རྣམས་ནི་གསང་བ་ལྔའི་དེ་ཁོ་ན་ཉིད་ཆེན་པོའི་ཕྱག་རྒྱའི་ལྷ་མོ་རྣམས་སོ། །དེ་དག་རྡོ་རྗེ་ཐམས་ཅད་འཛིན་པའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས་ལས་བྱུང་བ་ཡིན་ནོ། །ཇི་སྐད་དུ། རྡོ་རྗེ་འཆང་ནི་ཆེན་པོ་ 61-1-14a ཡི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས། །དེ་ཉིད་ཕྱག་རྒྱ་བྱུང་བ་ཡིན། །ཞེས་འོག་ནས་གསུངས་པའི་ཕྱིར་རོ། །རྟག་པ་ཡང་ཡིན་ལ་ཆགས་པ་ཡང་དེ་ཉིད་ཡིན་པས་རྟག་ཏུ་ཆགས་པས་ཏེ། དེ་ལྟར་བྱུང་བའི་རང་བཞིན་གྱིས་རྟག་ཏུ་བཞུགས་པ་ཀུན་མཆོག་ སོ་སོར་རྟོག་པའི་ལྷ་མོའི་གཟུགས་ཅན་གྱི་རྡོ་རྗེ་སེམས་དཔའོ། །དངོས་གྲུབ་ཀྱང་ཡིན་ལ་ཆེན་པོ་ཡང་དེ་ཉིད་ཡིན་པས་ན་དངོས་གྲུབ་ཆེན་པོ་སྟེ། བྱང་ཆུབ་ཆེན་པོའི་མཚན་ཉིད་ཅན་གྱི་སེམས་དང་སེམས་ལས་བྱུང་བ་མངོན་དུ་བྱ་བའི་དངོས་གྲུབ་ཐམས་ཅད་ཀྱི་བདེ་བ་དམ་པའི་ གཟུགས་ཅན་གྱི་རྡོ་རྗེ་སེམས་དཔའོ། །རྣམ་རྒྱལ་ནི་ལྟ་བ་དྲུག་ཅུ་རྩ་གཉིས་ཀྱི་རང་བཞིན་དག་པའི་སོ་སོར་རྟོགས་ནས་སྤང་བའམ་མི་གནས་པའི་མྱ་ངན་ལས་འདས་པས་འཆི་བདག་གི་བདུད་ལས་རྣམ་པར་རྒྱལ་བ་སྟེ། ཀུན་མཆོག་རྣམ་པར་རྒྱལ་བ་མཐོང་བའི་ལྷ་མོའི་གཟུགས་ ཅན་སེམས་དཔའོ། །དབང་ཕྱུག་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པའི་བདག་པོ་ཉིད་དེ། ཐམས་ཅད་ཀྱི་དབང་ཕྱུག་མཆོད་པ་ཆེན་པོའི་ལྷ་མོའི་གཟུགས་ཅན་བཅོམ་ལྡན་འདས་ཡིན་ནོ། །རྟག་ཏུ་ཆགས་པ་དང་། དངོས་གྲུབ་ཆེན་པོ་དང་རྣམ་པར་རྒྱལ་ བ་དང་དབང་ཕྱུག་ནི། རྟག་ཏུ་ཆགས་དང་དངོས་གྲུབ་ཆེ། །རྣམ་རྒྱལ་དབང་ཕྱུག་ཆེ་རྣམས་སོ། །དེ་རྣམས་ཀྱི་ལྷག་པའི་ལྷ་ནི་ལྷག་པའི་ལྷའོ། །དེ་དག་གང་ཡིན་ཞེ་ན་བཞི་པོ་རྣམས་སོ། །ཕྱག་རྒྱ་དམ་པ་ཞེས་བྱ་བ་ནི་ཕུལ་དུ་བྱུང་བའོ། །ཕྱག་རྒྱ་དམ་པ་བཞི་པོ་དེ་དག་ཇི་ལྟ་བུ་ཡིན་ཞེ་ན། སེམས་དཔས་བྱིན་གྱིས་བརླབས་པའི་སྐུ་ཞེས་བྱ་བ་སྨོས་ཏེ། རྡོ་རྗེ་སེམས་དཔའ་ནི་རྡོ་རྗེ་སེམས་དཔའ་སྟེ། དེས་བྱིན་གྱིས་བརླབས་པ་ནི་བརྟན་པར་བྱ་བ་སྟེ། དེའི་དོན་དུ་རིག་པའི་ལྷ་མོ་སྐུ་གཟུགས་ཅན་ཡིན་པས་ན་སེམས་དཔས་བྱིན་གྱིས་བརླབས་པའི་སྐུ་གཟུགས་ཡིན་ནོ། །འདིས་ ནི་འདི་ལྟར་བཤད་པར་འགྱུར་ཏེ། འདི་རྣམས་དཔལ་རྡོ་རྗེ་སེམས་དཔའི་ཡན་ལག་ཡིན་ནོ་ཞེས་བྱའོ། །ཀུན་མཆོག་སོ་སོར་རྟོག་པ་དང་། །ཞེས་བྱ་བ་ལ་ཐམས་ཅད་ཀྱི་མཆོག་ནི་ཀུན་མཆོག་སྟེ། ཐོག་མ་དང་ཐ་མ་མེད་པ་ཆོས་ཀྱི་དབྱིངས་བྱང་ཆུབ་ཆེན་པོའི་ཐུགས་ཀྱི་རང་བཞིན་ཅན་རྡོ་རྗེ་ 61-1-14b སེམས་དཔའོ། །དེའི་སོ་སོར་རྟོག་པ་ནི་དེའི་རང་བཞིན་མངོན་དུ་བྱེད་པའི་གཟུགས་ཅན་ཆོས་བདག་མེད་པ་བསྒོམ་པའི་རང་བཞིན་ཅན་འདོད་ཆགས་རྡོ་རྗེ་མའོ་ཞེས་བྱ་བའི་ཐ་ཚིག་གོ། །དངོས་གྲུབ་ཀུན་གྱི་བདེ་བའི་མཆོག །ཅེས་བྱ་བ་ལ་དཔལ་རྡོ་རྗེ་སེམས་དཔའི་གཉིས་ སུ་མེད་པའི་སེམས་དང་སེམས་ལས་བྱུང་བའི་རྣལ་འབྱོར་པ་རྣམས་ཀྱིས་མངོན་སུམ་དུ་བྱ་བ་གང་ཡིན་པ་དེ་ནི་དངོས་གྲུབ་ཀུན་ཏེ་དེ་ཉིད་བདེ་བའོ། །གཟུགས་དེས་མཆོག་ནི་བཅོམ་ལྡན་འདས་མ་ཀཱི་ལི་ཀཱི་ལའོ། །ཀུན་མཆོག་རྣམ་རྒྱལ་མཐོང་བ་མ། །ཞེས་བྱ་བ་ལ་དེ་ ཉིད་དཔལ་རྡོ་རྗེ་སེམས་དཔའི་གཉིས་སུ་མེད་པའི་སེམས་དང་སེམས་ལས་བྱུང་བའི་རང་བཞིན་གང་རྣལ་འབྱོར་པས་རྟོགས་པར་འགྱུར་བ་དེ་ནི་ཀུན་མཆོག་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཐམས་ཅད་ལས་ཕུལ་དུ་བྱུང་བའི་ཕྱིར་རོ། །དེས་ རྣམ་པར་རྒྱལ་བ་ནི་འདོད་ཆགས་ལ་སོགས་པའི་བག་ཆགས་དང་བཅས་པ་སྤངས་པ་དང་། འཆི་བདག་གི་བདུད་ལས་རྣམ་པར་རྒྱལ་བ་སྟེ། དེའི་མཐོ་བའི་ཡང་མཐོ་བ་སྟེ། དེ་ལས་བྱུང་བའི་རྒྱལ་བའི་བ་དན་གྱིས་ཉེ་བར་མཚོན་པ། བཅོམ་ལྡན་འདས་ མ་རྡོ་རྗེ་དྲན་པའོ། །ཐམས་ཅད་དབང་ཕྱུག་མཆོད་པ་ཆེ། །ཞེས་བྱ་བ་ལ་ཐམས་ཅད་ཀྱང་ཡིན་ལ་དབང་ཕྱུག་ཀྱང་དེ་ཉིད་ཡིན་པས་ན་ཐམས་ཅད་དབང་ཕྱུག་སྟེ། སངས་རྒྱས་སྤྲུལ་པ་དང་། སེམས་ཅན་གྱི་དོན་མཛད་པ་ལ་བདག་པོ་ཉིད་དོ། །དེ་ཡི་མཆོད་པ་ ཆེན་པོ་ནི། །ཐམས་ཅད་དབང་ཕྱུག་མཆོད་པ་ཆེ་བ་སྟེ། བཅོམ་ལྡན་འདས་མ་རྡོ་རྗེ་འདོད་པའི་དབང་ཕྱུག་མའོ། །དངོས་གྲུབ་ཅེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་འདོད་ཆགས་རྡོ་རྗེ་མའི་གཟུགས་ཀྱིས་སོ། །བདེ་བ་དང་ཡིད་བདེ་བ་ཉམས་ སུ་མྱོང་བའི་རང་བཞིན་ཅན་གྱི་ཕུན་སུམ་ཚོགས་པ་ཐམས་ཅད་ནི་ཀཱི་ལི་ཀཱི་ལ་མའི་གཟུགས་ཀྱིས་སོ། །འདོད་ཆགས་ལ་སོགས་པ་ལས་རྣམ་པར་རྒྱལ་བ་ལས་འདོད་པའི་འབྱུང་བའི་དགའ་བ་ཐམས་ཅད་ནི་རྡོ་རྗེ་དྲན་པ་མའི་གཟུགས་ཀྱིས་སོ། །ཐམས་ཅད་ཀྱི་བདག་པོ་ཉིད་ཀྱི་རང་ 61-1-15a བཞིན་ཅན་གྱི་བདག་པོ་ནི་རྡོ་རྗེ་འདོད་པའི་དབང་ཕྱུག་མའི་གཟུགས་ཀྱིས་སོ། །རྡོ་རྗེ་ལྷ་མོ་ཐོག་མཐའ་མེད། །ཅེས་པ་ནི་དབུས་དང་མཐའ་དང་བྲལ་བ་ད་ལྟར་བྱུང་བའི་རང་བཞིན་གྱིས་རྟག་ཏུ་བཞུགས་པ་སྟེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་མཆོག་གི་སྐུ་དེ་རྣམས་ ཡིན་ནོ། །སླར་ཡང་དེ་དག་གསང་བའི་མཆོག་གི་མཚན་རྣམས་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགའ་བ་ཆེན་པོ་ཡང་ཡིན་ལ་དཔལ་རྡོ་རྗེ་དོན་ཡོད་ཀྱང་དེ་ཉིད་ཡིན་པས་ན་དགའ་བ་ཆེན་པོ་དཔལ་རྡོ་རྗེ་དོན་ཡོད་དེ་རྡོ་རྗེ་སེམས་དཔའོ། །དེ་ལ་ཆགས་ པ་ནི་དགའ་བ་སྟེ། དེའི་དམ་ཚིག་ནི་འདོད་པའི་རྡོ་རྗེ་མའོ། །རྡོ་རྗེ་སེམས་དཔའི་ཐུགས་ཀྱི་དགྱེས་པ་སྐྱེད་པར་བྱེད་པས་རྒྱུར་གྱུར་པ་བྱང་ཆུབ་སེམས་བསྒོམ་པའི་རང་བཞིན་ཅན་དུ་ཐུགས་གཞན་དུ་འགྱུར་བ་མེད་པ་བཅོམ་ལྡན་འདས་མ་འདོད་ཆགས་རྡོ་རྗེའོ། །དགའ་བ་ཆེན་པོ་དཔལ་ རྡོ་རྗེ་དོན་ཡོད་པ་ལ་ཆགས་པ་སྐྱེད་པའི་ཕྱིར་རྒྱུའི་དམ་ཚིག་རྣམ་པར་གྲོལ་བའི་ལས་ཀྱི་རང་བཞིན་ཅན་བཅོམ་ལྡན་འདས་མ་རྡོ་རྗེ་ཀཱི་ལི་ཀཱི་ལ་སྟེ། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའི་ཡིད་བདེ་བ་དང་ཡིད་བདེ་བར་མི་ཕྱེད་པའི་རང་བཞིན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དགའ་བ་ཆེན་ པོ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །དེའི་དགའ་བའི་དམ་ཚིག་ནི་དགའ་བའི་རྒྱུ་སྟེ། རྣམ་པར་རྒྱལ་བའི་རྡོ་རྗེ་མ་སྟེ་འདོད་ཆགས་ལ་སོགས་པ་ལས་རྣམ་པར་རྒྱལ་བས་མི་ཕྱེད་པ་རྡོ་རྗེ་དྲན་པ་མའོ། །དགའ་བ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་ནོ། །རྡོ་རྗེ་འདོད་པ་ ནི་ཐམས་ཅད་ལས་སུ་རུང་བའི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་རྣམས་གང་དག་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་སྤྲུལ་པ་དེ་རྣམས་ཀྱི་དབང་ཕྱུག་མ་གང་ཡིན་པ་དེ་ནི་རྡོ་རྗེ་འདོད་པའི་དབང་ཕྱུག་མ་སྟེ། དགའ་བ་ཆེན་པོ་དཔལ་རྡོ་རྗེ་དོན་ཡོད་ལ་ནི་རྡོ་རྗེ་སེམས་ དཔའ་དང་། གདུལ་བྱ་རྣམས་ཀྱི་དགའ་བ་སྐྱེད་པའི་ཕྱིར་རྒྱུ་ཡིན་ནོ་ཞེས་བྱ་བའོ། །འདི་རྣམས་ཞེས་བྱ་བ་ལ་སོགས་པ་ལ་འདོད་ཆགས་རྡོ་རྗེ་ལ་སོགས་པའི་ལྷ་མོ་རྣམས་ཀྱི་འདས་མ་ཐག་ཏུ་བཤད་པའི་མཚན་རྣམས་ལ་དད་ཅིང་ལྷག་པར་མོས་ནས་མཚན་གྱི་དོན་གང་ཞིག་བུད་མེད་ 61-1-15b དམ། སྐྱེས་པའམ། ཁྱེའུ་འམ། བུ་མོའམ། གང་ཟག་མཁས་པ་གང་། མཚན་གྱི་དོན་ཤེས་པས་ཀློག་པ་དེ་ནི་དེ་ཉིད་དོ། །གཞན་མ་ཡིན་པའི་ཕྱག་རྒྱ་ཐམས་ཅད་ནི་འདོད་ཆགས་རྡོ་རྗེ་མ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་ཀྱི་བདག་པོ་རྡོ་རྗེ་སེམས་ དཔར་འགྱུར་རོ། །དེ་ལྟར་ན་ཀུན་མཆོག་ཆགས་པ་ཆེན་པོ་ཞེས་བྱ་བ་ནས་བརྩམས་ཏེ། གསང་བའི་མཆོག་ཅེས་བྱ་བ་ནི་བར་དུ་བསྟན་པས། ཏིང་ངེ་འཛིན་གཉིས་པ་བསྟན་ཏོ། །དེ་ནས་འདུས་པ་སྔོན་དུ་འགྲོ་བས་གསུམ་པ་ཤེས་པར་བྱའོ། །དེ་ལྟར་ཏིང་ངེ་འཛིན་གསུམ་བསྟན་ནས། ད་ནི་དམ་ཚིག་དང་དབང་བསྐུར་བ་ཐོབ་པས་བཟླས་པ་དང་། བསྒོམ་པ་བྱ་བ་ཡིན་ནོ་ཞེས་བྱ་བའི་ཆོ་ག་འདིས་རབ་ཏུ་བསྟན་པར་བྱ་བའི་ཕྱིར་དེ་ནས་འདིར་ནི་བསྒྲུབ་ཅེས་བྱ་བ་ལ་སོགས་པས་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། སློབ་མ་གཞུག་པ་ལ་སོགས་པའི་ལས་ཀྱི་ཆོ་ག་རྒྱས་པར་ གསུངས་པ་ཡིན་ནོ། །དེ་ནས་ཀྱི་སྒྲ་དེ་མ་ཐག་པར་རྗོད་པར་བྱེད་པ་སྟེ། སྔོན་དུ་བསྙེན་པ་འདས་མ་ཐག་པ་ཁོ་ན་ཡིན་ནོ། །འདིར་ཞེས་བྱ་བ་ནི་གསང་བའི་དཀྱིལ་འཁོར་དུའོ། །གང་གིས་བསྒྲུབ་པར་བྱ་བ་དེ་ནི་སྒྲུབ་པ་སྟེ་དཀྱིལ་འཁོར་གྱི་ཆོ་གའོ། །སྒྲུབ་པ་གང་གིས་དཔལ་རྡོ་རྗེ་ སེམས་དཔའ་ཉིད་རྟོགས་པར་འགྱུར་བ་དེ་བཤད་པར་བྱའོ། །དངོས་གྲུབ་ཅེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །ཉིན་རེ་ཞེས་བྱ་བ་ནི་སྔོན་དུ་བསྙེན་པ་བྱས་པའི་རྣལ་འབྱོར་པས་དཀྱིལ་འཁོར་བྲིས་ལ་ཉིན་རེ་བཞིན་དུ་ཇི་སྲིད་དཀྱིལ་འཁོར་སྒྲུབ་པ་དེ་སྲིད་སྒྲུབ་པ་བདུན་གྱི་བར་དུ་ བྱས་ན་དེ་ནས་འགྲུབ་པར་འགྱུར་རོ། །ཟླ་བ་རེ་རེའམ་ཞེས་བྱ་བ་སྔ་མ་བཞིན་དུ་སྔོན་དུ་བསྙེན་པ་བྱས་ཀྱང་གལ་ཏེ་དང་པོའི་སྒྲུབ་པས་གྲུབ་པར་མ་གྱུར་ན་ཡང་དང་ཡང་དུ་ཟླ་བའི་བར་བསྙེན་པ་བྱས་ལ་ཉ་དང་ཉ་ལ་དཀྱིལ་འཁོར་འདི་བྲིས་ཏེ། མཚན་ཐོག་ཐག་བསྒོམ་པར་བྱ་སྟེ། དེ་ལྟར་ན་ སྒྲུབ་པ་བདུན་ལ་ངེས་པར་འགྲུབ་པར་འགྱུར་རོ། །དེ་བཞིན་ལོ་ནི་རེ་རེ་ལ། །ཞེས་བྱ་བ་ལ་ཡང་ལོ་གཅིག་གི་སྔོན་དུ་བསྙེན་པ་བྱ་སྟེ། གལ་ཏེ་དང་པོ་ལ་སོགས་པའི་སྒྲུབ་པས་གྲུབ་པར་མ་གྱུར་ན། སླར་ཡང་ལོ་གཅིག་གི་བར་དུ་བསྙེན་པ་བྱས་ཏེ། དེ་སྲིད་སྒྲུབ་པ་བྱས་ན། ཇི་སྲིད་ 61-1-16a སྒྲུབ་པ་བདུན་པ་ལས་ཡོངས་སུ་རྫོགས་པར་འགྱུར་རོ། །ཇི་སྲིད་མངོན་པར་འདོད་པ་བསྒྲུབ་པར་བྱ་ཞེས་བྱ་བ་ལ། ཕྱག་རྒྱ་ཆེན་པོ་ལ་སོགས་པའི་བསྒྲུབ་བྱའི་དངོས་པོ་རྣམས་ཀྱི་ནང་རྣལ་འབྱོར་པས་གང་ཞིག་མངོན་པར་འདོད་པ་དེ་ཉིད་བསྒྲུབ་པར་བྱ་བ་ཡིན་ནོ། །ཇི་སྙེད་ པ་ཞེས་བྱ་བ་ནི་ཕྱིའི་ཕུན་སུམ་ཚོགས་པ་ཇི་ལྟར་འཐོབ་པ་སྟེ། ཆུང་ངུ་འམ་འབྲིང་ངམ། མང་པོའི་ཕྱིའི་ཕུན་སུམ་ཚོགས་པས་མཆོད་པར་བྱས་ནས་བསྒྲུབ་པར་བྱའོ། །ཅི་བདེ་བ་ཞེས་བྱ་བ་ལ་དཀའ་ཐུབ་མ་ཡིན་པ་དང་ངེས་པ་མེད་པས་བསྒྲུབ་པར་བྱའོ། །རས་ལ་བཅོམ་ལྡན་འདས་བྲི་ བར་བྱ་ཞེས་བྱ་བ་ནི་རས་རིས་ལ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་བྲི་བར་བྱའོ། །ཀུན་བདག་དམ་ཚིག་དབང་ཕྱུག་གོ། །ཞེས་བྱ་བ་ལ། ཀུན་ནི་བརྟན་པ་དང་གཡོ་བའི་དངོས་པོ་རྣམས་སོ། །དེའི་བདག་ཉིད་རང་བཞིན་ཏེ། ཀུན་བདག་ཉིད་དོ། །དེ་ཡང་ཐོག་མ་དང་ཐ་མ་མེད་པའི་ ཆོས་ཀྱི་དབྱིངས་སོ། །དེའི་དམ་ཚིག་ནི་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོའི་རང་བཞིན་ཏེ་དེ་ལས་བྱུང་བའི་ཕྱིར་རོ། །ཀུན་བདག་དམ་ཚིག་ཀྱང་ཡིན་ལ་དེ་ཉིད་དབང་ཕྱུག་ཀྱང་ཡིན་པ་སྟེ། ཀུན་བདག་དམ་ཚིག་དབང་ཕྱུག་གོ། །གང་ཞིག་ཅེས་བྱ་བ་ལ་གང་ཞིག་བྲིས་ནས་བརྟག་པ་ དང་མཆོག་ཏུ་འགྱུར་བའི་ཐར་བར་འགྱུར་རོ། །བཞད་པ་དང་བཅས་པ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །རབ་ཏུ་དགའ་དང་བདེ་བའི་སྐུ། །ཞེས་བྱ་བ་ལ་རབ་ཏུ་དགའ་བ་ནི་ཡིད་བདེ་བའོ། །བདེ་བའི་ལུས་ཀྱི་ཚོར་བ་བདེ་བ་ཆེན་པོའི་བདེ་བ་ཡང་ངོ་། །རབ་ཏུ་དགའ་བ་ དང་བདེ་བ་དག་ནི་རབ་ཏུ་དགའ་བ་དང་བདེ་བ་དག་གོ། །དེ་སྟོན་པར་བྱེད་པ་དང་། དེ་ལས་བྱུང་བ་དང་། དེ་ཐོབ་པར་བྱེད་པའི་སྐུ་ནི་རབ་ཏུ་དགའ་བ་དང་བདེ་བའི་སྐུའོ། །དང་པོ་ཞེས་བྱ་བ་ནི་འདོད་ཆགས་རྡོ་རྗེ་མའོ། །གཞན་ཞེས་བྱ་བ་ནི་ཀཱི་ལི་ཀཱི་ལའོ། །གཞན་ནི་རྡོ་རྗེ་དྲན་པ་མའོ། ། རྡོ་རྗེ་སྙེམས་པ་འཛིན་པ་ནི་རྡོ་རྗེ་འདོད་པའི་དབང་ཕྱུག་མའོ། །དང་པོ་ནི་འདོད་ཆགས་རྡོ་རྗེ་མའོ། །གཉིས་པ་ནི་ཀཱི་ལི་ཀཱི་ལའོ། །གསུམ་པ་ནི་རྡོ་རྗེ་དྲན་པ་མའོ། །བཞི་པ་ནི་རྡོ་རྗེ་འདོད་པའི་དབང་ཕྱུག་མའོ། །དབུས་ཀྱི་རང་ལྷ་དགྱེས་པས་སྤྲོ། །ཞེས་བྱ་བ་ལ་དབུས་ཀྱི་རང་གི་ལྷ་ནི་རྡོ་རྗེ་ 61-1-16b སེམས་དཔའ་སྟེ། དེ་ལས་འཁྱུད་པ་དགྱེས་ཤིང་སྤྲོ་བ་གང་ལ་ཡོད་པ་དེ་ནི་དབུས་ཀྱི་རང་ལྷ་དགྱེས་པར་སྤྲོ་བ་སྟེ་རྡོ་རྗེ་ཀཱི་ལི་ཀཱི་ལ་དགོད་པར་བྱའོ། །དེའི་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་ཀཱི་ལི་ཀཱི་ལ་དེའི་ལྷོའི་ལོགས་ལ་རྡོ་རྗེ་ཆེ་བའི་མདའ་ནི་གསོར་བ་ལ་བརྩོན་པ་ཞེས་པ་ལ། རྡོ་རྗེ་རྩེ་གཅིག་ པའི་མདེའུ་ཅན་གྱི་མདའ་ནི་རྡོ་རྗེ་ཆེན་པོའི་མདའ་སྟེ། དེ་གྱེན་དུ་བསྟོད་པས་གསོར་བར་མཛད་ཅིང་དེ་ལ་སོགས་པ་གང་ཡིན་པ་དེ་ནི་རྡོ་རྗེ་ཆེན་པོའི་མདའ་གསོར་བ་ལ་བརྩོན་པ་སྟེ། འདོད་ཆགས་རྡོ་རྗེ་མའོ། །དེ་ཀཱི་ལི་ཀཱི་ལའི་ལྷོ་ཕྱོགས་ལ་དགོད་པར་བྱའོ། །བསྙེམས་པའི་ཕྱག་ གིས་ཡོངས་འཁྱུད་པའི། །ཆུ་སྲིན་རྒྱལ་མཚན་བསྒྲེང་དང་བཅས། །ཞེས་བྱ་བ་ལ་ཆུ་སྲིན་གྱི་རྒྱལ་མཚན་བསྒྲེང་བ་དང་བཅས་པའི་སྐུ་གང་ལ་མངའ་བ་དེ་ནི་ཆུ་སྲིན་གྱི་རྒྱལ་མཚན་བསྒྲེང་བའི་སྐུ་ཅན་ནོ། །བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་བསྙེམས་པའི་ཕྱག་གིས་ཡོངས་སུ་འཁྱུད་པ་ གང་ཡིན་པ་དེའོ། །བསྙེམས་པའི་ཕྱག་གིས་ཡོངས་སུ་འཁྱུད་པ་ཡང་དེ་ཡིན་ལ་ཆུ་སྲིན་རྒྱལ་མཚན་བསྒྲེང་བ་དང་བཅས་པ་ཡང་དེ་ཡིན་པས་ན། བསྙེམས་པའི་ཕྱག་གིས་ཡོངས་སུ་འཁྱུད་པའི་ཆུ་སྲིན་རྒྱལ་མཚན་བསྒྲེང་བ་དང་བཅས་པ་སྟེ་བཅོམ་ལྡན་འདས་མ་རྡོ་རྗེ་དྲན་པ་མའོ། ། དེ་ཡི་ལོགས་ལ་བཞད་དང་བཅས། །མཆོད་པས་བདག་པོ་ལ་རྡེག་པ། །ཞེས་བྱ་བ་ལ། རྡོ་རྗེ་དྲན་པ་མ་དེའི་གཡོན་གྱི་ལོགས་ནི་དེའི་ལོགས་ཏེ། དེའི་ལོགས་དེར་བཅོམ་ལྡན་འདས་མ་རྡོ་རྗེ་འདོད་པའི་དབང་ཕྱུག་མ་རྡོ་རྗེ་དྲིལ་བུ་དང་བཅས་པའི་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་བསྙེན་ པ་མཛད་ཅིང་གཡས་པ་ནི་ཕྱག་ན་བསྣམས་པའི་མཆོད་པའི་མེ་ཏོག་གི་ཕྲེང་བས་བདག་པོ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་རྡེག་པ་དགོད་པར་བྱའོ། །སངས་རྒྱས་རིན་ཆེན་དབང་བསྐུར་གྱིས། །མཚན་མ་ཐམས་ཅད་ཅེས་བྱ་བ་ལ། འདོད་ཆགས་རྡོ་རྗེ་མ་ནི་དེ་བཞིན་གཤེགས་ པ་མི་བསྐྱོད་པ་དང་ལྡན་པ་དང་། ཀཱི་ལི་ཀཱི་ལ་ནི་དེ་བཞིན་གཤེགས་པ་རིན་ཆེན་འབྱུང་ལྡན་དང་། རྡོ་རྗེ་དྲན་པ་མ་ནི་དེ་བཞིན་གཤེགས་པ་སྣང་བ་མཐའ་ཡས་དང་ལྡན་པ་དང་། རྡོ་རྗེ་འདོད་པའི་དབང་ཕྱུག་མ་ནི་དེ་བཞིན་གཤེགས་པ་དོན་ཡོད་གྲུབ་པ་དང་ལྡན་པའི་ཅོད་པན་གྱི་དབང་ 61-1-17a བསྐུར་བ་ཡིན་ནོ། །སྤྱན་གྱིས་ཕྱག་རྒྱ་ལ་གཟིགས་པ། །ཞེས་བྱ་བ་འདི་རྣམས་རྡོ་རྗེ་མདའ་ལ་སོགས་པའི་ཕྱག་རྒྱ་ལ་གཟིགས་པའི་སྤྱན་གང་ལ་མངའ་བ་དེ་ནི་སྤྱན་གྱིས་ཕྱག་རྒྱ་ལ་གཟིགས་པའོ། །རང་བདག་ལ་ནི་ཐུགས་གཏད་པ། །ཞེས་བྱ་བ་ལ་བཅོམ་ལྡན་འདས་རྡོ་རྗེ་ སེམས་དཔའ་ལ་ཐུགས་གཏད་པའོ། །ཟུར་དུ་ལྟ་ཞིང་བཞུགས་པའོ། །ཞེས་བྱ་བ་ལ། དེ་ལ་མིག་ལྟ་ཞིང་དེ་ཤིན་ཏུ་ཆགས་པ་བསྐྱེད་པའི་ཕྱིར་ལུགས་སུ་ལྟ་ཞིང་བཞུགས་པ་སྟེ། རང་གི་ཕྱག་རྒྱ་ལ་སྤྱན་གཏད་ནས་བཞུགས་པ་ཡིན་ནོ། །རས་རིས་འདི་ནི་མཐོང་བ་ཡིས། །ཞེས་ བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ལྟར་འདས་མ་ཐག་ཏུ་བཤད་པའི་ཆོ་གས་རས་རིས་འདི་ཐམས་ཅད་གཟིགས་པ་རྣམས་ཀྱི་རས་རིས་འདི་མཆོད་པ་ཆེན་པོའི་དཔལ་གྱིས་རོལ་བར་བྱེད་ཅེས་སྦྱར་རོ། །མཆོག་ཅེས་བྱ་བ་ལ་སོགས་པས་དེ་ཉིད་ཀྱི་ཁྱད་པར་བསྟན་པ་ཡིན་ཏེ། མཆོག་ ཀྱང་ཡིན་ལ་དགའ་བ་ཡང་དེ་ཉིད་ཡིན་པས་ན་མཆོག་གི་དགའ་བ་སྟེ། དཔལ་རྡོ་རྗེ་སེམས་དཔའི་དགའ་བའོ། །དེ་ཉིད་ཕུལ་དུ་བྱུང་བའི་འདོད་པ་ནི་ཀུན་མཆོག་སོ་སོར་རྟོག་པའི་མཚན་ཉིད་ཅན་གྱི་རྡོ་རྗེ་སེམས་དཔའ་འདོད་པ་གང་ལ་ཡོད་པ་དེ་ནི་མཆོག་ཏུ་དགའ་བ་ཕུལ་དུ་བྱུང་བའི་འདོད་ པ་ཅན་ནོ། །ཡང་ན་མཆོག་ཏུ་དགའ་བས་བསྐྱེད་པའི་ཕུལ་དུ་བྱུང་བའི་འདོད་པ་ནི་ཀུན་མཆོག་སོ་སོར་རྟོག་པའི་རང་བཞིན་ཅན་གྱི་རྡོ་རྗེ་སེམས་དཔའི་འདོད་པ་གང་ལ་ཡོད་པ་དེ་ནི་མཆོག་ཏུ་དགའ་བ་ཕུལ་དུ་བྱུང་བའི་འདོད་པ་ཅན་ཏེ། དེ་སྟོན་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །མཆོག་ནི་ཆོས་ཀྱི་ དབྱིངས་དང་། སེམས་ཅན་ཡོངས་སུ་སྨིན་པ་ལ་ཆགས་པས་ན་མཆོག་ལ་ཆགས་པ་སྟེ། ཀཱི་ལི་ཀཱི་ལའི་རང་བཞིན་ཅན་གྱི་དཔལ་རྡོ་རྗེ་སེམས་དཔའོ། །དེའི་དགའ་བ་མཆོག་ནི་བག་ཆགས་དང་བཅས་པའི་ཉོན་མོངས་པའི་དྲི་མ་བསལ་བའོ། །དེའི་དངོས་གྲུབ་ནི་རྫོགས་པ་སྟེ། དེས་ གྲུབ་པ་ནི་རྫོགས་པར་གྱུར་པའོ། །ཀཱི་ལི་ཀཱི་ལའི་རང་བཞིན་གྱི་དཔལ་རྡོ་རྗེ་སེམས་དཔའི་དགའ་བ་མཆོག་གི་དངོས་གྲུབ་ཀྱི་གདུལ་བྱ་རྣམས་ལ་རྫོགས་པའོ་ཞེས་བྱ་བའི་ཐ་ཚིག་གོ། །གསལ་བར་ནི་དངོས་པོ་ཐམས་ཅད་འཛིན་པའི་མངོན་པར་ཞེན་པ་དང་བྲལ་བས་འདོད་ཆགས་ལ་སོགས་ 61-1-17b པའི་ཉོན་མོངས་པ་ལས་རྣམ་པར་རྒྱལ་བ་དང་། འཆི་བདག་གི་བདུད་ལས་རྣམ་པར་རྒྱལ་བ་རྡོ་རྗེ་དྲན་པ་མའི་རང་བཞིན་གྱི་རས་རིས་ཆེན་པོ་གང་ལ་ཡོད་པ་དེ་ནི་གསལ་ཞིང་རྣམ་པར་རྒྱལ་བའི་རས་རིས་ཆེན་པོའོ། །རས་རིས་འདིས་ཞེས་བྱ་བ་འདས་མ་ཐག་ཏུ་བཤད་པའི་མཚན་ཉིད་ ཅན་གྱི་རས་རིས་གཙོ་བོར་གཟུང་བ་ཉིད་ཀྱིས་བསྟན་པ་ཡིན་ཏེ། རས་རིས་འདི་ཁོ་ནས་རོལ་བར་བྱེད་པ་ཡིན་ཏེ་གཞན་ནི་མ་ཡིན་ནོ། །ཐམས་ཅད་གཟིགས་པའི་མཆོད་པ་ཆེན་པོའི་དཔལ། །ཞེས་བྱ་བ་ལ། ཐམས་ཅད་གཟིགས་པས་ན་ཐམས་ཅད་གཟིགས་པ་སྟེ། དེ་བཞིན་ གཤེགས་པ་རྣམས་སོ། །དེ་དག་རང་གི་རས་རིས་འདི་རོལ་བར་བྱེད་པ་ནི་སྒྲུབ་པར་བྱེད་པའོ། །ཅི་སྒྲུབ་པར་བྱེད་ཅེ་ན། མཆོད་པ་ཆེན་པོའི་དཔལ་ཞེས་བྱ་བ་ལ། མཆོད་པ་ཡང་ཡིན་ལ་ཆེན་པོ་ཡང་དེ་ཉིད་ཡིན་པས་ན་མཆོད་པ་ཆེན་པོ་སྟེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སོ་སོར་ རྟོག་པའི་རང་བཞིན་ཅན་འདོད་པའི་དབང་ཕྱུག་མའི་ངོ་བོ་བཅོམ་ལྡན་འདས་རྡོ་རྗེ་འཆང་ངོ་། །དེའི་དཔལ་ནི་དེ་རྣམས་ཏེ་ཕུན་སུམ་ཚོགས་པ་གང་ཡིན་པ་དེ་དག་སྒྲུབ་པར་བྱེད་པའོ། །ལྷ་མོ་བཞི་དང་འདུས་པའི་སྦྱོར་བས་བཅོམ་ལྡན་འདས་གནས་གང་དུ་རས་རིས་ལ་བྲི་བར་བྱ་ཞེ་ན། འཁོར་ལོ་དེ་ནི་བརྟགས་བྱས་ནས། །ཞེས་བྱ་བ་ལ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ལྷ་མོའི་དཀྱིལ་འཁོར་གང་བཤད་པ་དེ་ཉིད་ཇི་ལྟ་བ་བཞིན་དུ་ཐིག་གདབ་པ་ཡང་དག་པར་བྲིས་ལ། སྐྱེ་བོ་ཐམས་ཅད་ཀྱི་ཐུན་མོང་མ་ཡིན་པའི་གསང་བའི་དཀྱིལ་འཁོར་མཆོག་ཏུ་ཕུལ་དུ་བྱུང་བ་གང་ ཡིན་པ་དེ་བརྟགས་ནས་བཅོམ་ལྡན་འདས་འདི་དབུས་ཀྱི་དཀྱིལ་འཁོར་གྱི་ཕྱོགས་སུ་ལྷ་མོ་བཞི་དང་ཡང་དག་པར་འདུས་པའི་སྦྱོར་བས་རས་རིས་ལ་བྲི་བར་བྱའོ། །འཁོར་ལོ་དེ་ཡང་གནས་གང་དུ་བརྟག་པར་བྱ་ཞེ་ན། རྣམ་པར་དབེན་པའི་ཁང་པའམ། །ཞེས་བྱ་བ་ལ་སོགས་པ་ལ་ དམ་ཚིག་མི་ཤེས་པ་ལ་སོགས་པའི་སེམས་ཅན་དང་བྲལ་བ་ནི་རྣམ་པར་དབེན་པ་སྟེ། ཁང་པ་སུམ་བརྩེགས་ཀྱི་ཁང་བཟངས་དེར་རོ། །ཡང་ན་སྐྱེད་མོས་ཚལ་ལ་སོགས་སུ་ཞེས་བྱ་བ་ལ་སྐྱེད་མོས་ཚལ་ཐོག་མར་གང་ལ་ཡོད་པ་དེ་ནི་སྐྱེད་མོས་ཚལ་ལ་སོགས་པའོ། །སྐྱེད་མོས་ཚལ་ལ་སོགས་ 61-1-18a པ་དང་བཅས་པའི་ས་ཕྱོགས་གང་ཡིན་པ་དེ་ནི་སྐྱེད་མོས་ཚལ་དང་བཅས་པའི་ཕྱོགས་སོ། །སོགས་པའི་སྒྲས་ནི་གཙུག་ལག་ཁང་དང་། ཀུན་དགའ་ར་བ་དང་། རི་བོ་དང་། ཆུའི་འགྲམ་དང་། རྒྱ་མཚོ་དང་། རྒྱལ་པོའི་ནགས་ཚལ་ལ་སོགས་པ་ཁང་པ་མེད་པ་རྣམས་ གཟུང་བར་བྱའོ། །ཡང་གི་སྒྲས་ནི་སྔ་མ་ལས་ཁྱད་པར་དུ་བསྟན་པའི་དོན་དུའོ། །དེ་བཞིན་གཤེགས་པ་ལ་སོགས་པ་ནི་བཤད་ཟིན་ཏོ། །རྡོ་རྗེ་གླུ་ཞེས་བྱ་བ་ལ་སོགས་པ་ནི་དེ་ལ། ཐམས་ཅད་རྗེས་སུ་ཆགས་པའི་བདེ་བ་དམ་པའི་ཐུགས། །རྡོ་རྗེ་སེམས་དཔའ་ཁྱོད་ནི་རབ་ཏུ་བྱུང་བ་ ཡིན། །རབ་ཏུ་དགའ་བ་འགྲོ་བ་འགྲོ་བ་ཀུན་གྱི་བདེ་ཆེན་པོ། །བརྟན་མཐོ་དེ་རིང་བདག་ལ་མྱུར་གྲུབ་མངོན་ཕྱོགས་མཛོད། །ཅེས་བྱ་བའི་རྡོ་རྗེའི་གླུ་རྒྱུད་འདི་ཉིད་ལས་གསུངས་པ་དང་། སངས་རྒྱས་ཐམས་ཅད་འདུས་པའི་རྒྱུད་ལས་ཀྱང་གསུངས་པ་ཡིན་ཏེ། དེ་དག་གིས་མཆོད་ པར་བྱའོ། །གླུ་ནི་འཇིག་རྟེན་པའི་གླུའོ། །རོལ་མོ་ནི་པི་ཝང་ལ་སོགས་པའི་རོལ་མོའོ། །རྣམ་འཕྲུལ་ནི་གར་ཏེ། རྣམ་འཕྲུལ་གར་དུ་རབ་ཏུ་བཤད། །ཅེས་བྱ་བ་གསུངས་པའི་ཕྱིར་རོ། །གླུ་དང་རོལ་མོ་དང་རྣམ་པར་འཕྲུལ་པ་ནི་གླུ་དང་རོལ་མོ་རྣམ་པར་འཕྲུལ་པ་རྣམས་སོ། ། རྡོ་རྗེ་གླུའི་མཆོད་པ་ལ་སོགས་པ་དང་། གླུ་དང་རོལ་མོ་དང་རྣམ་པར་འཕྲུལ་པ་ནི་རྡོ་རྗེའི་གླུའི་མཆོད་སོགས་དང་། གླུ་དང་རོལ་མོ་རྣམ་པར་འཕྲུལ་པ་རྣམས་སོ། །དེ་དག་ཁང་བཟངས་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །མེ་ཏོག་དང་སྤོས་དག་གིས་ཕུལ་དུ་བྱུང་བའི་ སྦྱོར་བ་ནི་རབ་ཏུ་སྦྱོར་བའོ། །མེ་ཏོག་དང་སྤོས་ཀྱི་རབ་ཏུ་སྦྱོར་བ་དེ་དག་གི་མཆོད་པ་ཐོག་མར་གང་ལ་ཡོད་པ་དེ་ནི་མེ་ཏོག་དང་སྤོས་དང་། རབ་ཏུ་སྦྱོར་བ་ལ་སོགས་པ་མར་མེའི་སྦྱོར་བའོ། །དེ་ཡིས་ཡང་དག་པར་མཆོད་པ་གང་ཡིན་པ་དེ་ནི། མེ་ཏོག་སྤོས་དང་རབ་སྦྱར་སོགས། ། མར་མེའི་སྦྱོར་བས་ཡང་དག་མཆོད་དེ། དེ་ལྟ་བུའི་དཀྱིལ་འཁོར་གྱི་ཁང་པ་སུམ་བརྩེགས་དེར། མཆོག་སྟེ་ཕུལ་དུ་བྱུང་བའི་གསང་བའི་དཀྱིལ་འཁོར་མདུན་དུ་བྲི་བར་བྱས་ལ་མཚན་ཐོག་ཐག་སྒོམ་པའི་སྦྱོར་བས་རབ་ཏུ་བསྒྲུབ་པར་བྱ་བ་ནི་རང་ལ་རག་ལས་པར་བྱའོ། །ཡང་ན་བདག་ 61-1-18b ཉིད་མཆོག་གྱུར་པས། །རང་གི་ལྷ་ཉིད་བསྒོམ་བྱ་ཞིང་། །ཞེས་བྱ་བ་ལ། ཡང་ན་ཞེས་བྱ་བ་ཕྱོགས་གཞན་བསྟན་པ་ཡིན་ནོ། །བདག་ཉིད་མཆོག་ནི་ཕུལ་དུ་བྱུང་བ་སྟེ་དཔལ་རྡོ་རྗེ་སེམས་དཔའོ། །དེ་ཉིད་རང་གི་ལྷ་དེ་འདོད་པའི་ལྷ་བསྒོམ་ཞིང་ཇི་ལྟ་བ་བཞིན་དུ་བཤད་པའི་ མཚན་ཉིད་ཅན་གྱི་ཁང་པ་སུམ་བརྩེགས་སུ་གསང་བའི་དཀྱིལ་འཁོར་རབ་ཏུ་བསྒྲུབ་པར་བྱའོ། །འདིས་ནི་འདི་ལྟར་བཤད་པར་འགྱུར་ཏེ། དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ་ཚོགས་ཀྱི་དཀྱིལ་འཁོར་གྱི་རབ་ཏུ་སྦྱོར་བས་སྔོན་དུ་བསྙེན་པ་བྱ་སྟེ། མཚན་མ་ཐོབ་པའི་ རྣལ་འབྱོར་པས་ཇི་ལྟར་བཤད་པའི་མཚན་ཉིད་ཅན་གྱི་ཁང་པ་སུམ་བརྩེགས་སུ་གསང་བའི་དཀྱིལ་འཁོར་བྲིས་ནས་རང་ཉིད་ཀྱིས་ལྷ་མོ་བཞི་དང་། ཡང་དག་པར་འདུས་པའི་སྦྱོར་བས་རབ་ཏུ་བསྒྲུབ་པའི་རབ་མྱོས་མ་རྣམས་དང་ལྷན་ཅིག་ཏུ་དཀྱིལ་འཁོར་གྱི་དབུས་སུ་ཞུགས་ཏེ། དུས་ ཀྱི་མཆོད་པ་ལ་སོགས་པའི་སྦྱོར་བ་དང་ལྡན་པའི་གཟུངས་མ་རྣམས་སམ། སློབ་མའི་ཚོགས་རང་རང་གི་གནས་སུ་བཀོད་ལ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་པར་བྱའོ། །འཇུག་པའི་དུས་ནི་རང་གི་སློབ་དཔོན་རྡོ་རྗེ་སེམས་དཔའི་གནས་སུ་བཀོད་ལ། བདག་ཉིད་འཇུག་པ་ལ་སོགས་ པའི་ཆོ་ག་རྫོགས་པར་བྱས་ཏེ། ཕྱི་ནས་དེར་འདུག་ལ་བསྒོམ་པར་བྱ་བ་ཡིན་ནོ། །དེ་ནས་འཁོར་ལོ་མ་ཞུགས་ཀྱང་། །རང་ཉིད་ཀྱིས་ནི་རབ་ཞུགས་ནས། །ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །མཆོག་ཏུ་གསང་བ་དམ་པ་ཞེས་བྱ་བ་ལ། མཆོག་ནི་ཐོག་མ་མེད་པའི་ སངས་རྒྱས་འབྱུང་བ་དམ་པ་ལ་བཞུགས་པའི་ཕྱིར་རོ། །གསང་བ་ནི་རྡོ་རྗེ་ལྷ་མོའི་ཚོགས་ནང་བཞུགས་པའི་བཅོམ་ལྡན་འདས་ཀྱི་སྐུའོ། །མཆོག་ཀྱང་ཡིན་ལ་གསང་བ་ཡང་དེ་ཉིད་ཡིན་པས་ན་མཆོག་ཏུ་གསང་བ་སྟེ། དེའི་དམ་པ་ནི་དཔལ་དམ་ཚིག་གསུམ་གྱི་གསང་བའི་དཀྱིལ་ འཁོར་ཏེ། དེར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལྷ་མོ་བཞིའི་དབུས་ན་བཞུགས་པའོ། །དེ་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས་ནི་དམ་ཚིག་སྟེ། དེས་ཉེ་བར་མཚོན་པའི་གསང་བའི་དཀྱིལ་འཁོར་ནི་མཆོག་ཏུ་གསང་བ་དམ་པའི་དམ་ཚིག་གསུམ་མོ། །དེར་ཞུགས་པའི་ 61-1-19a ཕྱིར་མཆོག་ཏུ་གསང་བ་སྟོན་པར་བྱེད་པའི་རྡོ་རྗེའི་གླུའི་མཆོད་པའོ། །དེ་ཁྱད་པར་ཇི་ལྟ་བུ་དང་ལྡན་ཞེ་ན། མཆོག་ཏུ་གྲུབ་པ་ཞེས་བྱ་བ་ལ། ཇི་ལྟ་བ་བཞིན་དུ་རྡོ་རྗེ་བསྙེམས་པས་གླུ་ལེན་ཅིང་འཇུག་པའི་ཕྱག་རྒྱས་མེ་ཏོག་རྣམས་བླངས་ལ་གསང་བའི་དཀྱིལ་འཁོར་དུ་ འཇུག་པར་བྱའོ། །བཅོམ་ལྡན་བདེ་ཆེན་ཁྱོད་ནི་རབ་ཏུ་འཇུག །ཅེས་བྱ་བ་ལ་རྡོ་རྗེ་སེམས་དཔར་བྱས་པའི་རང་གྱི་རྒྱུད་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་འཇུག་པའི་བདག་ཉིད་ལ་བོད་པ་ཡིན་ཏེ། ཐར་པའི་གྲོང་ཁྱེར་གསང་བའི་དཀྱིལ་འཁོར་དུ་ཞུགས་ ཤིག་པའོ། །ཐར་པའི་གྲོང་ཁྱེར་དེ་ཉིད་ཀྱི་ཁྱད་པར་བསྟན་པར་བྱ་བའི་ཕྱིར། དངོས་གྲུབ་ཀུན་གྱི་བདེ་བ་ཉམས་དགའ་བ། །ཞེས་བྱ་བ་ལ། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྟོགས་པ་ནི་དངོས་གྲུབ་ཡིན་ནོ། །དེ་ལས་བྱུང་བའི་བདེ་བ་ནི་དངོས་གྲུབ་ ཀུན་གྱི་བདེ་བའོ། །དེས་དགའ་བར་བྱེད་པས་ན་ཉམས་དགའ་བ་སྟེ་ཡིད་དང་རྗེས་སུ་མཐུན་པའོ། །མཆོག་ཏུ་བདེ་བ་དམ་པའི་དངོས་གྲུབ་ཀྱིས། །ཞེས་བྱ་བ་ལ་ཕྱི་མའི་མཐའི་བར་དུ་སྐད་ཅིག་མ་རེ་རེ་ལ་སྤྲུལ་པའི་སྤྲིན་རྣམས་ཀྱིས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་ གསུང་ཐུགས་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་དང་། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱ་བ་ནན་ཏན་སྒྲུབ་པའི་ཡེ་ཤེས་མཆོག་ཏུ་བདེ་བ་དམ་པའི་དངོས་གྲུབ་བསྒྲུབ་བོ། །དེ་ཉིད་རྒྱུར་གྱུར་པས་དེར་བཞུགས་ཤིག་ཅེས་བྱའོ། །ཀུན་གྱི་མཆོག་སོ་སོར་རྟོག་པའི་རང་ བཞིན་ཉིད་ཀྱིས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས་མངོན་དུ་བྱས་ན་རིགས་པ་ཡིན་ནོ། །ཀཱི་ལི་ཀཱི་ལའི་རང་བཞིན་བདེ་བ་ཆེན་པོའོ། །རྡོ་རྗེ་དྲན་པ་མའི་རང་བཞིན་གྱི་དངོས་གྲུབ་ཀུན་བདེ་བ་ཉམས་དགའ་བའོ། །རྡོ་རྗེ་བསྙེམས་མའི་རང་བཞིན་ གྱི་མཆོག་ཏུ་བདེ་བ་དམ་པའི་དངོས་གྲུབ་བོ། །ཛཿཧཱུཾ་བཾ་ཧོཿཁྱེད་ཀྱིས་རབ་བསྒྲུབ་མཛོད། །ཅེས་བྱ་བ་ལ་འདོད་ཆགས་རྡོ་རྗེ་མ་དང་། ཀཱི་ལི་ཀཱི་ལ་དང་། རྡོ་རྗེ་དྲན་མ་དང་། རྡོ་རྗེ་འདོད་པའི་དབང་ཕྱུག་མའི་རང་བཞིན་རྣམས་ཀྱིས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་ 61-1-19b གསུང་ཐུགས་རྡོ་རྗེ་རྣམས་དགུག་ཅིང་བཅུག་ལ་བཅིངས་ནས་དབང་དུ་བྱ་སྟེ། ཛཿཧཱུཾ་བཾ་ཧོཿརྣམས་ཀྱིས་མཆོག་ཏུ་གྲུབ་པར་གྱུར་པ་ནི་རབ་ཏུ་གྲུབ་པར་མཛོད་ཅིག་ཅེས་བྱའོ། །ཞུགས་ཏེ་ཞེས་བྱ་བ་ལ་སོགས་པ་ལ་དེར་འདས་མ་ཐག་ཏུ་བཤད་པའི་ཆོ་ག་སྟེ་མགོན་པོ་རྡོ་རྗེ་སེམས་ དཔའ་ལ་ཕྱག་བྱའོ། །གཡོན་པའི་མིག་གི་རྡོ་རྗེས་སོ། །ཞེས་བྱ་བ་ལ། གཡོན་པའི་རྡོ་རྗེ་ལྟ་བས་སོ། །དེ་ཁྱད་པར་ཇི་ལྟ་བུ་དང་ལྡན་པ་ཞེ་ན། གཡོན་པ་བསྙེམས་པས་ཞེས་བྱ་བ་ལ་སོགས་པ་ལ། གཡོན་བསྙེམས་པ་ནི་གོ་སླ་སྟེ་དེ་དང་བཅས་པའི་ཅུང་ཟད་བཞད་པ་ གང་ཡིན་པ་དེ་དང་ལྡན་པར་བསྟོད་ཅིང་མཛེས་པ་སྟེ། སྒེག་པ་དང་བཅས་པའི་མིག་བཙུམས་པ་གང་ལ་ཡོད་པ་དེ་ནི། གཡོན་པ་བསྙེམས་པས་ཅུང་ཟད་བཞད། །བསྟོད་ཅིང་མཛེས་པའི་མིག་བཙུམས་པའོ། །དེ་དག་གང་ཡིན་ཞེ་ན། གཡོན་པའི་མིག་གི་རྡོ་རྗེ་སྟེ། ལྟ་བ་དེ་ དང་ལྡན་པའི་རྣལ་འབྱོར་པས་བཅོམ་ལྡན་འདས་ལ་ཕྱག་བྱའོ། །ཅི་བརྗོད་ཅིང་བྱ་བ་ཡིན་ཞེ་ན། དེ་ལ་འདི་ཞེས་བྱ་བ་ལ་སོགས་པ་ལ། ཕྱག་དེ་ལ་བར་མ་ཆོད་པར་འོག་ནས་འཆད་པར་འགྱུར་བ་འདི་ཡིན་ཏེ། མཆོག་ཏུ་གསང་བ་དམ་པའི་དཔལ་དམ་ཚིག་གསུམ་ནི་གསང་ བའི་དཀྱིལ་འཁོར་གྱི་ཕྱག་རྒྱའོ། །དེ་ཉིད་དུ་མེ་ཏོག་གི་སིལ་མ་གཏོར་བ་ནི་མ་བརྒྱུས་པའི་མེ་ཏོག་དོར་བའོ། །ཕྱག་བྱ་བ་དང་མེ་ཏོག་སིལ་མ་དོར་བ་དེ་དག་གི་མཆོག་ནི་ཐོག་མ་དང་ཐ་མ་མེད་པའི་གསང་བ་སྟེ། སྐྱེ་བོ་གཞན་གྱི་མངོན་དུ་མ་གྱུར་པས་རྡོ་རྗེ་སེམས་དཔའ་ལ་ སོགས་པ་སྟོན་པར་བྱེད་པ་དང་། མི་ཕྱེད་པའི་གླུའི་མཆོད་པའོ། །མཆོག་ཏུ་གྲུབ་པ་ནི་ཐོག་མ་དང་ཐ་མ་མེད་པ་ཉིད་དུ་རྫོགས་པ་ཡིན་ནོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ་ཞེས་བྱ་བའི་སྒྲས་ནི་ཡོངས་སུ་བཅད་པའོ། །མཆོག་ཏུ་བདེ་བ་ནི་བྱང་ཆུབ་ཆེན་པོའི་མཚན་ཉིད་ཅན་རྡོ་རྗེ་སེམས་ དཔའ་ལ་སོགས་པའི་གཉིས་སུ་མེད་པའི་སེམས་དང་སེམས་ལས་བྱུང་བ་རྣམས་དང་། དེ་དང་རྒྱུ་མཐུན་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་རྣམས་ཏེ། དེ་ལ་སེམས་དཔའ་ནི་ཐོབ་པའི་འདུན་པའོ། །མཆོག་ཏུ་བདེ་བའི་བསམ་དེས་མཛེས་པ་ 61-1-20a དང་བཅས་སྒེག་པ་དང་བཅས་པའི་གར་ལས་བྱུང་བའི་ཕྱག་བྱ་བ་དེ་དག་གིས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་བྱའོ། །ཛཿཧཱུཾ་བཾ་ཧོཿཞེས་བྱ་བ་ནི་བཤད་ཟིན་ཏོ། །ཧི་ཧི་ཧི་ཧི་ཧེ་ཞེས་བྱ་བ་ནི་ཡི་གེ་ཧི་བཞི་པོས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ རང་བཞིན་ཅན་གྱི་བཅོམ་ལྡན་འདས་བསྟན་པ་ཡིན་ནོ། །ཧེ་ཞེས་བྱ་བ་རང་བཞིན་གྱིས་འོད་གསལ་བའི་རྣམ་པར་ཐར་པའི་སྒོའི་རང་བཞིན་ཅན་བདུད་བཞི་ལས་རྣམ་པར་རྒྱལ་བ་དེ་ཉིད་བསྟན་པའོ། །མགོན་པོ་སྙིམ་པའི་མེ་ཏོག་བཞེས། །ཞེས་བྱ་བ་ལ་འདིར་སྙིམ་པའི་མེ་ཏོག་ནི་ཕྱག་ བྱ་བའོ། །མེ་ཏོག་དོར་བའི་དབུས་ནི་སྙིམ་པའི་མེ་ཏོག་ཁོ་ན་མེ་ཏོག་གི་སྙིམ་པ་སྟེ། དེ་བཞེས་པ་ནི་བླང་བར་མཛོད་ཅིག་པའོ། །སེམས་ཅན་ཐམས་ཅད་སྐྱོབ་པར་མཛད་པ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་གྲུབ་སྩོལ་བས་ན་མགོན་པོའོ། །དེ་ལ་མཆོག་ཏུ་བདེ་བ་ དང་ཧཱུཾ་ཞེས་བྱ་བ་འདིས་ཀཱི་ལི་ཀཱི་ལའི་རང་བཞིན་ཅན་ནོ། །སེམས་དཔའ་ཞེས་བྱ་བ་དང་ཛཿཞེས་བྱ་བས་འདོད་ཆགས་རྡོ་རྗེ་མའི་རང་བཞིན་བསྟན་ཏོ། །མཛེས་པ་དང་བཾ་ཞེས་བྱ་བས་རྡོ་རྗེ་དྲན་མའི་རང་བཞིན་བསྟན་ཏོ། །རྣམ་པར་རོལ་པའི་ཕྱག་གིས་ཕྱག་བྱའོ་ཞེས་བསྟན་པ་ འདི་དང་། ཧི་ཧི་ཧི་ཧི་ཧེ་ཞེས་བྱ་བས་རྡོ་རྗེ་འདོད་པའི་དབང་ཕྱུག་མའི་རང་བཞིན་ཉིད་དུ་བཅོམ་ལྡན་འདས་ཚིག་གི་ཟུར་གྱིས་བསྟན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་སྒེག་མོ་དགའ་བའི་རྡོ་རྗེ་མས་ཕྱག་བྱས་ལ། དེ་ཉིད་ཕྱག་བྱས་པའི་གླུའི་མཆོད་པ་བརྗོད་ཅིང་མེ་ ཏོག་དོར་བར་བྱའོ། །དེ་ནས་དེ་དག་བླངས་ཏེ་རང་གི་མགོ་ལ་ཇི་ལྟ་བ་བཞིན་དུ་བཅིངས་ཏེ། དཀྱིལ་འཁོར་བལྟས་ལ་འཇུག་པའི་ཕྱག་རྒྱ་རང་གི་སྙིང་གར་དགྲོལ་བར་བྱའོ། །དེ་ནས་ཆུ་དང་། ཕྱག་རྒྱ་དང་། ཅོད་པན་དང་། རྡོ་རྗེ་དང་། བདག་པོ་དང་། མིང་གི་དབང་ བསྐུར་བ་བླང་བར་བྱ་བའི་ཕྱིར་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་བླང་བར་བྱའོ། །དེ་ནས་མེ་ཏོག་ལ་སོགས་པ་དང་། རྡོ་རྗེ་མཚོན་ཆ་མ་ལ་སོགས་པའི་མཆོད་པའི་ཕྱག་རྒྱ་རྣམ་པ་བཅུ་གཉིས་ཀྱིས་བདག་ཉིད་ཡང་དག་པར་མཆོད་ལ། དེ་ཁོ་ན་ཉིད་དང་། ཆོས་དང་། དམ་ 61-1-20b ཚིག་རྣམས་བླངས་ལ། རང་གི་སྙིང་གར་ལན་གསུམ་བསྐོར་བར་བྱའོ། །དེ་ཁོ་ན་ཉིད་ལ་སོགས་པ་གསུམ་པོ་ནི་འོག་ནས་གསུངས་པ་ཡིན་ནོ། །རྡོ་རྗེ་ལ་སོགས་ཐོབ་པ་བཟུང་། །ཞེས་བྱ་བ་ལ་རྡོ་རྗེ་ཐོབ་པ་ནི་རྙེད་པའོ། །སོགས་པའི་སྒྲས་ནི་དྲིལ་བུ་དང་ཕྱག་རྒྱ་བཤད་པ་ ཡིན་ནོ། །རྡོ་རྗེ་ལ་སོགས་པ་ཐོབ་པ་ཉིད་གཟུང་བ་ཡིན་ནོ། །རྡོ་རྗེ་ལ་སོགས་པའི་གཟུང་བ་དེས་ཅིར་འགྱུར་ཞེ་ན། རྡོ་རྗེ་སེམས་དཔའ་གཉིས་པ་འདྲ། །ཞེས་བྱ་བ་ནི་རྣལ་འབྱོར་པ་རྡོ་རྗེ་སེམས་དཔའ་གཉིས་པ་དང་འདྲ་བར་འགྱུར་རོ། །རྡོ་རྗེ་ཐམས་ཅད་འཛིན་པ་ནི་དང་པོའི་རྡོ་རྗེ་འཛིན་ པའོ། །རྒྱལ་པོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་འཁོར་ལོས་སྒྱུར་བ་དང་རིགས་ཐམས་ཅད་ཀྱི་འཁོར་ལོས་སྒྱུར་བའོ། །རྡོ་རྗེ་ཅན་གྱིས་བྱིན་བརླབ་འགྱུར། །ཞེས་བྱ་བ་ལ་རྡོ་རྗེ་ཅན་ནི་རྡོ་རྗེ་སེམས་དཔའ་སྟེ་དེས་དེ་མ་ཐག་ཏུ་བྱིན་གྱིས་བརླབ་པར་འགྱུར་རོ། །འདིས་ནི་ འདི་ལྟར་འཆད་པར་འགྱུར་ཏེ། དེ་ཁོ་ན་ཉིད་དང་། ཆོས་དང་དམ་ཚིག་ཐོབ་མ་ཐག་ཏུ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས་ཀྱི་རྡོ་རྗེ་སེམས་དཔའ་དང་འདྲ་བར་འགྱུར་བའི་རྣལ་འབྱོར་པ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབས་ནས་བརྟན་པར་མཛད་པར་ འགྱུར་རོ། །མཆོག་ཏུ་གསང་བ་དམ་པའི་དཔལ་དམ་ཚིག་གསུམ་ནི་གསང་བའི་དཀྱིལ་འཁོར་ཏེ། དེར་བདག་བྱིན་གྱིས་བརླབ་པ་ནི་འདས་མ་ཐག་ཏུ་བཤད་པའི་རྡོ་རྗེ་སློབ་དཔོན་རང་ཉིད་རྡོ་རྗེ་སེམས་དཔའ་ཉིད་དུ་བྱའོ། །སྒྲུབ་པ་གཅིག་པུ་ཞེས་བྱ་བ་ནི་སློབ་མ་གཞན་དུ་ གཞུག་པ་ལ་སོགས་པའི་ཆོ་ག་དང་བྲལ་བའོ། །དེ་ཉིད་ཀྱི་ཆོ་ག་ནི་ཆོ་གའི་ཚིག་གོ། །མཆོག་ཏུ་གྲུབ་པ་ནི་ཐོག་མ་དང་ཐ་མ་མེད་པ་སྟེ། དངོས་གྲུབ་ཀྱི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །དེ་ནས་ཀྱི་སྒྲ་ནི་སྐབས་སུ་བབ་པ་སྟེ། གསང་བའི་དཀྱིལ་འཁོར་དུ་བདག་ལ་བྱིན་གྱིས་བརླབ་པའི་ཆོ་ག་ གཅིག་པུའི་སྐབས་ལའོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་ཞེས་བྱ་བ་ནི་གསང་བའི་དཀྱིལ་འཁོར་དུའོ། །གང་གིས་བསྒྲུབ་པར་བྱ་བ་ནི་སྒྲུབ་པས་ཏེ་བཅོམ་ལྡན་འདས་ཀྱི་མདུན་དུ་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་གང་ཡིན་པ་དེ་བཤད་པར་བྱ་སྟེ་བརྗོད་པར་བྱའོ། ། 61-1-21a དངོས་གྲུབ་ཤིན་ཏུ་རྟག་པ་ཡང་། །ཞེས་བྱ་བ་ལ་དཔལ་རྡོ་རྗེ་སེམས་དཔའི་གསང་བའི་དཀྱིལ་འཁོར་གྱི་དངོས་གྲུབ་ཐོག་མ་དང་ཐ་མ་མེད་པ་བཤད་པར་བྱའོ། །སྒྲུབ་པ་དེ་ཁྱད་པར་ཇི་ལྟ་བུ་དང་ལྡན་ཞེ་ན། གང་གི་ཞེས་བྱ་བ་ལ་སོགས་པ་ལ་བདག་ལ་བྱིན་ གྱིས་བརླབ་པ་ལ་སོགས་པའི་རང་བཞིན་གྱི་སྒྲུབ་པ་གང་གིས་སྲིད་པས་ཏེ་སྐྱེ་བ་འདི་ཉིད་ལ་ཐོག་མ་དང་ཐ་མ་མེད་པའི་དཔལ་རྡོ་རྗེ་སེམས་དཔའ་གསང་བའི་དཀྱིལ་འཁོར་གྱི་དངོས་གྲུབ་ཤིན་ཏུ་རྟག་པ་ཐོབ་པར་འགྱུར་ཏེ། དེ་ལྟར་གྱུར་པའི་སྒྲུབ་པ་དེ་བཤད་པར་བྱའོ། །སླར་ ཡང་སྒྲུབ་པ་དེ་ཉིད་ཁྱད་པར་དུ་བསྟན་པར་བྱ་བའི་ཕྱིར་གང་གིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྲུབ་པ་གང་གིས་དཔལ་རྡོ་རྗེ་སེམས་དཔས་གསུངས་པའི་དཀྱིལ་འཁོར་གྱི་སྒྲུབ་པ་པོ། མཆོག་ནི་བསོད་ནམས་དང་ལྡན་པའི་སྒྲུབ་པ་པོ་རྣམས་མྱུར་བ་ཁོ་ནར་འགྲུབ་ པར་འགྱུར་རོ། །སྡིག་ཆེན་བྱེད་པ་རྣམས་ཀྱང་ནི། །ཞེས་བྱ་བ་ནི་མཚམས་མེད་པ་ལྔ་དང་དམ་པའི་ཆོས་སྤོང་བར་བྱེད་པ་ལ་སོགས་པ་རྣམས་སོ། །ཀྱང་གི་སྒྲས་ནི་གང་ཞིག་བསོད་ནམས་དང་ལྡན་ཞིང་སྡིག་པ་ཆེན་པོ་བྱེད་པ་མ་ཡིན་པ་དེ་རྣམས་ནི་ཤིན་ཏུ་ཡང་འགྲུབ་པར་ འགྱུར་བར་བསྟན་པ་ཡིན་ནོ། །ནིའི་སྒྲས་ནི་ངེས་པར་གཟུང་བའོ། །མ་གྲུབ་རྣམས་ཀྱང་འགྲུབ་པར་འགྱུར། །ཞེས་བྱ་བ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དུམ་བུ་དང་། དུམ་བུ་གཉིས་པ་རྩ་བའི་རྒྱུད་དང་། རྒྱུད་ཕྱི་མ་དང་། རྟོག་པ་ཐམས་ཅད་ཀྱི་རྩ་བའི་རྒྱུད་དང་། རྒྱུད་ཕྱི་ མ་ལས་གསུངས་པའི་སྒྲུབ་པ་ཇི་ལྟ་བ་བཞིན་དུ་བཤད་པ་དེས་གལ་ཏེ་གྲུབ་པར་མ་གྱུར་ན་དེའི་ཚེ་མ་གྲུབ་པའོ། །ཀྱང་གི་སྒྲ་ནི་སྒྲུབ་པ་སྟེ་ཤིན་ཏུ་གྲུབ་པར་འགྱུར་རོ་ཞེས་བྱ་བའོ། །འདིས་ནི་འདི་སྐད་སྟོན་པར་འགྱུར་ཏེ། སྔར་བཤད་པའི་སྒྲུབ་པས་ནི་རྡོ་རྗེ་སེམས་དཔའ་ དང་འདྲ་བར་འགྱུར་ཏེ། གསང་བའི་དཀྱིལ་འཁོར་གྱི་སྒྲུབ་པས་ནི་རྡོ་རྗེ་སེམས་དཔའ་ཉིད་དུ་འགྱུར་བ་ཡིན་ནོ་ཞེས་བྱ་བ་བསྟན་ཏོ། །ཇི་ལྟར་སྒྲུབ་པར་འགྱུར་ཞེ་ན། རྡོ་རྗེ་སེམས་དཔས་གསུངས་པ་བཞིན། །ཞེས་བྱ་བ་ལ་ཇི་ལྟར་བཅོམ་ལྡན་འདས་རྡོ་རྗེ་སེམས་ 61-1-21b དཔས་གསུངས་པ་བཞིན་དུའོ། །ལུགས་མའམ་ནི་བརྡུངས་མའམ། །འདུས་བྱས་པའམ་བྲིས་པའམ། །དང་པོའི་སེམས་དཔའ་བཞུགས་གསོལ་ནས། །དེ་ཡི་མདུན་དུ་ཆོ་ག་བཞིན། །ཞེས་བྱ་བ་ལ་སོགས་པའི་སྒྲུབ་པའོ། །མ་གྲུབ་པ་རྣམས་ཀྱང་འདིས་གྲུབ་པ་ཡིན་ གྱི་གཞན་གྱིས་ནི་མ་ཡིན་ནོ། །ད་ནི་སྒྲུབ་པ་རྣམ་པར་བཤད་པའི་ཕྱིར། རྟག་ཏུ་རྡོ་རྗེ་དྲིལ་འཆང་ཞིང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་དང་པོའི་རྡོ་རྗེ་ནི་རྡོ་རྗེ་སྟེ། དང་པོའི་རྡོ་རྗེ་དང་ལྡན་པའི་དྲིལ་བུ་ནི་དྲིལ་བུའོ། །འདི་གཉིས་འཛིན་པས་ན་རྡོ་རྗེ་དང་དྲིལ་བུ་ འཆང་བའོ། །རྟག་ཏུ་ཞེས་བྱ་བ་ནི་བདག་དང་གནས་བསྲུངས་པ་ནས་བརྩམས་ཏེ་ལྷ་གཤེགས་སུ་གསོལ་པ་ལ་ཐུག་གི་བར་གྱི་དུས་སུའོ། །གཞན་དུ་ནི་རང་གི་རིགས་ཀྱི་ཕྱག་རྒྱས་མཚན་པ་འཛིན་ཅིང་དེ་ཡིས་མཚན་པའི་དྲིལ་བུ་འཛིན་པའི་རྟག་ཏུའོ། །དངོས་གྲུབ་མཆོག་ ནི་བསྒྲུབ་པར་བྱ། །ཞེས་བྱ་བ་ལ་རང་གི་ལྷའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་སྒྲུབ་པ་ནི་རང་ལ་རག་ལས་པར་བྱ་བ་ཡིན་ནོ། །བྱེད་པར་འགྱུར་བ་གང་དག་གིས་བསྒྲུབ་པར་བྱ་ཞེ་ན། ཐམས་ཅད་དགུག་པ་བྱ་ཞེས་བྱ་བ་ལ་སོགས་པ་ལ་ཐམས་ཅད་དགུག་པ་ནི་ཐམས་ཅད་ འགུགས་པས་ཏེ། འདོད་པའི་ལྷའི་རང་བཞིན་ཅན་གྱི་ཡེ་ཤེས་སེམས་དཔའ་རང་གི་ལུས་ལ་གཞུག་པའོ་ཞེས་བྱ་བའི་དོན་ཏོ། །མཆོད་པ་ཆེ་ཞེས་བྱ་བ་ནི་འདོད་ཆགས་རྡོ་རྗེ་མ་ལ་སོགས་པའི་ཕྱག་རྒྱ་བཅུ་གཉིས་ཀྱི་མཆོད་པ་སྟེ་མཆོད་པ་ཆེན་པོའོ། །དེ་ཁོ་ན་ཉིད་དང་། ཆོས་དང་། དམ་ཚིག་རྣམས་ཀྱིས་བདག་ལ་བྱིན་གྱིས་བརླབ་པ་ནི་བདག་བྱིན་གྱིས་བརླབ་པའོ། །སོགས་པའི་སྒྲས་ནི་སྒྲུབ་པ་ཆེན་པོ་དང་། རྗེས་སུ་སྒྲུབ་པ་དང་། ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་དང་། ཆོས་དང་། ལས་ཀྱི་ཕྱག་རྒྱ་དང་། དབང་བསྐུར་བ་དང་། དངོས་ གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་དང་། ཕྱག་བྱ་བ་རྣམས་གཟུང་བར་བྱའོ། །ཐམས་ཅད་དགུག་པ་དང་། མཆོད་པ་ཆེན་པོ་དང་། བདག་ལ་བྱིན་གྱིས་བརླབ་པ་ནི་ཐམས་ཅད་དགུག་པ་དང་། མཆོད་པ་ཆེན་པོ་དང་། བདག་བྱིན་གྱིས་བརླབ་པ་རྣམས་སོ། །དེ་ལ་ཐོག་མར་ 61-1-22a གང་ལ་ཡོད་པ་དེ་ནི། ཐམས་ཅད་དགུག་དང་མཆོད་པ་ཆེ། །བདག་བྱིན་བརླབ་སོགས་སྒྲུབ་པ་རྣམས་སོ། །དེ་དག་གིས་མཆོག་གི་སྒྲུབ་པ་བསྒྲུབ་པར་བྱའོ། །ད་ནི་ཐམས་ཅད་དགུག་པ་བསྟན་པར་བྱ་བའི་ཕྱིར་དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཞེས་བྱ་བ་ནི་དགར་བའོ། །ཇི་ལྟར་ཞེས་བྱ་བ་ནི་དྲི་བའོ། །མཆོག་ཏུ་གསང་བའི་དཔལ་དམ་ཚིག་གསུམ་ནི་གསང་བའི་དཀྱིལ་འཁོར་ཏེ། དེའི་དངོས་གྲུབ་ཐམས་ཅད་ནི་ཡེ་ཤེས་སེམས་དཔའ་དགུག་པ་སྟེ་སྤྱན་དྲང་བའོ། །དེ་སྟོན་པར་བྱེད་པའི་སྒྲའི་ཚོགས་ནི་རྒྱུའོ། ། དེ་ཇི་ལྟར་ཤེས་པར་བྱ་ཞེས་ཁ་བསྐང་ངོ་། །རང་གི་ལྷག་པའི་ལྷ་ནི་འདོད་པའི་ལྷ་སྟེ། དེའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བདག་ཉིད་ཅན་གྱི་ལྷག་པར་མོས་པ་ནི་ཇི་ལྟ་བ་བཞིན་དུ་སྦྱོར་བ་སྟེ་རྣལ་འབྱོར་ཞེས་བྱ་བའི་དོན་ཏོ། །ཐམས་ཅད་དགུག་པའི་ཕྱག་རྒྱ་ནི་དྲིལ་བུ་དང་བཅས་ པའི་གསང་བའི་ལྕགས་ཀྱུ་སྟེ། ཐམས་ཅད་དགུག་པའི་ཕྱག་རྒྱ་དེ་རང་གི་ལྷའི་རྣལ་འབྱོར་གྱི་སྤྱི་བོར་སྒེག་པའི་གར་བྱ་ཞིང་སྤྱན་དྲང་བའི་གླུ་བརྗོད་ནས་ཡེ་ཤེས་སེམས་དཔའ་བཀུག་ལ་རང་གི་ལུས་ལ་གཞུག་པར་བྱའོ། །དེ་ནས་ཀྱི་སྒྲ་ནི་སྐབས་སུ་བབ་པའོ། །དེ བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་གི་དངོས་གྲུབ་ཀྱི་དོན་དུ་དགུག་པ་ནི་སྤྱན་དྲངས་པ་སྟེ། དེའི་དོན་དུ་མཆོག་ཏུ་གསང་བ་ནི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སྟོན་པར་བྱེད་པས་འདའ་བར་དཀའ་བ་དང་། མི་ཕྱེད་པའི་གླུའི་མཆོད་པ་འདི་ཡིན་ཏེ། ཛཿམཆོག་དང་པོ་ ཞེས་བྱ་བ་ནས་བརྩམས་ཏེ། ཇི་སྲིད་བར་དུ་དགའ་བ་ཁྱོད་བདག་མཆོག་དང་པོ་ཞེས་བྱ་བའི་བར་དུའོ། །དེ་ལ་ཛཿཞེས་བྱ་བ་ནི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཀུན་མཆོག་སོ་སོར་རྟོག་པའི་མཚན་ཉིད་ཅན་གྱི་ལམ་བསྟན་པ་ཡིན་ནོ། །མཆོག་ནི་ཐོག་མ་དང་ ཐ་མ་མེད་པའོ། །དང་པོ་ཞེས་བྱ་བ་ནི་བསྐལ་པ་བཟང་པོ་ལ་སོགས་པ་ནས་སྔོན་དུ་ཡང་ད་ལྟར་བྱུང་བའི་རང་བཞིན་དུ་བཞུགས་པའོ། །ལམ་དེ་ཉིད་ཀྱི་རང་བཞིན་གྱི་དེ་བཞིན་ཉིད་ཀྱི་རྡོ་རྗེ་འཛིན་པས་ན་རྡོ་རྗེ་འཆང་ངོ་། །གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པས་ 61-1-22b བསྐྱོད་པར་མི་ནུས་པའི་ཕྱིར་རྡོ་རྗེ་སེམས་དཔའོ། །མཆོག་དང་པོའི་རྡོ་རྗེ་འཆང་ཡང་དེ་ཡིན་ལ་རྡོ་རྗེ་སེམས་དཔའ་ཡང་དེ་ཉིད་ཡིན་པས་ན་མཆོག་དང་པོའི་རྡོ་རྗེ་འཆང་གི་རྡོ་རྗེ་སེམས་དཔའོ། །བདེ་བ་ནི་ཀུན་ནས་ཉོན་མོངས་པ་མེད་པ་ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ ཐམས་ཅད་ལས་མཆོག་ཏུ་གྱུར་པ་རབ་ཏུ་རྟོགས་པར་མཛོད་ཅིག་ཅེས་སངས་རྒྱས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་བོད་པའོ། །འདིར་སངས་རྒྱས་ནི་རྡོ་རྗེ་འཆང་བསྟན་པ་ཡིན་ཏེ། འདིར་འདོད་ཆགས་རྡོ་རྗེའི་རང་བཞིན་ཅན་གྱི་རྡོ་རྗེ་སེམས་དཔའ་ཡིན་ནོ། །ཧཱུཾ་ཞེས་ བྱ་བའི་འདོད་ཆགས་རྡོ་རྗེ་མའི་རང་བཞིན་གྱི་སྐུ་མཆོག་སོ་སོར་རྟོག་པའི་མཚན་ཅན་གྱི་ལམ་གྱི་ཡུལ་དུ་བྱས་པའི་ཟག་པ་མེད་པའི་བདེ་བ་དང་ཡིད་བདེ་བའི་ངོ་བོར་རྟོགས་པའོ། །དེ་ཉིད་མཆོག་སྟེ་ཕུལ་དུ་བྱུང་བའི་རྡོ་རྗེ་ནི་འདོད་ཆགས་རྡོ་རྗེ་མའི་རང་བཞིན་ཅན་གྱི་ལས་ མངོན་དུ་བྱ་བའི་རང་བཞིན་ནོ། །དེ་ཁྱད་པར་ཇི་ལྟ་བུ་དང་ལྡན་པ་ཡིན་ཞེས་བྱ་བ་བསྟན་པའི་ཕྱིར་མཆོག་ཅེས་བྱ་བ་ལ་སོགས་པའི་ཁྱད་པར་གསུངས་ཏེ། མཆོག་ཀྱང་ཡིན་ལ་མི་འགྱུར་བ་ཡང་དེ་ཉིད་ཡིན་པས་ན་མཆོག་ཏུ་མི་འགྱུར་བ་སྟེ་ཐོག་མ་དང་ཐ་མ་མེད་པའོ། ། དེ་ཟག་པ་མེད་པའི་སྲིད་པ་རབ་ཏུ་བསྒྲུབ་པ་ནི་མི་གནས་པའི་མྱ་ངན་ལས་འདས་པ་གྲུབ་པའོ། །ཟག་པ་མེད་པའི་སྲིད་པ་རབ་ཏུ་བསྒྲུབ་པ་དེའི་དོན་དུ་ཟག་པ་མེད་པའི་བདེ་བའི་རང་བཞིན་ཅན་གྱི་དམ་ཚིག་དང་པོ་ནི་ཐོག་མ་དང་ཐ་མ་མེད་པ་སྟེ་དེའི་ལས་སོ། །དེའི་ཕྱིར་ གསོལ་བ་བཏབ་པ་ནི་བདག་ལ་སྒྲུབས་ཤིག་ཅེས་བྱ་བ་སྟེ། ཀཱི་ལི་ཀཱི་ལའི་རང་བཞིན་གྱི་རྡོ་རྗེ་འཆང་བསྟན་ཏོ། །བཾ་ཞེས་བྱ་བ་ནི་མི་གནས་པའི་མྱ་ངན་ལས་འདས་པ་སྲིད་པ་ཕྱི་མའི་མཐའི་མུར་ཐུག་པའི་སེམས་ཅན་ལ་ལྟོས་པའི་རང་བཞིན་གྱི་དམིགས་པ་མེད་པའི་ ཐུགས་རྗེ་ཆེན་པོའི་བཅིང་བས་འཆིང་བར་མཛོད་ཅིག པདྨའི་རྒྱལ་པོ་སྐྱེ་ཞེས་བྱ་བ་དང་སྦྱར་རོ། །དེ་ཉིད་ཁྱད་པར་དུ་བསྟན་པར་བྱ་བའི་ཕྱིར་མཆོག་ཏུ་བདག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོའི་མཚན་ཉིད་ཅན་གྱི་ཆོས་ཀྱི་དབྱིངས་ 61-1-23a ནི་མཆོག་ཏུ་བདག་སྟེ་དེའི་སྐུ་ནི་དེ་ལས་བྱུང་བའི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ་དེ་འཛིན་པར་བྱེད་པས་ན་མཆོག་ཏུ་བདག་གི་སྐུ་འཛིན་པའོ། །ཐམས་ཅད་རྣལ་འབྱོར་ནི་རྡོ་རྗེ་འཆང་ཆེན་པོས་ཏེ། དེ་རྣམ་པར་རྒྱལ་བ་ནི་རང་བཞིན་གྱིས་དག་པའི་ཏིང་ངེ་འཛིན་གྱིས་ཉོན་ མོངས་པ་ལ་སོགས་པའི་བདུད་ལས་རྣམ་པར་རྒྱལ་བའོ། །དེ་བསྒྲེང་བ་ནི་རྡོ་རྗེ་ཆུ་སྲིན་གྱི་རྒྱལ་མཚན་གྱིས་ཉེ་བར་མཚན་པའི་རྡོ་རྗེ་དྲན་པའི་རང་བཞིན་ཅན་གྱི་རྡོ་རྗེ་སེམས་དཔའི་སྐུའོ། །མཆོག་ཏུ་བདག་གི་སྐུ་འཛིན་པ་ཡང་དེ་ཡིན་ལ་རྣལ་འབྱོར་ཐམས་ཅད་རྣམ་པར་བསྒང་བ་ཡང་དེ་ ཉིད་ཡིན་པས་མཆོག་ཏུ་བདག་གི་སྐུ་འཛིན་པའི་རྣལ་འབྱོར་ཐམས་ཅད་རྣམ་པར་རྒྱལ་བའི་བསྒྲེང་བའོ། །དེ་ཉིད་ཀྱི་ཉོན་མོངས་པའི་དྲི་མའི་བག་ཆགས་དང་བྲལ་བས་རང་བཞིན་གྱིས་དག་པའི་ཏིང་ངེ་འཛིན་གྱི་ངོ་བོས་རབ་ཏུ་མཆོག་གིས་དག་པ་ནི་རབ་མཆོག་གིས་དག་པ་སྟེ། དེས་ བདེ་བ་གང་ལ་ཡོད་པ་དེ་ནི་བདེ་བ་དང་ལྡན་པ་སྟེ། དེ་ལྟར་གྱུར་པ་ནི། ཁྱོད་ནི་པདྨའི་རྒྱལ་པོ་སྟེ། །གྱུར་ཅིག་ཅེས་བྱ་བ་ནི་སྒྲུབ་པར་གྱུར་ཅིག་ཅེས་བོད་པའོ། །པདྨ་བཞིན་དུ་འཇིག་རྟེན་ཀྱི་ཆོས་ཀྱི་དྲི་མ་རྣམས་ཀྱིས་མ་གོས་པས་མཛེས་པ་སྟེ། འདིས་ནི་རྡོ་རྗེ་དྲན་པ་མའི་རང་བཞིན་ གྱི་རྡོ་རྗེ་འཆང་བསྟན་ཏོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཅན་གྱི་བསྙེམས་པས་སེམས་ཅན་གྱི་དོན་མཛད་པའི་ངོ་བོ་དང་སངས་རྒྱས་སྤྲུལ་པའི་མཆོད་པའི་རང་བཞིན་ཅན་གྱི་ལས་དབང་དུ་མཛད་པས་ཡི་གེ་ཧོཿཡིན་ནོ། །དེ་ཉིད་ཁྱད་པར་དུ་བསྟན་པར་བྱ་བའི་ཕྱིར་ རབ་མཆོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རབ་མཆོག་ནི་ཕུལ་དུ་བྱུང་བའོ། །རབ་མཆོག་ལས་ཀྱང་ཕུལ་དུ་བྱུང་བས་ན་མཆོག་གི་མཆོག་གོ། །དངོས་གྲུབ་ཀྱང་དེ་ཡིན་ལ་ཐམས་ཅད་ཀྱང་དེ་ཡིན་པས་དངོས་གྲུབ་ཐམས་ཅད་དོ། །སེམས་ཅན་གྱི་དོན་བྱེད་པའི་སངས་ རྒྱས་ལ་མཆོད་པ་སངས་རྒྱས་ཀྱི་སྤྲུལ་པ་རྫོགས་པའི་རང་བཞིན་ཅན་ནོ། །དེས་མཆོག་ཀྱང་ཡིན་ལ་དབང་ཕྱུག་ཀྱང་ཡིན་པས་ན་དངོས་གྲུབ་ཐམས་ཅད་ཀྱི་དབང་ཕྱུག་གོ། །དངོས་གྲུབ་ཐམས་ཅད་ཀྱི་དབང་ཕྱུག་དམ་པའི་རང་བཞིན་ཅན་ནམ་མཁའི་སྙིང་པོ་ཀྱེ་བདག་ 61-1-23b ལ་གྱུར་ཅིག་ཅེས་བྱ་བ་ནི་བོད་པའོ། །ནམ་མཁའ་ནི་རང་བཞིན་གྱིས་འོད་གསལ་བ་ནམ་མཁའ་དང་མཉམ་པའི་བྱ་བ་ནན་ཏན་གྲུབ་པའི་ཡེ་ཤེས་ཏེ་དེ་ཉིད་སྙིང་པོ་སྟེ། སྐྱེ་བའི་གནས་གང་ལ་ཡོད་པ་དེ་ནི་ནམ་མཁའི་སྙིང་པོ་སྟེ། སྤྲུལ་པའི་སྐུའི་རང་བཞིན་འཛིན་པའི་རྡོ་རྗེ་འཆང་ངོ་། ། རྟག་ཏུ་ཞེས་བྱ་བ་ནི་སྐད་ཅིག་མ་རེ་རེ་ཉིད་དུ་བདག་ལ་གྲུབ་གྱུར་ཅིག་པའོ། །དེ་ཡང་ཇི་ལྟར་ཞེ་ན། དངོས་གྲུབ་ཐམས་ཅད་ཀྱི་དབང་ཕྱུག་དམ་པའི་གཟུགས་ཀྱིས་བདག་ལ་གྲུབ་པར་གྱུར་ཅིག་ཅེས་བྱ་བ་སློབ་དཔོན་གྱིས་བོད་པ་ཡིན་ཏེ། འདིས་རྡོ་རྗེ་འདོད་པའི་དབང་ཕྱུག་གི་རང་བཞིན་ རྡོ་རྗེ་འཆང་བསྟན་ཏོ། །འདོར་བསྡུས་ན་འདོད་ཆགས་རྡོ་རྗེ་མའི་རང་བཞིན་ཛཿཞེས་བྱ་བ་དང་། ཀཱི་ལི་ཀཱི་ལའི་རང་བཞིན་ཧཱུཾ་ཞེས་བྱ་བ་དང་། རྡོ་རྗེ་དྲན་པ་མའི་རང་བཞིན་བཾ་ཞེས་བྱ་བ་དང་། རྡོ་རྗེ་འདོད་པའི་དབང་ཕྱུག་གི་རང་བཞིན་ཅན་གྱི་རྡོ་རྗེ་འཆང་རྒྱས་པར་བསྟན་པ་སྟེ། མདོར་ བསྡུས་ན་ཧོཿཞེས་བྱ་བའོ། །ལྷ་མོ་བཞིའི་རང་བཞིན་དེ་ཉིད་འབབ་པར་མཛོད་ཅིག་ཅེས་བྱ་བ་གསུངས་ཏེ། ཧུ་ལུ་ཧུ་ལུ་ཞེས་བྱ་བ་དང་། སྒྲུབས་ཤིག་ཅེས་བྱ་བ་ཐམས་ཅད་དགུག་པའི་གྲུབ་པས་བདག་ལ་སྒྲུབས་ཤིག་ཅེས་བྱའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར་དམ་ཚིག་ཆེན་ པོ་རྣམས་ཀྱིས་ཡང་དག་དགུག་ཅེས་བྱ་བ་གསུངས་ཏེ། འདོད་ཆགས་རྡོ་རྗེ་མ་ལ་སོགས་པའི་རང་བཞིན་སྟོན་པའི་ཡི་གེ་རྣམས་ནི་དམ་ཚིག་ཆེན་པོ་རྣམས་སོ། །དམ་ཚིག་ཆེན་པོའི་དེ་དག་གི་ཕྱོགས་བཅུ་ནས་འདྲེན་ཅིང་ཡང་དག་པར་དགུག་པ་ནི་བཅོམ་ལྡན་འདས་ཀྱེ་བདག་ལ་ གྲུབ་པར་གྱུར་ཅིག་ཅེས་བྱ་བ་ལ་སློབ་དཔོན་གྱིས་གསོལ་བ་བཏབ་པ་ཡིན་ནོ། །བདག་རང་བཞིན་ཇི་ལྟ་བུ་དང་ལྡན་པ་ཡིན་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ཅེས་བྱ་བ་ལ་བྱང་ཆུབ་ཀྱི་སེམས་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཅན་གྱི་སེམས་དང་སེམས་ལས་བྱུང་བ་རྣམས་ནི་དེ་བཞིན་གཤེགས་པ་ཐམས་ཅད་དེ། དེ་རྣམས་ཀྱི་དམ་ཚིག་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུའི་གསང་བའི་རང་བཞིན་ཅན་གྱི་རྡོ་རྗེ་འཆང་ངོ་། །རབ་ཏུ་དགའ་བ་ཁྱོད་ 61-1-24a ནི་བདག་ལ་ཞེས་བྱ་བ་ཟག་པ་མེད་པའི་བདེ་བ་དང་ཡིད་བདེ་བ་ལས་བྱུང་བའི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུའི་གསང་བའི་རང་བཞིན་ཅན་ཁྱོད་གང་ཡིན་པ་དེ་ཉིད་བདག་ཡིན་ནོ་ཞེས་བྱ་བ་འདིས་དེ་དང་ལྷན་ཅིག་ཏུ་གྱུར་པ་ཉིད་དུ་བསྟན་པ་ཡིན་ནོ། །མཆོག་དང་པོ་ ཞེས་བྱ་བས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་བོད་པའོ། །དེ་ལྟར་ཐམས་ཅད་དགུག་པ་བསྟན་ནས་ད་ནི་མཆོད་པ་ཆེན་པོ་བཤད་པར་བྱ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔལ་དམ་ཚིག་གསུམ་གྱི་གསང་བའི་དཀྱིལ་འཁོར་དུ་དངོས་གྲུབ་ཐམས་ཅད་ཀྱི་དོན་དུ་ མཆོད་པ་ཆེན་པོ་ནི་འདོད་ཆགས་རྡོ་རྗེ་མ་ལ་སོགས་པ་ཕྱག་རྒྱ་བཅུ་གཉིས་ཀྱིས་མཆོད་པ་སྟེ། དེའི་ཆོ་ག་ནི་རྣམ་པ་བཅུ་གཉིས་ཀྱི་ཕྱག་རྒྱའི་མཆོད་པ་ལ་བྱའོ། །རང་ལྷའི་རྣལ་འབྱོར་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ལ་རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་དག་གིས་འདོད་པའི་ལྷའི་རང་ བཞིན་ཅན་དུ་བདག་ཉིད་སྒོམ་པ་ནི་འདིར་ལྷའི་རྣལ་འབྱོར་ཇི་བཞིན་དུ་བྱའོ། །ཐམས་ཅད་ཀྱང་ཡིན་ལ་མཆོད་པ་ཡང་དེ་ཉིད་ཡིན་པས་ན་མཆོད་པ་ཐམས་ཅད་དེ། རྡོ་རྗེ་མཚོན་ཆ་མ་ལ་སོགས་པའི་ཕྱག་རྒྱ་བཅུ་གཉིས་ཀྱིས་མཆོད་པའོ། །དེ་དག་གི་མཆོག་གི་སྐུ་ནི་འདོད་ ཆགས་རྡོ་རྗེ་མ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་བཅུ་གཉིས་སོ། །དེ་རྣམས་ཀྱིས་རང་གི་ལྷའི་རྣལ་འབྱོར་དང་ལྡན་པའི་བདག་ཉིད་ཡང་དག་པར་མཆོད་ལ་སླར་ཡང་གླུ་དང་རོལ་མོ་རྣམ་པར་འཕྲུལ་པ་ནི་འོག་མ་ནས་འཆད་པར་འགྱུར་བའི་མཚན་ཉིད་ཅན་རྣམས་ཀྱིས་མཆོད་པར་ བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཀྱི་སྒྲ་ནི་སྐབས་སུ་བབ་པ་སྟེ་མཆོད་པའི་སྐབས་འདི་ལ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་གི་དངོས་གྲུབ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་གི་དངོས་གྲུབ་སྟེ། དེའི་དོན་དུ་མཆོད་ པ་ཆེན་པོ་ནི་འདས་མ་ཐག་ཏུ་བཤད་པའི་ཕྱག་རྒྱའི་མཆོད་པའོ། །དེའི་མཆོག་ནི་ཕྱག་རྒྱའི་མཆོད་པའོ། །དེར་མཆོག་ཏུ་གསང་བ་དང་། འདའ་བར་དཀའ་བ་དང་། མི་ཕྱེད་པའི་གླུའི་མཆོད་པ་ཞེས་བྱ་བའི་དོན་ཏོ། །ཐམས་ཅད་ཀྱང་ཡིན་ལ་རྗེས་སུ་ཆགས་པ་ཡང་དེ་ཉིད་ཡིན་ 61-1-24b པས་ན་ཐམས་ཅད་རྗེས་སུ་ཆགས་པས་རྡོ་རྗེ་སེམས་དཔའ་ལ་སོགས་པ་སྒོམ་པའོ། །དེ་ཉིད་བདེ་བས་ཏེ་རྡོ་རྗེ་སེམས་དཔའ་ལ་མཆོད་པའི་རང་བཞིན་ཅན་གྱི་བདེ་བ་མངོན་དུ་གྱུར་པའི་རྒྱུ་ཉིད་ཡིན་པའི་ཕྱིར་དེས་རྡོ་རྗེ་སེམས་དཔའ་ཉིད་ལ་བོད་པའོ། །ཐམས་ཅད་རྗེས་སུ་ཆགས་ པའི་བདེ་བ་དེ་གང་ཡིན་ཞེ་ན། དམ་པའི་ཐུགས་ཞེས་བྱ་བ་སྟེ། ཐབས་དང་ཤེས་རབ་ཀྱི་རང་བཞིན་ཅན་གྱི་མཆོག་ཏུ་གྱུར་པའི་ཐུགས་གང་ལ་མངའ་བ་དེ་ནི་དམ་པའི་ཐུགས་ཏེ་དེ་བཞིན་གཤེགས་པ་རྣམས་སོ། །དེ་རྣམས་ཀྱི་རྡོ་རྗེ་སེམས་དཔའ་ཁྱོད་ནི་བདག་ལ་གྱུར་ཅིག་ཅེས་ བྱ་བ་འདིས་ཀུན་མཆོག་སོ་སོར་རྟོག་པའི་རང་བཞིན་ཅན་ལ་སློབ་དཔོན་གྱིས་གསོལ་བ་བཏབ་པ་ཡིན་ནོ། །རབ་ཏུ་དགའ་བ་ཞེས་བྱ་བ་ཀཱི་ལི་ཀཱི་ལའི་རང་བཞིན་ཅན་ཏེ། དེ་ཉིད་འདའ་བར་མི་བྱ་བའི་ཕྱིར་དམ་ཚིག་གོ། །བདེ་བ་ཆེན་པོ་བདག་ལ་གྱུར་ཅིག་ཅེས་བྱ་བ་ནི་བོད་པའོ། ། བརྟན་མཐོ་ཞེས་བྱ་བ་ནི་མི་ཕྱེད་པའི་སྐུ་བདག་ལ་གསོལ་བར་མཛོད་ཅིག་པ་སྟེ། འདིས་མི་གནས་པའི་མྱ་ངན་ལས་འདས་པའི་རང་བཞིན་རྡོ་རྗེ་དྲན་མ་བདག་ལ་གསོལ་ཅིག་པའོ་ཞེས་གསོལ་བ་བཏབ་པ་སྟེ། བརྟན་པ་དང་མཐོ་བ་ལ་སོགས་པ་ལ་གསོལ་བ་མངོན་པར་ཕྱོགས་ པར་མཛོད་ཅིག་པའོ། །བརྟན་པ་དང་མཐོ་བ་ལ་སོགས་པའི་དངོས་གྲུབ་ཀྱིས་མྱུར་དུ་སངས་རྒྱས་ཀྱི་སྤྲུལ་པས་སེམས་ཅན་གྱི་ལས་ལ་རབ་ཏུ་འདུད་པ་ནི་མཆོག་ཏུ་འདུད་པར་མཛད་པ་སྟེ། འདིས་རྡོ་རྗེ་འདོད་པའི་དབང་ཕྱུག་མའི་རང་བཞིན་ཅན་གྱི་དངོས་གྲུབ་ཀྱི་ཕྱིར་གསོལ་བ་བཏབ་ པའོ། །དེ་ལྟར་མཆོད་པ་ཆེན་པོ་བསྟན་ནས་བདག་ལ་བྱིན་གྱིས་བརླབ་པ་རྣམ་པར་འགྲེལ་བར་བྱ་བའི་ཕྱིར་དེ་ལ་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཆོག་ཏུ་གསང་བ་དམ་པའི་དཔལ་དམ་ཚིག་གསུམ་ནི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་གསུང་ཐུགས་རྡོ་རྗེ་ རྣམས་ཀྱིས་བདག་ལ་བྱིན་གྱིས་བརླབ་པ་ནི་དངོས་གྲུབ་ཐམས་ཅད་ཀྱི་བྱིན་གྱིས་བརླབ་པ་སྟེ། དེ་སྟོན་པར་བྱེད་པའི་སྒྲུབ་པ་ཆེན་པོའི་རྒྱུད་ཇི་ལྟར་ཤེས་པར་བྱ་ཞེ་ན། རང་ལྷའི་སྦྱོར་བ་ཇི་བཞིན་དུ་ཞེས་བྱ་བ་ལ་རྣལ་འབྱོར་དང་། རྗེས་སུ་རྣལ་འབྱོར་གྱི་མཚན་ཉིད་དང་། རྣལ་འབྱོར་ 61-1-25a ཆེན་པོའི་མཚན་ཉིད་ཅན་ནོ། །དེ་ཉིད་ཆོས་དང་ལས་དང་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་བྱིན་གྱིས་བརླབས་ཏེ། བསྟན་པར་བྱ་བ་གང་ཡིན་པ་དེ་ནི་ཕྱག་རྒྱ་ཀུན་གྱིས་བྱིན་གྱིས་བརླབ་པའོ། །དེ་ཉིད་ཆེན་པོའི་མཆོག་གིས་ནི། །རང་ཉིད་བསྒྲུབས་ཏེ་སྙིང་པོ་བཟླ། ། ཞེས་བྱ་བ་ལ་རང་གི་ལྷའི་སྦྱོར་བ་ཇི་ལྟ་བ་བཞིན་དུ་ཕྱག་རྒྱ་ཀུན་གྱིས་བྱིན་གྱིས་བརླབས་པའི་རང་གི་བདག་ཉིད་གང་ཡིན་པ་དེ་ཉིད། དེ་ཁོ་ན་ཉིད་དང་། ཆོས་དང་། དམ་ཚིག་གི་མཚན་ཉིད་ཅན་གྱི་མཆོག་གི་དེ་ཁོ་ན་ཉིད་ཆེན་པོས་རབ་ཏུ་བསྒྲུབས་པ་ནི་ཡོངས་སུ་རྫོགས་ཤིང་མཐར་ ཐུག་པར་བྱས་ནས་རང་གི་ལྷའི་སྙིང་པོ་ཧཱུཾ་ལ་སོགས་པའི་རང་བཞིན་གྱི་བཟླས་པ་ནི་མངོན་པར་བསྔགས་པར་བྱའོ། །དེ་ཡང་། དེ་ཉིད་ཀྱིས་ནི་རྡོ་རྗེ་གཟུང་། །ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ། །དམ་ཚིག་གིས་ནི་ཕྱག་རྒྱ་ཆེར། །བྱིན་གྱིས་བརླབས་ནས་སྙིང་པོ་བཟླ། །ཞེས་བྱ་བའི་དོན་ཏོ། ། དེ་ལྟར་དེ་ཁོ་ན་ཉིད་དང་། ཆོས་དང་། དམ་ཚིག་རྣམས་ཀྱིས་བདག་ཉིད་རབ་ཏུ་བསྒྲུབས་ལ་དམ་ཚིག་གསུམ་གྱི་གླུའི་མཆོད་པ་བྱའོ་ཞེས་བྱ་བའི་ཆོ་ག་འདི་རབ་ཏུ་བསྟན་པར་བྱ་བའི་ཕྱིར། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་གི་དངོས་གྲུབ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྫོགས་པའོ། །དེའི་དོན་དུ་བྱིན་གྱིས་བརླབ་པ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་ནུས་པ་བསྐྱེད་དེ། དེའི་མཆོག་གི་དེ་ཁོ་ན་ཉིད་སྟོན་ པར་བྱེད་པའི་མཆོག་གི་གསང་བ་གང་ཡིན་པ་དེ་དམ་ཚིག་གི་རྡོ་རྗེའི་གླུའི་མཆོད་པ་ཡིན་ནོ། །དེ་ཁྱད་པར་ཇི་ལྟ་བུ་དང་ལྡན་པ་ཡིན་ཞེ་ན། མཆོག་ཏུ་གྲུབ་པ་ཞེས་བྱའོ། །ཨོ་ཞེས་བྱ་བ་ནི་འདོད་ཆགས་རྡོ་རྗེ་མ་ལ་སོགས་པའི་མདངས་ཀྱི་དཔལ་ཞེས་བྱ་བའི་དོན་ཏོ། །ནམ་ མཁའ་སྐྱེ་བ་མཚན་ལྡན་ཕྱིར། །ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་ནམ་མཁའ་ནི་རྫས་ཐམས་ཅད་དང་བྲལ་བའི་རང་བཞིན། རྩིག་པ་ལ་སོགས་པའི་རྫས་ཞིག་པས་སྐྱེ་བོ་ཞེས་འདོགས་པ་དེ་བཞིན་དུ། དེ་བཞིན་ཉིད་ཀྱི་རྡོ་རྗེའི་རང་བཞིན་གྱི་རྡོ་རྗེ་སེམས་དཔའ་ནི་ཡང་དག་ 61-1-25b པ་མ་ཡིན་པའི་ཀུན་དུ་རྟོག་པའི་དྲི་མ་དང་བྲལ་བས་སེམས་ཅན་རྣམས་ཀྱི་རྒྱུད་ལ་སྐྱེ་བའོ་ཞེས་འདོགས་པ་ཡིན་ཏེ། དེས་ན་ནམ་མཁའ་སྐྱེ་བའི་མཚན་མ་དང་ལྡན་པའི་བཅོམ་ལྡན་འདས་ཡིན་ནོ། །ནམ་མཁའ་སྐྱེ་བའི་མཚན་ཉིད་དང་ལྡན་པ་དེ་ཉིད་ཀྱིས་ཐོག་མ་དང་ཐ་མ་མེད་པའོ། ། འཇིག་རྟེན་ལ་གྲགས་པ་གཞན་དག་ཀྱང་ཐོག་མ་དང་ཐ་མ་མེད་པར་ཡོངས་སུ་བརྟག་པའི་ཚུལ་གྱིས་ཐོག་མ་དང་ཐ་མ་མེད་པ་ཡིན་གྱི་དོན་དམ་པར་ནི་མ་ཡིན་ཏེ། དེའི་ཕྱིར་དེ་རྣམས་ལས་ཁྱད་པར་དུ་བསྟན་པའི་ཕྱིར་མཆོག་ཅེས་བྱ་བ་གསུངས་ཏེ། དོན་དམ་པར་ཐོག་མ་ཐ་མ་མེད་པའི་ མཆོག །ཅེས་བྱ་བ་ཡིན་ནོ། །དེ་ལྟ་བུ་གང་ཡིན་ཞེ་ན། སེམས་དཔའི་རྡོ་རྗེ་ཆེ་རང་བཞིན། །ཞེས་བྱ་བ་དེ་བཞིན་ཉིད་ཀྱི་རྡོ་རྗེའི་རང་བཞིན་ཅན་གྱི་སེམས་དཔའ་ནི་སེམས་དཔའི་རྡོ་རྗེ་ཆེན་པོའི་རང་བཞིན་ཏེ། དེ་བཞིན་ཉིད་དང་རོ་གཅིག་པའི་སེམས་དང་སེམས་ལས་བྱུང་བའི་རང་བཞིན་ ཅན་ནོ་ཞེས་བྱ་བ་བསྟན་པ་ཡིན་ནོ། །རྡོ་རྗེ་སེམས་དཔའ་བདག་གྲུབ་མཛོད། །ཅེས་བྱ་བ་ནི་སྒྲུབ་པ་པོས་གསོལ་བ་བཏབ་བོ། །གཞུང་འདི་ཙམ་གྱིས་ནི། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་དོན་བཤད་པ་ཡིན་ནོ། །ད་ནི་དགའ་བ་ཆེ་ཞེས་བྱ་ བའི་དོན་བསྟན་པར་བྱ་བའི་ཕྱིར་ཀུན་མཆོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐམས་ཅད་ཀྱི་མཆོག་ནི་ཀུན་མཆོག་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་བྱང་ཆུབ་ཆེན་པོའི་རང་བཞིན་ཅན་གྱི་དངོས་གྲུབ་ཀུན་མཆོག་ཀྱང་ཡིན་ལ་ དངོས་གྲུབ་ཆེན་པོ་ཡང་དེ་ཉིད་ཡིན་པས་ན། ཀུན་མཆོག་དངོས་གྲུབ་ཆེན་པོའོ། །བག་ཆགས་དང་བཅས་པའི་ཉོན་མོངས་པ་དང་བྲལ་བ་ཉིད་ཀྱིས་གཞན་གྱི་དབང་དུ་མ་གྱུར་པ་དེ་ཉིད་ཀྱི་ཕྱིར་དབང་ཕྱུག་ཆེན་པོ་སྟེ། སྐུ་ཐམས་ཅད་བསྟན་པས་སེམས་ཅན་གྱི་དོན་མཛད་ པའི་ཕྱིར་གཙོ་བོ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་དང་རྒྱུ་མཐུན་པའི་ལྷ་ནི་ལྷག་པའི་ལྷ་སྟེ། དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོའི་རང་བཞིན་ཅན་གྱི་ལྷག་པའི་ལྷའོ། །གསང་བ་ལྔའི་དེ་ཁོ་ན་ཉིད་ཆེན་པོའི་རང་བཞིན་དང་པོ་རྡོ་རྗེ་ནི་རྡོ་རྗེ་ཐམས་ཅད་དེ། དེ་འཛིན་པས་ན་ 61-1-26a རྡོ་རྗེ་ཐམས་ཅད་འཛིན་པའོ། །དེ་ཡང་རིགས་ཐམས་ཅད་ཀྱི་བདག་པོའི་ཚུལ་གྱིས་ཐམས་ཅད་ལས་རྒྱལ་བས་ན་རྒྱལ་བའོ། །འདིར་རྒྱུ་ལ་འབྲས་བུ་ཉེ་བར་བཏགས་པར་བྱས་ནས་ཕྱག་རྒྱ་ཆེན་པོའི་གཟུགས་སུ་བཅོམ་ལྡན་འདས་དེ་ཁོ་ན་ཉིད་ཀྱི་གླུས་བསྟན་པ་ ཡིན་ནོ། །མི་འགྱུར་མཆོག་ཏུ་བདག་གྲུབ་མཛོད། །ཅེས་བྱ་བ་བོད་པའོ། །དེ་ནི། ཀུན་དུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་བསྙེམས་པ་བདག་པོ་བདག །ཅེས་བྱ་བ་འདིའི་དོན་དང་དྲན་པར་བྱ་བའི་ཕྱིར། ཉེས་པ་མི་མངའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བག་ཆགས་དང་ བཅས་པའི་ཉོན་མོངས་པ་དང་བྲལ་བས་ན་སྐྱོན་མེད་པ་སྟེ་རང་བཞིན་དེས་བརྟག་པ་ཁྱོད་ཡིན་ནོ། །འདིས་ནི་ཀུན་དུ་བཟང་པོའི་དོན་བསྟན་པ་ཡིན་ནོ། །ཚུལ་གང་གིས་སེམས་ཅན་རྣམས་འདུལ་བར་འགྱུར་བ་དེ་ཉིད་ཀྱིས་འདུལ་བའི་ཕྱིར། འདོད་ཆགས་ཀུན་གྱི་རྗེས་ཆགས་ཏེ། ། འདིས་ནི་ཐམས་ཅད་བདག་ཅེས་བྱ་བ་ལ་སོགས་པའི་དོན་ཏོ། །ཆགས་པ་ཆེན་པོ་དགའ་བ་ཆེ། །བཅོམ་ལྡན་དེ་ཉིད་ཀྱིས་གྲུབ་མཛོད། །ཅེས་བྱ་བས་བོད་པ་དང་བཅས་པའི་དངོས་གྲུབ་ཀྱི་ཕྱིར་གསོལ་བ་བཏབ་པའི་དོན་ཏོ། །དེ་ལྟར་དེ་ཁོ་ན་ཉིད་ཀྱི་གླུའི་མཆོད་པ་བསྟན་ནས། ད་ནི་ ཆོས་ཀྱི་གླུའི་མཆོད་པ་བསྟན་པར་བྱ་བའི་ཕྱིར་ཤིན་ཏུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱི་མའི་མཐའི་བར་དུ་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པའི་དྲི་མ་དང་བྲལ་བའི་ཕྱིར་ཤིན་ཏུ་དག་པའོ། །ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལས་མཆོག་ ཏུ་གྱུར་པས་ན་ཀུན་མཆོག་གོ། །གདོད་ནས་གྲོལ་བ་དེ་བཞིན་གཤེགས། །ཞེས་བྱ་བ་ལ་ཐོག་མ་དང་ཐ་མ་མེད་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱིས་རྟག་ཏུ་འཆིང་བ་ཐམས་ཅད་དང་བྲལ་བ་ཉིད་ཀྱི་ཕྱིར་གདོད་ནས་གྲོལ་བའོ། །དངོས་པོའི་རང་བཞིན་ཇི་ལྟ་བ་བཞིན་དུ་ཆོས་ཀྱི་ དབྱིངས་ཀྱི་རང་བཞིན་དང་ཐབས་ཀྱི་རང་བཞིན་དུ་དངོས་པོ་རྣམས་མཁྱེན་པས་ན་དེ་བཞིན་གཤེགས་པའོ། །གཞན་ཡང་གཞན་དག་ལ་དེ་བཞིན་དུ་གསུངས་པ་རབ་ཏུ་སྟོན་པར་མཛད་པས་ན་དེ་བཞིན་གཤེགས་པའོ། །ཀུན་དུ་བཟང་པོ་ཞེས་བྱ་བ་ནི་སེམས་ཅན་རྣམས་ལ་ཀུན་ནས་ 61-1-26b བཟང་པོའི་དགའ་བ་གང་ལས་བྱུང་བ་དེ་ནི་ཀུན་དུ་བཟང་པོའོ། །བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་དུ་ཞུགས་པས་ན་ཀུན་བདག་ཉིད་དོ། །བྱང་ཆུབ་ཀྱི་རང་བཞིན་གྱི་སེམས་དཔའ་ནི་བྱང་ཆུབ་སེམས་དཔའོ། །རབ་ཏུ་བསྒྲུབས་ཞེས་བྱ་བས་གསོལ་བ་བཏབ་ པ་ཡིན་ནོ། །དེ་ལྟར་ཆོས་ཀྱི་གླུའི་མཆོད་པ་བསྟན་ནས། ད་ནི་དམ་ཚིག་གི་གླུའི་མཆོད་པ་བསྟན་པར་བྱ་བ་ནི་ཀུན་མཆོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀུན་གྱི་མཆོག་ཀྱང་དེ་ཡིན་ལ་དངོས་གྲུབ་ཆེན་པོ་ཡང་དེ་ཉིད་ཡིན་པས་ན། ཀུན་མཆོག་དངོས་གྲུབ་ཆེན་པོ་སྟེ། ། ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་རྡོ་རྗེ་འཆང་ཆེན་པོ་རྟོགས་པའོ། །དེ་ཉིད་དབང་ཕྱུག་ཆེན་པོ་སྟེ་དེ་ཡོད་པས་ཕྱག་རྒྱའི་མཆོག་གང་ཡིན་པ་དེ་ནི། ཀུན་མཆོག་དངོས་གྲུབ་ཆེན་པོ་ཡི། །དབང་ཕྱུག་ཆེན་པོའི་ཕྱག་རྒྱའི་མཆོག་སྟེ་དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོའོ། ། དེ་ཉིད་ཀྱིས་གྲུབ་པར་གྱུར་ཅིག་པའོ། །དེ་ཇི་ལྟར་ཞེ་ན། རྡོ་རྗེ་ཆེར་བསྟོད་པ་ཞེས་བྱ་བ་ལ་ཇི་ལྟ་བ་བཞིན་དུ་བཤད་པའི་དང་པོའི་རྡོ་རྗེ་ཆེར་བསྟོད་པ་ནི་རྡོ་རྗེ་ཆེར་བསྟོད་པའོ། །ལག་པ་གཡས་པའི་སོར་མོ་དབུས་མའི་ཁ་ཊྭཱཾ་ག་རང་གི་སྙིང་གར་བསྟོད་པའི་ཚུལ་འཛིན་པ་ནི་རྡོ་རྗེ་ཆེར་ བསྟོད་པ་སྟེ། རྡོ་རྗེ་ཆེར་བསྟོད་པ་དེས་སྒྲུབས་ཤིག་པ་ནི་དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱིས་རྡོ་རྗེ་བསྙེམས་པའི་བདག་པོ་ཀྱེ་བདག་ལ་སྒྲུབས་ཤིག་ཅེས་བྱ་བ་ལ་བོད་པ་དང་བཅས་པས་བཅོམ་ལྡན་འདས་ལ་སྒྲུབ་པ་པོས་གསོལ་བ་བཏབ་པ་ཡིན་ནོ། །དེ་ ལྟར་དམ་ཚིག་གསུམ་གྱི་གླུའི་མཆོད་པ་བསྟན་ནས། ད་ནི་དེ་ཉིད་ཀྱི་ཕན་ཡོན་བསྟན་པར་བྱ་བའི་ཕྱིར། དཔལ་མཆོག་དང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔལ་མཆོག་དང་པོ་ནི་ཇི་ལྟ་བ་བཞིན་དུ་བཤད་པའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྟེ། དེའི་གླུ་ནི། ཨོཾ་ནམ་མཁའ་སྐྱེ་མེད་མཚན་ལྡན་ཕྱིར། །ཞེས་བྱ་བ་ལ་སོགས་པའི་གླུ་སྒྲུབ་པ་པོས་བཅོམ་ལྡན་འདས་ཀྱི་ཡང་དག་པར་གྱུར་པའི་ཡོན་ཏན་བརྗོད་ཅིང་། དོན་དམ་པར་དེ་ཁོ་ན་ཉིད་དང་། ཆོས་དང་དམ་ཚིག་གི་དོན་ལ་ལྷག་པར་མོས་པས་གླུ་བླངས་ན་དེ་ཇི་ལྟར་འགྱུར་ཞེས་བྱ་ 61-1-27a བ་བཤད་པར་བྱ་བའི་ཕྱིར། དེ་ནི་དངོས་གྲུབ་ཀུན་མཆོག་འགྱུར། །ཞེས་བྱ་བ་གསུངས་ཏེ། དེ་ཞེས་བྱ་བ་ནི་སྒྲུབ་པ་པོའོ། །ནི་ཞེས་བྱ་བ་ནི་སྒྲ་ངེས་པར་གཟུང་བ་ལ་བྱ་སྟེ། དེ་ཉིད་ཁོ་ནར་གྱུར་པ་ཡིན་ནོ། །དཔལ་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་ཀྱི་རང་ བཞིན་གྱི་དངོས་གྲུབ་ཀུན་གྱི་མཆོག་སྟེ། དེའི་དབང་ཕྱུག་ཆེན་པོའི་སྐུ་ཐམས་ཅད་སྟོན་པར་བྱེད་པས་སེམས་ཅན་གྱི་དོན་ཏོ། །དབང་ཕྱུག་ཆེན་པོ་དེ་དང་ལྡན་ཞིང་དབང་ཕྱུག་ཆེན་པོ་ཉིད་དུ་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་གསུངས་སོ། ། མཆོག་ཀྱང་ཡིན་ལ་དེ་ཁོ་ན་ཉིད་ཀྱང་དེ་ཉིད་ཡིན་པས་ན་མཆོག་གི་དེ་ཉིད་དེ། རྡོ་རྗེ་འཆང་ཆེན་པོའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས་སོ། །དེ་ཉིད་གསང་བའི་མཆོག་ནི་འཇིག་རྟེན་ཐམས་ཅད་དང་ཐུན་མོང་བ་མ་ཡིན་ནོ། །དེའི་གླུ་ཆེན་པོ་ནི་དམ་ཚིག་གསུམ་གྱི་གླུའི་ མཆོད་པའོ། །མཆོག་ཏུ་གྲུབ་པ་ནི་རྡོ་རྗེ་སེམས་དཔའ་སྟེ། དེ་སྟོན་པར་བྱེད་པ་ཉིད་ཀྱི་ཕྱིར་འདི་ཡང་མཆོག་ཏུ་གྲུབ་པའོ། །མཆོག་ཏུ་གྲུབ་པ་ཡང་མངོན་དུ་བྱེད་པའི་རྒྱུ་ཉིད་ཡིན་པའི་ཕྱིར་མཆོག་གི་གླུ་འདི་ཡང་མཆོག་ཏུ་གྲུབ་པ་ཞེས་བྱ་བ་ཡིན་ནོ། །དངོས་གྲུབ་ཆོ་ག་འདི་ཡིས་ནི། ། ཞེས་བྱ་བ་ལ་དངོས་གྲུབ་ཀྱི་དོན་གྱི་ཆོ་ག་ནི་དངོས་གྲུབ་ཀྱི་ཆོ་ག་སྟེ་གླུའི་མཆོད་པའོ། །མཆོག་གི་དངོས་གྲུབ་ཀྱི་ཆོ་ག་འདིས་རྡོ་རྗེ་སེམས་དཔའ་ཡང་དག་པར་རྗེས་སུ་རྣལ་འབྱོར་རང་གི་མཚན་ཉིད་ཅན་ནི་དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག་ནི་རྡོ་རྗེ་སེམས་དཔའི་དངོས་གྲུབ་སྟེ། དེས་ དབང་ཕྱུག་ཆེན་པོ་ནི་བག་ཆགས་དང་བཅས་པའི་ཉོན་མོངས་པ་དང་བྲལ་བས་ཁམས་གསུམ་ཐམས་ཅད་དུ་གཟུགས་ཐམས་ཅད་སྟོན་པས་སེམས་ཅན་བྱེད་པའོ། །ཡུལ་དེར་རྡོ་རྗེ་སེམས་དཔའ་དང་ཡང་དག་པར་འདུས་པའི་སྒྲུབ་པ་པོས་བསྒྲུབ་པར་བྱ་བ་ཡིན་ནོ། །དེ་བཞིན་ དུ་དམ་ཚིག་གསུམ་གྱི་གླུའི་མཆོད་པ་འདིས། ཀུན་ནས་འོད་ཟེར་སྟོན་སོགས་དང་། །ཞེས་བྱ་བ་ལ་ཆོ་འཕྲུལ་བརྒྱ་རྩ་བརྒྱད་ཀྱི་རྣམ་པ་ཅན་དང་། སོ་སོར་སྟོན་པའི་རྨད་དུ་བྱུང་བ་རྣམས་ནི་ངོ་མཚར་བར་གྱུར་པ་རྣམས་སྒྲུབ་པ་པོའི་རྡོ་རྗེ་སློབ་དཔོན་གྱི་རང་གི་ལྷ་དཔལ་རྡོ་རྗེ་ 61-1-27b སེམས་དཔའ་ལས་མཐོང་བར་འགྱུར་རོ། །རྟོགས་པ་ཀུན་ཞེས་བྱ་བ་ནི་གསང་བའི་དཀྱིལ་འཁོར་གྱི་རྟོག་པ་སྣ་ཚོགས་ཆེན་པོའོ། །དངོས་གྲུབ་ནི་གསང་བ་ལྔའི་དེ་ཁོ་ན་ཉིད་ཆེན་པོའི་དངོས་གྲུབ་བོ། །དེའི་དབང་ཕྱུག་ནི་ཇི་ལྟ་བ་བཞིན་དུ་བཤད་པ་སྟེ། དེ་ལས་བྱུང་བའི་བདེ་བ་ནི། ། རྟོག་པ་ཀུན་གྱི་སྣ་ཚོགས་ཆེ། །དངོས་གྲུབ་དབང་ཕྱུག་བདེ་བ་རྣམས། །ནིའི་སྒྲ་ནི་ངེས་པར་གཟུང་བས་ཏེ། དམ་ཚིག་གསུམ་གྱི་གླུའི་མཆོད་པ་ཉིད་ཀྱིས་རྟོག་པ་ཐམས་ཅད་ཀྱི་སྣ་ཚོགས་པའི་དངོས་གྲུབ་ཀྱི་བདེ་བ་རྣམས་དཔལ་རྡོ་རྗེ་སེམས་དཔའ་ལེགས་པར་བྱིན་གྱིས་བརླབས་ པས་རྡོ་རྗེ་སློབ་དཔོན་གྱིས་རྟག་ཏུ་འཐོབ་པ་ཡིན་ནོ། །དེ་ལྟར་བདག་ལ་བྱིན་གྱིས་བརླབ་པ་བསྟན་ནས། ད་ནི་རྣལ་འབྱོར་ཆེན་པོ་སྒྲུབ་པའི་རང་བཞིན་ཅན་སྒྲུབ་པ་ཆེན་པོའི་རྒྱུད་བསྟན་པར་བྱ་བའི་ཕྱིར། དེ་ལ་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐམས་ཅད་ཀྱང་ཡིན་ལ་ བདག་ལ་བྱིན་གྱིས་བརླབས་པ་ཡང་དེ་ཉིད་ཡིན་པས་ན་ཐམས་ཅད་བདག་ལ་བྱིན་གྱི་བརླབ་པ་སྟེ། རང་གི་རིགས་ཀྱི་ལྷ་ཐམས་ཅད་སྒྲུབ་པ་པོའི་ལུས་ལ་དགོད་པའོ། །དེའི་དོན་དུ་ལྷ་རྣམས་ཀྱི་སྒྲུབ་པ་ཆེན་པོ་ནི་རང་གི་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་རང་ལ་རག་ལས་ པར་བྱ་བ་དེ་ནི་ཐམས་ཅད་བདག་ལ་བྱིན་གྱིས་བརླབ་པའི་ལྷའི་སྒྲུབ་པ་ཆེན་པོའོ། །དེ་སྟོན་པར་བྱེད་པའི་རྒྱུད་ཇི་ལྟར་ཤེས་པར་བྱ་ཞེ་ན། རང་ལྷའི་རྣལ་འབྱོར་ཇི་བཞིན་དུ། །ཞེས་བྱ་བ་ལ་བདག་ཉིད་ཀྱི་རང་གི་ལྷ་ནི་འདོད་པའི་ལྷའོ། །རྡོ་རྗེ་ཐལ་མོ་དང་རྡོ་རྗེ་བསྡམས་པ་ བཅིངས་ནས་སྙིང་གར་བྲལ་བར་བྱའོ། །དེ་ནས་རྡོ་རྗེ་དབབ་པ་བསྐྱེད་ནས་རང་གི་སྙིང་གར་རྡོ་རྗེ་དབབ་པའི་ཕྱག་རྒྱས་དགྲོལ་བར་བྱས་ལ། དམ་ཚིག་གི་རྡོ་རྗེ་ཁུ་ཚུར་བཅིངས་ཏེ། ཕྱག་རྒྱ་ཐམས་ཅད་གདེག་པར་བྱའོ། །དེ་ནས་སྡིག་པ་དྲལ་བའི་ཕྱག་རྒྱས་སྡིག་པ་རྣམས་ དྲལ་བར་བྱ་ལ། དེ་ནས་དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་པས་རང་གི་སྙིང་གར་གནས་པའི་རྡོ་རྗེ་ལ་ཡི་གེ་ཧཱུཾ་ཡིད་ཀྱིས་བྲིས་ལ། དེ་ཉིད་ཡིད་ཀྱིས་བརྗོད་ཅིང་ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བ་དང་ནམ་མཁའ་དང་མཉམ་པར་བསྒོམ་པར་བྱའོ། །དེ་ 61-1-28a ནས་ནམ་མཁའི་ཕྱོགས་སུ་རང་གི་སེམས་ཡི་གེ་ཧཱུཾ་གི་རྣམ་པར་བསམས་ལ་དབྱངས་བཅུ་དྲུག་དང་བཅས་པའི་ཡི་གེ་ཧཱུཾ་གིས་རང་གི་སེམས་ཟླ་བའི་དཀྱིལ་འཁོར་གྱི་རང་བཞིན་དུ་བསམ་པར་བྱའོ། །དེའི་སྟེང་དུ་ཀ་ལ་སོགས་པའི་ཡི་གེ་དང་བཅས་པའི་ཡི་ གེ་ཧཱུཾ་ལས་ཟླ་བའི་དཀྱིལ་འཁོར་གཉིས་པ་དེ་ཉིད་ཡི་གེ་ཧཱུཾ་དང་བཅས་པའི་རྡོ་རྗེ་སྟེ། རྡོ་རྗེའི་དབུས་སུ་ཡི་གེ་ཧཱུཾ་ཡིད་ཀྱིས་བྲི་སྟེ། གསང་བ་ལྔའི་དེ་ཁོ་ན་ཆེན་པོ་དང་པོའི་རྡོ་རྗེ་ཞེས་བྱ་བ་བསྒོམ་ཞིང་། རྡོ་རྗེ་ལས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་ གསང་བའི་དཀྱིལ་འཁོར་རྣམས་སྤྲོས་ཏེ། དེ་དག་གིས་སེམས་ཅན་གྱི་ཁམས་ཐམས་ཅད་གསང་བའི་དཀྱིལ་འཁོར་རྟོགས་པས་རྡོ་རྗེ་འཆང་ཆེན་པོ་ཉིད་དུ་བྱས་ལ་དེ་རྣམས་རྡོ་རྗེ་ལ་གཞུག་པར་བྱའོ། །དེ་ནས་སེམས་དཔའ་བྱིན་གྱིས་བརླབ་པའི་སྦྱོར་བས་བདག་ཉིད་རྡོ་རྗེ་ སེམས་དཔར་བསྒོམས་ལ། མ་ཧཱ་ས་མ་ཡ་སཏྭ་ཨ་ཧཾ་ཞེས་བཟླ་བར་བྱའོ། །དེ་ནས་དང་པོའི་རྡོ་རྗེ་བཅིངས་ལ་སླར་ཡང་ས་མ་ཡ་ཨ་ཧཾ་ཞེས་བྱ་བ་བཟླ་བར་བྱའོ། །དེ་ནས་སླར་དང་པོའི་རྡོ་རྗེས་སྙིང་ག་དང་། སྨིན་མཚམས་དང་། མགྲིན་པ་དང་། སྤྱི་བོ་རྣམས་སུ་ས་མ་ཡ་སཏྭ་ ཨ་དྷི་ཏིཥྛ་སྭ་མཾ་ཞེས་བྱ་བས་བྱིན་གྱིས་བརླབས་པར་བྱའོ། །དེ་ནས་ཕྱག་རྒྱ་ཆེན་པོ་བཅིང་བར་བྱའོ། །དེ་ནས་རྡོ་རྗེ་སེམས་དཔའི་རྣལ་འབྱོར་པའི་རང་གི་ལྷའི་སྦྱོར་བ་ཇི་ལྟ་བ་བཞིན་ཡིན་ནོ། །གཞན་ལ་ནི་རང་གི་ཆོ་གས་རང་གི་ལྷའི་ཕྱག་རྒྱ་ཆེན་པོ་བཅིང་བར་བྱ་སྟེ། འདིས་རང་ གི་ལྷའི་སྐུའི་གསང་བ་སྒོམ་པ་ཇི་ལྟ་བ་བཞིན་དུ་སྐུ་མདོག་དང་། དབྱིབས་དང་། གཟུགས་དང་ལྡན་པའི་རང་གི་ལྷའི་སྦྱོར་བ་ཇི་ལྟ་བ་བཞིན་དུ་བསྟན་པ་ཡིན་ནོ། །ལྷ་ཡང་ཡིན་ལ་ཀུན་ཡང་དེ་ཉིད་ཡིན་པས་ན་ལྷ་ཀུན་ཏེ་རྡོ་རྗེ་སེམས་དཔའ་ལ་སོགས་པའོ། །དེ་རྣམས་ཀྱི་བདག་ ཉིད་ཀྱི་སྐུ་ནི་སྐུའི་གསང་བ་རྣམས་སོ། །རང་གི་ལྷའི་སྦྱོར་བ་ཇི་བཞིན་པ་དང་། ལྷ་ཀུན་གྱི་བདག་ཉིད་ཀྱི་སྐུ་རྣམས་ནི་རང་གི་ལྷའི་སྦྱོར་བ་ཇི་བཞིན་པའི་ལྷ་ཀུན་གྱི་བདག་ཉིད་ཀྱི་སྐུ་རྣམས་ཏེ། དེ་དག་གིས་རང་གི་ལྷའི་སྦྱོར་བའི་བདག་ཉིད་ཅན་གྱི་རྣལ་འབྱོར་པ་དེ་རང་གི་ལྷའི་ 61-1-28b དཀྱིལ་འཁོར་དུ་བསྒྲུབ་པར་བྱ་བ་ཡིན་ཏེ་གཞན་གྱིས་ནི་མ་ཡིན་ནོ་ཞེས་བྱ་བའོ། །འདི་དག་བཤད་པར་འགྱུར་ཏེ། རང་གི་ལྷའི་རྣལ་འབྱོར་ཙམ་བྱས་ལ་ནམ་མཁའ་དང་མཉམ་པ་ཉིད་ཀྱི་སྦྱོར་བས་ནམ་མཁའ་དང་མཉམ་པའི་རང་གི་སྙིང་གའི་ཟླ་བ་ལ་ཞུགས་ཏེ། ཡི་གེ་ཧཱུཾ་གིས་ དང་པོའི་རྡོ་རྗེ་བཅིངས་ནས། ཨ་ནུ་ར་ག་ཡ་མི་ཧཱུཾ་ཞེས་བྱ་བ་བརྗོད་ཅིང་ས་ལ་རབ་ཏུ་བཞག་པར་བྱས་ནས་དཔལ་རྡོ་རྗེ་སེམས་དཔའི་གསང་བའི་དཀྱིལ་འཁོར་སྙིང་གར་རྫོགས་པར་བྱའོ། །དེ་ནས་འཇུག་པའི་ཕྱག་རྒྱ་བཅིངས་ནས་དེར་ཞུགས་ལ་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་ བླང་པའི་བར་དུ་རང་གི་ཆོ་ག་རྫོགས་པར་བྱ་སྟེ། སྔར་བཤད་པའི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་རྣལ་འབྱོར་ཆེན་པོའི་གནས་རྣམས་སུ་གསང་བའི་ལྕགས་ཀྱུ་མས་དཔལ་མཆོག་དང་པོ་ཞེས་བྱ་བ་ལ་སོགས་པའི་གླུ་བརྗོད་ཅིང་། རང་གི་ལུས་ ལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་བཅུག་ལ་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་བསྒྲུབ་པར་བྱའོ། །དེ་ནས་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་རྒྱས་བཏབ་ལ། དེ་བཞིན་གཤེགས་པ་ཐམས་ཅད་རང་གི་ལུས་དང་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་ལ་སྔ་མ་ བཞིན་དུ་བཅུག་སྟེ་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་བསྒྲུབ་པར་བྱའོ། །དེ་རྣམས་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་རྒྱས་བཏབ་ལ། དང་པོའི་རྡོ་རྗེ་དེ་བཞིན་དུ་བདག་ལ་བྱིན་གྱིས་བརླབས་ཏེ། བརྟན་པར་བྱེད་པའི་སྙིང་པོས་བརྟན་པར་བྱས་ལ་དབང་བསྐུར་བའི་ ཕྱག་རྒྱ་རྣམས་ཀྱིས་དབང་བསྐུར་ཏེ་རྡོ་རྗེ་དང་། བདག་པོ་དང་། མིང་གི་དབང་བསྐུར་བ་དང་། དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་བླངས་ལ། འདོད་ཆགས་རྡོ་རྗེ་ལ་སོགས་པའི་མཆོད་པའི་ཕྱག་རྒྱ་བཅུ་གཉིས་ཀྱིས་བདག་ཉིད་ཡང་དག་པར་མཆོད་ལ། སྒེག་མོ་དགའ་ བའི་རྡོ་རྗེ་མའི་ཕྱག་བཞིས་ཕྱག་བཙལ་བར་བྱས་ནས་དེ་ཁོ་ན་ཉིད་དང་། ཆོས་དང་དམ་ཚིག་རྣམས་ལ་ཡི་གེ་ཧཱུཾ་ལན་གསུམ་བརྗོད་དེ། དམ་ཚིག་གསུམ་གྱི་མཆོད་པ་བྱས་ལ་རྡོ་རྗེ་བདག་ཉིད་དང་། རང་བཞིན་དག་པ་དང་། ཐམས་ཅད་མཉམ་པའི་བདག་ཉིད་རྣམ་པར་ 61-1-29a བསྒོམས་ལ། ཇི་ལྟ་བ་བཞིན་དུ་རང་གི་སྙིང་གར་གནས་པའི་རྡོ་རྗེ་ལ་ཡི་གེ་ཧཱུཾ་ཡིད་ཀྱིས་བྲིས་ནས་རབ་ཏུ་དགའ་བའི་ངག་གིས་བརྗོད་ཅིང་བསྒོམ་པར་བྱ་བ་ཡིན་ནོ། །དེ་དག་ཐམས་ཅད་དགུག་པ་དང་། མཆོད་པ་ཆེན་པོ་དང་། བདག་ལ་བྱིན་གྱིས་བརླབ་པ་དང་། སྒྲུབ་པ་ཆེན་པོ་རྣམས་བསྟན་ནས། ད་ནི་བརྟ་དང་། བེ་ཤ་ཁི་ལ་ལ་མཁས་པའི་རྗེས་སུ་སྒྲུབ་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཀྱི་སྒྲ་ནི་སྐབས་སུ་བབ་པའོ། །གསང་བ་དམ་པའི་མཆོག་གི་དཔལ་དམ་ཚིག་གསུམ་ནི་དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བརྟན་པར་བྱེད་པའི་གསང་བའི་དཀྱིལ་འཁོར་དེར་མཆོག་གི་དངོས་གྲུབ་ཐམས་ཅད་ཀྱི་དབང་ཕྱུག་ནི་ཁམས་གསུམ་པའི་ཆོས་ཀྱི་རྒྱལ་སྲིད་ཐོབ་པའོ། །དེ་ཉིད་བདག་པོ་ཉིད་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི་ཚོགས་པའི་གང་ གི་དང་པོར་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དངོས་གྲུབ་ཀྱང་ཡིན་ལ་ཐམས་ཅད་ཀྱང་དེ་ཉིད་ཡིན་པས་ན་དངོས་གྲུབ་ཐམས་ཅད་དེ་ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་དང་ཆོས་དང་ལས་ཀྱི་ཕྱག་རྒྱའི་དཀྱིལ་འཁོར་གྱི་དངོས་གྲུབ་རྣམས་སོ། །ལས་རྣམས་ཀྱི་ཚོགས་ནི་ལས་ཀྱི་ཚོགས་ཏེ་ གསང་བའི་དཀྱིལ་འཁོར་དང་འབྲེལ་བའི་འོག་ནས་འཆད་པར་འགྱུར་བའི་ལས་རྒྱའི་རྒྱུན་ནོ། །མི་འགྱུར་བ་ཡང་ཡིན་ལ་མཆོག་ཀྱང་དེ་ཉིད་ཡིན་པས་ན་མི་འགྱུར་མཆོག་སྟེ། ཐོག་མ་དང་ཐ་མ་མེད་པའོ། །དེ་ཉིད་ཀྱི་ཕྱིར་དམ་པ་ནི་ཕུལ་དུ་བྱུང་བའོ། །འདི་ལ་གོང་ན་མེད་པས་བླ་ ན་མེད་པའོ། །དགའ་བ་དང་རབ་ཏུ་དགའ་བ་ཞེས་བྱ་བ་ལ་དགའ་བ་ནི་ཡིད་བདེ་བའོ། །རབ་ཏུ་དགའ་བ་ནི་དགའ་བའོ། །བདེ་བ་ཐམས་ཅད་ནི་འཇིག་རྟེན་ལས་འདས་པའི་འོ། །དེ་ཡང་དམ་པ་དང་། བར་མ་དང་། མཆོག་གི་དབྱེ་བས་ཕྱེ་བ་ཡིན་ནོ། །ཡིད་བདེ་བ་ཡང་དེ་བཞིན་དུ་ ཤེས་པར་བྱའོ། །བླ་ན་མེད་པའི་དགའ་བ་དང་རབ་ཏུ་དགའ་བ་ལས་ཁྱད་པར་ཅི་ཡོད་ཅེ་ན། འདི་ནི་དམན་པ་དང་། བར་མ་དང་། མཆོག་གི་དབྱེ་བ་རྣམ་པ་གསུམ་སྟེ། དེ་ནི་བླ་ན་མེད་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་ནི་འདིའི་ཁྱད་པར་ཡིན་ནོ། །མཆོག་གི་དངོས་གྲུབ་ནི་རྡོ་རྗེ་འཆང་ཆེན་པོ་ 61-1-29b ལ་སོགས་པའི་རང་བཞིན་ཅན་ནོ། །ཇི་ལྟ་བ་བཞིན་དུ་བཤད་པའི་དངོས་གྲུབ་ཐམས་ཅད་དང་ལས་ཀྱི་ཚོགས་དང་། མི་འགྱུར་བ་མཆོག་གི་དམ་པ་བླ་ན་མེད་པའི་དགའ་བ་དང་རབ་ཏུ་དགའ་བ་དང་། ཡིད་བདེ་བ་དང་མཆོག་གི་དངོས་གྲུབ་རྣམས་ནི་ཇི་ལྟ་བ་བཞིན་དུ་བཤད་པའི་ བདག་པོ་ཉིད་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི་ཚོགས་ཀྱིས་མི་འགྱུར་བ་མཆོག་གི་དམ་པ་བླ་ན་མེད་པའི་དགའ་བ་དང་རབ་ཏུ་དགའ་བ་དང་། བདེ་བ་ཐམས་ཅད་དང་། ཡིད་བདེ་བ་མཆོག་གི་དངོས་གྲུབ་རྣམས་སོ། །དེ་དག་གི་ཆོ་ག་རྒྱས་པ་ནི་རྡོ་རྗེ་རྗེས་སུ་ཆགས་པ་ ལ་སོགས་པའི་གླུ་དང་རོལ་མོའི་ཆོ་ག་རྣམ་པ་གསུམ་མོ། །དེ་ཉིད་རྗེས་སུ་སྒྲུབ་པ་ནི་ཕྱི་ནས་བསྒྲུབས་པས་ན་རྗེས་སུ་བསྒྲུབ་པ་སྟེ་ཐམས་ཅད་དགུག་པ་དང་། མཆོད་པ་ཆེན་པོ་དང་། བདག་ལ་བྱིན་གྱིས་བརླབ་པ་དང་། སྒྲུབ་པ་ཆེན་པོ་ལས་ཕྱིས་བྱ་བའི་ཕྱིར་རོ། །དེ་ཉིད་མཆོག་གི་ དངོས་གྲུབ་ཀྱི་རྒྱུར་གྱུར་པའི་ཕྱིར་མཆོག་ཏུ་གྲུབ་པ་ཡིན་ནོ། །ཇི་ལྟ་བ་བཞིན་དུ་བཤད་པའི་རྣལ་འབྱོར་ཆེན་པོ་བྱས་ལ་རང་གི་ལྷའི་དཀྱིལ་འཁོར་ཆོ་ག་བཞིན་དུ་མདུན་དུ་བཞག་ལ་དེ་ཉིད་བསྒོམ་པ་ནི་འདི་རང་གི་ལྷའི་སྦྱོར་བ་ཇི་ལྟ་བ་བཞིན་གང་ཡིན་པ་དང་། ཚོགས་ཀྱི་དཀྱིལ་ འཁོར་བསྒོམ་པའོ། །རྡོ་རྗེ་ཀུན་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་ཏེ། དེ་དག་གི་མཆོག་གི་སྐུ་ནི་མཚན་མོའི་ཕྱག་རྒྱའོ། །དེ་ཡང་གཉིས་སུ་མེད་པའི་སེམས་དང་སེམས་ལས་བྱུང་བ་རྣམས་སྟོན་པར་བྱེད་པའི་ཕྱིར་རོ། །རང་གི་ལྷའི་སྦྱོར་བ་ཇི་བཞིན་པ་དང་རྡོ་རྗེ་ཀུན་གྱི་ མཆོག་གི་སྐུ་ནི་རང་ལྷའི་སྦྱོར་བ་ཇི་བཞིན་དང་རྡོ་རྗེ་ཀུན་གྱི་མཆོག་སྐུའོ། །བྱེད་པར་གྱུར་པ་དེ་རྣམས་ཀྱིས་གླུ་དང་རོལ་མོའི་ཆོ་ག་གང་ཞིག་རྣལ་འབྱོར་པས་བྱ་བ་དེ་ནི་དེ་ལ་རྡོ་རྗེ་རྗེས་སུ་ཆགས་པ་ཡིན་ཏེ། ཤིན་ཏུ་རྣལ་འབྱོར་གྱི་སྦྱོར་བས་མངོན་དུ་གྱུར་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་ གོ། །འདི་ལྟར་བཤད་པར་འགྱུར་ཏེ་ཇི་ལྟར་བཤད་པའི་ཆོ་གས་མདུན་དུ་དཀྱིལ་འཁོར་བཞག་པའམ། ཚོགས་ཀྱི་དཀྱིལ་འཁོར་གྱི་སྦྱོར་བས་དབུས་སུ་འདུག་སྟེ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་དུ་བཟང་པོ་ཀུན་ 61-1-30a བདག་ཉིད། །རྡོ་རྗེ་བསྙེམས་པ་བདག་པོའི་བདག །ཅེས་བྱ་བ་དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་པས་ཡི་གེ་ཧཱུཾ་གི་གླུ་བརྗོད་ཅིང་བསྒོམ་པར་བྱའོ། །དྲིལ་བུ་དང་བཅས་པའི་པི་ཝང་ལ་སོགས་པའི་རོལ་མོ་ཉིད་ཐོག་མ་དང་ཐ་མ་མེད་པའི་གཟུགས་ཅན་གྱི་རྡོ་རྗེ་ དེས་རྗེས་སུ་ཆགས་པར་འགྱུར་རོ། །གཞན་གྱི་རྣལ་འབྱོར་པས་ནི་རང་གི་ལྷའི་ཡི་གེ་བརྗོད་ཅིང་རང་གི་རིགས་ཀྱི་དེ་ཁོ་ན་ཉིད་བསྒོམ་པར་བྱ་བ་ཡིན་ནོ། །དེ་ལྟར་རྡོ་རྗེའི་རྗེས་སུ་སྒྲུབ་པ་བསྟན་ནས། ད་ནི་དྲིལ་བུའི་རྗེས་སུ་སྒྲུབ་པ་བསྟན་པར་བྱ་བའི་ཕྱིར། རང་གི་ལྷའི་སྦྱོར་བ་ ཇི་བཞིན་དུ། །དབྱངས་ཀྱི་རྩ་བ་རྣམས་སད་པས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་ལྷའི་སྦྱོར་བ་ནི་བཤད་ཟིན་ཏོ། །ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ། ཨཱདྱ་ནུཏྤནྣ་ཏྭཱཏ་ཅེས་བྱ་བ་ནི་ལྷག་པར་མོས་པ་རྣམས་ནི་དབྱངས་ཀྱི་རྩ་བ་རྣམ་པར་སད་པ་སྟེ། དབྱངས་ཀྱི་རྩ་བ་རྣམ་ པར་སད་པ་དེ་དག་དང་བཅས་པའི་གླུ་དང་རོལ་མོའི་ཆོ་ག་རྣལ་འབྱོར་པས་གང་བྱེད་པ་དེ་དག་དྲིལ་བུ་ཉིད་ཀྱིས་རྗེས་སུ་བླངས་ཏེ་དྲིལ་བུའི་སྒྲ་དང་ལྷན་ཅིག་ཏུ་གླུ་ལེན་པའོ། །ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་དང་མཉམ་སྦྱོར་བ་ཡིན། །ཀུན་མཆོག་མཉམ་ པ་ཉིད་དུ་གསལ། །ཞེས་བྱ་བ་བསྟན་པ་ཡིན་ཏེ་དེ་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་འདི་ལྟར་སྔར་བཤད་པར་འགྱུར་ཏེ། སྔ་མ་བཞིན་དུ་རང་གི་དཀྱིལ་འཁོར་མདུན་དུ་བཞག་པའམ། ཚོགས་ཀྱི་དཀྱིལ་འཁོར་གྱི་ཚུལ་གྱིས་འདུག་སྟེ། དཔལ་རྡོ་རྗེ་སེམས་དཔའི་ རྣལ་འབྱོར་པས། ཡི་གེ་ཧཱུཾ་བརྗོད་ཅིང་དྲིལ་བུ་དཀྲོལ་བ་ལ་བརྩོན་པས་སྒྲའི་རྗེས་སུ་འབྲང་བའི་ཤེས་རབ་བསྒོམ་པར་བྱ་བ་དང་། པི་ཝང་ལ་སོགས་པ་རོལ་མོའི་སྒྲ་རྣམས་ཀྱིས་དེ་ཉིད་མངོན་དུ་བྱ་བ་ཡིན་ནོ། །དེ་ལྟར་དྲིལ་བུའི་སྒྲུབ་པ་བསྟན་ནས་ད་ནི་དམ་ཚིག་གི་རྗེས་སུ་སྒྲུབ་པ་ བསྟན་པར་བྱ་བའི་ཕྱིར་རང་ལྷའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་ལྷའི་སྦྱོར་བ་ཇི་བཞིན་དུ། །ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །སྣ་ཚོགས་ནི་རྡོ་རྗེ་སེམས་དཔའ་སྟེ་ཕྱག་རྒྱ་ནི་ཕྱག་རྒྱ་ཆེན་པོའོ། །དེའི་བདག་པོ་ནི་སྣ་ཚོགས་ཕྱག་རྒྱའི་བདག་པོ་སྟེ་ཕྱག་རྒྱ་ཆེན་པོའི་བདག་ 61-1-30b པོ་ཕྱག་རྒྱ་ཆེན་པོ་རྫོགས་པར་བྱེད་པའི་བདག་པོ་ཞེས་བྱ་བའི་དོན་ཏོ། །དེ་གང་ཡིན་ཞེ་ན། མཆོག་ཏུ་རོལ་མོའི་ཆོ་ག་ཞེས་བྱ་བ་ལ། མཆོག་ནི་ཕུལ་དུ་བྱུང་བ་སྟེ་ཕྱག་རྒྱ་ཆེན་པོ་སྟོན་པར་བྱེད་པའི་ཡི་གེ་ཧཱུཾ་གི་གླུ་དང་། རྡོ་རྗེ་དྲིལ་བུ་དང་བཅས་པའི་པི་ཝང་ལ་སོགས་པའི་རོལ་མོ་ནི་ གླུ་དང་རོལ་མོའི་ཆོ་གའོ། །དེ་ཡང་སློབ་མའི་ཚོགས་དང་བཅས་པའི་རྣལ་འབྱོར་པས་བྱ་བ་ཡིན་ནོ། །དམ་ཚིག་གིས་ནི་རྗེས་སུ་བསྒྲུབ། །ཅེས་བྱ་བ་ལ་དེ་ཉིད་རྣལ་འབྱོར་པས་དམ་ཚིག་གི་གཟུགས་བརྙན་དང་འདྲ་བའི་སྐུའི་གསང་བའི་སྒོམ་པས་རྗེས་སུ་བསྒྲུབ་པར་ བྱའོ། །འདི་ལྟར་བཤད་པར་འགྱུར་ཏེ། དེ་བཞིན་དུ་མདུན་དུ་དཀྱིལ་འཁོར་ཡོངས་སུ་བརྟག་པའམ། ཡང་ན་ཚོགས་ཀྱི་དཀྱིལ་འཁོར་གྱི་ཚུལ་གྱིས་དཀྱིལ་འཁོར་གྱི་དབུས་སུ་འདུག་སྟེ་རང་གི་ཕྱག་རྒྱ་ཆེན་པོ་བཅིངས་ལ་ཡི་གེ་ཧཱུཾ་བརྗོད་ཅིང་ཆོས་དབྱིངས་ཀྱི་རྒྱུ་མཐུན་པ་ གཟུགས་བརྙན་དང་མཚུངས་པའི་ཕྱག་རྒྱ་ཆེན་པོ་ཐམས་ཅད་ཀྱི་གཟུགས་བསྒོམ་པ་དང་། དྲིལ་བུའི་སྒྲ་དང་བཅས་པའི་པི་ཝང་ལ་སོགས་པའི་རོལ་མོས་དོན་དེ་ཉིད་བསྟན་པར་བྱའོ། །གླུ་དང་རོལ་མོའི་ཆོ་ག་ཉིད་ཀྱི་མཚན་ཉིད་ནི་འོག་ནས་འཆད་པར་འགྱུར་རོ། །ད་ནི་རྗེས་སུ་ བསྒྲུབ་པའི་ཕན་ཡོན་བསྟན་པར་བྱ་བའི་ཕྱིར་འདིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པ་གསུམ་གྱི་རྗེས་སུ་བསྒྲུབ་པ་འདིས་རྟོག་པ་ཐམས་ཅད་ནི་རིགས་ལྔའི་རང་བཞིན་གྱི་དམིགས་པའི་རྐྱེན་རྣམས་སོ། །རྡོ་རྗེ་འབེབས་པས་རབ་ཏུ་སད། །ཅེས་བྱ་བ་ནི་དེ་ཁོ་ན་ཉིད་དང་། ཆོས་དང་། དམ་ཚིག་དང་། ཡེ་ཤེས་རྣམས་ཀྱིས་བསྐུལ་ཞིང་མངོན་དུ་གྱུར་པའོ། །རང་གི་ལྷ་ཡི་དམ་ཚིག་ནི། །ཐམས་ཅད་བཞིར་འགྱུར་འགྲུབ་པར་འགྱུར། །ཞེས་བྱ་བ་ལ་གྲུབ་པ་ནི་སྒྲུབ་པ་པོ་ལ་རག་ལས་པ་ཡིན་ནོ། །དེ་ཡང་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་ རྒྱའི་རང་བཞིན་ཅན་གྱི་དམ་ཚིག་གོ། །རང་གི་ལྷ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཐམས་ཅད་རྣལ་འབྱོར་བསྒྲུབ་པར་བྱ་བ་ཉིད་དུ་འདོད་པ་རྣམས་སོ། །རྗེས་སུ་བསྒྲུབ་པ་གང་ཞིག་དང་བྲལ་བས་ཟླ་བ་བཞིས་འགྲུབ་པར་འགྱུར་བ་དེས་རྗེས་སུ་བསྒྲུབ་པ་དེ་ཉིད་ཀྱིས་ཟླ་བ་གཅིག་ 61-1-31a གིས་འགྲུབ་པར་འགྱུར་ཏེ། དེ་བས་ནི་མི་འགྱུར་རོ་ཞེས་བྱ་བ་གསུངས་སོ། །མཆོག་ཏུ་གསང་བ་དམ་པའི་དཔལ། །དམ་ཚིག་གསུམ་གྱི་དཀྱིལ་འཁོར་དུ་གླུ་དང་རོལ་མོ་སྟེ། ཇི་སྐད་དུ་བཤད་པའི་མཚན་ཉིད་ཅན་དེ་བཞིན་དུ་རྫོགས་པ་ནི་ཆོ་ག་སྟེ། འདིར་མཆོག་ ཏུ་གསང་བ་ནི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སྒྲུབ་པར་བྱེད་པས། མཆོག་ཏུ་གསང་བ་དམ་པའི་དཔལ་དམ་ཚིག་གསུམ་གྱི་དངོས་གྲུབ་ཀྱི་རྒྱུ་ཉིད་རྫོགས་པ་ཡིན་པས་ན་མཆོག་ཏུ་གྲུབ་པའོ། །དེ་ལྟར་ཐམས་ཅད་དགུག་པ་དང་། མཆོད་པ་ཆེན་པོ་དང་། བདག་ལ་བྱིན་གྱིས་བརླབ་པ་ དང་། སྒྲུབ་པ་ཆེན་པོ་དང་། རྗེས་སུ་བསྒྲུབ་པ་རྣམས་ཀྱིས་བདག་ཉིད་དང་དཀྱིལ་འཁོར་རྫོགས་པར་བྱས་ལ། ཉིན་རེ་དེ་སྲིད་དུ་བསྒོམ་པར་བྱ་སྟེ། ཇི་སྲིད་མངོན་དུ་གྱུར་པ་ལྟ་བུར་ཉིན་རེ་སྒོམ་པའི་དུས་སུ་མཐོང་བར་འགྱུར་རོ། །དེ་ནས་དཀྱིལ་འཁོར་འདི་བྲི་བར་བྱའོ་ཞེས་བྱ་ བའི་ཆོ་ག་འདི་རབ་ཏུ་བསྟན་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་མཚན་མ་ཐོབ་མ་ཐག་པ་ཁོ་ནའོ། །དེ་ཞེས་བྱ་བ་ནི་ཇི་སྲིད་མ་ཐོབ་པའི་གོང་དུ་མ་ཡིན་པའོ། །གསང་བ་མཆོག་གི་དགྱེས་པ་ན། །སངས་རྒྱས་ཀུན་གྱིས་རྗེས་བསྟེན་པའི། ། རྡོ་རྗེ་སེམས་དཔའི་རང་གནས་སུ། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཞེས་བྱ་བའི་གནས་འདི་འོག་ནས་འཆད་པར་འགྱུར་རོ། །དེ་ལྟ་བུ་ཇི་བཞིན་པའི་གནས་སུ་ཇི་སྙེད་པ་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །བདག་ཉིད་ཅེས་བྱ་བ་ལ་སོགས་པ་ལ་དཔལ་རྡོ་རྗེ་ སེམས་དཔའི་རྒྱན་རྣམས་ཀྱིས་བདག་ཉིད་ཡང་དག་པར་བརྒྱན་ལ། ཇི་ལྟར་འདོད་པའམ་ཇི་ལྟར་ཐོབ་པའི་སྣ་ཚོགས་པའི་གོས་གྱོན་པ་དང་། མེ་ཏོག་གི་ཕྲེང་བ་དང་ལྡན་ཞིང་ཁ་དྲི་ཞིམ་པོ་བསྒོས་པས་ལུགས་མའམ། བརྡུངས་མ་ལ་སོགས་པའི་རང་བཞིན་ཅན་གྱི་བཅོམ་ལྡན་ འདས་རྡོ་རྗེ་སེམས་དཔའ་འཁོར་དང་བཅས་པ་ཇི་སྐད་བཤད་པའི་ཁང་པ་སུམ་བརྩེགས་སུ་དཀྱིལ་འཁོར་བྲིས་ལ་དེའི་དབུས་སུ་རྡོ་རྗེ་བཞག་ནས་དེ་ཉིད་ཀྱི་མདུན་དུ་ཇི་ལྟ་བ་བཞིན་བཤད་པའི་སྒྲུབ་པའི་ཆོ་གས་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བས་རྣལ་འབྱོར་ཆེན་པོ་བྱས་ལ། བརླ་གཉིས་ལ་ 61-1-31b དྲིལ་བུ་སྟེ་བརླ་གཉིས་པོ་དཔལ་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་འབེབས་པ་སྐྱེད་པར་བྱེད་པའི་དྲིལ་བུའི་སྒྲ་སྒྲོགས་པར་བྱེད་ཅིང་། ཐམས་ཅད་དགུག་པ་དང་། མཆོད་པ་ཆེན་པོ་དང་། བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་སྔར་བཤད་པའི་མཚན་ཉིད་ཅན་ བསྒྲུབ་པར་བྱའོ། །སྔོན་དུ་ཞེས་བྱ་བ་ལ་སོགས་པ་དེ་ལྟར་འདས་མ་ཐག་ཏུ་བཤད་པའི་ཚུལ་གྱིས་བདག་ཉིད་དང་དཀྱིལ་འཁོར་དང་པོར་ལྷན་ཅིག་ཏུ་སྒྲུབ་པ་བྱས་ནས་བསྒོམས་པས་ལ་ལ་དེའི་རྗེས་ལ་ཁྲུས་ལ་སོགས་པ་རང་གི་ལྷའི་ང་རྒྱལ་གྱིས་རྫོགས་པར་བྱས་ནས། སླར་ ཡང་ཞུགས་ཏེ་ཉིན་རེ་བཞིན་དུ་མཆོད་པ་ཐམས་ཅད་ཀྱིས་དཀྱིལ་འཁོར་ཡང་དག་པར་མཆོད་ལ་དེ་སྲིད་དུ་བསྒོམ་པར་བྱ་སྟེ། ཇི་སྲིད་ཟླ་བ་གཅིག་གི་བར་དུའོ། །མཐར་ཉ་ལ་མཚན་ཐོག་ཐག་བསྒོམ་པར་བྱ་སྟེ། ཉི་མ་འཆར་ཀའི་དུས་སུ་རྡོ་རྗེ་འཆང་ཆེན་པོ་ཉིད་ཐོབ་པར་འགྱུར་རོ། ། དོན་དེ་ཉིད་བསྟན་པར་བྱ་བའི་ཕྱིར། འདིས་ནི་འདོད་པ་ཀུན་དབང་ཕྱུག །འགྲོ་དང་འོང་དང་འདོད་ན་འཕུར། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ལ་འདས་མ་ཐག་ཏུ་བཤད་པའི་སྒྲུབ་པའི་ཆོ་གས། དེ་ལྟར་མཆོག་ཏུ་རྗེས་ཆགས་དགའ་བ་ པདྨའི་ར་བ་ཆེ། །མཆོག་གི་རྒྱལ་མཚན་བསྒྲེང་བས་གང་ཞིག་རྗེས་སུ་བསྟན་པ་སྟེ། །མཆོག་གི་དངོས་གྲུབ་དབང་ཕྱུག་ཆེན་པོ་ཉིད་དེས་ཉམས་མྱོང་བ། །ཞེས་བྱ་བ་དང་སྦྱར་རོ། །མཆོག་ཀྱང་ཡིན་ལ་རྗེས་སུ་ཆགས་པ་ཡང་དེ་ཉིད་ཡིན་པས་ན་མཆོག་ཏུ་རྗེས་སུ་ཆགས་པ་སྟེ། དཔལ་ རྡོ་རྗེ་སེམས་དཔའི་གསང་བའི་དཀྱིལ་འཁོར་བསྒོམ་པའོ། །འདིས་ནི་འདོད་ཆགས་རྡོ་རྗེ་མའི་རང་བཞིན་ཅན་གྱི་དཔལ་རྡོ་རྗེ་སེམས་དཔའ་བསྟན་པ་སྟེ། དེས་བསྐྱེད་པའི་དགའ་བ་ནི་མཆོག་ཏུ་རྗེས་སུ་ཆགས་པའི་དགའ་བའོ། །དེ་ཉིད་བག་ཆགས་དང་བཅས་པའི་ཉོན་མོངས་པ་ ཐམས་ཅད་ཀྱི་དྲི་མ་དང་བྲལ་བས་པདྨ་ལྟ་བུ་ཡིན་པས་ན་པདྨའོ། །དེས་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པར་བྱེད་པའི་ནམ་མཁའ་དང་མཉམ་པའི་ཡེ་ཤེས་ཀྱི་རིན་པོ་ཆེའི་ས་གཞི་ཁྱབ་པས་ན་དགའ་བའི་པདྨའི་ར་བ་ཆེན་པོའོ། །དགའ་བའི་པདྨའི་ར་བ་ཆེན་པོ་ནི་དགའ་བའི་ 61-1-32a པདྨའི་ར་བ་ཆེན་པོའོ། །དེ་ཉིད་མཆོག་ཏུ་གསང་བ་གྲུབ་པའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དངོས་གྲུབ་ལ་ཆགས་པས་ན་བླ་ན་མེད་པའི་དངོས་གྲུབ་ཆགས་པ་སྟེ། ཀཱི་ལི་ཀཱི་ལའི་རང་བཞིན་ཅན་གྱིས་རྡོ་རྗེ་སེམས་དཔའ་བསྟན་ཏོ། །མཆོག་གི་ རྒྱལ་མཚན་བསྒྲེང་བས་གང་ཞིག་རྗེས་སུ་བསྟན་པ་སྟེ། །ཞེས་བྱ་བ་ལ། དེ་ལྟ་བུའི་ཡོན་ཏན་གྱི་ཁྱད་པར་དང་ལྡན་པའི་སྒྲུབ་པ་རྣལ་འབྱོར་པ་གང་གིས་ཕྱིན་ཅི་མ་ལོག་པར་བརྟེན་པ་ནི་སྒོམ་པར་བྱེད་པས་ཏེ། མཆོག་ཀྱང་ཡིན་ལ་རྒྱལ་མཚན་ཡང་དེ་ཉིད་ཡིན་པས་ན་མཆོག་གི་རྒྱལ་ མཚན་ཏེ་དཔལ་རྡོ་རྗེ་སེམས་དཔའི་སྐུའོ། །དེ་ཉིད་དེའི་རྣལ་འབྱོར་གྱིས་བསྒྲེང་བས་ཏེ། མཐོན་པའི་སྐུ་གང་ལ་ཡོད་པ་དེ་ནི་མཆོག་གི་རྒྱལ་མཚན་བསྒྲེང་བ་རྣམས་ཏེ། འདིས་རྡོ་རྗེ་དྲན་མའི་རང་བཞིན་ཅན་གྱི་རྡོ་རྗེ་སེམས་དཔའ་ཚིག་གི་ཟུར་གྱིས་བསྟན་པ་ཡིན་ནོ། །རྡོ་རྗེ་ སེམས་དཔའི་རྣལ་འབྱོར་གྱིས་ཇི་ལྟ་བ་བཞིན་དུ་བཤད་པའི་སྒྲུབ་པ་མངོན་དུ་བྱེད་པ་དེ་རྣམས་ཅིར་འགྱུར་ཞེ་ན། མཆོག་གི་དངོས་གྲུབ་དབང་ཕྱུག་ཆེན་པོ་ཉིད་དེས་ཉམས་མྱོང་བ། །ཞེས་བྱ་བ་ལ་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་ཉམས་སུ་མྱོང་བའི་རྣལ་འབྱོར་པ་རྣམས་ཀྱིས་ རིག་པ་ཡིན་ནོ། །མཆོག་ཀྱང་ཡིན་ལ་དངོས་གྲུབ་ཀྱང་དེ་ཉིད་ཡིན་པས་ན་མཆོག་གི་དངོས་གྲུབ་སྟེ་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་གྱི་གསང་བའི་དཀྱིལ་འཁོར་གྱི་དངོས་གྲུབ་བོ། །དེས་དབང་ཕྱུག་ཆེན་པོ་ནི་མཆོག་གི་དངོས་གྲུབ་ཀྱི་དབང་ཕྱུག་ཆེན་པོའོ། །དེས་དངོས་པོ་ནི་ དབང་ཕྱུག་ཆེན་པོ་དེ་ཉིད་དེ་དག་གིས་ཉམས་སུ་མྱོང་བ་ཡིན་ནོ། །བྱ་བ་ནན་ཏན་གྲུབ་པའི་ཡེ་ཤེས་ཀྱིས་སངས་རྒྱས་སྤྲུལ་བ་དང་སེམས་ཅན་གྱི་དོན་བྱེད་པ་ཡིན་ནོ་ཞེས་བྱ་བ་དོན་ཏེ། འདིས་རྡོ་རྗེ་འདོད་པའི་དབང་ཕྱུག་མའི་རང་བཞིན་ཅན་གྱི་རྡོ་རྗེ་སེམས་དཔའ་བསྟན་ཏོ། ། དཔལ་མཆོག་དང་པོ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །གནས་གང་དུ་གསང་བའི་དཀྱིལ་འཁོར་བྲི་ན་རྣལ་འབྱོར་པས་དངོས་གྲུབ་བསྒྲུབ་པ་དེ་བསྟན་པའི་ཕྱིར། གསང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་ཆགས་རྡོ་རྗེ་མ་ལ་སོགས་པའི་དཔལ་གྱི་ཚོགས་དང་ལྡན་ 61-1-32b པས་ན་གསང་བ་སྟེ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་རང་ཉིད་ཀྱིས་བཞུགས་སོ། །མཆོག་ནི་ཕུལ་དུ་བྱུང་བའོ། །ཡིད་དང་རྗེས་སུ་མཐུན་པར་སྤྱད་ན་དགྱེས་པའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་ གཤེགས་པ་རྣམས་ཀྱིས་བསྟེན་པས་ན་སངས་རྒྱས་ཀུན་གྱིས་བསྟེན་པའོ། །རྡོ་རྗེ་སེམས་དཔའི་རང་གི་ཡེ་ཤེས་ལས་བྱུང་བའི་ཞུགས་པ་ནི་རྡོ་རྗེ་སེམས་དཔའི་རང་གི་གནས་སོ། །ཐམས་ཅད་ནི་རིགས་ལྔའི་ལྷ་རྣམས་ཀྱི་བདག་ཉིད་ནི་ཐམས་ཅད་ཀྱི་བདག་ཉིད་དེ། བྱང་ཆུབ་ཆེན་པོའི་ སེམས་ལ་སོགས་པ་ལས་བྱུང་བ་ཉིད་ཀྱིས་བྱང་ཆུབ་ཆེན་པོའི་སེམས་ལ་སོགས་པའི་ངོ་བོ་ཉིད་འདི་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །ཐམས་ཅད་བདག་ཉིད་དེར་ད་ལྟར་བྱུང་བའི་ངོ་བོས་རྟག་ཏུ་སྟེ་དུས་ཐམས་ཅད་དུ་བཞུགས་པས་ན་རྟག་ཏུ་བཞུགས་པ་ཡིན་ནོ། །ཐོག་མཐའ་ མེད་པ་ཞེས་བྱ་བ་ནི་བཤད་ཟིན་ཏོ། །འདི་ཞེས་བྱ་བ་ནི་ཇི་ལྟ་བ་བཞིན་དུ་བཤད་པའི་མཚན་ཉིད་ཅན་ནོ། །རང་བྱུང་ཞེས་བྱ་བ་ནི་བསྒོམ་པ་ལས་རང་ཉིད་ཁོ་ན་བྱུང་བ་ཡིན་གྱི་གཞན་ལས་མ་སྐྱེས་པ་ན་རང་བྱུང་ངོ་། །བདུད་བཞི་བཅོམ་པས་ན་བཅོམ་ལྡན་འདས་སོ། །ལྷག་པའི་ལྷ་ནི་ གཅིག་པུ་ཉིད། །ཅེས་བྱ་བ་ལ་འདི་ལས་མཆོག་ཏུ་གྱུར་པ་གཞན་མེད་པས་ན་ལྷག་པའི་ལྷའོ། །དེ་བཞིན་ཉིད་དང་རོ་གཅིག་པའི་སེམས་དང་སེམས་ལས་བྱུང་བའི་རང་བཞིན་ཉིད་ཀྱིས་རྒྱུད་ཐ་མི་དད་པས་ན་གཅིག་པུ་ཉིད་ཡིན་ནོ། །འདི་ལྟར་འཆད་པར་འགྱུར་ཏེ། གང་གི་ཕྱིར་ བཅོམ་ལྡན་འདས་འདི་ཇི་ལྟར་བཤད་པའི་ཡོན་ཏན་དང་ལྡན་པ་ཇི་ལྟ་བ་བཞིན་དུ་བཤད་པའི་གསང་བ་དང་། ཐམས་ཅད་ཀྱི་བདག་ཉིད་རྡོ་རྗེ་སེམས་དཔའི་རང་གི་གནས་སུ་རྟག་ཏུ་ཞུགས་པ་གྲུབ་པར་འགྱུར་བ་དེའི་ཕྱིར་ཇི་སྐད་དུ་བཤད་པའི་ཁང་པ་སུམ་བརྩེགས་སུ་གསང་བའི་དཀྱིལ་ འཁོར་བྲིས་ལ། རྣལ་འབྱོར་པས་བཅོམ་ལྡན་འདས་བསྒྲུབ་པར་བྱ་སྟེ་གཞན་དུ་མ་ཡིན་ནོ་ཞེས་བྱ་བའོ། །རབ་ཏུ་དེ་ལྟར་མཆོག་ཏུ་རྗེས་ཆགས་དགའ་བ་པདྨའི་ར་བ་ཆེ། །མཆོག་ཏུ་གསང་བ་སྒྲུབ་པ་ཞེས་བྱ་བ་ནི་བཤད་ཟིན་ཏོ། །སྒྲུབ་པ་དེ་ཉིད་བླ་ན་མེད་པ་ཡང་དག་པར་ 61-1-33a རྫོགས་པའི་བྱང་ཆུབ་རྫོགས་པའི་རྒྱུ་ཉིད་ཡིན་པའི་ཕྱིར་བླ་ན་མེད་པའི་དངོས་གྲུབ་སྟེ་དེ་ཉིད་བདེ་བའོ། །གང་ཞིག་རྗེས་སུ་བརྟེན་པ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །རབ་ཏུ་དགའ་བ་ནི་རྡོ་རྗེ་སེམས་དཔའ་སྟེ་ལྷ་མོ་བཞི་ཕྲེང་གི་དབུས་ན་བཞུགས་པའོ། །དེ་ཉིད་འདོད་ ཆགས་ཀྱིས་འདོད་ཆགས་སྤོང་བའི་ཕྱིར་རྣལ་འབྱོར་པ་རྣམས་ཀྱི་རྟགས་སུ་གྱུར་པས་ན་རྒྱལ་མཚན་ཏེ། དེ་བསྒྲེང་བ་ནི་དེའི་སྐུ་གང་ལ་ཡོད་པ་དེ་ནི་རབ་ཏུ་དགའ་བའི་རྒྱལ་མཚན་བསྒྲེང་བའི་རྣལ་འབྱོར་པ་རྣམས་སོ། །དཔལ་རྡོ་རྗེ་སེམས་དཔའི་ལྷ་མོ་བཞི་ཡང་དག་པར་འདུས་ པའི་རྣལ་འབྱོར་ལས་བྱུང་བའི་བདེ་བ་ནི་དངོས་གྲུབ་མཆོག་གི་བདེ་བ་ཆེན་པོ་སྟེ། དེའི་དངོས་པོ་ནི་བདེ་བ་ཆེན་པོ་དེ་ཉིད་དོ། །དངོས་གྲུབ་མཆོག་གི་བདེ་བ་ཆེན་པོ་དེ་ཉིད་རྣལ་འབྱོར་པ་དེ་རྣམས་ཀྱིས་ཉམས་སུ་མྱོང་བ་ཡིན་ནོ། །འདི་ལྟར་འཆད་པར་འགྱུར་ཏེ་ཇི་ལྟ་བ་བཞིན་དུ་ བཤད་པའི་ཁང་པ་སུམ་བརྩེགས་སུ་གསང་བའི་དཀྱིལ་འཁོར་བྲིས་ལ། ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ནས་ལྷ་མོ་བཞི་དང་ཀུན་ནས་འདུས་པའི་རྣལ་འབྱོར་གྱིས་མདུན་དུ་བཅོམ་ལྡན་འདས་བཞུགས་སུ་གསོལ་ལ། གསང་བའི་དཀྱིལ་འཁོར་དབུས་སུ་དེའི་རྣལ་འབྱོར་གྱིས་ དེའི་རང་བཞིན་ཅན་གྱི་བདག་ཉིད་གང་གིས་བསྒོམ་པ་དེ་ནི་དེའི་རང་བཞིན་ཅན་དུ་འགྱུར་རོ། །དགའ་བ་ཆེན་པོ་ཡང་ཡིན་ལ་རྡོ་རྗེ་དོན་ཡོད་པ་ཡང་དེ་ཉིད་ཡིན་པས་ན་དགའ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པ་སྟེ། གསང་བའི་དཀྱིལ་འཁོར་གྱི་དབུས་ན་བཞུགས་པའི་དཔལ་རྡོ་རྗེ་སེམས་ དཔའོ། །དེའི་དགའ་བ་གང་ཡིན་པ་དེས་དམ་ཚིག་ཅན་ནི་རིགས་ལ་སྐྱེད་པའི་རྒྱུའོ། །རྣལ་འབྱོར་ཡང་ཡིན་ལ་ཐམས་ཅད་ཀྱང་དེ་ཉིད་ཡིན་པས་རྣལ་འབྱོར་ཐམས་ཅད་དེ། རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་དང་ཤིན་ཏུ་རྣལ་འབྱོར་ནི་རྣལ་འབྱོར་ཐམས་ཅད་དོ། །དེ་རྣམས་ཀྱི་ དབང་ཕྱུག་ནི་གཙོ་བོས་ཏེ་དེ་སྐྱེད་པར་བྱེད་པའི་ཕྱིར་རོ། །དགའ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དགའ་བའི་དམ་ཚིག་ཐམས་ཅད་ཀྱང་དེ་ཡིན་ལ་རྣལ་འབྱོར་ཐམས་ཅད་ཀྱི་དབང་ཕྱུག་ཀྱང་དེ་ཡིན་པས་ན་དགའ་བ་ཆེན་པོའོ། །རྡོ་རྗེ་དོན་ཡོད་པའི་དགའ་བའི་དམ་ཚིག་དང་། རྣལ་འབྱོར་ 61-1-33b ཐམས་ཅད་ཀྱི་དབང་ཕྱུག་གོ། །དེ་གང་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཔལ་རང་གི་དམ་ཚིག་གི་དཀྱིལ་འཁོར་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཔལ་ནི་ལྷ་མོ་བཞི་ཕྲེང་གི་དབུས་ན་བཞུགས་པ་ལྷ་མོ་ཐམས་ཅད་ཀྱི་ཚོགས་ཀྱིས་ཡོངས་སུ་ བསྐོར་བའི་རྡོ་རྗེ་སེམས་དཔའི་སྐུའོ། །དེ་ཉིད་ཀྱི་རང་གི་དམ་ཚིག་གི་དཀྱིལ་འཁོར་མཆོག་ཏུ་གསང་བ་ཡིན་ནོ། །དེ་ལྟར་སློབ་དཔོན་གྱི་ལས་ཀྱི་ཆོ་ག་བསྟན་ནས། ད་ནི་སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་བཤད་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་ པ་གསུངས་ཏེ། དེ་ནས་ཀྱི་སྒྲ་ནི་དེ་མ་ཐག་པའོ། །འདིར་ཡང་དོན་འདི་བཤད་པ་ཡིན་ཏེ། གལ་ཏེ་སློབ་མ་གཞུག་པའི་དོན་དུ་རྣལ་འབྱོར་པས་དཀྱིལ་འཁོར་བརྟགས་པ་ཡིན་ལ། དངོས་གྲུབ་ཀྱི་དོན་དུ་ནི་མ་ཡིན་ན། དེའི་ཚེ་ཆོ་ག་འདིས་རྣལ་འབྱོར་པས་སློབ་མ་གཞུག་ པར་བྱའོ་ཞེས་བྱ་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ཆེན་པོ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ཆེན་པོ་སྟེ། གསང་བའི་དཀྱིལ་འཁོར་འདི་བྱང་ཆུབ་ཆེན་པོའི་སེམས་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་དམ་ཚིག་ཆེན་པོ་དང་ཤིན་ཏུ་རྣལ་འབྱོར་རོ། ། དེ་ལྟར་སློབ་མ་རྣམས་གཞུག་པ་ལ་སོགས་པའི་ཆོ་ག་སྟེ། དེ་རྒྱས་པ་ནི་བྱང་ཆུབ་ཆེན་པོའི་སེམས་བསྐྱེད་པ་ལ་སོགས་པའི་རྒྱུན་ཏེ། དེ་བཤད་པར་བྱའོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་པ་ཡིན་ནོ། །དེ་ལ་དང་པོ་ཁོ་ན་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། ། རིགས་ལྔའི་མཚན་མ་རྣམས་ནི་འདོད་པ་ཀུན་ཏེ་འདོད་པ་དེ་རྣམས་ལ་བྱང་ཆུབ་ཀྱི་མཚན་ཅན་གྱི་རྡོ་རྗེ་གྲུབ་པ་ཡིན་ཏེ། དང་པོའི་རྡོ་རྗེ་ལ་སོགས་པའི་རང་བཞིན་གྱི་རིགས་ཀྱི་སློབ་མ་ཐམས་ཅད་ཀྱི་སྙིང་གའི་ཟླ་བའི་རྣམ་པར་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་སེམས་དཔའ་ཉིད་དུ་འགྱུར། ། ཞེས་བྱ་བ་ལ་དང་པོའི་རྡོ་རྗེ་དང་དེ་བཞིན་གཤེགས་པ་དང་། ཁྲོ་བོའི་རྡོ་རྗེ་དང་། པདྨའི་རྡོ་རྗེ་དང་། རིན་པོ་ཆེའི་རང་བཞིན་དུ་འཛིན་པ་ཡིན་ནོ། །གར་ཞེས་བྱ་བ་ནི། བ་དན་གསུམ་མཆོག་སྦྱོར་བ་ཡིས། །སྒེག་བཅས་མཐའ་མ་ལ་སོགས་བཀྲོལ། །གློག་འགྱུར་མཆོག་ཏུ་བསྐོར་བ་ནི། ། 61-1-34a རྡོ་རྗེ་གར་ཞེས་དེ་བཤད་དོ། །ཞེས་བྱ་བ་འདིས་རང་གི་ལུས་ལ་བསྐོར་བའི་གར་ཕྱོགས་བཞིར་ཕྱག་བྱ་བའི་ཐལ་མོ་དེ་གང་ལ་ཡོད་པ་དེ་ནི་གར་གྱི་ཐལ་མོ་རྣམས་སོ། །དེ་གནས་གང་དུ་བྱ་ཞེ་ན། སྤྱི་བོ་ཞེས་བྱ་སྟེ། གར་གྱི་ཐལ་མོ་སྦྱར་བ་དེ་དག་རང་གི་སྤྱི་བོར་བཅིངས་པའི་ རྡོ་རྗེ་གར་ལས་བྱུང་བའི་ཕྱག་བྱ་བའི་ཐལ་མོ་རྣམས་སོ་ཞེས་བྱ་བའི་ཐ་ཚིག་གོ། །གོས་ཀྱིས་གདོང་ནི་གཡོགས་པ་རྣམས། །ཞེས་བྱ་བ་ལ་ཇི་ལྟ་བ་བཞིན་དུ་བཤད་པའི་རས་ཀྱིས་གདོང་གཡོགས་པ་སྟེ། དེ་ལྟར་གྱུར་པ་དེ་རྣམས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རིགས་ལྔའི་ དངོས་གྲུབ་འདོད་པ་ཇི་ལྟར་འདོད་པའི་དངོས་གྲུབ་འདོད་པས་ཏེ། སློབ་མ་དེ་རྣམས་ཐམས་ཅད་རང་གི་ཆོ་གས་གཞུག་པར་བྱའོ། །གང་གིས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་གྲུབ་གང་འདོད་པ་ནི་འདིར་ཅི་འདོད་པ་སྟེ། དེ་ལྟ་བུའི་འདོད་པའི་དངོས་གྲུབ་སློབ་ མའི་ཚོགས་ལ་བསམ་ཞིང་། སློབ་དཔོན་གྱིས་སློབ་མ་རྣམས་མེ་ཏོག་དོར་དུ་གཞུག་པར་བྱའོ། །སངས་རྒྱས་རིན་ཆེན་དབང་བསྐུར་གྱིས། །དམ་ཚིག་གསུམ་ནི་གསལ་བར་སྦྱིན། །ཞེས་བྱ་བ་ལ་སངས་རྒྱས་ཉིད་ནི་རིན་པོ་ཆེ་སྟེ་སངས་རྒྱས་རིན་ཆེན་ནོ། །དེ་དག་གིས་དབང་ བསྐུར་བ་ནི་སངས་རྒྱས་རིན་ཆེན་དབང་བསྐུར་བའོ། །སངས་རྒྱས་ལྔའི་ཕྱག་རྒྱའི་དབང་བསྐུར་བ་དང་། ཅོད་པན་ལ་སོགས་པའི་དབང་བསྐུར་བས་སངས་རྒྱས་རིན་ཆེན་དབང་བསྐུར་བས་ཏེ་དེ་དང་བཅས་པའི་དེ་ཁོ་ན་ཉིད་དང་། ཆོས་དང་། དམ་ཚིག་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སྟོན་ པར་བྱེད་པ་རྣམས་ཐོག་མཐའ་མེད་པ་ཞེས་བྱ་བ་ལ་སོགས་པའི་གནས་འཆད་པར་འགྱུར་བའི་དམ་ཚིག་གསུམ་གྱི་བཤད་པའི་གཞུང་གིས་དེ་དག་སྦྱིན་པར་བྱའོ། །དེ་ལྟར་དམ་ཚིག་གསུམ་ནི་གསལ་བར་སྦྱིན་པར་འགྱུར་རོ། །འདི་ཞེས་བྱ་བ་ལ་སོགས་པ་ལ། འདི་ནི་དམྱལ་ བའི་ཆུ་ཡིན་ཏེ། །ཁྱོད་དམ་ཚིག་ལས་འདས་པའི་རྒྱུས་དམྱལ་བ་ཁྱོད་ལ་སྲེག་པར་བྱེད་དོ། །དེ་ཡང་ཟངས་འབར་ཞིང་ཞུ་བའི་ཆུར་འགྱུར་རོ། །དམ་ཚིག་བསྲུངས་ན་ཞེས་བྱ་བ་ལ་དམ་ཚིག་དང་མི་ཤེས་པ་རྣམས་ལ་རྡོ་རྗེ་ལ་སོགས་པ་མ་བསྟན་པས་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དངོས་ 61-1-34b གྲུབ་རྫོགས་པའི་ཕྱིར་དངོས་གྲུབ་རྡོ་རྗེའི་བདུད་རྩིའི་ཆུ་ནི་ཐར་པ་ཆེན་པོའི་བདུད་རྩིའི་ཆུ་སྟེ། དམ་ཚིག་བསྲུངས་ན་ཁྱོད་ལ་འགྲུབ་པ་ཡིན་ནོ། །དམ་ཚིག་དེ་གང་ཞིག་ལས་འདས་པས་བདག་ལ་སྐྱོན་ཅིར་འགྱུར་ཞེ་ན། རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ་ལྷ་ཐམས་ཅད་ཀྱི་རྡོ་རྗེ་ཕྱག་མཚན་རྣམས་ ནི་རྡོ་རྗེའོ། །རིགས་ཐམས་ཅད་ཀྱི་མཚན་མས་མཚན་པ་ནི་དྲིལ་བུའོ། །ཆོས་དང་ལས་དང་དམ་ཚིག་དང་ཕྱག་རྒྱ་ཆེན་པོ་རྣམས་ཏེ། ཁྱད་པར་དུ་ལྷ་ཐམས་ཅད་ཀྱི་སྐུའི་གསང་བ་ནི་ཕྱག་རྒྱར་བརྗོད་པ་ཡིན་ནོ། །དམ་ཚིག་དེ་གང་ཞིག་ལས་འདས་པས་བདག་ལ་སྐྱོན་ཅིར་འགྱུར་ཞེ་ན། ཕྱག་རྒྱ་ལ་སོགས་པ་རྣམ་པ་གསུམ་པོ་འདི་དག་གལ་ཏེ་དཀྱིལ་འཁོར་དུ་མ་ཞུགས་པ་ལ་ཁྱོད་ཀྱིས་སྨྲས་སམ། དད་པ་མེད་པས་གཞན་བཞད་གད་བྱེད་ཅེས་བྱ་བ་ལ། རྡོ་རྗེ་ལ་སོགས་པ་འདིས་ཅི་ཞིག་བྱ། སྒོམ་པ་ཁོ་ན་གཙོ་བོར་འགྱུར་བ་ཡིན་ཏེ། ལག་པ་རྣམ་པར་འགྱུར་ བ་ལ་སོགས་པ་ནི་མ་ཡིན་ནོ་ཞེས་སྐྱེ་བོའི་ཚོགས་ཀྱི་ནང་དུ་གནས་ནས་སྨོད་པ་གང་ཡིན་པ་འདི་ནི་དམ་ཚིག་ལས་འདས་པའོ་ཞེས་བྱ་བས་མནའ་བསྒག་གོ། །དེ་ལྟར་དབང་བསྐུར་བའི་ཆུས་ཆུ་བླུད་ལ་དམ་ཚིག་རབ་ཏུ་བསྟན་ནས། ཕྱག་རྒྱའི་དབང་བསྐུར་བ་ལ་སོགས་པ་ནས་ དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་ཀྱི་བར་དུ་སྦྱིན་པར་བྱའོ་ཞེས་བྱ་བར་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་དེ་ཡང་གོ་སླའོ། །དེ་ལྟར་དབང་བསྐུར་བ་ལ་སོགས་པ་བྱིན་ནས་དེ་ཁོ་ན་ཉིད་དང་། ཆོས་དང་དམ་ཚིག་རྣམས་སྦྱིན་པར་བྱའོ་ཞེས་བྱ་བ་ནི་ཆོ་ག་ འདི་རབ་ཏུ་བསྟན་པར་བྱ་བའི་ཕྱིར་དེ་ལ་འདི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཞེས་བྱ་བ་ནི་དེ་དག་ཉེ་བར་དགོད་པ་ལའོ། །འདི་ཞེས་བྱ་བ་ནི་དེ་མ་ཐག་ཏུ་འོག་ནས་འཆད་པར་འགྱུར་བ་ཐུགས་ལ་བཞག་པར་མཛད་ནས་འདི་ལྟར་གསུངས་སོ། །མཆོག་ནི་ཐོག་མ་དང་ཐ་ མ་མེད་པའོ། །གསང་བར་གྱུར་པས་ན་གསང་བས་ཏེ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་ལས་བྱུང་ངོ་ཞེས་བྱ་བའི་དོན་ཏོ། །མཆོག་ཀྱང་ཡིན་ལ་གསང་བ་ཡང་དེ་ཉིད་ཡིན་པས་ན་མཆོག་ཏུ་གསང་བའོ། །དེ་ཉིད་ཀྱི་ཕྱིར་དམ་པ་སྟེ་ཕུལ་དུ་བྱུང་བའོ། །དེ་གང་ཡིན་ཞེ་ན། དཔལ་དམ་ 61-1-35a ཚིག་གསུམ་ནི་སྦྱིན་པ་ཞེས་བྱ་བ་ལ་ལྷ་མོ་བཞི་ཕྲེང་གི་དབུས་ན་བཞུགས་པའི་དཔལ་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་ཀྱི་གསང་བ་ནི་དཔལ་དམ་ཚིག་གསུམ་སྟེ། དེ་སྦྱིན་པ་ནི་ཐོག་མཐའ་མེད་པ་ཞེས་བྱ་བ་ལ་སོགས་པ་བཤད་པའི་ཚིག་གིས་སློབ་མའི་རྒྱུད་ལ་ གཏད་པའོ། །ཐོག་མ་ནི་དང་པོ་སྐྱེ་བའོ། །ཐ་མ་ནི་བར་མ་ཆོད་པའི་འཇིག་པའོ། །ཐོག་མ་དང་ཐ་མ་དེ་དག་གང་ལ་མེད་པ་དེ་ནི་ཐོག་མ་དང་ཐ་མ་མེད་པའོ། །དེ་གང་ཡིན་ཞེ་ན། སེམས་དཔའ་ཞེས་བྱ་བ་ལ་དེ་བཞིན་ཉིད་དང་རོ་གཅིག་པའི་སེམས་དང་སེམས་ལས་བྱུང་བ་རྣམས་ནི་ སེམས་དཔའ་སྟེ། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པས་མི་བསྐྱོད་པའི་ཕྱིར་རོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར་རྡོ་རྗེ་སེམས་དཔའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ནི་དེ་བཞིན་ཉིད་དོ། །དེ་བཞིན་ཉིད་དང་རོ་གཅིག་པའི་སེམས་དང་སེམས་ལས་བྱུང་བ་རྣམས་ནི་ སེམས་དཔའོ། །རྡོ་རྗེ་ལ་སེམས་དཔས་ན་རྡོ་རྗེ་སེམས་དཔའོ། །དེ་ཉིད་དམིགས་པ་མེད་པའི་ཐུགས་རྗེའི་རང་བཞིན་ཉིད་ཀྱི་སེམས་ཅན་གྱི་དོན་ཆེན་པོ་ལ་ཆགས་པས་ན་དགའ་བ་ཆེན་པོའོ། །ཇི་སྐད་དུ། རྟག་ཏུ་དྲི་མེད་ཐུགས་རྗེའི་ཤུགས་ལས་བྱུང་། །སྨོན་ལམ་གྲུབ་པ་མི་ འགག་ཆོས་ཉིད་ཅན། །འགྲོ་བའི་དོན་ནི་ཡང་དག་སྒྲུབ་བྱེད་མཆོག །ཐུགས་རྗེའི་བདག་ཉིད་རྟག་ཏུ་རྣམ་པར་མཛེས། །ཞེས་བྱ་བ་འབྱུང་ངོ་། །འདིས་ནི་བཅོམ་ལྡན་འདས་གཞན་གྱི་དོན་གྱི་ཐབས་ཀྱི་རང་བཞིན་ཅན་དུ་བསྟན་ཏོ། །དགའ་བ་ཆེན་པོའི་དོན་ཉིད་བསྟན་པའི་ཕྱིར་ ཀུན་དུ་བཟང་པོ་ཞེས་བྱ་བ་གསུངས་ཏེ། ཀུན་ནས་བཟང་པོའི་དགེ་བ་གང་ལས་བྱུང་བ་དེ་ནི་ཀུན་དུ་བཟང་པོའོ། །ཐམས་ཅད་ཀྱི་བདག་ཉིད་ཡིན་པས་ན་ཀུན་བདག་ཉིད་དོ། །རིགས་ལྔའི་ལྷ་རྣམས་ཀྱི་རང་བཞིན་གྱིས་འོད་གསལ་བའི་སེམས་དང་སེམས་ལས་བྱུང་བའི་རང་བཞིན་ ཉིད་ཡིན་པའི་ཕྱིར་རོ། །དཔལ་རྡོ་རྗེ་སེམས་དཔའ་ཕྱག་རྒྱ་ཆེན་པོ་དང་། བཅོམ་ལྡན་འདས་མ་དཔལ་རྡོ་རྗེ་སེམས་དཔའི་རིག་པའི་ལྷ་མོ་ནི་རྡོ་རྗེ་བསྙེམས་མ་སྟེ། དེའི་བདག་པོ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན་གྱི་དཔལ་རྡོ་རྗེ་སེམས་དཔའོ། །བདག་ཅེས་བྱ་བ་ནི་བདག་པོའོ། ། 61-1-35b འདི་ལྟར་འཆད་པར་འགྱུར་ཏེ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་རྡོ་རྗེ་སེམས་དཔའ་ནི་ཕྱག་རྒྱ་ཆེན་པོ་བསྐྱེད་པའི་རྒྱུ་ཉིད་ཡིན་པས་བདག་པོ་ཞེས་བྱའོ། །མཆོག་དང་པོའི་སྐྱེས་བུ་བཅོམ་ལྡན་ཞེས་བྱ་བ་ལ། རྒྱུ་ལ་འབྲས་བུ་ཉེ་བར་བཏགས་པ་བྱས་ནས་ཆོས་ཀྱི་དབྱིངས་ ཉིད་མཆོག་དང་པོའི་སྐྱེས་བུ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ཉིད་དུ་བསྟན་ཏོ། །རྡོ་རྗེ་ཞེས་བྱ་བ་ལ་དང་པོའི་རྡོ་རྗེ་བརྗོད་དོ་ཞེས་བྱ་བ་དང་སྦྱར་རོ། །གང་གིས་བརྗོད་པར་བྱ་ཞེ་ན། མཆོག་གི་དེ་ཁོ་ན་ཉིད་ཀྱིས་ཞེས་བྱ་བ་གང་ཞིག་ཐོག་མཐའ་མེད་པ་ཞེས་བྱ་བ་ནས་བརྩམས་ ཏེ། ཇི་སྲིད་མཆོག་དང་པོའི་སྐྱེས་བུ་བཅོམ་ལྡན་འདས་སོ་ཞེས་བྱ་བའི་བར་གྱིས་བསྟན་པ་འདི་ནི་མཆོག་གི་དེ་ཁོ་ན་ཉིད་དེ། དེས་སློབ་མ་རྣམས་ལ་རྡོ་རྗེ་སྦྱིན་པར་བྱའོ། །ཅི་བྱས་ནས་ཤེ་ན། གསང་བ་ལྔའི་དེ་ཁོ་ན་ཉིད་བཤད་ནས་ཞེས་བྱ་བ་ལ་རྡོ་རྗེ་སེམས་དཔའ་དང་། འདོད་ ཆགས་རྡོ་རྗེ་མ་དང་། རྡོ་རྗེ་ཀཱི་ལི་ཀཱི་ལ་དང་། རྡོ་རྗེ་དྲན་མ་དང་། རྡོ་རྗེ་འདོད་པའི་དབང་ཕྱུག་མའི་རང་བཞིན་ཅན་གྱི་གསང་བ་ལྔའི་དེ་ཁོ་ན་ཉིད་ཆེན་པོ་འདི་འོག་ནས་འཆད་པར་འགྱུར་བའི་ཚིག་གིས་སློབ་མ་རྣམས་ལ་ཡང་དག་བར་བསྟན་ལ། དེ་ནས་མཆོག་གི་དེ་ཁོ་ན་ཉིད་ཀྱིས་རྡོ་རྗེ་ སྦྱིན་པར་བྱའོ། །དེ་ལྟར་མཆོག་གི་དེ་ཁོ་ན་ཉིད་ཀྱིས་རྡོ་རྗེ་བྱིན་ནས། ཆོས་ཀྱི་དྲིལ་བུ་སློབ་མ་རྣམས་དཀྲོལ་དུ་གཞུག་གོ་ཞེས་བྱ་བའི་ཆོ་ག་འདི་རབ་ཏུ་བསྟན་པར་བྱ་བའི་ཕྱིར། འདི་དེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདས་མ་ཐག་ཏུ་བཤད་པའི་ཐོག་མ་དང་ཐ་མ་མེད་པ་ གང་ཡིན་པ་དེ་ནི་འདི་སྟེ་མཆོག་དང་པོའི་སྐྱེས་བུ་བཅོམ་ལྡན་འདས་སོ། །མཆོག་གི་ཐོག་མ་དང་ཐ་མ་མེད་པའོ། །སྲིད་པའི་བདག་པོ་ཞེས་བྱ་བ་ནི་ཁམས་གསུམ་མ་ལུས་པའི་ཆོས་ཀྱི་རྒྱལ་སྲིད་ཐོབ་པའི་ཕྱིར་རོ། །ཐམས་ཅད་ཀྱི་མཆོག་ཀྱང་ཡིན་ལ་དབང་ཕྱུག་དམ་པ་ཡང་དེ་ ཉིད་ཡིན་པས་ན་ཐམས་ཅད་ཀྱི་མཆོག་གི་དབང་ཕྱུག་དམ་པའོ། །ཉན་ཐོས་པ་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལས་ཕུལ་དུ་བྱུང་བས་ན། ཐམས་ཅད་ལས་ཕུལ་དུ་བྱུང་བ་ཐམས་ཅད་ཀྱི་མཆོག་གོ། །ཁམས་གསུམ་པ་མ་ལུས་པའི་བདག་པོ་ཉིད་ 61-1-36a ཐོབ་པས་དབང་ཕྱུག་དམ་པའོ། །དེས་ཅི་མཛད་ཅེ་ན། མཆོག་ཆོས་ལ་བཀའ་སྩོལ་བ་ཡིན་ནོ་ཞེས་བྱ་བ་ལ་མཆོག་ཀྱང་ཡིན་ལ་ཆོས་ཀྱང་དེ་ཉིད་ཡིན་པས་ན་མཆོག་ཆོས་ཞེས་ཏེ་རིགས་ལྔའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས་སོ། །དེ་ཕྱོགས་བཅུ་ཀུན་དུ་གདུལ་བྱ་རྣམས་ ལ་བཀའ་སྩལ་པ་ནི་རྟོག་པར་མཛད་པའོ། །དེ་ཡང་ཐོག་མ་མེད་པ་ཆོས་ཀྱི་དབྱིངས་སོ། །དེས་མཆོག་གི་ཆོས་ཇི་ལྟར་བཀའ་སྩལ་པ་ཡིན་ཞེ་ན། དེ་བཞིན་གཤེགས་པ་ཞེས་བྱ་བ་ལ། གང་གི་ཕྱིར་དེ་ནི་ཇི་ལྟར་རིགས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཐམས་ཅད་དང་། ཆོས་ ཀྱི་དབྱིངས་ཀྱི་བདག་པོ་ཉིད་དུ་ཞུགས་པ་དེ་བཞིན་དུ་མཁྱེན་ཅིང་གཞན་དག་ལ་ཡང་དེ་བཞིན་དུ་སྟོན་པར་མཛད་པའི་ཕྱིར་རོ། །ཕྱིན་ཅི་ལོག་གི་ཆོས་ཅིའི་ཕྱིར་གསུང་བ་མ་ཡིན་ཞེ་ན། རང་བཞིན་དག་པ་ཞེས་བྱ་བ་ལ་ཆོས་ཀྱི་སེར་སྣ་ལ་སོགས་པའི་བག་ཆགས་དང་བཅས་པའི་ ཉོན་མོངས་པ་དང་བྲལ་བས་ན་རང་བཞིན་གྱིས་དག་པའོ། །ནིའི་སྒྲ་ནི་གང་གི་ཕྱིར་གྱི་དོན་ཏོ། །སྲིད་པ་ནི། ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །ཞེས་བྱ་བ་ལ་འདོད་པ་དང་གཟུགས་དང་གཟུགས་མེད་པའི་སྲིད་པ་ནི་སྲིད་པ་རྣམས་སོ། །དེ་དག་གི་ངོ་བོ་ཉིད་རྣམས་ནི་ཡང་དག་པ་མ་ ཡིན་པའི་ཀུན་དུ་རྟོག་པའི་རང་བཞིན་ཅན་གྱི་སེམས་དང་སེམས་ལས་བྱུང་བས་ཏེ། དེ་དག་དང་བྲལ་བའོ། །དེ་ལྟར་འཆད་པར་འགྱུར་ཏེ། གང་གི་ཕྱིར་མཆོག་དང་པོའི་སྐྱེས་བུ་བཅོམ་ལྡན་འདས་དེ་རང་བཞིན་གྱིས་དག་པ་དང་། སྲིད་པའི་རང་བཞིན་རྣམས་དང་བྲལ་བ་དེའི་ ཕྱིར་མཆོག་གི་ཆོས་བཀའ་སྩལ་པ་ཡིན་ནོ། །སྐྱོན་ཟད་པ་ནི་བརྫུན་གྱི་ཚིག་བརྗོད་པའི་རྒྱུ་མེད་པའི་ཕྱིར་རོ། །མཆོག་དང་པོའི་སྐྱེས་བུ་བཅོམ་ལྡན་འདས་ཡོན་ཏན་དེ་ལྟ་བུ་དང་ལྡན་པ་གང་གིས་སྲིད་པ་མཆོག་མཛད་པ་ཡིན་ཞེ་ན། རང་བཞིན་དག་པའི་སེམས་དཔའ་མཆོག ། སྲིད་པ་མཆོག་ནི་མཛད་པ་ཡིན། །ཞེས་བྱ་བ་ལ་དོན་དམ་པར་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་དང་བྲལ་བའི་ཕྱིར་རང་བཞིན་གྱིས་དག་པའི་སེམས་དཔའ་མཆོག་ནི་བྱང་ཆུབ་སེམས་དཔའ་རྣམས་སོ། །སེམས་དཔའ་མཆོག་དེ་དག་གིས་སྲིད་པ་མཆོག་ཏུ་ཟད་པ་ཡིན་ཞེས་བྱའོ། ། 61-1-36b སྲིད་པ་ནི་མཆོག་དང་པོའི་སྐྱེས་བུ་མི་གནས་པའི་མྱ་ངན་ལས་འདས་པའི་རང་བཞིན་དུ་མཛད་པ་ནི་རྟོགས་པར་མཛད་པ་ཡིན་ཏེ། དངོས་པོ་ལ་མངོན་པར་ཞེན་པའི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ནི་མ་ཡིན་ནོ། །མཆོག་ཏུ་གསང་བའི་ཆོས་ཉིད་འབེབས་པ་ཞེས་བྱ་བ་གང་ ཡིན་ཞེ་ན་དྲིལ་བུ་སྟེ། སྒྲའི་རྗེས་སུ་འགྲོ་བའི་ཤེས་རབ་སྟོན་པར་བྱེད་པའི་རྡོ་རྗེ་དྲིལ་བུའོ། །ཇི་སྐད་དུ། རྡོ་རྗེ་དེས་རྟོགས་ཤེས་རབ་ནི། །དྲིལ་བུ་དབྱངས་ཀྱི་རྗེས་འགྲོར་བཤད། །བདག་གཞན་དོན་ནི་རབ་བསྒྲུབ་པའི། །སངས་རྒྱས་མཆོག་ཉིད་འདི་ཡིན་ནོ། །ཞེས་གསུངས་སོ། ། དེ་དུས་གང་གི་ཚེ་དཀྲོལ་བར་བྱ་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་རིགས་ལྔའི་ལྷ་རྣམས་ནི་དེ་བཞིན་གཤེགས་པ་ཐམས་ཅད་དེ། དེ་རྣམས་ལ་མེ་ཏོག་ལ་སོགས་པ་དང་། རྡོ་རྗེ་མཚོན་ཆ་མ་ལ་སོགས་པ་ཕྱག་རྒྱ་བཅུ་གཉིས་ཀྱིས་མཆོད་པ་རྣམས་ ཀྱིས་ཡང་དག་པར་མཆོད་པའམ། རྗེས་སུ་རྣལ་འབྱོར་གྱི་སྦྱོར་བས་རང་གི་ལུས་ལ་ཡེ་ཤེས་སེམས་དཔའ་བཅུག་ལ་དམ་ཚིག་གི་ཕྱག་རྒྱས་རབ་ཏུ་བསྒྲུབས་ཏེ། ཇི་སྐད་བཤད་པའི་དབྱངས་ཀྱི་རྗེས་སུ་འགྲོ་བའི་ཤེས་རབ་ཀྱི་མཚན་ཉིད་ཅན་གྱི་ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ་ སྟེ། སློབ་མ་རྣམས་ལ་བསྟན་པར་བྱའོ། །དེ་ལྟར་ཆོས་ཀྱི་དྲིལ་བུ་དཀྲོལ་བས་ཅི་བྱེད་ཅེ་ན། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་སད་པའི་འབེབས་པ་རྣམས་ཀྱིས་དྲིལ་བུ་དེས་རྣལ་འབྱོར་པའི་སྒྲིབ་པ་ཐམས་ཅད་རྣམ་པར་དག་པར་བྱེད་པ་ཡིན་ནོ། །ཆོས་ཀྱང་ཡིན་ལ་ཐམས་ ཅད་ཀྱང་ཡིན་པས་ན་ཆོས་ཐམས་ཅད་དེ། རིགས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས་སོ། །དེ་དག་གི་དེ་ཁོ་ན་ཉིད་ནི་གསང་བ་ལྔའི་དེ་ཁོ་ན་ཉིད་ཆེན་པོ་སྟེ། དེ་ཐོག་མ་མེད་པ་ལ་ཞེས་བྱ་བ་ལ་སོགས་པ་འོག་ནས་གསུངས་པ་ཡིན་ནོ། །གདུལ་བྱའི་སྐྱེ་བོའི་རྒྱུད་ལ་དེ་ བཞིན་ཉིད་དུ་ཕུལ་དུ་བྱུང་བས་རབ་ཏུ་སད་པ་ནི་གདུལ་བྱ་རྣམས་ཀྱི་དེའི་རང་བཞིན་མངོན་དུ་བྱེད་པའི་ཕྱིར་འབེབས་པ་ནི་ཡེ་ཤེས་བསྐྱེད་པའོ། །བྱེད་པར་འགྱུར་བའི་འབེབས་པ་རྣམས་ཀྱི་དེ་ཁོ་ན་ཉིད་རྟོགས་པའི་གེགས་བྱེད་པའི་སྒྲིབ་པ་ཐམས་ཅད་རྣམ་པར་དག་པ་ནི་དྲིལ་བུ་དེའི་ 61-1-37a སྒྲུབ་པ་པོའི་སྒྲིབ་པ་སྤོང་བར་བྱེད་པ་ཡིན་ནོ། །འདི་ཡང་ཇི་ལྟར་འགྱུར་ཞེ་ན། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གང་གི་ཕྱིར་དེ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་གསུང་ཐུགས་ཀྱི་རང་བཞིན་ཅན་གྱི་རྡོ་རྗེ་ཐམས་ཅད་རྣལ་འབྱོར་པའི་རྒྱུད་ལ་འབེབས་པར་བྱེད་ པའི་ཕྱིར་དེ་ཉིད་དུ་རྡོ་རྗེ་ཐམས་ཅད་རབ་ཏུ་སྒྲུབ་པར་བྱེད་པའོ། །དབང་དུ་བྱེད་པ་ནི་རག་ལས་པར་བྱེད་པའོ། །རབ་ཏུ་དང་བར་བྱེད་པ་ནི་རྡོ་རྗེ་ཐམས་ཅད་ཀྱི་སྤྱོད་ཡུལ་དེ་རྣལ་འབྱོར་པའི་སེམས་དང་བར་བྱེད་པ་དེ་ཉིད་ཡིན་ནོ་ཞེས་བྱ་བ་ནི་སྒྲ་ནི་ངེས་པ་ལ་དེ་ལྟར་ངེས་པར་བསྐྱེད་ནས་སྒྲུབ་ པ་པོ་གྲུབ་པར་འགྱུར་རོ། །དེ་ལྟར་ཆོས་ཀྱི་དྲིལ་བུ་དཀྲོལ་བ་བསྟན་ནས། དམ་ཚིག་གི་ཕྱག་རྒྱ་ཆེན་པོ་བྱིན་གྱིས་བརླབ་པ་བསྟན་པར་བྱ་བའི་ཕྱིར་ཞེས་བྱ་བའི་ཆོ་ག་འདི་རབ་ཏུ་བསྟན་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཀྱི་དྲིལ་བུ་གཅིག་ཅེས་བྱ་བ་ བསྟན་ནས། དེའི་རྗེས་ཐོགས་ཉིད་དུ་སྲིད་པ་རྣམ་པར་དག་པ་མི་གནས་པའི་མྱ་ངན་ལས་འདས་པའི་མཆོག་གི་ཐབས་ཞེས་བྱ་བ་ནི་མཆོག་ཀྱང་ཡིན་ལ་ཐབས་ཀྱང་དེ་ཉིད་ཡིན་པས་ན་མཆོག་གི་ཐབས་སོ། །དེ་ཇི་ལྟ་བུ་ཞེ་ན། རྟོག་པ་ཐམས་ཅད་ཅེས་བྱ་བ་ནི་དཔལ་རྡོ་རྗེ་སེམས་ དཔའ་ལ་སོགས་པ་ཐམས་ཅད་ཀྱི་གསང་བ་ཆེན་པོའི་དམ་ཚིག་ནི། གསང་བ་ཆེན་པོ་ཡང་ཡིན་ལ་དམ་ཚིག་ཀྱང་ཡིན་པས་ན་གསང་བ་ཆེན་པོའི་དམ་ཚིག་གོ། །རྟོག་པ་ཐམས་ཅད་ཀྱི་གསང་བའི་དམ་ཚིག་ནི་རྟོག་པ་ཐམས་ཅད་ཀྱི་གསང་བ་ཆེན་པོའི་དམ་ཚིག་སྟེ། དཔལ་རྡོ་རྗེ་ སེམས་དཔའ་ལ་སོགས་པའི་སྐུའི་གསང་བའི་རང་བཞིན་ཅན་ནོ། །དེ་ཉིད་རྟག་ཏུ་རྣལ་འབྱོར་གྱི་བསྒོམ་པས་བར་མ་ཆོད་པར་བསྟེན་པར་བྱ་སྟེ། ཤིན་ཏུ་མཉམ་པར་བཞག་པ་དང་མཉམ་པར་མ་བཞག་པའི་རྣལ་འབྱོར་དག་གིས་མངོན་དུ་བྱའོ་ཞེས་བྱ་བ་སློབ་ཏུ་གཞུག་ གོ། །འདི་ལ་འདི་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །ཁྱོད་ལ་ཞེས་བྱ་བ་ནི་ཁྱོད་ཀྱི་དམ་ཚིག་གོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་གང་ཡིན་ཞེ་ན། སྲིད་པ་ཞེས་བྱ་བ་ལ་སོགས་པ་འབྱུང་བས་ན་སྲིད་པས་ཏེ་མི་གནས་པའི་མྱ་ངན་ལས་འདས་པའི་མཚན་ཉིད་ཅན་གྱི་སྐུའི་གསང་བའི་རང་ 61-1-37b བཞིན་ནོ། །ཤིན་ཏུ་མྱུར་བ་ནི་མྱུར་བ་ཁོ་ནར་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་བདེ་བའི་རྒྱུ་ཡིན་པས་ན་ཤིན་ཏུ་མྱུར་བར་བདེ་བའོ། །ནིའི་སྒྲ་ནི་ངེས་པར་གཟུང་བ་སྟེ་མྱུར་བ་ཁོ་ནར་བདེ་བའོ། །སྡུག་བསྔལ་ཆེན་པོ་དག་པར་བྱ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ་གོང་ནས་གོང་དུ་ རྣམ་པ་བཅུའི་སྡུག་བསྔལ་ཐོག་མ་མེད་པའི་འཇིག་རྟེན་ལས་བྱུང་བ་གང་ཡིན་པ་དེ་སྒྲུབ་པ་པོའི་རྒྱུད་ལ་སྤོང་བའི་ཕྱིར་རྣམ་པར་དག་པའོ། །གང་གི་ཕྱིར་ཤིན་ཏུ་བདེ་བ་དམ་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཐབས་ནི་རྒྱུའོ། །དེ་ཡང་དམ་ཚིག་འདི་ཞེས་བྱ་བ་ནི་མི་གནས་ པའི་མྱ་ངན་ལས་འདས་པའི་རང་བཞིན་ཅན་གྱི་སྲིད་པ་འདི་ཡིན་ཏེ། དེ་ཡི་ཕྱིར་འདི་རྟག་ཏུ་གཟུང་། །ཞེས་བྱ་བ་ནི་རྟག་ཏུ་རྣལ་འབྱོར་གྱི་བར་མ་ཆོད་པ་ཉིད་དུ་སྒོམས་ཤིག་པའོ། །དེ་ཇི་ལྟར་ཞེ་ན། འདོད་པའི་ལོངས་སྤྱོད་ཐམས་ཅད་ནི། །ཞེས་བྱ་བ་ལ་སོགས་པ་ལ་འདོད་ པའི་ལོངས་སྤྱོད་ཀྱང་ཡིན་ལ་ཐམས་ཅད་ཀྱང་དེ་ཉིད་ཡིན་པས་ན་འདོད་པ་ཐམས་ཅད་ལ་ལོངས་སྤྱོད་པ་སྟེ། འདོད་ཆགས་རྡོ་རྗེ་མ་ལ་སོགས་པའི་མཆོད་པའི་ལྷ་མོ་བཅུ་གཉིས་དང་། དཔལ་རྡོ་རྗེ་སེམས་དཔའ་སྒྲུབ་པ་དང་རྗེས་སུ་མཐུན་པའི་རྒྱན་དང་། དབྱིབས་དང་། མེ་ཏོག་དང་། སྤོས་དང་། དྲི་ལ་སོགས་པའོ། །དེ་ལ་འདོད་པ་ནི་རྡོ་རྗེ་སེམས་དཔའ་སྟེ། མངོན་པར་འདོད་པར་བྱ་བས་ན་འདོད་པའོ། །ཇི་སྐད་དུ། སེམས་དཔའ་དོད་པ་བཅོམ་ལྡན་འདས། །ཞེས་གསུངས་སོ། །གཞན་ཡང་། ཁམས་གསུམ་པ་ནི་མ་ལུས་པ། ། ཐམས་ཅད་དེ་ཡི་ལོངས་སྤྱོད་ཡིན། །ཞེས་གསུངས་སོ། །ཅིའི་འདོད་པ་ནི་བརྟེན་བཞིན་དུ། །ཞེས་བྱ་བ་ལ། དེ་ལ་དཔལ་རྡོ་རྗེ་སེམས་དཔའི་རྒྱན་རྣམས་ཀྱིས་བདག་ཉིད་བརྒྱན་ཅིང་། རྣལ་འབྱོར་དང་རྗེས་སུ་མཐུན་པའི་གོས་ལ་སོགས་པ་ལ་ལོངས་སྤྱོད་པ་དང་། རང་གི་ ལྷ་མོའི་ཚོགས་ལ་ཡང་ཤིན་ཏུ་རྣལ་འབྱོར་གྱི་བསྒོམ་པས་རོལ་ཅིང་བསྟེན་པའོ། །དེ་ཡང་ཇི་ལྟར་བསྟེན་པར་བྱ་ཞེ་ན། ཅི་འདོད་པ་ཞེས་བྱ་བ་ལ་འདོད་པ་མ་ལུས་པའི་ལོངས་སྤྱོད་ཐམས་ཅད་བསྟེན་པའམ། ཕྱོགས་གཅིག་གི་ནུས་པ་དང་རྗེས་སུ་མཐུན་པར་བྱེད་པར་གྱུར་པ་དེ་ 61-1-38a རྣམས་ཀྱིས་མཆོད་པར་བྱའོ་ཞེས་བྱ་བ་དང་སྦྱར་རོ། །རྣལ་འབྱོར་གང་གིས་དེ་རྣམས་ལ་བསྟེན་པས། རང་གི་ལྷ་ཡི་སྦྱོར་བ་ཡིས། །ཞེས་བྱ་བ་ལ་རང་གི་ལྷའི་སྦྱོར་བ་ནི་རྣལ་འབྱོར་ཆེན་པོའམ། རྣལ་འབྱོར་གཅིག་གིས་བྱས་ནས་དེའི་རྗེས་ལ་རང་གི་བདག་ཉིད་ དམ་གཞན་རྣམས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་སློབ་མའི་ཚོགས་དེ་དག་གིས་མཆོད་པར་བྱའོ། །འདི་ལྟར་འཆད་པར་འགྱུར་ཏེ། རང་གི་ལྷའི་རྣལ་འབྱོར་གྱིས་ཡེ་ཤེས་སེམས་དཔའ་གཅིག་པུ་རང་གི་ལུས་ལ་གཞུག་པའམ། རྣལ་འབྱོར་ཆེན་པོ་བྱས་ལ་རང་ གི་རིགས་ཀྱི་དཀྱིལ་འཁོར་པ་ཐམས་ཅད་སྤྱན་དྲངས་ནས་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་དེ་ཕྱག་བྱས་ནས་རང་གི་ལྷ་མོའི་ཚོགས་ཐམས་ཅད་དང་། བདག་ཉིད་གཟུགས་བརྙན་དང་མཉམ་པར་བསམས་ལ་དེ་དང་རང་ལྷན་ཅིག་ཏུ་ ཡང་དག་པར་སྦྱོར་བར་བསྒོམ་ཞིང་བདག་ཉིད་དང་དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་སོ་སོར་རྟོག་པའི་མཆོད་པས་མཆོད་པར་བྱའོ། །དམ་ཚིག་གང་གིས་རང་དང་གཞན་གྱི་མཆོད་པ་བདག་གི་བྱ་བའི་དམ་ཚིག་དེ་གང་ཡིན་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་ བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ཡང་ཡིན་ལ་ཐམས་ཅད་ཀྱང་དེ་ཉིད་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་དེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་སོ། །དེ་རྣམས་ཀྱི་ཐོག་མ་དང་ཐ་མ་ མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐབས་ཀྱི་ཡེ་ཤེས་བྱང་ཆུབ་སེམས་དཔའི་ལམ་འབྲས་བུ་དང་བཅས་པའི་ངོ་བོ་ཉིད་ནི་མཆོག་ཏུ་གསང་བ་བླ་ན་མེད་པའི་ཐེག་པ་ཆེན་པོའོ། །མཆོག་ཏུ་གསང་བ་ཡང་ཡིན་ལ་བླ་ན་མེད་པའི་ཐེག་པ་ཆེན་པོ་ཡང་དེ་ཉིད་ཡིན་པས་ན། མཆོག་ ཏུ་གསང་བ་བླ་ན་མེད་པའི་ཐེག་པ་ཆེན་པོའོ། །དེ་ལས་ཀྱང་ཕུལ་དུ་བྱུང་བས་ན་ཐེག་པ་ཆེན་པོའི་ཡང་ཆེན་པོས་ཏེ། དེ་གང་གི་ཕྱིར་ཐེག་པ་ཆེན་པོ་དེས་བསྐལ་པ་གྲངས་མེད་གསུམ་གྱིས་སངས་རྒྱས་ཉིད་ཐོབ་བོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །རྡོ་རྗེ་ཐེག་པ་འདིས་ 61-1-38b ནི་སྐྱེ་བ་འདི་ཉིད་ལའོ་ཞེས་བྱ་བ་གསུངས་པ་ཡིན་ནོ། །དེ་ལ་ཡང་རིགས་ལྔའི་དེ་བཞིན་ནི་རྡོ་རྗེ་སྟེ། དེ་སྟོན་པར་བྱེད་པའི་རྩེ་ལྔ་པ་ནི་འདིར་རྡོ་རྗེ་ཡིན་ནོ། །དེ་ལས་བྱུང་བའི་རྣམ་པར་སྣང་མཛད་ལ་སོགས་པའི་ཐེག་པའོ། །དེ་ཉིད་ནམ་མཁའི་ཁམས་ཐམས་ཅད་དུ་རྟག་ཏུ་བཞུགས་པའི་སྐུ་ གསུང་ཐུགས་ཀྱི་རང་བཞིན་དང་། དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཐམས་ཅད་དུ་འགྲོ་བས་ན་དམ་ཚིག་ཆེན་པོའོ། །དེའི་རྣལ་འབྱོར་ནི་རྒྱུ་མཐུན་པའི་འབྲས་བུས་ཏེ། རྡོ་རྗེ་དང་དྲིལ་བུ་འཛིན་པའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཇི་ལྟ་བ་བཞིན་དུ་བཤད་པའི་མཚན་ཉིད་དང་ལྡན་ པའོ། །དམ་ཚིག་ནི་ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ལས་བྱུང་བའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྐུའི་གསང་བ་གཟུགས་བརྙན་དང་མཚུངས་པར་སོ་སོར་སྣང་བ་ཙམ་དམ་ཚིག་ཡིན་ཏེ། ཀུན་གཞིའི་རྣམ་པར་ཤེས་པའི་རང་བཞིན་ཅན་གྱི་འཁོར་བའི་ ངོ་བོ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ལ་རྒྱུ་གང་གི་ཕྱིར་ཆོས་ཀྱི་དབྱིངས་ལས་བྱུང་བའི་ངོ་བོ་ཁོ་ན་དམ་ཚིག་ཡིན་གྱི་འཁོར་བ་ལས་བྱུང་བ་ནི་མ་ཡིན་ནོ་ཞེ་ན། འདི་ལྟར་ཞེས་བྱ་བ་ལ་སོགས་པ་ལ་འདི་ལྟར་ཞེས་བྱ་བའི་སྒྲ་ནི་གང་གི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱིར་ འདའ་བར་དཀའ་བ་ཉིད་ཀྱི་ཕྱིར་ཞེས་བྱ་བ་གསུངས་སོ། །གང་གིས་འདའ་བར་དཀའ་ཞེ་ན། དེ་བཞིན་གཤེགས་པ་ཀུན་གྱིས་ཀྱང་། །ཞེས་བྱ་བ་ལ་དེ་བཞིན་གཤེགས་པ་ཡང་ཡིན་ལ་ཀུན་ཀྱང་དེ་ཉིད་ཡིན་པས་ན་དེ་བཞིན་གཤེགས་པ་ཀུན་ཏེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་རྣམ་པར་སྣང་མཛད་ལ་སོགས་པའོ། །དེ་དག་གིས་ཀྱང་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཐོག་མ་དང་ཐ་མ་མེད་པ་ཆོས་ཀྱི་དབྱིངས་ལས་བྱུང་བའི་སྐུའི་གསང་བའི་ཕྱག་རྒྱ་ནི་འདའ་བར་དཀའ་བ་ཡིན་ནོ། །ཀྱང་གི་སྒྲས་ནི་རྡོ་རྗེ་རྒྱལ་པོ་ལ་སོགས་ པའི་རྣལ་འབྱོར་གྱི་དབང་ཕྱུག་ཐམས་ཅད་གཟུང་ངོ་། །འདིས་ནི་དོན་འདི་འཆད་པར་འགྱུར་ཏེ། གང་གི་ཕྱིར་ཆོས་ཀྱི་དབྱིངས་ལས་བྱུང་བའི་རྡོ་རྗེ་སེམས་དཔའ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་འདའ་བར་དཀའ་བ་དེའི་ཕྱིར་དམ་ཚིག་ཅེས་བྱ་བ་ཡིན་ནོ། །ཅིའི་ཕྱིར་དེ་བཞིན་ 61-1-39a གཤེགས་པ་རྣམས་ཀྱིས་ཀྱང་དེ་འདའ་བར་དཀའ་བ་ཡིན་ཞེ་ན། ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་ལ་ནིའི་སྒྲ་ནི་ཅིའི་ཕྱིར་གྱི་དོན་དུའོ། །གང་གི་ཕྱིར་ཡིད་ཀྱིས་གཟུགས་བསྟན་པ་ཉིད་ཀྱི་ཕྱིར་ཕྱག་རྒྱ་ཁོ་ན་དམ་ཚིག་ཏུ་བརྗོད་པ་དེའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ ཀྱང་འདའ་བར་དཀའ་བ་ཡིན་ནོ། །དེ་ལ་རང་གི་ཕྱག་རྒྱ་ཆེན་པོར་བསྐྱེད་པས་དངོས་པོ་ཐམས་ཅད་ལ་རྒྱས་འདེབས་པ་ནི་རྡོ་རྗེ་སེམས་དཔའ་ཉིད་དུ་མཛད་པའི་ཕྱིར་ཕྱག་རྒྱ་སྟེ། དཔལ་རྡོ་རྗེ་སེམས་དཔའི་སྐུའི་གསང་བའི་རང་བཞིན་གྱི་ཕྱག་རྒྱ་ཆེན་པོའོ། །དེ་ལྟར་གཞན་དུ་ཡང་ཤེས་པར་ བྱའོ། །དམ་ཚིག་ནི་བཤད་ཟིན་ཏོ། །དེ་ཉིད་རབ་ཏུ་བརྗོད་པ་མཐར་ཐུག་པའི་དོན་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་པ་ཡིན་ནོ། །ཡིད་ཅེས་བྱ་བ་ནི་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོའི་མཚན་ཉིད་ཅན་གྱི་ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ནི་འདིར་ཡིད་དོ། ། དེའི་གཟུགས་ནི་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་སྟེ་དེ་ནི་དེ་ལས་བྱུང་ངོ་། །བསྟན་པ་ནི་སེམས་ཅན་དང་སེམས་ཅན་མ་ཡིན་པ་རྣམས་ཀྱིས་མི་ཕྱེད་པ་ཉིད་དེ། ཡིད་ཀྱིས་གཟུགས་བསྟན་པའི་རྒྱུ་དེ་ཉིད་ཀྱི་ཕྱིར་རོ། །འདིས་ནི་འདི་སྐད་འཆད་པར་འགྱུར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ དང་རིགས་རྣམས་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་ལས་བྱུང་བས་ཏེ། དེའི་ཕྱིར་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོའི་གཟུགས་ཀྱིས་འདུལ་བྱ་སེམས་ཅན་རྣམས་འདུལ་བར་མཛད་པའི་ཕྱིར། ངེས་པ་ཉིད་དུ་དེ་བཞིན་གཤེགས་པ་དང་། རིགས་ཐམས་ཅད་ཀྱིས་དེའི་ གཟུགས་སུ་གཞུག་པ་ཡིན་ནོ། །དེ་ཁོ་ན་ཉིད་བསྒོམས་པ་ཙམ་ཉིད་ཀྱིས་ཆོས་བདག་མེད་པའི་ཡེ་ཤེས་སྐྱེ་བ་ཡིན་ཏེ། དེ་ཉིད་ཀྱིས་བག་ཆགས་དང་བཅས་པའི་ཉོན་མོངས་པ་ཐམས་ཅད་ཀྱི་བུད་ཤིང་སྲེག་པར་འགྱུར་ཏེ། དེ་བས་ན་ཆོས་དང་དམ་ཚིག་གི་སྒོམ་པ་དོན་མེད་པ་ཡིན་ནོ་ཞེས་ རྣམ་པར་བརྟག་པ་དེའི་ལན་གདབ་པར་བྱ་བའི་ཕྱིར་དེ་ལ་འདི་བརྗོད་པར་བྱའོ་ཞེས་བྱ་བ་གསུངས་སོ། །འདི་ཅི་བརྗོད་པར་བྱ་ཞེ་ན། ཇི་སྲིད་འཁོར་བའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་སྔར་བཤད་ཟིན་ཏོ། །འདི་ལྟར་འཆད་པར་འགྱུར་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ 61-1-39b སྒོམ་པས་ནི་ཆོས་ཐམས་ཅད་ཀྱི་དངོས་པོའི་རང་བཞིན་རྟོགས་པར་འགྱུར་བ་ཡིན་ཏེ། དེས་ཀྱང་ཤིན་ཏུ་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་རོ་ཞེས་བྱ་བའི་སྐྱོན་དུ་འགྱུར་བའི་ཕྱིར་གཞན་གྱི་དོན་གྱི་ཐབས་སུ་འབྱུང་བ་དང་། མི་གནས་པའི་མྱ་ངན་ལས་འདས་པ་སྒྲུབ་པར་བྱེད་ པ་ཆོས་དང་དམ་ཚིག་ཀྱང་སྒོམ་པར་བྱེད་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱིས་འཆིང་བ་ཡིན་ཏེ། ཡོངས་སུ་མྱ་ངན་ལས་འདས་པའི་མཐར་ཐུག་པ་ཉིད་ཀྱི་ཕྱིར་རོ། །འཁོར་བར་ཡོངས་སུ་མཐར་ཐུག་པ་ཉིད་ཀྱི་ཕྱིར་ཐབས་ཀྱིས་ཀྱང་འཆིང་བ་ཡིན་ཏེ། བྱང་ཆུབ་ སེམས་དཔའ་ནི་འཁོར་བ་ལ་གནས་པར་མི་བྱ། མྱ་ངན་ལས་འདས་པ་ལ་ཡང་གནས་པར་མི་བྱའོ་ཞེས་བྱ་བས་ཤེས་རབ་དང་ཐབས་ཟུང་དུ་འཇུག་པར་བྱེད་དེ། ལམ་བསྒོམ་པར་བྱའོ་ཞེས་བྱ་བ་དང་། འཕགས་པ་འཇིག་རྟེན་ལས་འདས་པའི་རྡོ་རྗེ་ལས་ཀྱང་། ཀྱེ་འཕགས་ པ་དག་སྟོང་པ་ཉིད་གཅིག་པུའི་ཏིང་ངེ་འཛིན་གྱིས་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡོངས་སུ་མྱ་ངན་ལས་འདའ་བ་སྒྲུབ་པར་བྱེད་ཅིང་སྡུག་བསྔལ་མི་ཟད་པ་སྐྱེད་པར་བྱེད་ལ། སངས་རྒྱས་འབྱུང་བ་རྙེད་པར་དཀའ་བར་བྱེད་པ་ཡིན་ཏེ། དེ་བས་ན་ཤེས་རབ་དང་ཐབས་ཟུང་དུ་ འཇུག་པར་བྱེད་པའི་ལམ་ཡིན་ནོ་ཞེས་བྱ་བའི་ཆོས་དེ་བཞིན་གཤེགས་པས་གསུངས་པ་ཡིན་ནོ། །དེ་མ་རྟོགས་པའི་སེམས་ཅན་དེ་རྣམས་ཀྱི་ཆོས་བསྟན་པ་འདི་ཐོས་ནས་མི་བཟད་པའི་སྡུག་བསྔལ་དེ་ལས་གྲོལ་བར་འགྱུར་བ་ཡིན་ནོ། །དམ་ཚིག་འདིས་ནི་མཆོག་བསྒྲུབ་ ཅིང་། །ཞེས་བྱ་བ་ལ་གཟུགས་བརྙན་དང་མཚུངས་པའི་དཔལ་རྡོ་རྗེ་སེམས་དཔའ་བསྒོམ་པའི་མཚན་ཉིད་ཅན་གྱི་དམ་ཚིག་འདི་སྟེ་འདས་མ་ཐག་ཏུ་བཤད་པས། མཆོག་ནི་ཕུལ་དུ་བྱུང་བ་དཔལ་རྡོ་རྗེ་སེམས་དཔའ་སྒྲུབ་པ་ནི་རང་ལ་རག་ལས་པར་བྱ་བའོ། །ནིའི་སྒྲ་ནི་ངེས་པར་ གཟུང་བ་ལ་སྟེ་བསྒྲུབ་པར་བྱ་བ་ཁོ་ན་ཡིན་ནོ་ཞེས་བྱའོ། །ཅི་བདེ་བ་ནི་སྡུག་བསྔལ་དང་ཡིད་མི་བདེ་བ་ཐམས་ཅད་ཀྱི་སྐབས་མེད་པ་ཞེས་བྱའོ། །དེ་ལྟར་ཅིར་འགྱུར་ཞེ་ན། ཉེས་པར་སྤྱད་པ་དང་། སྡིག་པ་ཞེས་བྱ་བ་ལ་སོགས་པ་ལ་མི་རིགས་པར་ཡོངས་སུ་སྤྱོད་པ་ནི་ཉེས་པར་སྤྱོད་ 61-1-40a པ་སྟེ་ངན་པར་སྤྱོད་པའོ། །ཇི་སྐད་དུ་ཤཱ་རིའི་བུ་ཁྱོད་ཀྱིས་ཉེས་པར་སྤྱད་དོ་ཞེས་བྱ་བ་གསུངས་སོ། །ལུས་ལ་སོགས་པའི་ཉེས་པར་སྤྱོད་པ་ནི་སྡིག་པ་སྟེ་དེ་དག་ཐམས་ཅད་ཀྱིས་གནོད་པར་མི་འགྱུར་རོ། །ཕྱག་རྒྱ་ཆེན་པོ་བསྒོམས་པའི་སྟོབས་ཀྱིས་སྡིག་པ་ཐམས་ ཅད་ལས་གྲོལ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བྱས་པ་དང་བྱེད་དུ་བཅུག་པ་དང་། རྗེས་སུ་ཡི་རང་བའི་སྡིག་པ་ཐམས་ཅད་གྲོལ་བར་འགྱུར་བ་གཅིག་པུར་མ་ཟད་ཀྱི། འདོད་པ་ཆེན་པོ་གྲུབ་པར་འགྱུར། །ཞེས་བྱ་བ་ལ་བྱང་ཆུབ་ཆེན་པོའི་མཚན་ཉིད་ཅན་གྱི་དཔལ་རྡོ་རྗེ་སེམས་ དཔའ་ནི་འདོད་པ་ཆེན་པོ་སྟེ། དེ་ཡང་རྣལ་འབྱོར་པས་འགྲུབ་པར་འགྱུར་རོ། །ཇི་ལྟ་བུ་ཞེ་ན། ཀུན་བདག་དམ་ཚིག་དབང་ཕྱུག་ཅེས་བྱ་བ་ནི་ཀུན་བདག་ཉིད་ཀྱང་ཡིན་ལ་དམ་ཚིག་དབང་ཕྱུག་ཀྱང་ཡིན་པས་ཀུན་བདག་དམ་ཚིག་དབང་ཕྱུག་སྟེ། ཐོག་མ་དང་ཐ་མ་མེད་པའི་ ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང་ཕྱག་རྒྱ་ཐམས་ཅད་བསྐྱེད་པའི་རྒྱུའི་དབང་ཕྱུག་གཙོ་བོ་ཞེས་བྱ་བའི་དོན་ཏོ། །ཐམས་ཅད་རྡོ་རྗེ་འཛིན་རྒྱལ་པོ། །ཞེས་བྱ་བ་ནི་བཤད་ཟིན་ཏོ། །ཀུན་མཆོག་དབང་ཕྱུག་དམ་པ་ཞེས་བྱ་བ་ནི་ཀུན་མཆོག་ཀྱང་ཡིན་ལ་དབང་ཕྱུག་དམ་པ་ཡང་དེ་ ཉིད་ཡིན་པས་ན་ཀུན་མཆོག་དབང་ཕྱུག་དམ་པ་སྟེ། མ་ལུས་སྒྲུབ་པ་གྲུབ་འགྱུར་ཏེ། །ཞེས་བྱ་བ་ལས་ཀྱི་ཚོགས་ཀྱི་དངོས་གྲུབ་ཀྱིས་ཏེ་ལས་རྒྱའི་དངོས་གྲུབ་ཀྱིས་གྲུབ་པར་འགྱུར་རོ། །ཇི་ལྟར་ཞེ་ན། བདག་གཞན་ཐམས་ཅད་རྒྱས་བཏབ་པས། །ཞེས་བྱ་བ་ལ་འདས་མ་ ཐག་ཏུ་བཤད་པའི་དམ་ཚིག་དེས་རང་གི་རྒྱུད་ལ་རྒྱས་བཏབ་པ་དང་། དེ་བཞིན་གཤེགས་པ་ལ་སོགས་པ་གཞན་རྣམས་ལ་རྒྱས་བཏབ་པས་ལས་ཀྱི་ཚོགས་ཀྱི་དངོས་གྲུབ་རྣམས་ཀྱིས་བཅོམ་ལྡན་འདས་སྒྲུབ་པ་པོ་ལ་མྱུར་དུ་འགྲུབ་པར་འགྱུར་རོ། །ཡང་ན་བསྒྲུབ་བྱ་ཀུན་ ལ་ཡང་། །ཞེས་བྱ་བ་ལ་ཡིད་བཞིན་གྱི་ནོར་བུ་དང་། བུམ་པ་བཟང་པོ་དང་། རལ་གྲི་དང་ཏྲི་ཤཱུ་ལ་དང་འཁོར་ལོ་དང་རྡོ་རྗེ་དང་། པདྨ་དང་། བསྒྲུབ་བྱ་ལ་སོགས་པའི་བསྒྲུབ་བྱ་རྣམས་ལ་ཇི་ལྟ་བ་བཞིན་དུ་བཤད་པའི་བཅོམ་ལྡན་འདས་བསམས་ན་བསྒྲུབ་བྱ་དེ་རྣམས་འགྲུབ་ 61-1-40b པར་འགྱུར་རོ། །རྒྱུ་གང་གིས་དེ་རྣམས་འགྲུབ་པར་འགྱུར་ཞེ་ན། དོན་ཡོད་ཅེས་བྱ་བ་ལ་སོགས་པ་ལ་གང་གི་ཕྱིར་དེ་དོན་ཡོད་ཅིང་མཆོག་སྟེ་ཐོག་མ་དང་ཐ་མ་མེད་པའོ། །གྲུབ་པ་ཞེས་བྱ་བ་ནི་མངོན་པར་འདོད་པའི་འབྲས་བུ་རྫོགས་པར་མཛད་པའི་ཕྱིར་རྫོགས་པའོ། །རྣལ་འབྱོར་ ཐམས་ཅད་རྗེས་སུ་སྒྲུབ། །ཅེས་བྱ་བ་ནི་རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་དང་། ཤིན་ཏུ་རྣལ་འབྱོར་རྫོགས་པར་མཛད་པའོ། །དཔལ་ལྡན་ཞེས་བྱ་བ་ནི་བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་ཅན་གྱི་དཔལ་རྡོ་རྗེ་སེམས་དཔའི་ཕུན་སུམ་ཚོགས་པ་དང་ལྡན་ པའོ། །སྡུག་བསྔལ་ཀུན་འཕྲོག་ཅེས་བྱ་བ་ནི་འཆིང་བ་ལ་སོགས་པའི་སྡུག་བསྔལ་ཐམས་ཅད་འཕྲོག་པར་མཛད་པའོ། །དམ་ཚིག་འདའ་བར་དཀའ་བའོ། །ཞེས་བྱ་བ་ནི་ཇི་ལྟ་བ་བཞིན་དུ་བཤད་པའི་མཚན་ཉིད་ཅན་གྱི་དམ་ཚིག་དངོས་གྲུབ་ཐམས་ཅད་རྫོགས་པར་བྱེད་པ་ལ་ འདའ་བར་དཀའ་བ་ཡིན་ནོ། །རྡོ་རྗེ་ལ་སོགས་ཐོབ་པ་འཛིན། །ཞེས་བྱ་བ་ཇི་ལྟ་བ་བཞིན་དུ་བཤད་པའི་དམ་ཚིག་གསུམ་གྱི་རྡོ་རྗེ་ལ་སོགས་པ་ཐོབ་པ་གང་ཡིན་པ་དེ་ཉིད་འཛིན་པ་སྟེ། རྡོ་རྗེ་ལ་སོགས་པ་ཐོབ་པ་འཛིན་པ་དེ་ཉིད་ལས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐམས་ཅད་ལས་ བྱུང་བའི་བདེ་བ་རྣམས་རྡོ་རྗེ་སློབ་མས་དཀྱིལ་འཁོར་དུ་ཉམས་སུ་མྱོང་བ་ཡིན་ནོ། །ནིའི་སྒྲས་ནི་ངེས་པར་གཟུང་བ་ལ་བརྟན་པ་ལ་སོགས་པ་ཐོབ་ཅིང་གཟུང་བ་ཁོ་ན་ཞེས་བྱ་བའོ། །ཀུན་དུ་འབེབས་པ་ཞེས་བྱ་བ་ནི་ཀུན་ནས་འབེབས་པ་ནི་ཀུན་ནས་འབེབས་པ་སྟེ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་ གསུང་ཐུགས་ཀྱི་རྡོ་རྗེ་རྣམས་རྡོ་རྗེ་སློབ་མའི་རྒྱུད་ལ་འཇུག་པའོ། །ཀུན་ནས་འབེབས་པའི་རྒྱུད་དེ་ཉིད་ལས་དངོས་གྲུབ་ཐམས་ཅད་ཀྱི་བདེ་བ་རྣམས་དཀྱིལ་འཁོར་དུ་ཉམས་སུ་མྱོང་བ་ནི་མྱོང་བ་ཡིན་ནོ། །ནིའི་སྒྲ་ནི་གང་གི་ཕྱིར་གྱི་དོན་ཏེ། གང་གི་ཕྱིར་རྡོ་རྗེ་སློབ་མ་རྣམས་ཀུན་ དུ་འབེབས་པས་དངོས་གྲུབ་ཐམས་ཅད་ཀྱི་བདེ་བ་རྣམས་དཀྱིལ་འཁོར་དུ་ཉམས་སུ་མྱོང་བ་དེའི་ཕྱིར། གཟེངས་བསྟོད་པས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ལུང་བསྟན་པར་བྱའོ་ཞེས་བྱ་བ་དང་སྦྱར་རོ། །ཀྱང་གི་སྒྲ་ནི་བསྡུ་བ་སྟེ། དམ་ཚིག་གསུམ་སྦྱིན་པར་བྱ་བ་དང་། 61-1-41a གཟེངས་བསྟོད་པ་དང་ལུང་བསྟན་པར་བྱའོ། །དེ་ཡང་ཇི་ལྟར་བྱ་ཞེ་ན། ཀུན་ཞེས་བྱ་བ་ལ་སོགས་པ་ལ་རིན་ཆེན་འབྱུང་ལྡན་གྱི་ང་རྒྱལ་གྱིས་དེ་བཞིན་གཤེགས་པ་རིན་ཆེན་འབྱུང་ལྡན་གྱི་ལས་ཀྱི་ཕྱག་རྒྱ་བཅིངས་ལ། རྡོ་རྗེ་མིང་གི་མིང་དབང་བསྐུར་བ་རྣམས་ཀྱིས་ དེ་བཞིན་གཤེགས་པ་རྣམས་ལ་ལུང་བསྟན་པར་བྱའོ། །ནིའི་སྒྲ་ནི་ངེས་པར་བཟུང་བ་ལ་བྱ་སྟེ། རྡོ་རྗེ་སློབ་མ་དེ་རྣམས་དེ་བཞིན་གཤེགས་པ་ཁོ་ནར་ལུང་བསྟན་པར་བྱ་སྟེ། དེ་བཞིན་གཤེགས་པ་མ་ཡིན་པར་ནི་མ་ཡིན་ནོ་ཞེས་བྱ་བའོ། །དེ་ལ་འདི་ཞེས་བྱ་བ་ལ་སོགས་པ་ནི་ གོ་སླའོ། །མཆོག་ཏུ་གསང་བའི་ཆོ་ག་ནི་དཀྱིལ་འཁོར་ཏེ། དེར་སློབ་མ་གང་ལ་སློབ་དཔོན་གྱིས་གཟེངས་བསྟོད་པས་ལུང་བསྟན་པར་བྱས་ན། དེ་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་ཀྱིས་ལུང་སྟོན་པར་མཛད་དོ་ཞེས་བྱ་བ་དང་སྦྱར་རོ། །རྡོ་རྗེ་སེམས་དཔའ་ཐོག་མ་གང་ ལ་ཡོད་པ་དེ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའོ། །དེ་དག་ཀྱང་གང་ཡིན་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། །རྡོ་རྗེ་འཆང་དང་བཅས་པ་ཞེས་བྱ་བ་ལ་སོགས་པ་ལ་དེ་དང་ལྷན་ཅིག་པས་ན་རྡོ་རྗེ་འཆང་དང་བཅས་པའོ། ། བྱང་ཆུབ་སེམས་དཔའ་ཆེན་པོའི་འཁོར་གྱི་དཀྱིལ་འཁོར་དང་བཅས་པའི་ཞེས་བྱ་བ་ནི་འཕགས་པ་བྱམས་པ་དང་ལྷན་ཅིག་ཏུ་བཞུགས་པས་ན་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་དང་བཅས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་གི་དམ་ཚིག་ནི་ རིགས་ལྔའི་དཀྱིལ་འཁོར་རྣམས་ཏེ། དེ་དག་གི་སློབ་དཔོན་རྣམས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་གི་དམ་ཚིག་གི་སློབ་དཔོན་རྣམས་སོ། །རྡོ་རྗེ་སེམས་དཔའ་ལ་སོགས་པའི་དེ་བཞིན་གཤེགས་པ་དེ་རྣམས་ཇི་ལྟ་བ་བཞིན་དུ་བཤད་པ། རིགས་ཐམས་ཅད་ ཀྱི་དཀྱིལ་འཁོར་བྱེད་པའོ་ཞེས་བྱ་བའི་དོན་ཏོ། །མཉམ་པར་ཞེས་བྱ་བ་ནི་དུས་གཅིག་ཏུའོ། །དེ་ཉིད་བཤད་པར་བྱ་བའི་ཕྱིར་མགྲིན་གཅིག་ཏུ་ཞེས་བྱ་བ་གསུངས་པ་ཡིན་ནོ། །ཇི་སྐད་བཤད་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ 61-1-41b གཅིག་པ་ཉིད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་མཛད་དོ་ཞེས་བྱ་བ་དད་པར་བྱ་བའོ་ཞེས་བྱ་བ་དང་སྦྱར་རོ། །གང་གི་སྟོབས་ཀྱིས་ཤེ་ན་ཇི་ལྟ་བ་བཞིན་དུ་བཤད་པའི་གཟེངས་བསྟོད་པ་དང་ཕྱག་རྒྱ་ཆེན་པོའི་སྟོབས་ཀྱིས་སོ། །མཆོག་ཏུ་གསང་བ་ དམ་པའི་དངོས་གྲུབ་ཀྱིས་བྱིན་གྱིས་བརླབས་སོ་ཞེས་བྱ་བ་ལ། མཆོག་ཏུ་གསང་བ་ནི་ཇི་ལྟ་བ་བཞིན་དུ་བཤད་པའི་དཀྱིལ་འཁོར་འདི་ལྟ་སྟེ། དེར་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་གསུང་ཐུགས་སློབ་མའི་རྒྱུད་ལ་རྫོགས་པ་གང་ཡིན་པ་དེ་ནི་དངོས་གྲུབ་དམ་པ་སྟེ། གཟེངས་བསྟོད་པའི་ཕྱག་རྒྱ་ཆེན་པོ་དེ་ཉིད་ཀྱིས་འདི་བྱིན་གྱིས་བརླབས་པ་ཡིན་ཏེ། བྱིན་གྱིས་བརླབས་པ་དེའི་སྟོབས་ཀྱིས་ཞེས་བྱ་བ་དང་སྦྱར་རོ། །ཨོཾ་འདི་ནི་ངས་ཁྱོད་ལུང་བསྟན་ཡིན། །ཞེས་བྱ་བ་ལ་སོགས་པའི་སྔགས་འདི་ཉིད་ཀྱིས་དད་པར་བྱ་བ་ནི་རྡོ་རྗེ་སློབ་མ་ཐམས་ཅད་ ཀྱིས་རྟོགས་པར་བྱ་བ་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་འདས་མ་ཐག་ཏུ་གང་དག་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཚོགས་ཇི་ལྟ་བ་བཞིན་དུ་བཞུགས་པ་དེ་རྣམས་ལ། དེ་བཞིན་གཤེགས་པ་ཐམས་ཅད་འདུས་པ་སྟེ་དེ་འཇུག་པ་ལ་སོགས་པའི་ཐོག་མར་གང་ཡོད་པ་དེ་ ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདུས་པ་ལ་སོགས་པ་སྟེ། དེ་ཡང་དབུགས་དབྱུང་བ་ནི་གདུལ་བྱ་རྣམས་ལ་གང་གིས་དགའ་བ་སྐྱེད་པར་བྱེད་པས་ན་དབུགས་དབྱུང་བ་སྟེ། དེ་ཉིད་སློབ་མ་རྣམས་ལ་སློབ་དཔོན་གྱིས་གསལ་བར་བསྟན་པར་བྱའོ་ཞེས་བྱའོ། །རང་ གི་དམ་ཚིག་ནི་ཡི་གེ་ཧཱུཾ་སྟེ། དེས་རྗེས་སུ་ཆགས་པ་ནི་དཀྱིལ་འཁོར་ལ་མངོན་དུ་ཕྱོགས་པར་བྱས་པའོ། །དེ་ཉིད་ཀྱི་དཀྱིལ་འཁོར་གྱི་ཕྱོགས་བཞིར་དགུག་པ་ནི་དྲངས་པའོ། །དེ་ཉིད་ཀྱི་སྟོབས་ཀྱིས་གསང་བའི་དཀྱིལ་འཁོར་འདིར་དེ་རྣམས་སྒོ་བཞི་ནས་འཇུག་པའོ། ། དབང་དུ་བྱས་པ་ནི་དེ་ཉིད་ཀྱི་སྟོབས་ཀྱིས་སློབ་དཔོན་གྱིས་རང་ལ་རག་ལས་པར་བྱས་པའོ། །སྒྲུབ་པ་ནི་དམ་ཚིག་གི་ཕྱག་རྒྱ་ལ་སོགས་པས་སྒྲུབ་པའོ། །རྗེས་སུ་སྒྲུབ་པ་ནི་གླུ་དང་རོལ་མོའི་ཆོ་གས་སོ། །རྡོ་རྗེ་དབྱིངས་ཐམས་ཅད་ནི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ 61-1-42a སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས་སོ། །དེ་རྣམས་ཀྱི་བསྟན་པ་ཉིད་ནི་མི་ཕྱེད་པས་ཏེ། ཕྱེད་པར་བྱ་བ་དང་ཕྱེད་པར་བྱེད་པའི་ངོ་བོ་ཉིད་མེད་པ་དེས་དཔལ་གསང་བའི་དཀྱིལ་འཁོར་འདིར་བསྟན་པར་གྱུར་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ ཀྱི་རྡོ་རྗེའི་རང་བཞིན་རྣམས་ཀྱིས་འདིར་མི་ཕྱེད་པར་འགྱུར་བ་ཡིན་ནོ། །ཆོས་ཀྱི་དབྱིངས་ཐམས་ཅད་ཅེས་བྱ་བ་ལ། ཆོས་ཀྱི་དབྱིངས་ཀྱང་ཡིན་ལ་ཐམས་ཅད་ཀྱང་དེ་ཉིད་ཡིན་པས་ན་ཆོས་ཀྱི་དབྱིངས་ཐམས་ཅད་དེ་དེ་ཉིད་དོ། །དེ་ཀུན་དུ་སྟེ་ཕྱོགས་བཅུར་ཀུན་དུ་འགྲོ་ཞིང་བཞུགས་ པའོ། །དེའི་དངོས་པོ་ནི་ཀུན་དུ་བཞུགས་པ་ཉིད་དེ། དེ་གསང་བའི་དཀྱིལ་འཁོར་འདིར་མཐའ་ཡས་པའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས་ཀྱིས་ཀུན་ནས་བཞུགས་པ་ནི་ཁྱབ་པ་ཡིན་ནོ། །འདིས་ནི་འདི་ལྟར་འཆད་པར་འགྱུར་ཏེ། ཆོས་བདག་མེད་པའི་ཡེ་ཤེས་དང་། དེའི་ འབྲས་བུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་རང་བཞིན་ཅན་གང་ཡིན་པ་དེས་ནི་ཐམས་ཅད་དུ་ཁྱབ་པ་ཡིན་པས་མཐའ་ཡས་པའི་རྒྱུད་ལས་བྱུང་བའི་ཕྱིར་མཐའ་ཡས་པར་གྱུར་པ་ཡིན་ནོ་ཞེས་བྱ་བའོ། །དེ་ལྟར་འཇིག་རྟེན་ལས་འདས་པ་ལ་རབ་ཏུ་ གྲགས་པའི་ཆོས་ཀྱི་དབྱིངས་ཀུན་དུ་བཞུགས་པ་ཉིད་ཀྱིས་དེ་བཞིན་གཤེགས་པ་རྣམས་ཀྱི་ཚད་མེད་པ་ཉིད་བསྟན་ནས། ད་ནི་འཇིག་རྟེན་ལས་རབ་ཏུ་གྲགས་པའི་མཐའ་ཡས་པ་ཉིད་བསྟན་པར་བྱ་བའི་ཕྱིར་ནམ་མཁའི་ཁམས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ ཏེ། ནམ་མཁའི་ཁམས་ཀྱང་ཡིན་ལ་ཐམས་ཅད་ཀྱང་དེ་ཡིན་པས་ན་ནམ་མཁའི་ཁམས་ཐམས་ཅད་དེ། འཇིག་རྟེན་ལ་རབ་ཏུ་གྲགས་པའོ། །དེའི་རྒྱ་ཆེན་པོ་ཉིད་གང་ཡིན་པ་དེ་ནི་ནམ་མཁའི་ཁམས་ཐམས་ཅད་ཀྱི་རྒྱ་ཆེན་པོ་ཉིད་དེ་ཕྱོགས་བཅུ་ནམ་མཁའི་མཐའ་ཡས་ པའི་དངོས་པོ་ཉིད་དོ། །རྒྱ་ཆེན་པོ་དེ་ཉིད་ཀྱིས་གསང་བའི་དཀྱིལ་འཁོར་འདིར་དཔག་ཏུ་མེད་པའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས་ཀྱིས་བཞུགས་ཤིང་། རབ་ཏུ་བཞུགས་པ་ནི་ཤིན་ཏུ་བཞུགས་པའོ། །དེ་རྣམས་ཀྱིས་ཁྱེད་ཅག་ལ་དབུགས་དབྱུང་བ་མཛད་པ་ཡིན་ཏེ། དེ་ལ་དད་ 61-1-42b པར་བྱའོ་ཞེས་བྱ་བ་དང་སྦྱར་རོ། །ཅི་མཛད་ནས་ཤེ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་གི་དམ་ཚིག་ནི་བཤད་ཟིན་ཏོ། །དེ་ལྟར་སློབ་དཔོན་ནི་དཀྱིལ་འཁོར་གྱི་སློབ་དཔོན་དེ་ལ་རག་ལས་པ་ནི་དེའི་དབང་དུ་གྱུར་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཉིད་གདུལ་བྱ་རྣམས་ལ་མངོན་དུ་མཛད་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་སློབ་དཔོན་འདི་ཉིད་དེ་བཞིན་གཤེགས་པ་ཡིན་ནོ་ཞེས་བྱིན་གྱིས་བརླབས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ཅན་གྱི་དཀྱིལ་ འཁོར་བསྟན་པར་མཛད་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་སློབ་དཔོན་ནི་རང་གི་དམ་ཚིག་གི་སློབ་དཔོན་དང་མགྲིན་གཅིག་ཏུ་འདའ་བར་དཀའ་བའི་སློབ་དཔོན་གྱི་ཞལ་གྱིས་ཁྱེད་རྣམས་ལ་དབུགས་དབྱུང་བར་མཛད་པ་ཡིན་ཏེ། ཁྱེད་ཀྱིས་དད་པར་བྱ་བ་ ནི་ཐེ་ཚོམ་མི་བྱའོ། །མཐོང་བ་ཞེས་བྱ་བ་ནི་རྡོ་རྗེ་ལྕགས་ཀྱུ་མ་ནས་རྡོ་རྗེ་སེམས་དཔའི་བར་དུ་ཁ་དོག་དང་དབྱིབས་ཀྱི་བདག་ཉིད་ཅན་གྱི་རྟེན་དང་བརྟེན་པའི་དཀྱིལ་འཁོར་བལྟའོ། །རབ་ཏུ་ཞུགས་པ་ཞེས་བྱ་བ་ནི་ཕྱི་དང་གསང་བའི་འཇུག་པས་དཔལ་རྡོ་རྗེ་སེམས་དཔའི་གསང་བའི་ དཀྱིལ་འཁོར་དུ་ཞུགས་པར་བྱའོ། །དེ་གང་ཡིན་ཞེ་ན། གསང་བ་དམ་པའི་དཀྱིལ་འཁོར་རོ། །སྲོག་གཅོད་པ་ལ་སོགས་པའི་སྡིག་པ་ཐམས་ཅད་དང་བྲལ་བས་ཁྱེད་ལེགས་པར་གནས་ཏེ། དུས་འདི་ནས་བཟུང་ནས་བྱང་ཆུབ་སྙིང་པོ་ཐོབ་ཀྱི་བར་དུ་སྡུག་བསྔལ་གྱི་རྒྱུ་ ཐམས་ཅད་དང་བྲལ་ཞིང་བདེ་བ་དང་ཡིད་བདེ་བ་ཐམས་ཅད་དང་རྗེས་སུ་མཐུན་པའི་ལྷ་དང་མིའི་སྲིད་པ་ལ་ཡིད་དགའ་བས་གནས་པས་ལེགས་པར་གནས་པའོ། །དེ་ཅིའི་ཕྱིར་ཞེ་ན། ཁྱེད་རྣམས་སླར་ཡང་འཆི་བ་མེད། །ཅེས་བྱ་བ་ལ་སོགས་པ་ལ་དཀྱིལ་འཁོར་མཐོང་བ་ དང་དེ་ཉིད་དུ་ཞུགས་པའི་ཕྱིར་ཁྱེད་རྣམས་ལ་སླར་ཡང་ཤི་བ་ཡོད་པ་མ་ཡིན་ནོ། །བདེ་ཆེན་ཐེག་པ་འདིར་ཞུགས་པས། །ཞེས་བྱ་བ་ནི་ཐར་པ་ཆེན་པོའི་རང་བཞིན་གྱི་རྡོ་རྗེ་ཐེག་པ་ཆེན་པོ་འདི་ལ་ཞུགས་པའི་ཕྱིར་རོ། །དེ་ལྟར་ཡིན་པ་དེའི་ཕྱིར་མི་ཚུགས་པ་ནི་ཐེག་པ་གཞན་ལ་ 61-1-43a འདོད་པའི་བསམ་པས་མི་མཐུན་པའི་ཕྱིར་རོ། །མི་སོད་པ་ཞེས་བྱ་བ་ནི་དེ་ཉིད་ཀྱིས་བདེ་བ་ཆེན་པོའི་ཐེག་པ་འདི་ལས་ལྟུང་བར་མི་འགྱུར་བའོ། །རོལ་བར་གྱིས་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་གྲུབ་བསྒྲུབ་པར་གྱིས་ཤིག་པའོ། །ཅིས་ཀྱང་ འཇིགས་པ་མེད་པ་ནི་སྲིད་པའི་སྡུག་བསྔལ་ཉིད་མེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། སྲིད་པའི་སྡུག་བསྔལ་ལྡོག་པ་ནི། །ཞེས་བྱ་བ་ལ་སོགས་པ་ལ་མཐོང་བ་དང་ཞུགས་པ་འདིས་འདོད་པའི་སྲིད་པ་ལ་སོགས་པའི་སྡུག་བསྔལ་མཐའ་མེད་པ་འདི་ཁྱེད་རྣམས་ལ་ལྡོག་ པ་མེད་པའི་ཕྱིར་རོ། །སྲིད་པ་ཤིན་ཏུ་གྲུབ་པའི་ཕྱིར། །ཞེས་བྱ་བ་ནི་མི་གནས་པའི་མྱ་ངན་ལས་འདས་པ་གྲུབ་པའི་ཕྱིར་རོ། །སྟོན་པ་མཆོག་ཏུ་གྱུར་པ་ཡིན། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཕུལ་དུ་བྱུང་བ་བྱེད་པ་ཡིན་ནོ། །ཤིན་ཏུ་ནི་ཕྱི་མའི་མཐར་གནས་པའོ། ། དེ་གང་ཡིན་ཞེ་ན། སྲིད་པ་གྲུབ་པ་ཞེས་བྱ་བ་ནི་མི་གནས་པའི་མྱ་ངན་ལས་འདས་པའི་རང་བཞིན་ཏེ་ལོངས་སྤྱོད་རྫོགས་པ་ནི་སྲིད་པའི་དངོས་གྲུབ་རྣམས་སོ། །འདི་ལྟར་འཆད་པར་འགྱུར་ཏེ་གསང་བའི་དཀྱིལ་འཁོར་མཐོང་བ་དང་ཞུགས་པ་དག་གིས་སྡིག་པ་ཐམས་ཅད་དང་བྲལ་ ཞིང་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པའི་སྣོད་དུ་གྱུར་པ་འཁོར་བའི་སྡུག་བསྔལ་ཐམས་ཅད་དང་བྲལ་ཞིང་ཕྱིར་མི་ལྡོག་པར་ཁྱེད་རྣམས་རྫོགས་པ་ཡིན་ནོ་ཞེས་བྱ་བའོ། །འདི་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་དམ་ཚིག་དང་སྡོམ་པ་ཐུགས་ལ་གནས་པ་གསུངས་པ་ ཡིན་ནོ། །ཁྱེད་ཀྱིས་རྟག་ཏུ་དེ་སྐད་ཅིག་མ་རེ་རེ་ལ་བསྲུང་བ་ནི་ཡོངས་སུ་བསྐྱང་བའོ། །གྲུབ་པ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་གྲུབ་སྩོལ་བས་ནི་རྫོགས་པའོ། །དམ་ཚིག་དང་སྡོམ་པ་དེ་ཡང་སངས་རྒྱས་ཀུན་ཏེ་ཇི་ལྟ་བ་བཞིན་དུ་བཤད་པ་རྣམས་ཀྱིས་མཐུན་པ་ནི་ དུས་གཅིག་ཏུ་མགྲིན་གཅིག་གིས་གསུངས་ཏེ་བསྟན་པ་ཡིན་ནོ། །བཀའ་ནི་བཀའ་སྩལ་པའོ། །མཆོག་ཏུ་རྟག་པ་ནི་ངེས་པའི་དོན་ཡིན་གྱི་དྲང་བའི་དོན་མ་ཡིན་ནོ། །འདི་ལྟར་འཆད་པར་འགྱུར་ཏེ། བྱང་ཆུབ་སེམས་ནི་གཏང་མི་བྱ། །ཞེས་བྱ་བ་ལ་སོགས་པ་གང་ཞིག་དེ་ 61-1-43b བཞིན་གཤེགས་པ་ཐམས་ཅད་ཀྱིས་མཆོག་ཏུ་རྟག་པའི་བཀའ་གསུངས་པ་དེ་ཉིད་དམ་ཚིག་དང་སྡོམ་པ་ཁྱེད་ལ་རྟག་ཏུ་གྲུབ་པས་བསྲུང་བར་བྱ་བ་ཡིན་ནོ། །བྱང་ཆུབ་ནི་རང་གི་སེམས་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའོ། །དེ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་སྟེ། དེའི་རང་བཞིན་ཅན་དང་དེ་ཐོབ་པའི་རྒྱུ་བྱང་ཆུབ་ཀྱི་སེམས་ཏེ་སྨོན་པ་བྱང་ཆུབ་ཀྱི་སེམས་དང་། འཇུག་པ་བྱང་ཆུབ་ཀྱི་སེམས་སོ། །དེ་སྤང་བར་མི་བྱའོ། །ཕྱག་རྒྱ་རྡོ་རྗེ་གང་ཡིན་པའོ། །ཞེས་བྱ་བ་ནི་གང་ཞིག་སྟོང་པ་ཉིད་ཀྱི་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱས་ཡོངས་སུ་ བརྟགས་ནས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏིཥྛ་བཛྲ་ཞེས་བྱ་བས་བསྐྱེད་པར་བྱ་བ་ཡིན་ནོ། །གང་ཞིག་བསྐྱེད་པ་ཙམ་གྱིས་ནི། །ཞེས་བྱ་བ་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡོངས་སུ་བརྟགས་པ་ཙམ་གྱིས་ཕྱིར་མི་ལྡོག་པའི་བག་ཆགས་སྐྱེད་པས་དུས་གསུམ་ན་བཞུགས་པའི་དེ་ བཞིན་གཤེགས་པ་ཐམས་ཅད་དང་མཉམ་པ་ཉིད་ཀྱིས་ད་ལྟར་བྱུང་བའི་སངས་རྒྱས་ཉིད་དུ་རྣལ་འབྱོར་པས་ཤེས་པར་བྱའོ། །འདི་ལ་ཐེ་ཚོམ་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་གྱུར་པའི་བྱང་ཆུབ་ཀྱི་སེམས་དེ་རྣལ་འབྱོར་པས་སྤང་བར་མི་བྱའོ། །དམ་པ་རྣམས་ཀྱི་ཆོས་ནི་དམ་ པའི་ཆོས་ཏེ་ཐེག་པ་གསུམ་དུ་བསྟན་པའི་ཆོས་སོ། །དེ་སྨད་པར་མི་བྱ་བ་ནི་འདི་ཆོས་མ་ཡིན་ཏེ། འདིས་ཅི་ཞིག་བྱ་ཞེས་བརྗོད་པར་མི་བྱའོ། །ནམ་ཡང་སྤང་བར་མི་བྱའོ། །ཞེས་བྱ་བ་ནི་བདག་ལ་འདི་དགོས་པ་མེད་པས་འདི་བདག་གིས་སྤང་བར་བྱ་ཞེས་པའི་ངག་གམ་ཡིད་ཀྱི་ རྣམ་གྲངས་གང་གིས་ཀྱང་ཡོངས་སུ་སྤང་བར་མི་བྱའོ། །ཐེག་པ་གསུམ་གྱི་ཆོས་ཡོངས་སུ་སྤང་བར་མི་བྱའོ་ཞེས་བྱ་བ་ཇི་ལྟར་ཤེས་པར་འགྱུར་ཞེ་ན། ཉན་ཐོས་ཀྱི་ཐེག་པ་ལས་གསུངས་པའམ། རང་སངས་རྒྱས་ཀྱི་ཐེག་པ་ལས་གསུངས་པའམ། ཐེག་པ་ཆེན་པོ་ལས་ གསུངས་པའི་དམ་པའི་ཆོས་སུན་འབྱིན་ན་དགེ་བའི་རྩ་བ་ཐམས་ཅད་འཇིག་པར་བྱེད་ཅིང་། ཕམ་པར་གྱུར་ཅིང་མནར་མེད་པ་ལ་སོགས་པ་ཡིན་ནོ་ཞེས་འཕགས་པ་ནམ་མཁའི་སྙིང་པོའི་མདོ་ལས་གསུངས་པའི་ཕྱིར་རོ། །མི་ཤེས་པ་ཞེས་བྱ་བ་ནི་ཐོས་པའི་ཤེས་པས་ 61-1-44a མ་ངེས་པའོ། །རྨོངས་པ་ནི་ཐོས་པ་དང་བསམ་པ་དང་སྒོམ་པའི་རང་བཞིན་གྱི་ཤེས་རབ་མེད་པས་རྟེན་ཅིང་འབྲེལ་བར་འབྱུང་བའི་བདག་ཉིད་ཐམས་ཅད་ཡོངས་སུ་མ་ཤེས་པས་ཐེག་པ་གསུམ་གྱི་ཆོས་ལ་ཇི་ལྟར་བཤད་པའི་སྒྲུབ་པ་པོ་དེས་སྨད་པར་མི་ བྱའོ། །རང་ཞེས་བྱ་བ་ལ་ཕྱིའི་དངོས་པོ་ཡང་རང་གི་སྒྲས་བརྗོད་པས་དེ་རྣམ་པར་སྤྱད་པའི་ཕྱིར་བདག་ཉིད་ཅེས་བྱ་བ་གསུངས་ཏེ། ཕུང་པོ་ལྔའི་རང་བཞིན་གྱི་བདག་ཉིད་ལུས་དང་སྲོག་ལ་ལྟོས་པ་མེད་པ་ཉིད་ཀྱིས་བྱ་བའི་རྒྱུད་ལས་གསུངས་པའི་མི་ཟད་པའི་དཀའ་ཐུབ་བཅོ་ བརྒྱད་པོ་དང་། རླུང་གི་ཡལ་ག་དང་ལྕི་བའི་ཟས་དང་། རྣལ་འབྱོར་གྱི་གཉེན་པོར་གྱུར་པའི་བཟའ་བ་ལ་སོགས་པའི་དཀའ་ཐུབ་རྣམས་ཀྱིས་ཡོངས་སུ་སྤངས་ནས་གདུང་བར་མི་བྱའོ། །འོ་ན་བདག་ཉིད་ཇི་ལྟར་གཟུང་བར་བྱ་ཞེ་ན། ཅི་བདེ་བར་བྱ་ཞེས་བྱ་བ་ལ་སོགས་པ་ལ། དཀའ་ཐུབ་དང་དཀའ་བ་སྤྱོད་པ་མེད་པ་ནི་ཅི་བདེ་བ་སྟེ། དེས་བཟུང་བའི་རྣལ་འབྱོར་པ་དང་རྗེས་སུ་མཐུན་པའི་མལ་དང་གནས་དང་། བཟའ་བ་དང་བཏུང་བ་ལ་སོགས་པ་རྣམས་ཀྱིས་བདེ་བར་བཟུང་སྟེ་ཡང་དག་པར་འཕེལ་བར་བྱའོ། །འདི་ནི་མ་བྱོན་རྫོགས་སངས་རྒྱས། །ཞེས་ བྱ་བ་ལ་འདི་ནི་བཅོམ་ལྡན་འདས་རྣམས་ཀྱིས་བདག་ཉིད་དེ་ཇི་ལྟ་བ་བཞིན་དུ་བཤད་པའི་རིགས་པས་ཕྱིར་མི་ལྡོག་པ་ངེས་པའི་ཕུང་པོ་ལ་རྣམ་པར་གནས་པའི་ཕྱིར་མ་བྱོན་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་པས་ཡང་དག་པར་འཕེལ་བར་བྱའོ། །བྱང་ཆུབ་ཀྱི་ སེམས་སྟོན་པར་བྱེད་པའི་དང་པོའི་རྡོ་རྗེའི་རང་བཞིན་ཅན་གྱི་ཕྱག་མཚན་ནི་རྡོ་རྗེའོ། །དང་པོའི་རྡོ་རྗེས་མཚན་པའི་དྲིལ་བུ་ཤེས་རབ་སྟོན་པར་བྱེད་པའི་སྒྲ་རྗེས་སུ་འགྲོ་བའི་ཕྱག་མཚན་ནི་དྲིལ་བུའོ། །དམ་ཚིག་དང་། ཆོས་དང་། ལས་དང་ཕྱག་རྒྱ་ཆེན་པོ་ནི་ཕྱག་རྒྱ་སྟེ། ཕྱག་ རྒྱ་ལ་སོགས་པ་གསུམ་པོ་འདི་དག་སྤང་བར་མི་བྱའོ། །བསམས་པ་ཙམ་གྱིས་འདི་དག་ཐམས་ཅད་འགྲུབ་པ་ཡིན་ཏེ། ཕྱག་རྒྱ་ལ་སོགས་པ་འདི་དག་གིས་ཅི་ཞིག་བྱ་ཞེས་བྱ་བ་འདི་ཡོངས་སུ་སྤངས་ན་ཕམ་པར་འགྱུར་རོ་ཞེས་གསུངས་པའི་ཕྱིར་རོ། །གང་གིས་རྣལ་ 61-1-44b འབྱོར་པ་དཀྱིལ་འཁོར་དུ་འཇུག་པར་བྱེད་པའི་སློབ་དཔོན་དེ་ལ་ཁྱོད་ཚུལ་ཁྲིམས་འཆལ་བ་དང་བརྩོན་འགྲུས་ཞན་པ་དང་རྨོངས་པ་ཡིན་ནོ་ཞེས་སྨོད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་སངས་རྒྱས་ཀུན་དང་མཉམ། །ཞེས་བྱ་བ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ ཡོན་ཏན་སྐྱེད་པའི་རྒྱུ་ཉིད་ཀྱི་ཕྱིར་སྒྲུབ་པ་པོས་ཇི་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱ་བ་དེ་བཞིན་དུ་རང་གི་དམ་ཚིག་གི་སློབ་དཔོན་ཡང་མཉེས་པར་བྱ་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཉིད་ཀྱང་བཅོམ་ལྡན་ལ། །ཚེ་འདི་ཉིད་ལ་སྟེར་བར་ བྱེད། །ཅེས་བྱ་བས་དེ་ནི་སངས་རྒྱས་ཐམས་ཅད་དང་མཉམ་པ་ཡིན་ནོ། །སློབ་དཔོན་ལ་ནི་གང་སྨོད་པ། །ཞེས་བྱ་བ་ལ་སོགས་པ་ལ། གང་གིས་སློབ་དཔོན་ལ་བརྙས་པར་བྱེད་པ། དེས་ནི་རྟག་ཏུ་སྡུག་བསྔལ་འཐོབ། །ཅེས་བྱ་བ་འདིས་ཀྱང་སློབ་དཔོན་ལ་བརྙས་པ་ གང་ཡིན་པ་དེ་ལ་ཡང་མི་བྱའོ། །བག་མེད་པས་གལ་ཏེ་བྱས་ན་དེའི་ཚེ་སློབ་དཔོན་ལ་ཞལ་ཟས་བསྟབས་ལ་གང་དང་གང་ཡིད་དུ་འོང་བ་དེ་དང་དེ་སློབ་དཔོན་ལ་དབུལ་བར་བྱའོ། །དེ་ལྟར་ན་རིམས་ལ་སོགས་པའི་སྡུག་བསྔལ་རྣམས་དེ་ལ་སླར་ཡང་འབྱུང་བར་མི་འགྱུར་རོ། ། རྟག་ཏུ་རང་གི་དམ་ཚིག་བསྲུང་། །ཞེས་བྱ་བ་ནི་རང་གི་ལྷག་པའི་ལྷའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི་རང་གི་དམ་ཚིག་སྟེ། དེ་རྟག་ཏུ་རྣལ་འབྱོར་པས་རང་ལ་རག་ལས་པར་བྱ་བ་ཡིན་ནོ། །རྟག་ཏུ་དེ་བཞིན་གཤེགས་པ་མཆོད། །ཅེས་བྱ་བ་ནི་རྡོ་རྗེ་མཚོན་ཆ་མ་ལ་སོགས་པ་དང་། ཕྱིའི་མེ་ཏོག་ལ་སོགས་པ་རྣམས་ཀྱིས་ནམ་མཁའ་ཁྱབ་པར་བྱས་པ་ལ་ཚོགས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ཡང་དག་པར་མཆོད་པར་བྱའོ། །ཚོགས་ལས་དངོས་གྲུབ་མཆོག་ཏུ་འགྱུར། །ཞེས་འོག་ནས་ གསུངས་པའི་ཕྱིར་རོ། །མཉམ་པ་ཞེས་བྱ་བ་ནི་མཚུངས་པའོ། །གང་དང་མཉམ་ཞེ་ན། དམ་ཚིག་ལྷ་ཞེས་བྱ་བ་ནི་དམ་ཚིག་ཀྱང་ཡིན་ལ་ལྷ་ཡང་ཡིན་པས་ན་དམ་ཚིག་ལྷ་སྟེ་རིགས་ལྔའི་གསང་བའི་ཕྱག་རྒྱའི་རང་བཞིན་ནོ། །དམ་ཚིག་གི་ལྷ་དེ་དག་དང་མཉམ་པའོ། །དེ་རིང་ 61-1-45a སྐྱེ་བ་ནི་དཀྱིལ་འཁོར་མཐོང་བ་དང་དེར་འཇུག་པའི་དུས་ནས་བརྩམས་ཏེ་རང་བྱུང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དམ་ཚིག་གི་ལྷ་གང་ཡིན་པ་དེ་དག་དང་ལྷན་ཅིག་ཏུ་ཁྱེད་རྣམས་མཉམ་པར་འགྱུར་བ་ཡིན་ནོ། །དེ་རིང་ཁྱེད་རྣམས་ལ་གསང་བའི་དབང་ བསྐུར་བས་དབང་བསྐུར་བ་འཛིན་པ་ཡིན་ནོ། །གང་གིས་ཤེ་ན། སངས་རྒྱས་རྡོ་རྗེ་འཛིན་བཅས་པས། །ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་དང་། རྡོ་རྗེ་འཆང་ཆེན་པོ་དང་བཅས་པ་སངས་རྒྱས་ཐམས་ཅད་ཀྱིས་སོ། །འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་ཁམས་ ཀྱི་རང་བཞིན་གྱི་ཁམས་གསུམ་པའི་རྒྱལ་སྲིད་ཆེན་པོ་ཐོབ་པའི་ཕྱིར་རྒྱལ་པོའི་བདག་པོ་སྟེ། འདོད་པའི་ཁམས་ཀྱི་དབང་ཕྱུག་གི་རྒྱལ་པོའི་བདག་པོ་རྣམས་སོ། །བརྟན་པ་ནི་རྟག་པས་ཏེ་དཀྱིལ་འཁོར་འདིར་ཞུགས་ནས་ཕྱིར་མི་ལྡོག་པའི་ས་བོན་བསྐྱེད་པས་ཡང་དག་ པར་རྫོགས་པའི་བྱང་ཆུབ་མངོན་དུ་བྱེད་པའི་ཕྱིར་རོ། །དེ་བས་ན། དེ་ནི་བདུད་ལས་རྣམ་རྒྱལ་ཏེ། །ཞེས་བྱ་སྟེ་བདུད་ལས་རྣམ་པར་རྒྱལ་ཞིང་གསང་བའི་དཀྱིལ་འཁོར་གྱི་གྲོང་ཁྱེར་མཆོག་ཏུ་རབ་ཏུ་ཞུགས་པས་ཁྱེད་རྣམས་ཀྱིས་དེ་རིང་ཁོ་ན་སངས་རྒྱས་ཉིད་ཐོབ་པ་ཡིན་ ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་གི་དཔལ་དམ་ཚིག་གི་གསང་བའི་དཀྱིལ་འཁོར་ནི་འདི་ཉིད་དོ། །དེ་ལ་སློབ་དཔོན་སློབ་མའི་མཆོག་དག་ནི་སློབ་དཔོན་དང་སློབ་མའི་མཆོག་སྟེ། དེ་དག་གི་དབུགས་དབྱུང་བ་ནི་འདི་ཡིན་ཏེ། ཨོཾ་སརྦ་ཡོ་ག་ཙིཏྟཾ་ཨུ་པཱ་ད་ཡཱ་མི་ ཞེས་བྱ་བ་སྨོན་པ་བྱང་ཆུབ་ཀྱི་སེམས་སྐྱེད་པའི་རྗེས་ཐོགས་ཉིད་བྱང་ཆུབ་ཀྱི་སེམས་དང་ལྷན་ཅིག་ཏུ་བསྐྱེད་པ་ཡིན་ནོ། །གང་དང་ལྷན་ཅིག་ཏུ་ཞེ་ན། བྱང་ཆུབ་ཀྱི་སེམས་བསྐྱེད་པའི་མཚན་ཉིད་ཅན་གྱི་ཕྱིར་མི་ལྡོག་པའི་ཕྱག་རྒྱ་དང་ལྷན་ཅིག་ཏུ་སངས་རྒྱས་ཉིད་རྟོགས་པར་བྱ་ བ་ཡིན་ནོ། །ནིའི་སྒྲ་ནི་གང་གི་ཕྱིར་གྱི་དོན་ཏོ། །རྟོགས་པར་བྱ་བ་ནི་ཤེས་པར་བྱ་བའོ། །དེ་ཇི་ལྟ་བུ་ཡིན་ཞེ་ན། མཁས་ཤིང་མཆོག་ཏུ་རྟག་པའོ། །ཞེས་བྱ་བ་ནི་བུདྡྷ་ནི་རྟོགས་པ་ལ་བྱ་སྟེ་ཐབས་དང་ཤེས་རབ་ཀྱི་རང་བཞིན་ཅན་གྱི་བྱང་ཆུབ་ཆེན་པོ་རྟོགས་པ་ཉིད་ཀྱི་ཕྱིར་མཁས་ 61-1-45b པའོ། །མཆོག་ཏུ་རྟག་པ་ཞེས་བྱ་བ་ནི་ཐོག་མ་དང་ཐ་མ་མེད་པའོ། །དེའི་རྒྱུ་གང་ཡིན་ཞེ་ན་ཞེས་བྱ་བ་ལ་རྒྱུ་གང་གིས་བདག་ཅག་གི་བདག་ཉིད་ཐམས་ཅད་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཉིད་ཀྱིས་མཆོག་ཏུ་རྟག་པའི་སངས་རྒྱས་ཉིད་དུ་རྟོགས་པར་བགྱི་ཞེས་བྱ་བའོ། །དེའི་ཕྱིར་ ཁྱེད་རྣམས་ཀྱི་ཕུང་པོ་ལྔའི་རང་བཞིན་ཅན་གྱི་བདག་ཉིད་ཐམས་ཅད། ཨོཾ་སརྦ་ཡོ་ག་ཙིཏྟྭཾ་ཨུ་པཱ་ད་ཡཱ་མི་ཞེས་བྱ་བ་འདིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཙམ་གྱི་མཐུས་བསམ་པ་དང་བསྒོམ་པ་དང་བྲལ་བར་བྱ་བའི་ཕྱིར་མི་ལྡོག་པར་འགྱུར་རོ། ། དེའི་ཕྱིར་ངེས་པའི་ཕུང་པོ་ལ་གནས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པ་ཉིད་ཀྱིས་མ་བྱོན་པའི་སངས་རྒྱས་དུས་གསུམ་གྱི་དེ་བཞིན་གཤེགས་པ་དང་མཉམ་པ་ཉིད་ཀྱིས་ཁྱེད་རྣམས་ཀྱིས་བདག་ཉིད་ཐམས་ཅད་འདི་ད་ལྟར་བྱུང་བའི་དེ་བཞིན་ གཤེགས་པ་ཉིད་དུ་རྟོགས་པར་བྱ་བ་ཡིན་ནོ། །ཇི་ལྟར་བྱང་ཆུབ་ཆེན་པོའི་སེམས་བསྐྱེད་པའི་མཐུས་དུས་གསུམ་གྱི་དེ་བཞིན་གཤེགས་པ་དང་མཉམ་པ་ཉིད་ཀྱིས་ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཉིད་དུ་རྗེས་སུ་རྟོགས་པར་བྱ་བ་དེ་བཞིན་དུ། ལྷ་མོ་བཞི་ཕྲེང་གི་ དབུས་ན་བཞུགས་པའི་དཔལ་རྡོ་རྗེ་སེམས་དཔའི་བདག་ཉིད་བསྒྲུབས་པས་ད་ལྟར་བྱུང་བ་ཉིད་དུ་དེ་བཞིན་གཤེགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་སངས་རྒྱས་ཉིད་དུ་རང་གི་བདག་ཉིད་ཐམས་ཅད་ཁྱེད་རྣམས་ཀྱིས་རྟོགས་པར་བྱ་བ་ཡིན་ནོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བ་བླ་ན་མེད་པའི་ཐེག་པ་ཆེན་པོ་ཡང་ཐེག་པ་ཆེན་པོ་ནི་བཤད་ཟིན་ཏོ། །དེ་ཉིད་དམ་ཚིག་ཆེན་པོ་སྟེ་དེ་ལས་བྱུང་བའི་དཔལ་རྡོ་རྗེ་སེམས་དཔའི་གསང་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣལ་འབྱོར་ཆེན་པོའི་དཀྱིལ་འཁོར་ གྱི་རྣལ་འབྱོར་གྱི་རང་བཞིན་གྱི་ཚུལ་སོ་སོར་རྟོག་པའི་ངོ་བོས་ཡང་དག་པར་མཆོད་ལ། རང་གི་བདག་ཉིད་ཐམས་ཅད་བདེ་བར་གཟུང་ཞིང་འཕེལ་བར་བྱ་སྟེ། བར་མ་ཆོད་པར་ཤིན་ཏུ་རྣལ་འབྱོར་བསྒོམས་པའི་སྟོབས་ཀྱིས་རྒྱུན་གོང་ནས་གོང་དུ་རང་གི་རྒྱུད་ལ་བྱ་བ་ཡིན་ནོ། ། 61-1-46a རང་གི་དམ་ཚིག་གི་སྦྱོར་བ་གང་གིས་ཁྱེད་རྣམས་ལ་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་རང་བཞིན་ཅན་དཔལ་རང་གི་དམ་ཚིག་བླ་ན་མེད་པའི་དངོས་གྲུབ་འགྲུབ་པར་འགྱུར་ཏེ། དཔལ་རྡོ་རྗེ་སེམས་དཔའི་གསང་བའི་དཀྱིལ་འཁོར་ལས་གསུངས་པའི་ལྷ་མོ་བཞི་གླིང་ གི་དབུས་ན་བཞུགས་པའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྫོགས་པའོ། །དེ་ཇི་ལྟ་བུ་ཡིན་ཞེ་ན། མཆོག་ཏུ་རྟག་པ་ཞེས་བྱ་བ་ལ་ཐོག་མ་མེད་ཐ་མ་མེད་པའི་འདའ་བར་དཀའ་བའི་དམ་ཚིག་གང་ལ་ལྷ་མོ་བཞི་ཕྲེང་གི་དབུས་ན་བཞུགས་པའི་དཔལ་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་ ཀྱི་རྡོ་རྗེའི་ཕྱག་རྒྱ་བསྒོམ་པའི་རྣལ་འབྱོར་གྱི་རང་བཞིན་ཅན་གྱི་དམ་ཚིག་གང་ཡིན་པ་དེ་ཉིད་འདའ་བར་དཀའ་བ་ཡིན་ནོ། །དེ་མངོན་དུ་བྱས་ན་ངེས་པ་ཉིད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཔལ་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྫོགས་པའི་ངོ་བོས་སྒྲུབ་པ་ པོའི་རྒྱུད་ལ་མངོན་སུམ་དུ་འགྱུར་བ་ཡིན་ཏེ། འཁོར་བའི་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པའི་ངོ་བོ་ནི་མ་ཡིན་ནོ། །དེའི་ཕྱིར་ན་དམ་ཚིག་འདི་འདའ་བར་དཀའ་བ་ཞེས་བྱ་བའོ། །དེ་ལྟར་འདས་མ་ཐག་ཏུ་བཤད་པའི་ཚུལ་གྱིས་དཀྱིལ་འཁོར་མཐོང་བ་དང་དེར་ཞུགས་ པ་དང་། བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་རང་གི་ལྷའི་རྣལ་འབྱོར་བསྒོམས་པ་རྣམས་ཀྱིས་ངེས་པ་ཁོ་ནར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྟོགས་པར་འགྱུར་རོ། །དེའི་ཕྱིར་ད་ལྟར་གྱི་ཞེས་བྱ་བ་གསུངས་སོ། །ཅི་ཞིག་བྱ་ཞེ་ན། ཡིད་ནི་རབ་དང་རྡོ་རྗེ་ ཞེས་བྱ་བ་ལ་མ་དད་པའི་དྲི་མ་དང་བྲལ་བའི་སེམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་ཅན་ལྷ་མོ་བཞི་ཕྲེང་གི་དབུས་ན་བཞུགས་པའི་དཔལ་རྡོ་རྗེ་སེམས་དཔའི་དངོས་གྲུབ་རྫོགས་པར་བྱེད་པའི་རང་གི་ཡིད་རྣམ་པར་རྟོག་པ་ཐམས་ ཅད་ཀྱིས་མི་ཕྱེད་པར་གྱིས་ཤིག་པའོ། །རང་གི་དམ་ཚིག་ནི་ལྷ་མོ་ཐམས་ཅད་ཀྱི་ཚོགས་དང་བཅས་པས་རྡོ་རྗེ་སེམས་དཔའོ། །མི་ཟད་བདེ་གསོལ་ཞེས་བྱ་བ་ནི་ཐོག་མ་དང་ཐ་མ་མེད་པའི་བདེ་བ་གསོལ་བའོ། །བསྟེན་པ་ནི་སྒོམས་ཤིག་པའོ། །འགྲོ་བའི་བདེ་བ་ཆུང་བ་ནི་ 61-1-46b སེམས་ཅན་གྱི་ཁམས་ལ་བདེ་བ་ཆུང་བའོ། །དེང་ནི་དེ་ལྟ་ཁོ་ནར་སངས་རྒྱས་ཐམས་ཅད་མཚུངས་པས་ཏེ་སངས་རྒྱས་ཐམས་ཅད་དང་འདྲ་བའོ། །སངས་རྒྱས་ཐམས་ཅད་དང་མཚུངས་པ་ཡང་དེ་ཡིན་ལ་རྟག་པ་ཡང་དེ་ཡིན་པས་སངས་རྒྱས་ཐམས་ཅད་དང་མཚུངས་པར་རྟག་ པས་ཏེ། དེ་དག་གི་དངོས་པོ་ནི་རྟག་པ་ཉིད་དོ། །དེ་ཁྱེད་རྣམས་ཀྱིས་ཐོབ་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་རོ་ནི་ཕྱིའི་རོ་དང་སྒེག་པ་ལ་སོགས་པའི་ཉམས་རྣམས་སོ། །བཟའ་བ་ནི་བཟའ་བ་དང་བཏུང་བ་ལ་སོགས་པའོ། །སྤྱོད་པ་ནི་རྡོ་རྗེ་གར་ལ་སོགས་པའི་རང་ བཞིན་ཅན་གྱི་འདུག་སྟངས་དང་ཡིད་ལས་བྱུང་བ་རྣམས་སོ། །གླུ་ནི་ཡི་གེ་ཧཱུཾ་གི་གླུ་ལ་སོགས་པའི་གླུ་སྟེ། རྡོ་རྗེ་དང་དྲིལ་བུ་ལ་སོགས་པ་དང་བཅས་པའོ། །རོལ་མོའི་མཆོད་པ་ནི་རོལ་མོའི་ཆ་བྱད་བཞིའི་མཆོད་པ་རྡོ་རྗེ་དང་དྲིལ་བུ་མ་གཏོགས་པ་རྣམས་སོ། །སོགས་པའི་ སྒྲས་ནི་ཕྱག་རྒྱའི་མཆོད་པ་སྣ་ཚོགས་པ་གཟུང་བར་བྱའོ། །རོ་དང་བཟའ་བ་དང་སྤྱོད་པ་དང་གླུ་དང་། རོལ་མོའི་མཆོད་པ་ལ་སོགས་པ་ནི་རོ་དང་བཟའ་བ་དང་སྤྱོད་པ་དང་གླུ་དང་རོལ་མོའི་མཆོད་པ་ལ་སོགས་པ་དེ་རྣམས་ཀྱིས་མགོན་པོ་སྟེ་དཔལ་རྡོ་རྗེ་སེམས་དཔའ་ཡང་ དག་པར་མཆོད་ལ། བཅོམ་ལྡན་འདས་འཁོར་དང་བཅས་ལ་དེ་རྣམས་ཕུལ་ནས་རྡོ་རྗེ་སློབ་དཔོན་ཆེན་པོ་ནི། རྡོ་རྗེ་སློབ་དཔོན་གྱིས་རྡོ་རྗེ་སེམས་དཔའི་ང་རྒྱལ་ལ་གནས་པའི་རང་གི་བདག་ཉིད་དང་གཞན་ཏེ་སློབ་མ་རྣམས་ཀྱང་ཡང་དག་པར་མཆོད་པར་བྱའོ། །མྱོས་བྱེད་ ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཅི་བཞིན་རྗེས་འགྲོ་བཟླས་པ་བཟླ། །ཞེས་བྱ་བ་ནི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་བཟླས་པའི་དོན་བསྒོམ་པའོ། །རྒྱུ་གང་གིས་རོ་དང་བཟའ་བ་ལ་སོགས་པས་མཆོད་ཅིང་བཟླས་པ་བྱ་བ་ཡིན་ཞེ་ན། རང་གསང་ཆོ་གས་ བླངས་པ་ཡི། །ཞེས་བྱ་བ་ལ་སོགས་པ་ལ་རང་གི་གསང་བའི་ཆོ་གས་བླངས་པའི་གླུ་ལ་སོགས་པ་དང་། ཇི་སྲིད་འདོད་པའི་ལོངས་སྤྱོད་རྣམས་ཀྱིས་མཆོད་པ་བྱས་ནས་རབ་ཏུ་འགྲུབ་པར་འགྱུར་བའི་ཕྱིར་རོ། །ད་ནི་རང་གི་གསང་བའི་ཆོ་གའི་གླུ་བསྟན་པ་ཡིན་ཏེ། ཧཱུྃ་ཞེས་ 61-1-47a བྱ་བ་ནི་དཔལ་རྡོ་རྗེ་སེམས་དཔའི་རིགས་ཀྱི་རྣལ་འབྱོར་པ་རྣམས་ཀྱིའོ། །ཨ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་རྣལ་འབྱོར་པ་རྣམས་ཀྱིའོ། །ཧི་ཞེས་བྱ་བ་ནི་རྡོ་རྗེའི་རིགས་ཀྱི་རྣལ་འབྱོར་པ་རྣམས་ཀྱིའོ། །ཨོཾ་ཞེས་བྱ་བ་ནི་པདྨའི་རིགས་ཀྱི་རྣལ་འབྱོར་པ་ རྣམས་ཀྱིའོ། །ཧ་ཞེས་བྱ་བ་ནི་ནོར་བུའི་རིགས་ཀྱི་རྣལ་འབྱོར་པ་རྣམས་ཀྱི་སྟེ་དེ་དག་གིས་དེ་ལྟ་བུའི་གླུ་བྱ་བ་ཡིན་ནོ། །རྣལ་འབྱོར་གང་ལ་ལ་བ་ར་ཏ་དང་། ཝེ་ཤ་ཁི་ལ་ལ་མཁས་པའི་སློབ་མའི་ཚོགས་སམ། བུད་མེད་ཀྱི་ཚོགས་ཡོད་ན། དེ་གཡས་པའི་རོལ་མོས་འགྲུབ་པར་ འགྱུར་རོ། །ཅི་བྱས་ནས་འགྲུབ་པར་འགྱུར་ཞེ་ན། རྡོ་རྗེ་དྲིལ་བུ་མཉམ་སོགས་ཞེས་བྱ་བ་ལ་མཉམ་པ་ནི་དུས་གཅིག་སྟེ། རྡོ་རྗེ་དྲིལ་བུ་ལ་སོགས་པ་དང་བཅས་པས་རྣམ་པར་དབེན་པའི་ཁང་བུ་སུམ་བརྩེགས་སུ་བྷ་ར་ཏིའི་མཚན་ཉིད་དག་པས་རྣམ་པར་དབེན་པར་དག་པའི་པི་ཝང་ལ་ སོགས་པའི་རང་བཞིན་ཅན་གྱི་རོལ་མོ་བརྡུང་བར་བྱ་སྟེ། བྱེད་པར་གྱུར་པ་དེ་རྣམས་ཀྱིས་ཡི་གེ་ཧཱུཾ་གི་གླུ་ལ་སོགས་པའི་རང་བཞིན་ཅན་གྱི་རོལ་མོ་བརྡུང་བར་བྱ་སྟེ། བྱེད་པར་གྱུར་པ་དེ་རྣམས་ཀྱིས་ཡི་གེ་ཧཱུཾ་གི་གླུ་ལ་སོགས་པའི་རང་གི་གསང་བའི་ཆོ་གའི་གླུ་ལེན་པར་བྱེད་ཅིང་ གཡས་པའི་རོལ་མོས་རྣལ་འབྱོར་པ་གྲུབ་པར་འགྱུར་རོ། །དེ་ཡང་རང་གི་གསང་བའི་ཆོ་གའི་གླུ་རང་གི་དམ་ཚིག་གྲུབ་པས་སོ། །དེ་ལྟར་གླུ་དང་རོལ་མོའི་མཆོད་པའི་རང་བཞིན་ཅན་གྱི་རྗེས་སུ་གྲུབ་པ་བསྟན་ནས། ད་ནི་རྡོ་རྗེ་གར་གྱི་རང་བཞིན་ཅན་གྱི་ཕྱག་རྒྱ་སྣ་ཚོགས་ཀྱིས་ མཆོད་པའི་ངོ་བོ་སོ་སོར་རྗེས་སུ་སྒྲུབ་པ་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་གར་ཞེས་བྱ་བ་ལ་སོགས་པས་བྷ་ར་ཏ་དང་། ཝེ་ཤ་ཁི་ལ་ལ་མཁས་པའི་སློབ་མའི་ཚོགས་དང་བཅས་པའི་རྣལ་འབྱོར་པ་གསུངས་ཏེ། བ་དན་གསུམ་མཆོག་ཚུལ་གྱིས་ནི། །སྒེག་བཅས་མཐའ་མ་ལ་ སོགས་དཀྲོལ། །གློག་འགྱུ་རྩེ་མོ་བསྐོར་བ་ཡིས། །རྡོ་རྗེ་གར་ཞེས་དེ་བཤད་དོ། །ཞེས་བྱ་བ་འདི་རྡོ་རྗེ་གར་གྱི་མཚན་ཉིད་ཡིན་ནོ། །རྡོ་རྗེ་གར་གྱི་མཚན་ཉིད་འདིར་རང་གི་ལྷའི་རྣལ་འབྱོར་གྱིས་རྡོ་རྗེ་གར་རབ་ཏུ་བྱ་ཞིང་རབ་ཏུ་མཆོད་པར་བྱ་ཞེས་བྱ་བ་དང་སྦྱར་རོ། །འཛིན་པ་ 61-1-47b དང་བཅས་གཟུང་བ་ཆེ། །ཞེས་བྱ་བ་ལ་རང་གི་ལྷའི་ང་རྒྱལ་གྱིས་གར་བྱས་ཤིང་བསམ་པ་དང་། གར་གྱི་ཉམས་དང་། ལྟ་བ་དང་། སྨིན་མ་དང་། སོ་དང་། དགོད་པ་དང་། མཆུ་དང་ལག་པའི་རིམ་པ་ལ་སོགས་པ་དང་ལྡན་པའོ། །འཛིན་པ་དང་བཅས་པའི་གཟུང་བ་ཆེན་ པོ་གང་ལ་ཡོད་པ་དེ་ནི་འཛིན་པ་དང་བཅས་པའི་གཟུང་བ་ཆེན་པོ་སྟེ། དེས་ཡོངས་སུ་བསྐོར་ནས་རབ་ཏུ་མཆོད་པར་བྱ་བ་ཡིན་ནོ། །ཇི་ལྟར་ཞེ་ན། དཀྱིལ་འཁོར་འདྲ་བའི་གར་བྱས་ནས། །ཞེས་བྱ་བ་ལ་དཀྱིལ་འཁོར་དང་འདྲ་བའི་གར་ནི་མན་ངག་ལས་ཤེས་པར་བྱ་སྟེ། བྱས་ནས་ཡོངས་སུ་བསྐོར་ལ། དཀྱིལ་འཁོར་ལ་མངོན་དུ་ཕྱོགས་པར་འགྱུར་བར་བྱས་ནས་ལྷ་ཐམས་ཅད་ཀྱི་ཕྱག་རྒྱ་རྣམས་བཅིང་བར་བྱའོ། །དེ་ལྟར་ན་རྡོ་རྗེ་གར་གྱི་མཆོད་པས་དཀྱིལ་འཁོར་མཆོད་པར་འགྱུར་རོ། །ཚོགས་ཀྱི་དཀྱིལ་འཁོར་གྱི་སྦྱོར་བས་ཕྱག་རྒྱ་སྣ་ ཚོགས་ཀྱི་མཆོད་པ་གཏམ་རྒྱུད་དང་། ཕྱག་མཚན་དང་། ཕྱག་རྒྱ་དག་གིས་བྱ་ཞིང་། མཚན་ཐོག་ཐག་བསྒྲུབ་པར་བྱའོ། །ལུགས་མའམ། བརྡུངས་མ་ལ་སོགས་པའི་རང་བཞིན་ཅན་གྱི་དངོས་པོ་དང་བཅས་པའི་རང་རང་གི་ལྷའི་དཀྱིལ་འཁོར་བྲི་བར་བྱའོ་ཞེས་བྱ་བའི་ཆོ་ ག་འདི་རབ་ཏུ་བསྟན་པར་བྱ་བའི་ཕྱིར། དེ་ནས་མཆོག་ཏུ་གསང་བའི་ཕྱག་རྒྱ་སྣ་ཚོགས་པའི་མཆོད་པ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་ནས་བརྩམས་ནས། ཇི་སྲིད་ལྷ་མོ་རིན་ཆེན་དྲིལ་བུ་མའི་མཐར་ཐུག་པའི་བར་གྱི་རིགས་ཐམས་ཅད་ཀྱི་ལྷ་མོ་ རྣམས་ཀྱི་སྣ་ཚོགས་པའི་ངོ་བོ་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་སྣ་ཚོགས་པའི་དབྱེ་བས་ཕྱེ་བར་གྱུར་པའི་ཕྱག་རྒྱའི་མཆོད་པ་ནི་ཕྱག་རྒྱ་སྣ་ཚོགས་ཀྱི་མཆོད་པའོ། །རྡོ་རྗེ་སེམས་དཔའ་ལ་སོགས་ལྷ། །ཞེས་བྱ་བ་ལ་སོགས་པས་འདི་ཉིད་རྣམ་པར་འགྲེལ་པ་ཡིན་ཏེ། རྡོ་རྗེ་ སེམས་དཔའ་རིགས་ལྔའི་རང་བཞིན་ཅན་གྱི་ལྷ་རྣམས་ཀྱི་ཐོག་མ་གང་ལ་ཡོད་པ་དེ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ལྷ་རྣམས་ཏེ། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་ནས་བརྩམས་ཏེ། ཇི་སྲིད་ལྷ་མོ་རིན་ཆེན་དྲིལ་བུ་མའི་ཕྱག་རྒྱ་ཆེན་པོའི་བར་རོ། །དེ་རྣམས་ཀྱི་རྟོགས་ 61-1-48a པ་ཡང་ཡིན་ལ་ཐམས་ཅད་ཀྱང་དེ་ཉིད་ཡིན་པས་ན་རྟོགས་པ་ཐམས་ཅད་དེ། ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་དང་། ཆོས་དང་ལས་ཀྱི་ཕྱག་རྒྱ་རྣམས་སོ། །དེ་དག་གི་རྣམ་པར་འཕྲུལ་པ་ནི་གཟུགས་ཐམས་ཅད་སྟོན་པས་སེམས་ཅན་གྱི་དོན་མཛད་པའོ། །རྟོགས་ པ་ཐམས་ཅད་རྣམ་པར་འཕྲུལ་པ་དེ་རྣམས་ཀྱིས་གར་བྱས་པ་གང་ཡིན་པ་དེ་རོལ་མོ་ཞེས་བྱ་བ་དང་སྦྱར་རོ། །བྱེད་བར་གྱུར་པ་གང་གིས་དེ་བྱ་ཞེ་ན། གཏམ་རྒྱུད་ཕྱག་མཚན་ཕྱག་རྒྱ་ཡིས། །ཞེས་བྱ་བ་ལ་དེ་ལ་གཏམ་རྒྱུད་ནི་སྔོན་གྱི་ལོ་རྒྱུས་བསྟན་པའི་རང་བཞིན་ཅན་ནོ། །དང་པོའི་རྡོ་ རྗེ་ལ་སོགས་པ་རང་གི་ལྷའི་མཚོན་ཆ་ནི་ཕྱག་མཚན་ནོ། །རང་གི་ལྷའི་ཕྱག་རྒྱ་ཆེན་པོ་བཅིངས་པའི་མཐར་ཐུག་པའི་སྔོན་གྱི་ལོ་རྒྱུས་ཀྱི་ཚུལ་བསྟན་པ་ནི་ཕྱག་རྒྱའོ། །གཏམ་རྒྱུད་དེ་དང་ཕྱག་མཚན་དང་། ཕྱག་རྒྱ་དག་གིས་རང་གི་ལྷའི་གར་གྱི་ཉམས་དང་། བསམ་པ་དང་། ལྟ་བ་དང་། དགོད་པ་དང་། མཆུ་དང་། སོ་དང་། སྨིན་མ་དང་། གདོང་དང་། དགའ་བ་ལ་སོགས་པའི་ཕྱག་རྒྱ་དང་བཅས་པའི་ཡན་ལག་རྣམ་པར་འགྱུར་བ་གང་ཡིན་པ་དེ་འདིར་རོལ་མོ་ཞེས་བྱ་བར་འདོད་པ་ཡིན་ནོ། །དེ་ཡང་སངས་རྒྱས་ཀྱི་བྱང་ཆུབ་སྒྲུབ་པར་བྱེད་པ་ཡིན་ཏེ། སོ་སོར་རྗེས་སུ་སྒྲུབ་པ་འདིས་རང་གི་དངོས་གྲུབ་བསྒྲུབ་པར་བྱའོ། །དབྱིབས་གང་གིས་ཕྱག་རྒྱ་སྣ་ཚོགས་ཀྱིས་མཆོད་པར་བྱ་ཞེ་ན། གསེར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་དག་གི་ལྷ་གསེར་གྱི་ཁ་དོག་ཅན་ཡིན་ལ། དེ་དག་གིས་རང་གི་ལྷའི་གསེར་གྱི་གདོང་ བརྙན་དུ་བྱས་ལ་རང་གི་གདོང་གཡོགས་ལ་ཕྱག་རྒྱ་སྣ་ཚོགས་ཀྱིས་མཆོད་པར་བྱ་བ་ཡིན་ནོ། །གང་དག་གིས་ཁ་དོག་དཀར་པོ་ཅན་ཡིན་ན་དེ་དག་གིས་དངུལ་གྱི་བྱ་བ་ཡིན་ཏེ། དེ་ལྟར་གཞན་དག་ལ་ཡང་ཤེས་པར་བྱའོ། །ཡང་ན་རང་གི་ལྷའི་གདོང་བརྙན་ཤིང་གི་དངོས་ པོ་ལ་དཀར་པོ་ལ་སོགས་པའི་ཚོན་གྱིས་བསྒྱུར་ལ་རང་གི་གདོང་ལ་བགོས་ལ་རང་གི་ལྷའི་ཞལ་གྱི་རྣམ་པ་ཅན་དེ་དག་གི་དངོས་གྲུབ་ཀྱི་དོན་དུ་ཕྱག་རྒྱའི་གར་བྱའོ། །དཀྱིལ་འཁོར་གང་ལ་ཞེ་ན། དཀྱིལ་འཁོར་གང་དང་གང་ཞེས་བྱ་བ་ལ་རིགས་ལྔའི་ལྷ་རྣམས་ཀྱི་དཀྱིལ་ 61-1-48b འཁོར་གང་དང་གང་ལ་བརྟེན་པ་ནི་བསྒོམ་པ་སྟེ། ཕྱག་རྒྱ་སྣ་ཚོགས་ཀྱི་མཆོད་པས་དཀྱིལ་འཁོར་དེ་དང་དེར་གཏམ་རྒྱུད་དང་། ཕྱག་མཚན་དང་ཕྱག་རྒྱ་དག་གི་མཐར་རང་གི་ལྷའི་སྙིང་པོ་བཟླས་ཤིང་སློབ་མའི་ཚོགས་ཐམས་ཅད་ཀྱིས་མཆོད་པར་བྱ་བ་ཡིན་ནོ། །དེ་ཡང་ དངོས་གྲུབ་ཀྱི་ཕྱག་རྒྱའི་གར་གྱི་དངོས་པོ་སོ་སོར་རྟོག་པའི་མཆོད་པ་འདིས་མཆོད་པར་བྱ་བ་ཡིན་ནོ། །དངོས་གྲུབ་ནི་ཀུན་མཆོག་སོ་སོར་རྟོག་པའི་རང་བཞིན་ཅན་ནོ། །ཕུན་སུམ་ཚོགས་པ་ནི་དངོས་གྲུབ་ཐམས་ཅད་བདེ་བ་ཆེན་པོའི་ངོ་བོའོ། །དགའ་བ་ནི་ཀུན་མཆོག་རྣམ་པར་ རྒྱལ་བ་བསྒྲེང་བའི་རང་བཞིན་ཅན་ནོ། །བདག་པོ་ནི་ཕུན་སུམ་ཚོགས་པ་ཆེན་པོ་ཐམས་ཅད་ཀྱི་དངོས་པོ་འདིས་ཐོབ་པར་འགྱུར་རོ། །དེ་ལྟར་ན་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སངས་རྒྱས་ཐམས་ཅད་ཀྱི་མཆོག་སྟེ། ཀུན་མཆོག་སོ་སོར་རྟོག་པ་ལ་སོགས་པ་བསྡུ་ བའི་རང་བཞིན་ཅན་གྱི་རྣལ་འབྱོར་མཆོག་སྒྲུབ་པ་པོས་ཐོབ་པས་ཏེ་མངོན་དུ་བྱ་བ་ཡིན་ནོ། །དེ་ནས་ཀྱི་སྒྲ་ནི་སྐབས་སུ་བབ་པ་སྟེ། ཕྱག་རྒྱ་སྣ་ཚོགས་ཀྱི་མཆོད་པ་རྫོགས་པར་བྱ་བ་འདི་ལའོ། །རིགས་ཐམས་ཅད་ཀྱི་འདོད་པའི་ལྷ་རྣམས་ནི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་ པ་སྟེ། སོ་སོ་རང་གི་དཀྱིལ་འཁོར་དུ་ཞུགས་པའི་དེ་དག་གི་གླུའི་མཆོད་པའི་ཆོ་ག་རྒྱས་པ་མངོན་དུ་བརྗོད་པ་ནི་མངོན་པར་ཕྱོགས་པར་བླངས་ནས་དེའི་འོག་ཏུ་རྡོ་རྗེ་སློབ་དཔོན་གྱིས་མཛད་པའམ། སངས་རྒྱས་ཐམས་ཅད་དང་མཉམ་པའི་སྦྱོར་བ་ལ་སོགས་པའི་རྒྱུད་ལས་ གསུངས་པའི་གླུ་དང་། རོལ་མོའི་ཆོ་ག་བདག་ཉིད་ཀྱིས་ཇི་ལྟར་འདོད་པ་རྒྱུར་གྱུར་པ་རྣམས་ཀྱིས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རྟོག་པ་ཐམས་ཅད་ཀྱི་སྣ་ཚོགས་པའི་དམ་ཚིག་ཆེན་པོའི་མཆོད་པ་ནི་སྣ་ཚོགས་པའི་ཕྱག་རྒྱའི་མཆོད་པ་སྟེ་མཆོག་ཏུ་གྲུབ་པ་ཡིན་ནོ། ། རྟོག་པ་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་ཞུགས་པའི་གླུའི་མཆོད་པ་ཇི་ལྟ་བུ་ཡིན་ཕྱག་རྒྱ་སྣ་ཚོགས་ཀྱི་མཆོད་པའི་དུས་སུ་གང་མངོན་པར་རྫོགས་ནས་དེའི་འོག་ཏུ་རྡོ་རྗེ་སློབ་དཔོན་གྱིས་བརྩམས་པའམ། རྟོག་པ་གཞན་ལས་གསུངས་པ་མངོན་པར་བརྗོད་པར་བྱ་ཞེ་ན། དེ་ལ་ 61-1-49a རེ་ཞིག་ཐོག་མ་ཁོ་ནར་ཞེས་བྱ་བ་ལ་སོགས་པ་ལ། མཆོག་ཀྱང་ཡིན་ལ་གསང་བ་ཡང་དེ་ཉིད་ཡིན་པས་མཆོག་ཏུ་གསང་བ་སྟེ་དཀྱིལ་འཁོར་རོ། །དེ་ཉིད་དམ་ཚིག་སྟེ་དེར་འཇུག་པ་ནི་ཕྱི་དང་གསང་བའི་འཇུག་པའོ། །དེའི་དོན་དུ་རྡོ་རྗེའི་གླུའི་མཆོད་པ་ འདི་ཡིན་ནོ། །འདི་ལྟར་བཤད་པར་འགྱུར་ཏེ། རང་གི་དཀྱིལ་འཁོར་དུ་འཇུག་པའི་གླུ་བརྗོད་ཅིང་འཇུག་པའི་ཕྱག་རྒྱ་བཅིངས་ལ་གླུ་དེ་ཉིད་ལེན་ཅིང་དཀྱིལ་འཁོར་དུ་འཇུག་པར་བྱའོ། །ཡང་གླུ་དེ་ཉིད་བརྗོད་ནས་དེའི་འོག་ཏུ་རྡོ་རྗེ་སློབ་དཔོན་གྱིས་བརྩམས་པའོ། །སངས་ རྒྱས་ཐམས་ཅད་དང་མཉམ་པར་སྦྱར་བ་ལ་སོགས་པའི་རྒྱུད་ལས་གསུངས་པའི་གླུ་བརྗོད་ནས་གཏམ་རྒྱུད་དང་ཕྱག་མཚན་དང་ཕྱག་དག་གིས་ཕྱག་རྒྱ་སྣ་ཚོགས་པའི་མཆོད་པ་སློབ་མའི་ཚོགས་དང་བཅས་པའི་སློབ་དཔོན་གྱི་བྱ་བ་ཡིན་ནོ། །ཐམས་ཅད་རྗེས་སུ་ཆགས་པ་ནི་ དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་སྒོམ་པ་སྟེ། དེ་ལས་བྱུང་བའི་བདེ་བ་ནི་རྣལ་འབྱོར་གྱི་བདེ་བའོ། །དེ་གང་ཡིན་ཞེ་ན། དམ་པའི་ཐུགས་ཏེ་དེ་བཞིན་གཤེགས་པ་རྣམས་ཀྱིའོ། །རྡོ་རྗེ་སེམས་དཔའ་ལས་གཞན་པ་ཡིན་ནམ་ཞེ་ན། རྡོ་རྗེ་སེམས་དཔའ་ཁྱོད་ཅེས་བྱ་སྟེ། གང་ཞིག་ སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐམས་ཅད་རྗེས་སུ་ཆགས་པའི་བདེ་བ་ཉིད་རྡོ་རྗེ་སེམས་དཔའ་ཁྱོད་ཡིན་གྱི་གཞན་ནི་མ་ཡིན་ནོ། །རབ་ཏུ་དགའ་བ་ཞེས་བྱ་བ་ནི་ཟག་པ་མེད་པའི་བདེ་བ་དང་ཡིད་བདེ་བའི་རང་བཞིན་ཅན་གྱི་བླ་ན་མེད་པའི་བྱང་ཆུབ་ཀྱི་ངོ་བོའོ། །དེ་བཞིན་ གཤེགས་པ་ཀུན་གྱིས་ཀྱང་། །འདའ་བ་རུ་ནི་མི་མཛད་པས། །ཞེས་བྱ་བ་འདིས་ཀྱང་དེ་ཉིད་དམ་ཚིག་ཡིན་ནོ། །བདག་གྱུར་ཅིག་ཅེས་བྱ་བ་ནི་ཐམས་ཅད་རྗེས་སུ་ཆགས་པ་དང་། རབ་ཏུ་དགའ་བ་དང་། བརྟན་ཞིང་མཐོ་བ་དག་ལ་གྱུར་ཅིག་ཅེས་བྱ་བ་དང་སྦྱར་རོ། །བདེ་ བ་ཆེན་པོ་ཞེས་བྱ་བ་ནི་བོད་པའོ། །བརྟན་ཞིང་མཐོ་བ་ནི་མི་དམིགས་པའི་མྱ་ངན་ལས་འདས་པ་སྟེ། དེ་གསོལ་བས་ན་བརྟན་ཞིང་མཐོ་བ་གསོལ་བའོ། །སོ་སོར་རྟོག་པ་ནི་སེམས་ཅན་གྱི་དོན་མཛད་པ་སངས་རྒྱས་ཀྱི་མཆོད་པ་ལའོ། །སྒྲུབས་ཤིག་ཅེས་བྱ་བ་ནི་འདས་ 61-1-49b མ་ཐག་ཏུ་བཤད་པའི་དངོས་གྲུབ་ཀྱིས་མྱུར་དུ་སྒྲུབས་ཤིག་པའོ། །ཕྱག་འཚལ་བ་ནི་མངོན་དུ་གྱུར་པའོ། །དེ་ལ་ཐམས་ཅད་རྗེས་སུ་ཆགས་པ་ཞེས་བྱ་བ་ནི་འདོད་ཆགས་རྡོ་རྗེ་མའི་རང་བཞིན་ཅན་གྱི་བཅོམ་ལྡན་འདས་བསྟན་ཏོ། །བདེ་བ་ཆེན་པོ་ཞེས་བྱ་བ་ལ་སོགས་པས་ ཀཱི་ལི་ཀཱི་ལའི་རང་བཞིན་ཅན་བསྟན་ཏོ། །བརྟན་ཞིང་མཐོ་བ་ཞེས་བྱ་བས་རྡོ་རྗེ་དྲན་མའི་རང་བཞིན་ཅན་བསྟན་ཏོ། །སོ་སོར་རྟོག་པས་མྱུར་དུ་སྒྲུབས་ཤིག་ཅེས་བྱ་བ་དང་ཕྱག་འཚལ་བས་རྡོ་རྗེ་འདོད་པའི་དབང་ཕྱུག་མའི་རང་བཞིན་བསྟན་ཏོ། །དེ་ལྟར་རྡོ་རྗེ་སེམས་དཔའི་དཀྱིལ་ འཁོར་ཆེན་པོ་ལ་འཇུག་པའི་གླུའི་མཆོད་པ་བསྟན་ནས། དེ་ནས་དེ་བཞིན་གཤེགས་པའི་རིགས། །ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་ལ་འཇུག་པའི་གླུའི་མཆོད་པ་གསུངས་པ་ཡིན་ཏེ། རྡོ་རྗེ་སེམས་དཔའི་བསྡུས་པ་ནི་རྡོ་རྗེ་སེམས་དཔའ་བསྡུས་ པ་སྟེ། བྱང་ཆུབ་ཆེན་པོའི་སེམས་བསྐྱེད་པའོ། །རྡོ་རྗེ་རིན་ཆེན་བླ་ན་མེད། །ཅེས་བྱ་བ་ནི་དེ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྐྱེད་པར་འགྱུར་རོ་ཞེས་བྱ་བ་ལྷག་མའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཅན་གྱི་སེམས་དང་སེམས་ལས་བྱུང་བ་ནི་རྡོ་རྗེ་ཆོས་ཏེ། དེ་དག་ གི་གླུ་བླངས་པ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་དག་པའོ་ཞེས་བྱ་བ་སོ་སོར་རྟོག་པའི་ངོ་བོའོ། །རྡོ་རྗེ་ཆོས་ཀྱི་གླུ་བླངས་པ། །དེ་དག་གིས། རྡོ་རྗེ་ལས་ནི་བྱེད་པ་ཡིན། །ཞེས་བྱ་བ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཅན་གྱི་ལས་རྫོགས་པར་མཛོད་ཅིག་ཅེས་ བྱ་བ་སྒྲུབ་པ་པོ་རང་གི་ལ་བོད་པ་ཡིན་ནོ། །རྡོ་རྗེ་སེམས་དཔའ་བསྡུས་པ་ལ་སོགས་པའི་ཚིག་རྣམས་ཀྱིས་དེ་བཞིན་གཤེགས་པ་མི་བསྐྱོད་པ་དང་། རིན་ཆེན་འབྱུང་ལྡན་དང་། འོད་དཔག་མེད་དང་། དོན་ཡོད་གྲུབ་པ་རྣམས་ལ་དེའི་རིགས་ཀྱང་བསྟན་པ་ཡིན་ནོ། །དེ་ལྟར་ དེ་བཞིན་གཤེགས་པའི་རིགས་ཀྱི་གླུ་བསྟན་ནས། རྡོ་རྗེ་རིགས་ལ་འཇུག་པའི་གླུ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་རྡོ་རྗེའི་གཞུ་ནི་གཞུའོ། །མདའ་ནི་གོ་སླའོ། །དེ་དག་གིས་ཉེ་བར་མཚོན་པའི་རྡོ་རྗེ་གཞུ་དང་མདའ་དང་ལྡན་པའི་ 61-1-50a བཅོམ་ལྡན་འདས་རྡོ་རྗེ་ཉི་མ་མེ་ལྟར་འབར་བ་སྟེ། རྡོ་རྗེ་འདོད་པ་མེ་ལྟར་འབར་བའི་གཟུགས་ཅན་ནོ། །དངོས་པོ་ཐམས་ཅད་ཐལ་བར་རློག་པར་མཛད་པ་དེ་ལ་ཕྱག་འཚལ་བ་ནི། ཧཱུཾ་བཛྲ་ཀརྨ་ཀ་ཤཱ་ར་ཡ་ན་མཿ། བསྒོམ་པའི་ལམ་གྱི་རང་བཞིན་རྡོ་རྗེ་འདོད་པ་ མེ་ལྟར་འབར་བས་ཡུལ་དུ་བྱས་པའི་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་རང་བཞིན་ཅན་གྱི་རྡོ་རྗེ་འདོད་པ་ཆེན་པོ་མེ་ལྟར་འབར་བའི་དམ་ཚིག་གི་ཕྱག་རྒྱའི་རལ་གྲིའི་ཕྱག་གཉིས་ཀྱིས་སྐུ་དབུས་ནས་གཟུང་སྟེ་བསྟོད་པ་ནི་དཔལ་རྡོ་རྗེ་ཆགས་པ་སྟེ། དེས་ཉེ་བར་མཚོན་པའི་དམ་ ཚིག་ནི་རྡོ་རྗེ་ཉི་མ་མེ་ལྟར་འབར་བ་སྟེ། དཔལ་རྡོ་རྗེ་སེམས་དཔའི་དམ་ཚིག་ཡིན་ཏེ་དེ་ལ་ཕྱག་འཚལ་བའོ། །རྡོ་རྗེ་འདོད་པ་ཆེན་པོ་མེ་ལྟར་འབར་བ་ཐལ་བར་རློག་པའི་མཚན་དང་ལྡན་པའི་ལྷ་མོ་ཆེན་མོས་བཅོམ་ལྡན་འདས་ཀྱི་རྡོ་རྗེ་ཆེན་པོས་ཁ་ཊྭཱཾ་ག་བཟུང་བ་དེས་ གདུག་པ་ཅན་དང་དྲག་པོ་རྣམས་སངས་རྒྱས་ཉིད་ཐོབ་པར་བྱེད་པ་ལ་གེགས་སུ་གྱུར་པ་གང་ཡིན་པ་དང་། དངོས་པོ་ཐམས་ཅད་ཐལ་པར་མཛད་པ་ནི་ཁ་ཊྭཱཾ་ག་དང་རྡོ་རྗེ་གློག་པ་སྟེ། དེས་ཉེ་བར་མཚོན་པའི་བཅོམ་ལྡན་འདས་ཁ་ཊྭཱཾ་ག་དང་རྡོ་རྗེ་འཇིགས་པས་ཏེ་དེ་ལ་ ཕྱག་འཚལ་བའོ། །རྡོ་རྗེ་འདོད་པ་ཆེན་པོ་མེ་ལྟར་འབར་བའི་ཐལ་བར་རློག་པའི་འཆི་བ་གསོ་བར་མཛད་པའི་མིང་དང་ལྷ་མོ་གཡོན་བསྙེམས་ནས་ཕྱག་གཡས་པས་རང་གི་སྤྱི་བོར་རྡོ་རྗེ་དྲིལ་བུ་དཀྲོལ་བ་ལ་བརྩོན་པ་ནི་དཔལ་རྡོ་རྗེ་དྲིལ་བུ་བསྐྱོད་པས་ཏེ། དེས་ཉེ་བར་ མཚོན་པའི་རྡོ་རྗེ་ཉི་མ་མེ་ལྟར་འབར་བ་དཔལ་རྡོ་རྗེ་དྲིལ་བུ་བསྐྱོད་པས་ཏེ། དཔལ་རྡོ་རྗེ་དྲིལ་བུ་བསྐྱོད་པ་དེ་ལ་ཕྱག་འཚལ་བའོ། །དེ་ལྟར་རྡོ་རྗེའི་རིགས་ལ་འཇུག་པའི་གླུ་བསྟན་ནས་ད་ནི་པདྨའི་རིགས་ལ་འཇུག་པའི་གླུ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་ སོགས་པ་གསུངས་ཏེ། ཤིན་ཏུ་དྲག་པོའི་སྐུ་ཞེས་བྱ་བ་ནི་ཞི་བའི་གཟུགས་འཛིན་པའི་དོན་ཡོད་ཞགས་པའོ། །སྐྱེ་བོ་མ་རུངས་པའི་སྲོག་འཕྲོག་པ་ཞེས་བྱ་བ་ལ་གཞན་ལ་གནོད་པ་བྱེད་པ་ལ་བརྩོན་པའོ། །དེ་དག་གི་སྲོག་འཕྲོག་པའི་ཤིན་ཏུ་དྲག་པོའི་སྐུ་ཁ་ཅིག་ཏུ་ 61-1-50b མཛད་པ་དེ་དབང་ཕྱུག་ཆེན་པོའི་གཟུགས་སུ་བདག་ཉིད་ཀྱི་སྐུ་མཛད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་ཞི་བའི་གཟུགས་འཛིན་པའི་དོན་ཡོད་ཞགས་པའི་རང་བཞིན་ཅན་གྱི་འཇིག་རྟེན་དབང་ཕྱུག་བསྟན་པ་ཡིན་ནོ། །ཁ་ཅིག་ཏུ་ནི་འགྲོ་བ་མཐའ་ཡས་པ་འདུལ་བར་ མཛད་པའི་ཕྱིར་རོ། །ཤིན་ཏུ་རྣོ་བའི་འཁོར་ལོ་འཛིན་པའི་སྐུ་ཞེས་བྱ་བ་ལ། ཁྱབ་འཇུག་གི་གཟུགས་འཛིན་པའི་འཇིག་རྟེན་དབང་ཕྱུག་ཤིན་ཏུ་རྣོ་བའི་འཁོར་ལོ་འཛིན་པའི་སྐུ་སྟེ་ཁ་ཅིག་ཏུ་སྐུ་དེ་འཛིན་པར་མཛད་པའོ། །དེ་ཡང་ཁྱབ་འཇུག་གི་གཟུགས་ཀྱིས་ འདུལ་བའི་སེམས་ཅན་གྱི་ཁམས་མཐའ་ཡས་པ་འདུལ་བར་མཛད་པའི་ཕྱིར་རོ། །འདིས་ནི་ཁྱབ་འཇུག་གི་གཟུགས་འཛིན་པའི་འཇིག་རྟེན་དབང་ཕྱུག་བསྟན་པ་ཡིན་ནོ། །ཁ་ཅིག་ཏུ་ནི་པདྨའི་གདན་གྱི་ཤིན་ཏུ་ཞི་བའི་སྐུ་སྟེ་འགྱུར་བ་མེད་པ་སྟེར་ཞེས་བྱ་བ་ལ། ཚངས་པའི་གཟུགས་འཛིན་པའི་འཇིག་རྟེན་དབང་ཕྱུག་ཞི་བའི་སྐུ་སྟེ་འགྱུར་བ་མེད་པའི་ཐར་པ་གསོལ་བའོ། །པདྨའི་གདན་ནི་ཚངས་པ་སྟེ། །དེའི་གཟུགས་འགྱུར་བ་མེད་པ་སྟེར་བ་ཁ་ཅིག་ཏུ་མཛད་པ་ཡིན་ནོ། །འདིས་ནི་ཚངས་པའི་གཟུགས་འཛིན་པའི་འཇིག་རྟེན་ དབང་ཕྱུག་བསྟན་ཏོ། །ཁ་ཅིག་ཏུ་ནི་ཤིན་ཏུ་འབར་བའི་འདོད་པའི་དམ་ཚིག་ཅེས་བྱ་བ་འདོད་པའི་ཁམས་ཀྱི་དབང་ཕྱུག་མའི་གཟུགས་འཛིན་པའི་འཇིག་རྟེན་དབང་ཕྱུག་ཤིན་ཏུ་འབར་བའི་དམ་ཚིག་གི་གཟུགས་ཏེ། ཁ་ཅིག་ཏུ་སྟེ་སེམས་ཅན་གྱི་ཁམས་མཐའ་ཡས་པ་འདུལ་ བར་མཛད་པའི་ཕྱིར་མཛད་པ་ཡིན་ནོ། །པདྨའི་རྒྱལ་པོ་བདག་སྒྲུབས་ཤིག །ཅེས་བྱ་བ་འདིས་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་སློབ་དཔོན་གྱིས་བོས་ནས་གསོལ་བ་བཏབ་པ་ཡིན་ནོ། །དེ་ལྟར་པདྨའི་རིགས་ཀྱིས་འཇུག་པའི་གླུ་བསྟན་ནས་ ད་ནི་ནོར་བུའི་རིགས་ཀྱིས་འཇུག་པའི་གླུ་བསྟན་པར་བྱ་པའི་ཕྱིར། དེ་ནས་ནོར་བུའི་རིགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབང་བསྐུར་ཐམས་ཅད་དབང་ཕྱུག་དམ་པ་ལས། །ཞེས་བྱ་བ་ལས་དབང་བསྐུར་བ་ཡང་དེ་ཉིད་ཡིན་ལ་ཐམས་ཅད་ཀྱང་དེ་ཉིད་ཡིན་པས་ན་དབང་ 61-1-51a བསྐུར་བ་ཐམས་ཅད་དེ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་བསྐུར་བའི་ལྷ་མོའོ། །དེ་ཡིས་དབང་ཕྱུག་ཀྱང་ཡིན་དམ་པ་ཡང་དེ་ཉིད་ཡིན་པས་ན་དབང་ཕྱུག་དམ་པ་སྟེ། དབང་ཕྱུག་ཐམས་ཅད་ཀྱི་དབང་ཕྱུག་དམ་པ་ནི་ནམ་མཁའི་སྙིང་པོའོ། ། ཁམས་གསུམ་པའི་ཆོས་ཀྱི་རྒྱལ་སྲིད་ཀྱི་དབང་བསྐུར་བ་ཐོབ་པས་ཁམས་གསུམ་པའི་བདག་པོ་ཞེས་བྱ་བའི་ཐ་ཚིག་གོ། །རྒྱུ་དེའི་ཕྱིར། ཡང་དབང་སྒྲུབས་ཤིག་མི་ཟད་གཏེར་གྱི་མཆོག་ཅེས་བྱ་བ་ནི་གཏེར་གྱི་ལྷ་མོའི་གཟུགས་ཀྱིས་སོ། །མཆོག་ནི་ཕུལ་དུ་བྱུང་བའོ། །ནོར་ གྱི་ཕུང་པོ་ཐམས་ཅད་མཐའ་ཡས་པ་ནི་མི་ཟད་པའོ། །ཀུན་མཆོག་རྒྱལ་མཚན་རྣམ་རྒྱལ་མཐོ་བ་ལས། །ཞེས་བྱ་བ་ལས་ཀུན་མཆོག་རྒྱལ་མཚན་ནི་ཡིད་བཞིན་ནོར་བུའི་རྒྱལ་མཚན་ནོ། །དེས་རྣམ་པར་རྒྱལ་བའི་དབུལ་བའི་སྡུག་བསྔལ་ཐམས་ཅད་རྣམ་པར་སྤང་བའོ། ། དེས་ཉེ་བར་མཚན་པའི་སྐུ་མཐོ་བའི་སྐུ་གང་ལ་ཡོད་པ་དེ་ནི་ཀུན་མཆོག་རྒྱལ་མཚན་རྣམ་རྒྱལ་མཐོ་བ་སྟེ་རྒྱལ་མཚན་མཆོག་མའི་གཟུགས་འཛིན་པའི་ནམ་མཁའི་སྙིང་པོའོ། །རྒྱུ་དེ་ཉིད་ཀྱི་ཕྱིར། རྡོ་རྗེ་རིན་ཆེན་དཔལ་བདག་ལེགས་མཆོད་འགྱུར། །ཞེས་བྱ་བ་ལ་དབང་ བསྐུར་བ་ལ་སོགས་པའི་ལྷ་མོའི་ཚོགས་ཀྱི་མདངས་དང་ལྡན་པ་འཕགས་པ་ནམ་མཁའི་སྙིང་པོའི་སྐུ་ནི་དཔལ་རྡོ་རྗེ་རིན་ཆེན་ཏེ། བདག་གིས་ལེགས་པར་མཆོད་པར་གྱུར་ཅིག་ཅེས་བྱ་བ་ནི་སློབ་དཔོན་གྱིས་བོད་པ་དང་བཅས་པས་དེ་ལ་གསོལ་བ་བཏབ་པ་ཡིན་ནོ། །དེ་ཡང་མཆོད་ པ་ཆེན་པོའི་རང་བཞིན་གྱི་ལྷ་མོས་ལེགས་པར་མཆོད་པ་ཡིན་ཏེ། བདག་ལ་དེའི་ངོ་བོར་གྱུར་ཅིག་པའོ་ཞེས་བྱའོ། །དེ་ལྟར་རིན་པོ་ཆེའི་རིགས་ཀྱིས་འཇུག་པའི་གླུ་བསྟན་ནས། ད་ནི་མིང་པོ་གསུམ་ལ་འཇུག་པའི་གླུ་བསྟན་པར་བྱ་བའི་ཕྱིར་བྷུརྦྷུ་ཝ་སྭཿཞེས་བྱ་བ་ གསུངས་སོ། །སྲིང་མོ་རྣམས་ཀྱི་གླུ་བསྟན་པར་བྱ་བའི་ཕྱིར་ཧྲི་ཧཱུཾ་ཤྲཱི་བྷྱོ་ཞེས་བྱ་བ་གསུངས་སོ། །ཀླུའི་དཀྱིལ་འཁོར་གྱི་གླུ་ནི་ཕུ་ཕུ་ཞེས་བྱ་བར་གསུངས་སོ། །སྡིག་པ་ཐམས་ཅད་ཅེས་བྱ་བ་ནི་སྡིག་པ་ཐམས་ཅད་ལས་བྱུང་བའི་རིམས་ལ་སོགས་ཏེ། བཛྲ་དྷ་ར་ཨ་ཀྲ་མ་ 61-1-51b ཞེས་བྱ་བ་ནི་ཟུང་ཤིག་པའོ། །ཝེ་མརྡྷ་ཞེས་བྱ་བ་ནི་ཚིར་ཅིག་པའོ། །བི་ཀི་ཛི་བི་ཀི་ར་ཞེས་བྱ་བ་ནི་དེ་དང་དེར་དོར་ཅིག་པའོ། །བཉྫ་ཞེས་བྱ་བ་ནི་ཁ་དོག་དང་དབྱིབས་ཆོམས་ཤིག་པའོ། །ཨུཏྨ་ད་ཞེས་བྱ་བ་ནི་སླར་ཡང་མི་འབྱུང་བར་མཛོད་ཅིག་པའོ། །ན་ཤ་ཡ་ཞེས་བྱ་བ་ནི་ དམིགས་པ་མེད་པར་མཛོད་ཅིག་པའོ། །ཧ་ན་ཞེས་བྱ་བ་ནི་ཚོགས་པར་མཛོད་ཅིག་པའོ། །ད་ཧ་ཞེས་བྱ་བ་ནི་ཁྲོས་པའི་མེས་ཐལ་བར་མཛོད་ཅིག་པའོ། །པ་ཙ་ཞེས་བྱ་བ་ནི་འཚེད་ཅིག་པའོ། །ཇི་ལྟར་ཞེ་ན། ཁྲོས་པ་ཞེས་བྱ་བ་ནི་དཔལ་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་ཁྲོ་བོས་ སྙོམས་པར་ཞུགས་པའི་ཡི་གེ་ཧཱུཾ་ཙམ་གྱིས་སོ། །དེ་ལྟར་རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་ཞུགས་པའི་གླུ་བསྟན་ནས་ད་ནི་བསྡུས་པའི་དཀྱིལ་འཁོར་དུ་འཇུག་པའི་གླུ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཐམས་ཅད་ཀྱི་མཆོག་ཅེས་བྱ་བ་གསུངས་པ་ཡིན་ནོ། །ལ་ ལར་ཞེས་བྱ་བ་ལ་སོགས་པ། ལ་ལར་དྲི་མེད་ཟླ་བའི་དཀྱིལ་འཁོར་སྟོང་གི་འོད་ཀྱིས་སྐུ་ནི་རྣམ་པར་མཛེས། །ཞེས་བྱ་བ་ནི་ཕྱོགས་ལ་ལར་དྲི་མ་མེད་པའི་ཟླ་བའི་དཀྱིལ་འཁོར་སྟོང་རྣམས་ཀྱི་ཟླ་བའི་ཁ་དོག་དང་འདྲ་བའི་མདངས་དང་ལྡན་པའི་དཔལ་རྡོ་རྗེ་སེམས་དཔའི་ སྐུ་རྣམ་པར་མཛེས་པ་སྟེ་གསལ་ཞིང་མཛེས་པའོ། །ལ་ལར་འཇིག་དུས་ཉི་མ་འཆར་ཀར་བྱེད་པའི་འོད་ཟེར་ཚོགས་ནི་འཇིགས་ཆེན་འབར། །ཞེས་བྱ་བ་ནི་འཇིག་པའི་དུས་ཀྱི་རིང་པོར་མི་ཐོགས་པར་ཤར་བའི་ཉི་མ་བྱེ་བ་རྣམས་ཀྱི་འོད་ཟེར་ཚོགས་གང་ཡིན་པ་དེ་དང་དེ་ འདྲ་བ་འབར་བ་སྔོན་པོའི་ངོ་བོ་ནི་འཇིག་རྟེན་གསུམ་སྲེག་པར་ནུས་པ་དང་། རྡོ་རྗེ་ཏྲི་ཤཱུ་ལ་འཛིན་པའི་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་སྐུས་ཕྱོགས་ལ་ལར་རྣམ་པར་མཛེས་པ་ཡིན་ནོ། །ཕྱོགས་ལ་ལར་བལྟ་བས་ཆོག་མི་ཤེས་པའི་སྐུའི་རང་བཞིན་གྱི་འོད་ཟེར་དང་ལྡན་པའི་འབར་ བའི་མདངས་ཀྱིས་མཛེས་པའི་འཁོར་ལོ་འཛིན་པའི་སྐུ་འཆང་བ། ཟག་པ་མེད་པའི་བདེ་བ་ལྡན་པ་བག་ཆགས་དང་བཅས་པའི་ཉོན་མོངས་པ་ཐམས་ཅད་ཞི་བའི་སྐུ་རྡོ་རྗེ་སེམས་དཔའ་ཁྱོད་རྣམ་པར་མཛེས་པ་ཡིན་ནོ་ཞེས་བྱ་བ་དང་སྦྱར་བར་བྱའོ། །མཛེས་པའི་གཟུགས་ 61-1-52a འཛིན་པས་ན་གཟུགས་མཛེས་པ་འཆང་བ་སྟེ་འདོད་པའི་ལྷའོ། །མཛེས་པའི་གཟུགས་འཆང་བ་དེ་ཉིད་མཆོག་གི་མདངས་དང་ལྡན་པས་ཏེ་དེས་ལ་ལར་རྣམ་པར་མཛེས་པ་ཡིན་ནོ། །ལ་ལར་རྡོ་རྗེ་དང་པདྨ་ལས་བྱུང་བའི་གཟུགས་ཀྱིས་ནམ་མཁའ་བཞིན་དུ་ ཐམས་ཅད་བཞུགས་པའོ། །གཟུགས་ཐམས་ཅད་བསྟན་ནས་འགྲོ་བའི་སེམས་ཅན་འདུལ་བར་མཛད་པའི་བརྩོན་འགྲུས་དང་ལྡན་པ་ཡིན་ནོ། །སེམས་ཅན་དེ་རྣམས་ཀྱི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ལས་སེམས་རྣམ་པར་སྦྱང་བའི་དོན་དུ་བཅོམ་ལྡན་ འདས་རྡོ་རྗེ་སེམས་དཔའ་ཁྱོད་བཞུགས་པ་ཡིན་པའི་ཕྱིར་རོ། །བདག་ཀྱང་སེམས་ཅན་གྱི་ཁོངས་སུ་གཏོགས་པས་མ་ལུས་པ་འདུལ་བ་ལ་མཁས་པ་བདེ་བ་དམ་པ་རྣམས་ཐོབ་པར་བྱ་བའི་ཕྱིར་བདག་སྒྲུབས་ཞེས་བྱ་བ་སློབ་དཔོན་གྱིས་བཅོམ་ལྡན་འདས་ལ་གསོལ་བ་ བཏབ་པ་ཡིན་ནོ། །དེ་ཡང་སེམས་ཅན་གྱི་ཁམས་ཐམས་ཅད་འདུལ་བར་མཛད་པ་ལ་མཁས་པ་ནི། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་ཏེ། མ་ལུས་པ་འདུལ་བ་ལ་མཁས་པ་དེ་རྣམས་ཀྱི་བདེ་བ་དམ་པ་ནི་ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན་གྱི་ སེམས་དང་སེམས་ལས་བྱུང་བ་རྣམས་སོ། །དེ་རྫོགས་པའི་དོན་དུ་བཅོམ་ལྡན་འདས་ཁྱོད་བདག་ལ་སྒྲུབས་ཤིག་ཅེས་བྱའོ། །དེ་ལྟར་བསྡུས་པའི་དཀྱིལ་འཁོར་གྱི་གླུ་བསྟན་ནས། ད་ནི་གླུ་དེ་ཉིད་ཀྱིས་རས་རིས་ཀྱི་དཀྱིལ་འཁོར་འདིར་འཇུག་པ་ནི་ཐམས་ཅད་རྗེས་སུ་ ཆགས་པ་ཞེས་བྱ་བ་ལ་སོགས་པ་ངེས་པར་གཟུང་བའི་དོན་དུ་སླར་ཡང་གསང་བའི་དཀྱིལ་འཁོར་དུ་འཇུག་པའི་གླུ་བསྟན་པར་བྱ་བའི་ཕྱིར། དེ་ནས་མཆོག་ཏུ་གསང་བའི་ཆོ་ག་དམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་དེ་ཡང་བཤད་ཟིན་ཏོ། །དེ་ལྟར་རིགས་ཐམས་ཅད་ ཀྱིས་དཀྱིལ་འཁོར་དུ་འཇུག་པའི་གླུའི་མཆོད་པ་བསྟན་ནས། ད་ནི་དུས་ཀྱི་ངེས་པ་བསྟན་པར་བྱ་བའི་ཕྱིར། དུས་གང་ལ་གླུའི་མཆོད་པ་འདི་ལྟ་སྟེ། གཏམ་རྒྱུད་ཕྱག་མཚན་ཕྱག་རྒྱ་ཡིས། །ཞེས་བྱ་བ་ལ་སོགས་པ་སྣ་ཚོགས་པའི་ཕྱག་རྒྱས་མཆོད་པར་བྱ་བ་གང་ཡིན་པ་ 61-1-52b དེ་ཉིད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་དེ་ནས་ཀྱི་སྒྲ་ནི་སྐབས་སུ་བབ་པས་ཏེ། ཕྱག་རྒྱ་སྣ་ཚོགས་པའི་མཆོད་པའི་སྐབས་འདིར་རོ། །མཆོག་ཏུ་གསང་བའི་ཆོ་ག་ནི་གསང་བའི་དཀྱིལ་འཁོར་ཏེ་དེར་མཆོག་ཏུ་གསང་བ་ཡིན་ལ། བླ་མ་དམ་པ་ཡང་དེ་ཉིད་ཡིན་པས་ ན་མཆོག་ཏུ་གསང་བ་བླ་མ་དམ་པའོ། །དེ་ཡང་གང་ཡིན་ཞེ་ན། དཔལ་རང་གི་དམ་ཚིག་ནི་དཔལ་རྡོ་རྗེ་སེམས་དཔའི་གསང་བའི་དཀྱིལ་འཁོར་ཏེ། དེ་བླ་ན་མེད་པ་མཆོག་ཏུ་གསང་བ་རྡོ་རྗེ་གླུའི་མཆོད་པ་དེ་ནི་བཅོམ་ལྡན་འདས་བདེ་ཆེན་ཐར་པའི་གྲོང་ཁྱེར་དུ་ཞེས་བྱ་བ་ལ་ སོགས་པས་ཇི་ལྟ་བ་བཞིན་དུ་གསུངས་པའོ། །དེ་ཡང་ཤིན་ཏུ་མཆོག་ཏུ་གྲུབ་པ་ཞེས་བྱ་བ་ནི་ཐོག་མ་དང་ཐ་མ་མེད་པའི་དཔལ་རྡོ་རྗེ་སེམས་དཔའ་གསང་བའི་དཀྱིལ་འཁོར་གྱི་དངོས་གྲུབ་སྟེར་བའི་ཕྱིར་རོ། །གླུ་དེ་བླངས་ལ་ཕྱག་རྒྱ་སྣ་ཚོགས་པའི་མཆོད་པ་བྱ་བ་ཡིན་ནོ། །ཅི་བྱས་ནས་ ཤེ་ན། མཆོག་གི་དེ་ཁོ་ན་ཉིད་ཅེས་བྱ་བ་ལ་སོགས་པ་ལ་མཆོག་གི་དེ་ཁོ་ན་ཉིད་དམ་པ་ཡང་དེ་ཉིད་ཡིན་ལ་རྡོ་རྗེ་གླུའི་མཆོད་པ་ཡང་དེ་ཉིད་ཡིན་པས་ན། མཆོག་གི་དེ་ཁོ་ན་ཉིད་དམ་པའི་རྡོ་རྗེ་གླུའི་མཆོད་པས་ཏེ། ཨོཾ་ནམ་མཁའི་སྐྱེ་བ་མཚན་ལྡན་ཕྱིར། །ཞེས་བྱ་བ་ལ་སོགས་ པས་ཇི་ལྟ་བ་བཞིན་དུ་བསྟན་པའོ། །དེ་དང་བཅས་པའི་ཇི་ལྟ་བ་བཞིན་དུ་བཤད་པའི་གླུ་དང་རོལ་མོའི་ཆོ་ག་ནི་མཆོག་གི་དེ་ཁོ་ཉིད་དམ་པའི་རྡོ་རྗེའི་གླུའི་མཆོད་པ་དང་རོལ་མོའི་ཆོ་ག་སྟེ། སྔར་བཤད་པའི་ཚུལ་དེ་ཉིད་ཀྱིས་རྗེས་སུ་བསྒྲུབ་པར་བྱས་ནས་ཇི་ལྟ་བ་བཞིན་དུ་རྗེས་སུ་ བསྒྲུབ་པར་བྱ་སྟེ། དེའི་འོག་ཏུ་སྔར་བཤད་པའི་དཀྱིལ་འཁོར་བསྐོར་བའི་གར་དང་། ཕྱག་རྒྱ་སྣ་ཚོགས་པའི་མཆོད་པས་སོ་སོར་བསྒྲུབ་པར་བྱའོ། །འདི་ལྟར་འཆད་པར་འགྱུར་ཏེ། ཇི་ལྟ་བ་བཞིན་དུ་གསང་བའི་དཀྱིལ་འཁོར་གྱི་སྒོམ་པས་སྔོན་དུ་བསྙེན་པར་བྱས་ནས་ གསང་བའི་དཀྱིལ་འཁོར་བྲིས་ཏེ་རབ་ཏུ་འཇུག་པ་ལ་སོགས་པའི་ཆོ་ག་རྗེས་སུ་སྤྱད་ལ། སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྫོགས་པར་བྱས་ནས་སློབ་མའི་ཚོགས་དང་བཅས་པའི་སྔོན་དུ་སྤྱོད་པ་བྱས་ནས་ཤིན་ཏུ་བརླབས་པའི་སྐྱེས་པ་དང་བུད་མེད་ཀྱི་ཚོགས་དང་བཅས་ 61-1-53a པས་ཡི་གེ་ཧཱུཾ་གི་གླུའི་ཆོ་ག་དང་རོལ་མོའི་ཆོ་ག་དེ་ཁོ་ན་ཉིད་གླུ་དང་བཅས་པས་རྗེས་སུ་སྤྱད་པར་བྱའོ། །དེ་ནས་རྡོ་རྗེ་གླུའི་མཆོད་པ་དཀྱིལ་འཁོར་བསྐོར་བའི་གར་གྱིས་བྱས་ལ། བཅོམ་ལྡན་འདས་བདེ་ཆེན་ཞེས་བྱ་བ་ལ་སོགས་པའི་གླུ་བླངས་ཏེ་ཕྱག་རྒྱ་སྣ་ཚོགས་ པའི་མཆོད་པ་བྱ་བ་ཡིན་ནོ། །དེ་བཞིན་གཤེགས་པ་ཡང་ཡིན་ལ་ཐམས་ཅད་ཀྱང་དེ་ཉིད་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་དེ། དེ་རྣམས་ཀྱི་ཆོ་ག་ནི་ཤིན་ཏུ་གསང་བ་བླ་ན་མེད་པའི་རྟོགས་པ་ཐམས་ཅད་ཀྱི་རྡོ་རྗེ་སེམས་དཔའི་ལྷ་ཐམས་ཅད་ཀྱི་གཟུགས་ཐམས་ཅད་ སྟོན་པའོ། །རང་བཞིན་ཅན་གྱི་སྣ་ཚོགས་པའི་དམ་ཚིག་ཆེན་པོ་རྣམས་ཀྱི་ཆོ་ག་ནི་ཕྱག་རྒྱ་སྒྲུབ་པའི་ཆོ་ག་འདི་ཡིན་ནོ་ཞེས་བྱ་བ་འདིས་དཔེ་ཙམ་དུ་བསྟན་པ་ཡིན་ཏེ། རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་ཡང་དངོས་པོ་འདི་ཐུན་མོང་ཡིན་པའི་ཕྱིར་རོ། །སྣ་ཚོགས་ཆོ་ག་འདི་ཡིས་ནི། ། ཞེས་བྱ་བ་ནི་ཕྱག་རྒྱ་སྣ་ཚོགས་པའི་མཆོད་པས་སོ། །རྡོ་རྗེ་སེམས་དཔའ་བསྡུས་པ་ཡིན། །ཞེས་བྱ་བ་ནི་དཔལ་རྡོ་རྗེ་སེམས་དཔའི་གསང་བའི་དཀྱིལ་འཁོར་གྱི་རྣལ་འབྱོར་རོ། །ཀུན་མཆོག་སྣ་ཚོགས་ཆེན་པོའོ། །རྣལ་འབྱོར་དབང་ཕྱུག་རབ་བསྒྲུབས་པ། །ཞེས་བྱ་བ་ལ་ཀུན་ མཆོག་ཀྱང་ཡིན་ལ་དབང་ཕྱུག་ཀྱང་ཡིན་པས་ན་ཀུན་མཆོག་སྣ་ཚོགས་ཆེན་པོའོ། །དེའི་རྣལ་འབྱོར་ནི་ཤིན་ཏུ་རྣལ་འབྱོར་གྱི་ཏིང་ངེ་འཛིན་གྱི་ངོ་བོ་སྟེ། དེས་ནི་དབང་ཕྱུག་ནི་གཟུགས་ཐམས་ཅད་སྟོན་པར་བྱེད་པས་སེམས་ཅན་གྱི་དོན་ཏེ་སྒྲུབ་པར་འགྱུར་རོ། །ད་ནི་བསྡུ་བའི་ཚིགས་ སུ་བཅད་པས་འདས་མ་ཐག་ཏུ་བཤད་པའི་རྟོགས་པ་རྒྱས་པའི་དོན་བསྟན་པར་བྱ་བའི་ཕྱིར། དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་འདས་མ་ཐག་ཏུ་བཤད་པའི་ཚུལ་གྱིས་ཐམས་ཅད་དགུག་པ་ལ་སོགས་པ་དང་། མཆོད་པ་ཆེན་པོ་ལ་སོགས་པའི་རང་བཞིན་ ཅན་གྱི་དཔལ་མཆོག་དང་པོའི་རྟོགས་པའི་ཆོ་ག་རྒྱས་པ་སྟེ། དེས་སྣ་ཚོགས་པ་ནི་རྣམ་པ་སྣ་ཚོགས་པའི་གཏམ་རྒྱུད་ཅན་ནོ། །སྣ་ཚོགས་པའི་གཏམ་རྒྱུད་ཅན་གྱི་ཆོ་ག་རྒྱས་པ་ཉིད་མཆོག་ཏུ་གསང་བའི་རོལ་མོ་སྟེ། ཕྱག་རྒྱ་སྣ་ཚོགས་པའི་མཆོད་པའི་རང་བཞིན་ཅན་ནོ། །དེ་ཉིད་ 61-1-53b དཔལ་རྡོ་རྗེ་སེམས་དཔའོ། །དངོས་གྲུབ་ཀྱི་ཉམས་དང་ལྡན་པའོ། །དེ་ལྟ་བུ་དེ་ཇི་ལྟ་བ་བཞིན་དུ་བཤད་པའི་སྒྲུབ་པ་དང་། རྗེས་སུ་སྒྲུབ་པ་དང་། སོ་སོར་རྗེས་སུ་སྒྲུབ་པ་རྣམས་ཀྱི་རྣལ་འབྱོར་པ་གང་གིས་མངོན་དུ་བྱེད་པ་ནི་བསྟེན་པ་སྟེ། དེ་དག་ལ་དཔལ་རྡོ་རྗེ་སེམས་དཔའི་བདེ་བ་དང་ ཡིད་བདེ་བའི་རང་བཞིན་ཅན་གྱི་དངོས་གྲུབ་ཀྱི་བདེ་བ་ཆེན་པོ་ཉིད་ཐོབ་པ་ཡིན་ནོ་ཞེས་བྱ་བ་དང་སྦྱར་རོ། །དེ་ཡང་ཇི་ལྟ་བུ་ཞེ་ན། སྣ་ཚོགས་པའི་རྒྱལ་མཚན་མཐོ་བ་དང་ལྡན་པ་ཞེས་བྱ་བ་ནི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་མཚན་དང་བཅས་པའི་སྣ་ཚོགས་པའི་སྐུ་མཐོ་བ་ དང་ལྡན་པ་གང་ཡིན་པ་དེ་དག་གིས་མཆོག་གི་དངོས་གྲུབ་ཀྱི་བདེ་བ་ཆེན་པོ་ཉིད་ཉམས་སུ་མྱོང་བ་ཡིན་ནོ། །དོན་ཡོད་ཅེས་བྱ་བ་ནི་དོན་ཡོད་པ་ཡིན་ཏེ། འདོད་པའི་འབྲས་བུ་སྒྲུབ་པར་བྱེད་པའོ། །མཆོག་གི་ཇི་ལྟ་བ་བཞིན་དུ་བཤད་པའི་ཐོག་མ་དང་ཐ་མ་མེད་པའོ། །བསོད་ནམས་ ལྡན་ཞེས་བྱ་བ་ནི་སྡིག་པ་ཐམས་ཅད་ཀྱི་དྲི་མ་སྦྱོང་བར་བྱེད་པའོ། །དེ་གང་ཞེ་ན། ཆོ་ག་ཞེས་བྱ་བ་ནི་ཐམས་ཅད་དགུག་པ་ལ་སོགས་པའི་ངོ་བོའོ། །མཆོག་ཏུ་རྟག་པ་ནི་ཤིན་ཏུ་ཐོག་མ་དང་ཐ་མ་མེད་པའོ། །མཆོག་ཏུ་རྟག་པ་དེ་གང་གིས་སྒྲུབ་པར་བྱེད་པ་དེ་དག་གིས་ཤིན་ཏུ་དམ་ པ་འདོད་པའི་དངོས་གྲུབ་དབང་ཕྱུག་ཅི་བདེར་ཐོབ་ཅེས་བྱ་བ་དང་སྦྱར་རོ། །ཀུན་མཆོག་གསང་བ་ཆེན་པོ་ཞེས་བྱ་བ་ནི་གསང་བའི་དཀྱིལ་འཁོར་རོ། །དེ་ཉིད་དངོས་གྲུབ་ཐམས་ཅད་མྱུར་སྒྲུབ་ཅེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་མྱུར་དུ་སྒྲུབ་ པར་བྱེད་པའོ། །དེ་ལྟ་བུའི་གྲོང་ཁྱེར་མཆོག་ཏུ་ཞུགས་ན་སྒྲུབ་པ་པོ་གང་གིས་སྒྲུབ་པར་བྱེད་པ་དེ་དག་གིས་ཐོག་མ་དང་ཐ་མ་མེད་པའི་དངོས་གྲུབ་ཀྱི་དབང་ཕྱུག་གི་བདེ་བ་རྣམས་ཐོབ་པ་ཡིན་ནོ། །ནིའི་སྒྲ་ནི་ངེས་པར་གཟུང་བ་སྟེ་དེ་རྣམས་ཁོ་ནས་ཐོབ་ཀྱི་གཞན་གྱིས་ནི་མ་ཡིན་ནོ། ། སྒྲུབ་པ་པོ་གང་ལ་སྒྲུབ་པའི་ཆོ་ག་གཞན་དག་དང་སྒྲུབ་པ་བདུན་གྱིས་ཀྱང་འགྲུབ་པར་མ་གྱུར་པ་དང་། དངོས་གྲུབ་རྫོགས་པར་བྱེད་པའི་བསོད་ནམས་དང་མི་ལྡན་པ་དང་། ཡོ་བྱད་ལ་སོགས་པ་ཕུན་སུམ་ཚོགས་པ་ཡང་མེད་པས་དཔལ་རྡོ་རྗེ་སེམས་དཔའི་མཆོག་གི་དཀྱིལ་ 61-1-54a འཁོར་དུ་ཞུགས་ཀྱང་གྲུབ་པར་མ་གྱུར་པ་དང་། བསོད་ནམས་མེད་པ་དང་། ཕུན་སུམ་ཚོགས་པ་དང་མི་ལྡན་པའི་སྒྲུབ་པ་པོ་གསང་བའི་དཀྱིལ་འཁོར་འདིར་མངོན་པར་འདོད་པའི་དངོས་གྲུབ་བསྒྲུབས་ན་རབ་ཏུ་འགྲུབ་པར་འགྱུར་རོ། །དེའི་ཕྱིར་མ་ཞུགས་ཀྱང་ འགྲུབ་པར་འགྱུར་རོ་ཞེས་བྱ་བ་ཀྱང་གི་སྒྲས་བསྟན་ཏོ། །གལ་ཏེ་རྡོ་རྗེ་སེམས་དཔའ་མཆོག །སྙིང་པོ་སོགས་ཀྱིས་མ་གྲུབ་ན། །ཞེས་བྱ་བ་ལ་གལ་ཏེ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དང་། ཕྱག་རྒྱ་དང་། སྔགས་དང་། རིག་པ་རྣམས་ཀྱིས་མཆོག་སྟེ་ཕུལ་དུ་བྱུང་ བ་གྲུབ་པར་མ་གྱུར་པ་དང་། ཨ་ནུ་ར་ག་ཡ་མི་ཧཱུཾ་ཞེས་བྱ་བ་ཉེ་བའི་སྙིང་པོ་དང་བཅས་པ་བསྒྲུབ་པར་བྱ་བ་སྒྲུབ་པ་པོ་ལ་གལ་ཏེ་གྲུབ་པར་མ་གྱུར་ན་གསང་བའི་དཀྱིལ་འཁོར་འདིར་སྒྲུབ་པ་པོ་ཞུགས་ཏེ། ཉེ་བའི་སྙིང་པོ་མེད་ན་ཡང་དེ་འགྲུབ་པར་འགྱུར་རོ། །དཔལ་མཆོག་དང་པོའི་རྩ་ རྒྱུད་དུ། །དེ་ལྟར་མྱུར་དུ་གྲུབ་པ་མིན། །ཞེས་བྱ་བ་ལ་སོགས་པ་ལ། དཔལ་མཆོག་དང་པོའི་རྩ་བའི་རྒྱུད་ལས་ཇི་ལྟ་བ་བཞིན་དུ་བཤད་པའི་སྒྲུབ་པའི་རྣམ་པ་རྩ་བའི་རྒྱུད་ལས་གསུངས་པ་གང་ཡིན་པ་དེས་མྱུར་དུ་གྲུབ་པ་མ་ཡིན་ཏེ། ཇི་ལྟར་དང་པོའི་ཁང་པར་ལྷ་མོ་བཞི་ཕྲེང་གི་ དབུས་ན་བཞུགས་པའི་དཔལ་རྡོ་རྗེ་སེམས་དཔའི་གསང་བའི་དཀྱིལ་འཁོར་གྱི་སྒྲུབ་པ་པོ་ཇི་ལྟར་གྲུབ་པ་དེ་ལྟར་དཔལ་མཆོག་དང་པོའི་རྩ་བའི་རྒྱུད་ལ་གྲུབ་པ་མ་ཡིན་ནོ། །དཀྱིལ་འཁོར་ཐམས་ཅད་སྒྲུབ་པ་ཡིས། །དེ་ལྟར་ཐམས་ཅད་གྲུབ་པ་མིན། །ཞེས་བྱ་བ་ལ་གསང་བའི་ དཀྱིལ་འཁོར་མ་གཏོགས་པའི་དཀྱིལ་འཁོར་ཐམས་ཅད་སྒྲུབ་པའི་དངོས་གྲུབ་ཀྱི་ཆོ་ག་གཞན་དག་གིས་ཕྱག་རྒྱ་ཆེན་པོ་ལ་སོགས་པ་དེ་ལྟར་གྲུབ་པར་འགྱུར་བ་མ་ཡིན་ཏེ། ཇི་ལྟར་མཆོག་ཏུ་གསང་བའི་དཀྱིལ་འཁོར་གྱི་ཁང་པ་མཆོག་འདི་མཐོང་བ་ཉིད་ཀྱིས་སོ། །དཀྱིལ་ འཁོར་དུ་མ་ཞུགས་པ་རྣམས་ལ་རྡོ་རྗེ་དང་དྲིལ་བུའི་ཕྱག་རྒྱ་བསྟན་པ་དང་། སློབ་དཔོན་ལ་བརྙས་པ་ལ་སོགས་པའི་རང་བཞིན་ཅན་གྱི་དམ་ཚིག་ཉམས་པའི་རྒྱུས་སྤངས་པ་ནི་དམ་ཚིག་ཉམས་པའོ། །དེ་ཉིད་ཀྱི་ཕྱིར་ཉོན་མོངས་པའི་སྒྲིབ་པ་ལ་སོགས་པ་སྨོད་པ་ནི་སྒྲིབ་པ་ 61-1-54b ཐམས་ཅད་ཀྱིས་སྨད་པའོ། །བདུད་སོགས་གདོན་གྱིས་རེག་པ་ཞེས་བྱ་བ་ལ། རིག་པ་མཆོག་ལས་གསུངས་པའི་གདོན་བཅོ་བརྒྱད་ཀྱིས་རེག་པ་གང་ཡིན་པ་དེ་དག་ཀྱང་། གལ་ཏེ་གསང་བའི་དཀྱིལ་འཁོར་དུ་ཞུགས་ནས་སྒྲུབ་པར་བྱེད་ན་ངེས་པ་ཁོ་ནར་གྲོལ་བར་འགྱུར་ རོ། །ཐོག་མ་དང་ཐ་མ་མེད་པའི་རྟག་པའོ། །དཀྱིལ་འཁོར་དུ་ནི་མ་ཞུགས་པའམ། །ཞེས་བྱ་བ་ལ་སོགས་པ་ལ་དཀྱིལ་འཁོར་གཞན་དུ་མ་བསྒྲུབས་པའམ། དཀྱིལ་འཁོར་མ་གྲུབ་པ་གང་ཡིན་པ་དེ་རྣམས་ཀྱང་གསང་བའི་དཀྱིལ་འཁོར་དུ་ཞུགས་པ་སྟེ། གལ་ཏེ་སྒྲུབ་ པར་བྱེད་ན་མྱུར་དུ་དངོས་གྲུབ་ཐོབ་པར་འགྱུར་རོ། །དེ་རྒྱུ་གང་གི་ཕྱིར་ཞེ་ན། བསྒྲུབ་བྱ་མིན་འདིར་ཅུང་ཟད་མེད། །ཅེས་བྱ་བ་ལ་སོགས་པ་ལ་གང་གི་ཕྱིར་གསང་བའི་དཀྱིལ་འཁོར་འདིར་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒྲུབ་པར་བྱ་བ་མ་ཡིན་པ་གང་ཡང་མེད་པའི་ཕྱིར་རོ། ། ལས་ནི་རྣམ་པ་སྣ་ཚོགས་པའོ། །བདེ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྟེ་བསྒྲུབ་པར་བྱ་བ་མ་ཡིན་པ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་གྲུབ་པའི་ལས་ཀྱི་བདེ་བ་རྣམས། རྟོགས་པ་ཐམས་ཅད་ལས་ཉེ་བར་ཐོབ་པས་ན་བསྒྲུབ་པར་བྱའོ། །དེ་ལྟར་སྒྲུབ་པར་བྱེད་ པ་པོ་ལ་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་བཞི་འགྱུར་འགྲུབ་པ་ཡིན་ནོ། །དེ་ལྟར་འཆད་པར་འགྱུར་ཏེ། རྟོགས་པ་གཞན་རྣམས་ལ་གང་ཞིག་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཟླ་བ་བཞིས་འགྲུབ་པར་འགྱུར་བ་དེ་ཉིད་གསང་བའི་དཀྱིལ་འཁོར་དུ་ཞུགས་ན་ཟླ་ བ་གཅིག་གིས་འགྲུབ་པར་འགྱུར་རོ། །སློབ་མ་གཞུག་པ་ལ་སོགས་པའི་ལས་ཀྱི་ཆོ་ག་རྒྱས་པ་རྫོགས་སོ།། །།སླར་ཡང་གསལ་བར་བྱ་བའི་ཕྱིར་ཆོ་ག་ཐམས་ཅད་བརྗོད་པར་བྱ་སྟེ། ཇི་ལྟ་བ་བཞིན་དུ་བདག་བསྲུང་བ་དང་། གནས་བསྲུང་བ་དང་། ཁྲུས་དང་ཇི་སྐད་ བཤད་པའི་གོས་དང་རྒྱན་རྣམས་ཀྱིས་བརྒྱན་པར་བྱས་ལ། རྡོ་རྗེ་དང་དྲིལ་བུ་འཆང་བས་ཡིད་དང་རྗེས་སུ་མཐུན་པའི་གནས་སུ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འཁོར་དང་བཅས་པའམ། གཅིག་པུ་ལུགས་མའམ་བརྡུངས་མ་ལ་སོགས་པའི་དངོས་པོ་བཞུགས་ 61-1-55a སུ་གསོལ་ལ་སླར་ཡང་བདག་བསྲུང་བ་བྱས་ལ། རྡོ་རྗེ་གནོད་སྦྱིན་ཡོངས་སུ་བཟླས་པའི་དྲི་བཟངས་ཀྱི་ཆུ་ལྷའི་མཆོད་པ་ལྔས་ཡོངས་སུ་བསངས་ལ། རྡོ་རྗེ་མེ་ལན་གསུམ་ཡོངས་སུ་བཟླས་ལ། མེ་ཏོག་ལ་སོགས་པའི་རིག་པ་རྣམས་ཀྱིས་སླར་ཡང་ཡོངས་སུ་ བཟླས་ཏེ། ཨརྒྷའི་ཕྱག་རྒྱས་ཡི་གེ་ཧཱུཾ་ལན་བདུན་བཟླས་པ་ཨརྒྷ་ལ་སོགས་པ་ལ་ཡོངས་སུ་བཟླས་ནས་བཞག་སྟེ། རྡོ་རྗེ་གནོད་སྦྱིན་ཡོངས་སུ་བཟླས་པའི་དྲི་བཟངས་ཀྱི་ཆུ་ལྷའི་ཁང་པའི་སྒོར་ཡོངས་སུ་བསང་བའི་ཕྱིར་བཞག་སྟེ། རྟག་ཏུ་རྡོ་རྗེ་དྲིལ་འཆང་ཞིང་། །ཐམས་ ཅད་དགུག་དང་མཆོད་པ་ཆེ། །བདག་བྱིན་བརླབ་སོགས་བསྒྲུབ་པ་ཡིས། །མཆོག་གི་དངོས་གྲུབ་བསྒྲུབ་པར་བྱ། །དེ་ལ་དང་པོ་ཡི་གེ་ཧཱུཾ་བརྗོད་ཅིང་དང་པོའི་རྡོ་རྗེ་བཅིངས་ཏེ་ས་ལ་བཞག་ལ། ཨ་ནུ་ར་ག་ཡ་མི་ཧཱུཾ་ཞེས་བྱ་བ་བརྗོད་ཅིང་གསང་བའི་དཀྱིལ་འཁོར་རྫོགས་པར་བྱས་ ནས། ཕུན་སུམ་ཚོགས་པ་ཡོད་ན་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ཅིང་འཚལ་ཏེ། སྡོམ་པ་གཟུང་བའི་བར་མཐར་ཐུག་པའི་ཆོ་ག་རྗེས་སུ་སྤྱད་ནས་དམ་ཚིག་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་བཅིང་བའི་མཐར་ཐུག་པའི་ཕྱག་རྒྱ་བཅིང་བར་བྱས་ལ། དཀྱིལ་འཁོར་ཐམས་ ཅད་ཀྱི་ཕྱག་རྒྱ་བསྟོད་པ་སྔ་མ་བཞིན་རྗེས་སུ་སྤྱད་ལ། ཇི་ལྟ་བ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་བཅིང་བར་བྱའོ། །དེ་ནས་ཡིད་ཀྱིས་ནམ་མཁའ་དང་མཉམ་པའི་རང་གི་སྙིང་གའི་ཟླ་བ་ལ་ནམ་མཁའ་དང་མཉམ་པ་ཉིད་ཀྱི་ཚུལ་གྱིས་བཞུགས་ཏེ། དང་པོའི་རྡོ་རྗེས་ དེར་གསང་བའི་དཀྱིལ་འཁོར་རྫོགས་པར་བྱས་ལ། དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་ཀྱི་མཐར་ཐུག་པའི་ཆོ་ག་རྫོགས་ནས། དཀྱིལ་འཁོར་དེ་རང་གི་སྙིང་ག་ན་གནས་པ་ཟླ་བའི་དཀྱིལ་འཁོར་གྱི་ཁོངས་སུ་ཆུད་པར་བསམས་ལ། རང་གི་ལུས་ལ་ལྷ་ཐམས་ཅད་ཀྱི་གནས་ སྐབས་སུ་ཡི་གེ་ཧྲཱིཿལས་བྱུང་བའི་སྣ་ཚོགས་པདྨ་རྣམས་རྫོགས་པར་བྱས་ཏེ། བརྟེན་པའི་ལུས་པོའི་ཕྱི་རོལ་གྱི་མདུན་དུ་སྣ་ཚོགས་པདྨའི་གདན་གྱི་སྟེང་དུ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཇི་སྐད་བཤད་པ་བཞིན་དུ་སྤྲུལ་ཏེ། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་ལས་ཀྱི་ 61-1-55b ཕྱག་རྒྱ་རྣམས་ཀྱིས་དགུག་པ་དང་གཞུག་པ་དང་། བཅིང་བ་དང་དབང་དུ་བྱས་ནས། རང་གི་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་བལྟ་བར་བྱས་ལ། གསང་བའི་ལྕགས་ཀྱུ་མ་བཅིངས་ནས། ཛཿདཔལ་མཆོག་དང་པོ་རྡོ་རྗེ་འཆང་། །ཞེས་བྱ་བའི་གླུས་འཁོར་དང་བཅས་ པའི་རྡོ་རྗེ་སེམས་དཔའ་རང་གི་ལུས་ལ་རང་གི་གནས་སུ་བཅུག་ལ། རང་གི་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་རབ་ཏུ་བསྒྲུབས་ལ། ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་རྒྱས་བཏབ་ནས་སྔ་མ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་བརྟེན་པའི་ལུས་དང་རྡོ་རྗེ་ སེམས་དཔའ་ལ་སོགས་པའི་སྐུ་ལ་རབ་ཏུ་བཅུག་སྟེ། ཕྱག་རྒྱ་བཞིས་རྒྱས་བཏབ་ནས་དང་པོའི་ཡི་གེ་རྡོ་རྗེས་སྙིང་ག་དང་། སྨིན་མཚམས་དང་། མགྲིན་པ་དང་སྤྱི་བོར་རང་གི་བདག་ཉིད་དེ་བཞིན་དུ་བྱིན་གྱིས་བརླབས་ནས་ཡི་གེ་བརྒྱ་པས་བརྟན་པར་བྱས་ནས། དབང་ བསྐུར་བའི་ཕྱག་རྒྱས་སངས་རྒྱས་ལྔའི་ཅོད་པན་གྱི་དབང་བསྐུར་བ་བླངས་ཏེ། ཡི་གེ་གཉིས་ཀྱི་གོ་ཆས་བདག་ཉིད་གོ་བགོས་ནས་དོ་ཁོ་ན་ཉིད་དང་། ཆོས་དང་དམ་ཚིག་རྣམས་བླངས་ཏེ་དམ་ཚིག་གསུམ་གྱི་གླུའི་མཆོད་པ་དང་། རྗེས་སུ་སྒྲུབ་པ་བྱས་ནས་རང་གི་སྙིང་གར་ སྔ་མ་བཞིན་དུ་དཀྱིལ་འཁོར་རྫོགས་པར་བྱས་ལ་ལྷ་དགོད་པའི་ཆོ་གས་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྡོ་རྗེ་དྲིལ་བུ་མའི་བར་རྣམས་རང་གི་ཕྱག་རྒྱ་རྣམས་ཀྱིས་དགོད་པར་བྱས་ནས་དེ་བཞིན་དུ། བཛྲ་ཨཱཏྨ་ཀོ་ལ་སོགས་པའི་སྙིང་པོ་གསུམ་བརྗོད་ཅིང་དེའི་དོན་གསུམ་རྣམ་པར་ བསྒོམས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཔལ་དམ་ཚིག་ཆེན་པོའི་དཀྱིལ་འཁོར་བདག་ཡིན་ནོ་ཞེས་བྱ་བ་རང་ཉིད་ཀྱིས་བརྗོད་ཅིང་རྡོ་རྗེ་སེམས་དཔའ་གསང་བའི་དཀྱིལ་འཁོར་གྱི་རང་བཞིན་དུ་བདག་ཉིད་ངེས་པར་བྱས་ནས་ལྷ་མོ་ཐམས་ཅད་ཀྱི་སྙིང་གར་གནས་པའི་ རྡོ་རྗེའི་དབུས་སུ་ཡི་གེ་ཧཱུཾ་རྣམ་པར་བསམས་ཏེ། དེ་ཉིད་ཡིད་ཀྱིས་རྡོ་རྗེའི་ངག་གམ་རབ་ཏུ་དགའ་བའི་རྡོ་རྗེའི་ངག་གིས་བརྗོད་ཅིང་། ཇི་སྲིད་དུ་ཉིན་རེ་ལན་ཅིག་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་སྔོན་དུ་འགྲོ་བས་བསྒོམ་པར་བྱ་སྟེ། ཇི་སྲིད་མངོན་དུ་གྱུར་པ་བཞིན་དུ་ཉིན་རེ་ 61-1-56a བསྒོམ་པའི་དུས་སུ་དཀྱིལ་འཁོར་མཐོང་བར་འགྱུར་རོ། །དེ་ནས་དེ་ཁོ་ན་ཉིད་བསྡུས་པ་ལས་གསུངས་པའི་ཚུལ་གྱིས་མངོན་པར་ཤེས་པ་བསྒྲུབ་པར་བྱ་སྟེ། དེ་ལྟར་མཆོག་ཏུ་བསྙེན་པ་བྱས་པར་འགྱུར་བ་ཡིན་ནོ། །ཡང་ན་ཏིང་ངེ་འཛིན་གསུམ་གྱི་སྒོམ་པ་ནས་ བརྩམས་ལ་དེ་ཇི་སྲིད་དུ་དཀྱིལ་འཁོར་འདི་བསྒོམ་པར་བྱས་ཏེ་ཇི་སྲིད་མངོན་དུ་མཐོང་བར་འགྱུར་བའོ། །དེ་ནས་དེ་བཞིན་དུ་མངོན་པར་ཤེས་པ་བསྒྲུབ་པར་བྱ་བ་ཡིན་ནོ། །ཡང་ན་ཚོགས་ཀྱི་འཁོར་ལོའི་ཚུལ་གྱིས་སྔོན་དུ་བསྙེན་པ་བྱས་ལ་མངོན་པར་ཤེས་པ་བསྒྲུབ་པར་བྱའོ། །དེ་ ནས་ཇི་སྐད་བཤད་པའི་ཁང་པ་སུམ་བརྩེགས་སུ་དཔལ་རྡོ་རྗེ་སེམས་དཔའི་རྒྱན་རྣམས་ཀྱིས་བདག་ཉིད་བརྒྱན་པར་བྱས་ལ། སྡོམ་པ་བཟུང་བའི་མཐར་ཐུག་པའི་ཆོ་ག་རྗེས་སུ་སྤྱད་ནས་ཇི་ལྟ་བ་བཞིན་དུ་རྣལ་འབྱོར་ཆེན་པོ་དང་། གཞལ་ཡས་ཁང་པ་དང་། གདན་རྣམས་རྫོགས་ པར་བྱས་ལ་བརླ་གཉིས་ལ་དྲིལ་བུ་གཉིས་བཅིངས་ཏེ། དབུས་སུ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་ཉེ་བར་འདུག་ལ་བདག་ཉིད་སྤྲོ་བ་བསྐྱེད་པར་བྱའོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲང་བར་བྱས་ལ་ཡན་ལག་གིས་ཕྱག་བྱས་ལ་དཀྱིལ་འཁོར་གྱི་རྒྱལ་པོ་མཆོག་ དང་། ལས་ཀྱི་རྒྱལ་པོ་མཆོག་རྣམ་པར་བསྒོམ་པར་བྱའོ། །དེ་ནས་ཕྱག་རྒྱ་ཆེན་པོ་བཅིངས་ལ་ཡི་གེ་ཧཱུཾ་བརྗོད་ཅིང་དེ་ལ་བརྩོན་པས་གསང་བའི་དཀྱིལ་འཁོར་བསྒོམ་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དཀྱིལ་འཁོར་བྲི་བའི་ཕྱིར། བདག་ཉིད་ལ་ གསོལ་བ་གདབ་པར་བསམ་པར་བྱའོ། །འདོད་ཆགས་ཆེན་པོ་བདེ་བ་ཆེ། །བཅོམ་ལྡན་ཁྱོད་ལ་གསོལ་བ་ནི། །སྙིང་པོ་འདི་ཡི་རྟོགས་པས་ནི། །བདེ་བ་ཆེན་པོ་མྱུར་སྒྲུབ་བྱེད། །ཅེས་བྱ་བའི་ཚིག་འདིས་སོ། །དེ་ནས་ལངས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་ལ་ཕྱག་འཚལ་ བར་བྱས་ནས། བདག་ནི་རང་ཉིད་རྡོ་རྗེ་ཅན། །ཞེས་བྱ་བ་ལ་སོགས་པ་ནས། བདག་པོ་རྡོ་རྗེ་ཆེན་པོ་བདག །ཅེས་བྱ་བའི་བར་དུ་བརྗོད་པར་བྱའོ། །དེ་ལ་དང་པོའི་རྡོ་རྗེས། ཧཱུཾ་བཛྲ་ཏིཥྛ་སརྦ་ཏ་ཐཱ་ག་ཏ་ཤྲཱི་མ་ཧཱ་ས་མ་ཡ་མཎྜ་ལ་ཨུད་ཐ་པ་ཡ་ཞེས་བརྗོད་ཅིང་གསང་བའི་དཀྱིལ་འཁོར་བཏེག་ལ། ནམ་ 61-1-56b མཁའི་ཕྱོགས་སུ་བཞུགས་སུ་གསོལ་ཏེ་སྔ་མ་བཞིན་དུ་དང་པོའི་རྡོ་རྗེས་གནས་བཞིར་ཡི་གེ་ཧཱུཾ་དང་རྡོ་རྗེ་སེམས་དཔའ་ལ་སོགས་པས་བྱིན་གྱིས་བརླབས་ལ། སླར་ཡང་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། བཛྲ་ཏིཥྛ་མཊ་ཅེས་བྱ་བ་མིག་གཉིས་སུ་རྣམ་པར་བསམས་ལ། ཕྱག་རྒྱ་ལ་གནས་དེ་བཞིན་ ལས། །ཀུན་དུ་རྣམ་པར་བལྟས་ནས་ནི། །ཡི་གེ་ཧཱུཾ་ནི་བརྗོད་བྱ་ཞིང་། །བསྒྱིངས་པའི་ཚུལ་གྱིས་ཡོངས་སུ་བསྐོར། །དེ་ནས་ཇི་ལྟ་བ་བཞིན་དུ་བཤད་པའི་ཚུལ་གྱིས་གསང་བའི་དངོས་པོའི་དཀྱིལ་འཁོར་བཀུག་ལ། བྱིན་གྱིས་བརླབ་པའི་ཕྱག་རྒྱས་བྱིན་གྱིས་བརླབས་ཏེ། སྔ་མ་བཞིན་དུ་ ཕུར་བུས་གདབ་པར་བྱའོ། །དེ་ནས་བགེགས་བསྐྲད་པ་ལ་སོགས་པ་དང་། སྒོ་བཅད་པ་དང་། དཀྱིལ་འཁོར་གྱི་སྲུང་བ་ཐམས་ཅད་བྱས་ལ། རྡོ་རྗེ་གནོད་སྦྱིན་ཡོངས་སུ་བཟླས་པའི་བུམ་པ་དཀྱིལ་འཁོར་གྱི་སྒོ་ཡོངས་སུ་བསང་བའི་དོན་དུ་བཞག་ལ། རྡོ་རྗེ་གནོད་སྦྱིན་ ཡོངས་སུ་བཟླས་པའི་དྲི་ཞིམ་པོའི་ཆུས་དཀྱིལ་འཁོར་གྱི་ས་གཞི་བྱུག་པར་བྱའོ། །དེ་ནས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྙིང་པོ་རྣམས་ཀྱིས་ལན་བདུན་གྱིས་མངོན་པར་བསྔགས་པའི་དྲིའི་མཎྜལ་རྣམས་ལྷ་ཐམས་ཅད་ཀྱི་གནས་རྣམས་སུ་བྱའོ། །མཎྜལ་དེ་རྣམས་ལ་ དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་རང་རང་གི་སྙིང་པོ་བཀོད་ལ། མཆོད་པ་ལྔས་ཡང་དག་པར་མཆོད་ལ་ཕྱི་རོལ་དུ་གཏོར་མ་བྱིན་ལ་ཇི་ལྟ་བ་བཞིན་དུ་བཤད་པའི་མཚན་ཉིད་ཅན་གྱི་རྣམ་པར་རྒྱལ་བའི་བུམ་པ་རྡོ་རྗེ་གནོད་སྦྱིན་དང་རྡོ་རྗེ་མེ་དང་། རྡོ་རྗེ་སེམས་དཔའ་རྣམས་སོ་ སོར་ལན་བརྒྱ་རྩ་བརྒྱད་བཟླས་པ་དེའི་ཆོ་གས་ལྷག་པར་གནས་པར་བྱས་ལ་དཔལ་རྡོ་རྗེ་སེམས་དཔའི་མདུན་དུ་བཞག་ནས་རྡོ་རྗེ་གནོད་སྦྱིན་དང་། རྡོ་རྗེ་སེམས་དཔའ་དང་། སངས་རྒྱས་སྤྱན་རྣམས་ཀྱི་རེ་རེ་ཞིང་ཡང་མར་ལ་སོགས་པ་བརྒྱ་རྩ་བརྒྱད་ཀྱིས་སྦྱིན་སྲེག་བྱའོ། །དེ་ནས་མཚན་ བརྒྱ་རྩ་བརྒྱད་ཀྱིས་བསྟོད་ནས་རྣམ་པ་བཅུ་གཉིས་ཀྱི་ཕྱག་རྒྱའི་མཆོད་པས་བཅོམ་ལྡན་འདས་འཁོར་དང་བཅས་པ་མཆོད་ཅིང་ཕྱག་བྱས་ནས། བཅོམ་ལྡན་འདས་ལ་མཆོད་ཡོན་ཕུལ་ལ་སློབ་མ་རྣམས་ལྷག་པར་གནས་པར་བྱའོ། །དེ་བཞིན་དུ་ལྷག་པར་གནས་པར་བྱའོ། །སླར་ཡང་ 61-1-57a བཅོམ་ལྡན་འདས་ལ་ཕྱག་བྱས་ནས་མཚན་བརྒྱ་རྩ་བརྒྱ་ཀྱིས་བསྟོད་ལ། མཆོད་ཡོན་ཕུལ་བ་སྔོན་དུ་འགྲོ་བས་ཡང་དག་པར་མཆོད་ཅིང་ཕྱག་བྱས་ཏེ། ཟབ་པ་དང་རྒྱ་ཆེན་པོའི་ཆོས་སློབ་མ་རྣམས་ལ་བསྟན་པར་བྱས་ལ། སློབ་མའི་ཚོགས་དང་བཅས་པའི་སློབ་དཔོན་གྱིས་ དཀྱིལ་འཁོར་གྱི་ས་གཞིའི་མཐར་རྨི་ལམ་བརྟག་པར་བྱའོ། །དེ་ནས་སྐྱ་རེངས་འཆར་བའི་དུས་སུ་མལ་ནས་ལངས་ཏེ་སྔ་མ་བཞིན་དུ་རྣལ་འབྱོར་ཆེན་པོ་བྱས་ལ། ཉི་མ་འཆར་ཀའི་དུས་སུ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོའི་ཆོ་གས་དེ་བཞིན་དུ་ནམ་མཁའི་ཕྱོགས་སུ་དཀྱིལ་འཁོར་ བཞག་ལ་ཐིག་གདབ་པར་བྱའོ། །དེ་ནས་དེ་བཞིན་དུ་རྡུལ་ཚོན་བཀྱེ་བར་བྱ་སྟེ། དཀྱིལ་འཁོར་གྱི་དབུས་ཀྱི་ལྟེ་བ་ལ་ལྷ་མོ་བཞི་ཡང་དག་པར་འདུས་པའི་སྦྱོར་བས་བྲིས་ལ། དཔལ་རྡོ་རྗེ་སེམས་དཔའི་རས་རིས་དེ་ཤར་ཕྱོགས་སུ་མངོན་པར་ཕྱོགས་པར་བཞག་ལ། ཨོཾ་སུ་ར་ཏ་སྟྭཾ་ཧཱུཾ་ཞེས་བྱ་ བ་ཟློས་ཤིང་ནམ་མཁའི་ཕྱོགས་ནས་ཕབ་སྟེ། དཔལ་རྡོ་རྗེ་སེམས་དཔའ་རས་རིས་དེ་ལ་དགོད་པར་བྱའོ། །འདོད་ཆགས་རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱང་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་སྙིང་པོ་རྣམས་ཀྱིས་སོ། །དེ་ལ་གཡས་ཕྱོགས་ན་བཞུགས་པའི་ཀཱི་ལི་ ཀཱི་ལས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་འཁྱུད་ནས་སྤྲོ་བ་བསྐྱེད་པར་འགྱུར་བར་བྲི་བར་བྱའོ། །ཀཱི་ལི་ཀཱི་ལའི་གཡས་ཕྱོགས་ན་འདོད་ཆགས་རྡོ་རྗེ་མ་སྟེ། གཡོན་པ་རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེའི་གཞུ་བླངས་ཏེ། ཕྱག་གཡས་པས་རྡོ་རྗེ་རྩེ་གཅིག་པའི་མདེའུ་དང་ལྡན་པའི་མདའ་གསོར་ བ་ལ་བརྩོན་པའོ། །རྡོ་རྗེ་དྲན་མ་ནི་ཕྱག་གཡོན་པས་ཆུ་སྲིན་གྱི་རྒྱལ་མཚན་འཆང་བ་སྟེ། བཅོམ་ལྡན་འདས་ཀྱི་གཡོན་ལོགས་སུ་བཅོམ་ལྡན་འདས་ཀྱི་བསྙེམས་པའི་ཕྱག་གིས་ཡོངས་སུ་འཁྱུད་པའོ། །རྡོ་རྗེ་དྲན་མའི་གཡོན་ལོགས་སུ་རྡོ་རྗེ་འདོད་པའི་དབང་ཕྱུག་མ་སྟེ། གཡོན་པའི་རྡོ་རྗེ་ཁུ་ ཚུར་རྡོ་རྗེ་དྲིལ་བུ་དང་བཅས་པས་བསྙེམས་པ་མཛད་ནས་ཕྱག་གཡས་པས་མེ་ཏོག་གི་ཕྲེང་བ་བླངས་ཏེ་དེས་བཅོམ་ལྡན་འདས་བསྣུན་པར་མཛད་པར་བྲི་བར་བྱའོ། །རྡོ་རྗེ་སེམས་དཔའི་མཚམས་རྣམས་སུ། །དུས་ཀྱི་མཆོད་པ་དགོད་པར་བྱ། །རབ་ཏུ་དགའ་མའི་དགའ་བ་དང་། །སྤྱན་དང་ 61-1-57b དེ་བཞིན་དཔལ་ཆེན་མོ། །མེ་ཏོག་སྤོས་དང་མར་མེ་ཆེ། །དྲི་རྣམས་སྟེང་དུ་ཀ་པུ་ཏས། །ལྷ་མོ་རྡོ་རྗེ་རྒྱལ་མོ་རྣམས། །དེ་ཡི་ཕྱག་རྒྱ་བཤད་པར་བྱའོ། །ཧེ་བཛྲ་ར་ཏི་མ་ཧཱ་ར་ཏི་བཛྲ་ཧོ། ཨོཾ་བཛྲ་ལོ་ཙ་ནེ། མ་ཧཱ་ཤྲཱི་བཛྲ་ཧཱ། སྒེག་མོ་བཞད་མ་གླུ་མ་ཆེ། །གར་མ་ལྷ་ཡི་བུ་མོའི་ཚོགས། །འདི་ དག་སྒེག་མའི་རྡོ་རྗེ་མ། །ཕྱི་ཡི་མཚམས་སུ་དགོད་པར་བྱ། །ཧེ་ར་ཏི་བཛྲ་བི་ལ་སི་ན་ཏྲཊ། བི་ག་བ་ཏི་བཛྲ་ཧ་ས་ཧ་ཧ། ཧེ་ར་ཏི་བཛྲ་གི་ཏེ་ཏེ་ཏེ། ཧེ་ར་ཏི་བཛྲ་ནི་ཏི་པེ་པ་པེ་པ། རྡོ་རྗེ་ལྕགས་ཀྱུ་ཞགས་པ་མ། །རྡོ་རྗེ་ལྕགས་སྒྲོག་དྲིལ་བུ་མ། །སྒོ་སྲུང་མ་ནི་བཞི་པོ་དག །སྒོ་རྣམས་ལ་ནི་བཞུགས་པ་ ཡིན། །བཛྲ་ཨཾ་ཀུ་ཤ་ཛཿ། བཛྲ་པཱ་ཤ་ཧཱུཾ། བཛྲ་ཤཾ་ཀ་ལེ་བཾ། བཛྲ་གྷཎྚེ་ཧོཿཞེས་བྱ་བའོ། །རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལས་གསུངས་པ་ཁོ་ནའི་ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་བྲི་བར་བྱ་སྟེ། དེ་ལ་དཔལ་རྡོ་རྗེ་སེམས་དཔའ་དང་ལྷ་མོ་བཞི་པོ་ནི་རབ་ཏུ་གྲགས་པ་ཡིན་ནོ། །རབ་ཏུ་ དགའ་མ་དང་། སྒེག་མོ་དང་། ལྕགས་ཀྱུ་མ་རྣམས་ནི་སྐུ་མདོག་དཀར་དམར་རོ། །དགའ་མ་དང་། བཞད་མ་དང་། ཞགས་པ་མ་ལ་སོགས་པ་རྣམས་ནི་བླ་ཀ་ཤ་ལྟར་དཀར་བའོ། །སྤྱན་མ་དང་། གླུ་མ་དང་། ལྕགས་སྒྲོག་མ་རྣམས་ནི་ཨུཏྤལ་སྔོན་པོའི་འདབ་མ་དང་མཚུངས་པའི་ མདོག་ཅན་ནོ། །དཔལ་ཆེན་མོ་དང་། གར་མ་དང་། དྲིལ་བུ་མའི་སྐུ་མདོག་སེར་མོའོ། །དེ་ལྟར་དཀྱིལ་འཁོར་བྲིས་ལ། རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་བྱས་ལ་ཇི་ལྟ་བ་བཞིན་དུ་ཞུགས་ཏེ་སྒོ་དབྱེ་བར་བྱ་སྟེ། སླར་ཡང་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་བཅིངས་ལ་ བདག་ཉིད་རྡོ་རྗེ་སེམས་དཔའ་རྣམ་པར་བསྒོམས་ཏེ། འདུད་པ་བྱས་ནས་མཚན་བརྒྱ་རྩས་བསྟོད་པར་བྱའོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་མདུན་དུ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་འདུག་སྟེ། རྡོ་རྗེ་དྲིལ་བུ་དང་བཅས་པའི་གསང་བའི་ལྕགས་ཀྱུ་མ་བཅིངས་ཏེ། ཛ་མཆོག་ དང་པོ་ཞེས་བྱ་བ་ལ་སོགས་པའི་སྤྱན་འདྲེན་པའི་གླུས་བཅོམ་ལྡན་འདས་འཁོར་དང་བཅས་པ་བཀུག་ལ་དཀྱིལ་འཁོར་དུ་བཅུག་སྟེ། རྡོ་རྗེ་གནོད་སྦྱིན་གྱིས་བགེགས་བསྐྲད་པ་ལ་སོགས་པ་བྱས་ནས་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་སྒོ་རྣམས་བཅད་ལ། རྡོ་རྗེ་གོ་ཆས་གོ་བཀོན་ནས་ཡི་གེ་ཧཱུཾ་བརྗོད་ཅིང་ 61-1-58a བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་མཆོད་ཡོན་ཕུལ་ཏེ། དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་བཅོམ་ལྡན་འདས་འཁོར་དང་བཅས་པ་བསྒྲུབ་པར་བྱའོ། །དེ་ནས་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་རྒྱས་བཏབ་ལ་དབང་བསྐུར་བའི་ཕྱག་རྒྱས་དབང་བསྐུར་ཏེ་དེ་ལ་ བཅོམ་ལྡན་འདས་དང་། འདོད་ཆགས་རྡོ་རྗེ་མ་དང་། རབ་ཏུ་དགའ་མ་དང་། སྒེག་མོ་དང་། ལྕགས་ཀྱུ་མ་ནི་དེ་བཞིན་གཤེགས་པ་མི་བསྐྱོད་པའི་ཅོད་པན་གྱི་ཕྱག་རྒྱས་དབང་བསྐུར་བའོ། །ཀཱི་ལི་ཀཱི་ལ་དང་། དགའ་མ་དང་། བཞད་མ་དང་། ཞགས་པ་མ་ནི་དེ་བཞིན་གཤེགས་པ་རིན་ ཆེན་འབྱུང་ལྡན་གྱི་ཅོད་པན་གྱི་ཕྱག་རྒྱས་དབང་བསྐུར་བའོ། །རྡོ་རྗེ་དྲན་མ་དང་། སྤྱན་མ་དང་། གླུ་མ་དང་། ལྕགས་སྒྲོག་མ་ནི་དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱི་ཅོད་པན་གྱི་ཕྱག་རྒྱས་དབང་བསྐུར་བའོ། །རྡོ་རྗེ་འདོད་པའི་དབང་ཕྱུག་མ་དང་། དཔལ་ཆེན་མོ་དང་། གར་མ་དང་། རྡོ་ རྗེ་དྲིལ་བུ་མ་ནི་དེ་བཞིན་གཤེགས་པ་དོན་ཡོད་པར་གྲུབ་པའི་ཅོད་པན་གྱི་ཕྱག་རྒྱས་དབང་བསྐུར་བར་བྱའོ། །དེ་ནས་མཆོད་ཡོན་ཕུལ་བ་བུམ་པ་གང་བ་ལ་སོགས་པའི་མཆོད་པ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་འཁོར་དང་བཅས་པ་དེ་བཞིན་དུ་ཡང་དག་པར་མཆོད་ལ། ཕྱི་རོལ་དུ་གཏོར་མ་ གཏང་བར་བྱའོ། །དེ་ནས་རྡོ་རྗེ་གནོད་སྦྱིན་དང་། རྡོ་རྗེ་མེ་དང་། སངས་རྒྱས་སྤྱན་རྣམས་ཀྱིས་དེ་བཞིན་དུ་སྦྱིན་སྲེག་བྱས་ཏེ། ཐབ་ཁུང་གི་དབུས་སུ་དཔལ་རྡོ་རྗེ་སེམས་དཔའ་འཁོར་དང་བཅས་པ་ཡི་གེ་ཧཱུཾ་ལ་སོགས་པ་བརྗོད་ཅིང་མེ་ཏོག་གི་དཀྱིལ་འཁོར་གྱི་ཚུལ་དུ་བཀོད་ལ། མར་ལ་ སོགས་པའི་རྫས་རྣམས་རེ་རེ་ཞིང་ཡང་ཡི་གེ་ཧཱུཾ་གིས་བརྒྱ་རྩ་བརྒྱད་དུ་སྦྱིན་སྲེག་བྱའོ། །འདོད་ཆགས་རྡོ་རྗེ་མ་སོགས་ཀྱི། །སྙིང་པོ་རྣམས་ཀྱིས་བདུན་བདུན་བསྲེག །དེ་ནས་ཡི་གེ་ཧཱུཾ་ལ་སོགས་པ་བརྗོད་ཅིང་མེ་ཏོག་དག་ཁོ་ནས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་བྲིས་པའི་ དཀྱིལ་འཁོར་དང་གཅིག་ཏུ་བྱས་ཏེ། ཇི་ལྟ་བ་བཞིན་དུ་རང་གི་གདོང་གཡོགས་བཅིང་བ་ལ་སོགས་པ་བྱས་ལ། ཕྱག་འཚལ་བ་ལ་སོགས་པ་སྔོན་དུ་འགྲོ་བའི་སྡོམ་པ་སྔ་མ་བཞིན་དུ་བླངས་ནས། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུ་པཱ་ད་ཡཱ་མི་ཞེས་བྱ་བས་བྱང་ཆུབ་ཆེན་པོའི་སེམས་བསྐྱེད་ནས། གཡས་ 61-1-58b པའི་རྡོ་རྗེ་ཁུ་ཚུར་གྱིས་དང་པོའི་རྡོ་རྗེ་བླངས་ཏེ། རང་གི་སྙིང་གར་ཡི་གེ་ཧཱུཾ་གིས་བཀོད་ལ་འདི་ལྟར་བརྗོད་པར་བྱ་སྟེ། སུ་ར་ཏེ་ས་མ་ཡ་སྟྭཾ་ཧོ། བཛྲ་སིདྡྷེ་ཡ་ཐཱ་སུ་ཁཾ་ཞེས་བྱའོ། །དེ་ནས་སྒོའི་ཕྱི་རོལ་ན་གནས་པའི་བུམ་པའི་ཆུ་གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་བླངས་པ་དེས་ཡི་གེ་ཧཱུཾ་བརྗོད་ཅིང་བདག་ཉིད་ ལ་དབང་བསྐུར་ཏེ། ཇི་ལྟར་བཤད་པའི་མཚན་ཅན་གྱི་རྡོ་རྗེ་ཤུགས་ཀྱིས། རྡོ་རྗེའི་གར་གྱི་སྦྱོར་བ་ཡིས། །སྤྱི་བོར་མེ་ཏོག་ཀ་སུ་ཏ། །རྡོ་རྗེ་གླུ་ཡིས་གར་བྱ་ཞིང་། །གྲོང་ཁྱེར་དུ་ནི་རབ་འཇུག་བྱ། །དངོས་གྲུབ་ཀུན་གྱི་བདེ་བ་ཉམས་དགའ་བའི། །ཐར་པའི་གྲོང་དུ་བཅོམ་ལྡན་བདེ་ཆེན་འཇུག །མཆོག་ ཏུ་བདེ་བ་དམ་པའི་དངོས་གྲུབ་ཀྱིས། །ཛཿཧཱུཾ་བཾ་ཧོཿརབ་ཏུ་གྲུབ་པར་མཛོད། །ཅེས་བྱ་བ་དང་། ཤར་གྱི་སྒོ་ནས་རྡོ་རྗེ་ལྕགས་ཀྱུ་མའི་སྙིང་པོ་བརྗོད་ཅིང་རྡོ་རྗེ་ལྕགས་ཀྱུ་མས་བདག་ཉིད་བཀུག་པར་བསམ་པར་བྱའོ། །དེ་ནས་ལྷོའི་སྒོ་ནས་དེ་བཞིན་དུ་འཇུག་པ་དང་། རྡོ་རྗེ་ཞགས་པ་མའི་སྙིང་ པོ་ཡང་བརྗོད་པར་བྱའོ། །དེ་ནས་དེ་བཞིན་དུ་ནུབ་ཀྱི་སྒོ་ནས་འཇུག་པ་དང་། རྡོ་རྗེ་ལུ་གུ་རྒྱུད་མའི་སྙིང་པོ་ཡང་བརྗོད་པར་བྱའོ། །དེ་ནས་སླར་ཡང་བྱང་གི་སྒོ་ནས་དེ་བཞིན་དུ་འཇུག་པ་དང་། རྡོ་རྗེ་དྲིལ་བུ་མའི་སྙིང་པོ་ཡང་བརྗོད་པར་བྱའོ། །སླར་ཡང་ཤར་གྱི་སྒོ་ནས་དེ་བཞིན་དུ་ཞུགས་ནས་ འདི་ལྟར་བརྗོད་པར་བྱ་སྟེ། མ་ཧཱ་ར་སུ་ཏྲི་ཏ་སུ་ཏྲོ་ཤ་སུ་སུ་ཁོ་བཛྲ་སཏྭ་ཨ་དྱ་སིདྡྷ་མཾ་ཞེས་བྱ་བའོ། །དེ་ནས་རྡོ་རྗེ་གར་ལས་བྱུང་བའི་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ། གཡོན་པའི་རྡོ་རྗེ་མིག་གིས་ནི། །དེ་ཡི་མགོན་པོ་ལ་ཕྱག་བྱ། །གཡོན་བསྙེམས་བཞིན་པས་བསྟོད་པ་ ཡིས། །སྒེག་མའི་མིག་ནི་བཙུམས་པའོ། །ཨོཾ་མཆོག་ཏུ་བདེ་བའི་སེམས་ནི་རོལ་པར་ལྡན། །སྒེག་པའི་ཕྱག་གིས་བཅོམ་ལྡན་འདས་ལ་འདུད། །ཛཿཧཱུཾ་བཾ་ཧོཿཧི་ཧི་ཧི་ཧི་ཧེ། །མགོན་པོ་སྙིམ་པའི་མེ་ཏོག་བཞེས་སུ་གསོལ། །སླར་ཡང་འཇུག་པའི་ཕྱག་རྒྱ་བཅིངས་ལ་དཀྱིལ་འཁོར་ལ་ལན་ གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་མདུན་དུ་འཇུག་ལ་དེ་ཁོ་ན་ཉིད་འདི་ལན་ཅིག་བརྗོད་པར་བྱ་སྟེ། འདོད་ཆགས་ཆེན་པོ་བདེ་བ་ཆེ། །རྡོ་རྗེ་ཆེན་པོ་ནོར་ཆེ་བ། །ཡེ་ཤེས་ཆེན་པོ་ལས་ཆེན་པོ། །རྡོ་རྗེ་སེམས་དཔའ་དེང་བདག་གྲུབ། །ཅེས་བྱའོ། །དེ་ཡང་བརྗོད་པར་བྱ་སྟེ། ཛཿཧཱུཾ་ 61-1-59a བཾ་ཧོཿ། པྲ་ཏི་སིདྡྷི་མཾ་ཞེས་བྱའོ། །དེ་ནས་རྡོ་རྗེའི་ཆུ་འཐུངས་ལ། གཡོན་པའི་ཁྲོ་བོའི་ཁུ་ཚུར་གྱིས་སེམས་དཔའ་རྡོ་རྗེ་མའི་ཕྱག་རྒྱ་དྲལ་ཞིང་ཧཱུཾ་ཨ་ཞེས་བྱ་བས་ལན་བརྒྱ་བརྗོད་ཅིང་བདག་ཉིད་ལ་དབབ་པར་བྱའོ། །དེ་ནས་མེ་ཏོག་སིལ་མ་གཏོར་བར་བྱ་སྟེ། ཀ་པུ་ཏ་ཡི་ཐལ་ མོ་ནི། །སྤྱི་བོར་བཞག་སྟེ་ཕབ་ནས་ཀྱང་། །སྒེག་བཅས་མཐེ་བོང་མཐེ་ཆུང་བར། །བཀྲོལ་ནས་རྡོ་རྗེ་འཛིན་ལ་དབུལ། །དེ་ནས་ཕྱག་འཚལ་བའི་སྔགས་བརྗོད་ཅིང་བྱའོ། །དེ་ནས་ཕྲེང་བ་དེ་སྔགས་འདིས་རང་གི་སྤྱི་བོར་བཅིང་བར་བྱ་སྟེ། འདོད་པ་ཀུན་གྱི་དབང་ཕྱུག་ཉིད། ། སེམས་ཅན་ཀུན་ལ་བདེ་སྩོལ་བ། །ཐམས་ཅད་གྲུབ་ཕྱིར་རྡོར་འཛིན་གྱི། །དེ་རིང་ཁྱེད་ལ་དབང་བསྐུར་མཛད། །ༀ་མ་ཧཱ་སུ་ཁ་བཛྲ་སཏྭ་སྟྭཾ་ཨ་བྷི་ཥིཉྩ་སུ་ར་ཏ་སྟྭཾ་ཞེས་བྱ་བའོ། །དེ་ནས་བཛྲ་ཙཀྵུ་ས་མ་ཡ་སརྦཾ་སུ་ར་ཏ་སྟྭཾ་ཞེས་བྱ་བ་འདིས་གདོང་གཡོགས་དགྲོལ་བར་བྱའོ། །དེ་ནས་ཡི་གེ་ཧཱུཾ་ ལས་མིག་གཉིས་སུ་རྡོ་རྗེ་རྣམ་པར་བསམས་ལ་ཧེ་བཛྲ་པཱ་ཤྱ་ཞེས་བརྗོད་ཅིང་། རྡོ་རྗེ་ལྕགས་ཀྱུ་མ་ནས་བརྩམས་ཏེ་དཔལ་རྡོ་རྗེ་སེམས་དཔའི་མཐར་ཐུག་པའི་བར་གྱི་དཀྱིལ་འཁོར་ལ་བལྟ་བར་བྱའོ། །དེ་ནས་ཏིཥྛ་བཛྲ་ཞེས་བྱ་བ་ལ་སོགས་པས་རང་གི་སྙིང་གར་འཇུག་པའི་ཕྱག་རྒྱ་ བཅིངས་ཏེ་དགྲོལ་བར་བྱའོ། །རྡོ་རྗེ་ཐལ་མོ་བསྐོར་བ་ཤིས་པར་བརྗོད་པ་སྦྱིན་པའི་ཚུལ་གྱིས་སྙིང་གའི་ཕྱོགས་སུ་བཟུང་ཞིང་མཚན་བརྒྱ་རྩས་བཅོམ་ལྡན་འདས་ལ་བསྟོད་དེ། འདོད་ཆགས་རྡོ་རྗེ་མ་ལ་སོགས་པ་གསང་བའི་མཆོད་པ་བཞི་དང་གླུ་དང་གར་གྱི་མཆོད་པས་ཡང་དག་ པར་མཆོད་ལ། རང་གི་བདག་ཉིད་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབས་ཏེ། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་རང་གི་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་རང་གི་ལུས་ལ་གནས་ཇི་ལྟ་བ་བཞིན་དུ་རྣམ་པར་བཀོད་ནས། དེ་བཞིན་གཤེགས་པ་ཐམས་ཅད་ལེགས་སོའི་སྦྱོར་བས་དེ་བཞིན་དུ་ ལུས་ཀུན་ལ་ཡང་དག་པར་བཅུག་ལ་བཞག་སྟེ། ཕྱིའི་དཀྱིལ་འཁོར་གྱི་ནང་དུ་ཤར་གྱི་སྒོར་མངོན་པར་ཕྱོགས་པར་སྣ་ཚོགས་པདྨ་བྲིས་ཏེ། དེའི་སྟེང་དུ་དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོས་ཉེ་བར་འདུག་པའམ། ཡང་ན་དབང་བསྐུར་བའི་དཀྱིལ་འཁོར་དུ་སྣ་ཚོགས་པདྨ་བྲིས་ 61-1-59b པའི་རས་རིས་ཀྱིས་བཀབ་པའི་སེང་གེའི་གདན་ལ་འདུག་སྟེ། མཆོད་ཡོན་ཕུལ་ལ་སྔོན་དུ་འགྲོ་བའི་མཆོད་པ་ལྔས་བདག་ཉིད་ཡང་དག་པར་མཆོད་ལ། རྣམ་པར་རྒྱལ་བའི་བུམ་པ་ལས་རྡོ་རྗེ་ཁུ་ཚུར་གྱིས་ཆུ་བླངས་ཏེ་དབང་བསྐུར་བར་བྱ་ཞིང་། ཆུ་དེ་བཏུང་བར་ཡང་བྱའོ། །དེ་ཡང་ཨོཾ་བཛྲ་ཨ་ བྷི་ཥིཉྩ་ཧཱུཾ་ཞེས་བྱ་བ་བརྗོད་ཅིང་། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །ཞེས་བྱ་བ་ལ་སོགས་པ་མནའ་བསྒག་པའི་སྙིང་པོ་ཡང་བརྗོད་ཅིང་བྱའོ། །དེ་ནས་གོས་དང་རྒྱན་རྣམས་ཀྱིས་བདག་ཉིད་བརྒྱན་ལ། སངས་རྒྱས་ལྔའི་ཅོད་པན་གྱི་ཕྱག་རྒྱའི་དབང་བསྐུར་བ་དང་། ཕྱིའི་ཡང་དེ་བཞིན་གཤེགས་ པ་ལྔའི་ཅོད་པན་དང་དར་དཔྱངས་ཀྱིས་དབང་བསྐུར་བ་བླངས་ནས། རྡོ་རྗེ་དང་བདག་པོ་དང་། མིང་གི་དབང་བསྐུར་བ་དང་། དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་ཀྱང་གཟུང་བར་བྱའོ། །དེ་ནས་ཕྱིའི་མེ་ཏོག་ལ་སོགས་པས་བདག་ཉིད་ཡང་དག་པར་མཆོད་ལ། འདོད་ཆགས་རྡོ་རྗེ་མ་ལ་ སོགས་པའི་ཕྱག་རྒྱའི་མཆོད་པ་བཅུ་གཉིས་ཀྱིས་ཡང་དག་པར་མཆོད་པར་བྱའོ། །དེ་ནས་དེ་ཁོ་ན་ཉིད་ཆོས་དང་དམ་ཚིག་རྣམས་བླངས་ལ་དྲིལ་བུ་དཀྲོལ་ཞིང་དམ་ཚིག་གསུམ་གྱི་གླུའི་མཆོད་པ་བྱ་བ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་ཕྱག་བྱས་ནས་སྙིང་པོ་དང་ཕྱག་རྒྱ་བཞིའི་ཡེ་ཤེས་ བཅོམ་ལྡན་འདས་ལས་བླངས་ལ་ཚིགས་སུ་བཅད་པ་ལྔས་རྗེས་སུ་གནང་བ་དང་། གཟེངས་བསྟོད་པ་དང་། ལུང་བསྟན་པ་བླངས་ཏེ། སླར་ཡང་བདག་བྱིན་གྱིས་བརླབ་པ་ལ་སོགས་པ་དང་། ཇི་ལྟར་མངོན་པར་འདོད་པའི་བཟླས་པ་བྱས་ཏེ་འབྱུང་བར་བྱའོ། །སློབ་དཔོན་གྱི་ལས་ཀྱི་ ཆོ་ག་ཡོངས་སུ་རྫོགས་པར་བྱ་བའོ།། །།དེ་ནས་སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་བྱ་སྟེ། རྡོ་རྗེ་མཆོད་ཡོན་བསྐོར་ཞིང་གནས། །སྙིང་གར་བཞག་སྟེ་གདོང་བསྐྱོད་པའི། །སྤྱི་བོས་ཡང་དག་ཕྱག་བྱས་ནས། །དངོས་གྲུབ་ཐམས་ཅད་རབ་གྲུབ་པའོ། །བདེ་བ་ཆེན་པོ་ཆགས་པ་ཆེ། ། འགྲོ་ཀུན་ལ་ཡང་འགྲུབ་འགྱུར་ཞེས། །ལན་གསུམ་བསྐོར་བ་བྱས་ནས་ནི། །བསྟོད་དེ་དཀྱིལ་འཁོར་དུ་གཞུག་བྱ། །དེ་ནས་དུས་ཀྱི་མཆོད་པ་ཡིས། །བདེ་ཆེན་ཡང་དག་མཆོད་ནས་ནི། །རྡོ་རྗེ་བཟུང་ནས་དབང་བསྐུར་ཕྱིར། །དེ་བཞིན་སློབ་མ་འཇུག་པར་བྱ། །དེ་ལ་བསླབ་པའི་གཞི་ 61-1-60a ལྔ་ཡོངས་སུ་གཟུང་བའམ། དགེ་ཚུལ་ལམ། དགེ་སློང་གི་སྡོམ་པ་ཡོངས་སུ་བཟུང་བའི་སློབ་མ་ཇི་ལྟ་བ་བཞིན་དུ་ལྷག་པར་གནས་པར་བྱས་པས་སྡོམ་པ་གཟུང་བར་བྱ་བ་ཡིན་ནོ། །དེས་ཀྱང་སློབ་དཔོན་ལ་ཕྱག་བྱས་ནས། དགའ་ཆེན་ཁྱོད་བདག་སྟོན་པ་བས། །སློབ་དཔོན་ ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་ཉིད་དེ་བདག་ལ་སྩོལ། །སྡོམ་པ་ཡང་ནི་བདག་ལ་སྩོལ། །ཞེས་བྱའོ། །དེ་ནས་རྡོ་རྗེ་གནོད་སྦྱིན་ཡོངས་སུ་བཟླས་པའི་སྣ་ཚོགས་པའི་གོས་ཀྱིས་སྟོད་གཡོགས་བྱས་ཤིང་། རྡོ་རྗེ་ ལྕགས་ཀྱུ་མ་ལ་སོགས་པ་ཡོངས་སུ་བཟླས་པའི་སྣ་ཚོགས་པའི་གོས་ཀྱི་གདོང་གཡོགས་དང་ལྡན་ཞིང་། མེ་ཏོག་གི་ཕྲེང་བ་དང་བཅས་པའི་དྲི་ཞིམ་པོར་བྱས་པའི་སློབ་མ་ཕྱག་བཞི་ལ་སོགས་པ་སྔོན་དུ་འགྲོ་བས་སྡོམ་པ་འཛིན་དུ་གཞུག་པར་བྱའོ། །དེའི་རྗེས་ལ། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུ་པཱ་ ད་ཡཱ་མི་ཞེས་བྱ་བས་བྱང་ཆུབ་ཏུ་སེམས་བསྐྱེད་དུ་གཞུག་གོ། །དེ་བཞིན་དུ་དེའི་སྙིང་གར་སུ་ར་ཏེ་ས་མ་ཡ་སྟྭཾ་ཧོ་བཛྲ་སིདྡྷི་ཡ་ཐཱ་སུ་ཁཾ་ཞེས་བྱ་བས་རྡོ་རྗེ་བསྐྱེད་ལ། དེ་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབས་ཏེ། དྲི་དང་མེ་ཏོག་ལ་སོགས་པས་མཆོད་ནས་ཡོན་གྱི་མཆོག་བླངས་ལ་རྡོ་རྗེ་ཤུགས་ཀྱིས་རང་ འཇུག་པའི་ཚུལ་དུ་བཅུག་ནས། དགའ་བ་ཆེན་པོ་ནི་ཞེས་བྱ་བ་བརྗོད་དུ་གཞུག་གོ། །དེ་ནས་དེ་ལ་ཇི་ལྟ་བ་བཞིན་དུ་དབབ་པ་བསྐྱེད་ལ། དེ་བཞིན་དུ་སློབ་མ་མེ་ཏོག་དོར་དུ་གཞུག་གོ། །དེ་ནས་ཕྲེང་བའི་དབང་བསྐུར་བ་དེ་ལ་བྱིན་ནས་དེའི་གདོང་གཡོགས་དགྲོལ་བར་བྱས་ལ་དཀྱིལ་འཁོར་ བསྟན་པར་བྱའོ། །དེ་ནས་སླར་ཡང་འཇུག་པའི་ཕྱག་རྒྱ་བཅིང་དུ་བཅུག་ནས་དེ་ཉིད་ཀྱི་སྙིང་གར་དགྲོལ་བར་བྱའོ། །དེ་ནས་དེ་བཞིན་དུ་དེ་ཉིད་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབས་ཏེ། དེའི་ལུས་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་གནས་ཇི་ལྟ་བ་བཞིན་དུ་དམ་ཚིག་གི་ཕྱག་རྒྱ་རྣམས་ ཀྱིས་བཀོད་ལ། དེ་བཞིན་གཤེགས་པ་རྣམས་ཀྱང་ཇི་ལྟ་བ་བཞིན་དུ་བཀོད་དེ། སློབ་དཔོན་དབང་བསྐུར་བའི་ཆོ་གས་ཡོན་གྱི་མཆོག་བླངས་ཏེ། ཆུའི་དབང་བསྐུར་བ་དང་། ཕྱག་རྒྱ་དང་། ཅོད་པན་དང་། དར་དཔྱངས་དང་། རྡོ་རྗེ་དང་། བདག་པོ་དང་། མིང་གི་དབང་བསྐུར་བ་རྣམས་ཀྱིས་ 61-1-60b དབང་བསྐུར་བར་བྱའོ། །དེ་ནས་དེ་ལ་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་སྦྱིན་པར་བྱའོ། །དེ་ནས་མེ་ཏོག་ལ་སོགས་པ་དང་། འདོད་ཆགས་རྡོ་རྗེ་མ་ལ་སོགས་པས་དེ་ཡང་དག་པར་མཆོད་ལ། གསང་བ་ལྔའི་དེ་ཁོ་ན་ཉིད་ཆེན་པོའི་བཤད་པ་བྱས་ལ། དེ་ཁོ་ན་ཉིད་དང་། ཆོས་དང་། དམ་ཚིག་ རྣམས་དེ་ལ་སྦྱིན་ཏེ། དམ་ཚིག་གསུམ་གྱི་རྡོ་རྗེའི་གླུའི་མཆོད་པ་སློབ་ཏུ་གཞུག་གོ། །དེ་ནས་ཚིགས་བཅད་ལྔས་རྗེས་སུ་གནང་བ་དང་། མནའ་སྔོན་དུ་སོང་བའི་སྙིང་པོ་དང་། ཕྱག་རྒྱ་བཞིའི་ཡེ་ཤེས་བྱིན་ལ། གཟེངས་བསྟོད་པ་དང་། ལུང་བསྟན་པས་ལུང་བསྟན་པར་བྱའོ། །དེ་ནས་ཇི་ལྟར་ ཞུགས་པ་རྣམས་ལ་དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པའི་དབུགས་དབྱུང་བ་དང་། སྔོན་དུ་སྤྱོད་པ་བྱས་པའི་སློབ་མའི་ཆོ་ག་དང་བཅས་པས་རྗེས་སུ་བསྒྲུབ་པ་དང་། སོ་སོར་རྗེས་སུ་བསྒྲུབ་པ་བྱིན་ལ། ཚོགས་ཀྱི་དཀྱིལ་འཁོར་བྲིས་པའི་དཀྱིལ་འཁོར་རམ། ལུགས་མའམ། བརྡུངས་ པའི་ལྷའི་སྐུ་དང་ལྡན་པའི་དཀྱིལ་འཁོར་དུ་ཞུགས་ཏེ། རྡོ་རྗེ་དང་དྲིལ་བུ་གཉིས་བརླ་གཉིས་ལ་བཅིངས་ཏེ། དེས་དེ་རྒྱུན་མ་ཆད་པར་དཀྲོལ་ཞིང་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་དོན་བསྒོམ་པར་བྱའོ། །སླར་ཡང་གཡས་པའི་རོལ་མོ་དང་བཅས་པའི་རྡོ་རྗེ་དང་དྲིལ་བུ་དང་ལྡན་པའི་པི་ཝང་ལ་སོགས་པ་ དང་། དེ་ཁོ་ན་ཉིད་ཀྱི་གླུ་དང་བཅས་པའི་ཡི་གེ་ཧཱུཾ་གི་གླུས་རྗེས་སུ་བསྒྲུབ་པར་བྱས་པའི་སྣོད་དུ་གྱུར་པའི་སློབ་མའི་ཆོ་གས་རྗེས་སུ་བསྒྲུབ་པའི་རྣལ་འབྱོར་གྱིས་གཞག་པར་བྱས་ལ། སློབ་མའི་ཚོགས་དང་ལྷན་ཅིག་ཏུ་དཀྱིལ་འཁོར་བསྐོར་བ་ལྟ་བུའི་གར་བྱས་ལ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་ རྣལ་འབྱོར་པས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་གདོང་བརྙན་རང་གི་གདོང་ལ་བགོས་ལ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་རྒྱན་རྣམས་ཀྱིས་བདག་ཉིད་ཡང་དག་པར་བརྒྱན་ལ། དེའི་རྣལ་འབྱོར་དང་ལྡན་པའི་ཕྱག་རྒྱ་སྣ་ཚོགས་ཀྱིས་མཆོད་པར་བྱ་བ་ཡིན་ནོ། །དང་པོར་རེ་ཞིག་རྒྱལ་ མཚན་གྱི་མིང་ཅན་གྱི་རྗེས་སུ་སྒྲུབ་པ་པོས་གནས་གང་དུ་རྡོ་རྗེ་སེམས་དཔའ་བཞུགས་པ་དང་། ཇི་ལྟ་བུ་ཡིན། ཅི་མཛད་ཅེས་བྱ་བ་དྲི་བར་བྱའོ། །དེ་ནས་སྒྲུབ་པ་པོས། དངོས་གྲུབ་ཀུན་གྱི་བདེ་བ་ཉམས་དགའ་བའི། །ཐར་པའི་གྲོང་དུ་བཅོམ་ལྡན་བདེ་ཆེན་འཇུག །མཆོག་ཏུ་བདེ་བ་དམ་པའི་ 61-1-61a དངོས་གྲུབ་ཀྱིས། །ཛཿཧཱུཾ་བཾ་ཧོཿརབ་ཏུ་གྲུབ་པར་མཛོད། །ཅེས་བྱ་བའི་འཇུག་པའི་གླུའི་མཆོད་པ་དང་བཅས་པས་བྱ་བ་ཡིན་ནོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས་བརྩམས་པ་དང་། རྒྱུད་གཞན་ལས་གསུངས་པའི་ཇི་ལྟར་རྟོགས་པའི་ཕྱག་རྒྱ་སྣ་ཚོགས་པའི་མཆོད་པ་དང་། རྗེས་ སུ་མཐུན་པའི་གླུའི་མཆོད་པ་བྱའོ། །དེ་ནས་སློབ་དཔོན་གྱིས། སངས་རྒྱས་ཀུན་གྱི་གསང་བ་ཆེ། །དམ་ཚིག་མཆོག་ནི་སྒྲུབ་པའོ། །ཞེས་བྱ་བ་ནས། ཇི་སྲིད་གསང་བ་མཆོག་ཅེས་བྱ་བའི་བར་གྱིས་གསང་བའི་དཀྱིལ་འཁོར་གྱི་གཏམ་བྱ་བ་ཡིན་ནོ། །དཀྱིལ་འཁོར་གཞན་དུ་རབ་ཏུ་འཇུག་པའི་གླུའི་ མཆོད་པ་བྱས་ལ། དང་པོ་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་སྟོན་པར་བྱེད་པའོ། །དེ་ནས་དང་པོའི་གནས་ཉམས་དགའ། །ཞེས་བྱ་བ་ལ་སོགས་པའི་གཏམ་བྱ་བ་ཡིན་ནོ། །རང་གི་མཚན་བཟུང་སྟེ། དོན་གྱི་ཚུལ་གྱིས་ལྷའི་ཕྱག་རྒྱ་ཆེན་པོ་བཅིངས་ལ་སྙིང་པོ་ བརྗོད་པར་བྱའོ། །དེ་ལྟར་འདོད་ཆགས་རྡོ་རྗེ་མ་ལ་སོགས་པས་རང་གི་ལྷའི་གཏམ་གྱིས་ཕྱག་མཚན་བླངས་ཏེ་དོན་གྱི་ཚུལ་སྦྱིན་པར་བྱའོ། །ཕྱི་ནས་རང་གི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། རང་གི་ལྷའི་སྙིང་པོ་བཟླས་ལ་དེ་ནས་སློབ་དཔོན་གྱིས་དཀྱིལ་འཁོར་བསྒོམ་པར་བྱའོ། །དེ་ནས་བསྒོམས་ པས་ངལ་ན་སླར་ཡང་ཕྱག་རྒྱ་སྣ་ཚོགས་པའི་མཆོད་པ་བྱའོ། །དེ་ནས་དཀྱིལ་འཁོར་བསྒོམ་པར་བྱའོ། །དེ་ནས་ངལ་བསོས་ལ་ཡི་གེ་ཧཱུཾ་གི་གླུ་དེ་ཉིད་དེ་ཁོ་ན་ཉིད་ཀྱི་གླུ་དང་བཅས་པ་བརྗོད་ཅིང་། ཕྱག་རྒྱ་སྣ་ཚོགས་པའི་མཆོད་པ་བྱས་ནས། ཉི་མ་འཆར་བའི་དུས་སུ་རང་གི་ཕྱག་རྒྱ་ཆེན་ པོའི་དངོས་གྲུབ་ཀྱིས་ཐམས་ཅད་འགྲུབ་པར་འགྱུར་རོ། །གལ་ཏེ་གྲུབ་པར་མ་གྱུར་ན་ངལ་བསོ་ཞིང་ཁྲུས་ལ་སོགས་པ་བྱས་ལ་ཟླ་བ་གཅིག་གི་བར་དུ་བསྒོམ་པར་བྱའོ། །མཐར་ཉ་ལ་མཚན་ཐོག་ཐག་ངལ་བསོ་ཞིང་ཕྱག་རྒྱ་སྣ་ཚོགས་པའི་མཆོད་པའི་སྦྱོར་བས་བསྒྲུབ་པར་བྱའོ། །དེ་ ནས་ཉི་མ་འཆར་བའི་དུས་སུ་བཅོམ་ལྡན་འདས་འཁོར་དང་བཅས་པ་བྱོན་ཏེ་ཚོགས་དང་བཅས་པའི་སྒྲུབ་པ་པོའི་ལུས་དང་ངག་དང་ཡིད་ཀྱི་རྡོ་རྗེ་ལ་ཞུགས་པ་ཡིན་ནོ། །དེ་ནས་དཔལ་རྡོ་རྗེ་སེམས་དཔའ་ཉིད་དུ་འགྱུར་བ་ཡིན་ནོ། །དཔལ་མཆོག་དང་པོ་ནི་བཤད་ཟིན་ཏོ། །དེ་ལ་དེ་བཞིན་ 61-1-61b གཤེགས་པ་ཐམས་ཅད་ནི་བྱང་ཆུབ་ཀྱི་སེམས་ལ་སོགས་པའི་རང་བཞིན་ཅན་ཏེ། དེ་དག་གི་དཔལ་དམ་ཚིག་ཆེན་པོའི་དཀྱིལ་འཁོར་ནི་དཔལ་རྡོ་རྗེ་སེམས་དཔའི་གསང་བའི་དཀྱིལ་འཁོར་ལྷ་མོ་བཞི་དང་ཡང་དག་པར་སྦྱོར་བ་ཉེ་བར་མཚོན་པ་གང་ཡིན་པ་དེའི་ཆོ་ག་ནི་རྟོགས་པ་སྟེ་དེའི་གྲུབ་ པར་བྱ་བ་དང་། སྒྲུབ་པར་བྱེད་པ་སྟོན་པའི་ངོ་བོ་ཡོངས་སུ་རྫོགས་པ་ནི་མཐར་ཐུག་པ་གསང་བ་ཞེས་བྱའོ། །དཔལ་མཆོག་དང་པོའི་རྒྱ་ཆེར་འགྲེལ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བ་ཞེས་བྱ་བ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཔལ་དམ་ཚིག་ཆེན་པོའི་དཀྱིལ་འཁོར་གྱི་ཆོ་ གའི་བཤད་པ་རྫོགས་སོ།། །།དེ་ནས་འདོད་ཆགས་ཀྱིས་འདོད་ཆགས་སྤང་བའི་ཕྱིར་དཔལ་རྡོ་རྗེ་སེམས་དཔའི་རས་རིས་ཀྱི་དཀྱིལ་འཁོར་ཆེན་པོའི་རང་བཞིན་ཅན་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཔལ་ཆེན་པོའི་དཀྱིལ་འཁོར་བསྟན་ནས། ད་ནི་དེ་བཞིན་གཤེགས་པའི་རྣལ་འབྱོར་ པ་རྣམས་ལ་མྱུར་དུ་དངོས་གྲུབ་སྒྲུབ་པར་བྱེད་པ་དེའི་དེ་བཞིན་གཤེགས་པའི་གསང་བའི་དཀྱིལ་འཁོར་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཀྱི་སྒྲ་ནི་དེ་མ་ཐག་པ་རྗོད་པར་བྱེད་པ་སྟེ། དང་པོ་སྦྱོར་བ་འདས་མ་ཐག་པ་ཉིད་དུའོ། །དཔལ་རྡོ་རྗེ་ སེམས་དཔའི་རས་རིས་ཀྱི་དཀྱིལ་འཁོར་ལས་གསུངས་པ་ཉིད་འདིར་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་ཡིན་ནོ། །དེའི་ཕྱིར་ཞེས་བྱ་བ་ནི་རྒྱུ་ལའོ། །གང་གི་ཕྱིར་མཆོག་ཏུ་གསང་བའི་ཆོ་ག་འདིས་དེ་བཞིན་གཤེགས་པའི་ཟློས་པ་པོས་སུམ་འགྱུར་གྱི་དངོས་གྲུབ་གྲུབ་པར་འགྱུར་བའི་རྒྱུ་ དེའི་ཕྱིར། མཆོག་སྟེ་ཕུལ་དུ་བྱུང་བ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཏེ། དེ་དག་གི་དམ་ཚིག་ཆེན་པོ་གསུམ་ནི་ནམ་མཁའི་ཁམས་ཐམས་ཅད་དུ་བཞུགས་པའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སེམས་དཔའ་དང་། འཇིག་རྟེན་དབང་ ཕྱུག་དང་། ནམ་མཁའི་སྙིང་པོའི་གཟུགས་ཀྱིས་བྱིན་གྱིས་བརླབས་པ་གང་ཡིན་པ་དེའི་དངོས་གྲུབ་ཀྱི་དོན་དུ་གསང་བའི་ཆོ་གར་གྱུར་པ་ནི་དེ་བཞིན་གཤེགས་པའི་གསང་བའི་དཀྱིལ་འཁོར་གྱི་རྟོགས་པ་སྐབས་སུ་བབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དམ་ཚིག་ཆེན་པོ་གསུམ་ 61-1-62a གང་ཡིན་ཞེ་ན། སངས་རྒྱས་དང་ཆོས་དང་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྟོགས་པར་གྱུར་པས་ན་སངས་རྒྱས་ཏེ། བྱང་ཆུབ་ཆེན་པོའི་སེམས་ཀྱི་མཚན་ཉིད་ཅན་གྱི་རྡོ་རྗེ་འཆང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞུགས་པའི་རང་ བཞིན་ཅན་གྱི་འཇིག་རྟེན་གྱི་དབང་ཕྱུག་སོ་སོ་ཡང་དག་པར་རིག་པ་བཞིའི་ངོ་བོ་ཉིད་ནི་ཆོས་སོ། །རང་བཞིན་གྱིས་འོད་གསལ་བའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བྱ་བ་ནན་ཏན་སྒྲུབ་པའི་ཡེ་ཤེས་ལས་བྱུང་བ་གཟུགས་ཐམས་ཅད་སྟོན་པའི་སྤྲུལ་པའི་སྐུའི་རང་བཞིན་ནི་དགེ་འདུན་ནོ། ། གསུམ་པོ་དེ་དག་ནམ་མཁའི་ཁམས་ཐམས་ཅད་ལ་ཁྱབ་ནས་བཞུགས་ཏེ། དེའི་ཕྱིར་དམ་ཚིག་ཆེན་པོ་གསུམ་པོ་འདི་ཡིན་ནོ། །དཀོན་མཆོག་གསུམ་པོ་འདི་དག་གཟུགས་གང་གིས་གང་དུ་བྲི་བར་བྱ་ཞེ་ན། རས་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་བྱང་ཆུབ་ སེམས་དཔའ་རྣམས་ཀྱི་མཆོག་གི་གཟུགས་ཅན་གྱི་དཀོན་མཆོག་གསུམ་པོ་འདི་ནི་རས་ལ་བྲི་བར་བྱའོ། །ཇི་ལྟ་བུ་ཞེ་ན། གོ་ཆ་བཅས་ཏེ་གོ་ཆ་དང་ལྡན་པའོ། །རྡོ་རྗེ་མཆོག་གི་གོ་ཆ་མཆོག་ལ་སོགས་པ་རྒྱན་ཐམས་ཅད་ཀྱིས་རབ་ཏུ་མཛེས་ཤིང་ལེགས་པར་བརྒྱན་པ་བྲི་བར་བྱའོ། །དེའི་ཕྱག་ མཚན་ཇི་ལྟ་བུ་དང་ལྡན་པ་ཡིན་ཞེ་ན། རྡོ་རྗེ་མཚོན་ཆ་བསྟོད་པ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་རྩེ་གཅིག་པའི་མདེའུ་དང་ལྡན་པའི་མདའ་ནི་རྡོ་རྗེ་མཚོན་ཆ་སྟེ། དེ་བསྟོད་པ་ནི་གྱེན་དུ་འདེགས་པའོ། །རྡོ་རྗེ་མཚོན་ཆ་བསྟོད་པ་དང་། པདྨ་དམ་པ་དང་། རིན་པོ་ཆེ་ཆེན་པོ་འཆང་བ་ནི། རྡོ་རྗེ་མཚོན་ ཆ་བསྟོད་པ་དང་། པདྨ་རིན་ཆེན་འཆང་བའོ། །མཆོག་ནི་ཕུལ་དུ་བྱུང་བའོ། །འདིར་བཤད་པར་འགྱུར་ཏེ། རས་ཀྱི་དབུས་སུ་སྣ་ཚོགས་པདྨའི་སྟེང་དུ་གཡོན་པའི་དེ་བཞིན་གཤེགས་པའི་ཁུ་ཚུར་གྱིས་གཞུ་བཟུང་ནས། ཕྱག་གཡས་པས་མདའ་བསྟོད་པ་ལ་སོགས་པ་བརྩོན་པའི་རྡོ་ རྗེ་སེམས་དཔའི་གཟུགས་ཅན་གྱི་དེ་བཞིན་གཤེགས་པ་བྲི་བར་བྱའོ། །པདྨ་དེ་ཉིད་དུ་རྡོ་རྗེ་སེམས་དཔའི་གཡས་ལོགས་སུ་པདྨ་ཁ་འབྱེད་པའི་ཚུལ་གྱིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཟུགས་འཛིན་པའི་ཆོས་བྲི་བར་བྱའོ། །པདྨ་དེ་ཉིད་དུ་རྡོ་རྗེ་སེམས་དཔའི་གཡོན་ལོགས་སུ་ 61-1-62b རྡོ་རྗེ་རིན་པོ་ཆེ་འཛིན་པའི་ནམ་མཁའི་སྙིང་པོའི་གཟུགས་འཛིན་པའི་དགེ་འདུན་བྲི་བར་བྱའོ། །དེ་དག་ཐམས་ཅད་འོད་ཀྱི་འཁོར་ལོ་གཅིག་དང་། རིན་པོ་ཆེའི་ཅོད་པན་གྱིས་དབང་བསྐུར་བ་དང་ལྡན་པ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་སོ། །གནས་གང་དུ་རས་ལ་དཀོན་མཆོག་གསུམ་འདི་བྲི་ བར་བྱ་བ་ཡིན་ཞེ་ན། འཁོར་ལོ་དེ་ནི་བརྟགས་ནས་སུ། །གསང་བའི་དཀྱིལ་འཁོར་དམ་པའོ། །ཞེས་བྱ་བ་ལ་འདས་མ་ཐག་ཏུ་བཤད་པའི་དཔལ་རྡོ་རྗེ་སེམས་དཔའི་གསང་བའི་དཀྱིལ་འཁོར་དམ་པ་སྟེ་ཕུལ་དུ་བྱུང་བ་ཡང་དག་པར་བྲིས་ལ། དེའི་དབུས་ཀྱི་རེའུ་མིག་ལ་དཀོན་མཆོག་ གསུམ་གྱི་རས་རིས་བྲི་བར་བྱའི་གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བའོ། །དེ་བྲིས་ནས་དེའི་རྗེས་ལ་ཇི་ལྟར་བྱ་ཞེ་ན། ཅི་རིགས་པར་ནི་བསྒྲུབས་བྱས་ན། །སུམ་འགྱུར་དུ་ནི་འགྲུབ་པར་འགྱུར། །ཞེས་བྱ་བ་ལ་རྡོ་རྗེ་སེམས་དཔའི་གསང་བའི་དཀྱིལ་འཁོར་གྱི་ཆོ་ག་ནི་ཅི་རིགས་པ་སྟེ། དེ་ལས་མི་འདའ་ བར་དཀོན་མཆོག་གསུམ་འདི་བསྒྲུབ་པར་བྱ་སྟེ། དེ་ལྟར་བསྒྲུབས་ན་སུམ་འགྱུར་དུ་འགྲུབ་པ་སྟེ། རྫོགས་ཤིང་མངོན་དུ་འགྱུར་བ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་ནི་སུམ་འགྱུར་ཏེ། དེ་དང་ལྡན་པའི་རྡོ་རྗེ་འཆང་ལ་སོགས་པའི་གཟུགས་འཛིན་ པའི་དཀོན་མཆོག་གསུམ་སུམ་འགྱུར་རོ། །རྡོ་རྗེ་སེམས་དཔའི་གསང་བའི་དཀྱིལ་འཁོར་བསྒྲུབ་པའི་ཆོ་ག་དེས་རྣལ་འབྱོར་པ་ལ་གྲུབ་པར་འགྱུར་རོ། །སྙིང་པོ་གང་གིས་དེ་བཞིན་གཤེགས་པའི་གསང་བའི་དཀྱིལ་འཁོར་འདི་སྤྲུལ་ནས་བྲི་བར་བྱ་ཞེ་ན། དེ་ལ་འདི་ཞེས་བྱ་བ་ལ་སོགས་ པ་ལ་དེ་ལ་ཞེས་བྱ་བའི་སྒྲ་ནི་དགྲ་ཉེ་བར་དགོད་པ་ལའོ། །འདི་ཞེས་བྱ་བ་ནི་ཐུགས་ཀ་ལ་གནས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ཆེན་པོ་གསུམ་རྫོགས་པར་བྱེད་པའི་ངེས་པའི་ཤེས་པ་ནི་དམ་ཚིག་ཆེན་པོ་ཞེས་བྱ་བའི་མཆོག་གི་སྙིང་པོ་སྟེ། དེ་སྟོན་པར་བྱེད་པའི་སྒྲ་ཡང་ ཉེ་བར་བཏགས་ནས་དེ་ཉིད་ཡིན་ནོ། །དེ་ཡང་ལས་ཇི་ལྟ་བུ་དང་ལྡན་པ་ཡིན་ཞེ་ན། མཆོག་གི་དངོས་གྲུབ་མ་ལུས་པར་སྩོལ་བའོ་ཞེས་བྱ་བ་ལ། དཀོན་མཆོག་གསུམ་གྱི་དངོས་གྲུབ་བཟུང་བས་རིགས་ཐམས་ཅད་ཀྱིས་དངོས་གྲུབ་སྟེར་བས་ན་མཆོག་གི་དངོས་གྲུབ་མ་ལུས་པར་སྩོལ་བའི་སྙིང་ 61-1-63a པོ་དེ་ཡིན་ནོ། །ཨོཾ་བྷཱུ་ཁཾ་ཞེས་བྱ་བ་ལ། ཡི་གེ་ཨོཾ་ནི་རྡོ་རྗེ་འཆང་ངོ་། །ཡི་གེ་བྷཱུ་ནི་རྡོ་རྗེ་དབང་ཕྱུག་གོ། །ཡི་གེ་ཁཾ་ནི་ནམ་མཁའ་སྟེ་འཕགས་པ་ནམ་མཁའི་སྙིང་པོའོ། །ཇི་སྐད་དུ། རྡོ་རྗེ་དྲིལ་བུ་ཕྱག་རྒྱ་དང་། །དམ་ཚིག་གསུམ་པོ་མཆོག་ཡིན་ཏེ། །ཨོཾ་བྷཱུ་ཁཾ་དུ་ཡང་དག་ བཤད། །སངས་རྒྱས་ཕྱག་རྒྱ་བརྡ་རུ་བྱས། །ཞེས་བྱ་བ་གསུངས་སོ། །དེ་ལྟར་ན་དེ་ནས་ཞེས་བྱ་བ་ནས་བརྩམས་ཏེ་ཇི་སྲིད་ཨོཾ་བྷཱུ་ཁཾ་ཞེས་བྱ་བའི་བར་དུ་བསྟན་པས་ཏིང་ངེ་འཛིན་གཉིས་བསྟན་པ་ཡིན་ནོ། །དེ་ནས་འདུས་པ་སྔོན་དུ་འགྲོ་བས་གསུམ་པ་ཤེས་པར་བྱའོ། །དམ་ཚིག་དང་ དབང་བསྐུར་བ་ཐོབ་པས་འདིར་བཟླས་པ་དང་། བསྒོམ་པ་བྱ་བ་ཡིན་ནོ་ཞེས་ཆོ་ག་འདི་རབ་ཏུ་བསྟན་པར་བྱ་བའི་ཕྱིར། ཁྱིམ་མམ་ཞེས་བྱ་བ་ལ་སོགས་པས་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་གསུངས་ཏེ། ཁྱིམ་ཞེས་བྱ་བ་ནི་རབ་ཏུ་ གྲགས་པའོ། །ནགས་ཚལ་ཞེས་བྱ་བ་ནི་སྣ་ཚོགས་པའི་རིགས་ཅན་གྱི་ཤིང་དྲུང་གི་ཚོགས་སོ། །དེ་དག་འདིར་དཔལ་རྡོ་རྗེ་སེམས་དཔའི་གསང་བའི་དཀྱིལ་འཁོར་གྱི་ཆོ་གས་ཉེ་བར་མཛེས་ཤིང་ཡང་དག་པར་བརྒྱན་ལ། སྔ་མ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་རས་རིས་ཀྱི་ཆོ་གས་ རང་འཇུག་པའི་ཆོ་ག་ཐམས་ཅད་དང་། སློབ་མ་གཞུག་པའི་ཆོ་ག་རྗེས་སུ་སྤྱད་ལ། མཆོག་གི་མཚོན་ཆའི་ཆོ་གས་ཐམས་ཅད་བྱས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རིགས་ལྔའི་བཤད་པ་བྱས་ལ། འདི་བརྗོད་པས་ཏེ་སློབ་མ་རྣམས་ལ་བསྟན་པར་བྱའོ། །དེ་ཉིད་ཅེས་ བྱ་བ་ལ་སོགས་པ་ལ་དེ་ཉིད་ནི་དངོས་པོའི་རིགས་པས་བདུད་བཞི་ལས་རྣམ་པར་རྒྱལ་བའི་བཅོམ་ལྡན་འདས་རྣམས་ཡིན་ནོ། །ནིའི་སྒྲ་ནི་གང་གི་ཕྱིར་གྱི་དོན་དུའོ། །བྱང་ཆུབ་སེམས་དཔའ་ནི་རྡོ་རྗེ་སེམས་དཔའ་དང་། འཇིག་རྟེན་དབང་ཕྱུག་དང་། ནམ་མཁའི་སྙིང་པོ་རྣམས་ཏེ། སངས་ རྒྱས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ནི་རྣམ་པར་སྣང་མཛད་དང་། མི་བསྐྱོད་པ་དང་། རིན་ཆེན་འབྱུང་ལྡན་དང་། སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པའི་རང་བཞིན་ཅན་ནོ། །འདི་ལྟར་བཤད་པར་འགྱུར་ཏེ། གང་གི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཉོན་ 61-1-63b མོངས་པ་དང་། ལྷའི་བུ་དང་། ཕུང་པོ་དང་། འཆི་བདག་གི་བདུད་བཅོམ་པར་མཛད་ན་བཅོམ་ལྡན་འདས་ཏེ། དེའི་ཕྱིར་འཆི་བདག་གི་བདུད་ལ་སོགས་པ་དང་བྲལ་བས་འཁོར་བའི་ཕྱི་མའི་མཐར་ཐུག་གི་བར་དུ་རྟག་ཏུ་རྡོ་རྗེ་འཆང་དང་། འཇིག་རྟེན་དབང་ཕྱུག་དང་། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་ པོའི་གཟུགས་འཛིན་པ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །དེ་དག་ཅི་མཛད་ཅེ་ན། ལྟ་ངན་ཞེས་བྱ་བ་སོགས་པ་ལ། འཁོར་བ་ལ་རྟག་པའི་འདུ་ཤེས་ཅན་གང་ཡིན་པ་དེ་ནི་ལྟ་བ་ངན་པ་དང་ལྡན་པའི་སེམས་ཅན་རྣམས་སོ། །དེ་དག་གི་རྟག་པའི་འདུ་ཤེས་དང་བྲལ་བར་མཛད་པའི་ཕྱིར། ཤཱཀྱའི་རིགས་ལ་སོགས་པའི་སྐྱེ་བ་ཡོངས་སུ་བཞེས་པ་མཛད་ནས་སྤྲུལ་པའི་སྐུ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་སྟོན་པར་མཛད་དོ། །ལོངས་སྤྱོད་རྫོགས་པའི་སྐུས་ནི་མ་ཡིན་ནོ། །རྡོ་རྗེ་འཆང་ལ་སོགས་པའི་བྱང་ཆུབ་སེམས་དཔའི་གཟུགས་ཀྱིས་ལྟ་བ་ངན་པ་དང་ལྡན་པ་རྣམས་ ལ་ཕན་པའི་དོན་དུ་རྡོ་རྗེ་འཆང་ལ་སོགས་པའི་གཟུགས་འཛིན་ཅིང་མྱ་ངན་ལས་འདས་པ་སྟོན་པར་མཛད་པ་ཡིན་ནོ། །མ་ལུས་པ་ནི་སེམས་ཅན་གྱི་ཁམས་ཐམས་ཅད་དེ། དེ་འདུལ་བ་དང་ལུང་དང་རྟོགས་པ་ལ་རབ་ཏུ་བཞག་པའོ། །དེའི་དོན་དུ་བརྩོན་པ་ནི་སྤྲོ་བའི་བརྩོན་འགྲུས་ཏེ། དེར་བརྟན་ པའི་ངེས་པ་ནི་མི་ཕྱེད་པའི་ཡེ་ཤེས་ཏེ། དེས་གོ་ཆ་དང་བཅས་པ་ནི་སེམས་ཅན་གྱི་དོན་དུ་གོ་ཆ་དང་ལྡན་པའོ། །ཤིན་ཏུ་སྲིད་པ་ལ་གནས་པ་ནི་མི་གནས་པའི་མྱ་ངན་ལས་འདས་པ་སྟེ། དེ་ཉིད་མཆོག་སྟེ་ཕུལ་དུ་བྱུང་བའི་གོ་ཆ་ལ་སོགས་པ་གང་ཡིན་པ་བགོས་པ་དེ་ནི་ཤིན་ཏུ་སྲིད་པའི་གནས་ མཆོག་གི་གོ་ཆ་ལ་སོགས་པ་བགོས་པའོ། །སོགས་པའི་སྒྲ་ནི་ཅོད་པན་དང་། རྣ་རྒྱན་དང་། གདུ་བུ་དང་། དཔུང་རྒྱན་ལ་སོགས་པ་གཟུང་བར་བྱའོ། །དཀོན་མཆོག་གསུམ་ཉིད་ཉེ་བར་འགྲོ་བ་ནི་ཐོབ་པའོ། །དཀོན་མཆོག་གསུམ་ཉིད་ཉེ་བར་འགྲོ་བ་དེ་གང་ཡིན་ཞེ་ན། སངས་རྒྱས་ ཆོས་དང་དགེ་འདུན་རྣམས། །ཞེས་བྱ་བའོ། །དེ་དག་ལ་ཇི་ལྟ་བུ་དང་ལྡན་པ་ཡིན་ཞེ་ན། ཤིན་ཏུ་ཞེས་བྱ་བ་ལ་སོགས་པ་ལ། གདུལ་བྱའི་སྐྱེ་བོའི་རྒྱུད་ལ་ཐོག་མ་དང་ཐ་མ་མེད་པའི་མི་གནས་པའི་མྱ་ངན་ལས་འདས་པ་བསྐྱེད་པ་ནི་ཤིན་ཏུ་སྲིད་པ་གྲུབ་པས་ཏེ། དེ་ཉིད་རྣམ་པར་དག་པའི་ 61-1-64a དཔལ་ནི་བག་ཆགས་དང་བཅས་པའི་ཉོན་མོངས་པའི་དྲི་མ་དང་བྲལ་བའི་དཀོན་མཆོག་གསུམ་གྱི་རང་བཞིན་ཅན་གྱི་མདངས་གང་ཡིན་པ་དེ་དག་གདུལ་བྱའི་སྐྱེ་བོའི་རྒྱུད་ལ་རྫོགས་པར་བྱེད་པའོ། །རྣམ་པར་དག་པའི་དཔལ་མཛད་པ་ཡིན་ནོ། །མཆོག་ནི་ཕུལ་དུ་བྱུང་བ་སྟེ་རྡོ་རྗེ་ འཆང་ལ་སོགས་པའི་རང་བཞིན་ཅན་གྱི་དེ་བཞིན་གཤེགས་པ་དེ་དག་ཡིན་ནོ་ཞེས་བྱའོ། །དེ་ཁོ་ཉིད་འདི་བརྗོད་པ་གང་ཡིན་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ནི་གསང་བའི་རྡོ་རྗེའོ་ཞེས་བྱ་བ་ལ་རྣམ་པར་སྣང་མཛད་དང་། མི་བསྐྱོད་པ་དང་། རིན་ཆེན་འབྱུང་ལྡན་དང་། འོད་དཔག་མེད་དང་། དོན་ཡོད་སྒྲུབ་པ་རྣམས་ནི་དེ་བཞིན་གཤེགས་པ་ཐམས་ཅད་དེ། དེ་རྣམས་ཀྱི་མཆོག་ནི་ཕུལ་དུ་བྱུང་བའོ། །ཐོག་མ་དང་ཐ་མ་མེད་པ་གཉིས་སུ་མེད་པའི་ཐུགས་རང་རིག་པའི་རང་བཞིན་གྱི་ཕྱིར་གསང་བའི་རྡོ་རྗེ་དེ་ཉིད་ཡིན་ནོ། །འདིས་ནི་འདི་ལྟར་བཤད་པར་འགྱུར་ རོ། །རྡོ་རྗེའི་དོན་འདི་མངོན་དུ་བྱས་ཤིང་དེ་བཞིན་གཤེགས་པའི་རིགས་ཀྱི་རྣལ་འབྱོར་པས་དེ་བཞིན་གཤེགས་པའི་རྡོ་རྗེ་བླངས་ཏེ་གཟུང་བར་བྱའོ། །དེ་ལྟར་དེ་བཞིན་གཤེགས་པའི་རྡོ་རྗེ་དེ་ཁོ་ན་ཉིད་ཀྱིས་གཟུང་སྟེ། དེ་བཞིན་གཤེགས་པའི་དྲིལ་བུ་ཆོས་ཀྱི་དྲིལ་བུ་དཀྲོལ་ཅིག་ཅེས་བྱ་བའི་ ཆོ་གས་འདི་རབ་ཏུ་བསྟན་པར་བྱ་བའི་ཕྱིར། དེ་ནས་མཆོག་ཏུ་གསང་བའི་ཆོས་ཉིད་ཀྱི་དྲིལ་བུའོ་ཞེས་བྱ་བ་གསུངས་ཏེ། དེ་ནས་ཀྱི་སྒྲས་ནི་སྐབས་ལ་བབ་པའོ། །མཆོག་ཏུ་གསང་བའི་ཆོས་ཉིད་ནི་སྒྲའི་རྗེས་སུ་འགྲོ་བའི་ཤེས་རབ་བོ། །དེ་སྟོན་པར་བྱེད་པའི་ཕྱག་རྒྱ་ནི་དྲིལ་བུའོ། །ཐམས་ ཅད་ནམ་མཁའི་མཚན་ཉིད་ཅན། །ཞེས་བྱ་བ་ལ་འདུས་བྱས་དང་འདུས་མ་བྱས་ཀྱི་དངོས་པོ་ཐམས་ཅད་དོན་དམ་པར་ནམ་མཁའི་རང་བཞིན་ཅན་ནོ། །ནམ་མཁའི་རང་བཞིན་འདི་ལྟ་བུ་དང་ལྡན་པ་ཡིན་ཞེ་ན། ནམ་མཁའ་ཡང་ནི་མཚན་ཉིད་མེད། །ཅེས་བྱ་བ་ལ་རྫས་ཐམས་ཅད་མེད་ པའི་མཚན་ཉིད་ཅན་ནི་ནམ་མཁའི་མཚན་ཉིད་ཅན་ནོ། །ཇི་ལྟར་ནམ་མཁའི་མཚན་ཉིད་མེད་པ་དེ་བཞིན་དུ་དངོས་པོ་ཐམས་ཅད་ཀྱང་མཚན་ཉིད་མེད་པ་ཡིན་ནོ་ཞེས་བྱ་བ་ཡང་གི་སྒྲས་ནི་སྟོན་པ་ཡིན་ཏེ། དོན་དམ་པར་ཆོས་ཐམས་ཅད་གདོད་མ་ནས་མ་སྐྱེས་པའི་རང་བཞིན་ཉིད་ཡིན་པའི་ཕྱིར་ 61-1-64b རོ་ཞེས་བྱ་བར་དགོངས་སོ། །ནམ་མཁའ་དང་མཉམ་པ་ཉིད་ནི་དེ་བཞིན་ཉིད་དེ། དེའི་སྦྱོར་བ་ནི་རྣལ་འབྱོར་པའི་སེམས་དང་སེམས་ལས་བྱུང་བ་དེ་བཞིན་ཉིད་རོ་གཅིག་པའོ། །རྒྱུ་དེ་ཉིད་ཀྱི་ཕྱིར་རྣལ་འབྱོར་པ་དེས་ཀུན་མཆོག་མཉམ་པ་ཉིད་ནི་དེ་བཞིན་ཉིད་དེ། དེ་ལ་གསལ་ནི་ཁྱབ་པར་གྱུར་ པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ལ། སྒྲའི་རྗེས་སུ་འགྲོ་བའི་ཤེས་རབ་ཀྱིས་ནམ་མཁའ་དང་མཉམ་པ་ཉིད་དུ་ཁྱབ་པར་རྣལ་འབྱོར་པས་ཐོབ་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ལྷག་པར་མོས་པ་འདིས་རྣལ་འབྱོར་པས་དྲིལ་བུ་དཀྲོལ་བར་བྱ་བའོ། །འདི་ལྟར་ བཤད་པར་འགྱུར་ཏེ། ཐམས་ཅད་ནམ་མཁའི་མཚན་ཉིད་ཅན། །ནམ་མཁའ་ཡང་ནི་མཚན་ཉིད་མེད། །ནམ་མཁའ་དང་མཉམ་སྦྱོར་བ་ཡིས། །ཀུན་མཆོག་མཉམ་པ་ཉིད་དུ་གསལ། །ཞེས་བྱ་བ་དེ་ལྟ་བུའི་སྒྲ་ནི་དྲིལ་བུ་སྒྲོགས་པ་ཡིན་ནོ་ཞེས་བྱ་བས་དྲིལ་བུ་དཀྲོལ་བར་བྱ་ཞིང་། དེའི་ སྒྲ་ལ་ལྷག་པར་མོས་པར་བྱ་བ་ཡིན་ནོ། །དེ་ལྟར་ཆོས་ཀྱི་དྲིལ་བུ་དཀྲོལ། །ཞེས་བྱ་བ་བསྟན་ནས། དམ་ཚིག་གི་ཕྱག་རྒྱ་ཆེན་པོ་བྱིན་གྱིས་རློབས་ཤིག་ཅེས་བྱ་བའི་ཆོ་ག་འདི་རབ་ཏུ་བསྟན་པར་བྱ་བའི་ཕྱིར། དེ་ནས་དམ་ཚིག་ཆེན་པོ་གསུམ་གྱི་སྡོམ་པ་ཞེས་བྱ་བ་གསུངས་ཏེ། དེ་ནས་ཀྱི་སྒྲ་ ནི་སྔ་མ་བཞིན་ནོ། །ཆེན་པོ་ཡང་དེ་ཡིན་ལ་དམ་ཚིག་གསུམ་ཡང་དེ་ཡིན་པས་ན་དམ་ཚིག་ཆེན་པོ་གསུམ་སྟེ། དཀོན་མཆོག་གསུམ་གྱི་སྐུའི་གསང་བའོ། །དེའི་རང་བཞིན་གྱི་བསྒོམ་པ་ནི་སྡོམ་པས་ཏེ་དེ་བརྗོད་པར་བྱའོ་ཞེས་བྱ་བའི་དམ་ཚིག་གི་ལྷག་མའོ། །ལོངས་སྤྱོད་ཀྱང་ཡིན་ལ་ ཀུན་ཀྱང་ཡིན་པས་ན་ལོངས་སྤྱོད་ཀུན་ཏེ། རིགས་ཀྱི་ལྷ་ཐམས་ཅད་ཀྱི་གཟུགས་ཀྱི་རང་བཞིན་ཡིན་ནོ། །དེ་རྣམས་ལོངས་སྤྱོད་པ་ནི་དེའི་རང་བཞིན་ལ་ལྷག་པར་མོས་པའོ། །ནིའི་སྒྲ་ནི་ངེས་པར་གཟུང་བའོ། །ལོངས་སྤྱོད་ཐམས་ཅད་ལ་ལོངས་སྤྱོད་པར་བྱེད་པར་འགྱུར་བ་ཁོ་ནས་ ཞེས་བྱ་བའོ། །དེ་དག་གིས་དཀོན་མཆོག་གསུམ་ལ་མཆོད་པར་བྱའོ་ཞེས་བྱ་བ་བརྗོད་ཅིང་རང་ཉིད་མཆོད་པར་བྱའོ་ཞེས་བྱ་བ་དང་སྦྱར་རོ། །དེ་དག་ཁྱད་པར་ཇི་ལྟ་བུ་དང་ལྡན་པ་ཡིན་ཞེ་ན། བསྟེན་པ་སྟེ་བསྒོམ་པར་བྱ་བ་རྣམས་ཀྱིས་སོ། །རང་གི་བདག་ཉིད་ལས་སུ་གྱུར་པའོ། །བདག་ 61-1-65a ཉིད་ནི་བྱེད་པར་གྱུར་པས་སོ། །སངས་རྒྱས་དང་ཆོས་དང་དགེ་འདུན་ལ་མཆོད་པ་ནི་དཀོན་མཆོག་གསུམ་ལ་མཆོད་པའོ། །མཆོག་ནི་དམ་པས་ཏེ་ནང་དུ་བརྗོད་པའི་རྣམ་པས་བརྗོད་པ་ནི་བསམ་ཞིང་བསྒོམ་པའི་མཚན་ཉིད་ཅན་གྱི་སོ་སོར་རྟོག་པའི་མཆོད་པ་འདིས་བདག་ཉིད་མཆོད་པར་ བྱའོ། །དམ་ཚིག་ཆེན་པོ་གསུམ་གྱི་སྡོམ་པ་འདི་ལས་ཇི་ལྟ་བུ་དང་ལྡན་པ་ཡིན་ཞེ་ན། དེ་བཞིན་གཤེགས་པའི་རྣལ་འབྱོར་བསྒྲུབ་པའོ་ཞེས་བྱ་བ་ལ། རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཕྱག་རྒྱ་ཆེན་པོ་ནི་རྣལ་འབྱོར་ཏེ། དེ་སྒྲུབ་པ་ནི་རྫོགས་པའི་རྒྱུའོ། །འདིས་ ནི་འདི་ལྟར་བཤད་པར་འགྱུར་ཏེ། དེ་བཞིན་གཤེགས་པའི་རྣལ་འབྱོར་པ་རང་གི་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོ་བསྒྲུབ་པར་འདོད་པས། ཇི་ལྟ་བ་བཞིན་དུ་དེ་ཁོ་ན་ཉིད་ཀྱིས་རྡོ་རྗེ་བཟུང་ལ། ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱའོ། །དེ་ནས་རང་གི་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོ་བཅིངས་ ལ། གཟུགས་གང་དང་གང་གིས་སེམས་ཅན་གདུལ་བར་འགྱུར་བའི་གཟུགས་དེ་དང་དེ་རྣམས་ཀྱིས་རྣམ་པར་སྦྱང་བར་བྱའོ། །དེ་ནས་བདག་ཉིད་ཀྱིས་བྱ་བ་བྱས་པ་ལྟ་བུའི་དེ་བཞིན་གཤེགས་པར་བསམས་ལ་བཟླས་པའམ་བསྒོམ་པར་བྱ་བ་ཡིན་ནོ། །ཐབས་ཀྱི་ཆོ་ག་འདི་ཡིས་ནི། །ཞེས་ བྱ་བ་ལ་དེ་ཁོ་ན་ཉིད་དང་། ཆོས་དང་། དམ་ཚིག་གཟུང་བའི་རང་བཞིན་ཅན་གྱི་ཐབས་ཀྱི་ཆོ་གས་འདོད་པའི་ཡོན་ཏན་ལྔ་ནི་རྣམ་པར་སྣང་མཛད་དང་མི་བསྐྱོད་པ་དང་། རིན་ཆེན་འབྱུང་ལྡན་དང་། འོད་དཔག་ཏུ་མེད་པ་དང་། དོན་ཡོད་གྲུབ་པ་རིགས་དང་བཅས་པ་རྣམས་འདོད་པའི་ཡོན་ ཏན་ལྔ་གསང་བ་སྲ་ཞིང་མཐོ་བའི་རྒྱུད་དུ་གསུངས་པའི་འདོད་པའི་ཡོན་ཏན་ལྔ་ལ་སྤྱད་ཀྱང་འགྲུབ་པར་འགྱུར་རོ། །ཀྱང་གི་སྒྲས་ནི་གཅིག་ལ་ཡང་ངོ་ཞེས་བསྟན་ཏོ། །བཟའ་མིན་པ་ཡང་བཟའ་བྱས་ན། །ཞེས་བྱ་བ་ལ་བཟའ་བར་བྱ་བས་ན་བཟའ་བ་སྟེ། རྣལ་འབྱོར་པས་རང་གི་ རིགས་ཀྱི་དཀྱིལ་འཁོར་གྱི་ལྷའི་གཟུགས་ཀྱིས་ནམ་མཁའི་ཁམས་གང་བར་བྱས་ལ། དེའི་སེམས་ཅན་གྱི་ཁམས་མ་ལུས་པར་རང་རང་གི་རིགས་ཀྱི་ལྷའི་དཀྱིལ་འཁོར་གྱི་གཟུགས་སུ་བྱས་ཏེ། རང་གི་རང་བཞིན་དུ་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །བཟའ་བར་བྱ་བ་མ་ཡིན་ 61-1-65b པས་ན་བཟའ་བར་མི་བྱ་བ་སྟེ། རིགས་གཞན་གྱི་དཀྱིལ་འཁོར་གྱི་ལྷའི་གཟུགས་རྣམས་སོ། །བཟའ་བར་མི་བྱ་བ་དེ་རྣམས་ཀྱང་བཟའ་ཞིང་རིགས་ལྔའི་དཀྱིལ་འཁོར་གྱི་ལྷའི་རང་བཞིན་གྱི་བདག་ཉིད་རྣམ་པར་བསྒོམ་པར་བྱ་སྟེ། དེ་བཞིན་གཤེགས་པའི་དངོས་གྲུབ་སངས་རྒྱས་ཉིད་ ཀྱི་མཚན་ཉིད་ཅན་རྟག་པ་ནི་ཐོག་མ་དང་ཐ་མ་མེད་པ་སྟེ་དེ་རྣལ་འབྱོར་པ་རྣམས་ཀྱིས་ཐོབ་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་གང་ཞིག་དེ་ཁོ་ན་ཉིད་ལ་སོགས་པ་གསུམ་པོ་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་ དམ་ཚིག་ཆེན་པོ་གསུམ་ནི་དེ་ཡིན་ནོ་ཞེས་བྱ་བའོ། །དེ་ལྟར་བརྗོད་ནས་ཞེས་བྱ་བ་ནི་སློབ་དཔོན་གྱིས་སློབ་མ་རྣམས་ལ་བསྟན་ནས། སྙིང་པོ་བྱིན་པ་དེ་དག་ཕྱག་རྒྱ་ཆེན་པོ་བཅིང་བ་ལ་སོགས་པ་སློབ་ཏུ་བཅུག་ནས། དེའི་རྗེས་ལ་རྡོ་རྗེ་སེམས་དཔའི་གསང་བའི་དཀྱིལ་འཁོར་བསྒྲུབ་པའི་ཆོ་ གས་ཇི་ལྟར་མངོན་པར་འདོད་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་སློབ་མའི་ཚོགས་དང་བཅས་པའི་སློབ་དཔོན་གྱིས་བསྒྲུབ་པར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་རྣམས་ལ་སྙིང་པོ་བྱིན་ནས་ཕྱག་རྒྱ་བཞིའི་ཡེ་ཤེས་ཚིགས་སུ་བཅད་པ་གཞན་ཉིད་དེ་བཞིན་གཤེགས་པའི་ རྣལ་འབྱོར་གྱིས་དེ་བཞིན་གཤེགས་པའི་རྡོ་རྗེ་འཆང་གི་སློབ་དཔོན་ཏེ་དེས་སྦྱིན་པར་བྱའོ། །ཇི་ལྟར་ཞེ་ན། རྡོ་རྗེ་མཆོད་པས་མཆོད་ནས་ནི། །ཞེས་བྱ་བ་ལ་རོ་དང་བཟའ་བ་དང་རྣམ་པར་རོལ་པ་དང་། གླུ་དང་རོལ་མོའི་མཆོད་པ་ལ་སོགས་པ་རྣམས་ཀྱིས་དཀྱིལ་འཁོར་ཡང་དག་པར་ བྱས་ནའོ། །དེ་ནས་ཇི་ལྟར་བྱ་ཞེ་ན། ཅི་འདོད་སྤྱོད་པའི་མཆོད་པ་ཡིས། །སློབ་མ་ཐམས་ཅད་མཆོད་དུ་གཞུག །ཅེས་བྱ་བ་ལ་ཕྱིའི་མེ་ཏོག་ལ་སོགས་པ་རྣམས་དང་། འདོད་ཆགས་རྡོ་རྗེ་མ་ལ་སོགས་པའི་ཕྱག་རྒྱའི་མཆོད་པ་བཅུ་གཉིས་སློབ་མའི་ཚོགས་ཐམས་ཅད་མཆོད་པ་ བྱེད་དུ་གཞུག་གོ་ཞེས་བྱ་བའི་དོན་ཏོ། །ལོངས་སྤྱོད་ཀུན་ལ་ལོངས་སྤྱོད་ཀྱང་། །ཞེས་བྱ་བ་ནི་བཤད་ཟིན་ཏོ། །ཀྱང་གི་སྒྲ་ནི་བསྡུ་བ་ལའོ། །ཁྱད་པར་ཇི་ལྟ་བུ་དང་ལྡན་པས་ཤེ་ན། དཀོན་མཆོག་གསུམ་ལ་ཕུལ་བ་ཞེས་བྱ་བ་ལ། མཛེས་པའི་དཀོན་མཆོག་གསུམ་ནི་དཀོན་མཆོག་ 61-1-66a སྟེ། སངས་རྒྱས་དང་། ཆོས་དང་། དགེ་འདུན་གྱི་རང་བཞིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དཀོན་མཆོག་གཞན་ཐམས་ཅད་ལས་ཕུལ་དུ་བྱུང་བ་ཉིད་ཀྱི་ཕྱིར་རོ། །དེ་ལས་སྤྲུལ་པའི་ལོངས་སྤྱོད་ལ་ལོངས་སྤྱོད་པ་རྣམས་ནི་ཕྱིའི་རིན་པོ་ཆེ་ལ་སོགས་པ་ཐམས་ཅད་ཀྱི་རང་གི་ བདག་ཉིད་དང་། གཞན་རྣམས་འདོད་པས་ཏེ། གལ་ཏེ་མངོན་པར་འདོད་ན་ཡང་དག་པར་མཆོད་ན་སློབ་དཔོན་དེ་ཇི་ལྟར་མངོན་པར་འདོད་པའི་དངོས་གྲུབ་སྒྲུབ་ཅིང་གྲུབ་པར་འགྱུར་རོ། །འདིས་ནི་འདི་ལྟར་བཤད་པར་འགྱུར་ཏེ། སྔ་མ་བཞིན་དུ་སྡིག་པ་བྲལ་བའི་མཐར་ཐུག་པའི་ཆོ་ གས་ཐམས་ཅད་རྗེས་སུ་སྤྱད་ནས། རང་གི་སྙིང་གར་གནས་པའི་རྡོ་རྗེ་ལ། ཨོཾ་བྷཱུ་ཁཾ་ཞེས་བྱ་བ་རྣམ་པར་བསམས་ལ། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་འདུག་སྟེ། རྡོ་རྗེ་སྡམས་པ་ཁ་གྱེན་དུ་བལྟ་བ་སྐྱིལ་མོ་ཀྲུང་གི་སྟེང་དུ་ཡང་དག་པར་བཞག་ལ། རྡོ་རྗེའི་དབུས་སུ་བཀོད་པའི་སྙིང་པོ་དེ་ཉིད་ ཡིད་ཀྱིས་བརྗོད་ཅིང་ཆོས་ཐམས་ཅད་བདག་མེད་པ་བསྒོམ་པར་བྱ་སྟེ། དབྱངས་བཅུ་དྲུག་དང་བཅས་པའི་དེ་ཉིད་ལས་ཟླ་བའི་དཀྱིལ་འཁོར་གྱི་བདག་ཉིད་ཅན་དུ་རང་གི་སེམས་བསམ་པར་བྱའོ། །སླར་ཡང་དེའི་སྟེང་དུ་སྙིང་པོ་དེ་ཉིད་ཀྱིས་མངོན་པར་བྲིས་ལ། ཡི་གེ་ཀ་ལ་སོགས་པ་དང་ བཅས་པའི་དེ་ལས་ཟླ་བའི་དཀྱིལ་འཁོར་གཉིས་པ་སྟེ། སླར་ཡང་སྙིང་པོ་དེ་དང་བཅས་པའི་དེ་བཞིན་གཤེགས་པའི་རྡོ་རྗེ་སྟེ། སླར་ཡང་སྙིང་པོ་དེ་རྡོ་རྗེའི་དབུས་སུ་རྣམ་པར་བསམས་ལ་རྡོ་རྗེའི་ང་རྒྱལ་བསྒོམ་ཞིང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་ཁམས་ དེ་རྣམས་རྡོ་རྗེ་ལས་སྤྲོས་ཏེ། དེ་དག་གིས་སེམས་ཅན་གྱི་དོན་བྱ་བ་ལ་སླར་ཡང་རྡོ་རྗེའི་ཡིད་ཀྱིས་གཞུག་པར་བྱའོ། །དེ་ནས་རྡོ་རྗེ་དེ་ལ་ཨོཾ་བྷཱུ་ཁཾ་ཞེས་བྱ་བ་ཟློས་ཤིང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་གྱི་རང་བཞིན་དུ་བདག་ཉིད་བསམས་ལ། མ་ཧཱ་ས་མ་ཡ་སཏྭ་ཧཾ་ཞེས་ བརྗོད་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་མཆོག་བཅིངས་ནས་ས་མ་ཡ་ཧཾ་ཞེས་བྱ་བ་བརྗོད་པར་བྱའོ། །དེ་ཉིད་ཀྱི་སྙིང་ག་དང་། མཛོད་སྤུ་དང་། མགྲིན་པ་དང་། སྤྱི་བོ་རྣམས་སུ་ས་མ་ཡ་སྟྭཾ་ཨ་དྷི་ཏིཥྛ་སྭ་མཾ་ཞེས་བྱ་བ་རང་གི་བདག་ཉིད་ལ་བྱིན་གྱིས་བརླབ་ 61-1-66b པར་བྱའོ། །དེ་ནས་སངས་རྒྱས་དང་། ཆོས་དང་། དགེ་འདུན་གྱི་ཕྱག་རྒྱ་ཆེན་པོ། ཨོཾ་བྷཱུ་ཁྃ་ཞེས་བྱ་བ་བཟླས་ཤིང་བཅིང་བར་བྱའོ། །དེ་ནས་རང་གི་སྙིང་གའི་ཟླ་བ་ལ་སངས་རྒྱས་དང་། ཆོས་དང་། དགེ་འདུན་གྱི་གསང་བའི་དཀྱིལ་འཁོར་རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་བསྐྱེད་ལ། དངོས་ གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་ཀྱི་མཐར་ཐུག་པར་རང་འཇུག་པ་ལ་སོགས་པའི་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། དེ་བཞིན་གཤེགས་པའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་རྣལ་འབྱོར་ཆེན་པོ་བསྒྲུབ་པར་བྱའོ། །དེ་ནས་རྡོ་རྗེ་མཚོན་ཆ་མ་ལ་སོགས་པའི་ཕྱག་རྒྱ་བཅུ་གཉིས་ཀྱི་ མཆོད་པ་རྣམས་ཀྱིས་བདག་ཉིད་ཡང་དག་པར་མཆོད་ལ། དེ་བཞིན་གཤེགས་པའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་ཕྱག་འཚལ་བ་སྔོན་དུ་བྱ་སྟེ། དེ་ཁོ་ན་ཉིད་དང་། ཆོས་དང་། དམ་ཚིག་རྣམས་ལ་ཏིང་ངེ་འཛིན་གསུམ་རྣམ་པར་བསྒོམ་སྟེ། སླར་ཡང་འདུས་པ་ལ་སོགས་པའི་ཆོ་ ག་རྗེས་སུ་སྤྱད་ལ། གསང་བའི་དཀྱིལ་འཁོར་འདི་ཉིན་རེ་ཞིང་དེ་སྲིད་དུ་བསྒོམ་པར་བྱ་སྟེ། ཇི་སྲིད་དུ་ཉིན་རེ་ཞིང་དེ་བཞིན་དུ་མངོན་དུ་གྱུར་པ་དེ་བཞིན་དུ་མཐོང་བར་འགྱུར་རོ། །དེ་ནས་ཇི་ལྟ་བ་བཞིན་དུ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་བྲིས་ལ། དེའི་དབུས་སུ་རྡོ་རྗེ་རྩེ་གསུམ་པའི་ཕྲེང་ བའི་འཁོར་ལོ་ཟླུམ་པོ་ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས་པ་བྲིས་ཏེ། རས་ལ་དབུས་ཀྱི་དཀྱིལ་འཁོར་གྱི་ལྟེ་བར་སྣ་ཚོགས་པའི་པདྨའི་གདན་ལ་ཇི་ལྟ་བ་བཞིན་དུ་བཤད་པའི་མཚན་ཉིད་ཅན་གྱི་དཀོན་མཆོག་གསུམ་བྲི་བར་བྱའོ། །དེ་ཉིད་ཀྱི་ནང་གི་དཀྱིལ་འཁོར་གྱི་མཚམས་བཞི་རུ་རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། སྣ་ཚོགས་རྡོ་རྗེ་སྔར་བཤད་པའི་སྙིང་པོ་བཞིས་བྲི་བར་བྱའོ། །ཕྱིའི་དཀྱིལ་འཁོར་གྱི་ལྷའི་སྣམ་བུའི་མཚམས་བཞི་པོ་ལ་སྔ་མ་བཞིན་དུ་སྒེག་མོ་ལ་སོགས་པ་བཞི་བྲི་བར་བྱའོ། །སྒོ་རྣམས་སུ་ལྕགས་ཀྱུ་མ་ལ་སོགས་པ་བཞི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ ཆེན་པོ་ལས་གསུངས་པའི་སྙིང་པོ་རྣམས་བྲི་བར་བྱའོ། །དེ་ནས་རྡོ་རྗེ་སེམས་དཔའི་གསང་བའི་དཀྱིལ་འཁོར་ལས་གསུངས་པའི་ཚུལ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་འདུས་པ་དང་། མཚན་བརྒྱ་རྩ་བརྒྱད་དང་། དགུག་པ་ལ་ 61-1-67a སོགས་པའི་ཆོ་ག་བྱས་ལ་རང་འཇུག་པའི་ཆོ་ག་དང་། སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་བྱའོ། །མཆོག་ཏུ་གསང་བའི་ཆོ་ག་ཞེས་བྱ་བ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སངས་རྒྱས་དང་། ཆོས་དང་། དགེ་འདུན་གྱི་རང་བཞིན་ནི་མཆོག་ཏུ་ གསང་བའོ། །དེའི་ཆོ་ག་ནི་བསྒྲུབ་པར་བྱ་བ་དང་། སྒྲུབ་པའི་རྟོགས་པ་སྟེ། དེ་ཡང་ཡོངས་སུ་རྫོགས་པ་ཡིན་ནོ་ཞེས་ཤེས་པར་བྱའོ། །དཔལ་མཆོག་དང་པོའི་རྒྱ་ཆེར་འགྲེལ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བ་ཞེས་བྱ་བ་ལས་དཀོན་མཆོག་གསུམ་གྱི་གསང་བའི་དཀྱིལ་འཁོར་གྱི་ བཤད་པ་རྫོགས་སོ།། །།དེ་ལྟར་མྱུར་དུ་དངོས་གྲུབ་སྒྲུབ་པར་བྱེད་པ་ལ། དེ་བཞིན་གཤེགས་པའི་རས་རིས་ཀྱི་དཀྱིལ་འཁོར་བསྟན་ནས། ད་ནི་རྡོ་རྗེ་རིགས་ཀྱི་རྣལ་འབྱོར་པ་ལ་མྱུར་དུ་དངོས་གྲུབ་སྒྲུབ་པར་བྱེད་པའི་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་གསང་བའི་དཀྱིལ་འཁོར་བཤད་པར་ བྱ་བའི་ཕྱིར། དེ་ནས་རྡོ་རྗེ་ཆེན་པོའི་ཁྲོ་བོའི་རྒྱལ་པོ་མཆོག་གི་ཆོ་ག་ཞེས་བྱ་བ་གསུངས་ཏེ། དེ་ནས་ཀྱི་སྒྲ་ནི་འདས་མ་ཐག་པ་སྟེ། དང་པོ་སྦྱོར་བའི་རྗེས་ཐོགས་ཁོ་ན་ལ་ཞེས་བྱ་བའོ། །འདིར་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་ནི་དཔལ་རྡོ་རྗེ་སེམས་དཔའི་གསང་བའི་དཀྱིལ་འཁོར་ལས་ གསུངས་པ་ཁོ་ནའོ། །ཆེན་པོ་ཡང་དེ་ཡིན་ལ་ཁྲོ་བོའི་རྒྱལ་པོ་ཡང་དེ་ཉིད་ཡིན་པས་ན། རྡོ་རྗེ་ཆེན་པོའི་ཁྲོ་བོའི་རྒྱལ་པོ་སྟེ། བཅོམ་ལྡན་འདས་རྡོ་རྗེ་ཉི་མ་མེ་ལྟར་འབར་བའོ། །དེའི་མཆོག་ཀྱང་དེ་ཡིན་ལ་གསང་བའི་ཆོ་ག་ཡང་དེ་ཉིད་ཡིན་པས་ན་མཆོག་ཏུ་གསང་བའི་ཆོ་ག་སྟེ་བསྒྲུབ་ པར་བྱ་བ་དང་། སྒྲུབ་པའི་ངོ་བོར་གསང་བའི་དཀྱིལ་འཁོར་རོ། །འདི་ལྟར་བཤད་པར་འགྱུར་ཏེ། ཡི་གེ་ཧཱུཾ་བརྗོད་ཅིང་གསང་བའི་དཀྱིལ་འཁོར་འདི་རྫོགས་པར་བྱས་ལ། ལྷ་ཐམས་ཅད་ཀྱི་སྙིང་པོ་བརྗོད་ཅིང་རང་རང་གི་གནས་སུ་ལྷ་ཐམས་ཅད་ཀྱི་གཟུགས་དགོད་ཅིང་དྲངས་ཏེ། འདི་ནི་འདིར་ཏིང་ངེ་འཛིན་གཉིས་པའོ། །དེ་ནས་འདུས་པ་སྔོན་དུ་འགྲོ་བས་གསུང་པ་ཤེས་པར་བྱའོ། །དེ་ལྟར་ཏིང་ངེ་འཛིན་གསུམ་བསྟན་ནས། ད་ནི་རས་ལ་བཅོམ་ལྡན་འདས་བྲི་བར་བྱ་ཞེས་བྱ་བ་ལ་སོགས་པས་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། སློབ་མ་གཞུག་པ་ལ་སོགས་ 61-1-67b པའི་ཆོ་ག་བཤད་པར་བྱ་སྟེ། ཆོ་ག་ཇི་ལྟ་བ་བཞིན་དུ་དཀྱིལ་འཁོར་བྲིས་ལ་དབུས་ཀྱི་དཀྱིལ་འཁོར་གྱི་ལྟེ་བའི་ཕྱོགས་སུ་བཅོམ་ལྡན་འདས་རྡོ་རྗེ་ཉི་མ་མེ་ལྟར་འབར་བ་རས་ལ་བྲི་བར་བྱའོ། །མཆོག་ཅེས་བྱ་བ་འདི་ཕུལ་དུ་བྱུང་བའོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་གསང་བའི་ཆོ་ག་འདི་རྒྱ་ ཆེ་བའི་འཇིགས་པས་འཇིགས་པ་རྣམས་ལ་མདོར་བསྡུས་པས་རྡོ་རྗེའི་རིགས་ཐམས་ཅད་ཀྱི་དངོས་གྲུབ་རྫོགས་པར་བྱེད་པ་དེའི་ཕྱིར་མཆོག་སྟེ་ཕུལ་དུ་བྱུང་བ་ཡིན་ནོ། །རྡོ་རྗེ་ཉི་མ་མེ་ལྟར་འབར་བ་དེའི་སྣ་ཚོགས་པདྨའི་གདན་གཅིག་ཁོ་ནའི་གཡས་དང་གཡོན་གྱི་ལོགས་དག་ལ་བཞུགས་ པའི་རྡོ་རྗེ་མཁའ་འགྲོ་མ་རྣམས་དེའི་འོད་ཀྱི་དཀྱིལ་འཁོར་ལ་བརྟེན་པར་བྲི་བར་བྱའོ། །དེ་ལ་རྡོ་རྗེ་ཉི་མ་མེ་ལྟར་འབར་བ་ནི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་ཕྱག་རྒྱ་ཆེན་པོ་བྲི་བར་བྱའོ། །དེའི་ལྷ་མོ་དང་པོ་ནི་དམར་བ་དང་དཀར་བའོ། །གཉིས་པ་ནི་ཐལ་བ་ལྟར་དཀར་བའོ། །གསུམ་ པ་ནི་དཀར་བ་དང་ལྗང་བའོ། །བཞི་པ་ནི་གསེར་ལྟར་དྲི་མ་མེད་པའི་སྐུ་མཆོག་ཅན་བྲི་བར་བྱའོ། །རྡོ་རྗེ་གཏུམ་པའི་དབང་ཕྱུག་གྲུབ། །ཅེས་བྱ་བ་ལ་ཁ་ཊྭཱྃ་ག་འཛིན་པའི་རྡོ་རྗེ་གཏུམ་པའི་དབང་ཕྱུག་མ་སྟེ་དེ་གྲུབ་པ་ནི་རྫོགས་པའོ། །དེ་ཉིད་རྡོ་རྗེ་ཁ་ཊྭཱྃ་ག་བསྒྲེང་བ་དང་བཅས་པ་བྲི་བར་བྱ་ སྟེ། རྡོ་རྗེ་ཁ་ཊྭཱྃ་ག་བསྒྲེང་བ་དང་བཅས་པའི་སྐུ་གང་ལ་མངའ་བ་དེ་ནི་ཁ་ཊྭཱྃ་ག་བསྒྲེང་བ་དང་བཅས་པའོ། །དེ་ནི་ཐལ་བ་ལྟར་སྐུ་མདོག་དཀར་བ་བཅོམ་ལྡན་འདས་ཀྱི་གཡས་ལོགས་སུ་བྲི་བར་བྱའོ། །དེའི་ཡང་གཡས་ལོགས་སུ་དམར་བ་དང་དཀར་བའི་སྐུ་མདོག་ཅན་མདའ་འཛིན་ པ་རྡོ་རྗེ་འདོད་པ་མེ་འབར་ཞེས་བྱ་བའི་མིང་ཅན། གཡོན་པའི་ཕྱག་གིས་གཞུ་འཛིན་ཅིང་གཡས་པ་རྡོ་རྗེ་རྩེ་གཅིག་པའི་མདེའུ་དང་ལྡན་པའི་མདའ་བསྟོད་པ་ལ་བརྩོན་པ་བྲི་བར་བྱའོ། །བཅོམ་ལྡན་འདས་ཀྱི་གཡོན་ལོགས་སུ་རྡོ་རྗེ་ཁྱབ་འཇུག་མ་སྟེ། སྐུ་མདོག་དཀར་བ་དང་ལྗང་བ་ དང་། ཕྱག་གཡོན་གྱི་སོར་མོ་དབུས་མའི་རྩེ་མོས་རྡོ་རྗེ་འཁོར་ལོ་བསྟོད་པ་ལ་བརྩོན་པ། ཕྱག་གཡས་པས་གདན་ལ་བརྟེན་པ་དང་བཅས་པས་བཞུགས་པའོ། །དེའི་གཡོན་ལོགས་སུ་དྲི་མ་མེད་པའི་གསེར་གྱི་སྐུ་མདོག་ཅན། རྡོ་རྗེ་དྲིལ་བུའི་བ་དན་ཞེས་བྱ་བའི་ལྷ་མོ་རྡོ་རྗེ་དྲིལ་བུ་ 61-1-68a དང་བཅས་པའི་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་བསྙེམས་པས་བཞུགས་པ། ཕྱག་གཡས་པས་དྲིལ་བུ་དང་བཅས་པའི་བ་དན་འཛིན་པ་བྲི་བར་བྱའོ། །དེ་དག་ཐམས་ཅད་ཀྱང་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །ཅུང་ཟད་མཆེ་བ་གཙིགས་པའོ། །ཁྲོ་དང་ བཅས་པའི་ཞལ་བཞད་པ། །རང་བདག་ལ་ནི་ཐུགས་གཏད་ཅིང་། །སྐུ་ནི་ཟུར་གྱིས་ཕྱོགས་པར་བཞུགས། །གསང་བའི་དཀྱིལ་འཁོར་འདིར་སྤྲུལ་པ་ལ་སོགས་པའི་ལས་ཐམས་ཅད་རྫོགས་པར་བྱེད་པའི་སྙིང་པོ་ནི་ཡི་གེ་ཧཱུཾ་ངོ་། །ཉེ་བའི་སྙིང་པོ་ནི་ཧི་སྟེ་ལྷ་ཐམས་ཅད་ཀྱིའོ། །དེ་ལ་ཡི་ གེ་ཧཱུཾ་གིས་བསྒྲུབ་པ་ནི་ཕྲ་མོའི་ཆོ་ག་གཉིས་པ་ལས་འོག་ནས་འཆད་པར་འགྱུར་བ་དེ་ཉིད་འདིར་ཤེས་པར་བྱའོ། །ཉེ་བའི་སྙིང་པོའི་སྒྲུབ་པ་བཤད་པར་བྱ་བའི་ཕྱིར་མཉམ་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་མཉམ་པོ་ནི་དུས་གཅིག་ཏུ་རྡོ་རྗེ་དང་བཅས་པའི་དྲིལ་བུ་ལ་སོགས་ པའི་རོལ་མོ་བརྡུངས་ཤིང་། སློབ་མའི་ཚོགས་མཁས་པ་དང་བཅས་པས་ཡི་གེ་ཧཱུཾ་གི་གླུ་དང་རོལ་མོ་བྱ་ཞིང་ཟུར་བཞི་པའི་གླུའི་སྦྱོར་བ་ཉེ་བར་མཚོན་པའི་རྣལ་འབྱོར་པ་ནི་ཟུར་བཞི་པ་སྟེ་རབ་ཏུ་གྲུབ་པར་འགྱུར་རོ། །དེ་ལྟར་ཡང་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་དངོས་གྲུབ་གྱིས་ཏེ། རྡོ་རྗེ་ ཉི་མ་མེ་ལྟར་འབར་བའི་གསང་བའི་དཀྱིལ་འཁོར་འདིར་བཟླས་པའི་ཆོ་ག་ཡིན་ནོ། །གནས་གང་དུ་བཅོམ་ལྡན་འདས་རྡོ་རྗེ་ཉི་མ་མེ་ལྟར་འབར་བ་རས་ལ་བྲི་བར་བྱ་སྟེ། འཁོར་ལོ་དེ་ནི་བརྟགས་བྱས་ནས། །ཞེས་བྱ་བ་ལ་སོགས་པ་བཅོམ་ལྡན་འདས་རྡོ་རྗེ་ཉི་མ་མེ་ལྟར་འབར་བ་ ཇི་ལྟ་བ་བཞིན་དུ་བཤད་པའ་འབར་བའི་འཁོར་ལོ་དེ་ནི་གསང་བའི་དཀྱིལ་འཁོར་རོ། །དེ་ཉིད་དམ་པ་ནི་ཕུལ་དུ་བྱུང་བས་ཏེ། བརྟགས་པ་ནི་ཡང་དག་པར་བརྟགས་ནས་གསང་བའི་དཀྱིལ་འཁོར་བྲིས་ཏེ། དཀྱིལ་འཁོར་གྱི་ལྟེ་བའི་ཕྱོགས་སུ་བཅོམ་ལྡན་འདས་བྲི་བར་བྱའོ་ཞེས་ བྱ་བའི་དོན་ཏོ། །འདིར་དཀྱིལ་འཁོར་གྱི་ཆོ་ག་ཇི་ལྟ་བ་བཞིན་དུ་ཤེས་པར་བྱ་ཞེ་ན། མཚོན་ཆ་མཆོག་ཅེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་གསང་བའི་དཀྱིལ་འཁོར་གྱི་ཆོ་ག་ནི་མཚོན་ཆ་དམ་པའི་ཆོ་ག་སྟེ། བསྒྲུབ་པར་བྱ་བ་དང་སྒྲུབ་པའི་རིམ་པའི་ཆོ་ག་ 61-1-68b དེས་རྡོ་རྗེའི་རིགས་དགུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་ཐམས་ཅད་འདིར་ཤེས་པར་བྱའོ། །དེ་ལྟར་རྡོ་རྗེ་སེམས་དཔའི་གསང་བའི་དཀྱིལ་འཁོར་ལས་གསུངས་པའི་ཚུལ་གྱིས་རྡོ་རྗེའི་རིགས་ལས་གསུངས་པ་རང་འཇུག་པ་ལ་སོགས་པའི་ཆོ་ག་ཐམས་ཅད་དང་། སློབ་མ་གཞུག་ པ་ལ་སོགས་པའི་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ནས་དེ་ཁོ་ན་ཉིད་ལ་སོགས་པ་གསུམ་པོ་རྡོ་རྗེ་སློབ་དཔོན་གྱིས་སློབ་མ་རྣམས་ལ་བཤད་པར་བྱ་བ་ཡིན་ནོ་ཞེས་བྱ་བ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཀྱི་སྒྲ་ནི་དེ་མ་ཐག་པའོ། །དེ་ཁོ་ན་ཉིད་དང་། ཆོས་དང་། དམ་ཚིག་ནི་དེ་ཁོ་ན་ཉིད་དང་ཆོས་དང་དམ་ཚིག་རྣམས་སོ། །དེ་རྣམས་ཀྱི་ཆོ་གས་སྦྱིན་པ་ནི་ཆོ་ག་རབ་ཏུ་སྦྱིན་པས་ཏེ་སློབ་མ་རྣམས་ལ་མན་ངག་སྦྱིན་པའོ། །དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོའི་མཚན་ཉིད་ཀྱི་ཐོག་མ་དང་ཐ་མ་མེད་པའི་མཚན་ཉིད་ཅན་གྱི་ཆོས་ཀྱི་དབྱིངས་ ནི་རྟག་ཏུ་ཆགས་པ་སྟེ། དེ་ལས་བྱུང་བ་སྟེ་སྐྱེ་བ་གང་ལ་ཡོད་པ་དེ་རྟག་ཏུ་ཆགས་པ་ལས་བྱུང་བའི་ཁྲོ་བོ་ནི་རྡོ་རྗེ་ཉི་མ་མེ་ལྟར་འབར་བའོ། །དེའི་རྡོ་རྗེ་མེའི་ཕུང་པོ་ནི་རྡོ་རྗེ་འབར་བ་འབར་བའི་ཚོགས་ཏེ། དེའི་རང་བཞིན་ཅན་གྱི་སྐུ་ནི་སྐུ་རྣམས་ཉིད་དེ། དེ་དག་གང་ཡིན་ཞེ་ན། རྡོ་རྗེ་འབར་ བ་ཞེས་བྱ་བ་ལ་སོགས་པ་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་རྡོ་རྗེ་ནི་རྡོ་རྗེ་མེ་ལྟར་འབར་བ་སྟེ། དེའི་རྣལ་འབྱོར་ཆེན་པོའི་མཁའ་འགྲོ་མ་ནི་དེ་ལས་བྱུང་བའི་རྡོ་རྗེ་ཉི་མ་མེ་ལྟར་འབར་བ་ལ་སོགས་པའི་རྡོ་རྗེའི་རིགས་ཀྱི་ཕྱག་རྒྱ་ཆེན་པོ་ཐམས་ཅད་ཕྱོགས་བཅུ་དང་ནམ་མཁའི་ཁམས་ལ་བཞུགས་ པའོ། །འབར་བ་ཞེས་བྱ་བ་ནི་གདུག་པ་རྣམས་འདུལ་བའི་གཟུགས་ཀྱིས་ཐོགས་པ་མེད་པའོ། །དེ་ནི་རྡོ་རྗེའི་རིགས་ཞེས་བྱ་བ་ལ་དེ་ལྟར་རྡོ་རྗེའི་དེ་ཁོ་ན་ཉིད་ཤེས་པར་བྱ་སྟེ། ལྷག་པར་མོས་པ་འདིས་དེ་གཟུང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དེ་ཁོ་ན་ཉིད་ཀྱིས་རྡོ་རྗེ་གཟུང་ བར་བྱའོ་ཞེས་བསྟན་ནས་ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཆོས་ཞེས་བྱ་བ་གསུངས་ཏེ། ཐམས་ཅད་ནམ་མཁའི་མཚན་ཉིད་ཅན། །ནམ་མཁའ་ཡང་ནི་མཚན་ཉིད་མེད། །ཅེས་བྱ་བ་ནི་བཤད་ཟིན་ཏོ། །ནམ་མཁའ་དང་མཉམ་པ་ཉིད་ནི་ཆོས་ཐམས་ཅད་ 61-1-69a དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་དེ་བཞིན་ཉིད་དོ། །དེ་བཞིན་ཉིད་རོ་གཅིག་པའི་སེམས་དང་སེམས་ལས་བྱུང་བ་རྣམས་ནི་ནམ་མཁའ་དང་མཉམ་པ་ཉིད་ཀྱི་སྦྱོར་བའོ། །དེ་གང་ལ་ཡོད་པ་དེ་ནི་ནམ་མཁའ་དང་མཉམ་པ་ཉིད་ཀྱི་སྦྱོར་བ་དང་ལྡན་པ་ཡིན་ནོ། །དེས་ཐམས་ཅད་ ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའོ། །མྱུར་བ་ནི་མྱུར་བ་ཉིད་དུ་སྒྲུབ་པར་བྱེད་པའི་ཡིན་ཏེ། དེ་ལྟར་དྲིལ་བུ་སྒྲ་བསྒོམ་ཞིང་དྲིལ་བུ་དཀྲོལ་བར་བྱའོ། །དེ་ལྟར་ཆོས་ཀྱི་དྲིལ་བུ་དཀྲོལ། །ཞེས་བྱ་བས་བསྟན་ནས། དམ་ཚིག་གིས་ནི་ཕྱག་རྒྱ་ཆེར་བྱིན་གྱིས་བརླབས་ཞེས་བསྟན་པར་བྱ་བའི་ ཕྱིར། ནམ་མཁའ་ཀུན་མཆོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐམས་ཅད་ཀྱང་དེ་ཡིན་ལ་ནམ་མཁའ་ཡང་དེ་ཉིད་ཡིན་པས་ན་ཐམས་ཅད་ནམ་མཁའ་སྟེ། རྫས་ཐམས་ཅད་ཀྱི་དངོས་པོ་མེད་པའི་རང་བཞིན་ཅན་གྱི་ནམ་མཁའ་དང་མཉམ་པའི་རང་བཞིན་གྱིས་འོད་གསལ་བའི་ སེམས་སོ། །དེའི་རྣམ་པ་ཅན་གྱི་ཏིང་ངེ་འཛིན་ནི་ཐམས་ཅད་ནམ་མཁའི་མཆོག་གི་སྦྱོར་བའོ། །ཐམས་ཅད་ནམ་མཁའི་ཞེས་བྱ་བ་ལ་ཐམས་ཅད་ནམ་མཁའི་མཆོག་གི་སྦྱོར་བ་དེས་འདུས་བྱས་དང་འདུས་མ་བྱས་ཀྱི་དངོས་པོ་ཐམས་ཅད་ནམ་མཁའ་དང་མཉམ་པའོ་ཞེས་བྱ་བ་ནང་དུ་ བརྗོད་པའི་རྣམ་པས་མངོན་དུ་བྱ་ཞིང་། རྡོ་རྗེ་ཉི་མ་མེ་ལྟར་འབར་བ་ལ་སོགས་པའི་ཆོས་དང་། ལས་དང་དམ་ཚིག་དང་། ཕྱག་རྒྱ་ཆེན་པོའི་རྡོ་རྗེའི་རིགས་ཀྱི་རང་བཞིན་གྱི་རྡོ་རྗེའི་ཕྱག་རྒྱ་རྣམས་ཀྱིས་རྒྱས་བཏབ་པ་ནི་རང་གི་རང་བཞིན་དུ་བྱས་པའི་འཇིག་རྟེན་གསུམ་ཡང་ས་ འོག་ས་སྟེང་ས་བླའི་རང་བཞིན་ཅན་ཟ་བ་ནི་སྣང་བར་བྱེད་པ་ཡིན་ནོ། །ཡང་གི་སྒྲས་ནི་ཕྱོགས་གཅིག་གི་དངོས་པོ་ཤིན་ཏུ་ཟ་བར་བྱེད་པ་ཡིན་ནོ། །རྡོ་རྗེ་རྣལ་འབྱོར་གྱི་མཁའ་འགྲོ་མ་རྣམས་ནི་རྡོ་རྗེ་རིགས་ཀྱི་ཕྱག་རྒྱ་ཆེན་པོ་རྣམས་ཏེ། དེ་དག་གི་མཆོག་ཏུ་གསང་བའི་དམ་ཚིག་ནི་ འདའ་བར་དཀའ་བའི་ཉེ་བར་སྦྱོར་བའོ། །འདིས་ནི་དོན་འདི་འཆད་པར་འགྱུར་ཏེ། ཇི་ལྟ་བ་བཞིན་དུ་དེ་ཁོ་ན་ཉིད་ཀྱིས་རྡོ་རྗེ་བཟུང་ལ་ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱའོ། །དེ་ནས་རྡོ་རྗེ་ཉི་མ་མེ་ལྟར་འབར་བ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་བཅིངས་ནས་འདུས་བྱས་དང་འདུས་མ་བྱས་ 61-1-69b ཀྱི་དངོས་པོ་ཐམས་ཅད་ནམ་མཁའ་དང་མཚུངས་པར་རྣམ་པར་བསམས་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་རྡོ་རྗེའི་རིགས་ཀྱི་རང་བཞིན་ཅན་བདག་ཉིད་ཀྱི་གཟུགས་སུ་བསམས་ཏེ་བསྒོམ་པར་བྱའོ། །ཆོ་ག་འདི་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་དང་ཆོས་དང་། དམ་ཚིག་གཟང་བའི་མཚན་ ཉིད་ཀྱི་མཆོག་ཐམས་ཅད་དེ། མ་ལུས་པ་བསྒྲུབ་པར་བྱ་བ་ནི་རྫོགས་པར་བྱའོ། །ཤིན་ཏུ་མཉམ་པར་གཞག་པ་ནི་སེམས་རྩེ་གཅིག་པའོ། །བསྒྲུབ་པར་བྱ་བ་དེ་གང་ཡིན་ཞེ་ན། ཀུན་མཆོག་ཅེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་རིགས་ཀྱི་ཆོས་དང་། ལས་དང་དམ་ཚིག་དང་། ཕྱག་རྒྱ་ཆེན་ པོའི་དངོས་གྲུབ་རྣམས་ནི་ཀུན་མཆོག་དངོས་གྲུབ་ཆེན་པོ་རྣམས་སོ། །རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་ལས་བརྒྱ་ལ་སོགས་པའི་རྒྱུན་ནི་ལས་ཀྱི་ཚོགས་སོ། །ཀུན་མཆོག་དངོས་གྲུབ་ཆེན་པོ་རྣམས་དང་། ལས་ཀྱི་ཚོགས་ནི་ཀུན་མཆོག་དངོས་གྲུབ་ཆེན་པོའི་ལས་ཀྱི་ཚོགས་སོ། །དེ་ཡང་མི་ཟད་ པ་ཞེས་བྱ་བ་ནི་ཐོག་མ་དང་ཐ་མ་མེད་པར་བསྒྲུབ་པར་བྱའོ། །དེ་ནས་ཇི་ལྟ་བ་བཞིན་དུ་དེ་བཞིན་གཤེགས་པའི་ཆོ་གས་རང་ཕྱག་རྒྱ་རྣམས་ཀྱི་གོང་དུ་ཉེ་བར་བསྡུ་བའི་མཆོད་པ་བྱས་ནས། རབ་ཏུ་འགྲུབ་པར་འགྱུར་ཞེས་བྱ་བ་ལ། འདིས་ནི་དོན་འདི་འཆད་པར་འགྱུར་ཏེ། སྔ་མ་བཞིན་དུ་སྡིག་པ་ དྲལ་བའི་མཐར་ཐུག་པའི་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ནས་རྡོ་རྗེ་ཉི་མ་མེ་ལྟར་འབར་བ་རྣམ་པར་བསྒོམས་ལ། དམ་ཚིག་སེམས་དཔའ་བྱིན་གྱིས་བརླབ་པ་བྱས་ལ། རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་ཕྱག་རྒྱ་ཆེན་པོ་བཅིང་བར་བྱའོ། །དེ་ནས་ཇི་ལྟ་བ་བཞིན་དུ་རང་གི་སྙིང་གར་རྡོ་རྗེ་ཉི་མ་མེ་ ལྟར་འབར་བའི་གསང་བའི་དཀྱིལ་འཁོར་རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་རྫོགས་པར་བྱས་ནས་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་ཀྱི་མཐར་ཐུག་པའི་རང་འཇུག་པའི་ཆོ་ག་སྔ་མ་བཞིན་དུ་བྱས་ལ། འཕགས་པ་དེ་ཁོ་ན་ཉིད་བསྡུས་པའི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ ཆེན་པོ་ལས་གསུངས་པའི་ལྷ་རྣམས་ཀྱིས་རྣལ་འབྱོར་ཆེན་པོ་བྱས་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རང་གི་ལུས་ལ་བཅུག་སྟེ། ཕྱག་རྒྱ་བཞིས་རྒྱས་བཏབ་པར་བྱས་ལ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་དང་། དང་པོའི་རྡོ་རྗེ་སེམས་དཔའ་ལ་སོགས་ 61-1-70a པ་རྣམས་ཀྱིས་སྔ་མ་བཞིན་དུ་བདག་ཉིད་ལ་བྱིན་གྱིས་བརླབས་ཏེ་དབང་བསྐུར་བ་ཐམས་ཅད་བཟུང་ལ་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་བླངས་ལ། ཁྲོ་བོ་རྡོ་རྗེ་མཚོན་ཆ་མ་ལ་སོགས་པའི་མཆོད་པའི་ཕྱག་རྒྱ་བཅུ་གཉིས་ཀྱིས་བདག་ཉིད་ཡང་དག་པར་མཆོད་ལ། ཕྱག་བཞི་དང་རྡོ་རྗེ་ ཉི་མ་མེ་ལྟར་འབར་བའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་ཕྱག་བཙལ་བ་བྱས་ནས། དང་པོ་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་པོ་མཆོག་དང་ལས་ཀྱི་རྒྱལ་པོ་མཆོག་རྣམ་པར་བསྒོམ་པར་བྱའོ། །དེ་ནས་བསྡུ་བ་དང་། མཚན་བརྒྱ་རྩ་བརྒྱད་ཀྱིས་བསྟོད་པར་བྱས་ལ་རྡོ་རྗེ་ཉི་མ་ མེ་ལྟར་འབར་བའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་ལྕགས་ཀྱུས་འཁོར་དང་བཅས་པའི་བཅོམ་ལྡན་འདས་དཀྱིལ་འཁོར་དུ་བཅུག་སྟེ། ཇི་ལྟ་བ་བཞིན་དུ་ཕྱག་རྒྱ་བཞིས་རྒྱས་བཏབ་པར་བྱས་ལ། དབང་བསྐུར་བའི་ཕྱག་རྒྱས་དབང་བསྐུར་ཏེ་མཆོད་པའི་ཕྱག་རྒྱ་བཅུ་གཉིས་ཀྱིས་ ཡང་དག་པར་མཆོད་ཅིང་ཕྱག་འཚལ་ཏེ། དེ་ལྟར་ཉིན་རེ་བཞིན་དུ་བསྒོམ་པར་བྱས་ན་ཇི་སྲིད་དཀྱིལ་འཁོར་མཐོང་བར་འགྱུར་རོ། །ཡི་གེ་ཧིའམ། ཡི་གེ་ཧཱུཾ་བརྗོད་ཅིང་། རྡོ་རྗེ་དྲིལ་བུ་སོགས་མཉམ་བཅས། །རྣམ་དབེན་རོལ་མོ་བརྡུངས་པ་ཡིས། །ཡི་གེ་ཧི་ཡི་གླུ་རོལ་མོ། །བྱ་ཞིང་ཟུར་བཞི་ འགྲུབ་པར་འགྱུར། །ཞེས་བྱ་བ་འདི་ནི་བཟླས་པའི་ཆོ་གའོ། །དེ་ནས་ཇི་ལྟ་བ་བཞིན་དུ་ལྷག་པར་གནས་པར་བྱས་ལ་ཉི་མ་འཆར་ཀའི་དུས་སུ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ཕྱིའི་དཀྱིལ་འཁོར་ཐིག་བཏབ་ནས། དེ་ནང་དུ་དེའི་ཕྱེད་ཀྱི་ཚད་རྡོ་རྗེ་རྩེ་གསུམ་པའི་ཐིག་ཟླུམ་ པོ་འབར་བ་དང་བཅས་པ་དང་། ཀ་བ་བརྒྱད་དང་ལྡན་པར་ཐིག་གདབ་པར་བྱའོ། །དེ་ནས་ཇི་ལྟ་བ་བཞིན་དུ་ཡང་དག་པར་བྲིས་ལ། དབུས་ཀྱི་དཀྱིལ་འཁོར་གྱི་ལྟེ་བའི་ཕྱོགས་སུ་ལྷ་མོ་བཞི་དང་ཡང་དག་པར་འདུས་པའི་སྦྱོར་བས་ཧཱུཾ་ཧི་ཞེས་བྱ་བ་བརྗོད་ཅིང་། བཅོམ་ལྡན་འདས་རས་རིས་ལ་ བྲི་བར་བྱའོ། །དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་སྙིང་པོ་བཞི་པོས་ལྷ་མོ་བཞི་བྲི་བར་བྱའོ། །ཕྱི་རོལ་གྱི་དཀྱིལ་འཁོར་གྱི་མཚམས་བཞི་དང་སྒོ་བཞི་ལ་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་ཚོགས་ཁྲོ་བོ་སྒེག་མོ་ལ་སོགས་པ་དང་ཁྲོ་བོ་རྡོ་རྗེ་ལྕགས་ཀྱུ་མ་ 61-1-70b ལ་སོགས་པ་བཞི་བྲི་བར་བྱའོ། །དེ་ལ་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་ཕྱག་རྒྱ་དང་སྔགས་ཀྱིས་དེ་བཞིན་གཤེགས་པའི་གསང་བའི་དཀྱིལ་འཁོར་གྱི་ཆོ་གས་དཀྱིལ་འཁོར་བསྒྲུབ་པ་ཐམས་ཅད་དང་། རང་འཇུག་པ་ལ་སོགས་པའི་ཆོ་ག་དང་སློབ་མ་གཞུག་ པ་ལ་སོགས་པའི་ཆོ་ག་ཐམས་ཅད་བྱའོ། །རྡོ་རྗེ་རྣལ་འབྱོར་གྱི་ཆོ་གའོ་ཞེས་བྱ་བ་ལ། ལྷ་མོ་བཞི་དང་ཡང་དག་པར་འདུས་པའི་སྦྱོར་བས་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་སྐུའི་གསང་བ་གང་ཡིན་པ་དེ་གནས་པ་ནི་རྡོ་རྗེ་རྣལ་འབྱོར་རོ། །དེའི་ཆོ་ག་ནི་བསྒྲུབ་པར་བྱ་བ་དང་། སྒྲུབ་པའི་རྟོག་པ་བསྟན་ པའོ། །དཔལ་མཆོག་དང་པོའི་རྒྱ་ཆེར་འགྲེལ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བ་ཞེས་བྱ་བ་ལས་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་གསང་བའི་རས་རིས་ཀྱི་དཀྱིལ་འཁོར་གྱི་བཤད་པ་རྫོགས་སོ།། །།དེ་ལྟར་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་གསང་བའི་རས་རིས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་བསྟན་ ནས། ད་ནི་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་རས་རིས་ཀྱི་དཀྱིལ་འཁོར་ཉིད་ཀྱི་ཆོ་ག་གཉིས་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཀྱི་སྒྲ་ནི་དེ་མ་ཐག་བརྗོད་པར་བྱེད་པ་སྟེ། དང་པོའི་སྦྱོར་བའི་རྗེས་ཐོགས་ཉིད་དུའོ། །འདིར་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་ ནི་དཔལ་རྡོ་རྗེ་སེམས་དཔའི་རས་རིས་ཀྱི་དཀྱིལ་འཁོར་ལས་གསུངས་པ་ཉིད་དོ། །ཡི་གེ་ཧཱུཾ་གིས་དཀྱིལ་འཁོར་སྤྲུལ་ཏེ། གནས་ཇི་ལྟ་བ་བཞིན་དུ་རང་གི་སྙིང་པོ་རྣམས་ཀྱིས་ལྷ་ཐམས་ཅད་དགོད་པར་བྱ་སྟེ། ཏིང་ངེ་འཛིན་གཉིས་པ་ཤེས་པར་བྱའོ། །དེ་ནས་ཇི་ལྟ་བ་བཞིན་དུ་འདུས་པ་ སྔོན་དུ་འགྲོ་བས་གསུམ་པ་ཤེས་པར་བྱའོ། །དེ་ལྟར་ཏིང་ངེ་འཛིན་གསུམ་བསྟན་ནས། ད་ནི་དམ་ཚིག་དང་དབང་བསྐུར་བ་ཐོབ་ནས་བཟླས་པ་དང་བསྒོམ་པར་བྱ་བ་ཡིན་ནོ་ཞེས་བྱ་བའི་ཆོ་ག་འདི་རབ་ཏུ་བསྟན་པར་བྱ་བའི་ཕྱིར་ཤིན་ཏུ་ཕྲ་བ་ལ་སོགས་པས་སློབ་དཔོན་གྱི་ལས་ལ་སོགས་པའི་ ཆོ་ག་དང་། སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་གསུངས་ཏེ། འདས་མ་ཐག་ཏུ་བཤད་པའི་དཀྱིལ་འཁོར་ཕྲ་བ་ལས་ཀྱང་ཤིན་ཏུ་ཕྲ་བ་ཡིན་ནོ། །དེ་བཤད་པ་ནི་བསྟན་པར་བྱའོ། །འདི་ཤིན་ཏུ་ཁྲོ་བ་སྒེག་པ་སྟོན་པར་བྱེད་པས་ན་ཤིན་ཏུ་གསང་བ་ཡིན་ནོ། །རྡོ་རྗེ་ནི་རྡོ་རྗེ་ཉི་མ་མེ་ 61-1-71a ལྟར་འབར་བའི་རྡོ་རྗེ་སྟེ། དེའི་གསང་བའི་རྣལ་འབྱོར་ཆེན་པོའི་མཁའ་འགྲོ་མ་རྣམས་ཀྱི་དཀྱིལ་འཁོར་ནི་ནམ་མཁའ་ཐམས་ཅད་ཁྱབ་པའི་ཕྱིར་ཆེན་པོ་དེ་ཉིད་ཡིན་ནོ། །ཇི་བཞིན་ཞེས་བྱ་བ་ལ་སོགས་པ་ལ། དཔལ་རྡོ་རྗེ་སེམས་དཔའི་གསང་བའི་དཀྱིལ་འཁོར་ཆེན་ པོ་ལས་གསུངས་པའི་ཆོ་གས་གྲོང་ཁྱེར་སུམ་བརྩེགས་དང་སྐྱེད་མོས་ཚལ་ལ་སོགས་པས་ཡང་དག་པར་བརྒྱན་ལ། རྡོ་རྗེ་འཆང་ཐམས་ཅད་ཀྱི་སློབ་དཔོན་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་གསང་བའི་དཀྱིལ་འཁོར་ལས་གསུངས་པའི་ཚུལ་གྱིས་རྣལ་འབྱོར་ཆེན་པོ་བྱས་ལ། དེའི་རྡོ་རྗེ་ འཛིན་པས་མཚན་མ་ཐོབ་ནས་གསང་བའི་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་བསྒྲུབས་པས་ཡང་དག་པར་བྲིས་ལ་རྡོ་རྗེ་ཆེན་པོ་འདོད་པའི་མེ་འབར་བ་ལ་སོགས་པའི་གསང་བའི་ལྷ་མོ་བཞིའི་རྣལ་འབྱོར་དང་ལྡན་པ་དང་། དེའི་རིགས་དང་རྒྱན་དང་ལྡན་པའི་བུ་མོ་བཞི་དང་ལྡན་པ་དང་། རང་ ཉིད་རྡོ་རྗེ་དྲག་པོའི་རྣལ་འབྱོར་དང་ལྡན་པ་དང་། དེའི་དབྱིབས་དང་རྒྱན་དང་ལྡན་པས་གར་ལས་བྱུང་བའི་མེ་ཏོག་དང་བཅས་པའི་ཕྱག་འཚལ་བའི་ཐལ་མོ་རང་གི་སྤྱི་བོར་བཅིངས་ལ། ཧཱུཾ་རྡོ་རྗེ་གཞུ་དང་མདའ་བཅས་ཕྱག་འཚལ་ལོ། །ཞེས་བྱ་བ་ལ་སོགས་པའི་འཇུག་པའི་གླུ་བརྗོད་ ཅིང་ལྷ་མོ་བཞིའི་ཕྲེང་བའི་དབུས་ན་བཞུགས་པའི་སློབ་དཔོན་གྱིས་རང་གི་ལྷའི་མེ་ཏོག་གི་ཕྲེང་བ་བླངས་ཏེ། འཇུག་པའི་གླུ་དང་། རང་གི་ལྷའི་སྙིང་པོ་རྗོད་པར་བྱེད་པའི་བུ་མོ་དེ་རྣམས་དང་བཅས་པར་དཀྱིལ་འཁོར་དུ་འཇུག་པར་བྱའོ། །དེ་ནས་གཡོན་པའི་ཁ་ནི་གྱེན་དུ་བསྟོད། རྡོ་རྗེ་དྲག་པོ་བཞད་པ་ཆེན་པོའི་སྒྲ་སྒྲོགས་མཆོག་གི་མིང་ཅན་གྱི་ཕྱག་རྒྱས་ཧ་ཧ་ཧ་ཧ། ཨོཾ་བཛྲ་རུ་ལུ་རུ་ལུ་ལཾ་ཞེས་བརྗོད་ཅིང་དགའ་བ་ཆེན་པོའི་དབུགས་ཀྱི་རླུང་གིས་རུ་ལུ་ནི་དྲུག་དང་ལྡན་པར་བར་མ་དག་གིས་བཅོམ་ལྡན་འདས་ལ་མཆོད་པར་བྱའོ། །འདི་ནི་འདིར་ཞེས་བྱ་བ་ ལ་སོགས་པ་གོ་སླའོ། །དེ་ལྟར་བུ་མོ་དེ་རྣམས་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ལ་ཕྱག་བྱས་ནས་མེ་ཏོག་དོར་བའི་སྔགས་ཀྱིས་མེ་ཏོག་གི་ཚོགས་གཏོར་བར་བྱའོ། །དེ་ནས་ཇི་ལྟ་བ་བཞིན་དུ་ཕྲེང་བའི་དབང་བསྐུར་བ་བླངས་ཏེ། གདོང་གཡོགས་དཀྲོལ་ཏེ་དཀྱིལ་འཁོར་མཐོང་ནས་འཇུག་ 61-1-71b པའི་ཕྱག་རྒྱ་དགྲོལ་བར་བྱས་ནས། ཆུའི་དབང་བསྐུར་བས་དབང་བསྐུར་ལ་ཕྱག་རྒྱའི་དབང་བསྐུར་བ་ལ་སོགས་པ་ནས། དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་ཀྱི་མཐར་ཐུག་པ་གཟུང་བར་བྱའོ། །དང་པོ་རེ་ཞིག་ཐོད་པའི་ཕྲེང་བའི་ཅོད་པན་གྱིས་དབང་བསྐུར་བའི་ཕྱག་རྒྱས་སོ། །དེ་ནས་སངས་རྒྱས་ལྔའི་ཅོད་ པན་གྱིས་དབང་བསྐུར་བའི་ཕྱག་རྒྱས་སོ། །དེ་ནས་ཐོད་པའི་ཕྲེང་བ་དེ་བཞིན་གཤེགས་པ་ལྔ་དང་ལྷན་ཅིག་པའི་གསང་བའམ་བརྡུངས་པ་ལ་སོགས་པའི་རང་བཞིན་ཅན་རྡོ་རྗེ་རིན་པོ་ཆེ་དང་ཅོད་པན་གྱི་སྔགས་དག་གིས་ཡོངས་སུ་བཟླས་པའི་ཕྱིའི་ཅོད་པན་གྱིས་ཀྱང་དབང་བསྐུར་བར་བྱའོ། །དེ་ལ་གཙུག་ ཏོར་དང་མདུན་དང་ལོགས་གཉིས་དང་། རྒྱབ་ཏུ་རྡོ་རྗེ་རྩེ་ལྔ་པས་མཚན་པའི་ཐོད་པ་རྣམས་ཏེ་དེ་རྣམས་ཀྱི་སྟེང་དུ་དེ་བཞིན་གཤེགས་པ་རྣམས་ཅོད་པན་དུ་བྱའོ། །དེ་ལྟར་ཐོད་པའི་ཕྲེང་བའི་དབང་བསྐུར་གྱིས་བདག་ཉིད་ལ་དབང་བསྐུར་ཏེ། ཆོ་ག་ཐམས་ཅད་རྫོགས་པར་བྱས་ནས་བདག་ཉིད་དང་བུ་ མོ་རྣམས་ལ་དམ་ཚིག་གསུམ་སྦྱིན་པར་བྱའོ་ཞེས་བྱ་བ་བསྟན་པའི་ཕྱིར། རྡོ་རྗེ་པདྨའི་དབང་བསྐུར་གྱིས། །དམ་ཚིག་འདི་ནི་གསལ་བར་སྦྱིན། །ཞེས་བྱ་བ་གསུངས་ཏེ། གསང་བ་ནི་གསལ་བའོ། །ད་ནི་རྡོ་རྗེ་པདྨའི་ཕྱག་རྒྱ་བསྟན་པའི་ཕྱིར། དེ་ལ་འདི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་བསྡམས་པ་ནང་དུ་བྱས་པའི་སོར་མོའི་རྩེ་མོ་ཐམས་ཅད་ཕན་ཚུན་དུ་ཡང་དག་པར་སྦྱར་བ་བྱས་ལ་མཐེ་བོང་གཉིས་རྩེ་མོ་ཡང་དག་པར་སྦྱར་བའི་རྩེ་མོ་བྱས་ཏེ། དེས་སོར་མོའི་རྩེ་མོ་རྣམས་དགབ་པར་བྱས་ཏེ། འདི་རྡོ་རྗེ་པདྨས་ཏེ་དབང་བསྐུར་བའི་ཕྱག་རྒྱའོ། །དེ་ནས་ཧཱུཾ་ཨ་བྷི་ཥིཉྩ་མཾ་ཞེས་བྱ་བ་ བརྗོད་ཅིང་གཙུག་ཏོར་གྱི་ཕྱག་རྒྱ་དང་། སླར་ཡང་སྤྱི་བོ་དང་། རྣ་བ་གཉིས་ཀྱི་སྟེང་དང་། སྤྱི་བོའི་རྒྱབ་ཏུ་དབང་བསྐུར་བར་བྱའོ། །འདིས་དབང་བསྐུར་བ་ཙམ་གྱིས་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་པདྨའི་དབང་བསྐུར་བ་འདིས་སྒྲུབ་པ་པོ་དབང་བསྐུར་བ་ཙམ་གྱིས་རྣམ་པར་སྣང་མཛད་ ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་དེ། དེ་དེ་དག་གིས་བྱིན་གྱིས་བརླབ་པ་དང་ཞེས་བྱ་བ་སྦྱར་རོ། །སྒྲུབ་པ་པོ་དེ་ལ་ཇི་ལྟར་བྱིན་གྱིས་བརླབ་པ་མཛད་ཅེ་ན། ཤིན་ཏུ་གདུག་པ་དང་། དྲག་པ་དང་། རབ་ཏུ་གཏུམ་པོ་དང་། མ་རུངས་པའི་སེམས་ཅན་རྣམས་ཐལ་བར་རབ་ཏུ་ 61-1-72a འཇིག་པའི་རྒྱུར་གྱུར་པའི་ཕྱིར་ཐལ་བར་རབ་ཏུ་རློག་པའོ། །དབང་ཕྱུག་ཆེན་པོ་ལ་སོགས་པའི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བས་ན་ཐམས་ཅད་ལས་རྣམ་པར་རྒྱལ་བའོ། །ཁམས་གསུམ་མ་ལུས་པའི་རྡོ་རྗེ་ཆེན་པོའི་འཁོར་ལོས་སྒྱུར་བ་ཞེས་བྱ་བར་ཡང་བྱིན་གྱིས་ བརླབ་པར་འགྱུར་རོ། །དེ་ཉིད་ཀྱིས་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །བུད་མེད་རྣམས་ཀྱང་འབེབས་གྱུར་ན། །ཞེས་བྱ་བ་ལ་སོགས་པ་ལ། དཀྱིལ་འཁོར་དུ་ཞུགས་པའི་བུ་མོ་རྣམས་གང་ཡིན་པ་དེ་དག་ཀྱང་འབེབས་ན། བདག་ཉིད་མདའ་འཛིན་པ་ལ་སོགས་པའི་རང་གི་ལྷ་མོའི་རྣལ་འབྱོར་ གྱི་སྒོམ་པའི་རང་བཞིན་གྱིས་རྡོ་རྗེ་འབེབས་པས་ཕབ་སྟེ། སྟོན་པ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་རྡོ་རྗེ་པདྨའི་དབང་བསྐུར་བས་དབང་བསྐུར་ཏེ། དེ་ཁོ་ན་ཉིད་དང་ཆོས་དང་། དམ་ཚིག་བླངས་ལ་རྡོ་རྗེ་མདའ་ལ་སོགས་པའི་རྡོ་རྗེས་མཚན་པའི་ཕྱག་མཚན་འཛིན་པའི་རྣལ་འབྱོར་ རྣམས་དབང་དུ་འགྱུར་རོ། །རྡོ་རྗེ་འདོད་པའི་མེ་ལ་སོགས་པའི་ལྷ་མོའི་གཟུགས་སུ་ཡང་དག་པར་འགྱུར་རོ། །འདིས་ནི་འདི་ལྟར་འཆད་པར་འགྱུར་ཏེ་ཇི་ལྟར་སློབ་དཔོན་གྱིས་རང་ཉིད་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་རྡོ་རྗེ་དྲག་པོའི་གཟུགས་སུ་བྱིན་གྱིས་བརླབས་ནས་དབང་སྐུར་ཏེ། དེ་ཁོ་ ན་ཉིད་དང་། ཆོས་དང་། དམ་ཚིག་བླངས་ནས་དཀྱིལ་འཁོར་དུ་ཞུགས་ཏེ། ཁམས་གསུམ་མ་ལུས་པའི་སྟོབས་ཆེན་པོའི་འཁོར་ལོས་སྒྱུར་བར་འགྱུར་རོ། །དེ་བཞིན་དུ་བུ་མོ་རྣམས་ཀྱང་རང་གི་ལྷའི་རྣལ་འབྱོར་གྱིས་བདག་ཉིད་ལ་དབང་བསྐུར་བྱས་ནས་དེ་ཁོ་ན་ཉིད་དང་། ཆོས་དང་། དམ་ཚིག་བླངས་ཏེ། རྡོ་རྗེ་འདོད་པའི་མེ་ལ་སོགས་པའི་ལྷ་མོའི་གཟུགས་སུ་འགྱུར་བ་ཡིན་ནོ། །ད་ནི་བུ་མོ་དང་བཅས་པའི་སློབ་དཔོན་ལ་རྡོ་རྗེ་ཉི་མ་མེ་ལྟར་འབར་བ་ལ་སོགས་པ་འབེབས་པ་བསྟན་པར་བྱ་བའི་ཕྱིར་དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཞེས་བྱ་བའི་སྒྲ་ནི་དགར་བ་ ལའོ། །ཐོག་མ་ཁོ་ནར་ཞེས་བྱ་བ་ནི་ཤིན་ཏུ་དང་པོ་ཁོ་ནའོ། །རེ་ཞིག་གི་སྒྲ་ནི་རིམ་པ་ལ་ལྟོས་པའོ། །རྡོ་རྗེ་ཉི་མ་མེ་ལྟར་འབར་བ་ཆེན་པོ་ནི་ཉི་མ་དང་འདྲ་བས་ན་ཉི་མའོ། །གདུག་པ་དང་དྲག་པོ་རྣམས་ཐལ་བར་རབ་ཏུ་འཇིག་པའི་རྒྱུར་གྱུར་པའི་ཕྱིར་ཐལ་བར་རབ་ཏུ་རློག་གོ། །རྡོ་རྗེ་ཉི་མ་ 61-1-72b མེ་ལྟར་འབར་བ་ཆེན་པོ་ཡང་ཡིན་ལ་ཐལ་བར་རབ་ཏུ་རློག་པ་ཡང་དེ་ཉིད་ཡིན་པས་ན། རྡོ་རྗེ་ཉི་མ་མེ་ལྟར་འབར་བ་ཆེན་པོ་ཐལ་བར་རབ་ཏུ་རློག་པས་ཏེ་དེའི་མིང་དང་ལྡན་པ་ཞེས་བྱ་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཆེན་པོའི་ཁྲོ་བོ་ཐམས་ཅད་ཀྱི་བདག་ཉིད་དོ། །མཆོག་དང་པོ་ནི་ཐོག་མ་དང་ ཐ་མ་མེད་པའོ། །ཡང་དག་པར་འབེབས་པའོ་ཞེས་བྱ་བ་ནི་སྒྲུབ་པ་པོའི་རྒྱུད་ལ་རབ་ཏུ་ཞུགས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྗེ་ཆེན་པོ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྗེ་ཆེན་པོ་སྟེ། དེས་ཐབས་ཀྱི་ངོ་བོར་བསྐྱེད་པའི་ཞེ་སྡང་གི་ཁྲོ་བོ་མེ་ལྟར་འབར་བའི་འོད་ཟེར་གྱིས་ཉེ་ བར་མཚོན་ལ། མི་ཕྱེད་པའི་ཁོན་དུ་འཛིན་པའི་ཁྲོ་བོའི་མེ་ལྟར་འབར་བའི་རྡོ་རྗེ་ནི་བཅོམ་ལྡན་འདས་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་ཁྲོ་བོའི་རྡོ་རྗེ་ཁ་ཊྭཱཾ་གའི་རྒྱལ་མཚན་དང་བཅས་པས་བཞུགས་པ་ནི་རྡོ་རྗེ་ཁ་ཊྭཱཾ་གའི་རྒྱལ་མཚན་དང་བཅས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྗེ་ ཆེན་པོའི་ཐབས་ཀྱི་ཁོན་དུ་འཛིན་པའི་ཁྲོ་བོའི་མེ་འབར་བའི་རྡོ་རྗེ་ཡང་དེ་ཉིད་ཡིན་ལ་རྡོ་རྗེ་ཁ་ཊྭཱཾ་གའི་རྒྱལ་མཚན་དང་བཅས་པ་ཡང་དེ་ཉིད་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྗེ་ཆེན་པོའི་ཐབས་ཀྱིས་ཁོན་དུ་འཛིན་པའི་ཁྲོ་བོ་མེ་འབར་བའི་རྗེའི་ཁ་ཊྭཱཾ་གའི་རྒྱལ་མཚན་དང་ བཅས་པའོ། །ངེས་པར་སྦྱོར་བ་ནི་གཙོ་བོ་ཉིད་དུ་ངེས་པར་སྦྱོར་བའོ། །བ་དན་དང་བཅས་པའི་དྲིལ་བུ་ནི་བ་དན་གྱི་དྲིལ་བུ་སྟེ་དེ་འཛིན་པར་མཛད་པས་ན་བ་དན་གྱི་དྲིལ་བུ་འཛིན་པའོ། །རྡོ་རྗེ་སྙེམས་མ་ནི་ཇི་ལྟ་བ་བཞིན་དུ་བཤད་པའོ། །དེའི་བདག་པོ་ནི་རྡོ་རྗེ་སྙེམས་མའི་བདག་པོའོ། །འདེབས་ པའི་ཁྱད་པར་ཇི་ལྟ་བུ་དང་ལྡན་པས་འབེབས་པ་ནི་ཤིན་ཏུ་ཁྲོ་བོའི་འབེབས་པ་སྟེ། བཅོམ་ལྡན་འདས་དེ་འབེབས་པར་འགྱུར་རོ། །དེ་ལྟ་བུའི་ཕྱག་རྒྱ་གང་དང་ལྡན་པ་ཡིན་ཞེ་ན། སྒེག་པ་དང་བཅས་པ་ཞེས་བྱ་བ་ལ་སོགས་པ་ལ། སྒེག་པ་དང་ཁྲོ་བོ་སྟོན་པར་བྱེད་པའི་སྨིན་ མཚམས་ཀྱི་དཔྲལ་བའི་རི་མོ་ནི་སྒེག་པ་དང་བཅས་པའི་སྨིན་མཚམས་ཀྱི་ཁྲོ་གཉེར་ཏེ། དེ་དང་བཅས་པའི་སྤྱན་སེར་པོ་ནི་དམར་སེར་ཏེ། འཇིགས་པ་ཆེན་པོས་འཇིགས་པར་བྱེད་པའི་སྤྱན་དམར་སེར་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལྟ་བུའི་ལྟ་བ་དང་ལྡན་པའི་ 61-1-73a བཅོམ་ལྡན་འདས་ཡང་དག་པར་ཕབ་ནས་དེས་ཇི་ལྟར་མཛད་ཅེ་ན། འདིས་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་གྱུར་པའི་ལྟ་བའི་ཕྱག་རྒྱ་འདིས་སྒྲུབ་པ་པོའི་རྒྱུད་ལ་བཅོམ་ལྡན་འདས་བཞུགས་ནས་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་སྟོང་ ཕྲག་བརྒྱ་བཟླས་པས་སྒྲུབ་པ་པོ་ལ་སྒྲུབ་པར་མཛད་པ་ཡིན་ནོ། །དཀྱིལ་འཁོར་དུ་སྟོང་ཕྲག་བརྒྱའི་བཟླས་པས་མ་གྲུབ་ན་དེ་ནས་དུས་ཕྱི་མ་ལ་ཡི་གེ་ཧཱུཾ་ལན་ཅིག་བཟླས་པས་རྗེས་སུ་ཆགས་པ་ལ་སོགས་པ་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་འདི་རབ་ཏུ་བསྟན་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་ཆགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཏིང་ངེ་འཛིན་གང་གིས་ཡི་གེ་ཧཱུཾ་ལན་ཅིག་བཟླས་པས་དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་ཆགས་པ་དང་། དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱེད་པ་དང་། འབེབས་ པར་ནུས་ཤེ་ན། ཐམས་ཅད་ནམ་མཁར་སྦྱོར་བའི་ཏིང་ངེ་འཛིན་གྱིས་ཞེས་བྱ་བ་ལ། ཡི་གེ་ཧཱུཾ་ལན་ཅིག་བརྗོད་པ་ཙམ་གྱིས་གདོད་མ་ནས་མ་སྐྱེས་པའི་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་བསྒོམ་པ་ཐམས་ཅད་ནམ་མཁའི་སྦྱོར་བའི་ཏིང་ངེ་འཛིན་དང་ལྷན་ཅིག་བརྗོད་པ་ཙམ་གྱིས་དེ་བཞིན་གཤེགས་ པ་ཐམས་ཅད་རྗེས་སུ་ཆགས་པ་ལ་སོགས་པའི་ལས་བྱེད་པའོ་ཞེས་བྱ་བའི་དོན་ཏོ། །གང་ཞིག་ཁམས་གསུམ་པ་ཐམས་ཅད་ཀྱི་ཁོངས་སུ་ཆུད་པའི་རྡོ་རྗེའི་བདུད་ལ་སོགས་པའི་བདུད་ཐམས་ཅད་དང་། གང་ཞིག་དེ་བཞིན་གཤེགས་པ་ཐམས་ཅད་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་བསྟན་པ་རྣམས་ ཤིན་ཏུ་གདུག་པ་དང་དྲག་པོ་དང་། རབ་ཏུ་གཏུམ་པའི་མ་རུངས་པའི་སེམས་ཅན་རྣམས་དང་། གང་ཞིག་སེམས་ཅན་ཉེ་བར་འཚེ་བ་ལ་རབ་ཏུ་འཇུག་པའི་མཁའ་འགྲོ་མ་དྲག་པོ་རྣམས་དང་། གང་ཞིག་ཉན་ཐོས་དང་རང་སངས་རྒྱས་རྣམས་ཏེ་དེ་དག་ཀྱང་སྒྲུབ་པ་པོའི་འདོད་པས་ཐལ་བར་ རབ་ཏུ་འཇིག་པར་འགྱུར་ཏེ། དམྱལ་བར་སྐྱེ་བའི་རྒྱུར་གྱུར་པ་སྤྱོད་པ་ངན་པའི་རང་བཞིན་ཅན་གྱི་ཕན་པ་མ་ཡིན་པ་ལ་སོགས་པ་གཞན་རྣམས་ལ་སྨོས་ཀྱང་ཅི་དགོས། རྣལ་འབྱོར་འདིས་བཅོམ་ལྡན་འདས་འདི་ཇི་ལྟ་བ་བཞིན་དུ་ཅིའི་ཕྱིར་བསྒྲུབ་པ་མཛད་པ་ཡིན་ཞེ་ན། དོན་ཡོད་ཅེས་བྱ་བ་ 61-1-73b ལ་སོགས་པ་ལ་གང་གི་ཕྱིར་ཅོམ་ལྡན་འདས་འདི་ཇི་ལྟ་བ་བཞིན་དུ་བཤད་པའི་རྣལ་འབྱོར་གྱིས་དོན་ཡོད་པ་ནི་འབྲས་བུ་མེད་པ་མ་ཡིན་པ་དང་། ཐོག་མ་མེད་པ་ནི་བཟློག་པར་མི་ནུས་པ་དང་། ཇི་ལྟ་བ་བཞིན་དུ་བཤད་པའི་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི་ཚོགས་རྣམས་ཉེ་བར་སྦྱོར་བ་ནི་སྒྲུབ་པ་ པོས་མངོན་པར་སྦྱོར་བ་མཆོག་ཏུ་སྒྲུབ་པར་འགྱུར་བའི་ཕྱིར་རོ། །ཇི་ལྟ་བ་བཞིན་དུ་བཤད་པའི་བཅོམ་ལྡན་འདས་འདི་བསྒྲུབ་པའི་སྙིང་པོའི་བཟླས་པ་བསྟན་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདིས་ནི་འདི་ལྟར་འཆད་པར་འགྱུར་ཏེ། སྣའི་དབུགས་ཕྲ་མོ་ཉིད་ ཀྱིས་ཐུང་ངུའི་གཟུགས་སུ་ཡོངས་སུ་བརྟགས་ནས་སྣའི་དབུགས་ཀྱི་སྦྱོར་བ་ཁོ་ནས་བཟླས་པ་བྱས་ན་ཇི་ལྟ་བ་བཞིན་དུ་བཤད་པའི་དངོས་གྲུབ་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་བྱའོ། །དེ་ལྟར་བཅོམ་ལྡན་འདས་དབབ་པའི་སྒྲུབ་པ་བསྟན་ནས། ད་ནི་ལྷ་མོ་བཞི་དབབ་པའི་སྒྲུབ་པ་བསྟན་པར་བྱ་ བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ཉི་མ་མེ་ལྟར་འབར་བ་ལ་སོགས་པའི་སྒོམ་པའི་ལམ་སྟོན་པར་བྱེད་པའི་བཅོམ་ལྡན་འདས་ཡུམ་མདའ་འཛིན་པས་ཏེ། རྡོ་རྗེ་ཆེན་པོ་འདོད་པའི་མེ་འབར་བ་ཞེས་བྱ་བའི་ལྷ་མོ་ཆེན་མོ་དེ་ཡང་ཕྱག་གཡོན་པས་གཞུ་འཛིན་ཅིང་ ཕྱག་གཡས་པས་ཇི་ལྟ་བ་བཞིན་དུ་བཤད་པའི་མཚན་ཉིད་ཅན་གྱི་མདའ་བླངས་ཏེ་སྟོད་པར་མཛད་པ། སྒེག་པ་དང་བཅས་ཤིང་གཡོན་པའི་སྤྱན་གྱི་ཟུར་གྱིས་ལྟ་བའི་ཕྱག་གཡོན་པའི་མིང་ཅན་གྱིས་ལྟ་བའི་ཕྱག་རྒྱས་ཉེ་བར་མཚན་པ། གཡོན་པའི་སྤྱན་བཅོམ་ལྡན་འདས་མ་རྡོ་རྗེ་འདོད་པ་མེ་ འབར་བའོ། །ལྟ་བའི་ཕྱག་རྒྱ་འདིས་དེ་ཅི་མཛད་ཅེ་ན། ཐམས་ཅད་སྒྲུབ་པར་མཛད་པ་ཞེས་བྱ་བ་ནི་གཟིགས་པ་ཙམ་གྱིས་ཐམས་ཅད་ལ་རྒྱས་གདབ་པའོ་ཞེས་བྱ་བ་ལ་སོགས་པ་ནི་དེའི་ལས་བསྟན་ཏོ། །སྙིང་པོ་གང་གིས་ཇི་ལྟ་བ་བཞིན་དུ་བཤད་པའི་ལས་རྣམས་འདིས་སྒྲུབ་པ་མཛད་ཅེ་ན། དེ་ནས་འདི་ཞེས་བྱ་བ་ལ་སོགས་པ་ལ་འདི་ལྟར་འཆད་པར་འགྱུར་ཏེ། ཧྞི་ཞེས་བྱ་བའི་ཕྲ་བའི་རྡོ་རྗེ་ཁྲོ་བོའི་བཟླས་པས་ཇི་ལྟ་བ་བཞིན་དུ་བཤད་པའི་ལྟ་བས་འདི་ལས་ཐམས་ཅད་སྒྲུབ་པར་མཛད་པ་ཡིན་ནོ། །དེ་ལྟར་དང་པོ་དབབ་པའི་སྒྲུབ་པ་བསྟན་ནས། ད་ནི་གཉིས་པ་དབབ་པའི་སྒྲུབ་པ་བསྟན་ 61-1-74a པར་བྱ་བའི་ཕྱིར་གཉིས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ཆེན་པོ་འདོད་པའི་མེ་འབར་བའི་མཚན་ཉིད་ཅན་གྱི་སྒོམ་པའི་ལམ་གྱི་ཡུལ་དུ་བྱས་པས་དོན་མངོན་དུ་བྱེད་པ་ནི་ལྷ་མོ་ཆེན་མོ་གཉིས་པ་སྟེ། ཀཱི་ལི་ཀཱི་ལའི་གཟུགས་འཛིན་པ་རྡོ་རྗེ་ཆེན་པོ་འདོད་པའི་མེ་འབར་བ་ ལྟར་བཤད་པའོ། །དེ་ཉིད་དམ་ཚིག་ནི་རྒྱུ་སྟེ། རྡོ་རྗེ་ཉི་མ་ལྟར་འབར་བ་ལ་སོགས་པ་རེ་རེ་མངོན་དུ་བྱེད་པའི་རང་བཞིན་ཅན་གང་དང་གང་གི་ཕྱག་རྒྱ་དེ་ནི་རེ་རེའི་དམ་ཚིག་གི་ཕྱག་རྒྱའོ། །དེའི་མིང་སྟོན་པ་མཛད་པའི་ལྷ་མོ་ཆེན་མོ་ཕྱག་གཉིས་ཀྱི་དབུས་སུ་རང་གི་འདོད་པའི་ལྷ་བཅོམ་ལྡན་འདས་རྡོ་རྗེ་ཉི་ མ་མེ་ལྟར་འབར་བ་བསྟོད་ནས་གང་གིས་འཁྱུད་པ་དེ་ནི་དབུས་སུ་བསྟོད་པའི་རང་གི་ལྷག་པའི་ལྷའོ། །འཛུམ་པ་ནི་ཅུང་ཟད་བཞད་པ་དང་བཅས་ཤིང་འཛུམ་པ་སྟེ། ཅུང་ཟད་ཕྱེ་བའི་སྤྱན་གང་ལ་ཡོད་པ་དེ་ནི་སྤྱན་འཛུམ་པའོ། །ལྟ་བའི་ཕྱག་རྒྱ་འདིས་རྡོ་རྗེ་ཉི་མ་མེ་ལྟར་འབར་བ་ལ་སོགས་ པ་ཐམས་ཅད་སྒྲུབ་པར་མཛད་པའི་བཅོམ་ལྡན་འདས་ཡུམ་སོ་སོའི་དམ་ཚིག་གི་ཕྱག་རྒྱ་རྡོ་རྗེ་ཀཱི་ལི་ཀཱི་ལའི་རང་བཞིན་ཅན་ནོ། །ཡི་གེ་ཧཱུཾ་འབུམ་བཟླས་པས་འདིའི་སྦྱོར་བ་མ་གྲུབ་ན་ཡི་གེ་ཧཱུཾ་ལན་ཅིག་ཏུ་སྒྲུབ་པ་པོས་བརྗོད་ཅིང་ཡིད་ཀྱིས་སམ་མངོན་དུ་བསྒྲུབ་པར་བྱ་ལ་ཙུམ་པ་ན་ དང་འཁྱུད་པ་ལ་སོགས་པ་བྱ་ཞིང་། ཙུམ་པ་ན་དང་འཁྱུད་པ་ལ་སོགས་པའི་རེག་བྱ་འདིས་རྒྱས་བཏབ་པ་ཙམ་གྱིས་བསམ་པའི་དབང་གིས་བསྒྲུབ་བྱ་རྒྱས་བཏབ་པ་དང་། མཁའ་འགྲོ་མ་ལ་སོགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་གཞིག་པར་མཛད་པ་དང་། བསྒྲུབ་བྱ་ཐམས་ཅད་གསད་པའི་ བསམ་པའི་དབང་གིས་གསོད་པར་མཛད་པ་དང་། འཆི་བ་བསླང་བའི་བསམ་པས་འཆི་བ་ཐམས་ཅད་སློང་བར་མཛད་པ་དང་། འཕགས་པ་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་ལས་བརྒྱ་སྒྲུབ་པར་མཛད་པས་ན་དངོས་གྲུབ་ཐམས་ཅད་ཀྱི་ཚོགས་རྣམས་ལ་ཉེ་བར་སྦྱོར་བ་དང་། ཡི་གེ་ཧཱུཾ་ ལན་ཅིག་ཏུ་བཟླས་པས་མཆོག་ཏུ་སྒྲུབ་པའོ། །དེ་ནས་འདི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ད་ནི་གསུམ་པ་བསྟན་པར་བྱ་བའི་ཕྱིར་གསུམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟ་བ་བཞིན་དུ་བཤད་པའི་རྡོ་རྗེ་ཆེན་པོ་འདོད་པའི་མེ་འབར་བ་སྒོམ་པའི་ལམ་གྱི་ 61-1-74b རང་བཞིན་ཅན་གྱི་ཁམས་གསུམ་མ་ལུས་པར་ཐལ་བར་མཛད་པར་ནུས་པ་བསྐྱེད་པ་ནི། རྡོ་རྗེ་ཆེན་པོ་འདོད་པའི་མེ་འབར་བ་ཐལ་བར་རབ་ཏུ་འཇིག་པ་ཞེས་བྱ་བའི་ལྷ་མོ་ཆེན་མོ་གསུམ་པ་སྟེ། བཅོམ་ལྡན་འདས་རྡོ་རྗེ་ཉི་མ་མེ་ལྟར་འབར་བའིའོ། །དེ་ཡང་རྡོ་རྗེ་དང་ཁ་ཊྭཱཾ་གའི་རྒྱལ་ མཚན་འཛིན་པའོ། །ཁྲོ་ཞིང་སྒེག་པ་དང་བཅས་པའི་འཛུམ་པ་ནི་སྒེག་པ་དང་བཅས་པའི་འཛུམ་པ་སྟེ། དེས་སྨིན་མའི་དབུས་སུ་ཁྲོ་བ་སྟོན་པར་བྱེད་པའི་དཔྲལ་བའི་རི་མོ་ནི་ཁྲོ་གཉེར་ཏེ། སྒེག་པ་དང་བཅས་པའི་འཛུམ་པའི་སྨིན་མའི་ཁྲོ་གཉེར་དེ་ལས་ཁྲོ་བའི་སྤྱན་ནི་ཁྲོ་བའི་ལྟ་ བ་སྟེ། དེས་ཉེ་བར་མཚོན་པའི་བཅོམ་ལྡན་འདས་མ་གང་ཡིན་པ་དེ་ནི་དེ་བཞིན་ཏེ། རྡོ་རྗེ་ཆེན་པོ་འདོད་པའི་མེ་འབར་བས་ཐལ་བར་རབ་ཏུ་འཇུག་པར་ཞེས་བྱ་བའོ། །ཨོཾ་བཛྲ་རུ་ལུ་རུ་ལུ་ཧྞི་ཞེས་བྱ་བ་དཀྱིལ་འཁོར་དུ་སྟོང་ཕྲག་བརྒྱ་བཟླས་པས་རང་གི་དངོས་གྲུབ་གསོལ་བ་ཡིན་ནོ། ། སྒྲུབ་པ་མ་གྲུབ་ན་ལན་ཅིག་བཟླས་པས་ཡིད་ཀྱི་འདོད་པའི་ལས་ཐམས་ཅད་སྒྲུབ་པར་མཛད་པ་ཡིན་ནོ། །ཆེན་པོ་ཡང་ཡིན་ལ་རྡོ་རྗེ་འདོད་པ་ཡང་དེ་ཉིད་ཡིན་པས་ན་རྡོ་རྗེ་འདོད་པ་ཆེན་པོ་ཡིན་པས་ཏེ། རྡོ་རྗེ་ཉི་མ་མེ་ལྟར་འབར་བ་ལ་སོགས་པའི་བསྒོམ་པའི་ལམ་གྱི་རང་བཞིན་གྱི་བྱང་ཆུབ་ ཆེན་པོའི་སེམས་ཀྱི་སྒོམ་པའི་ཞེས་བྱ་བའི་དོན་ཏོ། །ཉོན་མོངས་པའི་བུད་ཤིང་སྲེག་པའི་རང་བཞིན་ཅན་ནི་མེ་འབར་བའོ། །རྡོ་རྗེ་ཆེན་པོ་འདོད་པ་ཡང་དེ་ཡིན་ལ་མེ་འབར་བ་ཡང་དེ་ཉིད་ཡིན་པས་ན་རྡོ་རྗེ་ཆེན་པོ་འདོད་པའི་མེ་འབར་བའོ། །དེས་ཐལ་བར་རབ་ཏུ་རློག་པ་ནི་ཁམས་ གསུམ་པའི་སེམས་ཅན་གྱི་ཁམས་དང་སེམས་ལས་བྱུང་བ་རྣམས་མི་སྣང་བར་མཛད་པའོ། །སྲེག་པའི་བསྐལ་པའི་རང་བཞིན་ཅན་གྱིས་ཀྱང་ཀུན་ནས་ཉོན་མོངས་པ་ཅན་གྱི་སེམས་ཅན་གྱི་ཁམས་རྣམ་པར་སྦྱོང་བའི་ཕྱིར་སྲེག་པ་གང་ཡིན་པ་དེས་ཤི་བའི་སེམས་ཅན་གྱི་ཁམས་རྣམ་པར་དག་ པའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་སྟོན་པ་ནི་སློང་བ་སྟེ་ནན་ཏན་སྒྲུབ་པའི་ཡེ་ཤེས་ཀྱི་ངོ་བོ་འདིས་གང་གིས་བསྒྲུབ་པར་འགྱུར་བ་དེའི་མཚན་ཉིད་དང་ལྡན་པ་བཞི་པ་སྟེ། བཅོམ་ལྡན་འདས་མ་རྡོ་རྗེ་འདོད་པའི་མེ་འབར་བ་ཐལ་བར་རབ་ཏུ་རློག་པ་འཇིགས་པའི་འཆི་བ་སློང་བར་མཛད་ 61-1-75a པ་ཞེས་བྱ་བའི་ལྷ་མོ་ཆེན་མོའོ། །གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་སྙེམས་པར་མཛད་ནས་ཕྱག་གཡས་པས་རྡོ་རྗེ་དྲིལ་བུ་རང་གི་སྤྱི་བོར་བསྐྱོད་པར་མཛད་ཅིང་ཁྲོ་བ་དང་སྒེག་པ་དང་བཅས་པའི་སྤྱན་ཤིན་ཏུ་གདངས་པ་དེའི་རྣལ་འབྱོར་དང་ལྡན་མ་ལ་དབབ་པའོ། །དེ་ཉིད་ལ་ ཕྱག་རྒྱ་ཆེན་པོ་ལ་སོགས་པ་རྫོགས་པར་མཛད་པས་ན་ཐམས་ཅད་སྒྲུབ་པར་མཛད་པའོ། །དེ་བཞིན་དུ་ཥྞཻ་ཞེས་བྱ་བ་དཀྱིལ་འཁོར་དུ་སྟོང་ཕྲག་བརྒྱ་བཟླས་པས་མ་གྲུབ་ན་ལན་ཅིག་བཟླས་པས་ཁུ་ཚུར་དང་ཐལ་ལྕག་ལ་སོགས་པ་དང་། བཞད་གད་དང་། རྡེག་པ་དང་། ཕྱག་རྒྱས་ བཏབ་པ་ཙམ་གྱིས་འཆི་བ་ཐམས་ཅད་སློང་བར་མཛད་པ་དང་། བསམ་པ་ཙམ་གྱིས་ལས་ཐམས་ཅད་ཀྱི་ཚོགས་སྒྲུབ་པར་མཛད་པའོ། །དེ་ལ་སོགས་པ་ཞེས་བྱ་བ་ནི་རྡོ་རྗེ་འདོད་པའི་མེའི་ལྷ་མོ་བཞི་པོ་གཙོ་བོར་གྱུར་པ་རྣམས་སོ། །མཐའ་ཡས་མཆོག་ནི་ཐོག་མ་དང་ཐ་མ་མེད་ པའོ། །ཆོས་ཀྱི་དབྱིངས་དང་མཉམ་པ་ནི། ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་དང་མཚུངས་པའོ། །མི་མཉམ་པ་ནི་མཚུངས་པ་མེད་པའོ། །ནམ་མཁའི་ཁམས་བཞིན་དུ་ཚད་མེད་པས་ན་ནམ་མཁའི་ཁམས་བཞིན་དུ་གྲངས་མེད་པ་སྟེ། འཇིག་རྟེན་གྱི་ཁམས་ ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ཉི་མ་མེ་ལྟར་འབར་བ་ལས་བྱུང་བས་ན། རྡོ་རྗེ་ཉི་མ་ལས་བྱུང་བའོ། །ནམ་མཁའ་ཡང་དེ་ཡིན་ལ་ཐམས་ཅད་ཀྱང་དེ་ཡིན་པས་ན་ནམ་མཁའ་ཐམས་ཅད་དེ་ཕྱོགས་བཅུ་ན་གནས་པ་ཐམས་ཅད་དང་བྲལ་བའི་ ངོ་བོ་ཇི་ལྟ་བ་བཞིན་རབ་ཏུ་གྲགས་པའོ། །ནམ་མཁའ་ཐམས་ཅད་བཞིན་དུ་ལྷ་མོ་ཐམས་ཅད་ལ་གནས་སྐབས་སྟེར་བའི་ཕྱིར་ནམ་མཁའ་ཐམས་ཅད་གནས་སྐབས་སྟེར་བ་དཀྱིལ་འཁོར་འདི་ཡིན་ནོ། །ནམ་མཁའ་ཐམས་ཅད་གནས་སྐབས་ཀྱི་གསང་བའི་དཀྱིལ་འཁོར་འདི་ལ་ རབ་ཏུ་ཞུགས་པ་ནི་ལེགས་པར་ཞུགས་པའོ། །ཀུན་ནས་འབེབས་པ་ནི་དཀྱིལ་འཁོར་དུ་སྒོམ་པ་ལ་མངོན་པར་ཆགས་པའི་རྒྱུད་ལ་རབ་ཏུ་ཞུགས་པའོ། །རྡོ་རྗེ་མཆོག་གི་རྣལ་འབྱོར་གྱི་དབང་ཕྱུག་ནི་གཙོ་མོ་སྟེ། རྡོ་རྗེ་མཆོག་གི་རྣལ་འབྱོར་གྱི་དབང་ཕྱུག་མའོ། ། 61-1-75b དུ་མ་ནི་སྣ་ཚོགས་པའི་གཟུགས་དང་ལྡན་པའོ། །དེ་ནས་ཞེས་བྱ་བ་ནི་རྣལ་འབྱོར་བསྒོམ་པའི་དུས་ཕྱིས་དཀྱིལ་འཁོར་སྒྲུབ་པར་བྱེད་པ་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་རྣལ་འབྱོར་ལ་དབང་ཐོབ་པ་ཉིད་དང་། མཚན་མ་ཐོབ་པའི་རྣལ་འབྱོར་གྱི་དབང་ཕྱུག་དེས། རྣལ་འབྱོར་མས་ཏེ་ལྷ་མོ་བཞིའི་ རྣལ་འབྱོར་དང་ལྡན་པའི་ཇི་ལྟ་བ་བཞིན་དུ་ཞུགས་པའི་བུ་མོ་དེ་རྣམས་རང་གི་གཡས་པ་དང་གཡོན་པའི་ལོགས་དག་ལ་ཟླ་བ་ཚེས་པའི་དཀྱིལ་འཁོར་གྱི་རྣམ་པའི་དཀྱིལ་འཁོར་ནི་ཟླ་བ་ཕྱེད་པའི་དབྱིབས་ཅན་གྱི་རླུང་གི་དཀྱིལ་འཁོར་དུ་དགོད་པར་བྱའོ། །དེ་ནས་ཇི་ལྟར་ཞེ་ན། བཀོད་ནས་ ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་རྣལ་འབྱོར་མ་དེ་རྣམས་བཀོད་ནས་ཐམས་ཅད་ཀྱང་ཡིན་ལ་མཆོག་ཀྱང་དེ་ཉིད་ཡིན་པས་ན་ཐམས་ཅད་མཆོག་ནི་བཅོམ་ལྡན་འདས་ཀྱི་གསང་བའི་དཀྱིལ་འཁོར་གྱི་དངོས་གྲུབ་མཆོག་སྟེ་སྒྲུབ་པ་ནི་རྫོགས་པར་བྱའོ། །བྱེད་པར་གྱུར་པ་གང་གིས་ཤེ་ན། ཐམས་ཅད་དགུག་དང་མཆོད་པ་ཆེ། །བདག་བྱིན་བརླབ་སོགས་སྒྲུབ་པ་ཡིས། །ཞེས་བྱ་བ་ཇི་ལྟ་བ་བཞིན་དུ་བཤད་པའི་མཚན་ཉིད་ཅན་རྣམས་ཀྱིས་སོ། །དེ་ལྟར་འདས་མ་ཐག་ཏུ་བཤད་པའི་ཚུལ་གྱིས་དཀྱིལ་འཁོར་དེ་བརྟག་པ་དང་སྒྲུབ་པར་བྱས་ནས་ཕྱི་ནས་བཅོམ་ལྡན་འདས་ ཀྱི་རྡོ་རྗེ་བླང་ལ་སློབ་མ་ཐམས་ཅད་གཞུག་པར་བྱའོ། །དེ་ལ་ཞེས་བྱ་བའི་སྒྲ་ནི་དག་ཉེ་བར་དགོད་པ་ལའོ། །རེ་ཞིག་གི་སྒྲ་ནི་རིམ་པ་ལ་ལྟོས་པའོ། །གལ་ཏེ་དཀྱིལ་འཁོར་འདི་ཚོགས་ཀྱི་དཀྱིལ་འཁོར་གྱི་ཚུལ་དུ་བྲི་བར་གྱུར་ན། དེའི་ཚེ་བུད་མེད་རྣམས་གཞུག་སྟེ། རྡོ་རྗེ་ འདོད་པའི་མེ་འབར་བ་ལ་སོགས་པའི་ལྷ་མོ་བཞིའི་རྣལ་འབྱོར་དང་ལྡན་པར་བྱས་ལ་དེ་ཁོ་ན་ཉིད་དང་། ཆོས་དང་། དམ་ཚིག་གི་མཚན་ཉིད་ཅན་གྱི་དམ་ཚིག་གསུམ་བྱིན་གྱིས་བརླབས་ནས་རང་གི་ལོགས་གཉིས་སུ་སྔོན་དུ་བསྙེན་པ་བྱས་པ་ཡང་དག་པར་གཞག་པར་བྱའོ། །སྐྱེས་ པ་རྣམས་ཀྱང་སྔོན་དུ་བསྙེན་པ་བྱས་པ་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་རྣལ་འབྱོར་དང་ལྡན་པ། དམ་ཚིག་གསུམ་གྱིས་བྱིན་གྱིས་བརླབས་པ་དེ་རྣམས་ལྷ་མོ་བཞིའི་ཕྲེང་བའི་དབུས་སུ་བཀོད་པ་དེའི་རྣལ་འབྱོར་སྒྲུབ་པ་ཡང་དག་པར་འཛིན་དུ་གཞུག་པར་བྱའོ། །རྡོ་རྗེ་ཆེན་པོའི་ 61-1-76a ཁྲོ་བོའི་རྒྱལ་པོ་ཆེན་པོ་དམ་ཚིག་དང་སྡོམ་པ་དག་ཀྱང་ལེན་དུ་གཞུག་པར་བྱའོ། །བུ་མོ་དང་ཁྱེའུ་ནི་བྱིས་པའི་བློའི་རང་བཞིན་ཅན་རྣམས་དཀྱིལ་འཁོར་དུ་བཅུག་སྟེ། ཚོགས་དང་བཅས་པའི་སློབ་དཔོན་རང་ཉིད་ཀྱིས་ཡང་དག་པར་བསྲུང་བར་བྱའོ། །དུས་གཞན་ དུ་དེ་རྣམས་ཀྱང་སྔ་མ་བཞིན་དུ་སྒྲུབ་པ་ལ་ངེས་པར་སྦྱར་བར་བྱའོ། །དེ་ལྟར་སློབ་དཔོན་གྱི་ལས་ཀྱི་ཆོ་ག་རྒྱས་པར་བསྟན་ནས་སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་ནི་བླ་ན་མེད་ པར་བསྐྱེད་ནས་ཞེས་བྱ་བ་ནི་གོ་སླའོ། །མི་ཕྱེད་པ་ཞེས་བྱ་བ་ནི་སྲོག་ཆགས་དང་སྲོག་ཆགས་མ་ཐམས་ཅད་ཀྱིས་དབྱེ་བར་མི་ནུས་པས་ན་མི་ཕྱེད་པའོ། །དངོས་པོ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མངོན་དུ་བྱེད་པའི་རང་བཞིན་ཅན་ཡིན་པས་སོ་སོར་རྟོགས་པའོ། །འདོད་ཆགས་ལ་སོགས་ པའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་དང་། ཕྱི་རོལ་གྱི་ལྷ་ཆེན་པོ་ལ་སོགས་པ་ནི་གདུག་པ་རྣམས་ཏེ། དེ་དག་གནོད་པས་ན་གདུག་པ་ཐམས་ཅད་གནོད་པ་སྟེ་དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་སོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་ འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སངས་རྒྱས་ཀུན་ཏེ་དེའི་རང་བཞིན་ཡིན་པས་ན་སངས་རྒྱས་ཀུན་དངོས་སོ། །དེ་ནི་བཅོམ་ལྡན་འདས་ཀྱི་འབར་བའི་རྡོ་རྗེ་བྱང་ཆུབ་ཀྱི་མཚན་ཉིད་ཅན་གྱི་སེམས་ནི་སྨོན་པ་བྱང་ཆུབ་ཀྱི་སེམས་ཏེ། བརྟན་པ་ནི་མི་ཕྱེད་པ་སྟེ་དེ་ཉིད་ཡིན་ནོ། །རྡོ་རྗེ་རྩེ་ལྔ་པའི་ གཟུགས་སུ་གདུལ་བྱ་རྣམས་ཀྱིས་ཡོངས་སུ་བརྟག་པ་དེ་ཉིད་མཚོན་ཆ་སྟེ། དེ་རྒྱལ་བ་དེ་བཞིན་གཤེགས་པ་རྣམས་བདེ་བ་ཆེན་པོའི་རྡོ་རྗེ་དཀྱིལ་འཁོར་ལ་སོགས་པའི་དོན་དུ་ཀུན་དུ་བཟང་པོའི་ལག་ཏུ་ཕྱིན་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྟན་པ་ནི་བཀའ་ སྟེ། དེའི་དངོས་གྲུབ་ནི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་གྲུབ་བོ། །དེའི་དོན་དུ་མཚོན་ཆ་དེ་དེ་བཞིན་གཤེགས་པ་ཐམས་ཅད་དེའི་ལག་ཏུ་ཕྱིན་པ་ཡིན་ནོ། །རྡོ་རྗེས་ཉེ་བར་མཚན་པའི་ཕྱག་གང་ལ་མངའ་བ་དེ་ནི་ཕྱག་ན་རྡོ་རྗེ་སྟེ་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་ 61-1-76b པོའོ། །དེ་ལྟར་སྒེག་པ་དང་ཁྲོ་བོའི་གཟུགས་ཅན་རྡོ་རྗེས་རྡོ་རྗེ་འཆང་བ་བསྟན་ནས་ད་ནི་ཐུན་མོང་མ་ཡིན་པའི་ཁྲོ་བོའི་རྡོ་རྗེ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྟག་ཏུ་ཆགས་པ་ལས་བྱུང་བའི་ཁྲོ་བོ་ནི་བཤད་ཟིན་ཏོ། །དེ་གང་ཡིན་ཞེ་ན། རྡོ་རྗེ་སེམས་དཔའ་ ཞེས་བྱ་བ་ནི་རྡོ་རྗེ་དང་དྲིལ་བུ་འཆང་བའི་རྡོ་རྗེ་སེམས་དཔའ་ཉིད་ཁྲོ་བོར་འགྱུར་རོ། །ཅིའི་ཕྱིར་ཞེ་ན་གདུལ་བྱའི་ཕྱིར་ཞེས་བྱ་བ་ནི་དྲག་པོ་ལ་སོགས་པ་གདུག་པ་དང་། དྲག་པོ་རྣམས་ནི་ཁྲོ་བོས་གདུལ་བར་འགྱུར་བས་ཏེ། དེའི་ཕྱིར་ཁྲོ་བོས་གདུལ་བའི་རྒྱུ་དེའི་ཕྱིར་རྡོ་རྗེ་སེམས་དཔའ་ ཉིད་ཁྲོ་བོར་འགྱུར་ཏེ། ཉོན་མོངས་པའི་དབང་གིས་ནི་མ་ཡིན་ནོ། །ཁྱད་པར་ཇི་ལྟ་བུ་དང་ལྡན་པའི་ཁྲོ་བོར་གྱུར་ཞེ་ན། རྡོ་རྗེ་ལྟར་འབར་བ་ནི་ཞེས་བྱ་བ་ལ། ནིའི་སྒྲ་ནི་ངེས་པར་གཟུང་བ་ལ་སྟེ། ཁྲོ་བོ་རྡོ་རྗེ་ཉི་མ་མེ་ལྟར་འབར་བ་ཉིད་དེ་གཞན་ནི་མ་ཡིན་ནོ། །རྡོ་རྗེ་ནི་བྱང་ཆུབ་ཆེན་ པོའི་མཚན་ཉིད་ཅན་གྱི་སེམས་ཏེ། དེའི་འབར་བ་ནི་ནམ་མཁའི་ཁམས་ཐམས་ཅད་ལ་རྟག་ཏུ་བཞུགས་པའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སྔོན་པོ་འབར་བའི་ངོ་བོ་སེམས་དཔའི་སྟེ་འོད་ཀྱི་འཁོར་ལོ་དམར་པོ་འབར་བའོ། །དེ་ཉིད་རྡོ་རྗེ་ཉི་མ་མེ་ལྟར་འབར་བ་སྟེ། ཀུན་ནས་ཉོན་མོངས་པ་ཅན་ བསྲེགས་ནས། སངས་རྒྱས་ཀྱི་ཞིང་དུ་སངས་རྒྱས་ཀྱི་རང་བཞིན་མཛད་པས་ན་ཉི་མ་དང་མཚུངས་པས་ཉི་མའོ། །དེ་ཉིད་ཀྱི་ཕྱིར་རབ་ཏུ་འཇིགས་པ་ལས་ཀྱང་འཇིགས་པར་བྱེད་པའི་མཆོག་ཏུ་འཇིགས་པ་ནི་ང་ཡིན་ནོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་དེ་ཁོ་ན་ཉིད་ཀྱིས་རྡོ་རྗེ་གཟུང་བ་ བསྟན་ནས། ད་ནི་ལྷ་མོ་རྣམས་གྱི་གསུངས་པ་ཡིན་ཏེ། རྡོ་རྗེ་ཉི་མ་མེ་ལྟར་འབར་བ་ནི་ཇི་ལྟ་བ་བཞིན་དུ་བཤད་པའོ། །དེ་ལས་བྱུང་བ་ནི་སྐྱེས་པས་ཏེ་དེའི་འོད་ཀྱི་འཁོར་ལོ་ལས་བྱུང་བའོ་ཞེས་བྱ་བའི་དོན་ཏོ། །གྲིབ་མ་ཞེས་བྱ་བ་ནི་དེ་དང་རྗེས་སུ་མཐུན་ཞིང་མཚུངས་པས་ཏེ་ དེ་དག་དེ་བཞིན་གཤེགས་པ་རྣམས་ཀྱིས་སྒྲུལ་པ་ནི་སྐྱེད་པར་མཛད་པའོ། །ལས་དེ་ལྟ་བུ་དང་ལྡན་པ་ཞེ་ན། མ་ལུས་བདུད་སོགས་གདུག་པ་ཡི། །ཁྲག་གསོལ་བར་ནི་ནུས་པའོ། །ཞེས་བྱ་བ་ལ་ལུས་པ་མེད་པའི་བདུད་ལ་སོགས་པའི་གདུག་པ་རྣམས་ཀྱི་ཁྲག་གསོལ་བའི་ 61-1-77a ནུས་པ་དང་བཅས་པའོ། །ཤིན་ཏུ་ཉལ་དུ་བཅུག་པ་ནི་ཤིན་ཏུ་གསོད་པའོ། །དེས་དག་པ་ནི་དག་པར་གྱུར་པས་ཏེ་རྗེས་སུ་བརྩེ་བས་ནི་མ་ཡིན་ནོ་ཞེས་བསྟན་ཏོ། །མིའི་ཁྲག་སྔགས་ཀྱི་སྟོབས་ཀྱིས་དགུག་པ་འགྲུབ་པ་གང་ཡིན་པ་དེ་ནི་ཁྲག་ཆེན་པོའོ། །ལྷག་མ་ནི་གོ་ སླའོ། །སླར་ཡང་འདིའི་དོན་བཤད་པར་བྱ་སྟེ། སྔ་མ་བཞིན་དུ་རྡོ་རྗེ་མེ་ལྟར་འབར་བའི་རྣལ་འབྱོར་གྱིས་རྣལ་འབྱོར་ཆེན་པོ་བྱས་ལ། ལྷ་མོ་བཞིའི་རྣལ་འབྱོར་དང་ལྡན་པའི་བུ་མོ་རྣམས་དང་ལྷན་ཅིག་ཏུ་ལྷ་མོ་བཞི་དང་ཡང་དག་པར་སྦྱོར་བའི་རྣལ་འབྱོར་གྱིས་ཉེ་བར་འདུག་ལ་དཀྱིལ་འཁོར་ ཐམས་ཅད་ཇི་ལྟ་བ་བཞིན་དུ་ཡོངས་སུ་རྫོགས་པར་བྱས་ལ། ཇི་སྲིད་མཚན་མ་ཐོབ་པར་འགྱུར་བ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་ཇི་ལྟ་བ་བཞིན་དུ་སློབ་མ་ལྷག་པར་གནས་པ་དང་། ལྷ་ལྷག་པར་གནས་པར་བྱས་ལ། ཉི་མ་འཆར་ཀའི་དུས་སུ་དཀྱིལ་འཁོར་ལ་ ཐིག་བཏབ་ནས་ཕྱིའི་དཀྱིལ་འཁོར་དེ་ཉིད་དུ་བྲིས་ལ་དེའི་ཕྱེད་ཀྱི་ཚད་ཀྱིས་ནང་དུ་རླུང་གི་དཀྱིལ་འཁོར་ཟླ་བ་ཕྱེད་པའི་དབྱིབས་ཅན་དེའི་སྟེང་དུ་འབར་བའི་འཁོར་ལོ་ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས་པ་སྟེ། ལྕགས་ཀྱི་ཕྱེ་མས་འབར་བར་བྲིས་ལ། ནང་གི་དཀྱིལ་འཁོར་གྱི་ལྟེ་བར་པདྨའི་རས་ རིས་ཀྱིས་བཀབ་པའི་གདན་ལ། ལྷ་མོ་བཞི་ཡང་དག་པར་འདུས་པའི་རྣལ་འབྱོར་གྱིས་རང་གི་ལྷའི་རྣལ་འབྱོར་དང་ལྡན་པའི་བུ་མོ་བཞི་དང་ལྷན་ཅིག་ཏུ་སློབ་དཔོན་གྱིས་འདུག་པར་བྱའོ། །ཕྱིའི་དཀྱིལ་འཁོར་གྱི་མཚམས་བཞི་པོ་ལ་ཁྲོ་བོའི་སྒེག་མོ་ལ་སོགས་པའི་རྣལ་འབྱོར་ མ་རྣམས་དགོད་པར་བྱའོ། །སྒོ་བཞི་པོ་ལ་ཁྲོ་མོ་རྡོ་རྗེ་ལྕགས་ཀྱུ་མ་ལ་སོགས་པའི་རྣལ་འབྱོར་མ་བཞིའམ། དེའི་རྣལ་འབྱོར་དང་ལྡན་པའི་སློབ་མ་རྣམས་དགོད་པར་བྱའོ། །དེ་ལྟར་སྔོན་དུ་བསྙེན་པ་བྱས་པས་ཚོགས་ཡོད་ན་ཚོགས་ཀྱི་འཁོར་ལོ་བརྟགས་ཏེ། གོ་ཆ་ཐམས་ཅད་རྗེས་སུ་ སྤྱད་པར་བྱའོ། །རང་འཇུག་པའི་དུས་དང་། སློབ་ལ་གཞུག་པའི་དུས་སུ་རང་གི་སློབ་དཔོན་ནམ་དེའི་ཡོན་ཏན་དང་ལྡན་པ་གཞན་དབུས་སུ་དགོད་པར་བྱའོ། །གང་ལ་ཚོགས་མེད་ན་དེའི་དབུས་ཀྱི་དཀྱིལ་འཁོར་གྱི་ཕྱོགས་སུ་ལྷ་མོ་བཞི་ཕྲེང་གི་དབུས་ན་བཞུགས་པའི་བཅོམ་ལྡན་འདས་ 61-1-77b སྙིང་པོ་འདིས་རས་རིས་ལ་བྲི་བར་བྱའོ། །ཧཱུཾ་ཞེས་བྱ་བའོ། །རྡོ་རྗེ་ཆེན་པོའི་འདོད་པ་མེ་ལྟར་འབར་བའི་སྙིང་ནི་ཧྞི་ཞེས་བྱའོ། །གཉིས་པ་ནི་ཧཱུཾ་ཞེས་བྱ་བའོ། །གསུམ་པ་ནི་ཨོཾ་བཛྲ་རུ་ལུ་རུ་ལུ་ལཾ་ཧྞི་ཞེས་བྱའོ། །བཞི་པ་ནི་ཥྞེ་ཞེས་བྱ་བའོ། །ཁྲོ་བོའི་སྒེག་མོ་ལ་སོགས་པའི་ལྷ་མོ་རྣམས་ནི་སྔར་ བཤད་པའི་སྙིང་པོ་རྣམས་ཀྱིས་དགོད་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་སྒོ་བཞི་ཕྱེ་ལ་བསྡུ་བར་བྱས་ནས་མཚན་བརྒྱས་བསྟོད་ནས། རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་སྤྱན་དྲང་བའི་ཕྱག་རྒྱ་དང་སྔགས་དག་གིས་བཅོམ་ལྡན་འདས་འཁོར་དང་བཅས་ པ་དཀྱིལ་འཁོར་དུ་བཅུག་སྟེ་བགེགས་བསྐྲད་པ་ལ་སོགས་པ་བྱས་ནས། ཡི་གེ་ཧཱུཾ་གིས་མཆོད་ཡོན་ཕུལ་ཏེ། དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་བསྒྲུབ་པར་བྱའོ། །དེ་ནས་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་རྒྱས་བཏབ་སྟེ་ཐོད་ པའི་ཕྲེང་བའི་དབང་བསྐུར་བའི་ཕྱག་རྒྱ་དང་། དེ་བཞིན་གཤེགས་པའི་སྐུ་མཆོག་གི་ཕྱག་རྒྱས་དབང་བསྐུར་ལ། མཆོད་ཡོན་ཕུལ་བ་སྔོན་དུ་འགྲོ་བའི་མཆོད་པའི་ཡན་ལག་ཐམས་ཅད་ཀྱིས་མཆོད་པ་བྱའོ། །དེ་ལ་རེ་ཞིག་པདྨའི་སྣོད་དུ་ཁྲག་ཆེན་དང་ག་བུར་དང་ཙནྡན་དམར་པོ་ཡི་གེ་ཧཱུཾ་གིས་ མངོན་པར་བསྔགས་པ། བཅོམ་ལྡན་འདས་ཀྱི་དམ་ཚིག་གི་ཕྱག་རྒྱས་ཡོངས་སུ་གཟུང་བའི་རྡོ་རྗེ་མེ་ཏོག་གི་ཡལ་ག་བཅོམ་ལྡན་འདས་ཉིད་ཀྱི་མདུན་དུ་བཞག་སྟེ། བུམ་པ་དང་བུམ་པ་གང་བ་རྣམས་དབུལ་བར་བྱའོ། །དེ་ནས་མཆོད་པ་ཐམས་ཅད་བྱའོ། །དེ་ནས་བཅོམ་ལྡན་ འདས་ཀྱི་རྣལ་འབྱོར་གྱིས་རྣལ་འབྱོར་ཆེན་པོ་དང་ལྡན་ཞིང་། རྡོ་རྗེ་ཆེན་པོ་འདོད་པའི་མེ་ལ་སོགས་པའི་ལྷ་མོ་བཞིའི་རྣལ་འབྱོར་དང་ལྡན་པ་དང་། སྔོན་དུ་བསྙེན་པ་བྱས་པའི་བུ་མོ་བཞི་དང་ལྷན་ཅིག་ཏུ་ཕྱག་བཞི་སྔོན་དུ་འགྲོ་བས་གར་ལས་བྱུང་བའི་ཕྱག་འཚལ་བའི་ཐལ་མོ་མེ་ཏོག་དང་ བཅས་པ་སྤྱི་བོར་བཅིངས་ཏེ། དེ་བཞིན་དུ་མེ་ཏོག་གི་ཕྲེང་བ་བླངས་ལ། རྡོ་རྗེ་ཤུགས་ཀྱིས་རྡོ་རྗེ་མདའ་གཞུ་ཅན་ཁྱོད་ལ་ཕྱག་འཚལ་ཞེས་བྱ་བ་ལ་སོགས་པའི་འཇུག་པའི་གླུ་བརྗོད་ཅིང་འཇུག་པར་བྱའོ། །བུ་མོ་བཞི་པོས་ཀྱང་རང་གི་ལྷའི་དམ་ཚིག་གི་ཕྱག་རྒྱ་ལག་པ་གཉིས་ 61-1-78a ཀྱིས་འཆིང་ཞིང་མེ་ཏོག་ཕྲེང་བ་བླངས་ཏེ་འཇུག་པའི་གླུ་དང་། རང་གི་ལྷའི་སྙིང་པོ་བཟླ་ཞིང་འཇུག་པར་བྱའོ། །དེ་ནས་དཔལ་རྡོ་རྗེ་སེམས་དཔའི་རས་རིས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་ཀྱི་མཐར་ས་ཐམས་ཅད་རྗེས་སུ་སྦྱངས་ནས། མེ་ཏོག་ ལ་སོགས་པ་དང་། རྡོ་རྗེ་མཚོན་ཆ་མ་ལ་སོགས་པ་ཕྱག་རྒྱའི་མཆོད་པ་བཅུ་གཉིས་བུ་མོ་བཞི་དང་བཅས་པའི་བདག་ཉིད་ཡང་དག་པར་མཆོད་ནས་དེ་ཁོ་ན་ཉིད་དང་། ཆོས་དང་། དམ་ཚིག་རྣམས་བཟུང་ལ། སྙིང་པོ་དང་། ཕྱག་རྒྱ་བཞིའི་ཡེ་ཤེས་བཅོམ་ལྡན་འདས་ཀྱི་དྲུང་ནས་བླངས་ཏེ། ཚིགས་སུ་བཅད་པ་ལྔ་པོས་རྗེས་སུ་གནང་བ་དང་། གཟེངས་བསྟོད་པ་དང་། ལུང་བསྟན་པ་མནོས་ལ། རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་རྣལ་འབྱོར་བྱའོ། །བུ་མོ་བཞི་ཡང་རང་གི་ལྷའི་རྣལ་འབྱོར་དང་ལྡན་པས་བླངས་ཏེ། དཀྱིལ་འཁོར་གྱི་དབུས་སུ་ལྷ་མོ་བཞི་དང་ཡང་དག་པར་ སྦྱོར་བའི་རྣལ་འབྱོར་གྱིས་ཟླ་བ་ཚེས་པའི་དཀྱིལ་འཁོར་དང་ལྷན་ཅིག་ཏུ་བདག་ཉིད་ལ་གཞུག་པར་བྱའོ། །དེ་ནས་ཐམས་ཅད་དགུག་དང་མཆོད་པ་དང་། བདག་བྱིན་གྱིས་བརླབ་པ་སོགས་བསྒྲུབ་པའི་བདག་ཉིད་འཁོར་དང་བཅས་པ་རྫོགས་པར་བྱས་ནས། ཉིན་རེའི་སྦྱོར་བས་ཡི་གེ་ཧཱུཾ་གི་བཟླས་ པ་འབུམ་བྱའོ། །བུ་མོ་རྣམས་ཀྱིས་ཀྱང་རང་གི་ལྷ་མོ་རྣམས་ཀྱི་བཟླས་པ་འབུམ་བྱའོ། །དེ་ནས་ཁྲག་ཆེན་ག་བུར་བཅས། ཙནྡན་དམར་པོ་དང་བཅས་པ་རྡོ་རྗེ་འབར་བ་དང་བཅས་པ་ཇི་ལྟ་བ་བཞིན་དུ་བཤད་པའི་པདྨའི་སྣོད་ན་གནས་པར་སྦྱར་བར་བྱ་སྟེ། སྲིན་ལག་དང་མཐེ་བོང་གི་རྩེ་མོས་ བླངས་ཏེ་བཟའ་བར་བྱའོ། །བུ་མོ་དེ་རྣམས་ཀྱིས་ཀྱང་རང་གི་ལྷའི་སྙིང་པོས་བཟའ་བར་བྱའོ། །དེ་ནས་ཐམས་ཅད་མཁའ་སྤྱོད་དུ་འགྱུར་རོ། །རྣལ་འབྱོར་པ་ནི་རྡོ་རྗེ་རྣལ་འབྱོར་པའི་དབང་ཕྱུག་དང་། བུ་མོ་རྣམས་ནི་རྡོ་རྗེ་ཆེན་པོའི་འདོད་པའི་མེ་ལ་སོགས་པའི་གཟུགས་ཅན་གྱི་རྣལ་ འབྱོར་མ་རྣམས་སུ་འགྱུར་རོ། །དེ་ནས་འབར་བའི་སྦྱོར་བ་འདི་ཡིན་ཏེ། པདྨའི་འདབ་མའི་དབུས་སུ་ཡི་གེ་ཧ་ལས་རླུང་གི་དཀྱིལ་འཁོར་ཏེ། དེའི་སྟེང་དུ་ཐིག་ལེ་དང་བཅས་པའི་ཡི་གེ་རཾ་ལས་མེའི་དཀྱིལ་འཁོར་དེའི་སྟེང་དུ་མེ་སྟག་འཕྲོ་ཞིང་འབར་བའི་ཡི་གེ་ཧཱུཾ་རྣམ་པར་བསམས་ 61-1-78b ལ། རྫས་དེ་དེས་རབ་ཏུ་འབར་བར་གྱུར་པ་རྣམ་པར་བསྒོམ་པར་བྱའོ། །གང་ཞིག་ལ་རབ་ཏུ་འབར་བའི་ནུས་པ་མེད་ན་དེས་བཟའ་བར་མི་བྱའོ། །འོན་ཀྱང་རྗེས་སུ་བསྒྲུབ་པ་དང་། སོ་སོར་རྗེས་སུ་བསྒྲུབ་པའི་རྣལ་འབྱོར་གྱི་ཚོགས་དང་བཅས་པས་མཚན་མ་མ་ལུས་པར་བསྒྲུབ་ པར་བྱའོ། །དེ་ནས་ཉི་མ་འཆར་ཀའི་དུས་སུ་ཕྱག་རྒྱ་ཆེན་པོ་ཇི་ལྟ་བ་བཞིན་འདུན་པར་འདོད་པའི་དངོས་གྲུབ་ཐོབ་པར་འགྱུར་རོ། །གལ་ཏེ་སློབ་མ་རྣམས་གཞུག་པར་འདོད་ན། དེའི་ཚེ་བུ་མོ་རྣམས་མེད་པར་འཇུག་པ་གཉིས་པས་འཇུག་པར་བྱ་སྟེ། ཆོ་ག་ཐམས་ཅད་ཀྱང་རྗེས་སུ་སྤྱད་ལ་རྡོ་རྗེ་ བཟུང་སྟེ་དེ་བཞིན་དུ་ཉི་མ་མེ་ལྟར་འབར་བའི་དཀྱིལ་འཁོར་དུ་འཇུག་པའི་ཆོ་གས་ཕྱག་བཞི་བྱེད་དུ་གཞུག་གོ། །དེ་ནས་བྱང་ཆུབ་ཆེན་པོར་སེམས་བསྐྱེད་དུ་གཞུག་གོ། །དེ་ནས་དེ་རྣམས་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་གཟུགས་སུ་བྱས་ལ་ཡང་དག་པར་མཆོད་དེ། གར་ལས་བྱུང་བའི་མེ་ཏོག་དང་ བཅས་པའི་ཕྱག་འཚལ་བའི་ཐལ་མོ་འཆིང་དུ་གཞུག་པར་བྱའོ། །དེ་ཉིད་ཀྱིས་མེ་ཏོག་གི་ཕྲེང་བ་འཛིན་དུ་བཅུག་ནས་གཞུག་སྟེ། ཐམས་ཅད་བྱས་ལ་རྡོ་རྗེ་ལ་སོགས་པ་གསུམ་པོ་དེ་རྣམས་ལ་སྦྱིན་པར་བྱའོ། །རྟག་ཏུ་འདོད་ཆགས་ལས་བྱུང་ཁྲོ། །རྡོ་རྗེ་སེམས་པའི་གདུལ་བྱའི་ཕྱིར། ། རྡོ་རྗེ་ཉི་མ་མེ་ལྟར་འབར། །མཆོག་ཏུ་རབ་འཇིགས་འདི་ཡིན་ནོ། །ཞེས་བྱ་བའི་དེ་ཁོ་ན་ཉིད་འདིས་གསང་བ་ལྔའི་བཤད་པ་བྱས་ནས་རྡོ་རྗེ་སྦྱིན་པར་བྱ་བ་ནི་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་རྣལ་འབྱོར་པ་ལའོ། །རྡོ་རྗེ་རྣལ་འབྱོར་མ་རྣམས་ནི། །རྡོ་རྗེ་ཉི་མ་འབར་འབྱུང་བའི། །གྲིབ་མ་འདི་དག་བདུད་ ལ་སོགས། །གདུག་པ་མ་ལུས་ཁྲག་ཟ་ནུས། །དེ་བཞིན་གཤེགས་པ་རྣམས་ཀྱིས་སྤྲུལ། །ཞེས་པའི་དེ་ཁོ་ན་ཉིད་འདིས་སྦྱིན་པར་བྱའོ། །རྡོ་རྗེ་ཁ་ཊྭཱཾ་ག་ངེས་པར་སྦྱོར་བའི་བ་དན་དང་བཅས་པའི་རྡོ་རྗེ་དྲིལ་བུ་ཆོས་འདིས་དགྲོལ་བར་བྱའོ་ཞེས་བསྟན་པར་བྱའོ། །དེ་ལ་ཆོས་ ནི་འདི་ཡིན་ཏེ། ཤིན་ཏུ་མ་རུངས་དྲག་པོ་དང་། །བདག་པོ་གྲོགས་པོ་བུ་རྣམས་དང་། །ཤིན་ཏུ་ཉལ་དུ་བཅུག་ནས་བརྟག །རྡོ་རྗེ་མཆོག་ནི་འཛིན་པས་གསུངས། །ཞེས་བྱ་བ་ནི་མཆོག་ཏུ་གསང་བའི་ཆོས་ཉིད་འབེབས་པའི་རྡོ་རྗེ་ཁ་ཊྭཱཾ་གའི་རྒྱལ་མཚན་དང་ངེས་ 61-1-79a པར་སྦྱར་བའི་བ་དན་དང་བཅས་པའི་དྲིལ་བུ་ནི་ཐམས་ཅད་འབེབས་པར་བྱེད་པ་དང་། རབ་ཏུ་སྒྲུབ་པར་བྱེད་པ་དང་། ཐམས་ཅད་ལྟུང་བར་བྱེད་པ་དང་། སློང་བར་བྱེད་པའོ། །དམ་ཚིག་གིས་ནི་ཕྱག་རྒྱ་ཆེར། །བྱིན་གྱིས་རློབས་ཤིག་ཅེས་བྱ་བ་ཡང་སློབ་ཏུ་གཞུག་གོ། །དེ་ལ་དམ་ཚིག་ནི་ འདི་ཡིན་ཏེ། ཁྲག་ཆེན་ག་བུར་དང་བཅས་པ། །ཙནྡན་དམར་པོས་སྦྱར་བྱས་ཏེ། །ཚོགས་ཀྱི་ནང་དུ་རབ་ཞུགས་ནས། །རྡོ་རྗེ་དང་བཅས་རྡོར་འཛིན་ཉིད། །སྲིན་ལག་མཐེ་བོའི་རྩེ་མོ་ཡིས། །ནམ་མཁའ་ཐམས་ཅད་མཆོག་སྦྱོར་ལྡན། །ཟླ་བའི་བཏུང་བ་བཞིན་མྱངས་ན། །རྟག་པའི་ དངོས་གྲུབ་ཐོབ་པར་འགྱུར། །འདོད་པ་ཀུན་ལ་ལོངས་སྤྱོད་ཅིང་། །ཅི་འདོད་པར་ནི་བསྟེན་བཞིན་དུ། །ནམ་མཁའ་ཀུན་མཆོག་སྦྱོར་བ་ཡིས། །དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར། །ཞེས་བྱ་བ་འདི་ཚོགས་ཀྱི་འཁོར་ལོར་ཤེས་པར་བྱའོ། །སྔོན་དུ་བསྙེན་པའི་དུས་སུ་ནི། ནམ་མཁའ་ ཀུན་མཆོག་སྦྱོར་བ་ཡིས། །ཐམས་ཅད་ནམ་མཁའ་ཞེས་བརྗོད་ཅིང་། །རྡོ་རྗེའི་ཕྱག་རྒྱས་བཏབ་པ་ཡི། །འཇིག་རྟེན་གསུམ་ཡང་བཟའ་བར་བྱ། །ཞེས་བྱ་བའི་དམ་ཚིག་འདིས་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་མནའ་བསྒགས་ལ་སྙིང་པོ་དང་ཕྱག་རྒྱ་བཞིའི་ ཡེ་ཤེས་བསྟན་པར་བྱའོ། །དེ་ཡང་སྒེག་པ་དང་བཅས་པའི་སྨིན་མའི་ཁྲོ་གཉེར་ཅན་སྤྱན་དམར་སེར་གྱིས་ཤིན་ཏུ་འཇིགས་པར་བྱེད་པ། ཕྱག་གཡས་པས་འབར་བའི་རྡོ་རྗེ་རྩེ་ལྔ་པ་གསོར་བ་ལ་བརྩོན་པ། སྔོ་ལ་འབར་བའི་རང་བཞིན་ཅན་འོད་ཀྱི་དཀྱིལ་འཁོར་འབར་ཞིང་འབར་བ། གཡོན་པའི་རྡོ་རྗེ་ཁུ་ཚུར་རྡོ་རྗེ་དྲིལ་བུ་དང་བཅས་པས་རྡོ་རྗེ་བསྙེམས་པ་འཛིན་པ་དཀུ་གཡོན་པར་མཆོད་ཕྱིར་ཐོགས་ཀྱི་ཚུལ་དུ་རྡོ་རྗེ་ཁ་ཊྭཱཾ་གའི་ཕྱག་མཚན་དང་ངེས་པར་སྦྱར་བའི་བ་དན་དང་བཅས་པའི་དྲིལ་བུ་འཆང་བ། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་རང་བཞིན་གྱིས་ སངས་རྒྱས་ཀྱི་གཙུག་གི་ནོར་བུ་དང་བཅས་པའི་ཐོད་པའི་ཕྲེང་བའི་ཅོད་པན་ཅན། སྣ་ཚོགས་པདྨ་ལ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། རྡོ་རྗེ་དྲག་པོའི་གཟུགས་ཅན་གྱི་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་ཕྱག་རྒྱ་ཆེན་པོའོ། །ལྷ་མོ་བཞི་པོ་ནི་གོ་སླའོ། །རྡོ་རྗེ་ཉི་མ་མེ་ལྟར་ 61-1-79b བ་དང་། མདའ་འཛིན་པ་དང་། ཁ་ཊྭཱཾ་ག་འཛིན་པ་དང་བ་དན་སྣ་ཚོགས་འཛིན་མ་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱ་འོག་ནས་སྟོན་པར་འགྱུར་བ་ཡིན་ནོ། །ལྷ་མོ་གཉིས་པའི་དམ་ཚིག་གི་ཕྱག་རྒྱ་ནི་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་ཀཱི་ལི་ཀཱི་ལའི་དམ་ཚིག་ གི་ཕྱག་རྒྱ་གཟུང་བར་བྱའོ། །ཆོས་ཀྱི་ཕྱག་རྒྱ་རྣམས་ནི་རང་རང་གི་སྙིང་པོ་ཁོ་ནའོ། །ལས་ཀྱི་ཕྱག་རྒྱ་ནི་རྡོ་རྗེ་ཉི་མ་མེ་ལྟར་འབར་བ་དང་། མདའ་འཛིན་མ་དང་། ཀཱི་ལ་ཀཱི་ལ་མ་དང་། ཁ་ཊྭཱཾ་ག་འཛིན་མ་དང་། བ་དན་འཛིན་མ་རྣམས་ཀྱིས་ཤེས་པར་བྱའོ། །དེ་ནས་ཇི་ལྟ་བ་བཞིན་དུ་ གཟེངས་བསྟོད་པས་ལུང་བསྟན་པ་བྱིན་ལ། དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པའི་དབུགས་དབྱུང་བ་སྦྱིན་པར་བྱའོ། །དེའི་རྗེས་ལ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་པར་བྱའོ། །དཔལ་མཆོག་དང་པོའི་རྒྱ་ཆེར་འགྲེལ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བ་ཞེས་བྱ་བ་ ལས། རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་ཕྲ་མོའི་ཆོ་གའི་གསང་བའི་དཀྱིལ་འཁོར་གྱི་བཤད་པ་རྫོགས་སོ།། །།དེ་ལྟར་བཅོམ་ལྡན་འདས་ཉི་མ་མེ་ལྟར་འབར་བ་གསང་བའི་དཀྱིལ་འཁོར་གཉིས་པ་བསྟན་ནས་རེ་ཞིག་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་ཀྱི་བསྟན་པར་ བྱ་བའི་ཕྱིར། དེ་ནས་འཕགས་པ་སྤྱན་རས་གཟིགས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་དང་པོ་སྦྱོར་བའི་ཏིང་ངེ་འཛིན་ནི་དཔལ་རྡོ་རྗེ་སེམས་དཔའི་རས་རིས་ཀྱི་དཀྱིལ་འཁོར་ལས་གསུངས་པ་ཁོ་ནའོ། །སྔ་མ་བཞིན་དུ་ཚིགས་སུ་བཅད་པའི་སྔགས་ཀྱིས་རས་རིས་ཀྱི་ དཀྱིལ་འཁོར་རྫོགས་པར་བྱའོ། །དེ་ནས་གནས་ཇི་ལྟ་བ་བཞིན་དུ་རང་རང་གི་སྙིང་པོས་དགོད་པར་བྱ་སྟེ་འདི་ནི་ཏིང་ངེ་འཛིན་གཉིས་པའོ། །དེ་ནས་གདུལ་བ་སྔོན་དུ་འགྲོ་བས་ཏིང་ངེ་འཛིན་གསུམ་པ་ཤེས་པར་བྱའོ། །དེ་ནས་ཀྱི་སྒྲ་ནི་དེ་མ་ཐག་པ་རྗོད་པར་བྱེད་པས་ཏེ་ཏིང་ངེ་ འཛིན་འདས་མ་ཐག་པ་ཁོ་ན་ཞེས་བྱའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མཆོག་ཀྱང་དེ་ཡིན་ལ་གསང་བ་ཡང་དེ་ཉིད་ཡིན་པས་ན་མཆོག་ཏུ་གསང་བས་ཏེ་རས་རིས་ཀྱི་དཀྱིལ་འཁོར་རོ། །སེམས་ཅན་གདུལ་བར་བྱ་བའི་ཕྱིར་དེའི་ཆོ་ག་ནི་བསྒྲུབ་པར་བྱ་བ་དང་སྒྲུབ་པ་ 61-1-80a བསྟན་པ་ཡིན་པའོ། །རས་ལ་བཅོམ་ལྡན་འདས་བྲི་བར་བྱ་ཞེས་བྱ་བ་ནི་རས་ཁོ་ན་ལ་བྲི་བར་བྱའོ། །དེ་གང་ཡིན་ཞེ་ན། པདྨ་གར་གྱི་དབང་ཕྱུག་གཙོ། །ཞེས་བྱ་བ་ལ་པདྨ་ཞི་བའི་གཟུགས་དོན་ཡོད་རྒྱལ་པོས་ཏེ་དོན་ཡོད་ཞགས་པའོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་མཆོག་སྩོལ་ བ་བྲི་བར་བྱའོ། །འཇིག་རྟེན་དབང་ཕྱུག་ཉིད་དབང་ཕྱུག་ཆེན་པོའི་གཟུགས་འཆང་བ་ནི་འཇིག་རྟེན་དབང་ཕྱུག་ཆེན་པོའོ། །གློག་གི་འཁོར་ལོ་ཞེས་བྱ་བ་ལ་སོགས་པ་ལ་རྣམ་པར་འཕྲུལ་པ་ནི་སྒེག་པའི་ཉམས་ཀྱི་དངོས་པོ་སྟོན་པར་བྱེད་པའི་བཞིན་འཛུམ་པ་དང་མཆུ་དང་སོ་དང་། སྨིན་མ་དང་ མིག་ལ་སོགས་པའི་ཕྱག་རྒྱའི་རང་བཞིན་ཅན་ཏེ་དེ་དང་བཅས་པས་གར་མཛད་པའི་ཕྱག་རྒྱ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །གློག་འགྱུ་བ་ལྟར་གར་མཛད་པས་འཁོར་ལོ་བཞིན་དུ་སྐུའི་ཕྱི་རོལ་དུ་བསྐོར་བའི་ཚུལ་གྱིས་འགྱུ་བ་ཡང་དེ་ཡིན་པས་ཡོངས་སུ་བསྐོར་བ་ཡང་དེ་ཉིད་ཡིན་ པས་ན་གློག་གི་འཁོར་ལོ་འགྱུ་བ་ལྟར་བསྐོར་བའོ། །གློག་གི་འཁོར་ལོ་འགྱུ་བ་ལྟར་ཡོངས་སུ་བསྐོར་བ་ཡང་དེ་དག་ཡིན་ལ་རྣམ་པར་འཕྲུལ་པས་གར་མཛད་པ་ཡང་དེ་ཉིད་ཡིན་ནོ་ཞེས་བྱ་བ་ནི་སླར་ཡང་གཞི་མཐུན་པའི་བསྡུ་བའོ། །དེའི་ཕྱིར་ཕྱག་དེ་དག་གི་པདྨ་ལ་སོགས་པའི་ཕྱག་ མཚན་ཡང་དེ་དག་ཉིད་ཡིན་པས་ན་པདྨ་ལ་སོགས་པའི་ཕྱག་མཚན་ཏེ་དེ་རྣམས་འཆང་བ་ནི་འཛིན་པའོ། །ཕྱག་རྒྱ་ནི་ཕྱག་རྒྱ་སྟེ་ཕྱག་རྒྱ་ཆེན་པོ་དེ་གང་གིས་འཁོར་ལོ་ལྟར་མཛད་པ་དེ་ནི་ཕྱག་རྒྱ་འཁོར་ལོ་ལྟར་མཛད་པས་ཏེ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་བྲི་བར་བྱའོ། །འདི་ལྟར་ བཤད་པར་འགྱུར་ཏེ་པདྨ་དང་། རལ་གྲི་དང་། འཁོར་ལོ་དང་། ལྕེ་དང་སྣ་ཚོགས་རྡོ་རྗེ་དང་གོ་ཆ་དང་མཆེ་བ་དང་ཁུ་ཚུར་དང་རྡོ་རྗེ་ལྕགས་ཀྱུ་དང་། མདའ་དང་། ལེགས་པར་སྦྱིན་པ་དང་། རིན་པོ་ཆེ་དང་། ཉི་མ་དང་རྒྱལ་མཚན་དང་། འཛུམ་པ་དང་། ལྕགས་ཀྱུ་དང་། ཞགས་པ་དང་། ལྕགས་སྒྲོག་དང་། དྲིལ་བུ་དང་། ཏྲི་ཤཱུ་ལ་དང་། དབྱུག་པ་དང་། དགྲ་སྟ་དང་། མདུང་དང་། གཞུ་དང་། མདུང་ལ་སོགས་པའི་ཕྱག་མཚན་རྣམས་ཏེ་ཇི་ལྟ་བ་བཞིན་དུ་བཤད་པའི་མཚན་ཉིད་ཅན་གྱི་གར་གྱི་ཚུལ་གྱིས་ཕྱག་རྒྱ་འཁོར་ལོ་ལྟར་མཛད་ཅིང་སྣ་ཚོགས་པདྨའི་གདན་ལ་ 61-1-80b སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་ཟླ་བ་ལྟ་བུའི་འོད་དང་ལྡན་པ། སྤྱན་གསུམ་པ་སངས་རྒྱས་སྐུའི་མཆོག་གིས་དབུ་ལ་མཚན་པ། མཆོག་སྩོལ་བའི་དོན་ཡོད་ཞགས་པ་འཇིག་རྟེན་དབང་ཕྱུག་བྲི་བར་བྱའོ། །དེའི་ཞེས་བྱ་བ་ལ་སོགས་པ་འཇིག་རྟེན་དབང་ཕྱུག་དེའི་ལོགས་ཐམས་ཅད་ དེ་ཕྱོགས་བཞིར་ཁྲོ་གཉེར་མ་ལ་སོགས་པ་བྲི་བར་བྱ་སྟེ་དྲག་མོ་ལ་སོགས་པའི་གཟུགས་དང་ཕྱག་མཚན་གང་ལ་ཡོད་པ་དེ་ནི་དྲག་མོ་ལ་སོགས་པའི་གཟུགས་དང་ཕྱག་མཚན་ཅན་ནོ། །པདྨ་དང་བཅས་པར་བཞུགས་པས་ན་པདྨ་དང་བཅས་པ་སྟེ་པདྨ་རིགས་ཀྱི་ལྷ་མོ་རྣམས་པདྨ་དང་བཅས་པ་ བྲི་བར་བྱའོ། །འདི་ལྟར་འཆད་པར་འགྱུར་ཏེ། ཧཱུཾ་པདྨ་ཙཎྜི་ཤྭ་ར་ཧཱུཾ་ཕཊ་ཅེས་བྱ་བའི་སྙིང་པོ་འདིས་ཇི་ལྟ་བ་བཞིན་དུ་བཤད་པའི་སྐུ་མདོག་དང་དབྱིབས་དང་ལྡན་པའི་དོན་ཡོད་ཞགས་པ་འཇིག་རྟེན་དབང་ཕྱུག་བྲི་བར་བྱ་སྟེ། དེ་ནི་པདྨ་གཅིག་ལ་བཞུགས། །དེ་ཡི་འོད་ཀྱིས་འཁོར་ ལོར་བརྟེན། །དྲག་མོ་སོགས་གཟུགས་ཕྱག་མཚན་ལྡན། །ཁྲོ་གཉེར་མ་སོགས་བྲི་བར་བྱ། །དེ་ལ་གཡས་ལོགས་སུ་པདྨ་ཁྱབ་འཇུག་མ་སྟེ་ཕྱག་གཡས་པས་པདྨ་འཛིན་པ། གཡོན་པས་འཁོར་ལོ་འཛིན་པའོ། །དེ་ཉིད་ཀྱི་གཡས་ལོགས་སུ་ཁྲོ་གཉེར་མ་སྟེ་ཕྱག་གཡས་པས་པདྨ་འཛིན་པ། གཡོན་པས་རྩེ་གསུམ་འཛིན་པའོ། །སླར་ཡང་བཅོམ་ལྡན་འདས་ཀྱི་གཡོན་ལོགས་སུ་གོས་དཀར་མོ་སྟེ་ཕྱག་གཡོན་པས་ཕྲེང་བ་འཛིན་པ། ཕྱག་གཡས་པས་པདྨ་འཛིན་པའོ། །དེ་ཉིད་ཀྱི་གཡོན་ལོགས་སུ་པདྨ་ལ་ཆགས་པ་སྟེ་པདྨ་མདའ་གཞུ་འཛིན་པ་སྟེ། ཧྲཱིཿཞེས་བྱ་བའི་སྙིང་པོ་འདི་ བྲི་བར་བྱའོ། །གནས་གང་དུ་རས་རིས་འདི་བྲི་བར་བྱ་ཞེ་ན། འཁོར་ལོ་དེ་ནི་བརྟན་གནས་སུ། །ཞེས་བྱ་བ་ལ་སོགས་པ་ལ་པདྨའི་རིགས་ཀྱི་དཀྱིལ་འཁོར་དེ་བརྟགས་ཏེ་བྲི་བར་བྱས་ནས་གསང་བའི་དཀྱིལ་འཁོར་བྲི་བར་བྱའོ། །དམ་པ་ནི་ཕུལ་དུ་བྱུང་བའོ། །རས་རིས་འདི་ནི་དབུས་ཀྱི་ དཀྱིལ་འཁོར་གྱི་ལྟེ་བའི་ཕྱོགས་སུ་བྲི་བར་བྱའོ། །དེ་ནས་པདྨའི་སྒེག་མོ་ལ་སོགས་པ་རྣམས་ནི་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་ཆོ་གས་ཕྱིའི་དཀྱིལ་འཁོར་གྱི་མཚམས་རྣམས་སུ་བྲི་བའོ། །སྒོ་བཞི་ལ་ནི་ལྕགས་ཀྱུ་མ་ལ་སོགས་པ་རྣམས་བྲི་བར་བྱའོ། །རྡོ་རྗེ་ 61-1-81a སེམས་དཔའི་རས་རིས་ཀྱི་ཆོ་ག་ནི་མཚོན་ཆ་མཆོག་གི་གོ་ཆ་སྟེ་གོ་ཆ་དེ་ཐམས་ཅད་ནི་རང་གི་ཆོ་ག་རྒྱས་པ་དང་སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་བྱས་པ་དེ་ཁོ་ན་ཉིད་དང་། ཆོས་དང་དམ་ཚིག་རྣམས་སྦྱིན་པར་བྱའོ། །དེ་བཞིན་ཉིད་ནི་དོན་དམ་པ་སྟེ་དེ་ནས་སངས་ རྒྱས་བཅོམ་ལྡན་འདས་ནི་སྤྱན་རས་གཟིགས་ཏེ་དེ་བཞིན་གཤེགས་པ་རྣམས་ཀྱིས་སོ་སོར་གཟིགས་པ་ཡིན་ནོ། །བག་ཆགས་དང་བཅས་པའི་ཉོན་མོངས་པ་གཞན་གྱི་དབང་དུ་མ་གྱུར་པས་ན་དེ་ཉིད་དབང་ཕྱུག་གོ། །དེ་ཉིད་ཀྱི་ཕྱིར་ན་དོན་དམ་པའི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ སྟེ་ས་འོག་མ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གར་མཛད་པ་ཞེས་བྱ་བ་དང་སྦྱར་རོ། །ཁྱད་པར་ཇི་ལྟ་བུ་དང་ལྡན་པ་ཞེ་ན་འདུལ་བའི་ཐབས་ཞེས་བྱ་བ་ལ་སོགས་པ་ལ་སེམས་ཅན་རྣམས་འདིས་འདུལ་བ་སྟེ། འདུལ་བ་ཡང་དེ་ཡིན་ལ་ཐབས་ཀྱང་ དེ་ཉིད་ཡིན་པས་ན་འདུལ་བའི་ཐབས་སོ། །དེ་གང་ཡིན་ཞེ་ན་འདོད་ཆགས་ལ་སོགས་པའི་དྲི་མ་དང་བྲལ་བའི་རོལ་པས་གར་ནི་རོལ་པའི་གར་ཏེ་འཇིག་རྟེན་དབང་ཕྱུག་གི་གཟུགས་འཛིན་པའི་སངས་རྒྱས་བཅོམ་ལྡན་འདས་གར་མཛད་པ་ཡིན་ནོ། །མཆོག་ཀྱང་ཡིན་ལ་རྡོ་རྗེ་ཡང་ཡིན་པས་ན་རོལ་པའི་རྡོ་ རྗེའོ། །གང་ཞིག་དེ་ཁོ་ན་ཉིད་དེ་ནི་མཆོག་གི་རྡོ་རྗེ་སྟེ་ངེས་པར་འབྱིན་པའི་ཤེས་རབ་ཅེས་བྱ་བའི་དོན་ཏོ། །འདིས་པདྨའི་རིགས་ཀྱི་རྣལ་འབྱོར་པས་པདྨ་རྡོ་རྗེ་བླང་བར་བྱའོ། །དེ་ལྟར་དེ་ཁོ་ན་ཉིད་ཀྱིས་པདྨ་བླངས་ཏེ། ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ། །ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ ཕྱིར། ཇི་ལྟར་པདྨ་དམར་པོ་ནི། །ཞེས་བྱ་བ་ལ་སོགས་ཏེ་ཇི་ལྟར་པདྨ་རང་གི་རང་བཞིན་གྱི་ཁ་དོག་དམར་པོས་དམར་བས་ཏེ་ཇི་ལྟ་བ་བཞིན་དུ་བཤད་པའི་འདོད་ཆགས་ཀྱི་སྐྱོན་རྣམས་དང་། སྣ་ཚོགས་པའི་གནས་ཀྱི་ཉེས་པ་རྣམས་འདམ་དང་ཆུ་ལ་སོགས་པའི་སྐྱོན་རྣམས་ཀྱིས་གོས་ པར་མི་འགྱུར་བ་དེ་བཞིན་དུ་དོན་དམ་པར་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པའི་དྲི་མ་དང་བྲལ་བའི་ཁམས་གསུམ་པ་ཡིན་ནོ་ཞེས་བྱ་བ་དྲིལ་བུའི་སྒྲ་དཀྲོལ་བ་བསྐྱེད་ཅིང་། ཆོས་བདག་མེད་པ་ལ་ཆགས་པར་བྱེད་པས་དམར་བ་དང་སེམས་ཅན་གྱི་དོན་མཛད་པ་ལ་ཆགས་པའི་ 61-1-81b བྱང་ཆུབ་སེམས་དཔའ་བསྒོམ་པར་བྱ་བ་ཡིན་ནོ། །འདིས་འདི་ལྟར་བཤད་པར་འགྱུར་ཏེ། ཆོས་བདག་མེད་པའི་ཆགས་པ་ལ་ཆགས་པ་དང་སེམས་ཅན་སྨིན་པ་དང་གྲོལ་བའི་ཆགས་པ་ལ་ཆགས་པའི་བྱང་ཆུབ་སེམས་དཔའ་པདྨ་ལྟར་སྲིད་པའི་སྐྱོན་གྱིས་གོས་པར་མི་འགྱུར་ཞེས་བྱ་བའོ། ། ད་ནི། དམ་ཚིག་གིས་ནི་ཕྱག་རྒྱ་ཆེར། །བྱིན་གྱིས་བརླབས་ནས་སྙིང་པོ་བཟླ། །ཞེས་བྱ་བའི་དོན་འདི་རབ་ཏུ་བསྟན་པར་བྱ་བའི་ཕྱིར། ཆོ་ག་གང་དང་གང་དག་གིས། །ཞེས་བྱ་བ་ལ་གང་དང་གང་གི་རང་བཞིན་གྱི་ཆོ་གས་འགྲོ་བ་སེམས་ཅན་གྱི་ཁམས་འདུལ་བར་གྱུར་པ་དེ་དང་དེས་སྤྱད་པར་ བྱའོ་ཞེས་བྱ་བ་དང་སྦྱར་རོ། །ཆོས་ཐམས་ཅད་རང་བཞིན་གྱིས་དག་པའོ་ཞེས་བྱ་བར་སོ་སོར་རྟོག་པ་ནི་པདྨ་ཐམས་ཅད་དག་པའི་མཆོག་གི་རྣལ་འབྱོར་ཏེ་དེའི་བདག་ཉིད་ནི་དེའི་རང་བཞིན་ནོ། །གཟུགས་དེ་ཉིད་ཀྱིས་སྐུའི་ཕྱག་རྒྱའི་རང་བཞིན་གྱི་བཅོམ་ལྡན་འདས་སྤྱན་རས་གཟིགས་ དབང་ཕྱུག་གིས་འདིར་འགྲོ་བ་སྦྱངས་ཏེ་འདུལ་བ་ལ་རབ་ཏུ་འགོད་པར་མཛད་པ་ཡིན་ནོ་ཞེས་བྱ་བའི་སྒོམ་པ་རྣལ་འབྱོར་པས་བྱའོ། །རྡོ་རྗེ་ཐམས་ཅད་ཀྱི་ཆོས་ཀྱི་དམ་ཚིག་གི་ཞེས་བྱ་བ་ལ་ཐམས་ཅད་ཀྱང་ཡིན་ལ། རྡོ་རྗེ་ཆོས་ཀྱང་ཡིན་པས་ན་ཐམས་ཅད་ཀྱི་རྡོ་རྗེ་ཆོས་ཏེ་པདྨའི་རིགས་ཀྱི་ལྷ་རྣམས་ ཀྱི་སྐུའི་གསང་བའི་རང་བཞིན་ཅན་ནོ། །དེ་རྣམས་ཀྱི་དམ་ཚིག་ནི་འདས་མ་ཐག་ཏུ་བཤད་པའི་སྒོམ་པའོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར་སྒོམ་པ་ནི་འདིས་པདྨའི་རིགས་ཐམས་ཅད་ཀྱི་རྣལ་འབྱོར་པ་རྣམས་ཀྱིས་རང་གི་ལྷའི་ཕྱག་རྒྱ་ཆེན་པོས་བྱིན་གྱིས་བརླབ་པར་བྱའོ་ཞེས་བསྟན་ པར་འགྱུར་རོ། །དེ་ནས་ཇི་ལྟ་བ་བཞིན་དུ་པདྨ་གར་གྱི་མཆོད་པས་ཞེས་བྱ་བ་སོགས་པ་ལ། དེ་ལྟར་སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་རྗེས་སུ་སྤྱད་ནས་གླུ་དང་རོལ་མོའི་ཆོ་གས་དཀྱིལ་འཁོར་ཡང་དག་པར་མཆོད་ལ་དཀྱིལ་འཁོར་བའི་གར་གྱིས་མཆོད་པ་དང་། སྣ་ ཚོགས་པའི་མཆོད་པའི་ཕྱག་རྒྱས་མཆོད་ལ་རྡོ་རྗེ་སེམས་དཔའི་རས་རིས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་པར་བྱའོ། །དཔལ་མཆོག་དང་པོའི་རྒྱ་ཆེར་འགྲེལ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བ་ཞེས་བྱ་བ་ལས་འགྲོ་བ་འདུལ་བའི་རས་རིས་ཀྱི་ 61-1-82a དཀྱིལ་འཁོར་གྱི་བཤད་པ་རྫོགས་སོ།། །།དེ་ལྟར་འགྲོ་བ་འདུལ་བའི་གསང་བའི་དཀྱིལ་འཁོར་བསྟན་ནས་ད་ནི་འཕགས་པ་ནམ་མཁའི་སྙིང་པོའི་དོན་དུ་བསྟན་པར་བྱ་བའི་ཕྱིར། དེ་ནས་བཅོམ་ལྡན་འདས་ནམ་མཁའི་སྙིང་པོའི་དོན་ཐམས་ཅད་གྲུབ་པའི་ཆོ་ག་ཞེས་བྱ་བ་གསུངས་ཏེ་དེ་ ནས་ཀྱི་སྒྲ་ནི་འདས་མ་ཐག་པ་ལ་སྟེ་དང་པོའི་སྦྱོར་བ་དང་དཀྱིལ་འཁོར་རྒྱལ་པོ་མཆོག་དང་། ལས་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་འདས་མ་ཐག་པ་ཁོ་ནའོ། །དེ་ལ་དང་པོ་སྦྱོར་བའི་ཏིང་ངེ་འཛིན་ནི་དཔལ་རྡོ་རྗེ་སེམས་དཔའི་རས་རིས་ཀྱི་དཀྱིལ་འཁོར་ལས་གསུངས་པ་ཁོ་ནའོ། །དེ་ནས་ཇི་ལྟ་ བ་བཞིན་དུ་འཕགས་པ་ནམ་མཁའི་སྙིང་པོའི་རྣལ་འབྱོར་གྱིས་བཅོམ་ལྡན་འདས་ཀྱི་རས་རིས་ཀྱི་དཀྱིལ་འཁོར་སྤྲུལ་ཏེ། རང་གི་སྙིང་པོ་རྣམས་ཀྱིས་གནས་ཇི་ལྟ་བ་བཞིན་དུ་དགོད་པར་བྱ་སྟེ་འདི་ནི་ཏིང་ངེ་འཛིན་གཉིས་སོ། །དེ་ནས་འདུས་པ་སྔོན་དུ་འགྲོ་བས་གསུམ་པ་ཤེས་པར་ བྱས་ཏེ། དམ་ཚིག་དང་དབང་བསྐུར་བ་ཐོབ་པས་བཟླས་པ་དང་བསྒོམ་པ་བྱ་བ་ཡིན་ནོ་ཞེས་བྱ་བའི་ཆོ་ག་རབ་ཏུ་བསྟན་པར་བྱ་བའི་ཕྱིར་སློབ་དཔོན་གྱི་ལས་ཀྱི་ཆོ་ག་སློབ་མ་གཞུག་པ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་སེམས་དཔའ་གསང་བའི་དཀྱིལ་འཁོར་བཞིན་དུ་ཕྱིའི་དཀྱིལ་འཁོར་བྲིས་ ལ། དེའི་ཕྱེད་ཀྱི་ཚད་ཀྱིས་དེའི་དབུས་སུ་ཉི་མའི་དཀྱིལ་འཁོར་བྲིས་ལ་དེའི་སྟེང་དུ་ཆ་བརྒྱད་པའི་ནོར་བུའི་དབྱིབས་ཅན་གྱི་རིན་པོ་ཆེའི་དཀྱིལ་འཁོར་དེ་བཞིན་དུ་བྲིས་ནས་ནང་གི་དཀྱིལ་འཁོར་གྱི་རེའུ་མིག་གི་ས་ལ་བཅོམ་ལྡན་འདས་འཕགས་པ་ནམ་མཁའི་སྙིང་པོ་སྔར་བཤད་པའི་ ཕྱག་རྒྱ་ཆེན་པོས་སྣ་ཚོགས་པདྨའི་གདན་ལ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་བཻ་ཌཱུརྱ་སྔོན་པོ་དང་མཚུངས་པ། ཨོཾ་སརྦ་བཛྲཱ་དྷི་པ་ཏི་སྟྭཾ་ཨ་བྷི་ཤིཉྩཱ་མི་བྷུར་བྷཱུ་བ་སྭཿཞེས་བྱ་བའི་སྙིང་པོ་འདིས་བྲི་བར་བྱའོ། །དེ་ཡི་པདྨ་གཅིག་ལ་བཞུགས། །དེ་ཡི་འོད་ཀྱིས་དཀྱིལ་ འཁོར་བརྟེན། །དབང་བསྐུར་བ་དང་གཏོར་མ་ཉིད། །རྒྱལ་མཚན་མཆོག་མ་མཆོད་ཆེན་མོ། །ཞེས་བྱ་བ་འདི་བྲི་བར་བྱ་སྟེ་དེ་ལ་དེའི་གཡས་ལོགས་སུ་ལྷ་མོ་གཏེར་མ། མ་ཧཱ་བཛྲ་ནི་དྷ་ནེ་ཧཱུཾ་ཞེས་བྱ་བ་སྙིང་པོ་འདིས་བྲི་བར་བྱའོ། །དེའི་ཡང་གཡས་ལོགས་སུ་ལྷ་མོ་ 61-1-82b དབང་བསྐུར་མ། བཛྲ་ཨ་བྷི་ཥི་ཀ་ཛཾ་ཞེས་བྱའོ། །སླར་ཡང་བཅོམ་ལྡན་འདས་ཀྱི་གཡོན་ལོགས་སུ་རྒྱལ་མཚན་ཐོགས་མཆོག་མ་སྟེ། ཨོཾ་བཛྲ་མ་ནི་དྷྭ་ཛཱ་གྲ་ཀེ་ཡུ་རེ་བཾ་ཞེས་བྱ་བའི་སྙིང་པོ་འདིས་སོ། །དེའི་ཡང་གཡོན་ལོགས་སུ་མཆོད་ཆེན་མ་སྟེ། མ་ཧཱ་བཛྲ་མ་ཧཱ་ཧེ་ཧེ་ཧོ་ཞེས་ བྱ་བའི་སྙིང་པོ་འདིས་བྲི་བར་བྱའོ། །དབང་བསྐུར་བ་ནི་རིན་པོ་ཆེའི་ཅོད་པན་འཛིན་པའོ། །གཏེར་གྱི་ལྷ་མོ་ནི་གཏེར་གྱི་བུམ་པ་འཛིན་པའོ། །རྒྱལ་མཚན་མཆོག་མ་ནི་རིན་པོ་ཆེའི་རྒྱལ་མཚན་འཛིན་པའོ། །མཆོད་ཆེན་མ་ནི་དྲ་བ་དང་དྲ་བ་ཕྱེད་པ་དང་གདུ་བུ་དང་། རྣ་ཆ་དང་། དཔུང་ རྒྱན་དང་། རིན་པོ་ཆེ་དང་། ན་བཟའ་ལ་སོགས་པའི་རྒྱན་ཐམས་ཅད་ཀྱིས་ཡོངས་སུ་གང་བའི་རིན་པོ་ཆེའི་སྣོད་འཛིན་མའོ། །ཕྱིའི་དཀྱིལ་འཁོར་གྱི་མཚམས་རྣམས་ལ་རིན་པོ་ཆེའི་སྒེག་མོ་ལ་སོགས་པ་དང་། སྒོ་རྣམས་ལ་སྔར་བཤད་པའི་སྙིང་པོ་རྣམས་ཀྱིས་ལྕགས་ཀྱུ་མ་ལ་ སོགས་པ་རྣམས་བྲི་བར་བྱའོ། །དེ་ནས་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་ཆོ་གས་རང་གི་ཆོ་ག་ཐམས་ཅད་དང་། སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། སློབ་མ་རྣམས་ལ་རྡོ་རྗེ་རིན་པོ་ཆེ་དེ་ཁོ་ན་ཉིད་སྦྱིན་པར་བྱའོ། །དེ་ལ་དེ་ཁོ་ན་ཉིད་ནི་འདི་ ཡིན་ཏེ་ཉི་མ་འདི་ནི་ཞེས་བྱ་བ་ལ་སོགས་པ་ལ་གང་ཞིག་སྔར་བསྟན་པའི་འཕགས་པ་ནམ་མཁའི་སྙིང་པོ་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་མཛད་པ་ཡིན་ནོ། །འདིས་ནི་དེ་ལྟར་བཤད་པར་འགྱུར་ཏེ། དེ་བཞིན་གཤེགས་པ་ཁོ་ན་འཕགས་པ་ནམ་མཁའི་ སྙིང་པོའི་གཟུགས་ཀྱིས་སེམས་ཅན་ཐམས་ཅད་ལ་འཁོར་བ་ཇི་སྲིད་ཀྱི་བར་དུ་བསམ་པ་ཡོངས་སུ་རྫོགས་པར་མཛད་པའི་ཕྱིར་བཞུགས་སོ་ཞེས་བྱ་བའི་དོན་ནོར་བུའི་རིགས་ཀྱི་ཕྱག་མཚན་རྡོ་རྗེ་རིན་པོ་ཆེས་བསྟན་པ་ཡིན་ནོ་ཞེས་བྱའོ། །ད་ནི་ཆོས་ཀྱི་དྲིལ་བུ་དཀྲོལ་བ་ཞེས་བྱ་བ བསྟན་པར་བྱ་བའི་ཕྱིར་བསམ་པ་ཀུན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསམ་པ་གྲུབ་པ་ཡང་དེ་ཡིན་ལ་ཐམས་ཅད་ཀྱང་དེ་ཉིད་ཡིན་པས་ན་བསམ་པ་གྲུབ་པ་ཐམས་ཅད་དེ། ནོར་བུའི་རིགས་དང་ཐ་མི་དད་པའི་དངོས་གྲུབ་ཐམས་ཅད་དོ། །དེ་རྣམས་ཀྱི་ནང་ན་ནོར་གྱི་ 61-1-83a བསམ་པ་སྒྲུབ་པ་གང་ཡིན་པ་དེ་ནི་མཆོག་སྟེ་སེར་སྣའི་དྲི་མ་བསལ་བས་གཉིས་སུ་མེད་པ་ཉིད་ཀྱི་ཕྱིར་ནོར་བུའི་རིགས་ཀྱི་དངོས་གྲུབ་བོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཞེས་བྱ་བ་ནོར་བུའི་རིགས་ཀྱི་དངོས་གྲུབ་དེ་ཡང་འདོད་པ་རབ་ཏུ་གྲུབ་པར་བྱ་བའི་ཕྱིར་བསྒྲུབ་པར་བྱ་སྟེ། བྱང་ ཆུབ་ཆེན་པོའི་སེམས་རྫོགས་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་འདོད་པས་རབ་ཏུ་གྲུབ་པའི་ཕྱིར་བསྒྲུབ་པར་བྱ་ཞེ་ན། འདོད་ལས་ཐར་བ་ཞེས་བྱ་བ་ལ་སོགས་པ་ལ། གང་གི་ཕྱིར་བྱང་ཆུབ་ཆེན་པོའི་སེམས་མངོན་དུ་བྱ་བའི་རང་བཞིན་གྱི་འདོད་པ་ལས་ཐོག་མ་དང་ཐ་མ་ མེད་པའི་ཆོས་ཀྱི་དབྱིངས་ཀྱི་ཐར་པ་མངོན་དུ་བྱེད་པར་འགྱུར་བ་དེའི་ཕྱིར་རོ། །གང་ཞིག་ཐར་པ་དེ་ཉིད་ནི་ཟག་པ་མེད་པའི་བདེ་བ་དང་ཡིད་བདེ་བ་རང་གི་ངོ་བོ་མ་སྤངས་པའི་རང་བཞིན་ཡིན་ནོ། །ད་ནི། དམ་ཚིག་གིས་ནི་ཕྱག་རྒྱ་ཆེར། །བྱིན་གྱིས་བརླབ་པ་ཞེས་བྱ་བ་བསྟན་པའི་ཕྱིར། དམན་མིན་རྣམས་ཀྱང་ཞེས་བྱ་བ་སོགས་པ་གསུངས་ཏེ་དེ་ལ་དམན་ནི་མི་རྟག་པ་དང་། སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པ་ལ་སོགས་པ་སྒོམ་པའི་རང་བཞིན་ཏེ་མདོ་སྡེ་པ་ལ་རབ་ཏུ་གྲགས་པ་བརྗོད་པ་ཡིན་ནོ། །དམན་མ་ཡིན་པ་ནི་དམན་མིན་ཏེ་ཡང་དག་པའི་སྦྱོར་བའི་སྒོམ་ པའི་རང་བཞིན་ཅན་རྣམས་ཏེ། དེའི་དངོས་པོ་ལས་བྱུང་བའི་བདེ་བ་རྣམས་ནི་འདོད་པ་ཀུན་གྱི་བདེ་བ་རྣམས་ཏེ་རྡོ་རྗེ་ཐེག་པ་ལ་མ་མོས་པའི་བདེ་བ་ལ་རབ་ཏུ་གྲགས་པ་ཉིད་ཀྱིས་དེ་རྣམས་འདོད་ཆགས་སྤངས་པའི་ཕྱིར་མན་ངག་དང་སྒོམ་པ་དག་གིས་རྣལ་འབྱོར་པ་རྣམས་ལ་སྦྱིན་པར་བྱའོ། ། དེ་རྣམ་པ་གང་དག་ལ་སྦྱིན་པར་བྱ་ཞེ་ན། བདག་ཉིད་དང་ནི་ཞེས་བྱ་བ་ལ་སོགས་པ་ལ་བདག་ཉིད་ལ་སྒོམ་པའི་དུས་དང་གཞན་རྣམས་ལ་སེམས་ཅན་གྱི་ཁམས་མ་ལུས་པ་ལ་ནོར་བུའི་རིགས་གྲུབ་ནས་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་དོན་དུའོ། །འདི་ལྟར་བཤད་པར་འགྱུར་ ཏེ་ནོར་བུའི་རིགས་ཀྱི་རྣལ་འབྱོར་པས་རང་གི་ལྷའི་ཕྱག་རྒྱ་ཆེན་པོ་བཅིངས་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་ནོར་བུའི་རིགས་ཀྱི་དཀྱིལ་འཁོར་རྫོགས་པར་བྱས་ནས་དེས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་སེམས་ 61-1-83b ཅན་གྱི་ཁམས་ཡང་དག་པར་སྦྱོར་བའི་བསྒོམ་པས་ནོར་བུའི་རིགས་ཀྱི་རང་བཞིན་དུ་རྫོགས་པར་བྱས་ལ། བྱ་བ་བྱས་པ་ལྟར་དེའི་རང་བཞིན་ཅན་དུ་དེ་དག་ཉིད་རྣམ་པར་བསམས་ཏེ་བསྒོམ་པར་བྱའོ་ཞེས་བྱ་བའོ། །དེ་ལྟར་ཞེས་བྱ་བ་དེ་ནི་དེ་ལྟ་བུའོ། །མཆོག་ཀྱང་ཡིན་ལ་གསང་བ་ཡང་ དེ་ཉིད་ཡིན་པས་ན་མཆོག་ཏུ་གསང་བས་ཏེ་ནོར་བུའི་རིགས་ཀྱི་གསང་བའི་དཀྱིལ་འཁོར་རོ། །དེའི་ཚུལ་ནི་ཇི་ལྟ་བ་བཞིན་དུ་བཤད་པའི་བསྒྲུབ་པར་བྱ་བ་དང་སྒྲུབ་པའི་ཆོ་གའོ། །མཆོག་ནི་ནམ་མཁའི་སྙིང་པོ་སྟེ་དེའི་ཆོ་ག་རྒྱས་པ་ནི་བསྒྲུབ་པར་བྱ་བ་དང་སྒྲུབ་པའི་རྒྱུད་འདས་མ་ཐག་ཏུ་དེ་ ལྟར་བཤད་པ་བསྟན་ནས། བཅོམ་ལྡན་འདས་ཀྱིས་ཚུལ་གྱི་ཆོ་ག་རྒྱས་པར་གསུངས་པ་ཡིན་གྱི་གཞན་གྱིས་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །ཅིའི་དོན་དུ་ཞེ་ན་མཆོག་འདི་ཞེས་བྱ་བ་ནི་གང་གི་ཕྱིར་ཚུལ་འདི་མཆོག་ཡིན་པས་ན་དེའི་ཕྱིར་རོ། །འདི་ཉིད་ཀྱང་ཅིའི་ཕྱིར་ ཞེ་ན། དེ་ནི་ཞེས་བྱ་བ་ལ་གང་གི་ཕྱིར་སྒྲུབ་པ་པོ་དེ་ནོར་བུའི་རིགས་ཀྱི་རྟོག་པའི་མཆོག་ཏུ་གྱུར་པའི་དངོས་གྲུབ་གྱི་ཚུལ་འདི་ཉིད་ཀྱིས་ཁྱད་པར་དུ་ཐོབ་པར་འགྱུར་བའི་ཕྱིར་རོ། །རྟོག་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་རྟོག་པ་ཐམས་ཅད་དེ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ གསང་བའི་དཀྱིལ་འཁོར་གྱི་རང་བཞིན་ནོ། །དེ་རྣམས་ཀྱི་སྒྲུབ་པའི་ཆོ་ག་ནི་སློབ་དཔོན་གྱི་ལས་དང་སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པའོ། །དཔལ་མཆོག་དང་པོའི་རྒྱ་ཆེར་བཤད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བ་ཞེས་པ་ལས་ནོར་བུའི་རིགས་ཀྱི་རས་རིས་ཀྱི་ དཀྱིལ་འཁོར་གྱི་བཤད་པ་རྫོགས་སོ།། །།དེ་ལྟར་རྟོག་པ་ཐམས་ཅད་ཀྱི་རྒྱུད་ཕྱི་མའི་རྩ་བའི་རྒྱུད་དང་། རྟོག་པ་ཐམས་ཅད་ཀྱི་སྒྲུབ་པའི་ཆོ་ག་བསྟན་ནས་ད་ནི་བདག་བྱིན་གྱིས་བརླབ་པའི་རྣལ་འབྱོར་གྱི་ཕྱག་རྒྱ་ཐབས་ཀྱི་རང་བཞིན་ཅན་རྣམས་ཀྱིས་རྟོག་པ་ཐམས་ཅད་ཀྱི་དངོས་གྲུབ་ཐོབ་ པ་ཡིན་ནོ་ཞེས་པའི་དོན་འདི་བསྟན་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་དེ་ནས་ཀྱི་སྒྲ་ནི་སྐབས་སུ་བབ་པ་ལ་སྟེ། བདག་བྱིན་གྱིས་བརླབ་པ་ལ་སོགས་པའི་རྣལ་འབྱོར་གྱི་ཕྱག་རྒྱའི་སྐབས་སུ་བབ་པའོ་ཞེས་བྱ་བའི་དོན་ཏོ། །དངོས་གྲུབ་ཆེན་པོ་ཡང་དེ་ 61-1-84a ཉིད་ཡིན་ལ་ཐམས་ཅད་ཀྱང་དེ་ཉིད་ཡིན་པས་ན་དངོས་གྲུབ་ཆེན་པོ་ཐམས་ཅད་དེ། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་རྣམས་ཐོབ་པའོ། །དེ་རྣམས་སྒྲུབ་པ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བཅིང་བ་དང་རྣལ་འབྱོར་སྒོམ་པ་དང་། བདག་ལ་བྱིན་ གྱིས་བརླབ་པ་ལ་སོགས་པ་སྟེ། དེས་མཆོག་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཐབས་རྣམས་ཀྱི་དམ་པའོ། །དངོས་གྲུབ་ཐམས་ཅད་ཀྱིས་མི་འགྱུར་བའི་བདེ་བ་དང་ལྡན་པས་ན་བདེ་བ་ཆེན་པོའོ། །རྡོ་རྗེ་སེམས་དཔའ་ནི་ཇི་ལྟ་བ་བཞིན་དུ་བཤད་པའི་མཚན་ཉིད་ཅན་ནོ། ། ནམ་མཁའི་ཁམས་ཐམས་ཅད་ལ་རྟག་ཏུ་བཞུགས་པའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་རང་བཞིན་ཅན་གྱི་ཕྱག་རྒྱ་ཆེན་པོ་གང་ལ་མངའ་བ་དེ་ནི་ཕྱག་རྒྱ་ཆེའོ། །དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་དང་། ཆོས་དང་ལས་ཀྱི་ཕྱག་རྒྱ་རྣམས་ནི་རྟོག་པ་ ཐམས་ཅད་དེ་མཆོག་ཏུ་གྱུར་པ་དེ་རྣམས་ཀྱི་དངོས་གྲུབ་ནི་དེའི་རང་བཞིན་རྣལ་འབྱོར་པ་རྣམས་ཀྱིས་ཐོབ་པའི་དོན་གྱིས་ན། རྟོག་པ་ཀུན་མཆོག་གྲུབ་པའི་ཕྱིར། །ཕྱག་རྒྱ་དེ་རྣམས་གྲུབ་པར་མཛད་པའོ་ཞེས་བྱ་བ་དང་སྦྱར་རོ། །རྒྱུ་གང་གི་ཕྱིར་ཞེ་ན་སྣོད་མ་ཡིན་པ་ཞེས་བྱ་བ་ལ་སོགས་པ་ ལ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་མ་ཐོབ་པའི་བག་ཆགས་དང་བཅས་པ་དང་བྲལ་བའི་སེམས་ཅན་རྣམས་ནི་སྣོད་མ་ཡིན་པ་སྟེ་སྣོད་མ་ཡིན་པའི་སེམས་ཅན་དེ་རྣམས་ལའོ། །སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་ལ་སོགས་པའི་མི་དགེ་བའི་ལས་ཀྱི་ལམ་བཅུ་ལ་རབ་ཏུ་ ཞུགས་པ་ནི་སྡིག་པ་ཐམས་ཅད་བྱེད་པའོ། །སྡིག་པ་ཐམས་ཅད་བྱེད་པ་དེ་རྣམས་ཉེ་བར་སྤྱོད་པའི་མུན་པས་བསྒྲིབས་པས་མུན་པ་ལ་གནས་པའི་མེ་ལོང་གི་དཀྱིལ་འཁོར་བཞིན་དུ་རང་གི་གཟུགས་བརྙན་མཐོང་བ་ལ་སོགས་པས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སེམས་ དཔའ་ཆེན་པོ་རྣམས་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་རང་བཞིན་གྱི་དོན་མཛད་པ་མ་ཡིན་པའི་ཕྱིར་རོ། །ལྷག་པར་མོས་པའི་མིག་དང་བྲལ་བས་ན་མི་མཐོང་བ་ནི་ལོང་བའོ། །མི་མཐོང་བའི་ལོང་བ་དེ་རྣམས་དང་བར་བྱེད་པས་ན་བསོད་ནམས་ཏེ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་ 61-1-84b པའི་སྒོམ་པ་དང་བྱམས་པ་ལ་སོགས་པའི་སྒོམ་པའོ། །ཡང་དང་ཡང་དུ་རྣམ་པར་སྦྱོང་ཞིང་ངེས་པར་ལེགས་པར་སྦྱོང་བར་བྱེད་པས་ན་བསོད་ནམས་སོ་ཞེས་བྱ་བའི་དོན་ཏོ། །བསོད་ནམས་མ་ཡིན་པ་ནི་བསོད་ནམས་མིན་པ་སྟེ། མི་དགེ་བའི་ལས་ཀྱི་ལམ་བཅུའོ། །དེ་རྣམས་ཉིད་བར་ མཚམས་མེད་པར་བཞུགས་པས་ན་ཚོགས་ཏེ་གྲོང་ཁྱེར་གྱི་ཆུའི་ཚོགས་བཞིན་ནོ། །དེ་གང་ལ་ཡོད་པ་དེ་ནི་བསོད་ནམས་མ་ཡིན་པའི་ཚོགས་དང་ལྡན་པའོ། །བསོད་ནམས་མ་ཡིན་པའི་ཚོགས་དང་ལྡན་པ་དེ་རྣམས་ལ་རྟག་ཏུ་དུས་ཐམས་ཅད་དུ། རྡོ་རྗེ་སེམས་སོགས་སེམས་ དཔའ་མཆོག །མཐོང་བ་ཐབས་ཀྱི་རྒྱུར་གྱུར་པ། །ཞེས་བྱ་བ་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཡང་དེ་རྣམས་ཡིན་ལ་སེམས་དཔའ་མཆོག་ཀྱང་དེ་ཉིད་ཡིན་པས་ན་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སེམས་དཔའ་མཆོག་སྟེ་རིགས་ལྔའི་ལྷ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་ ཅན་ནོ། །དེ་རྣམས་མཐོང་བ་ནི་གདུལ་བྱ་རྣམས་ཀྱིས་དམིགས་པའོ། །དེའི་ཐབས་ཀྱི་རྒྱུ་ཡིན་པས་མཐོང་བའི་ཐབས་ཀྱི་རྒྱུའོ། །རྡོ་རྗེ་སེམས་དཔའ་ལ་སོགས་པའི་སེམས་དཔའ་མཆོག་རྣམས་མཐོང་བའི་ཐབས་ཀྱི་རྒྱུའོ། །རྡོ་རྗེ་སེམས་སོགས་སེམས་དཔའ་མཆོག ། མཐོང་བའི་ཐབས་ཀྱི་རྒྱུར་གྱུར་པའོ། །རྡོ་རྗེ་སེམས་དཔའ་ལ་སོགས་པའི་སེམས་དཔའ་མཆོག་ནི་ཇི་ལྟ་བ་བཞིན་དུ་བཤད་པ་སྟེ། དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་ནི་རྡོ་རྗེ་སྟེ་དེ་ཉིད་སྐུ་གསུང་ཐུགས་ཀྱི་རྡོ་རྗེའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དེ་ཉིད་ཀྱིས་བཅིང་བ་ནི་ཕྱག་རྒྱ་བཅིང་བའོ། ། དམ་ཚིག་ཀྱང་དེ་ཡིན་ལ་མཆོག་ཀྱང་དེ་ཉིད་ཡིན་པས་ན་དམ་ཚིག་མཆོག་སྟེ་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དམ་ཚིག་གི་ཕྱག་རྒྱའོ། །ཅིའི་ཕྱིར་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་འཆིང་བ་དམ་ཚིག་མཆོག་རྣམས་ཀྱི་དམ་ཚིག་ཡིན་ཞེ་ན། འདའ་བར་དཀའ་བའོ་ ཞེས་བྱ་བ་ལ་གང་གི་ཕྱིར་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་བཅིང་བ་འདི་ནི་དམ་ཚིག་ཡིན་ནོ། །འདི་ལྟར་འཆད་པར་འགྱུར་ཏེ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལ་ལྷག་པར་མོས་པས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་ལ་སོགས་པའི་ཕྱག་ 61-1-85a རྒྱ་རྣམས་བཅིང་བ་གང་ཡིན་པ་དེ་ཉིད་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སེམས་དཔའ་མཆོག་མཐོང་བའི་ཐབས་ཀྱི་རྒྱུ་ཡིན་ནོ། །གསང་བའི་དབྱེ་བས་རྒྱུ་རྣམས་ཞེས་གསུངས་སོ། །གང་གི་ཕྱིར་དེ་རྣམས་ཕྱག་རྒྱ་ཞེས་བྱ་བ་བརྗོད་པ་ཡིན་ཞེ་ན། རྡོ་རྗེ་སེམས་ དཔའ་ཞེས་བྱ་བ་ལ་སོགས་པ་ལ་ཇི་ལྟ་བ་བཞིན་དུ་བཤད་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་ཀྱི་སྐུ་ཞེས་བྱ་བའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སྟེ་དེ་རྣམས་རྡོ་རྗེ་བཞིན་དུ་མི་ཕྱེད་པས་ཤིན་ཏུ་བརྟན་པ་སྟེ། རྒྱུ་དེའི་ཕྱིར་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དེའི་རང་བཞིན་ཅན་གྱི་ཕྱག་རྒྱ་ཞེས་བྱ་བ་ཀུན་ དུ་བཤད་པ་ནི་བསྟན་པ་སྟེ། ལུས་ཅན་རྣམས་ཀྱིས་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཐམས་ཅད་གྲུབ་པའི་ཕྱིར་དེ་ལྟར་གྱུར་པའི་ཕྱག་རྒྱ་དེ་རྣམས་སྤྲུལ་པ་ནི་སྤྲོ་བར་མཛད་པ་ཡིན་ནོ། །སླར་ཡང་ཕྱག་རྒྱ་དེ་རྣམས་ཀྱི་ཁྱད་པར་བསྟན་པར་བྱ་བའི་ཕྱིར། གང་ཞིག་ཅེས་བྱ་བ་ལ་སོགས་པ་ གསུངས་ཏེ། ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་རྣམས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལ་ལྷག་པར་མོས་པས་བཟུང་བ་ཙམ་གྱི་སྒྲུབ་པ་པོ་རྣམས་ཀྱིས་བཅིངས་ནས་མངོན་དུ་བྱས་ན་རྡོ་རྗེ་སེམས་དཔའ་ལ་སོགས་པ་ནི་མཆོག་སྟེ་ཕུལ་དུ་བྱུང་བ་ རྣམས་བསྡུས་པར་འགྱུར་རོ། །མཆོག་ནི་དམ་པའོ། །མཐོང་ཞིང་མངོན་པར་མཐོང་བ་ཉིད། །ཅེས་བྱ་བ་ནི་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་ཕྱག་རྒྱ་རྣམས་གཟུགས་བརྙན་གྱི་ཚུལ་དུ་བཅིངས་པ་ཙམ་ཉིད་ཀྱིས་དེ་དག་བསྡུས་པར་འགྱུར་རོ། །ནིའི་སྒྲ་ནི་གང་གི་ཕྱིར་གྱི་དོན་ཏེ་གང་གི་ཕྱིར་ཕྱག་རྒྱ་བཅིངས་ པ་ཙམ་གྱིས་དེ་དག་བསྡུས་པར་འགྱུར་བ་དེའི་ཕྱིར་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སེམས་དཔའ་རྣམས་སྒྲུབ་པ་པོ་ལ་འགྲུབ་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་ཉམས་པས་འཇིགས་པ་ནི་དམ་ཚིག་ཉམས་པས་འཇིགས་པའོ། ། དེ་དག་ཅིའི་ཕྱིར་དམ་ཚིག་ཉམས་པས་འཇིགས་ཤེ་ན། ཇི་ལྟར་འཁོར་ལོས་སྒྱུར་བ་རྣམས་ཀྱི་གདུ་བུའི་ཕྱག་རྒྱས་རྒྱས་བཏབ་པའི་རྟགས་ཀྱི་ཕྱག་རྒྱ་དེའི་ཡུལ་ན་གནས་པ་རྣམས་ཀྱིས་འདའ་བར་དཀའ་བས་ཏེ། འདའ་བར་མི་ནུས་པ་དེ་བཞིན་དུ། སྐུ་གསུང་ཐུགས་ 61-1-85b ཀྱི་རྡོ་རྗེ་སྟོན་པར་བྱེད་པའི་ཕྱག་རྒྱ་དེའི་སྒོམ་པས་རྣལ་འབྱོར་པ་རྣམས་ཀྱིས་བཅིངས་པ་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་འདའ་བར་མི་སྤྱོད་དོ། །གལ་ཏེ་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་སྒོམ་པས་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བཅིང་བ་རྒྱལ་བ་ཐམས་ཅད་ཀྱིས་ཀྱང་འདའ་བར་མི་སྤྱོད་པ་ དེ་ལྟར་ཡིན་པས་ན་སྒོམ་པ་ཁོ་ན་གཙོ་བོར་གྱུར་པ་ཡིན་གྱི་ཕྱག་རྒྱའི་བཅིང་བ་ཅི་ཞེས་བྱ་བའི་རྣམ་པར་རྟོག་པ་འདི་ཡིན་པས་སངས་རྒྱས་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །གང་ལ་ཇི་ལྟ་བུའི་དངོས་གྲུབ་གྲུབ་པར་འགྱུར་ཞེས་བྱ་བའི་རྣམ་པར་རྟོག་པ་འདི་ཇི་ལྟར་ཞེས་བྱ་བ་ལ་ སོགས་པ་གསུངས་ཏེ། འདོད་ཆགས་ལ་སྤྱོད་པའི་སེམས་ཅན་གང་ཡིན་པ་དེ་ནི་དཔལ་རྡོ་རྗེ་སེམས་དཔའི་སྒེག་པའི་སྤྱོད་པ་གང་ཡིན་པས་འདུལ་བ་དེ་ལྟར་གང་ཞིག་ཇི་སྲིད་སེར་སྣས་ཟིལ་གྱིས་མནན་པ་དེ་ནི་འཕགས་པ་ནམ་མཁའི་སྙིང་པོས་འདུལ་བ་འདིས་འདུལ་བར་མཛད་པའི་ ཕྱིར་རོ། །དེ་གང་ལ་ཡོད་པ་དེ་ནི་ཇི་ལྟར་འཇིག་རྟེན་འདུལ་བ་དང་ལྡན་པའོ། །འཇིག་རྟེན་ནི་སེམས་ཅན་གྱི་ཁམས་སོ། །དེ་ལྟར་དངོས་གྲུབ་གསུངས་པ་ཡིན། །ཞེས་བྱ་བ་ཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན་ནོ། །ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་ནི་དངོས་ གྲུབ་དེའི་ཐབས་དེ་ཐོབ་པའི་རྒྱུའོ། །དེ་ཡང་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་སྒྲུབ་པར་བྱེད་པས་ན་དངོས་གྲུབ་ཐམས་ཅད་བྱེད་པའོ། །མཆོག་ཏུ་ཕུལ་དུ་བྱུང་བའོ། །ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་གང་ཞིག་བཅིངས་པ་ཙམ་གྱིས་བསྡུས་པ་སྟེ། བདེ་བ་ཆེན་ པོ་ནི་གཉིས་སུ་མེད་པའི་རང་བཞིན་ཅན་གྱི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བྱོན་ཏེ་རང་གི་སྐུ་གསུང་ཐུགས་ཀྱི་རྡོ་རྗེར་བྱིན་གྱིས་བརླབས་པ་བརྟག་པ་མཛད་པ་མིན་ནོ། །སྐད་ཅིག་མས་ཞེས་བྱ་བ་སྐད་ཅིག་མ་ཉིད་དུ་སྟེ་ཡུན་རིང་པོས་ནི་མ་ཡིན་ནོ། ། དེ་ཉིད་ཀྱི་ཕྱིར་དེ་དག་མཆོག་གི་ཐབས་ཡིན་ནོ། །དེ་ནས་འདི་གསུངས་ནས་བཅོམ་ལྡན་འདས་ཀྱིས་མཆོག་གི་རྒྱུད་ཕྱི་མ་བྱིན་གྱིས་བརླབ་པ་མཛད་པ་ཡིན་ནོ་ཞེས་བྱ་བ་དང་སྦྱར་རོ། །དེ་ཁྱད་པར་ཇི་ལྟ་བུ་དང་ལྡན་པ་ཡིན་ཞེས་བྱ་བ་དེའི་ཁྱད་པར་བསྟན་པར་བྱ་བའི་ཕྱིར་མཆོག་ཏུ་ཞེས་བྱ་ 61-1-86a བ་ལ་སོགས་ཏེ་མཆོག་ནི་བཤད་ཟིན་ཏོ། །འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་འགོག་པ་ལ་རབ་ཏུ་ཞུགས་པས་ན་མཁས་པའོ། །ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་འཇིག་རྟེན་པའི་ལམ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པས་ན་ཕྲ་བའོ། ། ནམ་མཁའི་ཁམས་ཐམས་ཅད་དུ་རྟག་ཏུ་བཞུགས་པའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི་རྒྱ་ཆེ་བའོ། །ངེས་པར་འབྱིན་པའི་ཡེ་ཤེས་ཀྱི་རང་བཞིན་ཉིད་ཀྱིས་བསམ་པར་མི་ནུས་པས་ན་བསམ་གྱིས་མི་ཁྱབ་པའོ། །མཆོག་ཀྱང་དེ་ཡིན་ལ་མཁས་ཤིང་ཕྲ་བ་ཡང་དེ་ཉིད་ཡིན་ཞིང་རྒྱ་ཆེ་བ་དང་ ཟབ་པ་དང་། བསམ་གྱིས་མི་ཁྱབ་པ་དེ་ཡིན་པས་ན་མཆོག་ཏུ་མཁས་ཤིང་ཕྲ་ལ་རྒྱ་ཆེ་ཞིང་ཟབ་ལ་བསམ་གྱིས་མི་ཁྱབ་པའོ། །བག་ཆགས་དང་བཅས་པའི་ཉོན་མོངས་པ་དང་བྲལ་བས་ན་མཆོག་ཏུ་རྣམ་པར་དག་པའོ། །ཐོག་མ་དང་ཐ་མ་མེད་པ་ནི་བཤད་ཟིན་ཏོ། །ཐོག་མ་དང་ ཐ་མ་མེད་པ་ཉིད་ཀྱི་ཕྱིར་མི་ཟད་པའོ། །དེ་ཉིད་མི་འཇིག་པའོ། །འདོད་པའི་དངོས་གྲུབ་ངེས་པར་སྟེར་བས་ན་གདོན་མི་ཟ་བའོ། །དེ་ཉིད་ཀྱི་ཕྱིར་ཐོགས་པ་མེད་པའོ། །དེ་ནི་དེ་ལྟར་གྱུར་པ་གཅིག་པུར་མ་ཟད་ཀྱི་ཤིན་ཏུ་ཕུལ་དུ་བྱུང་བས་མཆོག་གི་ཆོས་ཀྱི་དབྱིངས་ལ་ཆགས་པ་ཉིད་དོ། ། མ་ལུས་པ་ནི་རིགས་ལྔའི་ལྷ་རྣམས་ཀྱི་བདེ་བ་ཆེན་པོ་དང་ཡིད་བདེ་བ་ཐམས་ཅད་ཀྱི་མཆོག་ཏུ་རྟག་པ་དང་ཐོག་མ་དང་ཐ་མ་མེད་པའོ། །ཅི་མཛད་ནས་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབ་པ་མཛད་པ་ཡིན་ཞེ་ན་མ་ལུས་ཤིང་ལུས་པ་མེད་པ་ལ་སོགས་པ་ལ། རྡོ་རྗེ་དབབ་པ་རྣམས་ཀྱིས་ རབ་ཏུ་སད་པར་མཛད་ཅིང་ཞེས་བྱ་བ་དང་སྦྱར་རོ། །མ་ལུས་ཤིང་ལུས་པ་མེད་པའི་སྒྲ་ནི་བཤད་ཟིན་ཏོ། །མ་ལུས་ཤིང་ལུས་པ་མེད་པ་ཡང་དེ་ཡིན་ལ་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱང་དེ་ཉིད་ཡིན་པས་ན་མ་ལུས་ཤིང་ལུས་པ་མེད་པའི་སེམས་ཅན་གྱི་ཁམས་ཐམས་ཅད་དོ། །དེའི་ མཆོག་ཏུ་ཕུལ་དུ་བྱུང་བ་ནི་ཐམས་ཅད་ཀྱི་དམ་པ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་གྲུབ་ཆེན་པོ་རྫོགས་པ་སྟེ། དེའི་དབང་ཕྱུག་ཆེན་པོ་ཉིད་ནི་མ་ལུས་ཤིང་ལུས་པ་མེད་པའི་ཁམས་གསུམ་པའི་ཆོས་ཀྱི་རྒྱལ་སྲིད་དེ། དེ་རྫོགས་པའི་ཕྱིར་མཆོག་ཏུ་མི་འགྱུར་བ་ 61-1-86b ནི་ཐོག་མ་དང་ཐ་མ་མེད་པའི་རིགས་ཀྱི་ལྷ་ཐམས་ཅད་ཀྱི་བདེ་བ་དང་ཡིད་བདེ་བ་ཐམས་ཅད་ཀྱི་རང་བཞིན་ཅན་གྱི་བྱང་ཆུབ་ཆེན་པོའི་སེམས་དང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཅན་གྱི་མཆོག་གི་དངོས་གྲུབ་ ཐམས་ཅད་ཀྱི་ཡང་མཆོག་ནི་དམ་པའོ། །རྡོ་རྗེ་འབེབས་པ་ནི་རིགས་ཀྱི་ལྷ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས་སྒྲུབ་པ་པོའི་རྒྱུད་ལ་ཞུགས་པ་གང་ཡིན་པ་དེ་དག་གིས་དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པའི་སེམས་ཅན་གྱི་ཁམས་རབ་ཏུ་སད་པར་མཛད་ཅིང་མཆོག་གི་ རྒྱུད་ཕྱི་མ་བྱིན་གྱིས་བརླབ་པ་ཡིན་ནོ། །དེ་མིང་ཇི་ལྟ་བུ་དང་ལྡན་པ་ཡིན་ཞེ་ན། བདེ་བ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ་བདེ་བ་ཡང་ཡིན་ལ་ཆེན་པོ་ཡང་དེ་ཉིད་ཡིན་པས་བདེ་བ་ཆེན་པོ་སྟེ་རིགས་ཀྱི་ལྷ་ཐམས་ཅད་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེ་ལས་བྱུང་བའི་རིགས་ཐམས་ཅད་ ཀྱི་ཕྱག་མཚན་ནི་རྡོ་རྗེའོ། །གདུལ་བྱ་རྣམས་ཀྱིས་མངོན་པར་འདོད་པའི་དངོས་གྲུབ་ངེས་པར་རྫོགས་པར་མཛད་ནས་དེའི་ཕྱིར་དོན་ཡོད་པ་ཡིན་ནོ། །སྐྱེ་བོ་ཐམས་ཅད་ཀྱི་ཐུན་མོང་མ་ཡིན་པའི་ཕྱིར་དེ་མཆོག་ཏུ་གསང་བ་ཡིན་ནོ། །བདེ་བ་ཆེན་པོའི་རྡོ་རྗེ་གསང་བ་ཡང་དེ་ཉིད་ཡིན་ ལ་མཆོག་ཏུ་གསང་བ་ཡང་དེ་ཉིད་ཡིན་པས་ན་བདེ་བ་ཆེན་པོའང་རྡོ་རྗེ་གསང་བའི་དོན་ཡོད་པ་མཆོག་ཏུ་གསང་བས་དེའི་མིང་དང་ལྡན་པའོ། །མཆོག་ཏུ་ཡང་ཡིན་ལ་མཚོན་ཆ་ཡང་དེ་ཉིད་ཡིན་པས་ན་མཆོག་གི་མཚོན་ཆ་སྟེ་ཤེས་རབ་དང་ཐབས་ཀྱི་རང་བཞིན་ཅན་གྱི་མཚོན་ཆའོ། །མཆོག་ ཏུ་གསང་བ་ནི་འདས་མ་ཐག་ཏུ་བཤད་པ་སྟེ་དེའི་ཆོ་ག་ནི་སྒྲུབ་པའོ། །མཆོག་ཀྱང་ཡིན་ལ་རྒྱུད་ཕྱི་མ་ཡང་དེ་ཉིད་ཡིན་པས་མཆོག་གི་རྒྱུད་ཕྱི་མ་སྟེ། བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པའི་རྒྱུན་གྱི་རང་བཞིན་ཅན་གང་ཡིན་པ་དེ་བྱིན་གྱིས་བརླབ་པར་མཛད་པ་ནི་ཕྱི་མའི་མུའི་ མཐར་ཐུག་པར་བརྟན་པར་མཛད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ནས་ཀྱི་སྒྲ་ནི་སྐབས་སུ་བབ་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་གཉིས་སུ་མེད་པའི་སེམས་དང་སེམས་ལས་བྱུང་བ་རྣམས་སོ། །དེ་དག་གི་དམ་ཚིག་ཐམས་ 61-1-87a ཅད་ནི་རིགས་ཐམས་ཅད་ཀྱི་རང་བཞིན་ཅན་གྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་ཕྱག་རྒྱའོ། །དེ་རྣམས་ཀྱི་བདག་ཉིད་ཀྱི་བྱིན་གྱིས་བརླབ་པ་ནི་སྒྲུབ་པའི་རྒྱུད་ལ་རང་གི་རིགས་ཀྱི་ལྷའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྫོགས་པར་མཛད་པ་སྟེ་དེ་ལ་སྒྲུབ་པ་གཅིག་པུ་ནི་རྫོགས་པའི་རྒྱུའོ། །དེའི་ཆོ་ ག་ནི་རྗེས་སུ་སྤྱད་པར་བྱ་བའི་དངོས་པོ་རབ་ཏུ་བསྟན་པའོ། །མཆོག་ཏུ་གསང་བ་ནི་སྐྱེ་བོ་ཐམས་ཅད་ལ་རབ་ཏུ་མ་གྲགས་པའོ། །བཤད་པར་བྱ་བ་ནི་འོག་ནས་རྒྱས་པར་བཤད་པར་བྱ་སྟེ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་དེ་སྐད་གསུངས་སོ། །ཉིན་རེ་ཞེས་བྱ་བ་ནི་ཞག་རེ་རེ་ལའོ། །སྔོན་དུ་ ནི་ཐམས་ཅད་དགུག་པ་ལ་སོགས་པའི་ཐོག་མར་རོ། །ལན་ཅིག་ཏུ་ནི་ལན་ཅིག་ཁོ་ནར་རོ། །ཕྱག་རྒྱ་ཆེན་པོ་ནི་རང་གི་ལྷའི་སྐུའི་གསང་བའི་རང་བཞིན་ཅན་ནོ། །སྙིང་པོ་བཟླས་ཞེས་བྱ་བ་ནི་རང་གི་ལྷའི་སྙིང་པོས་མངོན་པར་བསྔགས་པར་བྱའོ། །ཕྱག་རྒྱ་ཀུན་གྱིས་རབ་གྲུབ་པ། །ཞེས་བྱ་ བ་ལ་རིགས་ཐམས་ཅད་ཀྱི་དམ་ཚིག་དང་། ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོ་རྣམས་ནི་ཕྱག་རྒྱ་ཐམས་ཅད་དེ། དེ་དག་རབ་ཏུ་གྲུབ་པ་ནི་ཤིན་ཏུ་རབ་ཏུ་གྲུབ་པའོ། །དེ་གང་ཡིན་ཞེ་ན། ཇི་ལྟ་བ་བཞིན་དུ་བཤད་པའི་བདག་ལ་བྱིན་གྱིས་བརླབ་པའི་སྒྲུབ་པ་གཅིག་པུའོ། །དེ་ལྟར་རྣལ་ འབྱོར་ཙམ་བྱས་ལ་དམ་ཚིག་སེམས་དཔའི་བྱིན་རླབས་སྔོན་དུ་འགྲོ་བའི་ཕྱག་རྒྱ་ཆེན་པོ་འཆིང་བའི་མཚན་ཉིད་ཅན་གྱི་བདག་ལ་བྱིན་གྱིས་བརླབ་པ་གཅིག་པུ་བསྟན་ནས། ད་ནི་རྗེས་སུ་རྣལ་འབྱོར་སྟོན་པར་བྱེད་པའི་ཐམས་ཅད་དགུག་པ་ལ་སོགས་པའི་རང་བཞིན་ཅན་གྱི་དམ་ ཚིག་གསུམ་བླང་བའི་མཐར་ཐུག་པའི་བདག་ལ་བྱིན་གྱིས་བརླབ་པ་གཅིག་པུའི་སྒྲུབ་པ་གཉིས་པ་བསྟན་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་དེ་ནས་ཀྱི་སྒྲ་ནི་སྔ་མ་བཞིན་ནོ། །མཆོག་ཀྱང་ཡིན་ལ་གསང་བ་ཡང་ཡིན་པས་མཆོག་ཏུ་གསང་བ་སྟེ་ཐམས་ ཅད་ཀྱང་དགུག་པ་ལ་སོགས་པའི་རང་བཞིན་ཅན་གྱིས་བདག་ལ་བྱིན་གྱིས་བརླབ་པའི་ཆོ་ག་སྟེ། སྔར་བཤད་པའི་བདག་ལ་བྱིན་གྱིས་བརླབ་པ་གཅིག་པུའི་སྒྲུབ་པ་ལས་ཀྱང་འདི་མཆོག་ཏུ་གྲུབ་པས་ན་ཤིན་ཏུ་མཆོག་ཏུ་གྲུབ་པའོ། །ལན་ཅིག་ནི་ལན་ཅིག་ཏུ་ཕྱིའི་དཀྱིལ་འཁོར་ 61-1-87b གྱི་ཁང་པ་དང་སྔགས་དང་ཕྱག་རྒྱ་དག་གིས་ཡོངས་སུ་བརྟགས་པའི་རང་གི་ལྷའི་དཀྱིལ་འཁོར་གང་ཡིན་པ་དེ་ནི་དམ་ཚིག་གསུམ་གྱི་ཤིན་ཏུ་གསང་བའི་མཆོག་གི་ཁང་པ་སྟེ། མདུན་དུ་གནས་པ་དེ་ལྟར་རྡོ་རྗེ་སོགས་ཐོབ་བཟུང་བ་ཡིས། རྡོ་རྗེ་ཅན་རང་གི་ལྷའི་རང་བཞིན་གྱིས་ཡང་དག་པར་བྱིན་ གྱིས་བརླབ་པར་འགྱུར་ཏེ་རང་གིས་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་རང་བཞིན་ཅན་དུ་མཛད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རྗེས་སུ་རྣལ་འབྱོར་སྟོན་པར་བྱེད་པའི་ཐམས་ཅད་དགུག་པ་ལ་སོགས་པའི་རང་བཞིན་ཅན་གྱི་ཡེ་ཤེས་སེམས་དཔའ་གཅིག་པུ་སྒྲུབ་པར་བྱེད་པའི་བདག་ལ་ བྱིན་གྱིས་བརླབ་པ་གཅིག་པུའི་སྒྲུབ་པ་གཉིས་པ་བསྟན་ནས། ད་ནི་རང་གི་རིགས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་རང་གི་ལྷག་པའི་ལྷའི་རྣལ་འབྱོར་སྔོན་དུ་འགྲོ་བའི་ཐམས་ཅད་ཀྱིས་ཇི་ལྟ་བ་བཞིན་དུ་བཤད་པའི་རྣལ་འབྱོར་ཆེན་པོའི་མཚན་ཉིད་ཅན་གྱིས་བདག་ལ་ བྱིན་གྱིས་བརླབ་པ་གཅིག་པུའི་སྒྲུབ་པ་གསུམ་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་མཆོག་ཏུ་གསང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་དེ་ནས་ཀྱི་སྒྲ་ནི་སྔ་མ་ཡིན་ནོ། །མཆོག་ཀྱང་ཡིན་ལ་གསང་བ་ཡང་དེ་ཉིད་ཡིན་པས་ན་མཆོག་ཏུ་གསང་བ་སྟེ་འདས་མ་ཐག་ཏུ་བཤད་པའི་བདག་ལ་ བྱིན་གྱིས་བརླབ་པ་གཅིག་པུའི་སྒྲུབ་པའི་ཁྱད་པར་རོ། །དེ་ལས་ཀྱང་འདི་དམ་པ་ཡིན་པས་ན་ཤིན་ཏུ་མཆོག་ཏུ་གསང་བའི་བདག་ལ་བྱིན་གྱིས་བརླབ་པ་གཅིག་པུའི་སྒྲུབ་པའི་ཆོ་ག་རྒྱས་པའི་ཁྱད་པར་རོ། །དེ་ཅིའི་ཕྱིར་ཞེ་ན། མཆོག་ཏུ་ཤིན་ཏུ་གྲུབ་པ་ཞེས་བྱ་བ་ལ་བདག་ལ་བྱིན་ གྱིས་བརླབ་པའི་ཁྱད་པར་སྔ་མ་ནི་མཆོག་ཏུ་གྲུབ་པ་སྟེ། དེ་ལས་ཀྱང་འདི་མཆོག་ཏུ་གྲུབ་པས་ན་མཆོག་ཏུ་ཤིན་ཏུ་གྲུབ་པའི་བདག་ལ་བྱིན་གྱིས་བརླབ་པ་གཅིག་པུའི་སྒྲུབ་པའི་ཁྱད་པར་ཞེས་བྱ་བའོ། །རྡོ་རྗེ་དྲིལ་བུ་ཞེས་བྱ་བ་ལ་སོགས་པ་ནི་འགྱུར་ཞེས་བྱ་བ་དང་སྦྱར་རོ། ། ཀུན་གྱི་བདག་ཉིད་ནི་ཀུན་བདག་སྟེ་ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན་གྱི་སེམས་དང་སེམས་ལས་བྱུང་བའི་རང་བཞིན་ཅན་གྱི་ཚོགས་སོ། །དེ་ལས་བྱུང་བའི་རང་གི་རིགས་ཀྱི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་ཕྱག་རྒྱ་ནི་ཀུན་བདག་ 61-1-88a སྣ་ཚོགས་ཕྱག་རྒྱ་རྣམས་སོ། །རྡོ་རྗེ་དང་དྲིལ་བུ་དང་བཅས་པའི་ཀུན་བདག་སྣ་ཚོགས་ཕྱག་རྒྱ་ནི་ཡེ་ཤེས་སེམས་དཔའི་རང་བཞིན་གྱི་བདག་ཉིད་ཀྱི་སྐུ་སྟེ་བདག་ལ་བྱིན་གྱིས་བརླབ་པ་གཅིག་པུ་སྒྲུབ་པ་དང་པོས་རྫོགས་པའི་སྐུ་རྣལ་འབྱོར་པ་གང་ལ་ཡོད་པ་དེ་ནི་རྡོ་རྗེ་དྲིལ་བུ་ དང་བཅས་ཀུན་བདག་སྣ་ཚོགས་ཕྱག་རྒྱའི་སྐུར་ལྡན་པའི་རྣལ་འབྱོར་རོ། །ཅིའི་ཕྱིར་འདི་ལྟར་འགྱུར་ཞེ་ན་ཀུན་བདག་ཅེས་པ་ལ་སོགས་པ་ལ་ཀུན་བདག་ནི་བཤད་ཟིན་ཏོ། །དེའི་ཕྱག་རྒྱ་ནི་དེ་ལས་བྱུང་བའི་རང་གི་ལྷ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཡེ་ཤེས་སེམས་དཔའི་རང་ བཞིན་ཅན་གྱི་ཕྱག་རྒྱ་རྣམས་སོ། །དེ་དག་སྦྱོར་བ་ནི་ཡང་དག་པར་འདུས་པ་སྟེ་ཆུ་དང་འོ་མ་བཞིན་དུ་རྣལ་འབྱོར་པ་དང་གཅིག་ཏུ་གྱུར་པའོ། །དེ་ཉིད་ཀྱི་བདག་ཉིད་ནི་རང་བཞིན་གང་ལ་ཡོད་པ་དེ་ནི་ཀུན་བདག་ཕྱག་རྒྱའི་སྦྱོར་བའི་བདག་ཉིད་དང་ལྡན་པའི་རྣལ་འབྱོར་པའོ། །དེའི་འབྲས་ བུ་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་སེམས་དཔའ་ཉིད་དུ་འགྱུར། །ཞེས་གསུངས་པ་ཡིན་ནོ། །འདི་ལྟར་བཤད་པར་འགྱུར་ཏེ་གང་གི་ཕྱིར་རྣལ་འབྱོར་པས་རྣལ་འབྱོར་ཆེན་པོ་བྱས་ན་རྡོ་རྗེ་སེམས་དཔའ་ཉིད་དུ་གྱུར་པ་དེ་ནི་རྣལ་འབྱོར་ཆེན་པོ་བྱ་བ་ཡིན་ནོ། །བདག་ལ་བྱིན་གྱིས་ བརླབ་པ་གཅིག་པུ་སྒྲུབ་པ་འདིས་རྣལ་འབྱོར་པ་ཇི་ལྟར་རྡོ་རྗེ་སེམས་དཔའ་ཉིད་དུ་འགྱུར་ཞེ་ན། གྲུབ་པའི་ཆོ་ག་འདི་ཡིས་ནི། །ཞེས་བྱ་བ་ལ་སོགས་པ་ལ་འདས་མ་ཐག་ཏུ་བཤད་པའི་ཆོ་ག་འདིས་རྡོ་རྗེ་སེམས་དཔའ་ཡང་དག་པར་བསྡུས་པ་ནི་རང་གི་རིགས་ཀྱི་ལྷའི་རྣལ་འབྱོར་ཆེན་པོ་ཀུན་གྱི་མཆོག་ ཀྱང་དེ་ཡིན་ལ་དངོས་གྲུབ་ཆེན་པོ་ཡང་དེ་ཉིད་ཡིན་པས་ན། ཀུན་མཆོག་དངོས་གྲུབ་ཆེན་པོ་སྟེ། རང་གི་ལྷའི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་བོ། །དེས་དབང་ཕྱུག་ཆེན་པོ་ནི་ཁམས་གསུམ་པའི་ཆོས་ཀྱི་རྒྱལ་སྲིད་དེ་དེར་བྱིན་གྱིས་བརླབ་པ་ནི། གང་གི་ཕྱིར་བརྟན་པར་ འགྱུར་བ་དེའི་ཕྱིར་བདག་ལ་བྱིན་གྱིས་བརླབ་པ་འདིས་རྡོ་རྗེ་སེམས་དཔའ་ཉིད་དུ་འགྱུར་བ་ཡིན་ནོ། །རབ་ཏུ་ནི་ཤིན་ཏུའོ། །འབྲས་བུ་མེད་པ་མ་ཡིན་པའི་ཕྱིར་དོན་ཡོད་པའོ། །འདས་མ་ཐག་ཏུ་བཤད་པའི་བདག་ལ་བྱིན་གྱིས་བརླབ་པར་མཛད་པ་དེ་ཉིད་ཀྱི་མཐུ་རིགས་ 61-1-88b ཐམས་ཅད་ལས་བྱུང་བ་སྟེ། རང་ཉིད་ཀྱི་བདག་ཉིད་བཅིངས་ཏེ་གྲུབ་པར་འགྱུར་བ་ནི་སྒྲུབ་པ་པོ་ལ་རག་ལས་པར་འགྱུར་བའོ། །དེ་གང་ཡིན་ཞེ་ན། མདོར་ན་ཕྱག་རྒྱ་ཐམས་ཅད་ནི། །ཞེས་བྱ་བ་ནི་རིགས་ཐམས་ཅད་ཀྱི་དམ་ཚིག་དང་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོ་རྣམས་མདོར་ བསྡུས་པས་གྲུབ་པར་འགྱུར་རོ། །བྱིན་གྱིས་བརླབ་པ་འདི་དོན་སྤྱོད་པའི་ཕྱིར། ཕྱག་རྒྱ་ཐམས་ཅད་རང་གིས་རང་བཅིངས་ཏེ་གྲུབ་པར་འགྱུར་བ་ཡིན་ཏེ་གཅིག་པུར་མ་ཟད་ཀྱི་འབད་པ་མེད་པར་ཤིན་ཏུ་མྱུར་བ་ཉིད་དུ་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་རང་བཞིན་ཅན་གྱི་དངོས་གྲུབ་རྣམས་ཀྱང་ གྲུབ་པར་འགྱུར་རོ། །སྒྲུབ་པ་གང་གིས་ཤེ་ན་ལས་ཀྱི་ཚོགས་ཀྱི་སྒྲུབ་པ་ཡིས། །དངོས་གྲུབ་མྱུར་ཞེས་བྱ་བ་ལ་ཕྱག་རྒྱ་ཐམས་ཅད་ཀྱི་སྒྲུབ་པའི་བྱེད་པར་འགྱུར་བ་དེས་ཇི་ལྟ་བ་བཞིན་དུ་བཤད་པ་ཐམས་ཅད་རྗེས་སུ་ཆགས་པ་ལ་སོགས་པའི་ལས་ཀྱི་དངོས་གྲུབ་རྣམས་དེ་དག་གིས་ མྱུར་དུ་གྲུབ་པར་འགྱུར་རོ། །རྒྱུ་གང་གི་ཕྱིར་ཞེ་ན། འདིའི་ཞེས་བྱ་བ་ལ་སོགས་པ་ལ། བདག་ལ་བྱིན་གྱིས་བརླབ་པ་གཅིག་པུ་སྒྲུབ་པ་འདིས་བསྒྲུབ་པར་བྱ་བ་མ་ཡིན་པ་ཅུང་ཟད་ཀྱང་མེད་དོ། །བསྒྲུབ་པར་བྱ་བ་མ་ཡིན་པ་མེད་པ་མ་ཡིན་པ་དེ་དག་གང་ཡིན་ཞེ་ན། དངོས་ གྲུབ་ལས་དང་དེ་བཞིན་བདེ། །ཞེས་བྱ་བ་ལ་དེ་ལ་རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་ལ་སོགས་པའི་དངོས་གྲུབ་སྟེ་དེ་མངོན་དུ་བྱེད་པའོ། །རིགས་ཐམས་ཅད་ཀྱི་ལས་ཀྱི་ཚོགས་ཀྱི་བྱ་བ་དང་འབྲས་བུ་ཐོབ་པ་ནི་ལས་ཏེ། དངོས་གྲུབ་དང་ལས་དེ་དག་གིས་འཇིག་རྟེན་དང་འཇིག་ རྟེན་ལས་འདས་པའི་བདེ་བ་ཉམས་སུ་མྱོང་བ་ནི་བདེ་བ་སྟེ། གསུམ་པོ་འདི་དག་ལ་བསྒྲུབ་པར་བྱ་བ་མ་ཡིན་པ་ཡོད་པ་མ་ཡིན་ནོ། །འདི་དག་ཐམས་ཅད་མི་འགྱུར་བ་ནི་ཐོག་མ་དང་ཐ་མ་མེད་པར་སྒྲུབ་པར་བྱེད་པ་ཡིན་ནོ། །དེ་གང་གི་ཕྱིར་ཞེ་ན། བདག་བྱིན་བརླབ་ཀུན་སྒྲུབ་ པ་པོས། །ཞེས་བྱ་བ་ལ་རིགས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས་ཀྱིས་བྱིན་གྱིས་བརླབ་པ་ནི་ནུས་པ་སྟེ། མངོན་པར་འདོད་པའི་འབྲས་བུ་རྫོགས་པའི་རྒྱུ་དེ་རྣམས་ཡིན་པས་ན་སྒྲུབ་པའོ། །བྱེད་པར་འགྱུར་བ་དེ་དག་ནི་འདས་མ་ཐག་ཏུ་བཤད་པའི་བདག་ལ་བྱིན་གྱིས་ 61-1-89a བརླབ་པ་གཅིག་པུའི་སྒྲུབ་པའི་ཁྱད་པར་གྱི་དངོས་གྲུབ་དང་ལས་དང་བདེ་བ་རྟག་པ་རྣམས་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ལྟར་མངོན་པར་འདོད་པའི་དངོས་གྲུབ་ཀྱི་ཐབས་སུ་གྱུར་པའི་བདག་ལ་བྱིན་གྱིས་བརླབ་པའི་ སྒྲུབ་པ་གཅིག་པུ་བསྟན་ནས། ད་ནི་མངོན་པར་འདོད་པའི་དངོས་གྲུབ་ཀྱི་ཐབས་ཉིད་ཀྱི་རྣལ་འབྱོར་བསྟན་པར་བྱ་བའི་ཕྱིར། དེ་ནས་མཆོག་ཏུ་གསང་བའི་རྣལ་འབྱོར་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཀྱི་སྒྲ་ནི་སྔ་མ་བཞིན་ནོ། །མཆོག་ནི་དམ་པའོ། །གསང་བ་ནི་ ཐུན་མོང་མ་ཡིན་པའོ། །རྣལ་འབྱོར་ཐམས་ཅད་ཀྱི་ཆོ་ག་ནི་སྒོམ་པ་བསྟན་པ་སྟེ་དེ་བཤད་པར་བྱ་སྟེ་བསྟན་པར་བྱའོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ལ་རེ་ཞིག་དང་པོ་ཁོ་ནར་ཞེས་བྱ་བ་ལ་དེ་ལ་ཞེས་བྱ་བའི་སྒྲ་ནི་ངག་ཉེ་བར་དགོད་པ་ལའོ། །དང་པོ་ནི་ཐོག་མར་ ཏེ་རྣལ་འབྱོར་གྱི་སྒྲ་རེ་ཞིག་བསྒྲུབ་པར་བྱ་སྟེ། ཡོ་ཟེར་ནི་རྣལ་འབྱོར་ལས་ཏེ་སྐད་ཀྱི་བྱིངས་སོ། །འདིས་རྣལ་འབྱོར་གྱི་སྒྲ་སྒྲུབ་པ་ཡིན་ནོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །རྣལ་འབྱོར་སྒྲ་དེ་ཡང་རིག་པ་དང་འབྲེལ་པ་ལ་འཇུག་པར་མཐོང་བ་ཡིན་ཏེ་དེ་རྣམ་པར་བཅད་པའི་ཕྱིར་སྐད་ཀྱི་བྱིངས་ཀྱི་ དོན་འདི་ཡང་བརྩོན་པའོ་ཞེས་བྱ་བ་གསུངས་ཏེ། རྣམ་པ་འདི་ལྟ་བུའི་སྐད་ཀྱི་དོན་ནི་བརྩོན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡོ་ཟེར་ནི་ཏིང་ངེ་འཛིན་ལའོ་ཞེས་བྱ་བའི་སྐད་ཀྱི་བྱིངས་གཞན་འདིའི་དོན་ནི་ཏིང་ངེ་འཛིན་ནོ། །གང་གིས་བརྩོན་པ་ཞེས་བྱ་བའི་ཡུལ་གང་གིས་བརྩོན་པ་ཞེས་ བྱ་བའི་དོན་ཏོ། །འབྲེལ་པ་ཙམ་གསུང་བར་འདོད་པའི་ཕྱིར་རང་གི་ལྷག་པའི་ལྷ་རྗེས་སུ་དྲན་པའི་བརྩོན་པ་ནི་རྣལ་འབྱོར་ཡིན་ནོ། །རང་གི་ལྷག་པའི་ལྷ་རྗེས་སུ་དྲན་པའི་ཡུལ་ཅན་གྱི་སེམས་བསྐྱེད་པ་ནི་རྣལ་འབྱོར་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་བཤད་པར་འགྱུར་ཏེ་ཕྱག་རྒྱ་ བཏེག་པའི་མཐར་ཐུག་པའི་ཆོ་ག་རྗེས་སུ་སྤྱད་ནས་དེའི་རྗེས་ལ་ནམ་མཁའ་དང་མཉམ་པའི་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ་སྟེ། དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་གཉིས་པའོ། །སླར་ཡང་ཟླ་བའི་དཀྱིལ་འཁོར་གཉིས་པ་དེ་ཉིད་རང་གི་ལྷའི་སྙིང་པོ་དང་བཅས་པའི་རྡོ་རྗེ་རྩེ་ལྔ་པ་ 61-1-89b གང་ལ་ཡོད་པ་དེ་ལའོ། །གཞན་ལ་ནི་རྡོ་རྗེ་ལས་བྱུང་བའི་རང་གི་དམ་ཚིག་གི་ཕྱག་རྒྱ་སྟེ། དེ་ནས་ཕྱག་རྒྱའི་ང་རྒྱལ་རྣམ་པར་བསྒོམས་ལ་སེམས་དཔའ་བྱིན་གྱིས་བརླབ་པའི་སྦྱོར་བས་བདག་ཉིད་རྡོ་རྗེ་སེམས་དཔར་བསྒོམས་ནས་དམ་ཚིག་སེམས་དཔའ་ཆེན་པོའི་ང་རྒྱལ་རྡོ་རྗེ་སེམས་དཔའི་ རྣལ་འབྱོར་པས་བསྒོམ་པར་བྱའོ། །རྡོ་རྗེ་མཚོན་ཆ་མ་ལ་སོགས་པའི་རྣལ་འབྱོར་པས་རྡོ་རྗེ་སེམས་དཔའ་ལས་བྱུང་བའི་རང་གི་ལྷའི་རང་བཞིན་ཅན་གྱི་བདག་ཉིད་རང་གི་སྙིང་པོ་བརྗོད་ཅིང་བསྒོམ་པར་བྱའོ། །དེ་ནས་མ་ཧཱ་ས་མ་ཡ་སཏྭ་ཧཾ་ཞེས་བྱ་བ་བརྗོད་དོ། །དེ་བཞིན་གཤེགས་ པའི་རྣལ་འབྱོར་པས་ཀྱང་དེ་བཞིན་གཤེགས་པའི་རྡོ་རྗེ་ལས་བྱུང་བའི་རང་གི་དེ་བཞིན་གཤེགས་པར་བསམ་པར་བྱའོ། །དེ་ནས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རྣལ་འབྱོར་པ་ཐམས་ཅད་ཀྱིས་ནི་རང་གི་ལྷའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས་ས་མ་ཡོ྅ཧཾ་ཞེས་བྱ་བའི་སྤྱིའི་སྙིང་ པོ་བརྗོད་ཅིང་། རང་གི་ལྷའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་རང་བཞིན་ཅན་གྱི་ང་རྒྱལ་བྱའོ། །དེ་ནས་ས་མ་ཡ་སྟྭཾ་ཨ་དྷི་ཏིཥྛ་སྭ་མཾ་ཞེས་བྱ་བས་རང་གི་ལྷའི་དམ་ཚིག་གི་ཕྱག་རྒྱས་སྙིང་ག་དང་མཛོད་སྤུ་དང་མགྲིན་པ་དང་སྤྱི་བོ་རྣམས་སུ་བདག་ཉིད་ལ་བྱིན་གྱིས་བརླབས་ནས་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས་ཀྱིས་རང་གི་ལྷའི་རང་བཞིན་ཅན་གྱི་བདག་ཉིད་བསྒོམ་པར་བྱ་སྟེ་འདི་ནི་འདིར་ཡེ་ཤེས་སེམས་དཔའ་གཞུག་པ་དང་བྲལ་བའི་རང་གི་ལྷའི་སྒོམ་པའི་རང་བཞིན་ཅན་གྱི་རྣལ་འབྱོར་རོ། །དེ་ལྟར་འཁོར་བའི་བདག་ཉིད་ཀྱི་གཉེན་པོར་གྱུར་པའི་རྣལ་འབྱོར་ བསྟན་ནས་ད་ནི་ཡེ་ཤེས་སེམས་དཔའ་བཅུག་ནས་གཅིག་ཏུ་གྱུར་པ་ལྷག་པར་མོས་པས་གསེར་འགྱུར་རྩི་བླངས་ནས་ཟངས་མ་ལ་སོགས་པའི་ཁམས་དངུལ་ལ་སོགས་པར་བྱེད་པ་བཞིན་དུ་རྫོགས་པར་འགྱུར་བ་ཡིན་ནོ་ཞེས་བྱ་བ་རབ་ཏུ་བརྟན་པར་བྱ་བའི་ཕྱིར་རྗེས་སུ་རྣལ་འབྱོར་གསུངས་ པ་དང་། བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་གྱི་གཟུགས་ཀྱི་རང་གི་ལྷའི་བསྒོམ་པས་ཀྱང་ཤེས་རབ་དང་ཐབས་ཀྱི་ཡེ་ཤེས་ཐམས་ཅད་དུ་ཐོགས་པ་མེད་པར་འགྱུར་རོ་ཞེས་བྱ་བ་རབ་ཏུ་བརྟན་པར་བྱ་བའི་ཕྱིར་ཐམས་ཅད་ཀྱི་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོ་གསུངས་པ་དང་། 61-1-90a ཤིན་ཏུ་ཆགས་པའི་བསྒོམ་པས་ཀྱང་རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་དང་ཐམས་ཅད་རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོ་ཤིན་ཏུ་རྫོགས་པར་འགྱུར་བ་ཉིད་ཡིན་ནོ་ཞེས་བྱ་བའི་ཕྱིར་ཤིན་ཏུ་རྣལ་འབྱོར་ཡང་གསུངས་པ་ཡིན་པ་ནི། སླར་ཡང་གཞན་ཞེས་བྱ་བ་ལ་འདས་མ་ཐག་ཏུ་ བཤད་པའི་རྣལ་འབྱོར་ལས་སླར་ཡང་གཞན་ནི་རྣལ་འབྱོར་གྱི་རང་བཞིན་ཅན་གྱི་དངོས་པོ་གཞན་ཏེ་རྗེས་སུ་རྣལ་འབྱོར་དང་། ཐམས་ཅད་རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོ་དང་། ཤིན་ཏུ་རྣལ་འབྱོར་སྒོམ་པའི་རང་བཞིན་ཅན་ནོ་ཞེས་བྱ་བའི་དོན་ཏོ། །དངོས་པོ་འདི་གང་ལས་ཤེས་ པར་བྱ་ཞེ་ན། ཡང་དག་པར་བསྡུ་བ་དང་། ཡང་དག་པར་ཀུན་དུ་སྤྱོད་པ་དང་། ཡང་དག་པར་སྦྱོར་བ་ཞེས་བྱ་བའི་སྒྲ་རྣམས་ཡོད་པ་སྟེ་དེ་རྣམས་ལས་འདིར་ཤེས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལ་འདས་མ་ཐག་ཏུ་བཤད་པའི་རྣལ་འབྱོར་བྱས་ལ་ཇི་ལྟ་བ་བཞིན་དུ་རང་གི་ལུས་ལ་ཡེ་ ཤེས་སེམས་དཔའ་བཅུག་སྟེ་ས་མ་ཡ་སྟྭཾ་ཞེས་བྱ་བ་བརྗོད་ཅིང་འོད་ཀྱི་དཀྱིལ་འཁོར་རྫོགས་པར་བྱས་ལ་ས་མ་ཡ་སྟྭཾ་ཨ་ཧཾ་ཞེས་བྱ་བ་དང་མཐར་རང་གི་ལྷའི་སྙིང་པོ་ལན་གསུམ་ཟློས་ཤིང་བཅུག་པའི་ཡེ་ཤེས་སེམས་དཔའ་དང་ཆུ་དང་འོ་མ་བཞིན་དུ་ལྷན་ཅིག་གྱུར་པར་ལྷག་པར་མོས་ པར་བྱས་ཏེ། དེ་ནི་འདི་རྗེས་སུ་རྣལ་འབྱོར་གྱི་མཚན་ཉིད་ཅན་གྱི་ཡང་དག་པར་བསྡུ་བ་ཡིན་ནོ། །རྣལ་འབྱོར་རམ་རྗེས་སུ་རྣལ་འབྱོར་རམ་རྣལ་འབྱོར་ཆེན་པོ་བྱས་ལ་ཐམས་ཅད་བདག་ཡིན་ནོ་ཞེས་བྱ་བའི་སྒོམ་པ་ནི་ཐམས་ཅད་རྣལ་འབྱོར་གྱི་མཚན་ཉིད་ཅན་གྱི་ཡང་དག་པར་ཀུན་དུ་སྦྱོར་ བ་སྟེ་དེས་ཕྱོགས་དང་དུས་ཐམས་ཅད་ལ་ཁྱབ་པའི་ཕྱིར་རོ། །ཡང་དག་པར་ཀུན་དུ་སྦྱོར་བས་ན་ཀུན་དུ་སྦྱོར་བ་སྟེ། འདི་ལྟར་སྒྲ་སྒྲུབ་པའོ། །ལྷ་མོ་ཐམས་ཅད་དང་ཡང་དག་པར་སྦྱོར་བའི་སྒོམ་པ་དང་། བསྒོམས་པའི་འབྲས་བུ་ནི་ཤིན་ཏུ་རྣལ་འབྱོར་གྱི་མཚན་ཉིད་ཅན་གྱི་ཡང་ དག་པར་སྦྱོར་བའོ། །དེ་ལྟར་མདོར་བསྟན་པའི་ཚིག་རྣམས་ཀྱིས་རྗེས་སུ་རྣལ་འབྱོར་དང་ཐམས་ཅད་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོ་དང་ཤིན་ཏུ་རྣལ་འབྱོར་རྣམས་བསྟན་ནས། ད་ནི་རེ་ཞིག་རྗེས་སུ་རྣལ་འབྱོར་རྒྱས་པར་བསྟན་པར་བྱ་བའི་ཕྱིར་གང་དག་སྦྱོར་ཞེ་ན་ཞེས་བྱ་བ་གསུངས་ཏེ། 61-1-90b རྗེས་སུ་རྣལ་འབྱོར་གྱི་སྒོམ་པ་འདི་ལྷའི་ཁྱད་པར་གང་གི་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་རང་ཉིད་ཀྱིས་དྲིས་ནས་སློབ་མ་རྣམས་ཀྱི་ཁོང་དུ་ཆུད་པར་བྱ་བའི་ཕྱིར། གང་གི་ལྷག་པའི་ལྷ་ཞེས་བྱ་བ་ལ་སོགས་པས་རྒྱས་པར་གསུངས་ཏེ་བསྒྲུབ་པར་བྱ་བ་ཉིད་དུ་རང་གི་འདོད་ཅིང་བྱིན་གྱིས་ བརླབ་པར་མཛད་པ་གང་ཡིན་པ་དེ་ནི་རང་གི་ལྷག་པའི་ལྷའོ། །རྗེས་སུ་དྲན་པ་བསྒོམ་པ་སྟེ་དེ་ཉིད་རྣལ་འབྱོར་ཏེ་ཡེ་ཤེས་སེམས་དཔའ་དང་གཅིག་ཏུ་གྱུར་པའི་ལྷག་པར་མོས་པའོ་ཞེས་བྱ་བའི་དོན་ཏོ། །རྗེས་སུ་སྒྲུབ་པ་ནི། ལྷག་པའི་ལྷ་ནི་གང་གང་གི། །ཕྱག་རྒྱ་གང་དང་གང་བཅིངས་ བ། །དེ་དང་དེ་ཡི་སྦྱོར་བ་ཡིས། །ཕྱག་རྒྱ་དེ་དེ་ངེས་པར་སྦྱར། །ཞེས་བྱ་བ་དེ་མ་ཐག་ཏུ་འོག་ནས་གསུང་བར་འགྱུར་བ་གང་ཡིན་པ་རྗེས་སུ་སྒྲུབ་པ་དེ་ལས་རང་གི་ལྷག་པའི་ལྷ་དང་ཡང་དག་པར་སྦྱོར་བ་ནི་རྗེས་སུ་རྣལ་འབྱོར་གྱི་མཚན་ཉིད་ཅན་ནོ། །གྲུབ་པ་ནི་རྫོགས་པའོ། །དེ་ལྟར་རྗེས་ སུ་རྣལ་འབྱོར་བསྟན་ནས་ད་ནི་ཡང་དག་པར་ཀུན་དུ་སྦྱོར་བའི་རང་བཞིན་ཅན་གྱི་ཐམས་ཅད་རྣལ་འབྱོར་བསྟན་པར་བྱ་བའི་ཕྱིར་དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་དེ་ལ་ཞེས་བྱ་བའི་སྒྲ་ནི་ངག་ཉེ་བར་དགོད་པ་ལའོ། །ཇི་ལྟར་ཞེས་བྱ་བ་ནི་དྲི་བའོ། །ཐམས་ཅད་ཀྱང་དེ་ཡིན་ལ་རྣལ་འབྱོར་ ཡང་དེ་ཡིན་པས་ན་ཐམས་ཅད་རྣལ་འབྱོར་ཏེ་ཐམས་ཅད་ཀྱི་ཐམས་ཅད་ཉིད་བདག་ཉིད་ཡིན་ནོ་ཞེས་བྱ་བ་ནི་སྒོམ་པའོ། །བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་ཀྱང་གཟུགས་འཛིན་པའི་རང་གི་ལྷ་ནི་དམ་ཚིག་སྟེ། གང་ཕྱིར་ཕྱག་རྒྱ་དམ་ཚིག་བཤད། །ཅེས་བྱ་བ་རྒྱས་པར་ བཤད་པ་ལས་གསུངས་པའི་ཕྱིར་རོ། །ཐམས་ཅད་ཀྱི་རང་བཞིན་ཅན་གྱི་ཀུན་རྫོབ་ཀྱི་བདེན་པའི་ངོ་བོ་རང་གི་ལྷ་ནི་དམ་ཚིག་སྟེ། དེའི་རང་བཞིན་ཅན་གྱི་སྒོམ་པ་ནི་དམ་ཚིག་གི་སྦྱོར་བ་ཐམས་ཅད་ཀྱི་རྣལ་འབྱོར་ཞེས་བྱ་བའོ། །རྒྱུ་གང་གིས་སྒོམ་པ་དེ་དམ་ཚིག་གི་སྦྱོར་བ་ཡིན་ཞེ་ན། དེ་བཞིན་གཤེགས་པ་ཀུན་གྱིས་ཀྱང་། །འདའ་བར་དཀའ་བ་ཉིད་ཀྱི་ཕྱིར། །ཞེས་བྱ་བ་ནི་དེ་དག་གིས་ཀྱང་འདའ་བར་མི་མཛད་པའི་ཕྱིར་ཀུན་རྫོབ་ཀྱི་བདེན་པའི་རང་བཞིན་ཅན་གྱི་ཕྱག་རྒྱ་དེ་གང་གི་ཕྱིར་རྡོ་རྗེ་འཆང་ཆེན་པོས་དམ་ཚིག་ཅེས་བྱ་བར་གསུངས་པ་དེའི་ཕྱིར་རོ། །ཅིའི་ཕྱིར་ 61-1-91a བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་ཀྱང་གཟུགས་འཛིན་པའི་རང་གི་ལྷའི་རང་བཞིན་ཅན་གྱི་ཕྱག་རྒྱ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་འདའ་བར་མི་མཛད་ཅེ་ན། ཡིད་ཀྱི་ལུས་ནི་བརྟན་ཕྱིར་རོ། །ཞེས་བྱ་བ་ལ་ཡིད་ནི་ཐོག་མ་དང་ཐ་མ་མེད་པ་དམིགས་ པ་མེད་པའི་ཐུགས་རྗེ་ཆེན་པོའི་མཚན་ཉིད་ཅན་གྱི་ཆོས་ཀྱི་དབྱིངས་སོ། །དེའི་ལུས་ནི་དེ་བཞིན་གཤེགས་པ་ལ་སོགས་པའི་སྐུ་དང་རི་བོ་ལ་སོགས་པ་བརྟན་པའི་གཟུགས་སོ། །དེ་ཉིད་རྡོ་རྗེ་བཞིན་དུ་མི་ཕྱེད་པས་ན་དེའི་དངོས་པོ་ནི་བརྟན་པ་ཉིད་དོ། །ཡིད་ཀྱི་ལུས་བརྟན་པ་ཉིད་རྒྱུ་དེའི་ ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་དེ་འདའ་བར་མི་མཛད་པ་ཡིན་ནོ། །འདི་ལྟར་བཤད་པར་འགྱུར་ཏེ། ཇི་ལྟ་བ་བཞིན་དུ་བཤད་པའི་ཆོས་ཀྱི་དབྱིངས་སྲོག་ཆགས་དང་སྲོག་ཆགས་མ་ཡིན་པ་རྣམས་ཀྱིས་བྱེད་པར་མི་འགྱུར་ཏེ་རྣམ་པར་མི་རྟོག་པའི་ཕྱིར་རོ། ། བདག་ཉིད་དེ་ལས་བྱུང་བའི་སེམས་ཅན་ཐམས་ཅད་ཀྱི་དོན་རྫོགས་པར་མཛད་པའི་སངས་རྒྱས་ལ་སོགས་པའི་གཟུགས་སྔོན་གྱི་སྨོན་ལམ་གྱི་དབང་གིས་འཇུག་པའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་ཕྱེད་པར་མི་འགྱུར་ཏེ་དེ་དག་ཀྱང་དེའི་རང་བཞིན་ཅན་ཉིད་ཀྱི་ཕྱིར་རོ། །དེའི་ ཕྱིར་འདའ་བར་མི་མཛད་པ་ཞེས་བྱ་བ་ནི་དམ་ཚིག་གི་དོན་ཡིན་ནོ། །ཇི་ལྟ་བ་བཞིན་དུ་བཤད་པའི་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པ་བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་གྱི་རང་གི་ལྷའི་གཟུགས་དེ་རྗེས་སུ་སྒྲུབ་པ་ནི་ལྷག་པའི་ལྷ་ནི་གང་གི་ཞེས་བྱ་བ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་ རྒྱས་པར་བཤད་པས་བསྟན་པ་དེ་ནི་དམ་ཚིག་གི་སྦྱོར་བ་སྟེ་དེ་ཉིད་ཐམས་ཅད་ཀྱི་རྣལ་འབྱོར་ཡིན་ནོ། །ད་ནི་དཔེས་ཐམས་ཅད་ཀྱི་རྣལ་འབྱོར་གསལ་བར་བསྟན་པའི་ཕྱིར། འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་དཔེར་ན་ཀུ་མུ་ཏ་དང་། ཨུཏྤལ་དང་། རུ་རྟ་ལ་སོགས་པའི་རྫས་ མང་པོ་གཅིག་ཏུ་སྦྱར་བས། འཇིག་རྟེན་ན་སྦྱོར་བ་ཞེས་གྲགས་པ་དེ་བཞིན་དུ། ཇི་ལྟ་བ་བཞིན་དུ་བཤད་པའི་ཐམས་ཅད་ཀྱི་བདག་ཉིད་བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་ཅན་གྱི་ཕྱག་རྒྱ་རྣམས་དང་། གཅིག་ཏུ་གྱུར་པའི་ལྷག་པར་མོས་པའི་རྣལ་འབྱོར་ 61-1-91b གྱིས་ཕྱོགས་བཅུར་སྦྱོར་བ་ནི་ཡང་དག་པར་ཀུན་དུ་སྦྱོར་བ་སྟེ། ཡང་དག་པར་ཀུན་དུ་སྦྱོར་བའི་རྒྱུ་དེས་ཇི་ལྟ་བ་བཞིན་དུ་བཤད་པའི་ཐམས་ཅད་ཀྱི་རྣལ་འབྱོར་གྱི་དམ་ཚིག་གི་སྦྱོར་བ་ཞེས་བྱ་བར་བརྗོད་པ་ཡིན་ནོ། །ད་ནི་ཐམས་ཅད་ཀྱི་བདག་ཉིད་ཀྱི་ཕྱག་རྒྱའི་སྦྱོར་བའི་རང་བཞིན་བསྟན་པར་ བྱ་བའི་ཕྱིར། དེ་ལ་ཇི་ལྟར་ཐམས་ཅད་ཀྱི་བདག་ཉིད་ཀྱི་ཕྱག་རྒྱའི་སྦྱོར་བ་ཡིན་ན་ཞེས་བྱ་བ་གསུངས་ཏེ་ཐམས་ཅད་ཀྱི་བདག་ཉིད་ནི་ཆོས་ཀྱི་དབྱིངས་ཏེ། དེའི་ཕྱག་རྒྱ་ནི་དམ་ཚིག་དང་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོའོ། །རིགས་ཐམས་ཅད་ཀྱི་ཕྱག་རྒྱ་དེ་དག་དང་སྦྱོར་བས་གཅིག་ཏུ་གྱུར་ པར་ལྷག་པར་མོས་པའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ་སངས་རྒྱས་ཀྱང་ཡིན་ལ་ཐམས་ཅད་ཀྱང་དེ་ཉིད་ཡིན་པས་ན་སངས་རྒྱས་ཐམས་ཅད་དེ་ལྷ་མ་ལུས་པའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་རང་བཞིན་ནོ། །དེ་ དང་བདག་ཉིད་ཡང་དག་པར་སྦྱོར་བ་ནི་ཡེ་ཤེས་སེམས་དཔའ་རྣམས་དང་ལྷན་ཅིག་ཏུ་གཉིས་སུ་མེད་པར་ལྷག་པར་མོས་པས་གཅིག་ཏུ་གྱུར་པའི་རྣལ་འབྱོར་བསྒོམ་པའོ། །དེ་ཡང་ཁྱད་པར་ཇི་ལྟ་བུ་དང་ལྡན་པ་ཡིན་ཞེ་ན། ཇི་ལྟའི་དབྱིབས་དང་སྐུ་དང་ལྡན། །ཞེས་བྱ་བ་ལ་སངས་ རྒྱས་ཐམས་ཅད་ལ་སོགས་པ་དེའི་དབྱིབས་རྒྱུད་ལས་བསྟན་པ་གང་ཡིན་པ་དང་། སྐུའི་གསང་བ་གང་ཡིན་པ་དེ་གཉིས་པོ་གང་ལ་ཡོད་པ་དེ་ནི་ཇི་ལྟའི་དབྱིབས་དང་སྐུ་དང་ལྡན་པའི་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་ཀྱི་སྦྱོར་བའོ། །དེ་ལྟར་གྱུར་པའི་སངས་རྒྱས་ཐམས་ཅད་ཀྱི་ བདག་ཉིད་ཀྱི་སྦྱོར་བ་དང་ལྡན་པ་ནི་ལས་སུ་གྱུར་པའི་བདག་ཉིད་དེ་རྣལ་འབྱོར་བཞིར་གྱུར་པའི་བདག་ཉིད་ལ་ཡང་དག་པར་བཀོད་དེ། ཕྱི་ནས་རྗེས་སུ་བསྒྲུབ་པར་བྱ་བ་ནི་རང་གི་ལྷའི་ཕྱག་རྒྱ་བཅིངས་ནས་བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་གྱི་རང་གི་ལྷའི་གཟུགས་ སུ་བདག་ཉིད་བསྒོམ་པར་བྱའོ། །ནིའི་སྒྲ་ནི་ངེས་པར་གཟུང་བ་སྟེ། བདག་ཉིད་ཁོ་ནའོ། །འདི་ལྟར་བཤད་པར་འགྱུར་ཏེ། ཇི་ལྟ་བ་བཞིན་དུ་བཤད་པའི་སྐུ་མདོག་དང་དབྱིབས་དང་གདན་དང་ཕྱག་མཚན་ལ་སོགས་པ་དང་ལྡན་པའི་རང་གི་ལྷའི་གཟུགས་སུ་བདག་ཉིད་རྣལ་ 61-1-92a འབྱོར་ཙམ་གྱིས་དེ་བཞིན་དུ་ངེས་པར་བྱས་ལ་ཕྱི་ནས་ཡེ་ཤེས་སེམས་དཔའ་རང་གི་ལུས་ལ་བཅུག་སྟེ། དེ་དང་ལྷན་ཅིག་ཏུ་གྱུར་པར་ལྷག་པར་མོས་པར་བྱས་ལ་རང་གི་ལྷའི་ཕྱག་རྒྱ་བཅིངས་ནས་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་ཀྱི་ལྷའི་གཟུགས་སུ་བདག་ཉིད་བསྒོམ་པར་བྱའོ་ཞེས་བྱ་བའོ་ཞེས་ བྱ་བའོ། །དོན་འདི་ཉིད་བསྟན་པར་བྱ་བའི་ཕྱིར་རང་གི་དམ་ཚིག་གི་སྦྱོར་བ་ནི་ཐམས་ཅད་ཀྱི་སྦྱོར་བའོ་ཞེས་བྱ་བ་གསུངས་ཏེ། རྗེས་སུ་བསྒྲུབ་པར་བྱ་ཞེས་བྱ་བའི་འདས་མ་ཐག་ཏུ་བཤད་པའི་རྗེས་སུ་སྒྲུབ་པ་སྟེ་དེ་ཉིད་བསྟན་པའི་ཕྱིར། དེ་ལ་འདི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་བསྒྲུབ་པར་ བྱ་བའི་འདོད་པའི་ལྷ་ནི་ལྷག་པའི་ལྷ་སྟེ། དེའི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་དང་དེ་ལྷའི་ཁྱད་པར་དེ་དང་དེའི་རྣལ་འབྱོར་ནི་དེའི་གཟུགས་ལ་སོགས་པའི་ལྷག་པར་མོས་པས་རྣལ་འབྱོར་པས་བཅིངས་ཤིང་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་རང་བཞིན་ཅན་གྱི་ཕྱག་རྒྱ་དེ་དང་དེ་རང་གི་ལས་ ལ་རབ་ཏུ་སྦྱར་བར་བྱ་སྟེ་གཞན་གྱིས་ནི་མ་ཡིན་ནོ་ཞེས་བྱའོ། །དེ་ལྟར་ཐམས་ཅད་ཀྱི་རྣལ་འབྱོར་བསྟན་ནས་ད་ནི་རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་དག་གིས་མཉམ་པར་གཞག་པ་དང་། མཉམ་པར་མ་བཞག་པའི་རྣལ་འབྱོར་གྱི་ཚུལ་དུ་སྒོམ་པར་བསྟན་པར་བྱ་བའི་ཕྱིར། དེ་ནས་མཆོག་ ཏུ་གསང་བའི་མཆོག་གི་རྗེས་སུ་སྒྲུབ་པའི་ཆོ་ག་རྒྱས་པ་མཆོག་ཏུ་གྲུབ་པའོ་ཞེས་བྱ་བ་གསུངས་ཏེ་རྣལ་འབྱོར་གྱི་དུས་དང་རྗེས་སུ་རྣལ་འབྱོར་གྱི་དུས་སུ་ལུས་ཀྱི་ཡན་ལག་ལ་སོགས་པ་ཐམས་ཅད་ཡོངས་སུ་རྫོགས་པའི་རང་གི་ལྷའི་བསྒོམ་པའི་སྒོམ་པ་ནི་མཆོག་ཏུ་གསང་བའི་མཆོག་གི་རྗེས་སུ་ སྒྲུབ་པའི་ཆོ་ག་སྟེ། དེའི་མཉམ་པར་གཞག་པ་དང་། མཉམ་པར་མ་བཞག་པའི་དབྱེ་བ་སྣ་ཚོགས་ཉིད་ནི་རྒྱས་པའོ། །བདག་ཉིད་ཅེས་པ་ནི་ཕུང་པོ་ལྔའི་རང་བཞིན་གྱི་བདག་ཉིད་ཀྱི་དངོས་པོའོ། །ནིའི་སྒྲ་ནི་ངེས་པར་གཟུང་བ་སྟེ། བདག་ཉིད་ཁོ་ན་རྣམ་པར་སྣང་མཛད་ལ་སོགས་ པའི་དེ་བཞིན་གཤེགས་པའི་རང་བཞིན་ཅན་གྱི་སངས་རྒྱས་ཐམས་ཅད་དོ། །དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་བྱང་ཆུབ་སེམས་དཔའི་གཟུགས་ནི་བྱང་ཆུབ་སེམས་དཔའ་ཉིད་དོ། །འདོད་པའི་ལྷའི་རྣལ་འབྱོར་ནི་རང་གི་ལྷག་པའི་ལྷའི་རྣལ་འབྱོར་རོ། །རང་གི་ལྷའི་བརྟན་པ་ 61-1-92b དང་གཡོ་བའི་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་ཀྱི་གཟུགས་གང་ཡིན་པ་དེ་ནི་རང་གི་དམ་ཚིག་སྟེ། དེ་དང་སྦྱོར་བ་ནི་དེ་དང་ལྷན་ཅིག་ཏུ་རྣལ་འབྱོར་ཐ་མི་དད་པའི་རང་བཞིན་ཅན་གྱིས་སྒོམ་པ་གང་ཡིན་པ་དེ་ནི་རང་དམ་ཚིག་གི་སྦྱོར་བ་སྟེ། དེ་ཉིད་ཐམས་ཅད་ཀྱི་སྦྱོར་བ་ཡིན་ནོ་ཞེས་བྱའོ། །བདག་ ཉིད་ནི་བདག་ཉིད་ལ་འཇུག་སྟེ། དོན་དམ་པར་བདག་ཉིད་ལས་ཐ་དད་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉིད་ནི་མི་དམིགས་པ་དེའི་ཕྱིར། བདག་ནི་སངས་རྒྱས་ཉིད་དང་ནི། །བྱང་ཆུབ་སེམས་དཔའ་ཉིད་ཀྱང་ཡིན། །ཞེས་བྱ་བ་བདག་ཉིད་ཁོ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ གཟུགས་སུ་བརྟག་པར་བྱ་སྟེ་ཕྱིའི་དངོས་པོ་ནི་མ་ཡིན་ནོ་ཞེས་བྱ་བའོ། །འདི་ལྟར་འཆད་པར་འགྱུར་ཏེ། གང་གི་ཕྱིར་ཇི་ལྟ་བ་བཞིན་དུ་བཤད་པའི་ཚུལ་གྱིས་ཕྱི་རོལ་གྱི་དངོས་པོ་སངས་རྒྱས་ཀྱི་གཟུགས་སམ་བྱང་ཆུབ་སེམས་དཔའི་གཟུགས་སུ་དོན་དམ་པར་མི་དམིགས་པ་དེའི་ཕྱིར་བདག་ ཉིད་ཁོ་ནའི་ཡན་ལག་ཐམས་ཅད་ཡོངས་སུ་གང་བའི་སངས་རྒྱས་ཀྱི་གཟུགས་སམ་བྱང་ཆུབ་སེམས་དཔའི་གཟུགས་སུ་རྣལ་འབྱོར་པས་བསྒོམ་པར་བྱ་བ་ཡིན་ནོ་ཞེས་བྱ་བའོ། །ཕྱག་རྒྱ་ཆེན་པོ་ལ་སོགས་པའི་རང་བཞིན་གྱི་རིགས་ཐམས་ཅད་ཀྱི་ཕྱག་རྒྱ་ནི་ཕྱག་རྒྱ་ཐམས་ཅད་དེ། དེ་དག་ གི་རང་བཞིན་རྣལ་འབྱོར་ཡང་ཡིན་ལ་ཆེན་པོ་ཡང་དེ་ཉིད་ཡིན་པས་ཕྱག་རྒྱ་ཐམས་ཅད་ཀྱི་རྣལ་འབྱོར་ཆེན་པོའོ། །འདས་མ་ཐག་ཏུ་བཤད་པ་གང་ཡིན་པ་དེ་ཉིད་མཆོག་ཏུ་གསང་བ་ཡིན་ནོ་ཞེས་བྱ་བའོ། །འདིས་ནི་འདི་ལྟར་བཤད་པར་འགྱུར་ཏེ་ཤིན་ཏུ་མཉམ་པར་གཞག་པའི་སྒོམ་ པས་སྐྱོན་གཅིག་གི་རང་བཞིན་ཀུན་དུ་འགྲོ་བའི་རང་གི་ལྷའི་གཟུགས་གསལ་བའི་དབྱེ་བས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པར་བསྒོམ་པར་བྱ་སྟེ། དེའི་ཕྱིར་ཕྱག་རྒྱ་ཐམས་ཅད་ཀྱི་རྣལ་འབྱོར་ཆེན་པོ་འདི་ཡིན་ཏེ་ཀུན་དུ་ཁྱབ་པ་ཉིད་ཀྱི་ཕྱིར་རོ་ཞེས་ བྱ་བའོ། །དེ་ལྟར་རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་སྒོམ་པར་བྱེད་པའི་མཆོག་ཏུ་གསང་བའི་རྡུལ་ཕྲ་རབ་ཀྱི་སྒྲུབ་པའི་ཆོ་ག་རྒྱས་པར་བསྟན་ནས། ད་ནི་རྣལ་འབྱོར་ཐམས་ཅད་སྒོམ་པར་བྱེད་པ་བསྟན་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣལ་ 61-1-93a འབྱོར་དང་རྗེས་སུ་རྣལ་འབྱོར་བྱས་ལ་བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་ཅན་གྱི་རང་གི་ལྷའི་གཟུགས་ཀྱི་བདག་ཉིད་སྒོམ་པ་ནི་མཆོག་ཏུ་གསང་བའི་མཆོག་གི་རྗེས་སུ་སྒྲུབ་པའི་ཆོ་ག་རྒྱས་པའི་ཁྱད་པར་འདིར་མཆོག་ཏུ་གྲུབ་པར་ཤེས་པར་བྱའོ། ། རང་གི་ལྷའི་སྦྱོར་བ་ཞེས་བྱ་བ་ནི་འདོད་པའི་ལྷའི་རྣལ་འབྱོར་ཏེ། རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་གྱི་རང་བཞིན་ནི་ཇི་ལྟ་བ་བཞིན་དུ་བཤད་པའི་མཚན་ཉིད་ཅན་ནོ། །དེས་སྣ་ཚོགས་ནི་བརྟན་པ་དང་གཡོ་བའི་རང་བཞིན་ཅན་གྱི་བདག་ཉིད་སྐུ་གང་ལ་ཡོད་པ་དེ་ནི་སྣ་ཚོགས་ཕྱག་རྒྱའི་བདག་ཉིད་སྐུ་དང་ལྡན་པ་ སྟེ། ཐམས་ཅད་རྣལ་འབྱོར་དང་ལྡན་པའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུ་ཅིར་འགྱུར་ཞེ་ན་ཀུན་བདག་ཅེས་བྱ་བ་ལ་སོགས་པ་ལ་ཀུན་བདག་བཤད་ཟིན་ཏོ། །དེའི་ཕྱག་རྒྱ་རྣམས་ཀྱང་བཤད་ཟིན་ཏེ། དེ་དང་ལྷན་ཅིག་ཏུ་གཅིག་ཏུ་གྱུར་པའི་ལྷག་པར་མོས་པ་ནི་རྣལ་འབྱོར་རོ། ། དེ་ཉིད་ཀྱི་བདག་ཉིད་ནི་རང་བཞིན་གང་ལ་ཡོད་པ་དེ་ནི་ཀུན་བདག་ཕྱག་རྒྱའི་རྣལ་འབྱོར་བདག་གོ། །མི་འགྱུར་མཆོག་ཅེས་བྱ་བ་ནི་ཐོག་མ་དང་ཐ་མ་མེད་པའོ། །གྲུབ་པར་གྱུར་པ་ནི་རྫོགས་པར་གྱུར་པའོ། །འདི་ཇི་ལྟ་བུར་བརྗོད་ཅེ་ན། ཐམས་ཅད་ཅེས་བྱ་བ་ལ་སོགས་པའི་རྟོག་པ་ཡང་ ཡིན་ལ། ཐམས་ཅད་ཀྱང་དེ་ཉིད་ཡིན་པས་ན་རྟོག་པ་ཐམས་ཅད་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་སྟེ་བརྟན་པ་དང་གཡོ་བ་ལ་སོགས་པའི་དངོས་པོ་ཐམས་ཅད་ཀྱི་ཕྱག་རྒྱའི་གཟུགས་སུ་བཞུགས་པའོ། །ཐམས་ཅད་དུ་ཤེས་པའི་སྣ་ཚོགས་པའི་དམ་ཚིག་ཆེན་པོའོ། །རྟོག་པ་ ཐམས་ཅད་ཀྱང་དེ་ཡིན་ལ་སྣ་ཚོགས་པའི་དམ་ཚིག་ཆེན་པོ་ཡང་དེ་ཉིད་ཡིན་པས་ན་རྟོག་པ་ཐམས་ཅད་ཀྱི་སྣ་ཚོགས་པའི་དམ་ཚིག་ཆེན་པོའོ། །དེ་དག་དང་ལྷན་ཅིག་ཏུ་གྱུར་པའི་ལྷག་པར་མོས་པས་རྣལ་འབྱོར་པ་དེའི་རང་བཞིན་དུ་རྫོགས་པ་ནི་མཆོག་གི་རྣལ་འབྱོར་ཏེ་དེ་ཉིད་ཀྱང་ འདིར་ཐམས་ཅད་ཀྱི་རྣལ་འབྱོར་རོ། །འདིས་ནི་ཐམས་ཅད་ཀྱི་རྣལ་འབྱོར་སྒོམ་པའི་རྣལ་འབྱོར་པ་ལ་བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་ཁོ་ན་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་རང་བཞིན་གྱི་འབྲས་བུ་འཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། ། 61-1-93b དེ་ལྟར་ཐམས་ཅད་རྣལ་འབྱོར་བསྟན་ནས་ད་ནི་དཀྱིལ་འཁོར་ལ་སོགས་པ་སྒྲུབ་པར་བྱེད་པའི་རྣལ་འབྱོར་ཆེན་པོ་ཡང་དག་པར་ཀུན་དུ་སྦྱོར་བ་བསྟན་པར་བྱ་བའི་ཕྱིར་དེ་ནས་སླར་ཡང་གཞན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་དང་ཐམས་ཅད་ཀྱི་ རྣལ་འབྱོར་རྣམས་ལས་སླར་ཡང་སྒོམ་པའི་རང་བཞིན་གྱི་དངོས་པོ་གཞན་འདི་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་བ་བཞིན་དུ་བཤད་པའི་རྣལ་འབྱོར་ཆེན་པོའི་མཚན་ཉིད་ཅན་ནི་འདིར་མཆོག་ཏུ་གསང་བ་ཤིན་ཏུ་མཆོག་ཏུ་ཆོ་ག་རྒྱས་པའི་ཁྱད་པར་ཤིན་ཏུ་མཆོག་ཏུ་གྲུབ་པ་ལས་ཀྱང་ གཞན་ནི་རྗེས་སུ་སྒྲུབ་པ་ལས་ཀྱང་ཤིན་ཏུ་མཆོག་ཏུ་གྲུབ་པ་སྟེ་དངོས་གྲུབ་ཐམས་ཅད་སྒྲུབ་པར་བྱེད་པ་ཉིད་ཀྱི་ཕྱིར་ཞེས་བྱ་བའོ། །རྡོ་རྗེ་སེམས་དཔའ་ནི་རང་གི་རིགས་ཀྱི་དཀྱིལ་འཁོར་གྱི་བདག་པོ་ཡེ་ཤེས་སེམས་དཔའོ། །ཡེ་ཤེས་སེམས་དཔའ་དེ་དང་རྣལ་འབྱོར་གྱི་རང་བཞིན་ བདག་ཉིད་ཡང་དག་པར་སྦྱོར་བ་ནི་གཅིག་ཏུ་གྱུར་པ་སྟེ་རྡོ་རྗེ་སེམས་དཔའི་བདག་ཉིད་སྦྱོར་བའོ། །དབྱིབས་ཇི་ལྟ་བ་བཞིན་དུ་རྡོ་རྗེ་སེམས་དཔའི་སྐུ་ཡང་ཇི་ལྟ་བུ་གང་ལ་ཡོད་པ་དེ་ནི་དབྱིབས་དང་སྐུ་ནི་ཇི་ལྟར་ལྡན་པའོ། །རྡོ་རྗེ་སེམས་དཔའི་བདག་ཉིད་ཀྱི་སྦྱོར་བ་ཡང་དེ་ཡིན་ལ་ དབྱིབས་དང་སྐུ་ཇི་ལྟ་བུ་ཡང་དེ་ཉིད་ཡིན་པས་ན། རྡོ་རྗེ་སེམས་དཔའི་བདག་ཉིད་སྦྱོར། །དབྱིབས་དང་སྐུ་ནི་ཇི་ལྟར་ལྡན་པ་སྟེ། །མི་འགྱུར་མཆོག་ནི་གྲུབ་པར་འགྱུར། །ཞེས་བྱ་བ་དང་སྦྱར་རོ། །དེ་གཅིག་པུ་ཡིན་ནམ་ཞེ་ན་ཀུན་གྱི་བདག་པོ་ནི་ཇི་ལྟ་བུ་བཞིན་དུ་བཤད་པ་སྟེ། དེའི་ ཕྱག་རྒྱ་ནི་རང་གི་རིགས་ཀྱི་དཀྱིལ་འཁོར་ཆེན་པོའི་ལྷ་རྣམས་ཀྱི་ཕྱག་རྒྱ་རྣམ་པ་བཞི་སྟེ། དེ་དང་ལྷན་ཅིག་ཏུ་སྦྱོར་བ་ནི་ཀུན་བདག་ཕྱག་རྒྱའི་སྦྱོར་བའོ། །དེ་ཉིད་ཀྱི་བདག་ཉིད་རང་བཞིན་གང་ལ་ཡོད་པ་དེ་ནི་ཀུན་བདག་ཕྱག་རྒྱའི་སྦྱོར་བའི་བདག་གོ། །གྲུབ་པར་གྱུར་པ་ནི་རྫོགས་ པར་འགྱུར་བའོ། །མི་འགྱུར་མཆོག་ནི་རྟག་པ་སྟེ་ཐོག་མ་དང་ཐ་མ་མེད་པའོ། །འདི་ཅི་ཞེས་བྱ་བ་བརྗོད་པ་ཡིན་ཞེ་ན། འདི་ནི་ཞེས་བྱ་བ་ལ་སོགས་པ་ལ་ཐམས་ཅད་རྣལ་འབྱོར་གྱི་བདག་པོ་ཞེས་བྱ་བ་དང་སྦྱར་རོ། །འདི་ཞེས་བྱ་བ་ནི་རྣལ་འབྱོར་ཆེན་པོའི་མཚན་ཉིད་ 61-1-94a ཡིན་ནོ། །ནིའི་སྒྲ་ནི་གང་གི་ཕྱིར་གྱི་དོན་ཏེ་གང་གི་ཕྱིར་སངས་རྒྱས་ཐམས་ཅད་ཀྱི་རང་གི་བདག་ཉིད་དམ་ཚིག་གསལ་བ་ནི་རང་གི་རིགས་ཀྱི་ཡེ་ཤེས་སེམས་དཔའ་རྣམས་ཏེ་དེ་རྣམས་ཀྱི་རྗེས་སུ་འབྲང་བས་རང་གི་དམ་ཚིག་གི་རྗེས་སུ་འགྲོ་བ་སྟེ། རང་གི་རིགས་ཀྱི་ཡེ་ཤེས་ སེམས་དཔའ་རྣམས་དང་ལྷན་ཅིག་ཏུ་གྱུར་པས་སོང་བའོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་ཐམས་ཅད་ཀྱི་རྣལ་འབྱོར་རྣམས་ཀྱི་བདག་པོ་ནི་གཙོ་བོ་སྟེ་གྲུབ་པ་ནི་རྫོགས་པའོ། །ཐམས་ཅད་ཀྱི་རྣལ་འབྱོར་གྱི་བདག་པོ་ནི་རང་བཞིན་གྱིས་གསལ་བའོ། །ཤིན་ཏུ་གྲུབ་པའི་རྣལ་ འབྱོར་གཞན་ལས་ཀྱང་མཆོག་གི་མཆོག་ཡིན་པས་ན་ཤིན་ཏུ་གྲུབ་པའི་མཆོག་གོ། །རྣལ་འབྱོར་ཆེན་པོ་འདི་ཡང་རྫོགས་པའི་ཆོ་ག་སྔར་བཤད་པ་ཉིད་དེ། སླར་ཡང་བཤད་པར་མི་བྱའོ། །ཅིའི་ཕྱིར་འདི་ཤིན་ཏུ་གྲུབ་པ་མཆོག་ཡིན་ཞེ་ན། འདི་ལ་ཞེས་བྱ་བ་ལ་སོགས་པ་གང་ གི་ཕྱིར། རྣལ་འབྱོར་ཆེན་པོ་འདིས་དཀྱིལ་འཁོར་སྒྲུབ་པ་ནས་བརྩམས་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་པོ་བསྒྲུབ་པར་བྱ་བ་མ་ཡིན་པའི་དངོས་པོ་ཅུང་ཟད་ཡོད་པ་མ་ཡིན་པའི་ཕྱིར་རོ། །དངོས་གྲུབ་ལས་དང་དེ་བཞིན་བདེ། །ཞེས་བྱ་བ་ལ་སོགས་པ་ནི་བཤད་ ཟིན་ཏོ། །དེ་ལྟར་དངོས་གྲུབ་ཐམས་ཅད་སྒྲུབ་པར་བྱེད་པའི་རྣལ་འབྱོར་ཆེན་པོ་བསྟན་ནས། ད་ནི་ཤིན་ཏུ་ཆགས་པའི་སྒོམ་པས་ཐམས་ཅད་གྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར་ཡང་དག་པར་སྦྱོར་བའི་མཚན་ཉིད་ཅན་གྱི་ཤིན་ཏུ་རྣལ་འབྱོར་གྱི་སྒོམ་པ་བསྟན་ པར་བྱ་བའི་ཕྱིར། འདོད་པ་ཀུན་ལ་ལོངས་སྤྱོད་པ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་པ་ཀུན་ནི་རྡོ་རྗེ་སེམས་དཔའ་སྟེ་བཤད་ཟིན་ཏོ། །དེའི་ལོངས་སྤྱོད་པ་ནི་བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་དོ། །འདོད་པ་ཀུན་ཡང་ཡིན་ལ་དེ་ལ་ལོངས་སྤྱོད་པ་ཡང་ཡིན་པས་ན་ འདོད་པ་ཀུན་ལ་ལོངས་སྤྱོད་པའོ། །ནའི་སྒྲ་ནི་ངེས་པར་གཟུང་བ་སྟེ། འདོད་པ་ཀུན་ལ་ལོངས་སྤྱོད་པར་བྱེད་པར་གྱུར་པ་དེ་རྣམས་ཉིད་བསྟེན་པ་ནི་ཤིན་ཏུ་རྣལ་འབྱོར་གྱི་སྒོམ་པ་ཉམས་སུ་མྱོང་བ་ཁོ་ནའོ། །ཅི་འདོད་པ་ཞེས་བྱ་བ་ནི་རང་གི་འདོད་པ་མ་ལུས་པའོ། །ཁ་ཅིག་ཙམ་ 61-1-94b དག་གིས་སོ། །འདི་དག་གིས་ཅི་བྱ་ཞེ་ན། རྣལ་འབྱོར་འདི་ཞེས་བྱ་བ་ལ་སོགས་པ་ལ། ཤིན་ཏུ་རྣལ་འབྱོར་གྱི་སྙོམ་པའི་ཚུལ་འདི་རང་གི་བདག་ཉིད་ལ་རབ་ཏུ་མཆོད་པར་བྱའོ། །འདི་ལྟར་བཤད་པར་འགྱུར་ཏེ། རང་གི་དཀྱིལ་འཁོར་གྱི་ཚུལ་གནས་པའི་རྣལ་འབྱོར་པས་རྡོ་རྗེ་མཚོན་ཆ་མ་ལ་སོགས་པའི་ མཆོད་པའི་ཕྱག་རྒྱ་བཅུ་གཉིས་ཀྱིས་ཡང་དག་པར་མཆོད་ལ། རང་གི་རིགས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་བརྟན་པ་དང་གཡོ་བའི་རང་བཞིན་ཅན་གྱི་མཆོད་པ་བཅུ་དྲུག་གིས་ཀྱང་མཆོད་ནས། ཐམས་ཅད་དུ་ཁྱད་པར་གྱི་མཆོད་པའི་ལྷ་མོ་ཐམས་ཅད་དང་ལྷན་ཅིག་ཏུ་ཡང་དག་པར་སྦྱོར་བ་བསྒོམ་ པར་བྱའོ། །དེ་ཡང་ཤིན་ཏུ་རྣལ་འབྱོར་གྱི་རང་བཞིན་ཅན་གྱི་ཚུལ་དེས་སོ། །རྡོ་རྗེ་སེམས་དཔའི་སྦྱོར་བ་ཡི། །མཐུ་ཉིད་ཀྱིས་ནི་ཐམས་ཅད་དུ། །ལྷ་མོ་ཐམས་ཅད་བདེ་ཆེན་ལྡན། །རང་ཉིད་སོ་སོར་རྗེས་སྒྲུབ་པའོ། །རྡོ་རྗེ་སེམས་དཔའི་སྦྱོར་བ་ཡི། །མཐུ་ཉིད་ཀྱིས་ནི་ཐམས་ ཅད་དུ། །རྣལ་འབྱོར་ཐམས་ཅད་དགའ་སྟོན་བདེ། །རང་ཉིད་སོ་སོར་རྗེས་སྒྲུབ་པའོ། །རྡོ་རྗེ་སེམས་དཔའི་སྦྱོར་བ་ཡི། །མཐུ་ཉིད་ཀྱིས་ནི་ཐམས་ཅད་དུ། །དངོས་གྲུབ་ཐམས་ཅད་དགའ་སྟོན་བདེ། །རང་ཉིད་སོ་སོར་རྗེས་སྒྲུབ་པའོ། །རྡོ་རྗེ་སེམས་དཔའི་སྦྱོར་བ་ཡི། །མཐུ་ ཉིད་ཀྱིས་ནི་ཐམས་ཅད་དུ། །དབང་ཕྱུག་ཀུན་གྱི་དགའ་སྟོན་བདེ། །རང་ཉིད་སོ་སོར་རྗེས་སྒྲུབ་པའོ། །ནམ་མཁའི་ཁམས་ནི་མཐའ་ཡས་པ། །བུད་མེད་མཆོག་ནི་འབྱུང་བར་འགྱུར། །དམ་ཚིག་ལས་བྱུང་དེ་དག་དེའི། །ཡིད་འོང་དམ་ཚིག་རྗེས་འགྲོ་བའོ། །ཤིན་ཏུ་རྣལ་འབྱོར་རྣལ་ འབྱོར་ཆེ། །ཐམས་ཅད་བདག་ཉིད་དམ་ཚིག་མཆོག །གཅིག་ཉིད་དང་ནི་སྤྱོད་པ་གཅིག །ཡིད་འོང་རྗེས་སྤྱོད་ལྷན་ཅིག་སྤྱོད། །སངས་རྒྱས་ཀུན་དང་མཉམ་སྦྱོར་བའི། །མཁའ་འགྲོ་མ་རྣམས་མཆོག་ཏུ་མཛེས། །ཀུན་དུ་སྣ་ཚོགས་རོལ་པ་ཡི། །ཕྱག་རྒྱ་ཐམས་ཅད་བདེ་ ཆེན་ལྡན། །བཀའ་མཉན་མཆོག་གི་མཆོད་པ་ཀུན། །ལྷ་མོ་མཆོག་ཏུ་རྟག་པའོ། །རྡོ་རྗེ་སེམས་དང་སྦྱོར་བ་ཡི། །ལྷ་མོ་ཐམས་ཅད་ཀུན་བསྡུས་པས། །ཀུན་ནས་སྣ་ཚོགས་སྐལ་བཟང་པོ། །རང་ཉིད་སོ་སོར་རྗེས་སྒྲུབ་འགྱུར། །ཕྱག་རྒྱ་འདི་ནི་བཏབ་ཙམ་གྱིས། ། 61-1-95a རྡོ་རྗེ་སེམས་དཔའ་ལ་སོགས་ལྷ། །ནམ་མཁའི་ཁམས་ལྟར་མཐའ་ཡས་པའི། །ལྷ་མོ་ཐམས་ཅད་བདེ་ཆེན་ལྡན། །རྣལ་འབྱོར་ཐམས་ཅད་བདེ་བས་མྱོས། །སྟོབས་ཀྱིས་གནོན་ཅིང་ཉེས་པ་མེད། །ཕན་ཚུན་རབ་ཏུ་དགའ་གྱུར་ནས། །སྐྱེས་བུ་བྱེད་བཞིན་རོལ་བར་འགྱུར། ། ཀུན་བདག་དབང་པོ་ཐམས་ཅད་ལས། །འབྱུང་བའི་མཆོད་པ་ཐམས་ཅད་ཀྱི། །སྤྲིན་ཆེན་སྤྲོས་པའི་ཚོགས་རྣམས་ཀྱིས། །དེ་དག་མཆོད་པར་མཛད་པ་ཡིན། །ཀྱེ་མ་བདེ་བ་ལས་བྱུང་བའི། །ཀུན་སྦྱོར་བདེ་བའི་དབང་ཕྱུག་དང་། །རིན་ཆེན་ཀུན་གྱི་རྣམ་པ་ཡིས། །རབ་ཏུ་མྱོས་ཤིང་བསྟེན་ པ་ཡིན། །ཞེས་བྱ་བ་ཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །འདི་ཞེས་བྱ་བ་ནི་འདས་མ་ཐག་ཏུ་བཤད་པ་སྟེ་ཤིན་ཏུ་རྣལ་འབྱོར་གྱི་མཚན་ཉིད་དོ། །དེ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་རྣལ་འབྱོར་གཞན་ལས་དམ་པ་སྟེ་མཆོག་ཏུ་ ཤིན་ཏུ་གསང་བའོ། །འདི་ལས་གོང་ན་གཞན་མེད་པས་ན་བླ་ན་མེད་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱི་རང་བཞིན་གྱི་མདོ་སྡེའི་སྤྱོད་པ་བྱང་ཆུབ་སེམས་དཔའི་ལམ་འབྲས་བུ་དང་བཅས་པའི་རང་བཞིན་ཅན་ལས་ཀྱང་རྡོ་རྗེ་ཐེག་པ་ལས་ཆེན་པོའི་ཆེན་པོའོ། །དེ་ཉིད་དམ་ ཚིག་ཆེན་པོ་ནི་ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་ཐམས་ཅད་དུ་འགྲོ་བའི་ཕྱིར་རོ། །དེའི་ཕྱིར་རྣལ་འབྱོར་ནི་དེ་ལས་བྱུང་བའི་ཤིན་ཏུ་རྣལ་འབྱོར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ལྷ་མོ་དང་ཡང་དག་པར་སྦྱོར་བའི་ཕུན་སུམ་ཚོགས་པ་གསལ་བར་འབར་ བ་བསྟན་པ་ནི་དཔལ་རང་གི་དམ་ཚིག་སྟེ་དེའི་སྦྱོར་བ་ནི་སྦྱོར་བའོ། །དགའ་བ་ཆེན་པོའི་དཔལ་རྡོ་རྗེ་དོན་ཡོད་ནི་རྡོ་རྗེ་སེམས་དཔའ་སྟེ། དེ་དགའ་བའི་དམ་ཚིག་ནི་ཐུགས་བདེ་བ་སྐྱེད་པའི་རྒྱུའོ། །རྣལ་འབྱོར་ཐམས་ཅད་བསྐྱེད་པ་ཉིད་ཀྱི་ཕྱིར་རྣལ་འབྱོར་ཐམས་ཅད་དོ། །བཅུད་ ཀྱིས་ལེན་ཐམས་ཅད་ཀྱི་མཆོག་ཡིན་པའི་ཕྱིར་བླ་ན་མེད་པའི་བཅུད་ཀྱིས་ལེན་ཏེ་གང་གི་ཕྱིར་དེ་ཐོབ་ན་རྣལ་འབྱོར་པ་ནི་ཐོག་མ་དང་ཐ་མ་མེད་པར་འགྱུར་རོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་རྣམས་ཟིལ་གྱིས་མནན་ནས་མཛེས་པས་ན་མཆོག་གི་དངོས་གྲུབ་ཀྱི་རྒྱལ་ 61-1-95b པོའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དཔལ་རྡོ་རྗེ་སེམས་དཔའ་ནི་རྣལ་འབྱོར་འདི་ཡིན་ནོ། །མཆོག་ནི་དམ་པའོ། །རྡོ་རྗེ་སེམས་དཔའི་སྐུ་ཚེ་ནི་སྲོག་གོ། །ན་ཚོད་གཞོན་པ་དེ་ཉིད་ཀྱིའོ། །ནད་མེད་པ་ནི་གོ་སླའོ། །སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་ བརྒྱད་ཅུ་ནི་གཟུགས་སོ། །ཁ་དོག་ནི་མདངས་སོ། །གཟི་བརྗིད་ནི་འོད་ཟེར་རོ། །མཐུ་ནི་ནུས་པའོ། །སྟོབས་ནི་སྐུ་དང་ཡེ་ཤེས་ཀྱི་སྟོབས་སོ། །སྤྲོ་བ་ནི་བརྩོན་འགྲུས་སོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉིད་ཐོབ་པ་ནི་མཆོག་གི་དངོས་གྲུབ་ཆེན་པོ་ཐམས་ཅད་དོ། །རྡོ་རྗེ་ལྷ་མོ་ ཚོགས་ཀྱི་ཕུན་སུམ་ཚོགས་པ་ནི་དཔལ་ལོ། །སྐལ་བ་བཟང་པོ་ནི་གོ་སླའོ། །ཀཱི་ལི་ཀཱི་ལའི་རང་བཞིན་ཅན་ནི་དགའ་བ་ཆེན་པོ་དང་ཤིན་ཏུ་བདེ་བ་དང་ཡིད་བདེ་བ་ཐམས་ཅད་དོ། །འདི་རྣམས་ལ་མཆོག་ཏུ་གྲུབ་པ་ཞེས་བྱ་བ་ནི་ཤིན་ཏུ་རྣལ་འབྱོར་གྱི་མཚན་ཉིད་ཅན་གྱི་བཅོམ་ལྡན་འདས་དཔལ་ རྡོ་རྗེ་སེམས་དཔའ་ཞེས་བྱའོ། །ཇི་སྲིད་ཀྱི་སྒྲས་ས་དང་ཕ་རོལ་ཏུ་ཕྱིན་པ་རྣམས་གཟུང་བར་བྱའོ། །མ་ལུས་ཤིང་ལུས་པ་མེད་པའི་སྒྲ་ནི་བཤད་ཟིན་ཏོ། །མ་ལུས་པ་ནི་ལུས་པ་མེད་པ་སྟེ། མཆོག་གི་དངོས་གྲུབ་ཆེན་པོ་ཐམས་ཅད་ནི་སངས་རྒྱས་ཉིད་དེ་རྡོ་རྗེ་སེམས་དཔའ་ཉིད་ཐོབ་པའོ། །དེ་ལས་ དབང་ཕྱུག་ཆེན་པོ་ཉིད་ནི་ཁམས་གསུམ་པའི་ཆོས་ཀྱི་རྒྱལ་སྲིད་ཐོབ་པའོ། །དེའི་བདག་པོ་ཉིད་ནི་གཙོ་བོ་ཉིད་དོ། །དེ་རིགས་ཐམས་ཅད་ལས་གསུངས་པའི་དངོས་གྲུབ་ཐམས་ཅད་རབ་ཏུ་སྒྲུབ་པར་བྱེད་པའི་ལས་ཀྱི་ཚོགས་གང་གི་ཐོག་མར་ཡོད་པ་གང་ཡིན་པ་དེ་གྲུབ་པ་ནི་རྫོགས་པའི་རྒྱུ་ ཉིད་དུ་གྲུབ་པའོ། །རྒྱུ་གང་གི་ཕྱིར་ཞེ་ན་རབ་ཏུ་གྲུབ་པར་འགྱུར་ཞེས་གསུངས་ཏེ། ཕྱག་རྒྱ་ཆེན་པོ་ལ་སོགས་པ་དང་བཅས་པའི་རྣལ་འབྱོར་འདིས་གང་ཕྱིར་ཕྱག་རྒྱས་བཏབ་པ་ཙམ་གྱིས་སྐད་ཅིག་མས་གྲུབ་པར་འགྱུར་རོ་ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་ སོ། །དེ་རྒྱུ་གང་གི་ཕྱིར་ཞེས་བྱ་བ་ལ་རྒྱུ་གང་གི་ཕྱིར་རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་དང་ཐམས་ཅད་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོ་དང་ཤིན་ཏུ་རྣལ་འབྱོར་ཕྱག་རྒྱ་དང་བཅས་པ་རྣམས་ཀྱིས་རྣལ་འབྱོར་རྣམས་དེ་བཞིན་གཤེགས་པར་འགྱུར་ཞེས་བྱ་བའི་ཕྱོགས་སྔ་མ་འདི་ཡོད་པས་ 61-1-96a འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་རྣམས་ཀྱིས་བཅིངས་པའི་མི་གནས་པའི་མྱ་ངན་ལས་འདས་པའི་སྲིད་པའི་རང་བཞིན་དང་སྤྲུལ་པའི་སྐུའི་གཟུགས་ཀྱིས་སངས་རྒྱས་རྣམས་ཀྱི་སྤྱོད་པ་སྟེ། དེའི་ཕྱིར་རེ་ཞིག་ ཕྱག་རྒྱ་ཁས་བླང་བར་བྱའོ། །ཟུགས་བརྙན་དང་མཚུངས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལ་ལྷག་པར་མོས་ནས་རྣལ་འབྱོར་པ་རྣམས་ཀྱིས་ཕྱག་རྒྱ་བཅིངས་ན། ཕྱག་རྒྱ་ཆེན་པོ་ལ་སོགས་པའི་རང་བཞིན་ཅན་དུ་འགྱུར་ཏེ། གཞན་དུ་མ་ཡིན་ནོ། ། དེའི་ཕྱིར་ན་ཕྱག་རྒྱ་ནི་རྣལ་འབྱོར་ལ་རྟག་ཏུ་འབྲས་བུའི་ཚུལ་གྱིས་རབ་ཏུ་གནས་པ་ཡིན་ཏེ། རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་དང་ཐམས་ཅད་རྣལ་འབྱོར་དང་ཤིན་ཏུ་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོ་རྣམས་ནི་ཕྱག་རྒྱ་སྐྱེད་པའི་རྒྱུར་གྱུར་པ་ཁས་བླང་བར་བྱའོ། །རྣལ་འབྱོར་གྱི་ཕྱག་ རྒྱ་འགྲུབ་པར་འགྱུར་ན། རྣལ་འབྱོར་གང་གིས་འགྲུབ་པར་འགྱུར་ཞེ་ན། རྣལ་འབྱོར་ཁྱད་པར་ཅན་གྱིས་བསྒྲུབ་པར་བྱ་ཞེས་བྱ་བའོ། །གང་གི་རྣལ་འབྱོར་སྒྲུབ་པར་བྱེད་པའི་ཁྱད་པར་གང་ཡིན་ཞེ་ན། རྣལ་འབྱོར་དམ་ཚིག་གིས་སྒྲུབ་བྱེད། །ཅེས་བྱ་བ་ལ་དམ་ཚིག་ནི་རིགས་ཐམས་ཅད་ ཀྱི་ཕྱག་རྒྱ་རྣམ་པ་བཞི་སྟེ་དེ་ཉིད་སྒྲུབ་པ་ནི་གྲུབ་པའི་གང་ལ་ཡོད་པ་དེ་ནི་དམ་ཚིག་གིས་སྒྲུབ་པར་བྱེད་པ་སྟེ། ཕྱག་རྒྱ་རྣམས་ཁོ་ན་རྣལ་འབྱོར་ཐམས་ཅད་སྐྱེད་པར་བྱེད་པའི་རྒྱུ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་རྣལ་འབྱོར་གྱི་ཕྱག་རྒྱ་གྲུབ་པར་འགྱུར་བ་དང་། གཟུགས་མི་ མཐུན་པའི་ཕྱག་རྒྱས་ཀྱང་རྣལ་འབྱོར་འགྲུབ་པར་འགྱུར་ཞེ་ན། སེམས་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་སེམས་ནི་རྣམ་པར་ཤེས་པའི་སྒྱུ་མ་ལྟ་བུ་དོན་དམ་སྟོང་པས་ཏེ་དེ་མ་གྲུབ་པ་ནི་སྐྱེ་བ་མེད་པའོ། །ལུས་དང་བྲལ་བ་ནི་རང་རིག་པ་ཙམ་མོ། །ལུས་ཀྱང་དོན་དམ་པར་རང་རིག་ པ་དང་བྲལ་བ་སྟེ། རང་རིག་པ་དང་ལུས་རང་གི་རང་བཞིན་དུ་མཐར་ཐུག་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་ལུས་དེ་རྩིག་པ་དང་འདྲ་བའོ། །དེ་གལ་ཏེ་རྩིག་པ་དང་འདྲ་བར་བྱ་བ་མེད་ཅིང་སེམས་དང་བྲལ་བ་ཡིན་ན་ཡང་ཇི་ལྟར་མེད་ན་མི་འབྱུང་བ་དེ་བཞིན་དུ་ཕྱག་རྒྱ་དང་རྣལ་འབྱོར་ 61-1-96b དག་ཕན་ཚུན་ཐ་དད་པའི་རང་བཞིན་ན་ཡང་འདས་མ་ཐག་ཏུ་བཤད་པའི་མ་བརྟགས་ན་ཉམས་དགའ་བ་མེད་ན་མི་འབྱུང་བའི་ཆོ་ག་འདིས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་བརྗོད་པ་ནི་གསུངས་པ་ཡིན་ནོ། །ཇི་ལྟར་བརྗོད་ཅེ་ན། ཇི་ལྟར་ཞེས་བྱ་བ་ལ་སོགས་པས་རྒྱས་པར་བཤད་པ་གསུངས་ ཏེ་འདས་མ་ཐག་ཏུ་བཤད་པའི་རིགས་པས། ལུས་སེམས་ཀྱིས་འགྲུབ་པར་འགྱུར་བ་དང་། སེམས་ཀྱང་ལུས་ཁོ་ནས་འགྲུབ་པར་འགྱུར་བ་དེ་བཞིན་དུ་ཕྱག་རྒྱ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་རང་བཞིན་རྣམས་བདག་ཉིད་ཀྱི་རྣལ་འབྱོར་ནི་རང་གི་ཕྱག་རྒྱའི་ལྷའི་ལྷག་པར་མོས་པས་གྲུབ་ པ་དང་། རྣལ་འབྱོར་ལ་ལྷག་པར་མོས་པ་ཡང་ཇི་ལྟ་བ་བཞིན་དུ་བཤད་པ་རྣམ་པ་བཞིའི་རང་བཞིན་ཏེ། དེ་ཡང་དམ་ཚིག་སྒྲུབ་པ་ཡིས། །ཞེས་བྱ་བ་ནི་རང་གི་ལྷའི་ཕྱག་རྒྱ་ལ་སོགས་པའི་རང་བཞིན་ཅན་གྱི་སྒྲུབ་པ་རྣམས་ཀྱིས་སྒྲུབ་པ་པོ་ལ་འགྲུབ་པར་འགྱུར་རོ། །དམ་ཚིག་དང་རྣལ་འབྱོར་ དེ་དག་གིས་རྣལ་འབྱོར་པ་རྣམས་ལ་ཅིར་འགྱུར་ཞེ་ན་དེ་ལྟར་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་སྒྲུབ་པ་པོ་ལ་རྣལ་འབྱོར་གྱིས་ཕྱག་རྒྱ་སྐྱེད་པར་འགྱུར་བ་དང་། ཕྱག་རྒྱས་ཀྱང་རྣལ་འབྱོར་སྐྱེད་པར་འགྱུར་ཏེ་ཕན་ཚུན་དུ་བསྒྲུབ་པའི་ཕྱིར་རོ། །དེ་བས་ན་བྱེད་པར་འགྱུར་བའི་དམ་ཚིག་དང་། རྣལ་ འབྱོར་དག་གི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་ཀྱི་སྟོབས་ཀྱིས་བདག་མེད་པའི་རྣལ་འབྱོར་པ་རྣམས་ཀྱང་འགྲུབ་པར་འགྱུར་རོ། །དེ་ཡང་ན་དོན་དམ་པར་མེད་པའི་རང་བཞིན་ཅན་རྟག་པའི་བདག་ཉིད་ཅན་གྱི་དེ་བཞིན་གཤེགས་པ་རྣམས་སོ་ཞེས་བྱ་བའོ། །ད་ནི་ཕྱག་རྒྱ་དང་རྣལ་ འབྱོར་དག་གི་རྗེས་སུ་བསྟན་པ་བསྒྲུབ་པའི་ཕྱིར་དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས་ཀྱི་སྐུ་ཐམས་ཅད་དུ་བསྟན་པ་ཡིན་པའི་ཕྱིར་ཕྱག་རྒྱ་སྟེ། ཕྱག་རྒྱ་རྣམ་པ་བཞི་པོར་བརྗོད་པ་ཡིན་ནོ། །ནིའི་སྒྲ་ནི་ངེས་པར་གཟུང་བ་ལའོ། །སྐུ་དེ་ཡང་བདེ་ བ་རྣམས་ཀྱིས་བསྟན་པར་འགྱུར་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སྡུག་བསྔལ་དང་ལྡན་པའི་རྣལ་འབྱོར་པ་སེམས་གཡེང་བར་འགྱུར་ཞིང་གཡོ་བར་འགྱུར་རོ། །ཡང་ན་འཁོར་བས་ཅི་ཞིག་བྱ་ཞེས་བྱ་བའི་སྡུག་བསྔལ་གྱི་ཟིལ་གྱིས་མནན་པས་བདག་ཉིད་གསོད་པར་བྱེད་པའོ། །ད་ནི་ 61-1-97a རྣལ་འབྱོར་སེམས་ལས་བྱུང་བ་ཞེས་བྱ་བ་ལ། སྐུ་བརྟན་པར་གྱུར་པ་གང་ཡིན་པ་དེ་ནི་རྣལ་འབྱོར་སེམས་ལས་བྱུང་བ་སྟེ། རྣལ་འབྱོར་གྱི་རྗེས་སུ་རྣལ་འབྱོར་ལས་བྱུང་བའོ། །དེ་ཡང་རྣལ་འབྱོར་པའི་ཡིད་དགའ་བ་རྣམས་ཀྱིས་འགྲུབ་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན་ཡིད་མི་ དགའ་བ་ཞེས་བྱ་བ་ལ། གང་གི་ཕྱིར་ཡིད་མི་དགའ་བ་རྣམས་ཀྱིས་སེམས་གཡོ་ཞིང་རྣལ་འབྱོར་པ་གཡེང་བ་ཐོབ་པའི་ཕྱིར་རོ། །ཡང་ན་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཐོབ་པ་ནི་མངོན་དུ་བྱེད་པ་ཡིན་ནོ། །དེ་བས་ན་ཉེས་པ་འདིར་མི་འགྱུར་བའི་ཕྱིར་ འབད་པ་ཐམས་ཅད་དེ་བརྩོན་འགྲུས་ཀྱི་ཕྱག་རྒྱ་དང་། རྣལ་འབྱོར་དག་རྗེས་སུ་སྒྲུབ་པ་ཡོངས་སུ་རྫོགས་པར་བྱེད་པའི་རྣལ་འབྱོར་པས། དཀའ་ཐུབ་མེད་ཅིང་ངེས་པ་མེད། །བདེ་དང་དགའ་བས་བསྒྲུབ་པར་བྱ། །ཞེས་བྱ་བ་ནི་དེ་ལ་བྱ་བའི་རྒྱུད་ལས་གསུངས་པའི་སྐྱིལ་མོ་ཀྲུང་གི་ངེས་པ་ནི་ དཀའ་ཐུབ་བོ། །བྱ་བའི་རྒྱུད་ཁོ་ནར་གསུངས་པའི་ལོ་མ་དང་ལྕི་བ་ལས་བྱུང་བའི་ནས་དང་། སློང་མོ་ཟ་བ་ལ་སོགས་པའི་ངེས་པའི་རང་བཞིན་ཅན་ནི་ངེས་པ་རྣམས་སོ། །ཤིན་ཏུ་རྣལ་འབྱོར་གྱི་ངེས་པ་ནི་བདེ་བའོ། །དེ་ལས་བྱུང་བའི་ཡིད་བདེ་བས་སྤྲུལ་པ་ལ་སོགས་པ་ནི་དགའ་བའོ། །བདེ་བ་ བསྒྲུབ་པར་བྱའོ་ཞེས་བྱ་བ་གང་གསུངས་པའི་བདེ་བ་དེ་གང་ཡིན་པ་མི་ཤེས་པ་དེ་བསྟན་པའི་ཕྱིར། འདོད་པ་ཀུན་ལ་ལོངས་སྤྱོད་ཅིང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་དེ་ཡང་བཤད་ཟིན་ཏོ། །འདོད་པ་ཀུན་ལ་ལོངས་སྤྱོད་པ་ནི་ཕྱི་རོལ་གྱི་ཡང་ཡོད་པར་རྟོག་པ་དེ་བསལ་བར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བ་བླ་ན་མེད་པའི་ཐེག་པ་ཆེན་པོ་དམ་ཚིག་ཆེན་པོའི་རྣལ་འབྱོར་ནི་བཤད་ཟིན་ཏོ། །ཤིན་ཏུ་རྣལ་འབྱོར་གྱི་སྒོམ་པའི་རང་བཞིན་ཅན་ནི་བཅོམ་ལྡན་འདས་རྡོ་རྗེ་ སེམས་དཔའ་སྟེ་དེ་ཉིད་མཆོག་ཏུ་བདེ་བ་ཞེས་བྱའོ། །འདིས་ནི་འདི་ལྟར་བཤད་པར་འགྱུར་ཏེ། ཤིན་ཏུ་རྣལ་འབྱོར་གྱི་སྒོམ་པའི་རང་བཞིན་ཅན་རྡོ་རྗེ་སེམས་དཔའ་ནི་འདིར་འདོད་པ་ཀུན་གྱི་ལོངས་སྤྱོད་པ་ལ་བརྟེན་པའོ། །དེ་ཉིད་བདེ་བའོ། །དེས་ཕྱག་རྒྱ་དང་རྣལ་འབྱོར་དག་སྒྲུབ་པ་པོའི་རྒྱུད་ལ་ 61-1-97b རྫོགས་པར་འགྱུར་གྱི་ཕྱིའི་ཡུལ་གྱི་བདེ་བ་ནི་མ་ཡིན་ཏེ། དེ་རྣམ་པར་གཡེང་བའི་རང་བཞིན་ཅན་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་ཤིན་ཏུ་རྣལ་འབྱོར་སྒོམ་པའི་མཚན་ཉིད་ཅན་བསྒོམ་པའི་ཕྱག་རྒྱ་དང་རྣལ་འབྱོར་དག་གིས་རྗེས་སུ་སྒྲུབ་པ་བསྟན་ནས། ད་ནི་ཤིན་ཏུ་རྣལ་འབྱོར་ཁོ་ན་ ལས་བྱུང་བའི་དགའ་བ་དང་ཡིད་བདེ་བ་དེ་དག་ཉིད་རྗེས་སུ་སྒྲུབ་པ་བསྟན་པའི་ཕྱིར། དེ་ལ་འགའ་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐམས་ཅད་ཀྱི་དམ་ཚིག་ནི་རིགས་ཐམས་ཅད་ཀྱི་ཕྱག་རྒྱ་རྣམས་སོ། །རྣལ་འབྱོར་ནི་ཇི་ལྟ་བ་བཞིན་དུ་བཤད་པའི་རྣམ་པ་བཞིའོ། །དེ་དག་རྗེས་སུ་ སྒྲུབ་པ་ནི་རྫོགས་པའི་རྒྱུའོ། །དཀའ་ཐུབ་ལ་སོགས་པ་རྣམས་ཀྱིས་རྣལ་འབྱོར་པའི་སེམས་གཡེང་བར་འགྱུར་བ་དང་། ཇི་ལྟ་བ་བཞིན་དུ་བཤད་པའི་རྣལ་འབྱོར་ལ་སྦྱོར་བར་མི་འགྱུར་བ་ནི་མཉམ་པར་གཞག་པར་མི་འགྱུར་བའོ། །དེའི་ཕྱིར་སྐྱིལ་མོ་ཀྲུང་ལ་སོགས་པའི་ངེས་པ་དང་བྲལ་བས་ཕྱག་རྒྱ་ བཅིངས་ཏེ་བདག་ལ་བྱིན་གྱིས་བརླབ་པ་བྱས་ནས། དེའི་འོག་ཏུ་ཅི་འདོད་པའི་ལས་དང་ལྡན་པ་དང་། ཀུན་ཟ་བ་ནི་རྣལ་འབྱོར་དང་རྗེས་སུ་མཐུན་པའི་ཟས་ཟ་བ་སྟེ་ཁ་ན་མ་ཐོ་བ་དང་བཅས་པའི་ཉན་ཐོས་ལ་སོགས་པ་ནི་བཟའ་བ་མ་ཡིན་པ་སྟེ། ངེས་པར་གཟུང་བ་རྣམས་ལ་དེ་དག་སོ་སོར་བཀག་ པའི་ཕྱིར་རོ། །གསང་བ་སྲ་ཞིང་མཐོ་བའི་ཐུན་མོང་གི་ཏིང་ངེ་འཛིན་གྱི་ལེའུ་ལས་གསུང་བའི་ཕྱིར་རོ། །ཕྱག་རྒྱ་ཆེན་པོ་ལ་སོགས་པའི་སྒོམ་པ་བྱེད་པས་ན་ཀུན་བྱེད་པའོ། །ཅི་འདོད་བྱ་བ་ལ་སྤྱོད་པ། །ཞེས་བྱ་བ་འདིའི་རྒྱས་པར་བཤད་པ་ནི་ཅི་འདོད་པར་ནི་སྤྱོད་པའོ་ཞེས་བྱ་བའོ། ། དེ་དག་གི་ཕྱིར་སྤྱོད་པ་ནི་སྤྱོད་ལམ་དུ་བརྗོད་པའི་ཕྱིར་སླར་སྤྱོད་པ་དེ་ཉིད་རྣམ་པར་བཤད་པར་བྱ་བའི་ཕྱིར། ལྡང་བའམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་དང་དེར་ཞེས་བྱ་བས་གནས་ཀྱི་ངེས་པ་མེད་པ་བསྟན་ཏོ། །སྤྱོད་ལམ་གང་དང་གང་གིས་སྒོམ་པར་བྱེད་པ་ འདོད་པ་དེ་དང་དེས་བྱ་བ་ཡིན་པས་ན་ཇི་བཞིན་དེའོ། །ཐམས་ཅད་བདག་ཉིད་སྒྲུབ་པར་བྱེད། །ཅེས་བྱ་བ་ནི་བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་དོ། །དཔལ་ལྡན་སྡུག་བསྔལ་ཀུན་འཕྲོག་པའི། །རྣལ་འབྱོར་འདི་ཞེས་བྱ་བ་ནི། །ཤིན་ཏུ་རྣལ་འབྱོར་འདི་སྡུག་བསྔལ་ལ་སོགས་ 61-1-98a དང་བྲལ་བ་སྟེ། ཤིན་ཏུ་རྣལ་འབྱོར་ལས་བྱུང་བའི་ཡིད་བདེ་བ་ཐམས་ཅད་ཀྱི་རང་བཞིན་ཅན་གྱི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འདི་ཉིད་འདིར་མཆོག་ཏུ་ཡིད་བདེ་བའི་ཡིན་ཏེ་ཤིན་ཏུ་རྣལ་འབྱོར་གྱི་ཏིང་ངེ་འཛིན་ཞེས་བྱ་བར་བརྗོད་དོ། །ཕྱིའི་བུད་མེད་ལ་སོགས་ པ་བསྟེན་པ་ལས་བྱུང་བའི་བདེ་བ་ནི་མ་ཡིན་ཏེ་ཤིན་ཏུ་གཡེང་བའི་རང་བཞིན་ཅན་ཡིན་པའི་ཕྱིར་རོ། །དེ་ལྟར་ཕྱག་རྒྱ་དང་རྣལ་འབྱོར་དག་གི་རྗེས་སུ་སྒྲུབ་པ་བསྟན་ནས་ད་ནི་རིགས་ཐམས་ཅད་ཀྱི་རྣལ་འབྱོར་ཙམ་འཆིང་བ་ཇི་ལྟར་བྱ་བ་དེ་བསྟན་པར་བྱ་བའི་ཕྱིར། དེ་ལ་རྣལ་འབྱོར་ཐམས་ཅད་བཅིང་བ་ཇི་ལྟར་ཡིན་ཞེ་ ན་ཞེས་བྱ་བ་གསུངས་ཏེ་རྣལ་འབྱོར་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་རྣལ་འབྱོར་ཐམས་ཅད་དེ་ཇི་ལྟ་བ་བཞིན་དུ་བཤད་པའི་རིགས་ཀྱི་རྣལ་འབྱོར་རོ། །དེ་སྒྲུབ་པ་པོས་ཇི་ལྟར་བཅིང་བར་བྱ་ཞེས་བྱ་བའི་དོན་བསྟན་ཏོ། །ཐམས་ཅད་བྱེད་ཅིང་ཞེས་བྱ་བ་ལ་ཤིན་ཏུ་མཉམ་པར་གཞག་པའི་རྣལ་འབྱོར་གྱི་ གནས་སྐབས་སུ་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བཅིང་བ་ཐམས་ཅད་བྱེད་པ་དང་མཉམ་པར་མ་བཞག་པའི་རྣལ་འབྱོར་གྱི་གནས་སྐབས་སུ་ཁྲུས་ལ་སོགས་པ་ལྷ་ཐམས་ཅད་ཀྱི་བྱ་བ་དང་རང་གི་ལྷའི་སྙིང་པོ་དང་། དེ་དང་རྗེས་སུ་མཐུན་པར་བརྗོད་པའི་གླུ་བླངས་པ་སྟེ། མཉམ་པར་མ་བཞག་པའི་རྣལ་ འབྱོར་གྱི་གནས་སྐབས་ཁོ་ནར་གཞན་གང་རུང་བ་བརྗོད་པའོ། །ཤིན་ཏུ་མཉམ་པར་བཞག་པ་དང་། ཤིན་ཏུ་མཉམ་པར་མ་བཞག་པའི་གནས་སྐབས་སུ་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསམ་པའོ། །དེ་བཞིན་དུ་ཕྱག་རྒྱ་ཆེན་པོ་ལ་སོགས་པ་རྫོགས་པར་བྱེད་པའི་རྣམ་པ་དང་དེས་ ཕྱག་རྒྱ་ཆེན་པོ་ལ་སོགས་པ་སྒྲུབ་པར་བྱེད་པའོ། །ཡེ་ཤེས་ཙམ་ལ་སྙོམས་པར་འཇུག་པ་ཞེས་བྱ་བ་ལ་ཡེ་ཤེས་དང་བྲལ་བའི་རང་གི་ལྷའི་རྣམ་པ་རང་གི་རྒྱུད་ཀྱི་སེམས་དང་སེམས་ལས་བྱུང་བ་རྣམས་དམིགས་པ་གཅིག་པའི་རང་བཞིན་ཅན་ནི་ཡེ་ཤེས་ཙམ་ལ་སྙོམས་པར་ཞུགས་ པའོ། །དེ་ལ་སྙོམས་པར་འཇུག་པའི་རྣལ་འབྱོར་ཡང་ཡང་མངོན་དུ་བྱ་བའོ། །རང་བཞིན་ཞེས་བྱ་བ་ནི་ཀུན་གཞིའི་རྣམ་པར་ཤེས་པ་རྣམས་དང་ཉོན་མོངས་པ་ཅན་གྱི་ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པ་དང་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་ཀྱི་རྣམ་པར་ཤེས་པ་རྣམས་སོ། །རང་བཞིན་ 61-1-98b འདིས་ཡེ་ཤེས་ཙམ་ལ་སྙོམས་པར་འཇུག་པས་རྣལ་འབྱོར་པས་སྙོམས་པར་ཞུགས་པར་བྱའོ། །འདིས་ནི་འདི་ལྟར་བཤད་པར་འགྱུར་ཏེ་རང་གི་སྙིང་གར་གནས་པའི་སེམས་དཔའི་རྡོ་རྗེ་ལ་རང་གི་ལྷའི་སྙིང་པོ་རྣམ་པར་བསམས་ནས་དེ་ཉིད་ཡིད་ཀྱིས་བརྗོད་ཅིང་ཆོས་ཐམས་ཅད་བདག་མེད་པར་བསྒོམ་པར་བྱ་སྟེ། དེའི་རྗེས་ལ་དེ་ཉིད་དབྱངས་བཅུ་དྲུག་དང་བཅས་པའི་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ་སྟེ། སླར་ཡང་དེའི་སྟེང་དུ་ཡི་གེ་ཀ་ལ་སོགས་པ་དང་ལྡན་པའི་རང་གི་ལྷའི་སྙིང་པོ་ལས་ཟླ་བའི་དཀྱིལ་འཁོར་གཉིས་པའོ། །དེ་ལས་སླར་ཡང་རང་གི་ལྷའི་སྙིང་པོ་དང་བཅས་པའི་དང་པོའི་རྡོ་རྗེ་རྩེ་ལྔ་པ་དེའི་དབུས་སུ་རང་གི་ ལྷའི་སྙིང་པོ་དེ་བཞིན་དུ་བསམས་ལ་ཕྱག་རྒྱའི་ང་རྒྱལ་བསྒོམ་པར་བྱའོ། །ཕྱག་རྒྱའི་ངོ་བོ་དེ་ཡང་སེམས་དཔའ་བྱིན་གྱིས་བརླབ་པའི་སྦྱོར་བས་རྡོ་རྗེ་སེམས་དཔའི་རྣལ་འབྱོར་པས་བདག་ཉིད་རྡོ་རྗེ་སེམས་དཔར་བསྒོམ་པར་བྱའོ། །གཞན་དག་གི་རྣལ་འབྱོར་པས་ནི་སྔར་བཤད་པའི་ཚུལ་གྱིས་རང་ གི་ལྷའི་གཟུགས་སུ་བསྒོམ་པར་བྱ་སྟེ། དེ་ལྟར་རང་གི་རང་བཞིན་སོ་སོར་རྟོགས་པས་རང་བཞིན་གྱི་ཡེ་ཤེས་ཙམ་གྱིས་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་པར་འགྱུར་རོ། །དེ་ལྟར་རྣལ་འབྱོར་ཙམ་བཅིང་བ་བསྟན་ནས། ད་ནི་རྗེས་སུ་རྣལ་འབྱོར་བཅིང་བ་དང་དེའི་རང་བཞིན་རྒྱས་པར་ བཤད་པ་བསྟན་པར་བྱ་བའི་ཕྱིར། དེ་ལ་ཇི་ལྟར་རྣལ་འབྱོར་ཐམས་ཅད་བཅིང་བ་དང་ལུང་བསྟན་པ་ཇི་ལྟར་ཡིན་ཞེས་བྱ་བ་གསུངས་ཏེ། ཐམས་ཅད་ཀྱང་ཡིན་ལ་རྣལ་འབྱོར་ཡང་ཡིན་པས་ན་ཐམས་ཅད་རྣལ་འབྱོར་ཏེ་རིགས་ཀྱི་ལྷ་ཐམས་ཅད་ཀྱི་རྗེས་སུ་རྣལ་འབྱོར་རོ། །དེའི་བཅིང་བ་ནི་སྒྲུབ་པ་པོས་ ཇི་ལྟར་བྱ་བ་ཡིན་ཞེས་བྱ་བའི་དོན་ཏོ། །དེའི་རང་བཞིན་བསྟན་པ་ནི་ལུང་བསྟན་པ་ཡང་ངོ་། །ཇི་ལྟ་བ་བཞིན་དུ་བཤད་པའི་རྗེས་སུ་རྣལ་འབྱོར་ནི་རང་གི་ལྷའི་སྦྱོར་བའོ། །རང་གི་ལྷའི་སྦྱོར་བ་དེ་ལས། དངོས་གྲུབ་ཐམས་ཅད་རབ་སྦྱོར་བས། །ཞེས་བྱ་བ་ལ་དངོས་གྲུབ་ཀྱང་ཡིན་ལ་ཐམས་ཅད་ཀྱང་ ཡིན་པས་ན་དངོས་གྲུབ་ཐམས་ཅད་དེ་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་རང་བཞིན་སྣ་ཚོགས་པའི་རྣམ་པ་ཅན་ནོ། །དེ་རྣམས་རབ་ཏུ་སྦྱོར་བ་ནི་རང་གི་སྒྲུབ་པའི་ཆོ་གའོ། །དངོས་གྲུབ་ཐམས་ཅད་རབ་ཏུ་སྦྱོར་བའི་རྒྱུ་དེ་ལས། ཡེ་ཤེས་ཙམ་ལས་རབ་སྦྱོར་བས། །ཞེས་བྱ་བ་ནི་རང་གི་ལྷའི་སྒོམ་ 61-1-99a པས་ཏེ་རྗེས་སུ་རྣལ་འབྱོར་གྱིས་བསྒོམ་པ་འདིར་རྣལ་འབྱོར་ཞེས་བྱ་བ་བརྗོད་པ་ནི་རྒྱས་པར་བཤད་ཅིང་བསྟན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྗེས་སུ་རྣལ་འབྱོར་འདི་ཐམས་ཅད་དགུག་པ་ལ་སོགས་པའི་ཆོ་ག་ནི་སྔར་བཤད་པ་ཡིན་ཏེ་སླར་ཡང་བཤད་པར་མི་བྱའོ། །དེ་ལྟར་རྗེས་ སུ་རྣལ་འབྱོར་བཅིང་བ་དང་ལུང་བསྟན་པ་བསྟན་ནས་ད་ནི་ཐམས་ཅད་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོ་དང་། ཤིན་ཏུ་རྣལ་འབྱོར་རྣམས་ཀྱི་བཅིང་བ་དང་། ལུང་བསྟན་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་རྡོ་རྗེ་སེམས་དཔའ་བདག་ཉིད་སྦྱོར་བས་ན་རྡོ་རྗེ་སེམས་དཔའ་བདག་ ཉིད་སྦྱོར་བ་སྟེ། འདོད་པའི་ལྷའི་རྣལ་འབྱོར་སྔོན་དུ་འགྲོ་བའི་ཐམས་ཅད་རྣལ་འབྱོར་ཏེ་རྣལ་འབྱོར་ཆེན་པོ་དང་། ཤིན་ཏུ་རྣལ་འབྱོར་རོ། །རྡོ་རྗེ་སེམས་དཔའ་བདག་ཉིད་སྦྱོར་བ་དེ་ལས་འདོད་ཆགས་རྡོ་རྗེ་མ་ལ་སོགས་པའི་ཕྱག་རྒྱའི་མཆོད་པ་བཅུ་གཉིས་དང་། རང་གི་རིགས་ཀྱི་དཀྱིལ་འཁོར་ ལས་གསུངས་པའི་མཆོད་པ་བཅུ་དྲུག་གི་ཕྱི་ནས་སྦྱོར་བ་ནི་མཆོད་པ་ཀུན་གྱི་རྗེས་སུ་སྦྱོར་བའོ། །རྗེས་སུ་སྦྱོར་བ་དེས་རྣལ་འབྱོར་ཐམས་ཅད་རབ་སྦྱོར་བ་ནི་ཐམས་ཅད་རྣལ་འབྱོར་དང་ཤིན་ཏུ་རྣལ་འབྱོར་རྣམས་བསྒོམས་པ་གང་ཡིན་པ་དེ་ནི་སྐབས་འདིར་རྣལ་འབྱོར་ཞེས་བྱ་བར་བརྗོད་པ་ཡིན་ནོ། ། འདི་རྣམས་ཀྱི་ཆོ་ག་རྒྱས་པར་ཡང་སྔར་བཤད་པ་ཡིན་ཏེ་དེ་ཉིད་ལས་རྟོགས་པར་བྱའོ། །ཐམས་ཅད་རྣལ་འབྱོར་གྱི་ཆོ་ག་འདི་ཡང་ཐམས་ཅད་ལ་སྦྱིན་པར་མི་བྱའོ་ཞེས་བྱ་བ་བསྟན་པར་བྱ་བའི་ཕྱིར་དེ་ལ་འདི་ལྟར་བརྗོད་པར་བྱའོ་ཞེས་བྱ་བ་གསུངས་ཏེ་རྣལ་འབྱོར་རམ་རྗེས་སུ་རྣལ་འབྱོར་རམ་ཀུན་ གྱི་ཐུན་མོང་ཐམས་ཅད་རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོ་དང་ཤིན་ཏུ་རྣལ་འབྱོར་ནི་ཤིན་ཏུ་གསང་བ་ལས་ཀྱང་མཆོག་ཡིན་པས་ན་དེའི་ཕྱིར་སོ་སོའི་སྐྱེ་བོ་ལ་བསྟན་པར་མི་བྱའོ། །ནིའི་སྒྲ་ནི་ངེས་པར་གཟུང་བ་སྟེ། སོ་སོའི་སྐྱེ་བོ་ལ་བཤད་པར་མི་བྱ་བ་དེ་ཁོ་ནའོ། །དེ་ལ་དེ་ཁོ་ན་དང་། ཆོས་དང་དམ་ཚིག་རྣམས་མི་ཤེས་ཤིང་ལྷག་པར་མི་མོས་པ་ནི་འདིར་སོ་སོའི་སྐྱེ་བོར་མངོན་པར་འདོད་པའོ། །དེ་ཅིའི་ཕྱིར་ཞེ་ན། རྡོ་རྗེ་སློབ་དཔོན་སློབ་མ་མཆོག །དེ་ཉིད་དད་པའི་རྗེས་འབྲངས་ལ། །ཐམས་ཅད་རྣལ་འབྱོར་ཆོ་ག་སྦྱོར། །གཞན་རྣམས་ལ་ནི་རིམ་གྱིས་སོ། །ཞེས་བྱ་ 61-1-99b བ་ལ་རྡོ་རྗེ་སློབ་དཔོན་དང་སློབ་མ་མཆོག་ནི་རྡོ་རྗེ་སློབ་དཔོན་དང་སློབ་མ་མཆོག་སྟེ། རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་སྒྲུབ་པར་བྱེད་པ་ནི་རྡོ་རྗེ་སློབ་དཔོན་རྣམས་སོ། །རྒྱལ་བུ་རྒྱལ་ཚབ་གཞོན་ནུ་མིང་ཅན་གྱི་ཕྱིར་སྒྲུབ་པར་བྱེད་པ་ནི་སློབ་མ་མཆོག་གོ། །རྡོ་རྗེ་སློབ་དཔོན་དང་སློབ་མ་མཆོག་དེ་ རྣམས་ལ་ཐམས་ཅད་རྣལ་འབྱོར་གྱི་ཆོ་ག་སྦྱར་བར་བྱའོ། །ཇི་ལྟ་བ་བཞིན་དུ་བཤད་པའི་སྐུ་གསུང་ཐུགས་ཀྱི་གསང་བ་རྡོ་རྗེ་དང་དྲིལ་བུ་དང་དམ་ཚིག་གི་མིང་དང་ལྡན་པ་རྣམས་ནི་དེ་ཁོ་ན་ཉིད་དོ། །དད་པས་དེའི་རྗེས་སུ་འབྲང་བ་ནི་སྔོན་དུ་བྱེད་པའི་ལྷག་པར་མོས་པས་ན་དེ་ཉིད་དད་པའི་རྗེས་སུ་ འབྲང་བ་སྟེ། དེ་ཉིད་དད་པའི་རྗེས་སུ་འབྲང་བ་དེ་རྣམས་ལ་ཇི་ལྟ་བ་བཞིན་དུ་བཤད་པའི་ཐམས་ཅད་རྣལ་འབྱོར་གྱི་ཆོ་ག་སྦྱར་བར་བྱ་བ་ནི་བསྒོམ་པར་བྱ་བའི་ཕྱིར་བསྟན་པར་བྱའོ། །གཞན་རྣམས་ནི་བྱང་ཆུབ་སེམས་དཔའི་མིང་དང་ལྡན་པ་མཆོག་དང་འབྲིང་དང་ཐ་མའི་སློབ་མ་རྣམས་ལ་དེ་ ཁོ་ན་ཉིད་ལ་དད་པའི་སྟོབས་དང་ཐོས་པའི་སྟོབས་ཤེས་ནས་རིམ་གྱིས་སྦྱིན་པར་བྱ་སྟེ་ཅིག་ཅར་དུ་ནི་མ་ཡིན་ནོ་ཞེས་བྱ་བའོ། །ཐམས་ཅད་རྣལ་འབྱོར་གྱི་ཆོ་ག་འདི་དེ་ལྟར་སྦྱར་ན་ཅིར་འགྱུར་ཞེ་ན། འདི་ལ་སྒྲུབ་མིན་ཅུང་ཟད་མེད། །ཅེས་བྱ་བ་ལ་སོགས་པ་ལ། གང་གི་ཕྱིར་ཐམས་ཅད་རྣལ་ འབྱོར་གྱི་ཆོ་ག་འདིས་རབ་ཏུ་སྦྱར་ན་བསྒྲུབ་པར་བྱ་བ་མ་ཡིན་ཏེ། དེའི་ཕྱིར་ཚུལ་ཉིད་ཀྱིས་འདི་རབ་ཏུ་སྦྱོར་བར་བྱ་བ་ཡིན་ཏེ་གཞན་དུ་དམ་ཚིག་ཉམས་པས་དངོས་གྲུབ་ཉམས་པར་འགྱུར་བ་ཡིན་ནོ་ཞེས་བྱ་བའོ། །དངོས་གྲུབ་ལས་ཞེས་བྱ་བ་ནི་གོ་སླའོ། །དེ་ལྟར་རྣལ་འབྱོར་གྱི་མཚན་ཉིད་ བསྟན་ནས་ད་ནི་ཕྱག་རྒྱ་རྣམས་ཀྱི་མཚན་ཉིད་བསྟན་པར་བྱ་བའི་ཕྱིར་དེ་ནས། རྟོག་པ་ཐམས་ཅད་དོན་ཡོད་པ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རིགས་ཀྱི་ལྷ་ཐམས་ཅད་ནི་རྟོག་པ་ཐམས་ཅད་དེ། དེ་རྣམས་ཀྱི་ཕྱག་རྒྱའི་རྒྱུད་བཤད་པར་བྱའོ་ ཞེས་བྱ་བ་དང་སྦྱར་རོ། །དེ་ཁྱད་པར་ཇི་ལྟ་བུ་དང་ལྡན་པ་ཡིན་ཞེ་ན་ཞེས་བྱ་བ་ནི་དེའི་ཁྱད་པར་བསྟན་པར་བྱ་བའི་ཕྱིར། དོན་ཡོད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་དོན་ཡོད་པ་ནི་འབྲས་བུ་མེད་པ་མ་ཡིན་ནོ། །དེ་ཉིད་ཀྱིས་ན་ཐོགས་པ་མེད་པའོ། །ཕུལ་དུ་བྱུང་བས་ན་ 61-1-100a མཆོག་གོ། །དངོས་གྲུབ་མ་ཡིན་པའི་རྒྱུར་གྱུར་པའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ལ་གླགས་སྟེར་བ་དང་བྲལ་བས་ན་མཁས་པའོ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱིས་མཐོང་བར་དཀའ་བས་ན་ཕྲ་བའོ། །ནམ་མཁའ་ཐམས་ཅད་ཁྱབ་པས་ན་རྒྱ་ཆེ་བའོ། ། རྒྱ་མཚོ་ཆེན་པོ་བཞིན་དུ་ཐ་མལ་མའི་ཤེས་པས་རྟོགས་པར་མི་ནུས་པའི་ཕྱིར་ན་ཟབ་པའོ། །རང་རིག་པའི་རང་བཞིན་གྱིས་བསམ་པར་མི་ནུས་པས་ན་བསམ་གྱིས་མི་ཁྱབ་པའོ། །ནམ་མཁའ་ཐམས་ཅད་དུ་རྟག་ཏུ་བཞུགས་པའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་རང་བཞིན་གྱིས་ཐམས་ཅད་ དུ་འགྲོ་བས་ན་ཤིན་ཏུ་ཚད་མེད་པའོ། །ཕྱག་རྒྱ་ཆེན་པོ་ལ་སོགས་པའི་མཆོག་གི་དངོས་གྲུབ་ཐམས་ཅད་དང་བར་མ་དང་ཐ་མའི་དངོས་གྲུབ་ཐམས་ཅད་ཁྱད་པར་དུ་སྒྲུབ་པར་བྱེད་པས་ན་མ་ལུས་ཤིང་ལུས་པ་མེད་པའི་མཆོག་གི་དངོས་གྲུབ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་རབ་ཏུ་སྒྲུབ་ པར་བྱེད་པའོ། །དོན་ཡོད་པ་ཡང་དེ་ཡིན་ལ་ཐོགས་པ་མེད་ཅིང་མཆོག་ཏུ་མཁས་པ་དང་། ཕྲ་བ་དང་། རྒྱ་ཆེ་བ་དང་། ཟབ་པ་དང་། བསམ་གྱིས་མི་ཁྱབ་པ་དང་། ཤིན་ཏུ་ཚད་མེད་པ་དང་མ་ལུས་ཤིང་ལུས་པ་མེད་པའི་མཆོག་གི་དངོས་གྲུབ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་རབ་ཏུ་ སྒྲུབ་པར་བྱེད་པ་ཡང་དེ་ཉིད་ཡིན་པས་ན་དོན་ཡོད་ཅིང་ཐོགས་པ་མེད་པ་ལ་སོགས་པ་དེ་ཡིན་ནོ། །སྐྱོན་ཐམས་ཅད་དང་བྲལ་བའི་ཕྱིར་ཐོག་མ་དང་ཐ་མ་མེད་པའི་རིགས་ཐམས་ཅད་རྫོགས་པར་བྱེད་པའི་རྒྱུ་ཡིན་པས་ན་མཆོག་ཏུ་གྲུབ་པའོ། །དེ་ལྟ་བུར་གྱུར་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ ཕྱག་རྒྱ་རྣམས་ཀྱི་རྒྱུ་ནི་རྒྱུན་ཏེ་བཤད་པར་བྱ་བ་ནི་བསྟན་པར་བྱ་བ་ཡིན་ནོ་ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ཁྱད་པར་ཇི་ལྟ་བུ་དང་ལྡན་པ་ཡིན་ཞེ་ན། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ཕྱག་རྒྱ་ཡང་ཡིན་ལ་ཐམས་ཅད་ཀྱང་དེ་ཉིད་ཡིན་པས་ན་ཕྱག་རྒྱ་ ཐམས་ཅད་དེ་ལྷ་ཐམས་ཅད་ཀྱི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་རྣམས་སོ། །དེ་དག་མཁྱེན་པའི་ངེས་པ་སྟེ། དེས་རྡོ་རྗེ་ལྟར་བརྟན་པ་ནི་མི་ཕྱེད་པའི་སེམས་དེ་ཐུགས་གང་ལ་མངའ་བ་དེ་ལ་དེ་སྐད་ཅེས་བྱ་སྟེ། རྡོ་རྗེ་དང་དྲིལ་བུ་འཆང་བའི་རྡོ་རྗེ་སེམས་དཔའོ། །གཡོན་པའི་པདྨ་ཞེས་བྱ་བ་ལ་ 61-1-100b སོགས་པ་ལ་དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་པས་སྔ་མ་བཞིན་དུ་དམ་ཚིག་སེམས་དཔའ་བྱིན་གྱིས་བརླབ་པ་ལ་སོགས་པ་མཐར་ཐུག་པ་ཅན་གྱི་རང་གི་ཆོ་ག་རྗེས་སུ་སྤྱད་ནས། རྐང་པ་གཡོན་པའི་རྡོ་རྗེའི་ཕྱེད་སྟན་གྱི་ཚུལ་དུ་བཞག་ནས་དེའི་སྟེང་དུ་རྐང་པ་གཡས་པ་གྱེན་དུ་ཁ་བལྟ་བར་བྱས་ལ་པདྨའི་ ཕྱོགས་སུ་གཟུང་བ་བྱ་སྟེ། དེ་ལྟར་རྐང་པ་གཡོན་པ་ལ་དེ་དགོད་པར་འགྱུར་རོ། །ཇི་ལྟར་བག་ཆགས་དང་བཅས་པའི་ཉོན་མོངས་པ་དང་བྲལ་བའི་གཉིས་སུ་མེད་པའི་ཡེ་ཤེས་ནི་ཐར་པའི་བདེ་བ་སྟེ། དེ་བཞིན་དུ་ཅི་བདེ་བར་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་བྱང་ཆུབ་ཆེན་པོའི་ཐུགས་ཀྱི་ རང་བཞིན་སྟོན་པར་བྱེད་པའི་སྐྱིལ་ཀྲུང་ནི་སེམས་དཔའི་སྐྱིལ་མོ་ཀྲུང་སྟེ། དེ་བཅིང་བ་ནི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་དང་བྲལ་བའི་བྱང་ཆུབ་ཆེན་པོའི་ཐུགས་ཀྱི་རང་བཞིན་མངོན་དུ་བྱེད་པའོ། །འདི་ལྟར་བཤད་པར་འགྱུར་ཏེ། གང་ཞིག་པང་པ་གཡོན་པ་ལ་རྣམ་པར་བཞག་ པའི་ཞབས་ཀྱི་པདྨ་གང་ཡིན་པ་དེ་ཉིད་ཐར་པའི་རང་བཞིན་གྱི་བྱང་ཆུབ་ཆེན་པོའི་ཐུགས་སུ་རྣམ་པར་བསམ་པར་བྱ་བ་ཡིན་ནོ་ཞེས་བྱ་བའོ། །བྱང་ཆུབ་ཆེན་པོའི་སེམས་སྟོན་པར་བྱེད་པའི་སྐྱིལ་མོ་ཀྲུང་འདིས་ཀྱང་རྣལ་འབྱོར་པའི་བདུད་བཞི་བཅོམ་པ་ཡང་བསྟན་པ་ཡིན་ནོ། །ཇི་སྐད་དུ། སེམས་ དཔའི་སྐྱིལ་མོ་ཀྲུང་བཅིངས་ནས། །བདུད་ཀུན་རབ་ཏུ་འཇོམས་པར་བྱེད། །ཅེས་བྱ་བ་གསུངས་སོ། །རང་ཉིད་ལུས་ནི་དྲང་པོར་འཛིན། །ཞེས་བྱ་བ་ནི་གོ་སླའོ། །རྡོ་རྗེ་དྲིལ་བུ་དང་བཅས་པའི་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་བསྙེམས་པར་བྱས་ནས། ལག་པ་གཡས་པས་དང་པོའི་རྡོ་རྗེ་སྟེང་དུ་གསོར་ ཞིང་གསོར་ཏེ། གསང་བ་ལྔའི་དེ་ཁོ་ན་ཉིད་སྔོན་དུ་བྱེད་པ་སྟོན་པར་བྱེད་པའི་རྡོ་རྗེ་གསོར་བ་འདིས་བདུད་བཞི་པོ་ཐམས་ཅད་ལས་རྒྱལ་བས་རང་གི་སྙིང་གར་བསྟོད་པའི་ཚུལ་གྱིས་རྡོ་རྗེ་འཛིན་ཅིང་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་རྫོགས་པ་ནི་ཀུན་མཆོག་གྲུབ་པ་སྟེ། དེའི་ཕྱིར་དཔལ་རྡོ་རྗེ་ སེམས་དཔའི་སྐུའི་གསང་བའི་ང་རྒྱལ་མངོན་དུ་བྱེད་པ་ནི་སྐུའི་རྡོ་རྗེ་དང་། དེའི་སྙིང་པོའི་ཟླ་བ་ནི་གསུང་གི་རྡོ་རྗེ་དང་། རང་གི་སྙིང་གར་གནས་པའི་ཟླ་བ་ལ་དང་པོའི་རྡོ་རྗེ་རྩེ་ལྔ་པ་བསྒོམ་པ་ནི་ཐུགས་ཀྱི་རྡོ་རྗེ་སྟེ་བྱེད་པར་གྱུར་པ་དེ་དག་གིས་སྒྲུབ་པ་པོ་རྡོ་རྗེ་སེམས་དཔའ་ཉིད་དུ་འགྱུར་བ་ 61-1-101a ཡིན་ནོ་ཞེས་བྱ་བ་འདི་ནི་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་ཡིན་ནོ། །འདིའི་འབྲས་བུ་བསྟན་པར་བྱ་བའི་ཕྱིར། འདི་ཡིས་རྡོ་རྗེ་སེམས་དཔའ་ཉིད། །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་འདི་བཅིངས་པས་སྒོམ་པར་ བྱེད་ཅིང་སྒྲུབ་པ་པོ་རྡོ་རྗེ་སེམས་དཔའ་ཉིད་ནི་རྡོ་རྗེ་སེམས་དཔའི་རིགས་ཀྱི་དངོས་གྲུབ་དང་། སངས་རྒྱས་ཉིད་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་དངོས་གྲུབ་དང་། བྱང་ཆུབ་སེམས་དཔའ་ནི་རྡོ་རྗེ་རིགས་ལ་སོགས་པའི་རིགས་ཐམས་ཅད་ཀྱི་དངོས་གྲུབ་དང་། བསྡུས་པའི་དཀྱིལ་འཁོར་ལས་ གསུངས་པའི་རིགས་ཐམས་ཅད་ཀྱི་དངོས་གྲུབ་དབང་དུ་བྱེད་པ་ནི་དངོས་གྲུབ་ཀུན་གྱི་དབང་ཕྱུག་ཉིད་དོ། །འདི་དག་ཐམས་ཅད་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་འདིས་སྒྲུབ་པ་པོ་ལ་ཚེ་འདི་ཉིད་ལ་འགྲུབ་པར་འགྱུར་རོ། །ཐམས་ཅད་ཀྱི་བདག་ཉིད་ནི་ཆོས་ཀྱི་དབྱིངས་ཏེ་དེ་བསྟན་པ་ནི་མི་ཕྱེད་ པའི་བསམ་པ་སྟེ་འགྱུར་བ་མེད་པའི་རྒྱུ་ལས་བྱུང་བ་ཉིད་ཀྱི་མི་ཕྱེད་པའི་བཅོམ་ལྡན་འདས་རྡོ་རྗེ་དང་དྲིལ་བུ་འཛིན་པའོ་ཞེས་བྱ་བའི་ཐ་ཚིག་གོ། །དཀྱིལ་འཁོར་དུ་ནི་མ་ཞུགས་དང་། །ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཕྱག་རྒྱ་ཆེན་པོ་ལ་སོགས་པའི་རིགས་ཐམས་ཅད་ཀྱི་དངོས་ གྲུབ་ནི་དངོས་གྲུབ་ཀུན་ཏེ་དེ་དག་གི་ཆགས་པ་ཆེན་པོ་ནི་རྡོ་རྗེ་སེམས་དཔའ་སྟེ་དངོས་གྲུབ་ཐམས་ཅད་ཀྱི་རྗེས་སུ་ཆགས་པའི་ཕྱིར་རོ། །ཇི་སྐད་དུ། བཅོམ་ལྡན་འདས་ནི་ཆགས་ཆེན་པོ། །དངོས་གྲུབ་ཀུན་གྱི་རྗེས་ཆགས་ཕྱིར། །རྡོ་རྗེ་སེམས་དཔའི་ཕྱག་རྒྱ་འདི། །དམར་ཞིང་སྣ་ ཚོགས་འབར་བའི་འོད། །ཅེས་བྱ་བ་འོག་ནས་གསུངས་པའི་ཕྱིར་རོ། །འདི་ལྟར་བཤད་པར་འགྱུར་ཏེ། དངོས་གྲུབ་ཐམས་ཅད་སྒྲུབ་པར་བྱེད་པའི་དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་ནི་དངོས་གྲུབ་ཀུན་གྱི་ཆགས་པ་ཆེན་པོ་ཞེས་བྱ་བའོ། །ཆགས་པ་ཆེན་པོ་དེས་བདེ་བ་ ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རང་བཞིན་མངོན་དུ་བྱེད་པའོ། །བདེ་བ་ལས་བྱུང་བའི་ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་ཅན་ཕུན་སུམ་ཚོགས་པ་ནི་ཕུན་སུམ་ཚོགས་པ་སྟེ། དེ་ཡི་དབང་ཕྱུག་ཆེན་པོ་ནི་དེ་ལས་བྱུང་བའི་སྤྲུལ་པའི་སྐུས་སྐད་ཅིག་མ་རེ་རེ་ཉིད་དུ་ཕྱི་མའི་མཐར་ 61-1-101b ཐུག་པའི་བར་གྱི་འཁོར་བའི་སེམས་ཅན་འདུལ་བ་ལ་བརྩོན་པའོ། །དེ་ལ་ཆགས་པ་ཆེན་པོ་ཞེས་བྱ་བ་འདིས་འདོད་ཆགས་རྡོ་རྗེ་མའི་རང་བཞིན་ཅན་གྱི་རྡོ་རྗེ་འཆང་བསྟན་ཏོ། །བདེ་བ་ཞེས་བྱ་བས་ཀཱི་ལི་ཀཱི་ལའི་རང་བཞིན་ཅན་ནོ། །ཕུན་སུམ་ཚོགས་པ་ཞེས་བྱ་བས་རྡོ་རྗེ་དྲན་མའི་རང་བཞིན་ཅན་ནོ། ། དབང་ཕྱུག་ཆེན་པོ་ཞེས་བྱ་བས་རྡོ་རྗེ་འདོད་མའི་དབང་ཕྱུག་མའི་རང་བཞིན་ཅན་དུ་བསྟན་ཏོ། །དེ་ལྟ་བུའི་རང་བཞིན་ཅན་གྱི་དབང་ཕྱུག་ཆེན་པོའི་རྣལ་འབྱོར་པ་དེ་ཉིད་ཕྱག་རྒྱ་ཆེན་པོར་གྱུར་ཏེ་ཕྱག་རྒྱ་ཆེན་པོ་གང་དག་ཡོད་པ་དེ་ནི་ཕྱག་རྒྱ་ཆེན་པོ་ཅན་ཏེ། རྡོ་རྗེ་སེམས་དཔའ་གཞན་ལྟ་བུ་ནི་རྡོ་རྗེ་ སེམས་དཔའ་དང་འདྲ་བར་འགྱུར་ཞིང་འགྲུབ་པར་གྱུར་རོ། །ལྷ་ལ་སོགས་པ་ཞེས་བྱ་བ་ནི་བྱ་བའི་རྒྱུད་ལས་གསུངས་པའི་དེ་བཞིན་གཤེགས་པ་དང་། པདྨ་དང་རྡོ་རྗེའི་རིགས་ཀྱི་དངོས་གྲུབ་རྣམས་ནི་ལྷ་ལ་སོགས་པའི་དངོས་གྲུབ་ཏུ་བརྗོད་པ་ཡིན་ཏེ། དེ་དག་ཐམས་ཅད་དང་རྡོ་རྗེ་ སེམས་དཔའ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་ལས་གསུངས་པའི་བདེ་བ་གང་ཡིན་པའི་ལས་ཐམས་ཅད་ཀྱི་བདེ་བ་དེ་རྣམས་ཀྱང་དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོའི་མཛེས་པས་བྱིན་གྱིས་བརླབས་པའི་རྒྱུས་ཁྱད་པར་དུ་རབ་ཏུ་འཇུག་པ་ནི་འབྱུང་བར་འགྱུར་རོ། །དེ་ལས་སྒྲུབ་མིན་ཡོད་པ་མིན། ། ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ལྟར་དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་ཕན་ཡོན་དང་བཅས་པ་བསྟན་ནས། ད་ནི་ལྷ་དགུག་པའི་ཕྱག་རྒྱ་བསྟན་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཀྱི་སྒྲ་ནི་སྐབས་སུ་བབ་པ་ལའོ། །ཐོག་མ་དང་ཐ་མ་མེད་པ་ ཡང་དེ་ཡིན་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱང་དེ་ཡིན་པས་ན་ཐོག་མ་དང་ཐ་མ་མེད་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སེམས་དཔའ་ཆེན་པོ་ཐམས་ཅད་དེ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་དོ། །དེ་རྣམས་ཀྱི་དཀྱིལ་འཁོར་ཐམས་ཅད་ ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོའོ། །དམ་ཚིག་ནི་ཕྱག་རྒྱ་ཆེན་པོ་དང་དམ་ཚིག་གི་ཕྱག་རྒྱའོ། །ཆོས་ནི་ཆོས་ཀྱི་ཕྱག་རྒྱའོ། །ལས་ནི་ལས་ཀྱི་ཕྱག་རྒྱའོ། །དཀྱིལ་འཁོར་ཐམས་ཅད་དང་དམ་ཚིག་དང་ཆོས་དང་ལས་དེ་དག་གི་དོན་ཡོད་པ་ནི་འབྲས་བུ་ཡོད་པ་མ་ཡིན་ 61-1-102a ཏེ། དགུག་པ་དང་། གཞུག་པ་དང་། དབབ་པ་དང་། རྗེས་སུ་ཆགས་པ་དང་། དབང་དུ་བྱེད་དང་། ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཐམས་ཅད་སྒྲུབ་པ་དང་། སངས་རྒྱས་ཉིད་དང་རྡོ་རྗེ་འཆང་ཉིད་མཆོག་ཏུ་སྒྲུབ་པ་ཐམས་ཅད་ལ་དམ་ཚིག་ཆེན་པོའི་ཕྱག་རྒྱ་སྟེ་བྱང་ཆུབ་ཆེན་པོའི་སེམས་སྟོན་ པར་བྱེད་པའི་ཕྱག་རྒྱའོ། །དེ་མིང་ཇི་ལྟ་བུ་དང་ལྡན་པ་ཡིན་ཞེ་ན། བདེ་བ་ཆེན་པོའི་རྡོ་རྗེ་གསང་བའི་དམ་ཚིག་གོ་ཞེས་བྱ་བ་ལ་བདེ་བ་ཆེན་པོའི་རྡོ་རྗེ་ནི་དང་པོའི་རྡོ་རྗེ་སྟེ། དེའི་གསང་བའི་དམ་ཚིག་ནི་སྐྱེ་བོ་ཐམས་ཅད་ལ་རབ་ཏུ་མ་གྲུབ་པའི་ཚུལ་ལོ། །དེ་ཉིད་ཀྱི་མིང་གང་ལ་ཡོད་པ་ནི་བདེ་བ་ཆེན་ པོའི་རྡོ་རྗེ་གསང་བའི་དམ་ཚིག་ཅེས་བྱ་བའི་ཕྱག་རྒྱ་ཆེན་པོའོ། །དེ་བཅིངས་པ་འདི་ཡིན་ཞེས་བྱ་བ་ལ་དེ་བཅིངས་པ་ནི་མཚན་ཉིད་འདི་ཡིན་ཞེས་བྱ་བའི་དོན་ཏོ། །སོར་མོ་ཐམས་ཅད་ཡང་དག་སྦྱོར་བ་ནི་ལག་པ་གཉིས་ཀྱི་ཁ་སྦྱོར་གྱི་ཐལ་མོ་བཅིངས་ཏེ་སོར་མོ་དང་ཕན་ཚུན་དུ་བཅིང་བར་བྱའོ། ། འདིས་ཅིར་འགྱུར་ཞེ་ན། རྡོ་རྗེ་ཐལ་མོ་ཞེས་བརྗོད་དོ། །ཞེས་བྱ་བ་ནི་ཡང་དག་པར་སྦྱར་བ་དེ་ལས་རྡོ་རྗེ་ཐལ་མོ་ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་པ་ཡིན་ནོ། །རྡོ་རྗེ་ཐལ་མོ་དེ་ཉིད་ཀྱི། །ཀུན་མཆོག་ནང་དུ་བཅིངས་པ་ཡིས། །རྡོ་རྗེ་བསྡམས་པ་ཡང་དག་བཤད། །ཅེས་བྱ་ བ་ཡིན་ནོ། །འདས་མ་ཐག་ཏུ་བཤད་པའི་རྡོ་རྗེ་བསྡམས་པ་འདིའི་ནང་གི་བུ་གའོ། །བུ་ག་དེ་གང་ན་ཞེ་ན་མཛུབ་མོ་ཞེས་བྱ་བ་ལ་སོགས་པ་ལ། མཛུབ་མོ་དང་མཐེ་བོ་དག་གིས་སྐྱེ་གནས་བྱས་ལ། གཡས་པའི་མཐེ་བོང་རྩེ་མོ་སྐྱེ་གནས་དེ་ལ་བཅུག་ནས་བཙིར་བར་བྱ་སྟེ། འདི་ནི་མདའ་ ལྔ་བསྡུས་པ་ཞེས་བྱ་བ་བཅོམ་ལྡན་འདས་ཀྱི་དམ་ཚིག་གི་ཕྱག་རྒྱ་སྟེ། གསང་བ་ལྔའི་དེ་ཁོ་ན་ཉིད་ཆེན་པོའི་མདའ་ལྔ་བསྡུས་བ་སྟོན་པར་བྱེད་པ་ཡིན་ནོ། །མདའ་ལྔ་བསྡུས་པ་འདི་བཅིངས་ནས་སོར་མོ་དབུས་མ་གཉིས་ཀྱི་རྩེ་མོ་ཡང་དག་པར་སྦྱར་བ་བྱས་ནས་རྡོ་རྗེ་བསྡམས་པའི་ ནང་དུ་བཞག་ནས། མཐེ་བོང་གཉིས་ཀྱི་རྩེ་མོ་དང་། མཐེའུ་ཆུང་གཉིས་ཀྱི་རྩེ་མོ་ཟུར་དུ་སྦྱར་བར་བྱ་སྟེ་དཔལ་རྡོ་རྗེ་སེམས་དཔའི་དང་པོའི་རྡོ་རྗེ་འདི་འགྱུར་བ་ཡིན་ནོ། །དང་པོའི་རྡོ་རྗེ་འདི་ཉིད་བཅིངས་ཏེ་ནང་ན་གནས་པའི་སོར་མོ་དབུས་མ་གཉིས་ཀྱི་ལྕགས་ཀྱུས་རང་གི་སྙིང་གར་བྲུད་ 61-1-102b ཅིང་དགུག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བྱས་ན་ཅིར་འགྱུར་ཞེ་ན། ལྕགས་ཀྱུ་འདི་དང་དགུག་པའི་སྔགས་ཀྱིས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་དགའ་བ་ཆེན་པོ་མྱུར་དུ་བྱོན་ནས་གྲུབ་པར་འགྱུར་རོ་ཞེས་བྱ་བ་དང་སྦྱར་རོ། །དགེས་པ་ནི་དགའ་བའོ། །དེ་ཉིད་རྡོ་རྗེ་སྟེ་མི་ཕྱེད་པའི་ཕྱིར་ རོ། །དགྱེས་པའི་རྡོ་རྗེ་ཡང་དེ་ཡིན་ལ་ལྕགས་ཀྱུ་ཡང་དེ་ཉིད་ཡིན་པས་ན་དགྱེས་པའི་རྡོ་རྗེའི་ལྕགས་ཀྱུ་སྟེ་ལྕགས་ཀྱུའི་བྱ་བ་བྱེད་པའི་ཕྱིར་ཏེ་དེས་དགུག་པའོ། །ཨ་ནུ་ར་ག་ཡ་མི་ཞེས་བྱ་བའི་སྒྲ་འདི་ནི་ཉེ་བའི་སྙིང་པོ་སྟེ་ཉེ་བའི་སྙིང་པོ་དེས་སྒྲུབ་པ་ནི་རག་ལུས་པར་བྱ་བའོ། །སླར་ཡང་ སྙིང་གར་བྲུད་པ་ནི་སྙིང་གར་དགུག་པ་ཤིན་ཏུ་དྲག་པོའི་རྗེས་སུ་ཆགས་པའི་མེ་ནི་སྒྲུབ་པ་པོས་ཤིན་ཏུ་ཆགས་པའི་སྒོམ་པའི་རང་བཞིན་གྱིས་གདུང་བར་འགྱུར་ཞིང་སྙིང་པོས་འཕྲོག་ཅིང་དབང་དུ་གྱུར་པས་དགྱེས་ཤིང་མྱུར་བར་སྐད་ཅིག་མ་ཉིད་དུ་བྱིན་ནས་གྲུབ་པར་འགྱུར་བ་ཡིན་ནོ། ། འདིས་ནི་འདི་ལྟར་བཤད་པར་འགྱུར་ཏེ། སྔ་མ་བཞིན་དུ་ཡེ་ཤེས་སེམས་དཔའ་མདུན་དུ་བཞག་ལ། རྡོ་རྗེ་དྲིལ་བུ་དང་བཅས་པའི་གསང་བའི་ལྕགས་ཀྱུ་བཅིངས་ཏེ། དགུག་པའི་སྙིང་པོའམ་གླུས་ཇི་ལྟ་བ་བཞིན་དུ་རང་གི་ལུས་ལ་ཡེ་ཤེས་སེམས་དཔའ་གཅིག་པུའམ་འཁོར་དང་ བཅས་པ་གཞུག་པར་བྱའོ། །དཀྱིལ་འཁོར་རམ་གཟུགས་སྐུ་ལ་སོགས་པ་ལ་དགུག་པའི་སྔགས་གླུས་སོ། །དེ་ནས་རང་གི་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་རབ་ཏུ་བསྒྲུབ་པ་ལ་སླར་ཡང་གསང་བའི་ལྕགས་ཀྱུའི་བཅིངས་ཏེ། ཨ་ནུ་ར་ག་ཡ་ཧཱུཾ་ཞེས་བྱ་བ་ཤིན་ཏུ་དགའ་བའི་སྒོམ་ པ་ལན་གསུམ་བཟླ་བར་བྱ་སྟེ། དེ་ལྟར་ན་སླར་ཡང་ཉེ་བའི་སྙིང་པོས་འགྲུབ་པར་འགྱུར་བ་ཡིན་ནོ། །གང་ཞིག་གསང་བའི་ལྕགས་ཀྱུ་སྒྲུབ་པར་བྱེད་པ་དེས་ནི་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། དེ་ཉིད་ཀྱིས་ནི་རྡོ་རྗེ་གཟུང་། །ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ། །དེའི་འོག་ཏུ། དམ་ཚིག་གི་ནི་ཕྱག་ རྒྱ་ཆེར། །བྱིན་གྱིས་བརླབས་ཏེ་སྙིང་པོ་བཟླ་བར་བྱའོ། །དེ་ནས་དམ་ཚིག་གསུམ་གྱི་གླུའི་མཆོད་པ་དང་། རྗེས་སུ་སྒྲུབ་པར་བྱས་ལ། སླར་ཡང་གསང་བའི་ལྕགས་ཀྱུ་བཅིངས་ཏེ་ཨ་ནུ་ར་ག་ཡ་མི་ཧཱུཾ་ཞེས་བྱ་བ་བརྗོད་ཅིང་དེ་སྲིད་དུ་བསྒོམ་པར་བྱ་སྟེ། ཇི་སྲིད་བཅོམ་ལྡན་འདས་ 61-1-103a བྱོན་ནས་མངོན་དུ་ཁོ་ནར་གྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ལ་ཇི་ལྟར་སྒྲུབ་པ་འདིས་བཅོམ་ལྡན་འདས་བྱོན་ཏེ་མངོན་དུ་གྲུབ་པར་གྱུར་བ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པའི་དངོས་པོ་ཐམས་ཅད་ནི་བརྟན་པ་དང་གཡོ་ བ་སྟེ། དེ་དག་རྒྱས་བཏབ་པ་ནི། རྡོ་རྗེ་སེམས་དཔའ་ཉིད་དུ་བྱས་པས་བྱོན་ཏེ། མྱུར་དུ་འགྲུབ་པར་འགྱུར་བ་ཡིན་ནོ། །ཕྱག་རྒྱ་འདི་མིང་ཇི་ལྟ་བུ་དང་ལྡན་པ་ཡིན་ཞེ་ན། བདེ་བ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ་བདེ་བ་ཆེན་པོའི་རྡོ་རྗེ་བཤད་ཟིན་ཏོ། །དེའི་དོན་ཡོད་དམ་ཚིག་རྡོ་རྗེ་སེམས་དཔའ་ སྟེ་དེ་སྟོན་པར་བྱེད་ཅིང་དེའི་མིང་དང་ལྡན་པ་གང་ཡིན་པ་དེ་ནི་བདེ་བ་ཆེན་པོའི་རྡོ་རྗེ་དོན་ཡོད་པའི་དམ་ཚིག་ཅེས་བྱ་བ་ཉེ་བའི་སྙིང་པོ་རྗེས་སུ་ཆགས་པའི་ཕྱག་རྒྱའོ། །རྡོ་རྗེ་མཆོད་ཡོན་རྡོ་རྗེ་ཆེན་པོ་རབ་ཏུ་བརྐྱང་བའི་ཐལ་མོ་ཞེས་བྱ་བ་ལ། རྡོ་རྗེ་ཐལ་མོ་བཅིངས་ནས་སོར་མོ་ཐམས་ཅད་བསྡམས་ཏེ་ཕན་ ཚུན་དུ་ཡང་དག་པར་སྦྱར་བ་གཟུང་བར་བྱ་སྟེ་བརྟན་པའི་ཐལ་མོའི་ཚུལ་གྱིས་ལག་པའི་མཐིལ་གཉིས་རབ་ཏུ་བརྐྱང་ལ་མཐེ་བོང་གཉིས་ཀྱང་རང་གི་མཛུབ་མོའི་ལོགས་དག་ལས་བརྐྱང་སྟེ་འདི་ནི་རྡོ་རྗེ་མཆོད་ཡོན་ཞེས་བྱ་བའི་ཕྱག་རྒྱའོ། །འདི་དང་རང་གི་ལྷའི་སྙིང་པོས་ལན་གསུམ་མམ་བདུན་ནམ་ཉི་ཤུ་རྩ་ གཅིག་མཆོད་ཡོན་གྱི་སྣོད་ལ་ཡོངས་སུ་བཟུང་སྟེ་ཕྱིན་ནས་རང་གི་ལྷའི་སྙིང་པོ་ཁོ་ནས་མཆོད་ཡོན་དབུལ་བར་བྱའོ། །མེད་ན་ཕྱག་རྒྱ་ཙམ་ཉིད་རང་གི་ལྷའི་སྙིང་པོ་དང་ལྡན་པས་མཆོད་ཡོན་དབུལ་བར་བྱའོ། །གང་གི་ཕྱིར་རྒྱུད་འདིར་རང་གི་ལྷའི་སྙིང་པོ་ཁོ་ན་ལས་ཐམས་ཅད་པར་བརྗོད་དེ། འདིར་ཁྱད་ པར་གྱི་གནོད་པ་མ་ཡིན་པའི་ཕྱིར་རོ། །དེ་ནས་དང་པོའི་རྡོ་རྗེའི་ཕྱག་རྒྱས་ཞེས་བྱ་བ་ལ་སོགས་པ་ལ་ཇི་ལྟ་བ་བཞིན་དུ་དཀྱིལ་འཁོར་བྲིས་ལ་ལྷ་སྤྱན་དྲང་བར་བྱ་སྟེ་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་རབ་ཏུ་བསྒྲུབས་ཏེ། ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོ་དག་གིས་རྒྱས་བཏབ་ལ། དབང་བསྐུར་ བའི་ཕྱག་རྒྱས་དབང་བསྐུར་ནས། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་ལ་མཆོད་ཡོན་ཕུལ་ལ། དེ་མ་ཐག་པ་ཉིད་དུ་དང་པོའི་རྡོ་རྗེའི་ཕྱག་རྒྱའི་དབུས་མའི་རྡོ་རྗེས་རྡོ་རྗེ་མེ་ཏོག་གི་ཡལ་ག་བླངས་ཏེ། རྣམ་པར་རྒྱལ་བའི་བུམ་པའི་སྔགས་ཀྱིས་ལན་ཉི་ཤུ་རྩ་གཅིག་ཡོངས་ 61-1-103b སུ་བཟླས་ཏེ། དཔལ་རྡོ་རྗེ་སེམས་དཔའི་མདུན་དུ་བཞག་ནས་ཇི་ལྟ་བ་བཞིན་དུ་བཤད་པའི་མཆོད་ཡོན་ཐམས་ཅད་བྱའོ། །རྣམ་པར་རྒྱལ་བའི་བུམ་པའི་ཆུ་དེས་ཅིར་གྱུར་ཞེ་ན། དེས་ཞེས་བྱ་བ་ལ་སོགས་པ་ལ་རྣམ་པར་རྒྱལ་བའི་བུམ་པའི་ཆུ་དེ་རྡོ་རྗེ་ཁུ་ཚུར་གྱིས་བླངས་ཏེ་བདག་ཉིད་སློབ་མ་ རྣམས་ལ་དབང་བསྐུར་བར་བྱའོ། །ཆུ་དེ་ཡང་བཏུང་བར་བྱས་ནས་ཇི་ལྟ་བ་བཞིན་དུ་བཤད་པའི་ཡོན་ཏན་རྣམས་སོ་སོར་ཐོབ་པར་འགྱུར་རོ་ཞེས་བྱའོ། །དེ་ལྟར་བུམ་པའི་ཕྱག་རྒྱ་བསྟན་ནས་ད་ནི་དང་པོའི་དཀྱིལ་འཁོར་དུ་འཇུག་པའི་ཕྱག་རྒྱ་བསྟན་པར་བྱ་བའི་ཕྱིར། དེ་ནས་དང་པོའི་དཀྱིལ་ འཁོར་དུ་འཇུག་པའི་ཕྱག་རྒྱ་ཞེས་བྱ་བ་གསུངས་ཏེ། དང་པོའི་དཀྱིལ་འཁོར་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོའོ། །དེར་ཞུགས་ནི་ཕྱི་དང་གསང་བའི་རང་བཞིན་ཅན་ཏེ་དེ་ཁོ་ནའི་དོན་དུ་ཕྱག་རྒྱའོ། །དེ་ཡང་བ་དན་གསུམ་ཞེས་བྱ་བ་ལ་སོགས་པ་ལ། ལག་པ་གཡས་པས་ བ་དན་གསུམ་བྱས་ལ་གཡོན་པས་ཁ་ཊྭཱཾ་ག་སྟེ་བ་དན་གསུམ་དང་ཁ་ཊྭཱཾ་ག་བཅིངས་ནས། རང་གི་ནུས་པ་དང་རྗེས་སུ་མཐུན་པའི་དགའ་བས་རབ་ཏུ་དགའ་བ་ནི་ཅི་ནུས་པར་ནི་རབ་ཏུ་དགའ་བས་ཏེ་ཡིད་བདེ་བ་སྐྱེད་པ་ཞེས་བྱ་བའི་ཐ་ཚིག་གོ། །སྒེག་པ་དང་བཅས་པས་མཐེའུ་ཆུང་ལ་སོགས་པའི་སོར་ མོ་རྣམས་བཀྲོལ་བས་བསྐོར་ཞིང་གློག་འགྱུ་བའི་ཚུལ་གྱིས་མཆོག་ཏུ་བསྐོར་བས་རྡོ་རྗེ་གར་ཡང་ཡིན་པ་དེ་ཉིད་བསྐོར་བ་དེས་བཀྲོལ་བ་ནི་བ་དན་གསུམ་དང་ཁ་ཊྭཱཾ་ག་བཅིང་བ་བསྟན་པའོ། །རྡོ་རྗེ་གར་བསྐོར་བཀྲོལ་བར་བྱེད་པའི་གྱུར་པ་དེས་ཡོངས་སུ་བསྐོར་བ་ན་དབྱིབས་གཞན་དུ་ གྱུར་པ་སྟེ་ཕྱག་འཚལ་བའི་མེ་ཏོག་གི་ཐལ་མོ་སྤྱི་བོར་བཅིང་བ་ནི་འཛིན་པ་ཆེན་པོའོ། །རྡོ་རྗེ་གར་བཀྲོལ་ནས་ཡོངས་སུ་བསྐོར་བ་ཡང་དེ་ཡིན་ལ་འཛིན་པ་ཆེན་པོ་ཡང་དེ་ཉིད་ཡིན་པས་ན་རྡོ་རྗེ་གར་བསྐོར་བཀྲོལ་བའི་ཡོངས་སུ་བསྐོར་བ་འཛིན་པ་ཆེན་པོའོ། །དེ་གང་ཡིན་ཞེ་ན་ཀ་པུ་ཏ་ནི་ཁ་སྦྱོར་ ཞེས་བྱ་བ་ལ་ཀ་ཏ་ནི་ཐལ་མོ་སྟེ། ཀ་པུ་ཏའི་ཐལ་མོ་ཡང་དེ་ཡིན་ལ་ཁ་སྦྱོར་ཡང་དེ་ཉིད་ཡིན་པས་ན་ཀ་པུ་ཏའི་ཁ་སྦྱོར་རོ། །ཀ་པུ་ཏའི་ཁ་སྦྱོར་དེ་སྤྱི་བོར་བཞག་ལ་དེ་ཉིད་ཀྱིས་མེ་ཏོག་གི་ཕྲེང་བ་བླངས་ཏེ་འཇུག་པའི་གླུ་བརྗོད་ཅིང་སྔར་བཤད་པའི་ཚུལ་གྱིས་དཀྱིལ་འཁོར་དུ་འཇུག་ 61-1-104a པར་བྱའོ། །དེ་ནས་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ་མེ་ཏོག་གཏོར་བའི་དུས་སུ་སྤྱི་བོའི་ཕྱོགས་དེ་ལས་ཕབ་ལ་རྡོ་རྗེ་ཅན་ཏེ་རྡོ་རྗེ་སེམས་དཔའ་ལ་ཕུལ་ཏེ་སྦྱིན་པར་བྱའོ། །ཇི་ལྟར་ཞེ་ན། སྒེག་བཅས་མཛུབ་མོ་མཐེའུ་ཆུང་ལ་སོགས་རྣམ་པར་བཀྲོལ་བ་ཞེས་བྱ་བ་ལ་སྒེག་པ་དང་བཅས་པས་ ལག་པ་དང་འབྲེལ་བའི་མཛུབ་མོ་ལ་སོགས་པ་དང་ལག་པ་གཡོན་པ་དང་འབྲེལ་བའི་མཐེའུ་ཆུང་ལ་སོགས་པ་རྣམ་པར་བཀྲོལ་བ་ནི། སྒེག་བཅས་མཛུབ་མོ་མཐེའུ་ཆུང་ལ་སོགས་པ་རྣམ་པར་བཀྲོལ་བ་སྟེ། རྣམ་པར་བཀྲོལ་བ་དེ་རྣམས་ཀྱིས་ཨོཾ་མཆོག་ཏུ་བདེ་བའི་ཐུགས་ཞེས་བྱ་བ་ལ་སོགས་ པའི་གླུ་བརྗོད་ཅིང་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་དེ་དབུལ་བར་བྱའོ། །འདི་ཉིད་ཀྱི་འབྲས་བུ་བསྟན་པར་བྱ་བའི་ཕྱིར། འདི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དང་པོའི་དཀྱིལ་འཁོར་དུ་འཇུག་པའི་ཕྱག་རྒྱ་འདིས་འཁོར་ལོར་མ་ཞུགས་པ་ཡང་ཞེས་བྱ་བ། རྡོ་རྗེའི་ དཀྱིལ་འཁོར་ཆེན་པོར་ཞུགས་པར་མ་གྱུར་ན་ཡང་རྡོ་རྗེ་སློབ་དཔོན་ཉིད་ཐོབ་པར་འགྱུར་རོ། །ཇི་ལྟར་ཞེ་ན། རང་ཉིད་ཞུགས་པ་ཙམ་གྱིས་ནི། །ཞེས་བྱ་བ་ལ་རང་ཉིད་དཀྱིལ་འཁོར་འདི་བྲིས་ནས་ཞུགས་ཏེ་ཞུགས་པ་ཙམ་དེ་ཉིད་ཀྱིས་བྱེད་པར་གྱུར་པ་སྟེ་རྡོ་རྗེ་གར་གྱི་མཆོད་པས་དོན་ ཡོད་པ་ནི་འབྲས་བུ་མེད་པ་མ་ཡིན་པ་ནི་དང་པོའི་དཀྱིལ་འཁོར་དུ་ཞུགས་པས་རྡོ་རྗེ་སློབ་དཔོན་ཉིད་གྲུབ་པ་ནི་རྫོགས་པ་སྟེ་དོན་ཡོད་པའོ། །རྒྱུད་དེའི་ཕྱིར་མཆོད་པ་ནི་དོན་ཡོད་པར་གྲུབ་པར་གྲུབ་པའི་མཆོད་པ་སྟེ་དེས་རྡོ་རྗེ་སློབ་དཔོན་ཉིད་ཐོབ་པར་འགྱུར་རོ། །ཇི་ལྟར་རྡོ་རྗེ་གར་གྱི་མཆོད་ པ་དཀྱིལ་འཁོར་དུ་ཞུགས་པའི་དངོས་གྲུབ་སྟེར་བར་བྱེད་པ་དེ་བཞིན་དུ་མེ་ཏོག་ལ་སོགས་པའི་མཆོད་པའི་དངོས་གྲུབ་ཀྱང་སྟེར་བར་བྱེད་པ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར་ཡོངས་སུ་རྫོགས་པའམ་མ་ཚང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་མེ་ཏོག་དང་སྤོས་དང་མར་མེ་དང་དྲི་སྟེ་ཕྱིའི་མཆོད་ པ་རྣམས་དང་ལྡན་པ་ནི་ཡོངས་སུ་རྫོགས་པའོ། །དེ་དང་འབྲེལ་པ་ནི་ཚང་བའོ། །དེ་རྣམས་ཕྱོགས་གཅིག་ཐོབ་པ་ཇི་སྙེད་པས་ཏེ་མེ་ཏོག་ལ་སོགས་པས་ཕྱོགས་གཅིག་ཐོབ་པའི་རང་བཞིན་ཅན་ཇི་སྙེད་པ་དེས་ཐུན་མོང་དངོས་གྲུབ་ཀུན་སྩོལ་བའོ། །མེ་ཏོག་ལ་སོགས་མཆོད་མཚན་མས། ། 61-1-104b ཞེས་བྱ་བ་ལ་དགའ་བ་དང་རབ་ཏུ་དགའ་མ་དང་སྤྱན་དང་། དཔལ་ཆེན་མོ་རྣམས་ནི་མེ་ཏོག་ལ་སོགས་པའི་མཆོད་པར་བརྗོད་པ་ཡིན་ནོ། །དེ་རྣམས་ཀྱི་མཚན་མ་ནི་མེ་ཏོག་ལ་སོགས་པའི་ཚུལ་གྱི་རང་བཞིན་ཅན་གྱི་ལས་ཀྱི་ཕྱག་རྒྱ་རྣམས་སོ། །ནིའི་སྒྲ་ནི་ངེས་པར་གཟུང་བ་སྟེ་མེ་ཏོག་ལ་སོགས་ པའི་མཆོད་པའི་མཚན་མ་རྣམས་ཁོ་ནས་རྡོ་རྗེ་གར་གྱི་མཆོད་པ་ཐམས་ཅད་ཐུན་མོང་གི་དངོས་གྲུབ་སྟེར་བ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བའོ། །ད་ནི་རྡོ་རྗེ་གར་གྱི་མཚན་ཉིད་བསྟན་པར་བྱ་བའི་ཕྱིར། བ་དན་གསུམ་མཆོག་ཅེས་བྱ་བ་སོགས་པ་གསུངས་ཏེ། ལག་པ་གཡས་པས་བ་དན་ གསུམ་པ་བྱས་ལ་གཡོན་པ་ཁ་ཊྭཱཾ་ག་སྟེ་འདི་ནི་བ་དན་གསུམ་མཆོག་གི་ཁ་ཊྭཱཾ་ཞེས་བྱ་བའོ། །བྱེད་པར་གྱུར་པ་དེས་སྒེག་པ་དང་བཅས་པའི་མཐེའུ་ཆུང་ལ་སོགས་པའི་སོར་མོ་ཐམས་ཅད་བཀྲོལ་བ་དང་བཅས་པས་གློག་འགྱུ་བའི་གར་བྱས་ནས་མདུན་དུ་བསྐོར་བ་ནི་ལག་པ་བཞིས་གཡས་སུ་ བསྐོར་བ་སྟེ། དེ་རྣམས་ཀྱི་གར་ཞེས་བྱ་བ་ནི་མཆོད་པའི་ཕྱག་རྒྱར་བརྗོད་པ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་པ་ཡིན་ནོ། །སྒེག་མོ་དགའ་བའི་རྡོ་རྗེ་མས་ཕྱག་འཚལ་བར་བྱའོ་ཞེས་བྱ་བ་གང་གསུངས་པ་དེའི་མཚན་ཉིད་བསྟན་པར་བྱ་བའི་ཕྱིར། སྒེག་མོ་དགའ་བའི་རྡོ་རྗེ་མ། ། ལ་སོགས་པ་གསུངས་ཏེ། རྡོ་རྗེ་གར་གྱི་མཆོད་པ་ནི་བཤད་ཟིན་ཏེ་དེས་སྒེག་པ་དང་བཅས་ཤིང་བཞིན་འཛུམ་པའི་མིག་གིས་ཕྱག་འཚལ་བའི་སྒེག་པའི་ལྟ་བ་དང་བཅས་པའི་སྤྱི་བོས་ཕྱག་འཚལ་བའོ། །ཨོཾ་མཆོག་ཏུ་བདེ་བའི་ཐུགས་ཞེས་བྱ་བ་ལ་སོགས་པའི་གླུ་བརྗོད་ཅིང་རྡོ་རྗེ་སེམས་དཔའ་ ལ་སོགས་པའི་དངོས་པོ་ཐམས་ཅད་དང་ལྷན་ཅིག་ཏུ་ཡིད་ཀྱིས་གཅིག་ཏུ་གྱུར་ཏེ། ཕྱག་བཙལ་བ་འདིས་རྡོ་རྗེ་སེམས་དཔའ་དང་དེ་བཞིན་གཤེགས་པ་རྣམས་ཀྱིས་རྗེས་སུ་ཆགས་པར་བྱས་ནས་ཕྱག་འཚལ་བར་མཛད་དོ་ཞེས་བྱ་བའི་བསམ་པ་བསྐྱེད་ནས་ཕྱག་འཚལ་བར་བྱ་སྟེ། དེ་ལྟར་དེ་ རྣམས་བྱེད་དུ་བཅུག་ནས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་པོ་ཐམས་ཅད་སྒྲུབ་པ་པོ་ལ་རག་ལུས་པར་འགྱུར་རོ། །དེ་ནས་མཚན་བརྒྱས་བཅོམ་ལྡན་འདས་ལ་བསྟོད་པར་བྱ་བ་གསུངས་པའི་བསྟོད་པ་ཡང་ཕྱག་རྒྱ་བཅིངས་ནས་བྱ་བ་ཡིན་ཏེ། དེའི་ཕྱིར་བསྟོད་པའི་ཕྱག་རྒྱའི་ 61-1-105a མཚན་ཉིད་བསྟན་པའི་ཕྱིར། རྡོ་རྗེ་ཐལ་མོ་བསྐོར་བ་མ་ལུས་པ་བྱས་ནས་ཐམས་ཅད་བསྐོར་བའི་ཕྱག་རྒྱའི་ཞེས་བྱ་བ་གསུངས་ཏེ། རང་གི་སྙིང་གའི་ཕྱོགས་སུ་རྡོ་རྗེ་ཐལ་མོ་གཡོན་དུ་བསྐོར་ནས་ཤིས་པར་བརྗོད་པ་སྦྱིན་པའི་ཚུལ་དུ་བཟུང་ཞིང་མཚན་བརྒྱ་ལ་སོགས་པའི་བསྟོད་པ་ ཐམས་ཅད་ཀྱིས་མཆོད་པ་བྱ་སྟེ། འདི་ནི་ཐམས་ཅད་ཀྱིས་བསྟོད་པའི་ཕྱག་རྒྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་མཆོག་བཅིངས་ནས་དབང་བསྐུར་བར་བྱའོ་ཞེས་བྱ་བ་གསུངས་པ་དེའི་མཚན་ཉིད་བསྟན་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་མཆོག་ཅེས་བྱ་ བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་དེ་བྱང་ཆུབ་ཆེན་པོའི་སེམས་ལ་སོགས་པའི་རང་བཞིན་ཅན་གྱི་སེམས་དང་སེམས་ལས་བྱུང་བ་རྣམས་སོ། །དེ་དག་གི་སྐུ་ནི་དེ་ལས་བྱུང་བའི་རྣམ་པར་སྣང་མཛད་ དང་མི་བསྐྱོད་པ་དང་རིན་ཆེན་འབྱུང་ལྡན་དང་སྣང་བ་མཐའ་ཡས་དང་དོན་ཡོད་གྲུབ་པ་སྟེ། དེ་བཞིན་གཤེགས་པ་དེ་རྣམས་ཀྱི་སྐུའི་གསང་བའོ། །དེ་དག་གི་མཆོག་ནི་ཕུལ་དུ་བྱུང་བ་གང་ཡིན་པ་དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་མཆོག་སྟེ། དེ་སྟོན་པར་བྱེད་པ་དང་དེ་རྫོགས་ པར་བྱེད་པའི་ཕྱག་རྒྱ་གང་ཡིན་པ་དེའི་རྡོ་རྗེ་བསྡམས་པ་མཐེ་བོང་གཉིས་ཀྱིས་བསྟེན་པའི་སྐྱིལ་ཀྲུང་ནི་སྐྱིལ་མོ་ཀྲུང་སྟེ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །གཉིས་ཀྱང་ཡིན་ལ་མཛུབ་མོ་ཡང་དེ་ཉིད་ཡིན་པས་ན་མཛུབ་མོ་གཉིས་སོ། །དེ་དག་ཉིད་བཀུག་པ་ལུས་གང་ལ་ཡོད་པ་དེ་ནི་མཛུབ་མོ་ ཉིད་བཀུག་པའི་ལུས་ཅན་ནོ། །དབུས་མ་ཡང་དེ་ཉིད་ཡིན་ལ་མཉམ་པ་ཡང་དེ་ཉིད་ཡིན་པས་ན་དབུས་མ་མཉམ་པ་སྟེ་དབུས་མཉམ་པ་དེ་ཉིད་ཁ་འབུས་པ་ནི་ཚིགས་གསུམ་པ་བཀུག་པའི་མཆོག་གི་ཡན་ལག་གི་མགོ་བོ་གང་ལ་ཡོད་པ་དེ་ནི་དབུས་མ་མཉམ་པའི་ཁ་འབུས་པའི་མཆོག་གི་ཡན་ ལག་ཅན་ནོ། །འདི་ལྟར་བཤད་པར་འགྱུར་ཏེ། རྡོ་རྗེ་བསྡམས་པ་བཅིངས་ནས་མཐེ་བོང་གཉིས་ཀྱིས་རྡོ་རྗེ་སྐྱིལ་མོ་ཀྲུང་གི་རྣམ་པར་བྱས་ལ་སོར་མོ་གཉིས་ཀྱི་རྩེ་མོ་ཡང་དག་པར་སྦྱར་ཏེ་ཚིགས་གསུམ་པ་བཀུག་པར་བྱས་ནས། དེའི་ཚིགས་དབུས་མའི་སྟེང་དུ་མཛུབ་མོ་གཉིས་ལྕགས་ 61-1-105b ཀྱུའི་རྣམ་པར་བཀུག་པ་ཡང་དག་པར་གཟུང་བར་བྱ་སྟེ། འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་མཆོག་ཅེས་བྱ་བ་སངས་རྒྱས་ལྔའི་ཅོད་པན་གྱི་དབང་བསྐུར་བ་རྫོགས་པར་བྱེད་པའི་ཕྱག་རྒྱའོ། །འདི་སྤྱི་བོར་བཞག་ལ། ཨོཾ་བྷུ་ཁཾ་ཞེས་བྱ་བས་རྣམ་པར་སྣང་མཛད་བསམ་པར་བྱའོ། ། དཔྲལ་བའི་སྟེང་དུ་བཛྲ་སཏྭ་ཞེས་བྱ་བས་མི་བསྐྱོད་པའོ། །རྣ་བ་གཡས་པའི་སྟེང་དུ་བཛྲ་རཏྣ་ཞེས་བྱ་བས་རིན་ཆེན་འབྱུང་ལྡན་ནོ། །སྤྱི་བོའི་རྒྱབ་ཏུ་བཛྲ་དྷརྨ་ཞེས་བྱ་བས་སྣང་བ་མཐའ་ཡས་སོ། །རྣ་བ་གཡོན་པའི་སྟེང་དུ་བཛྲ་ཀརྨ་ཞེས་བྱ་བ་བརྗོད་ཅིང་དེ་བཞིན་གཤེགས་པ་དོན་ཡོད་གྲུབ་པ་བསམ་ པར་བྱའོ། །རེ་རེའི་དབང་བསྐུར་བའི་གླུ་ནི་དང་པོར་གསུངས་པ་དེ་ནི་འདི་ཡིན་ཏེ། ཨོཾ་སངས་རྒྱས་ཀུན་གྱི་རིན་ཆེན་མཆོག་ཚོགས་ཀྱིས། །སྤྲས་པའི་ལྷ་ཡི་ཅོད་པན་ཁྱོད་ལ་འདུད། །རབ་མཆོག་རྡོ་རྗེ་ཅན་གྱིས་བདག་དབང་བསྐུར། །རྡོ་རྗེ་སེམས་དཔའ་ཁྱོད་བདག་དམ་ཚིག་ཡིན། །ཞེས་ བྱ་བའོ། །དེ་ལྟར་ཕྱོགས་ཐམས་ཅད་དུ་ཅོད་པན་བཅིངས་ལ་དེའི་རྗེས་ལ་བཛྲ་ཀརྨ་ཞེས་བྱ་བ་བརྗོད་ཅིང་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་མདུད་པའི་ཚུལ་གྱིས་ཕྲེང་བ་འཆིང་བའི་ཚུལ་བྱས་ལ་སླར་ཡང་སྤྱི་བོའི་རྒྱབ་ཏུ་དེ་བཞིན་དུ་མདུད་པའི་ཚུལ་བྱས་ལ་ལོགས་དག་ལ་སྒེག་པ་དང་བཅས་པའི་མཐེའུ་ཆུང་ ལ་སོགས་པའི་སོར་མོ་བཀྲོལ་བས་དར་དཔྱངས་ཀྱི་ཚུལ་བྱས་ནས་མཐར་མཉམ་པའི་ཐལ་མོ་དང་བཛྲ་ཏུ་ཥྱ་ཧོ་ཞེས་བྱ་བས་མཉེས་པར་བྱའོ། །དེ་ནས་བདེ་བ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་དཀྱིལ་འཁོར་དུ་ཞུགས་ནས་ཇི་ལྟ་བ་བཞིན་མེ་ཏོག་རྣམས་དོར་ལ་ཕྲེང་བའི་དབང་ བསྐུར་བླངས་ཏེ་གདོང་གཡོགས་བཀྲོལ་ལ་དཀྱིལ་འཁོར་བལྟས་ནས་འཇུག་པའི་ཕྱག་རྒྱས་རང་གི་སྙིང་གར་བཀྲོལ་ལ་རང་གི་ལྷའི་རྣལ་འབྱོར་བྱས་ཏེ། དེ་མ་ཐག་ཁོ་ནར་སྣ་ཚོགས་པདྨ་བྲིས་ཏེ་དེའི་སྟེང་དུ་ཕྱག་རྒྱ་ཆེན་པོ་བཅིངས་ལ་ཉེ་བར་འདུག་སྟེ། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ་ཞེས་བྱ་བ་ བརྗོད་ཅིང་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་རྣམ་པར་རྒྱལ་བའི་བུམ་པ་ལས་ཆུ་བླངས་ཏེ་བདག་ཉིད་ལ་དབང་བསྐུར་བར་བྱའོ། །ཆུ་དེ་ཡང་འཐུངས་ན་ཇི་ལྟ་བ་བཞིན་དུ་བཤད་པའི་འབྲས་བུ་ཐོབ་པར་འགྱུར་ཏེ་སློབ་མ་རྣམས་ལ་ཡང་དེ་བཞིན་དུ་དབང་བསྐུར་བར་བྱའོ། །རྡོ་རྗེ་ཁུ་ཚུར་གྱིས་ཞེས་བྱ་བ་ 61-1-106a ལ་སོགས་པ་ལ་ཆུའི་དབང་བསྐུར་བའི་རྗེས་ལ་སངས་རྒྱས་ལྔའི་ཅོད་པན་གྱི་དབང་བསྐུར་བ་བྱིན་ནས་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་རྡོ་རྗེ་རྩེ་ལྔ་པ་རྩེ་མོ་ལས་འོད་ཟེར་འབར་བ་ཁ་དོག་དམར་པོའི་རྡོ་རྗེ་སྔར་བཤད་པའི་སྔགས་ཀྱིས་སྦྱིན་པར་བྱའོ། །དེ་ལ་རྩེ་གཅིག་པའི་རྡོ་རྗེའི་རྣམ་པ་ཅན་གྱི་ འོད་ཟེར་གྱིས་དེ་ཉིད་འབར་བའོ། །དེས་ཉེ་བར་མཚོན་པའི་རྩེ་མོ་གང་ལ་ཡོད་པ་དེ་ནི་རྡོ་རྗེའི་འོད་ཟེར་འབར་བ་ཅན་གྱི་རྩེ་མོ་ཅན་གྱི་རྡོ་རྗེ་སྟེ་དེ་སྦྱིན་པར་བྱའོ། །སློབ་མས་ཀྱང་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་སློབ་མས་སློབ་དཔོན་ལ་ཕྱག་བྱས་ནས་རྡོ་རྗེ་ཐལ་མོ་བསྐོར་ཏེ་མེ་ཏོག་ལ་སོགས་པས་དབང་བསྐུར་ བ་ཐམས་ཅད་བླང་བར་བྱའོ། །དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པའི་ཆོ་ག་བསྟན་པ་དེ་ཉིད་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་རྣམས་སུ་དབང་དུ་བྱེད་པ་ཉིད་དུ་འཇུག་པ་ཡིན་ནོ་ཞེས་བྱ་བ་ཤེས་པར་བྱ་སྟེ། གང་དུ་ཁྱད་པར་གྱི་ གནོད་པ་མ་ཡིན་པའི་ཕྱིར་རོ། །དེ་ལྟར་དཀྱིལ་འཁོར་གྱི་ཐབས་བསྟན་ནས། ད་ནི་སྒྲུབ་པའི་ཐབས་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཀྱི་སྒྲ་ནི་སྐབས་སུ་བབ་པ་ལའོ། །དངོས་གྲུབ་ཀྱང་ཡིན་ལ་ཐམས་ཅད་དེ་ཉིད་ཡིན་པས་ན་དངོས་གྲུབ་ཐམས་ཅད་ དེ་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་རྣམས་སོ། །དེ་རྣམས་ཀྱི་དབང་ཕྱུག་ནི་གཙོ་བོའོ། །གྲུབ་པ་ནི་རྫོགས་པ་སྟེ། སེམས་དཔའ་བྱིན་གྱིས་བརླབས་པའི་སྦྱོར་བ་ལས་བྱུང་བའོ། །སྟོང་པ་ཉིད་དང་རོ་གཅིག་པའི་སེམས་དང་སེམས་ལས་བྱུང་བའི་རྡོ་རྗེ་སེམས་ནི་རྡོ་རྗེ་འཆང་ཆེན་ པོའོ། །དངོས་གྲུབ་ཐམས་ཅད་ཀྱི་དབང་ཕྱུག་ཀྱང་ཡིན་ལ་རྡོ་རྗེ་འཆང་ཆེན་པོ་ཡང་དེ་ཉིད་ཡིན་པས་ན་དངོས་གྲུབ་ཐམས་ཅད་ཀྱི་དབང་ཕྱུག་གྲུབ་པའི་རྡོ་རྗེ་འཆང་ཆེན་པོའོ། །དེ་ཉིད་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་རང་བཞིན་དུ་མཛེས་ཤིང་གསལ་བར་འགྱུར་བས་ན་རྒྱལ་པོའོ། །དེ་སྒྲུབ་ པའི་དོན་དུ་ཕྱག་རྒྱ་སྟོན་པར་བྱེད་པའི་རྒྱུ་ནི་འདི་ཞེས་བྱ་བ་སྟོན་པ་ནི་ཚིག་གི་ལྷག་མའོ། །བདེ་བ་ཆེན་པོའི་རྡོ་རྗེ་གསང་བའི་ལྕགས་ཀྱུ་ནི་ཇི་ལྟ་བ་བཞིན་དུ་བཤད་པའི་མཚན་ཉིད་ཅན་གྱི་ཉེ་བའི་ཕྱག་རྒྱའོ། །དེས་རྡོ་རྗེ་སེམས་དཔའ་སྤྱན་དྲང་བ་ནི་རང་གི་སྙིང་པོའི་སྔགས་ལན་ཅིག་ཏུ་སྔ་དྲོའི་དུས་སུ་ 61-1-106b བཅོམ་ལྡན་འདས་ཡི་གེ་ཧཱུཾ་གིས་བཀུག་ལ་རང་གི་ལུས་ལ་གཞུག་པར་བྱ་སྟེ་རྗེས་སུ་རྣལ་འབྱོར་གྱི་དུས་སུའོ་ཞེས་བྱ་བའི་དོན་ཏོ། །སེམས་དཔའི་སྐྱིལ་མོ་ཀྲུང་ནི་བཤད་ཟིན་ཏོ། །དེ་གང་ལ་ཡོད་པ་དེ་ནི་སེམས་དཔའི་སྐྱིལ་མོ་ཀྲུང་དང་ལྡན་པའོ། །རྡོ་རྗེ་གར་ནི་བཤད་ཟིན་ཏོ། །དེས་མཆོད་པ་རྣམས་ཕུལ་ བ་ནི་མེ་ཏོག་དང་སྤོས་དང་། མར་མེ་དང་དྲི་དབུལ་བའི་ཚུལ་ཏེ་མཆོད་པ་དབུལ་བ་དེ་དག་གིས་རྡོ་རྗེ་མཚོན་ཆ་མ་ལ་སོགས་པ་བསྒྲེང་བར་བྱས་ལ་ཕྱག་བཙལ་བར་བྱའོ་ཞེས་བྱ་བ་དང་སྦྱར་རོ། །རྡོ་རྗེ་གར་གྱིས་མཆོད་པ་དབུལ་བར་བྱ་ཞེ་ན་གློག་འགྱུ་བའི་གར་གྱིས་ཞེས་བྱ་བ་གློག་འགྱུ་བའི་གར་ནི་ བཤད་ཟིན་ཏོ། །དེ་ཉིད་ཀྱིས་བྱའི་གཞན་གྱིས་ནི་མ་ཡིན་ནོ། །རྡོ་རྗེ་ཁུ་ཚུར་ཡོངས་སུ་བཟུང་བ་ཞེས་བྱ་བ་ལ་དེ་ལྟར་གློག་འགྱུ་བའི་གར་གྱིས་མེ་ཏོག་ལ་སོགས་པ་དབུལ་བ་བྱས་ནས། དེའི་རྗེས་ལ་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ་དེས་བསྙེམས་པ་དང་བཅས་པ་ཡང་དེ་ཡིན་ལ་རྡོ་རྗེ་བསྙེམས་པ་ཡང་དེ་ཉིད་ ཡིན་པས་ན་བསྙེམས་པ་དང་བཅས་པའི་རྡོ་རྗེ་བསྙེམས་མས་ཏེ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ལས་ཀྱི་ཕྱག་རྒྱའོ། །རྒྱུར་གྱུར་པ་དེས་རྡོ་རྗེ་མཚོན་ཆ་མ་ལ་སོགས་པ་བསྒྲེང་བ་ནི་འདོད་ཆགས་རྡོ་རྗེ་མ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་བཞི་པོ་བཅིངས་ལ་འདོད་ཆགས་རྡོ་རྗེ་མ་ལ་སོགས་པ་རང་བཞིན་ལ་ལྷག་ པར་མོས་པ་གང་ཡིན་པ་དེ་བྱས་ལ། དེའི་འོག་ཏུ་ཇི་ལྟ་བ་བཞིན་དུ་བཤད་པའི་མཚན་ཉིད་ཅན་གྱི་སྒེག་མོ་དགའ་བའི་རྡོ་རྗེ་མས་རས་རིས་ལ་སོགས་པར་བཞུགས་པའི་བཅོམ་ལྡན་འདས་ཀྱི་སྐུ་ལ་ཕྱག་འཚལ་བར་བྱའོ། །མཆོད་པ་དང་གར་གྱི་མཆོད་པ་རྣལ་འབྱོར་པས་ཇི་ལྟར་བྱ་ཞེ་ན་རྡོ་རྗེ་གླུས་ཞེས་བྱ་བ་ལ་ སོགས་པ་ལ། ཐམས་ཅད་རྗེས་སུ་ཆགས་པ་ཞེས་བྱ་བ་ལ་སོགས་པའི་རྡོ་རྗེའི་གླུ་གླུར་བླངས་པས་སོ། །ནིའི་སྒྲ་ནི་ངེས་པར་བཟུང་བ་སྟེ་རྡོ་རྗེ་གླུ་ཁོ་ནས་བྱ་བའོ། །བཟླས་པའི་དོན་གྱིས་ཞེས་བྱ་བ་ནི་རྡོ་རྗེའི་གླུའི་བཟླས་པ་ནི་འདིའི་དོན་གང་ཡིན་པ་དེ་ལྷག་པར་མོས་པ་ནི་བཟླས་པའི་དོན་དང་དགའ་ མ་ལ་སོགས་པའི་སྙིང་པོའི་དོན་ཏོ། །བཟླས་པའི་དོན་དེ་ཅི་བདེ་བར་ནི་དཀའ་ཐུབ་མེད་པ་ལ་སོགས་པས་རྡོ་རྗེ་གར་གྱི་མཆོད་པ་ནི་རྡོ་རྗེ་གར་གྱི་རང་བཞིན་ཅན་གྱི་མཆོད་པ་དང་ཡང་དག་པར་སྦྱར་ཞིང་བྱས་ན་མྱུར་དུ་འགྲུབ་པར་འགྱུར་རོ། །དེ་ལ་འདི་ཞེས་བྱ་བ་ལ་སོགས་པ་གླུ་གསུངས་པ་ཡིན་ཏེ། 61-1-107a དང་པོ་ལ་སོགས་པ་རྣམས་ཀྱིས་གླུ་བླང་བར་བྱའོ་ཞེས་བྱ་བ་དྲུག་ལྡན་དང་བར་མ་ལ་སོགས་པའི་དབྱངས་རྣམས་དང་རོལ་མོ་རྣམས་ཀྱིས་གླུ་བླང་བར་བྱའོ། །ཐམས་ཅད་རྗེས་སུ་ཆགས་པ་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེའི་གླུའོ། །རྗེས་སུ་ཆགས་པ་ཆེན་པོ་ནི་ཤིན་ཏུ་ཆགས་པའོ། །རབ་ ཏུ་དགའ་བ་ནི་ཟག་པ་མེད་པའི་བདེ་བ་དང་བདེ་བའི་རང་བཞིན་ཅན་ནོ། །བརྟན་པར་གྱུར་བ་ནི་དེ་བཞིན་ཉིད་དང་རོ་གཅིག་པའི་ཐུགས་མངའ་བས་རྣམ་པར་རྟོག་པ་ཐམས་ཅད་ཀྱིས་མི་བསྐྱོད་པའོ། །འཕེལ་བར་འགྱུར་ཞེས་བྱ་བ་ནི་རྫོགས་པར་གྱུར་ནས་མངོན་དུ་གྱུར་པ་ཡིན་ནོ་ཞེས་བྱ་ བའི་ཐ་ཚིག་གོ། །ཕྱག་རྒྱ་ཆེན་པོ་ལན་ཅིག་ཏུ་སྙིང་པོས་བདག་ཉིད་ལ་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བ་ལ། ཇི་ལྟ་བ་བཞིན་དུ་བཤད་པའི་རྣམ་པ་གསུམ་གྱིས་བདག་ལ་བྱིན་གྱིས་བརླབས་པའི་དུས་སུ་ཕྱག་རྒྱ་ཆེན་པོ་བཅིངས་ནས་ཡི་གེ་ཧཱུཾ་གིས་བདག་ཉིད་ལན་ཅིག་བྱིན་གྱིས་ བརླབ་པར་བྱའོ། །དེའི་རྗེས་ལ་དམ་ཚིག་དང་ཆོས་དང་ལས་ལ་སོགས་པའི་ཕྱག་རྒྱ་རྣམས་བསྒྲུབ་པར་བྱའོ། །ཤིན་ཏུ་གཡོ་བ་ནི་ཤིན་ཏུ་གཡོ་བ་ཉིད་དོ། །ཤིན་ཏུ་གཡོ་བ་མེད་པ་ནི་ཤིན་ཏུ་གཡོ་བ་མེད་པའོ། །ལྕེའི་རྩེ་མོ་ནི་ལྕེའི་རྩེ་མོའོ། །ཤིན་ཏུ་གཡོ་བ་མེད་པའི་ལྕེའི་རྩེ་མོ་ གང་ལ་ཡོད་པ་དེ་ནི་ཤིན་ཏུ་གཡོ་བ་མེད་པའི་ལྕེའི་རྩེ་མོའོ། །ཤིན་ཏུ་གཡོ་བ་མེད་པའི་ལྕེའི་རྩེ་མོ་ཡང་དེ་ཡིན་ལ་སོ་དང་མཆུ་གཉིས་དང་ལྡན་པ་ཡང་དེ་ཉིད་ཡིན་པས་ན་ཤིན་ཏུ་གཡོ་མེད་ལྕེ་རྩེ་དང་མཆུ་དང་སོ་གཉིས་ལྡན་པའོ། །ཤིན་ཏུའི་སྒྲ་ནི་སོ་དང་མཆུ་གཉིས་ལ་རྗེས་སུ་འཇུག་པ་ཡིན་ནོ། ། དེ་བས་ན་དོན་ནི་འདི་ལྟར་བཤད་པར་འགྱུར་ཏེ། ཅུང་ཟད་རྩེ་མོ་གཡོ་བ་དང་། ཅུང་ཟད་མཆུ་དང་སོ་གཉིས་ཡང་དག་པར་ལྡན་པ་གང་ཡིན་པ་ནི་རྡོ་རྗེའི་དག་གོ། །དབྱངས་དང་བྲལ་བ་ཞེས་བྱ་བ་ནི་རྣ་བའི་རྣམ་པར་ཤེས་པས་གཟུང་བའི་སྒྲ་དང་བྲལ་བ་ཞེས་བྱ་བའི་དོན་ཏོ། །རིགས་ཀུན་ གྲུབ་པར་བྱེད་ཅེས་བྱ་བ་ལ་རྡོ་རྗེ་སེམས་དཔའི་རིགས་ནས་བཟུང་སྟེ་དེ་བཞིན་གཤེགས་པ་དང་རྡོ་རྗེ་དང་པདྨ་དང་ནོར་བུའི་རིགས་རྣམས་ཀྱི་དངོས་གྲུབ་ཐམས་ཅད་རབ་ཏུ་གྲུབ་པར་བྱེད་པའོ། །འདིས་ནི་ངག་འདིའི་ཐུན་མོང་ཡིན་ནོ་ཞེས་བྱ་བའི་དོན་བསྟན་ཏེ། ཡི་གེ་ཧཱུཾ་གི་གླུ་ཞེས་བྱ་བ་ལ་སོགས་ 61-1-107b པ་ནི་བཤད་ཟིན་ཏོ། །ཇི་སྲིད་མངོན་པར་འདོད་པའི་བཟླས་པས་ཞེས་བྱ་བ་ནི་གྲངས་ཀྱི་ངེས་པ་མེད་པར་བསྟན་པ་ཡིན་ཏེ། འདིར་སྒོམ་པ་ཁོ་ན་གཙོ་བོ་ཡིན་པའི་ཕྱིར་རོ། །བཟླས་པའི་དོན་གྱིས་ཀྱང་ཡི་གེ་ཧཱུཾ་གི་གླུའི་བཟླས་པ་བྱ་བ་ཡིན་ནོ་ཞེས་བྱ་བའི་ཕྱིར་བཟླས་པའི་དོན་དུ་ཉེ་བའི་སྙིང་པོ་ཤེས་པ་ ཡིན་ནོ་ཞེས་བྱ་བ་གསུངས་ཏེ། ཨ་ནུ་ར་ག་ཡ་མི་ཞེས་བྱ་བ་མངོན་དུ་བྱ་ཞིང་རྣལ་འབྱོར་པས་ཡི་གེ་ཧཱུཾ་གི་གླུའི་བཟླས་པ་བྱ་བ་ཡིན་ཏེ། འདི་ནི་ཉེ་བའི་སྙིང་པོ་ཤེས་པའོ། །ཉེ་བའི་སྙིང་པོ་ཤེས་པ་འདི་དག་གང་ཡིན་ཞེ་ན་རྡོ་རྗེ་སེམས་དཔའ་སྒྲུབ་པའོ་ཞེས་བྱ་བའོ། །ཅི་བྱས་ནས་ཉེ་བའི་སྙིང་པོ་འདི་ཤེས་ པས་རྡོ་རྗེ་སེམས་དཔའ་འདི་བསྒྲུབ་པར་བྱ་བ་ཡིན་ཞེ་ན། ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབས་ནས་ཞེས་བྱ་བ་སྟེ་བྱིན་གྱིས་བརླབས་པ་དེ་ཡང་བཤད་ཟིན་ཏོ། །ཅི་བྱ་ཞིང་བསྒྲུབ་པར་བྱ་ཞེ་ན། དེ་བཞིན་དུ་བལྟ་ཞིང་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་དཀྱིལ་འཁོར་ཆེན་པོ་སྒྲུབ་པ་ལ་ བཅོམ་ལྡན་འདས་རྡོ་རྗེ་ལྟ་བས་བལྟ་ཞིང་བསྒྲུབ་པར་བྱའོ་ཞེས་བྱ་བ་དེ་བཞིན་དུ་སྒྲུབ་པའི་ཐབས་ཀྱིས་བསྒྲུབ་པ་ལ་ཡང་རྡོ་རྗེ་ལྟ་བས་བལྟ་ཞིང་བསྒྲུབ་པར་བྱའོ། །ལན་ཅིག་སྒྲུབ་པ་ནི་ཇི་ལྟ་བ་བཞིན་དུ་མངོན་པར་འདོད་པའི་བཟླས་པས་སོ་ཞེས་བྱ་བ་ལ། ཉིན་རེ་ཐུན་མཚམས་སྔ་མའི་དུས་ སུ་དཔག་ཏུ་མེད་པའི་བཟླས་པས་སྒྲུབ་པ་ལན་ཅིག་བྱའོ། །དེ་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་ཤིན་ཏུ་མཉམ་པར་གཞག་པའི་རྣལ་འབྱོར་གྱིས་ཅི་ནུས་པར་སྒྲུབ་པ་ལན་ཅིག་ཏུ་བྱས་ནས། དེའི་དུས་ཕྱི་མ་ལ་ཇི་ལྟར་མངོན་པར་བརྩོན་པ་ནི་མཉམ་པར་མ་བཞག་པ་དང་ཤིན་ཏུ་མཉམ་པར་ གཞག་པའི་རྣལ་འབྱོར་བདག་གིས་སོ། །ཇི་ལྟར་འདོད་པ་ནི་ཇི་ལྟར་མོས་པའོ། །ཇི་ལྟར་མངོན་པར་འདོད་པ་ནི་ཇི་ཙམ་དུ་སྒོམ་པར་འདོད་པ་ཡིན་ནོ། །ཇི་ལྟར་བྱིན་གྱིས་བརླབས་པས་ཞེས་བྱ་བ་ནི་ལྷ་བསྒོམས་པ་ལས་བྱུང་བའི་བ་སྤུ་ལྡང་བ་ལ་སོགས་པའོ། །དེ་ལྟར་ཇི་ལྟ་བ་བཞིན་དུ་ བཤད་པའི་ཡི་ཧཱུཾ་གི་གླུའི་བཟླས་པས་དགའ་བ་ཆེན་པོ་རྡོ་རྗེ་དོན་ཡོད་ནི་རྡོ་རྗེ་སེམས་དཔའི་དགའ་བའི་ཤུགས་ཀྱིས་བསྒྲུབས་ཏེ་མངོན་དུ་བྱ་བ་ཡིན་ནོ། །གང་ཡིན་ཞེ་ན། རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་པོ་ཐམས་ཅད་ཅེས་བྱ་བའོ། །ཇི་ལྟ་བ་བཞིན་དུ་འདོད་པ་ཞེས་བྱ་བ་ནི་ཇི་ལྟར་འདོད་ 61-1-108a པའོ། །འདིས་ནི་འདི་བཤད་པར་འགྱུར་ཏེ། སྔ་མ་བཞིན་དུ་དམ་ཚིག་སེམས་དཔའི་བྱིན་གྱིས་བརླབ་པ་མཐར་ཐུག་པའི་ཆོ་ག་རྗེས་སུ་སྤྱད་ནས་ཕྱག་རྒྱ་ཆེན་པོ་བཅིང་བར་བྱའོ། །དེ་ནས་ཡི་གེ་ཧྲཱིཿལས་མདུན་དུ་སྣ་ཚོགས་པ། དེའི་སྟེང་དུ་ཡི་གེ་ཧཱུཾ་ཨ་ཞེས་བརྗོད་པས་དང་པོའི་རྡོ་རྗེའི་དབུས་ སུ་ཡི་གེ་ཧཱུཾ་རྣམ་པར་བསམས་ལ། བཛྲ་ཧཾ་ཞེས་བྱ་བ་བསྒོམ་པར་བྱའོ། །དེ་ནས་ཧཱུཾ་བཛྲ་སཏྭ་ཧཾ་ཞེས་བྱ་བ་བརྗོད་ཅིང་རྡོ་རྗེ་དེ་རྡོ་རྗེ་སེམས་དཔར་བདག་ཉིད་རྣམ་པར་བསམས་ལ། རྡོ་རྗེ་ལྕགས་ཀྱུ་མ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་བཞི་པོས་བཅོམ་ལྡན་འདས་དེ་ཉིད་བཀུག་ཅིང་བཅུག་སྟེ་བཅིང་ལ་དབང་དུ་ བྱས་ནས། དང་པོའི་རྡོ་རྗེའི་ཕྱག་རྒྱས་དྲྀ་ཤྱ་ཞེས་བྱ་བས་བལྟ་བར་བྱས་ལ། དྲིལ་བུ་དང་བཅས་པའི་གསང་བ་ལྕགས་ཀྱུ་མ་དང་ཡི་གེ་ཧཱུཾ་གིས་རང་གི་ལུས་ལ་བཅུག་སྟེ་སླར་ཡང་དང་པོའི་རྡོ་རྗེ་བཅིངས་ནས་ས་མ་ཡ་ཧཾ་ཞེས་བྱ་བ་བརྗོད་ཅིང་འོད་ཀྱི་དཀྱིལ་འཁོར་ཕམ་པར་བྱས་ནས། ས་མ་ཡ་ཧཾ་སྟྭཾ་ ཨ་ཧཾ་ཛཿཧཱུཾ་བཾ་ཧོཿ། ཞེས་བྱ་བ་ལན་གསུམ་བརྗོད་ཅིང་བཅོམ་ལྡན་འདས་དང་ལྷན་ཅིག་ཏུ་བདག་ཉིད་དུ་གྱུར་པར་བསམ་པའོ། །སླར་ཡང་གསང་བའི་ལྕགས་ཀྱུ་མ་བཅིངས་ནས་ཨ་ནུ་ར་ག་ཡ་མི་ཧཱུཾ་ཞེས་བྱ་བ་ལན་གསུམ་དུ་བརྗོད་པར་བྱའོ། །དེ་ནས་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་ རྒྱས་བཏབ་ལ། ཛཿཧཱུཾ་བཾ་ཧོཿ། ཞེས་བརྗོད་ཅིང་ཡིད་ཀྱིས་ལེགས་པའི་སྦྱོར་བས་སངས་རྒྱས་ཐམས་ཅད་བཅུག་སྟེ། དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་བསྒྲུབ་པར་བྱའོ། །དེ་ནས་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་དེ་དག་ལ་རྒྱས་བཏབ་ནས་སྔ་བཞིན་དུ་དང་པོའི་ རྡོ་རྗེས་བདག་ཉིད་ཀྱི་གནས་བཞིར་བྱིན་གྱིས་བརླབས་ཏེ། ཡི་གེ་བརྒྱ་པས་བརྟན་པར་བྱས་ལ་སངས་རྒྱས་ལྔའི་ཅོད་པན་གྱི་དབང་བསྐུར་བའི་ཕྱག་རྒྱས་དབང་བསྐུར་ཏེ། རྡོ་རྗེ་དང་བདག་པོ་དང་མིང་གི་དབང་བསྐུར་བ་བླངས་ལ་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་གཟུང་བར་བྱའོ། ། དེ་ནས་ཐམས་ཅད་རྗེས་སུ་ཆགས་པ་ཞེས་བྱ་བ་ལ་སོགས་པའི་རྡོ་རྗེའི་གླུ་བརྗོད་ཅིང་རྡོ་རྗེའི་གར་བྱས་ཏེ་རབ་ཏུ་དགའ་བའི་ཕྱག་རྒྱ་བཅིངས་ནས་དེའི་སྙིང་པོ་བརྗོད་ཅིང་མེ་ཏོག་དབུལ་བའི་ཚུལ་བྱས་ནས་རྡོ་རྗེ་ཁུ་ཚུར་གཉིས་བཅིང་བར་བྱའོ། །དེ་ནས་ཡི་གེ་ཧཱུཾ་བརྗོད་ཅིང་རྡོ་རྗེ་སེམས་དཔའི་ལས་ཀྱི་ 61-1-108b ཕྱག་རྒྱ་བཅིངས་ནས་འདོད་ཆགས་རྡོ་རྗེ་མའི་སྙིང་པོ་བརྗོད་ཅིང་། རྡོ་རྗེ་མཚོན་ཆ་མའི་ལས་ཀྱི་ཕྱག་རྒྱ་བཅིང་བར་བྱའོ། །དེ་ནས་དེ་བཞིན་དུ་གར་ལས་བྱུང་བའི་དགའ་མའི་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། དེའི་སྙིང་པོས་སྤོས་འབུལ་བའི་ཚུལ་བྱས་ལ་སྔ་མ་བཞིན་དུ་རྡོ་རྗེ་སེམས་དཔའི་ལས་ཀྱི་ ཕྱག་རྒྱ་བཅིང་བར་བྱའོ། །དེ་ནས་དེ་བཞིན་དུ་ཀཱི་ལི་ཀཱི་ལའི་ལས་ཀྱི་ཕྱག་རྒྱ་བཅིང་བར་བྱའོ། །དེ་བཞིན་དུ་ཞེས་བྱ་བ་ལ་སླར་ཡང་དེ་བཞིན་དུ་གར་བྱས་ལ་སྤྱན་གྱི་ལས་ཀྱི་ཕྱག་རྒྱ་བཅིང་བར་བྱའོ། །དེ་ནས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་དང་། དེ་ནས་རྡོ་རྗེ་དྲན་མའི་ལས་ཀྱི་ཕྱག་རྒྱ་བཅིང་ བར་བྱའོ། །སླར་ཡང་དེ་བཞིན་དུ་གར་བྱས་ལ་དཔལ་ཆེན་མོའི་ལས་ཀྱི་ཕྱག་རྒྱ་བཅིང་བར་བྱའོ། །རྡོ་རྗེ་སེམས་དཔའི་ལས་ཀྱི་ཕྱག་རྒྱ་དང་། དེ་ནས་རྡོ་རྗེ་ཆགས་པའི་དབང་ཕྱུག་མའི་ལས་ཀྱི་ཕྱག་རྒྱ་དེ་བཞིན་དུ་བཅིང་བར་བྱའོ་འདི་ནི་གསང་བའི་མཆོད་པ་རྣམ་པ་བཞིའོ། །དེ་ནས་བདག་ ཉིད་ཡང་དག་པར་མཆོད་ལ་སྒེག་མོ་དང་དགའ་བའི་རྡོ་རྗེ་མས་བཅོམ་ལྡན་འདས་ལ་ཕྱག་བྱས་ལ་དེ་ཁོ་ན་ཉིད་དང་། ཆོས་དང་ལས་དང་དམ་ཚིག་རྣམས་བླངས་ཏེ། དམ་ཚིག་གསུམ་གྱི་གླུའི་མཆོད་པ་བྱས་ནས། རང་གི་སྙིང་ག་ན་གནས་པའི་རྡོ་རྗེ་ལ་ཡི་གེ་ཧཱུཾ་རྣམ་པར་བསམས་ཏེ། དེ་བཞིན་དུ་ བདག་ཉིད་རྡོ་རྗེ་སེམས་དཔར་གྱུར་ཅིག སྨོན་ལམ་བྱས་ལ་ཨ་ནུ་ར་ག་ཡ་མི་ཞེས་བྱ་བ་བཟླས་པའི་དོན་དུ་ཡི་གེ་ཧཱུཾ་གི་གླུའི་བཟླས་པ་བྱ་བ་ཡིན་ནོ། །དེ་ལྟར་རྡོ་རྗེ་སེམས་དཔའི་སྒྲུབ་པ་བྱས་ནས་ད་ནི་འདོད་ཆགས་རྡོ་རྗེ་མ་ལ་སོགས་པའི་སྒྲུབ་པ་བསྟན་པར་བྱ་བའི་ཕྱིར་དེ་ནས་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ གསུངས་ཏེ། དེ་ནས་ཀྱི་སྒྲ་ནི་སྔ་མ་བཞིན་ནོ། །འདོད་ཆགས་རྡོ་རྗེ་མ་ལ་སོགས་པའི་སྐུའི་གསང་བ་བྱིན་གྱིས་རློབ་པར་བྱེད་པའི་ཕྱག་རྒྱ་ཆེན་པོ་སྟེ་དེ་དག་གི་སྐུའི་གསང་བའི་ཚུལ་གྱིས་རང་བཞིན་ཅན་ནོ། །སྐུ་ཞེས་བྱ་བ་ནི་བཤད་ཟིན་ཏོ། །འདི་དག་གི་སྒྲུབ་པ་ཐམས་ཅད་ནི་རྡོ་རྗེ་སེམས་ དཔའི་སྒྲུབ་པ་བཞིན་དུ་ཤེས་པར་བྱའོ། །ཁྱད་པར་ནི་འདི་ཡིན་ཏེ་འདོད་ཆགས་རྡོ་རྗེ་མ་ལ་སོགས་པའི་སྙིང་པོ་ཟླ་བའི་དཀྱིལ་འཁོར་དང་བཅས་པའི་དང་པོའི་རྡོ་རྗེའི་རྣམ་པར་བསམས་ལ་རྣལ་འབྱོར་གྱི་རྡོ་རྗེ་དེ་ཉིད་དེ་རྣམས་ཀྱི་སྙིང་པོ་ལས་རང་གི་ཕྱག་མཚན་རྣམ་པར་བསམས་ཏེ། ཕྱག་མཚན་ 61-1-109a གྱི་ང་རྒྱལ་བསྐྱེད་ལ་ཕྱག་མཚན་དེ་ཉིད་སེམས་དཔར་བྱིན་གྱིས་བརླབ་པའི་སྦྱོར་བས་རྡོ་རྗེ་སེམས་དཔའ་སྟེ། རྡོ་རྗེ་སེམས་དཔའ་ཡང་འདོད་ཆགས་རྡོ་རྗེ་མ་ལ་སོགས་པའི་སྙིང་པོ་བརྗོད་ཅིང་བདག་ཉིད་འདོད་ཆགས་རྡོ་རྗེ་མ་ལ་སོགས་པའི་རང་བཞིན་དུ་མོས་པར་བྱའོ། །དེ་ནས་ཆོ་ག་ ཐམས་ཅད་རྗེས་སུ་སྤྱད་ནས་འདོད་ཆགས་རྡོ་རྗེ་མ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་བཅིངས་ལ། ཇི་ལྟ་བ་བཞིན་དུ་འདོད་ཆགས་རྡོ་རྗེ་མ་ལ་སོགས་པའི་སྐུ་མདུན་དུ་བསྐྱེད་ལ། རྡོ་རྗེ་ལྕགས་ཀྱུ་མ་ལ་སོགས་པས་འདོད་ཆགས་རྡོ་རྗེ་མ་ལ་སོགས་པའི་ལྷ་མོ་རྣམས་བཀུག་ཅིང་བཅུག་ལ་བཅིངས་ཏེ་ དབང་དུ་བྱས་ནས། རང་གི་དམ་ཚིག་གི་ཕྱག་རྒྱ་རྣམས་བལྟ་བར་བྱས་ལ། འདོད་ཆགས་རྡོ་རྗེ་མ་ལ་སོགས་པའི་སྙིང་པོ་དང་གསང་བའི་ལྕགས་ཀྱུ་མས་རང་གི་ལུས་ལ་བཅུག་ལ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་པར་བྱའོ། །དེ་ལྟར་ཕྱག་རྒྱ་ཆེན་པོའི་མཚན་ཉིད་དང་སྒྲུབ་པ་བསྟན་ནས། ད་ནི་ དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱི་མཚན་ཉིད་བསྟན་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཀྱི་སྒྲ་ནི་སྔ་མ་བཞིན་ནོ། །དམ་ཚིག་འཛིན་པར་བྱེད་པའི་ཕྱག་རྒྱ་ནི་དམ་ཚིག་གི་ཕྱག་རྒྱ་རྣམས་སོ། །བདེ་བ་ཆེན་པོའི་རྡོ་རྗེ་བཤད་པའོ་ཞེས་བྱ་བ་ལ། བཅོམ་ལྡན་འདས་ རྡོ་རྗེ་སེམས་དཔའ་དང་པོའི་རྡོ་རྗེ་ནི་བདེ་བ་ཆེན་པོའི་རྡོ་རྗེ་སྟེ། དེ་ཉིད་ཀྱི་དམ་ཚིག་འཛིན་པ་གང་ཡིན་པ་དེ་བཤད་ཟིན་ཏོ། །རྡོ་རྗེ་མདའ་ལ་སོགས་པ་ནི་འདི་ལས་བྱུང་བའོ། །བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའ་འདི་ལས་འདོད་ཆགས་རྡོ་རྗེ་སེམས་དཔའ་མ་ལ་སོགས་པ་བཞི་པོ་དམ་ཚིག་འཛིན་ པའི་ཕྱག་རྒྱ་རྣམས་འབྱུང་ངོ་། །འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་དང་པོའི་རྡོ་རྗེ་བཅིངས་ཏེ། མཛུབ་མོ་གཉིས་ཀྱི་རྩེ་མོ་ཡང་དག་པར་སྦྱར་བར་བྱས་ནས་མཛུབ་མོ་གཉིས་ཀྱི་རྩེ་མོ་ཅི་ནུས་པར་མདའི་ཚུལ་དུ་ཕྱི་རོལ་དུ་དྲང་བར་བྱ་སྟེ་འདི་ནི་འདོད་ཆགས་རྡོ་རྗེ་མའི་རྡོ་རྗེ་མདའ་ཞེས་བྱ་བའི་ དམ་ཚིག་གི་ཕྱག་རྒྱ་ཡིན་ནོ། །དང་པོའི་རྡོ་རྗེ་བཅིངས་ལ་རྡོ་རྗེ་བསྡམས་པའི་ཚུལ་གྱིས་མཐེ་བོང་གཉིས་གཟུང་བར་བྱ་སྟེ་འདི་ནི་ཀཱི་ལི་ཀཱི་ལ་མའོ། །དང་པོའི་རྡོ་རྗེ་བཅིངས་ཏེ་མཐེ་བོང་གཉིས་བསླང་སྟེ་མ་འབྱོར་བར་བྱས་ལ་གཡས་པའི་མཛུབ་མོ་ལྕགས་ཀྱུའི་རྣམ་པ་གཡོན་པའི་དབུས་མའི་ 61-1-109b ཚིགས་གསུམ་པར་བཙུགས་ལ་གཡོན་པའི་མཛུབ་མོ་དེ་བཞིན་དུ་གཡས་པའི་དབུས་མའི་ཚིགས་གསུམ་པར་བཙུགས་ཏེ་སྲིན་ལག་གཉིས་ཡང་དག་པར་སྦྱར་བའི་རྩེ་མོ་དང་། མཐེའུ་ཆུང་གཉིས་ཀྱི་རྩེ་མོ་སྦྱར་ནས་རྩེ་མོ་འདིས་བྱས་པ་འདི་ནི་རྡོ་རྗེ་དྲན་མའོ། །དང་པོའི་རྡོ་རྗེ་བཅིངས་ལ་ བརླ་གཡས་པ་དང་གཡོན་པ་ལ་གཟུང་བར་བྱ་སྟེ་འདི་ནི་རྡོ་རྗེ་འདོད་པའི་དབང་ཕྱུག་མའི་དམ་ཚིག་གི་ཕྱག་རྒྱའོ། །རྡོ་རྗེ་ཐལ་མོ་བསྐོར་བ་རང་གི་སྙིང་གའི་ཕྱོགས་སུ་བཅིངས་ལ་ལྷག་པར་དད་པའི་ཁྱད་པར་གྱིས་སྒེག་པ་དང་བཅས་པའི་མིག་གིས་བལྟ་ཞིང་སྤྱི་བོས་བཅོམ་ལྡན་འདས་ལ་ཕྱག་ བྱས་ནས་སྤྱི་བོར་གཟུང་བར་བྱ་སྟེ་དེ་ནས་དེ་ལས་ཕབ་ནས་མེ་ཏོག་འབུལ་བའི་ཚུལ་གྱིས་གྱེན་དུ་གཏོར་བར་བྱ་སྟེ་འདི་ནི་རབ་ཏུ་དགའ་བ་མའིའོ། །དེ་བཞིན་དུ་རྡོ་རྗེ་ཐལ་མོ་བསྐོར་བ་བཅིངས་ལ་སྤྱི་བོར་བཞག་ནས་ཕབ་སྟེ་སྤོས་འབུལ་བའི་ཚུལ་གྱིས་འོག་ཏུ་དོར་བར་བྱས་ཏེ་འདི་ནི་དགའ་མའིའོ། ། དེ་བཞིན་དུ་རྡོ་རྗེ་ཐལ་མོས་སྐོར་བ་བཅིངས་ལ་སྤྱི་བོར་བཞག་ནས་ཕབ་སྟེ་མར་མེ་འབུལ་བའི་ཚུལ་དུ་མཐེ་བོང་སྦྱར་བ་བསྐོར་ནས་གཟུང་བར་བྱ་སྟེ་སྤྱན་གྱིའོ། །དེ་བཞིན་དུ་ཐམས་ཅད་བྱས་ལ་རྡོ་རྗེ་ཐལ་མོ་སྤྱི་བོར་བཞག་ནས་ཕབ་སྟེ་རང་གི་སྙིང་གའི་ཕྱོགས་སུ་བརྐྱང་སྟེ་དྲི་བྱུག་པའི་ཚུལ་ གྱིས་གཟུང་བར་བྱ་སྟེ་འདིས་ནི་རྡོ་རྗེ་དྲི་མའིའོ། །རྡོ་རྗེ་ཐལ་མོ་བཅིངས་ཏེ་དེས་ལྷག་པར་དད་པའི་ཁྱད་པར་རྣམ་པར་འཕྲུལ་པའི་ཚུལ་བསྟན་པར་བྱ་སྟེ་འདི་ནི་སྒེག་མའིའོ། །རྡོ་རྗེ་ཐལ་མོ་བཅིངས་ཏེ་དགོད་པའི་ཚུལ་གྱིས་ཁར་ཡོངས་སུ་བསྐོར་ལ་སྤྱི་བོར་གཟུང་བར་བྱ་སྟེ་འདི་ནི་བཞད་མའིའོ། །རྡོ་རྗེ་ ཐལ་མོ་བཅིངས་ཏེ་གཡོན་པའི་མཛུབ་མོ་པི་ཝང་གི་ཚུལ་དུ་གཟུང་བར་བྱས་ལ་གཡས་པའི་མཛུབ་མོ་བཀུག་པས་རྡོ་རྗེ་པི་ཝང་བརྡུང་བའི་རྡོ་རྗེ་གླུ་མའི་སྙིང་པོའི་གླུས་མངོན་པར་བསྟོད་ཅིང་རྣལ་འབྱོར་པས་ཕྱག་རྒྱ་བཅིང་བར་བྱ་སྟེ་འདི་ནི་རྡོ་རྗེ་གླུ་མའིའོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་གར་བྱས་ ལ་སྤྱི་བོར་རྡོ་རྗེ་ཐལ་མོ་བཅིང་བར་བྱ་སྟེ་འདི་ནི་རྡོ་རྗེ་གར་མའིའོ། །རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ལ་གཡས་པའི་མཛུབ་མོ་བརྐྱང་སྟེ་བཀུག་ལ་ལྕགས་ཀྱུའི་རྣམ་པར་གཟུང་བར་བྱ་སྟེ་འདི་ནི་རྡོ་རྗེ་ལྕགས་ཀྱུ་མའིའོ། །རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ལ་མཐེ་བོང་གཉིས་ཕན་ཚུན་དུ་ 61-1-110a མདུད་པ་བྱས་ལ་འདི་ནི་རྡོ་རྗེ་ཞགས་པ་མའིའོ། །རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ལ་མཛུབ་མོ་དང་མཐེ་བོང་དག་གིས་ལྕགས་ཀྱི་ལུ་གུ་རྒྱུད་བཅིང་བར་བྱ་སྟེ་འདི་ནི་རྡོ་རྗེ་ལྕགས་སྒྲོག་མའིའོ། །རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ལ། རང་གི་མཐེའུ་ཆུང་དང་སྲིན་ལག་གི་ནང་དུ་མཐེ་ བོང་གཉིས་གཟུང་བར་བྱ་སྟེ། འདི་ནི་རྡོ་རྗེ་དྲིལ་བུ་མའིའོ། །གསང་བའི་དམ་ཚིག་གི་ཕྱག་རྒྱ་བཤད་ཟིན་ཏོ། །གཞན་རྣམས་ཐམས་ཅད་ཇི་བཞིན་བཤད། །ཅེས་བྱ་བ་ལ་ཤིན་ཏུ་དགའ་མ་ལ་སོགས་པའི་དམ་ཚིག་ཕྱག་རྒྱ་རྣམས་ཁོ་ན་རབ་ཏུ་དགའ་མ་ལ་སོགས་པ་རྡོ་རྗེ་དྲིལ་བུ་མའི་མཐར་ཐུག་པའི་བར་ གྱི་གསང་བའི་དམ་ཚིག་གི་ཕྱག་རྒྱ་རྣམས་རབ་ཏུ་སྦྱོར་བའི་ཁྱད་པར་གྱིས་འགྱུར་ཡིན་ནོ། །དེ་ལ་སྦྱོར་བའི་ཁྱད་པར་ནི་འདི་ཡིན་ཏེ་གང་ཞིག་ཉེ་བའི་སྙིང་པོ་དང་བཅས་པའི་རང་གི་ལྷའི་སྙིང་པོ་བཟླས་པ་ཞེས་བྱའོ། །འདི་ལྟར་བཤད་པར་གྱུར་ཏེ། ཨ་ནུ་ར་ག་ཡ་མི་ཧཱུཾ་ཞེས་བྱ་བ་ནས་ཇི་སྲིད་དུ་ཨ་ནུ་ར་ག་ ཡ་མི་བཛྲ་བྷནྡྷེ་ཧོཿ། ཞེས་བྱ་བའི་བར་གྱིས་རང་གི་ལྷའི་གསང་བའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་ཉེ་བའི་སྙིང་པོ་དང་བཅས་པས་རང་གི་ལྷའི་སྙིང་པོ་བཟླ་བར་བྱའོ། །དམ་ཚིག་རྡོ་རྗེ་འབེབས་པ་ལ། །ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་དྲིལ་བུ་མའི་དམ་ཚིག་གི་ཕྱག་རྒྱ་ནི་དམ་ཚིག་རྡོ་རྗེ་འབེབས་པ་སྟེ་དེ་ བཅིངས་ནས་མཛུབ་མོ་གཉིས་ཀྱི་རྩེ་མོ་རང་གི་མཐེ་བོང་གཉིས་ཀྱི་སྟེང་དུ་ཡང་དག་པར་སྦྱར་ཞིང་གཟུང་བར་བྱ་བ་འདི་ནི་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་སྟེ་རྡོ་རྗེ་ཁུ་ཚུར་གཉིས་བསྐྱེད་པའི་རྒྱུར་གྱུར་པ་ཡིན་ནོ། །དེ་ནས་ཀྱི་སྒྲ་ནི་དེ་མ་ཐག་པའོ། །ཇི་ལྟ་བ་བཞིན་དུ་བཤད་པའི་མཚན་ཉིད་ཅན་གྱི་རྡོ་རྗེ་ཁུ་ཚུར་གྱི་ ཕྱག་རྒྱ་བཅིངས་ལ། དེ་མ་ཐག་པ་ཉིད་གཉིས་སུ་བྱས་ཏེ་ཕྱག་མཚན་མེད་པའི་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ནས་རྡོ་རྗེ་དྲིལ་བུ་མའི་མཐར་ཐུག་པའི་བར་གྱི་དམ་ཚིག་གི་ཕྱག་རྒྱ་དང་ལས་ཀྱི་ཕྱག་རྒྱ་རྣམས་བཅིང་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ དག་ཇི་ལྟར་བཅིང་བར་བྱ་ཞེ་ན། འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་ལ། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་བསྙེམས་པར་བྱས་ནས་གཡས་པའི་རྡོ་རྗེ་ཁུ་ཚུར་བསྐོར་བ་བྱས་ལ་རང་གི་སྙིང་གའི་ཕྱོགས་སུ་བསྟོད་པའི་ཚུལ་དུ་གཟུང་བར་བྱ་སྟེ། འདི་ནི་རྡོ་རྗེ་མཚོན་ཆ་མ་ཞེས་བྱ་བ་འདོད་ཆགས་རྡོ་རྗེ་ 61-1-110b མའིའོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱི་རྡོ་རྗེ་གཉིས་ཏེ་དེས་བསྟོད་པའི་ཚུལ་ནི་གྱེན་དུ་བསྟོད་པའོ། །དེ་བསྟོད་པར་བྱེད་པའི་ཕྱག་རྒྱ་ནི་རྡོ་རྗེ་གཉིས་བསྟོད་པའི་ཚུལ་ཅན་ཏེ། རྡོ་རྗེ་ཀཱི་ལི་ཀཱི་ལ་ཞེས་བྱ་བ་རྡོ་རྗེ་ཀཱི་ལི་ཀཱི་ལའི་ལས་ཀྱི་ཕྱག་རྒྱའོ། །འདི་ལྟར་བཤད་པར་འགྱུར་ཏེ་རང་གི་སྙིང་གར་རྡོ་རྗེ་ཁུ་ཚུར་ གཉིས་ཀྱིས་རྡོ་རྗེ་སེམས་དཔའ་ལ་འཁྱུད་པའི་ཚུལ་གྱིས་འཁྱུད་དེ་བསྟོད་པ་ལ་སོགས་པ་རྡོ་རྗེ་ཁུ་ཚུར་གཉིས་གཟུང་བར་བྱའོ་ཞེས་བྱ་བའོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་རྒྱལ་མཚན་བསྒྲེང་བའི་ཚུལ་དུ་བྱ་སྟེ་རྡོ་རྗེ་དྲན་མའིའོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་བསྙེམས་པ་གཉིས་བྱ་སྟེ་རྡོ་རྗེ་འདོད་པའི་དབང་ ཕྱུག་མའིའོ། །མཚམས་རྣམས་སུ་རྡོ་རྗེ་གར་བཤད་པའོ་ཞེས་བྱ་བ་ལ། ནང་གི་དཀྱིལ་འཁོར་གྱི་མཚམས་བཞི་བཞི་པོ་ལ་རབ་ཏུ་དགའ་མ་ལ་སོགས་པའི་རྡོ་རྗེ་གར་ལས་བྱུང་བའི་དམ་ཚིག་ཕྱག་རྒྱ་ཉིད་ནི་ལས་ཀྱི་ཕྱག་རྒྱ་ཞེས་བྱ་བའི་དོན་ཏོ། །སྒེག་མོ་ལ་སོགས་པ་ཡང་དེ་བཞིན་ནོ་ཞེས་བྱ་བ་ ལ་སྒེག་མོ་དང་བཞད་མ་དང་གླུ་ལེན་མ་དང་གར་མ་རྣམས་ཀྱི་གར་ལས་བྱུང་བའི་དམ་ཚིག་གི་ཕྱག་རྒྱ་ཉིད་ལས་ཀྱི་ཕྱག་རྒྱ་རྣམས་ཡིན་ནོ། །རྡོ་རྗེ་སྒོ་མ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ་མཁྲིག་མ་གཉིས་མདུད་པ་བྱས་ལ་གཡས་པའི་མཛུབ་མོ་བཀའ་བསྒོ་བའི་ ཚུལ་གྱིས་ཡང་དག་པར་བཟུང་ཞིང་བཀུག་ལ་ལྕགས་ཀྱུའི་རྣམ་པས་གཟུང་བར་བྱ་སྟེ་འདི་ནི་རྡོ་རྗེ་ལྕགས་ཀྱུ་མའིའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་དེས་མཁྲིག་མར་མདུད་པ་བྱས་ཏེ་འདི་ནི་རྡོ་རྗེ་ཞགས་པ་མའིའོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་མཁྲིག་མ་མདུད་པ་བྱས་ལ་མནན་པར་བྱ་སྟེ་ འདི་ནི་རྡོ་རྗེ་ལྕགས་སྒྲོག་མའིའོ། །རྡོ་རྗེ་ལྕགས་སྒྲོག་མའི་ཕྱག་རྒྱ་ཉིད་རང་གི་སྙིང་གར་དྲིལ་བུ་ཕྲ་བར་དཀྲོལ་བའི་ཚུལ་གྱིས་བསྐྱོད་པར་བྱས་ཏེ་འདི་ནི་རྡོ་རྗེ་དྲིལ་བུ་མའི་ལས་ཀྱི་ཕྱག་རྒྱའོ། །འདི་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཅི་བཞིན་འགྲུབ་ཅེས་བྱ་བ་ལ་སོགས་པ་ལ། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྡོ་རྗེ་དྲིལ་བུ་མའི་མཐར་ཐུག་པའི་བར་གྱི་དངོས་གྲུབ་ནི་ཇི་བཞིན་དངོས་གྲུབ་སྟེ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་རྣམས་གྲུབ་པ་གང་ཡིན་པ་དེ་ནི་ཅི་བཞིན་གྲུབ་པའོ། །བྱེད་པར་འགྱུར་བ་ཅི་ཞིག་ཏུ་གྲུབ་པ་དེས་མཆོག་ནི་རང་བཞིན་གྱིས་ 61-1-111a འོད་གསལ་བའི་རྣམ་པར་ཐར་པའི་སྒོའི་རང་བཞིན་གྱི་བྱ་བ་ནན་ཏན་གྲུབ་པའི་ཡེ་ཤེས་ཀྱི་མཚན་མ་ནི་སྙིང་གར་གནས་པའི་སྣ་ཚོགས་རྡོ་རྗེ་དང་བཅས་པའི་རྡོ་རྗེ་སེམས་དཔའི་སྐུའི་གསང་བ་རྣམས་སོ། །ཡུལ་དུ་གྱུར་པའི་མཆོག་གི་ཕྱག་མཚན་དེ་རྣམས་ལས་རྡོ་རྗེ་སེམས་དཔའ་ལ་ སོགས་པའི་རང་བཞིན་གྱི་དངོས་གྲུབ་ཆེན་པོ་མྱུར་དུ་སྟེར་བས་ན་དངོས་གྲུབ་ཆེན་པོ་མྱུར་དུ་སྩོལ་བའོ། །ཐོག་མ་དང་ཐ་མ་མེད་པའི་ཕྱག་རྒྱ་ནི་དང་པོའི་ཕྱག་རྒྱའོ། །དགེ་བ་ནི་ཟག་པ་མེད་པའོ། །འདི་དག་ཅེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་འདི་རྣམས་ལ་དཀྱིལ་ འཁོར་དུ་མ་ཞུགས་པ་རྣམས་ཀྱང་གྲུབ་པར་འགྱུར་རོ། །དེ་ལྟར་དཀྱིལ་འཁོར་གྱི་ཕྱག་རྒྱ་བསྟན་ནས། ད་ནི་ལས་ཀྱི་ཚོགས་གྲུབ་པར་བྱེད་པའི་ཕྱག་རྒྱ་རྣམས་བསྟན་པར་བྱ་བའི་ཕྱིར། དེ་ནས་དངོས་གྲུབ་མེད་པ་སྒྲུབ་པའི་ཕྱག་རྒྱ་ཆེན་པོ་བཅིང་བ་ཞེས་བྱ་བ་གསུངས་ཏེ་དེ་ནས་ཀྱི་སྒྲ་ནི་སྐབས་སུ་བབ་ པའོ། །ཕྱག་རྒྱ་ཆེན་པོ་རྫོགས་པ་ནི་དངོས་གྲུབ་སྟེ་དེ་མེད་པ་ནི་དངོས་གྲུབ་མ་ཐོབ་པའོ། །དངོས་གྲུབ་མ་ཐོབ་པ་དེ་སྒྲུབ་པ་ནི་དངོས་གྲུབ་མ་ཐོབ་པ་སྒྲུབ་པ་སྟེ་རྗེས་སུ་ཆགས་པ་ལ་སོགས་པའོ། །དེའི་དོན་དུ་ཕྱག་རྒྱ་ཆེན་པོའི་ལས་གྲུབ་པར་བྱེད་པའི་ཕྱག་རྒྱ་རྣམས་སོ། །དེ་རྣམས་འཆིང་བ་ ནི་དེ་དག་འཆིང་བའི་མཚན་ཉིད་འདི་ཡིན་ནོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །རྗེས་སུ་ཆགས་པ་ལ་སོགས་པ་རྣམས་ནི་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། དང་པོའི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ་དང་པོའི་རྡོ་རྗེ་བཅིངས་ཏེ་དེ་ཉིད་ཀྱིས་ཀྱང་ཕྱག་རྒྱ་བཞིའི་ཚོགས་ཀྱི་རྗེས་སུ་ཆགས་པ་ལ་སོགས་པའི་ཚུལ་ གྱིས་བསྒྲུབ་པར་བྱའོ། །དགོད་པ་དང་དགུག་པ་དང་བརྟན་པ་དང་ལས་བསྟན་པས་སོ་ཞེས་བྱ་བ་ལ་དགོད་པ་དང་དགུག་པ་དང་བརྟན་པ་དང་ལས་རྣམས་ཏེ་དེ་དག་ལྟ་བས་བསྒྲུབ་པར་བྱའོ། །འདིས་འདི་ལྟར་བཤད་པར་འགྱུར་ཏེ། དང་པོའི་རྡོ་རྗེ་བཅིངས་ཏེ་དགོད་པའི་གདོང་གིས་རྡོ་རྗེའི་ལྟ་བས་ རྗེས་སུ་ཆགས་པ་བསྒྲུབ་པར་བྱའོ། །འབར་བའི་ལྟ་བས་བསྒྲུབ་བྱ་དགུག་པར་བྱ་བ་སྟེ་དེ་ལྟར་བསྒྲུབ་བྱ་དགུག་པར་བྱའོ། །བརྟན་པའི་ལྟ་བ་དང་འཆིང་བའི་ལྟ་བའི་བསམ་པ་ལ་བལྟ་ཞིང་བཟླས་པ་བྱ་སྟེ་དེ་ལྟར་ན་བརྟན་པར་འཆིང་བར་འགྱུར་རོ། །རྡོ་རྗེ་ལྟ་བས་བསྒྲུབ་བྱ་དབང་དུ་བྱེད་པ་ 61-1-111b རྫོགས་པའི་བསམ་པས་བལྟ་ཞིང་བཟླ་བར་བྱ་སྟེ་དེ་ལྟར་ན་དབང་དུ་བྱ་བའི་ལས་ལྟ་བས་གྲུབ་པ་ཡིན་ནོ། །དེ་ལྟར་ན་དང་པོའི་རྡོ་རྗེ་ལྟ་བས་ལས་བཞི་པོ་སྒྲུབ་པ་ཡིན་ནོ། །རྟགས་དང་སྙིང་ག་དང་དབང་བསྐུར་བ་དང་སྤྱི་བོར་གཞག་པར་བྱའོ་ཞེས་བྱ་བ་ལ། དང་པོའི་རྡོ་རྗེ་རང་གི་རྟགས་ལ་གཟུང་ བར་བྱ་སྟེ་དེ་ལྟར་ན་བདེ་བ་ཐམས་ཅད་མངོན་པར་འཕེལ་བར་འགྱུར་རོ། །རང་གི་སྙིང་གར་གཟུང་བར་བྱ་སྟེ་དེ་ལྟར་ན་ཡིད་བདེ་བ་ཐམས་ཅད་མངོན་པར་འཕེལ་བར་གྱུར་རོ། །དབང་བསྐུར་བའི་གནས་སུ་གཟུང་བར་བྱ་སྟེ་དེ་ལྟར་ན་ཕུན་སུམ་ཚོགས་པ་ཐམས་ཅད་མངོན་པར་འཕེལ་བར་འགྱུར་ རོ། །སྤྱི་བོར་གཟུང་བར་བྱ་སྟེ་དེ་ལྟར་ན་དངོས་གྲུབ་ཐམས་ཅད་མངོན་པར་འཕེལ་བར་འགྱུར་རོ། །དབུས་མའི་རྡོ་རྗེ་སྙིང་ག་དང་རྟགས་དང་། ཁར་དབང་བསྐུར་དུ་བཞག་ནས་བཏུང་བར་བྱའོ་ཞེས་བྱ་བ་ལ་དང་པོའི་རྡོ་རྗེ་བཅིངས་ཏེ་དབུས་མའི་རྡོ་རྗེ་རང་གི་སྙིང་གར་བཞག་ནས་ཕྱི་ནས་རང་གི་ཁ་ ལ་བཟུང་ཞིང་བཏུང་བར་བྱ་སྟེ་དེ་ལྟར་ན་ཚེ་ཆེན་པོ་མངོན་པར་འཕེལ་བར་འགྱུར་རོ། །རང་གི་རྟགས་ལ་བཞག་ནས་ཁར་བཟུང་ཞིང་བཏུང་བར་བྱ་སྟེ། དེ་ལྟར་ན་ན་ཚོད་མངོན་པར་འཕེལ་བར་འགྱུར་རོ། །རང་གི་ཁར་བཟུང་ཞིང་བཏུང་བར་བྱ་སྟེ། དེ་ལྟར་ན་གཟུགས་མངོན་པར་འཕེལ་ལོ། ། དབང་བསྐུར་བའི་གནས་སུ་བཞག་སྟེ་རྗེས་ལ་ཁར་བཟུང་ཞིང་བཏུང་བར་བྱ་སྟེ་དེས་ནི་གཟི་བརྗིད་འཕེལ་བར་འགྱུར་བ་ཡིན་ནོ། །མཛུབ་མོ་དང་དབུས་མ་དང་སྲིན་ལག་དང་མཐེ་ཆུང་གི་རྡོ་རྗེ་ཞེས་བྱ་བ་ལ་དང་པོའི་རྡོ་རྗེའི་མཛུབ་མོ་གཉིས་ཡང་དག་པར་སྦྱར་བའི་རྩེ་མོ་བྱ་སྟེ་དེ་ལྟར་ན་དཔལ་ཆེན་པོ་ མངོན་པར་འཕེལ་བར་འགྱུར་རོ། །དང་པོའི་རྡོ་རྗེ་དབུས་མའི་རྩེ་མོར་ཕྱིར་གཟུང་བར་བྱ་སྟེ་དེ་ལྟར་ན་བདེ་བ་ཆེན་པོ་མངོན་པར་འཕེལ་བར་འགྱུར་རོ། །དང་པོའི་རྡོ་རྗེ་སྲིན་ལག་གཉིས་ཀྱི་རྩེ་མོར་བྱ་སྟེ། འདིས་སྒྲ་སྙན་ཆེན་པོ་མངོན་པར་འཕེལ་བར་འགྱུར་རོ། །དང་པོའི་མཐེའུ་ཆུང་ གཉིས་ཀྱི་རྩེ་མོ་བསླང་ལ་གཟུང་བར་བྱ་སྟེ་དེ་ལྟར་ན་གྲགས་པ་ཆེན་པོ་མངོན་པར་འཕེལ་བར་འགྱུར་རོ། །དཔུང་པ་དང་སྙིང་ག་དང་ལྕེ་དང་སྤྱི་བོར་བསྟོད་པའོ་ཞེས་བྱ་བ་ལ་དང་པོའི་རྡོ་རྗེ་རང་གི་དཔུང་པར་བསྟོད་པའི་ཚུལ་བྱ་སྟེ་འདིས་སྟོབས་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་རོ། །དང་པོའི་ 61-1-112a རྡོ་རྗེ་རང་གི་སྙིང་གར་བསྟོད་པས་ཡེ་ཤེས་ཆེན་པོ་འགྲུབ་པའོ། །རང་གི་ལྕེར་བསྟོད་པས་ཆོས་འགྲུབ་པའོ། །དང་པོའི་རྡོ་རྗེ་སྤྱི་བོར་བསྟོད་པ་ལས་འགྲུབ་པར་འགྱུར་རོ། །ནམ་མཁའ་བསྐྱེད་པ་དང་། མཛུབ་མོ་དང་སྲིན་ལག་འབར་བ་དང་། སྙིང་གར་དགའ་བ་དང་། རང་གི་ལུས་ལ་བསྐོར་བ་ ཞེས་བྱ་བ་ལ་དང་པོའི་རྡོ་རྗེ་བཅིངས་ལ། དེའི་ནམ་མཁའ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་པོ་ཐམས་ཅད་བསྐྱེད་ནས་ལྟ་བའི་ཚུལ་བྱ་སྟེ་དེ་ལྟར་ན་དངོས་གྲུབ་ཐམས་ཅད་མཐོང་བར་འགྱུར་རོ། །དང་པོའི་མཛུབ་མོ་གཉིས་དང་སྲིན་ལག་གཉིས་ཀྱིས་འབར་བའི་ཚུལ་བྱ་སྟེ་དེ་ལྟར་ན་ཆོ་འཕྲུལ་ ཐམས་ཅད་མཐོང་བ་ཡིན་ནོ། །དང་པོའི་རྡོ་རྗེ་བཅིངས་ལ་རང་གི་སྙིང་གར་དགའ་བ་བསྐྱེད་པའི་ཚུལ་གྱིས་གཟུང་བར་བྱ་སྟེ་དེ་ལྟར་ན་རྨད་དུ་བྱུང་བ་ཐམས་ཅད་མཐོང་བ་ཡིན་ནོ། །དང་པོའི་རྡོ་རྗེ་བཅིངས་ལ་རང་གི་ལུས་ལ་བསྐོར་བར་བྱ་སྟེ་དེ་ལྟར་ན་རྣམ་པར་འཕྲུལ་པ་ཐམས་ཅད་མཐོང་བར་འགྱུར་ རོ། །ཐམས་ཅད་དུ་བསྐོར་ནས་དབང་པོ་ཀུན་ལ་གཞག་པར་བྱའོ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེ་བཅིངས་ལ་ཐམས་ཅད་དུ་བསྐོར་ནས་མིག་ལ་གཟུང་བར་བྱ་སྟེ་དེ་ལྟར་ན་བདེན་པ་ཐམས་ཅད་མཐོང་བར་འགྱུར་རོ། །དང་པོའི་རྡོ་རྗེ་ཐམས་ཅད་དུ་བསྐོར་ནས་རྣ་བ་གཉིས་ལ་གཟུང་བར་བྱ་སྟེ་དེ་ལྟར་ན་བདེན་ པ་ཐམས་ཅད་ཐོས་པ་ཡིན་ནོ། །དང་པོའི་རྡོ་རྗེ་བཅིངས་ལ་ཐམས་ཅད་དུ་བསྐོར་ནས་ལྕེ་ལ་གཟུང་བར་བྱ་སྟེ་དེ་ལྟར་ན་ཐམས་ཅད་སྨྲ་བའོ། །དང་པོའི་རྡོ་རྗེ་བཅིངས་ལ་ལུས་ཐམས་ཅད་ལ་གཟུང་བར་བྱ་སྟེ་དེ་ལྟར་ན་ལུས་ཀུན་གྱིས་འཁྱུད་པ་འགྲུབ་པར་འགྱུར་རོ། །དབུས་མའི་རྡོ་རྗེ་དབང་པོ་ཐམས་ ཅད་ལ་རེག་པའོ་ཞེས་བྱ་བ་ལ་དང་པོའི་རྡོ་རྗེ་དབུས་མའི་རྡོ་རྗེས་མིག་གཉིས་ལ་རེག་པས་བདེན་པ་ཐམས་ཅད་མཐོང་བའོ། །རྣ་བ་གཉིས་ལ་རེག་པས་ཐམས་ཅད་ཐོས་པའོ། །རང་གི་ལྕེ་ལ་རེག་པས་ཐམས་ཅད་སྨྲ་བའོ། །ལུས་ལ་རེག་པས་ན་ཚོད་གཞོན་པ་ཐོབ་པར་འགྱུར་རོ། །རང་གི་ལས་ བྱེད་པས་སོ་ཞེས་བྱ་བ་ལ་དང་པོའི་རྡོ་རྗེའི་དབུས་མའི་རྡོ་རྗེ་སྒྱུ་མ་ལྟ་བུའི་ཚུལ་བྱ་སྟེ་དེ་ལྟར་ན་སྒྱུ་མ་ཐམས་ཅད་མཐོང་བར་འགྱུར་རོ། །དེ་ཉིད་ཀྱིས་ངོ་མཚར་བར་མཐོང་བའི་ཚུལ་བྱ་སྟེ་དེ་ལྟར་ན་ངོ་མཚར་བ་ཐམས་ཅད་མཐོང་བའོ། །དེ་ཉིད་ཀྱིས་སོ་སོར་བསྟན་པ་མཐོང་བའི་ཚུལ་བྱ་སྟེ་དེ་ལྟར་སོ་སོར་ 61-1-112b བསྟན་པ་ཐམས་ཅད་མཐོང་བ་ཡིན་ནོ། །དབང་བསྐུར་བར་བཞག་ནས་དེ་བཞིན་དུ་དངོས་གྲུབ་བྱེད་པའོ་ཞེས་བྱ་བ་ལ་དང་པོའི་རྡོ་རྗེ་དབུས་མའི་རྡོ་རྗེ་མཛོད་སྤུའི་ཕྱོགས་སུ་གཏེར་སྟོན་པའི་ཚུལ་གྱིས་གཟུང་བར་བྱ་སྟེ་དེ་ལྟར་ན་གཏེར་ཐམས་ཅད་སྟོན་པར་འགྱུར་རོ། །གཏེར་ལ་སོགས་པ་དགུག་པའི་ཚུལ་གྱིས་ གཟུང་བར་བྱ་སྟེ་དེ་ལྟར་ན་ནོར་བུ་ཐམས་ཅད་འཕྲོག་པའོ། །རྒྱལ་སྲིད་ཐོབ་པའི་ཚུལ་གྱིས་གཟུང་བར་བྱ་སྟེ་དེ་ལྟར་ན་རྒྱལ་སྲིད་འཐོབ་པའོ། །སྐྱེ་བོའི་ཚོགས་ཐམས་ཅད་རང་ལ་རག་ལུས་པའི་བསམ་པས་གཟུང་བར་བྱས་ནས་གཞི་ཐམས་ཅད་ཉེ་བར་ལོངས་སྤྱོད་པར་འགྱུར་རོ། །ས་ལ་བཞག་ནས་ བྱའོ་ཞེས་བྱ་བ་ལ་དང་པོའི་རྡོ་རྗེ་དབུས་མའི་རྡོ་རྗེ་ལ་བཞག་ནས། དེ་ཡུལ་ཐམས་ཅད་སྤྲུལ་པའི་ཚུལ་བྱ་སྟེ། དེ་ལྟར་ན་ཡུལ་ཐམས་ཅད་སྤྲུལ་པ་ལ་ཉེ་བར་ལོངས་སྤྱོད་པར་འགྱུར་རོ། །སྐྱེ་བོ་སྤྲུལ་པའི་ཚུལ་བྱ་སྟེ་དེ་ལྟར་ན་འདོད་པའི་སྐྱེ་བོ་སྤྲུལ་པར་འགྱུར་རོ། །གྲོང་ཁྱེར་སྤྲུལ་པའི་ཚུལ་ བྱ་སྟེ་དེ་ལྟར་ན་གྲོང་ཁྱེར་སྤྲུལ་པའོ། །ནགས་ཚལ་དང་ཆུ་བོ་སྤྲུལ་པའི་ཚུལ་བྱ་སྟེ་དེ་ལྟར་ན་ནགས་ཚལ་དང་ཆུ་བོ་སྤྲུལ་པར་འགྱུར་རོ། །ཐམས་ཅད་དུ་བསྐོར་ནས་ཡིད་ཀྱིས་སྤྲུལ་པར་བྱའོ་ཞེས་བྱ་བ་ལ། དང་པོའི་རྡོ་རྗེ་དབུས་མའི་རྡོ་རྗེ་ཐམས་ཅད་དུ་བསྐོར་བར་བྱ་སྟེ་དེ་ལྟར་ན་མཆོག་ཏུ་གྱུར་པའི་ཡུལ་ སྤྲུལ་པར་བྱའོ། །རིན་པོ་ཆེ་སྤྲུལ་པའི་བསམ་པས་ཐམས་ཅད་དུ་བསྐོར་བར་བྱ་སྟེ་དེ་ལྟར་ན་ལྷའི་རིན་པོ་ཆེ་སྤྲུལ་པར་འགྱུར་རོ། །མཆོག་ཏུ་གྱུར་པའི་གྲོགས་པོ་དང་འཁོར་སྤྲུལ་པའི་བསམ་པས་ཐམས་ཅད་དུ་བསྐོར་བར་བྱ་སྟེ་དེ་ལྟར་ན་དེ་དག་སྤྲུལ་པར་འགྱུར་རོ། །ལྷའི་ཡུལ་ལ་སོགས་པ་ཇི་ ལྟར་སྤྲུལ་པ་ལ་ཡོངས་སུ་ལོངས་སྤྱོད་པའི་བསམ་པས་ཐམས་ཅད་དུ་བསྐོར་བར་བྱ་སྟེ། དེ་ལྟར་ན་ལྷའི་ཡུལ་ལ་སོགས་པ་ལ་ཡོངས་སུ་ལོངས་སྤྱོད་པར་འགྱུར་རོ། །བཙུམས་པ་མེད་པའི་ཁྲོ་ཞིང་འབར་ལ་གཡོ་བའི་ལྟ་བས་བལྟའོ་ཞེས་བྱ་བ་ལ་དང་པོའི་རྡོ་རྗེའི་དབུས་མའི་རྡོ་རྗེ་བཙུམས་པ་ མེད་པའི་ལྟ་བས་བལྟ་ཞིང་ཅི་འདོད་པའི་སྨིན་པའི་འབྲུ་སྐྱེད་པའི་ཚུལ་བྱ་སྟེ་དེ་ལྟར་ན་སྐད་ཅིག་མས་ས་འོག་ཐམས་ཅད་ནས་སྨིན་པའི་འབྲུ་ལ་སོགས་པ་སྐྱེ་བར་འགྱུར་རོ། །ཁྲོ་བོའི་ལྟ་བས་བལྟ་ཞིང་ཆུ་མེད་པའི་ཕྱོགས་སུ་ཆུ་སྐྱེ་ཚུལ་བྱ་སྟེ་དེ་ལྟར་ན་ཆུ་མེད་པའི་ཕྱོགས་སུ་ཆུའི་ཕུང་པོ་ཆེན་པོ་ 61-1-113a འབྱུང་བར་འགྱུར་རོ། །འབར་བའི་ལྟ་བས་བལྟ་ཞིང་སྣང་བ་ཆེན་པོ་སྐྱེད་པའི་ཚུལ་བྱ་སྟེ། དེ་ལྟར་ན་མུན་པར་སྣང་བ་ཆེན་པོ་ཡང་དག་པར་སྐྱེ་བར་འགྱུར་རོ། །གཡོ་བའི་ལྟ་བས་ཀླུ་ཐམས་ཅད་དབང་དུ་བྱེད་པར་འགྱུར་རོ། །བཟའ་བ་དང་བཏུང་བ་དང་རྐེད་པ་བསྐྱོད་པ་དང་། སྤྱི་ བོས་བཀའ་བསྒོ་བ་ཞེས་བྱ་བ་ལ་དང་པོའི་རྡོ་རྗེའི་དབུས་མའི་རྡོ་རྗེས་དངོས་པོ་ཐམས་ཅད་ཟ་བའི་ཚུལ་བསྟན་ཞིང་བཟའ་བར་བྱ་སྟེ་དེ་ལྟར་ན་བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་ཟ་བར་འགྱུར་རོ། །འཐུང་བའི་ཚུལ་བསྟན་ཞིང་བཟླ་བར་བྱ་སྟེ་དེ་ལྟར་ན་ཐམས་ཅད་འཐུང་བའོ། །རོལ་དུ་བཅུག་ ཚུལ་བྱས་ཤིང་རྐེད་པ་བསྐྱོད་ལ་བཟླ་བའི་ཚུལ་བྱ་སྟེ་དེ་ལྟར་ན་གནོད་སྦྱིན་མོ་ལ་སོགས་པ་རོལ་དུ་འཇུག་པའོ། །དབུས་མའི་རྡོ་རྗེ་དེ་ཉིད་ཀྱི་སྤྱི་བོས་བཀའ་བསྒོ་བའི་ཚུལ་བྱ་ཞིང་བཟླ་བར་བྱ་སྟེ། དེ་ལྟར་ན་ལས་ལ་ངེས་པར་སྦྱར་བར་འགྱུར་རོ། །ཐམས་ཅད་དུ་བསྐོར་ཞིང་ཐམས་ཅད་དུ་དྲན་ པས་སོ་ཞེས་བྱ་བ་ལ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ལས་ཀྱི་ཕྱག་རྒྱ་བཅིངས་ལ། གཡས་པའི་རྡོ་རྗེ་ཁུ་ཚུར་གྱི་དང་པོའི་རྡོ་རྗེ་བཟུང་སྟེ་དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་དྲན་པས་ཐམས་ཅད་དུ་བསྐོར་བར་བྱ་སྟེ། དེ་ལྟར་ན་དེ་བཞིན་གཤེགས་པ་ཐམས་ཅད་མཐོང་བར་འགྱུར་རོ། ། བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་རྗེས་སུ་དྲན་པས་བྱམས་པ་ལ་སོགས་པ་མཐོང་བའོ། །རྡོ་རྗེ་སེམས་དཔའ་ལ་སོགས་པའི་རྡོ་རྗེ་འཆང་ཐམས་ཅད་རྗེས་སུ་དྲན་པས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རྡོ་རྗེ་འཆང་ཐམས་ཅད་མཐོང་བ་ཡིན་ནོ། །དང་པོའི་རྡོ་རྗེ་ལ་སོགས་ པའི་ཕྱག་མཚན་ཐམས་ཅད་རྗེས་སུ་དྲན་པས་དང་པོའི་རྡོ་རྗེ་ལ་སོགས་པ་མཐོང་བར་འགྱུར་རོ། །མཐེའུ་ཆུང་དང་མཐེ་བོ་དང་དབུས་མའི་རྡོ་རྗེ་བཞི་སྙིང་གར་བྱའོ་ཞེས་བྱ་བ་ལ་དང་པོའི་རྡོ་རྗེ་བཅིངས་ལ་མཐེའུ་ཆུང་གཉིས་ཀྱི་རྩེ་མོ་དང་། མཐེ་བོང་གཉིས་ཀྱི་རྩེ་མོ་དབུས་མའི་རྩེ་མོ་དང་ཡང་དག་པར་སྦྱར་ བར་བྱས་ལ་སྙིང་གར་བཟུང་ཞིང་བདག་ཉིད་ཀྱི་ལུས་ལ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྤྲུལ་པ་མཐོང་བའི་བསམ་པས་བཟླ་བར་བྱ་སྟེ་དེ་ལྟར་ན་རྡོ་རྗེ་སེམས་དཔའ་ལ་སོགས་པ་སྤྲུལ་པ་འགྲུབ་པར་འགྱུར་རོ། །མི་སྣང་བའི་བསམ་པས་བཟླ་བར་བྱ་སྟེ་མི་སྣང་བར་འགྱུར་རོ། །ནམ་མཁར་འགྲོ་ 61-1-113b བའི་བསམ་པས་བསྒོམས་ན་ནམ་མཁར་འགྲོ་བར་འགྱུར་རོ། །ཤིན་ཏུ་ཕྲ་བ་དང་རགས་པ་དུ་མ་ལ་ཞུགས་པ་དང་མཐོང་བ་བསྒོམས་པས་དེར་ཞུགས་པ་དང་མཐོང་བར་འགྱུར་རོ། །མཛུབ་མོ་གཉིས་ཀྱི་ཡི་གེ་ཧཱུཾ་དང་བཅས་པར་དགུག་པར་བྱའོ་ཞེས་བྱ་བ་ལ་དང་པོའི་རྡོ་རྗེ་བཅིངས་ནས་མཛུབ་མོ་གཉིས་ཀྱི་སོར་མོ་ བསྒྲེངས་ནས་འོག་ཏུ་བཏུང་བར་བྱས་པའི་བསམ་པས། ཨ་ནུ་ར་ག་ཡ་མི་ཧཱུཾ་ཧཱུཾ་ཞེས་བྱ་བ་བརྗོད་ཅིང་སྡིགས་མཛུབ་བྱས་ཏེ་དེ་ལྟར་ན་འཇིག་རྟེན་གསུམ་གྱི་བདག་པོ་ཐམས་ཅད་འཇུག་པར་འགྱུར་རོ། །དབང་དུ་བྱ་བའི་ཚུལ་གྱིས་སྡིགས་མཛུབ་བྱས་ན་དབང་དུ་བྱེད་པ་ཡིན་ནོ། །བཅིང་བའི་ཚུལ་ གྱིས་སྡིགས་མཛུབ་བྱས་ན་བཅིང་བའོ། །ལས་ཐམས་ཅད་ལ་ངེས་པར་སྦྱོར་བའི་ཚུལ་གྱིས་སྡིགས་མཛུབ་བྱས་ཏེ་དེ་ལྟར་ན་འཇིག་རྟེན་གྱི་བདག་པོ་ཐམས་ཅད་ལས་ཐམས་ཅད་ལ་ངེས་པར་སྦྱར་བར་འགྱུར་བ་ཡིན་ནོ། །དབུས་མའི་རྡོ་རྗེ་དཔྲལ་བར་འཕྲེད་ཀྱིས་མིག་བྱེད་པས་སོ་ཞེས་བྱ་བ་ལ། དང་པོའི་ རྡོ་རྗེ་དབུས་མའི་རྡོ་རྗེས་ལྷ་ཐམས་ཅད་གཞུག་པའི་བསྒོམ་པ་དཔྲལ་བར་འཕྲེད་དུ་མིག་གི་ཚུལ་དུ་བྱ་སྟེ་དེ་ལྟར་ན་ཐམས་ཅད་འཇུག་པའོ། །ལྷ་ཐམས་ཅད་འཆིང་བའི་བསམ་པས་ལྷ་ཐམས་ཅད་འཆིང་བའོ། །ལྷ་ཐམས་ཅད་དབང་དུ་བྱེད་པར་བསྒོམས་པས་དབང་དུ་བྱེད་པའོ། །ལྷ་ཐམས་ཅད་ལས་ ཐམས་ཅད་ལ་ངེས་པར་བསྒོམས་པས་ལྷ་ཐམས་ཅད་ལས་ཐམས་ཅད་ལ་ངེས་པར་སྦྱོར་བར་འགྱུར་བ་ཡིན་ནོ། །རང་གི་སྙིང་གར་བཅིངས་ལ་གཡོ་བ་མེད་ཅིང་མ་བཙུམས་པའི་ལྟ་བས་ས་འོག་ཏུ་བལྟ་ཞིང་ཧ་ཧཱུཾ་ཧོ་དྷི་ཞེས་བྱ་བ་བརྗོད་པར་བྱའོ་ཞེས་བྱ་བ་ལ་དང་པོའི་རྡོ་རྗེ་རང་གི་སྙིང་གར་བཅིངས་ལ་ གཡོ་བ་མེད་ཅིང་མ་བཙུམས་པའི་ལྟ་བས་ས་འོག་ཏུ་བལྟ་ཞིང་། ཨ་ནུ་ར་ག་ཡ་མི་ཧཱུཾ་ཧ་ཞེས་བྱ་བ་བརྗོད་པར་བྱ་སྟེ། དེ་ལྟར་ན་ཀླུ་ཐམས་ཅད་གནོན་པའོ། །བཀུག་པའི་ཀླུ་ཐམས་ཅད་ལ་བལྟ་ཞིང་། ཨ་ནུ་ར་ག་ཡ་མི་ཧཱུཾ་ཧཱུཾ་ཞེས་བཟླ་བར་བྱ་སྟེ་དེ་ལྟར་ཀླུ་ཐམས་ཅད་འདུལ་བའོ། །ཨ་ནུ་ར་ག་ ཡ་མི་ཧཱུཾ་ཧོ་ཞེས་བྱ་བ་བཟླ་བར་བྱས་ན་ཀླུ་ཐམས་ཅད་དབང་དུ་བྱེད་པའོ། །ལས་ཐམས་ཅད་ལ་ངེས་པར་སྦྱོར་བའི་བསམ་པས་དེ་བཞིན་དུ་བལྟ་ཞིང་ཨ་ནུ་ར་ག་ཡ་མི་ཧཱུཾ་ཧི་ཞེས་བྱ་བ་བཟླ་བར་བྱ་སྟེ། དེ་ལྟར་ན་ཀླུ་ཐམས་ཅད་ངེས་པར་སྦྱོར་བར་འགྱུར་རོ། །གནོད་སྦྱིན་ལ་སོགས་པའི་གདོང་པ་བྲིས་ 61-1-114a ནས་རྡོ་རྗེས་དགུག་པར་བྱའོ་ཞེས་བྱ་བ་ལ་གནོད་སྦྱིན་ལ་སོགས་པའི་གདོང་པ་བྲིས་ནས་དང་པོའི་རྡོ་རྗེ་བཅིངས་ཏེ། གནོད་སྦྱིན་ལ་སོགས་པའི་གདོང་པ་དང་པོའི་རྡོ་རྗེའི་དབུས་མའི་རྡོ་རྗེས་གཡོ་ཞིང་བཙུམས་པའི་ལྟ་བས་དགུག་པའི་ཚུལ་གྱིས་བལྟ་ཞིང་གཟུང་བར་བྱ་སྟེ། དེ་ལྟར་ན་ གནོད་སྦྱིན་ཐམས་ཅད་ལ་སོགས་པ་དགུག་པར་འགྱུར་རོ། །དབང་དུ་བྱེད་པའི་ཚུལ་གྱིས་གཟུང་བར་བྱ་སྟེ་དེ་ལྟར་ན་དབང་དུ་བྱེད་པའོ། །བཅིང་བའི་ཚུལ་གྱིས་གཟུང་བར་བྱ་སྟེ་དེ་ལྟར་བཅིང་བའོ། །ལས་ཐམས་ཅད་ལ་ངེས་པར་སྦྱོར་བའི་ཚུལ་གྱིས་གཟུང་བར་བྱ་སྟེ་དེ་ལྟར་ན་གནོད་སྦྱིན་ལ་སོགས་པ་ ལས་ཐམས་ཅད་ལངས་པར་སྦྱོར་བར་འགྱུར་རོ། །འོག་གི་ཕྱོགས་སུ་བཞག་ནས་བརྟག་པར་འགྱུར་རོ་ཞེས་བྱ་བ་ལ་དང་པོའི་རྡོ་རྗེ་དབུས་མའི་རྡོ་རྗེ་ས་ལ་བཞག་ནས་ཨ་ནུ་ར་ག་ཡ་མི་ཧཱུཾ་ཞེས་བྱ་བ་བཟླ་བར་བྱ་སྟེ། དེ་ལྟར་ན་དཀྱིལ་འཁོར་སྤྲུལ་པར་འགྱུར་རོ། །རང་གི་ཁ་ལ་བཞག་ནས་བཟླ་བར་བྱ་ སྟེ་དེ་ལྟར་ན་དཀྱིལ་འཁོར་དུ་ཞུགས་པར་འགྱུར་རོ། །དང་པོའི་རྡོ་རྗེ་དབུས་མའི་རྡོ་རྗེ་ལ་ཕྱག་བྱས་ན་དཀྱིལ་འཁོར་མཐོང་བར་འགྱུར་རོ། །རང་གི་སྙིང་གར་བཞག་ན་དཀྱིལ་འཁོར་གྲུབ་པར་འགྱུར་རོ། །ཅིག་ཅར་དུ་སོར་མོ་ཐམས་ཅད་དྲལ་བ་ནི་ཡིད་ཀྱི་ལས་སོ་ཞེས་བྱ་བ་ལ་དང་པོའི་རྡོ་རྗེ་ བཅིངས་ཏེ་བསྡམས་པ་དྲལ་བའི་ཚུལ་གྱིས་མྱུར་དུ་རང་གི་སྙིང་གར་དྲལ་བར་བྱ་སྟེ་དེ་ལྟར་ན་ཕྱག་རྒྱ་ཐམས་ཅད་དགུག་པ་དང་བཅིང་བ་དང་བརྟན་པར་བྱ་བ་དང་ཕྱག་རྒྱ་ཐམས་ཅད་དགུག་པར་འགྱུར་བ་ཡིན་ནོ། །དེ་ཡང་བསྒོམ་པའི་དབྱེ་བས་སོ། །བཅིངས་ནས་ཛཿཧཱུཾ་བཾ་ཧོཿ། ཞེས་བྱ་བ་ དང་པོའི་རྡོ་རྗེ་བཅིངས་ནས། ཡི་གེ་ཛཿས་སེམས་ཅན་ཐམས་ཅད་ལ་སོགས་པའི་དམ་ཚིག་དགུག་པའོ། །ཡི་གེ་ཧཱུཾ་གིས་གཞུག་པའོ། །ཡི་གེ་བཾ་གྱིས་བཅིང་བའོ། །ཡི་གེ་ཧོཿས་དབང་དུ་བྱེད་པའོ། །དབུས་མའི་ཕྱི་རོལ་དུ་བཅིངས་པ་སྤྱི་བོ་དང་། སྙིང་ག་དང་། ཁ་དང་ཕྱོགས་ཐམས་ ཅད་དུ་བསྐོར་བའོ་ཞེས་བྱ་བ་ལ་དང་པོའི་རྡོ་རྗེ་དབུས་མའི་རྡོ་རྗེའི་ཕྱིར་བྱས་ནས་སྤྱི་བོར་གཟུང་བར་བྱ་སྟེ་དེ་ལྟར་ན་ལས་ཐམས་ཅད་སྒྲུབ་པའོ། །རང་གི་སྙིང་གར་གཟུང་བར་བྱ་སྟེ་དེ་ལྟར་ན་ལས་ཐམས་ཅད་འཇིག་པར་མི་འགྱུར་རོ། །རང་གི་ཁ་ལ་གཟུང་བར་བྱ་སྟེ་དེ་ལྟར་ན་ཐམས་ཅད་བརྟན་པར་ 61-1-114b འགྱུར་རོ། །ཕྱོགས་ཐམས་ཅད་ལ་བསྐོར་བར་བྱ་སྟེ་དེ་ལྟར་ན་སྙན་པ་ཆེན་པོ་རབ་ཏུ་གསལ་བར་འགྱུར་བ་ཡིན་ནོ། །སྙིང་གར་བཞག་ནས་རང་གི་བདག་ཉིད་རྡོ་རྗེ་བསྒོམ་པའོ་ཞེས་བྱ་བ་ལ་དང་པོའི་རྡོ་རྗེ་བཅིངས་ནས་རང་གི་སྙིང་གར་བཞག་ལ་བདག་ཉིད་རྡོ་རྗེ་རྩེ་ལྔ་པའི་གཟུགས་སུ་བསྒོམ་པར་བྱ་ སྟེ། དེ་ལྟར་ན་རྡོ་རྗེ་ཐམས་ཅད་དགུག་པ་དང་། གཞུག་པ་དང་བཅིང་བ་དང་དབང་དུ་བྱེད་པའོ། །རང་ཉིད་བྱང་ཆུབ་སེམས་དཔར་བསྒོམ་པར་བྱ་ཞེས་བྱ་བ་ལ་དང་པོའི་རྡོ་རྗེ་བཅིངས་ནས་རང་གི་སྙིང་གར་བཞག་ལ་རྡོ་རྗེ་སེམས་དཔའ་དང་། ཡིད་ལས་བྱུང་བ་ལ་སོགས་པའི་རང་གི་བྱང་ཆུབ་སེམས་དཔའི་ གཟུགས་སུ་བདག་ཉིད་བསྒོམ་པར་བྱ་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཐམས་ཅད་དགུག་པ་དང་། གཞུག་པ་དང་བཅིང་བ་དང་དབང་དུ་བྱེད་པའོ། །རང་དང་དེ་བཞིན་གཤེགས་པ་རྗེས་སུ་དྲན་པའོ་ཞེས་བྱ་བ་དང་པོའི་རྡོ་རྗེ་བཅིངས་ནས་རང་གི་སྙིང་གར་བཟུང་ཞིང་རྣམ་པར་སྣང་མཛད་ལ་ སོགས་པ་དེ་བཞིན་གཤེགས་པའི་གཟུགས་སུ་བདག་ཉིད་བསྒོམ་པར་བྱ་སྟེ། དེ་ལྟར་ན་དེ་བཞིན་གཤེགས་པ་ཐམས་ཅད་དགུག་པ་དང་། གཞུག་པ་དང་བཅིང་བ་དང་དབང་དུ་བྱེད་པའོ། །རང་རྡོ་རྗེ་འཆང་ཆེན་པོར་རྗེས་སུ་དྲན་པར་བྱའོ་ཞེས་བྱ་བ་ལ་དང་པོའི་རྡོ་རྗེས་བཅིངས་ནས་རང་གི་སྙིང་གར་གཟུང་ བར་བྱ་ཞིང་། བདག་ཉིད་རྡོ་རྗེ་འཆང་ཆེན་པོར་བསྒོམ་པར་བྱ་སྟེ། དེ་ལྟར་ན་རྡོ་རྗེ་ཆེན་པོ་དགུག་པ་དང་། གཞུག་པ་དང་བཅིང་བ་དང་དབང་དུ་བྱེད་པར་འགྱུར་བ་ཡིན་ནོ། །དེ་ལྟར་ཕྱག་རྒྱ་བཞིའི་ཕྲེང་བའི་སྦྱོར་བས་ལས་བརྒྱ་སྒྲུབ་པར་བྱེད་པའི་ཕྱག་རྒྱ་རྣམས་ཀྱི་མཚན་ཉིད་བསྟན་ནས། ད་ནི་གར་ལས་ བྱུང་བའི་ལས་གཞན་བརྒྱ་པོ་སྒྲུབ་པར་བྱེད་པའི་ཕྱག་རྒྱ་རྣམས་ཀྱི་ཕྱག་རྒྱ་ལྔའི་ཕྲེང་བའི་སྦྱོར་བའི་མཚན་ཉིད་བསྟན་པར་བྱ་བའི་ཕྱིར། དེ་ནས་ལས་ཀྱི་ཚོགས་ཐམས་ཅད་སྒྲུབ་པར་བྱེད་པའི་ཕྱག་རྒྱའི་རྒྱུད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཀྱི་སྒྲ་ནི་སྐབས་སུ་བབ་པ་ལའོ། །ལས་ཀྱང་ ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་ལས་ཐམས་ཅད་དེ་ཐམས་ཅད་ཤིན་ཏུ་བསྲུང་བ་ལ་སོགས་པའོ། །དེ་རྣམས་ཀྱི་ཆོ་ག་ནི་རྒྱུད་ཡིན་ནོ། །དེ་སྒྲུབ་པ་ནི་རྫོགས་པ་སྟེ། དེའི་དོན་ཕྱག་རྒྱ་རྣམས་ཏེ་དེ་དག་གི་རྒྱུད་ནི་དེ་སྟོན་པར་བྱེད་པའི་སྒྲའི་ཚོགས་སོ། །རྡོ་རྗེ་གར་ནི་བཤད་ཟིན་ཏོ། །དེ་ལས་བྱུང་བའི་ 61-1-115a ཕྱག་རྒྱ་ནི་དེ་མ་ཐག་ཏུ་འོག་ནས་འཆད་པར་འགྱུར་བའོ། །དེ་ཡང་ཐམས་ཅད་ཤིན་ཏུ་བསྲུངས་པ་ལ་སོགས་པ་རྫོགས་པས་འབྲས་བུ་མེད་པ་མ་ཡིན་ཏེ་ཉིད་ཀྱི་ཕྱིར་དོན་ཡོད་པའོ། །དགག་པར་མི་ནུས་པ་ཉིད་ཀྱི་ཕྱིར་ཐོགས་པ་མེད་པའོ། །ངག་གིས་དགག་པར་ནུས་ཤེ་ན་བདག་རྡོ་རྗེ་ འཆང་ཆེན་པོ་དང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་ངོ་ཞེས་བྱ་བའོ། །རྡོ་རྗེ་མཆོག་གི་གཙུག་ཏོར་ཞེས་བྱ་བ་ལ་ཐམས་ཅད་ཤིན་ཏུ་བསྲུངས་པ་ལ་སོགས་པའི་ལས་ལྔ་པོ་སྒྲུབ་པར་བྱེད་པ་གང་ཞིག་སྔར་བཤད་པའི་རྡོ་རྗེ་གར་གྱི་རྡོ་རྗེ་སེམས་དཔའི་གཙུག་ཏོར་ཞེས་བྱ་བ་དེ་ཉིད་འདིར་རྡོ་རྗེ་སྐུ་ མཆོག་གི་གཙུག་ཏོར་ཏེ་ལས་ལྔ་སྒྲུབ་པར་བྱེད་པ་འདིར་གཟུང་བར་བྱའོ། །འདི་ཡང་མཚན་ཉིད་འོག་ནས་འཆད་པར་འགྱུར་བ་ཡིན་ནོ། །ལས་ཞེས་བྱ་བ་ནི་རྡོ་རྗེ་སྐུ་མཆོག་གཙུག་ཏོར་དེ་ཉིད་ཀྱི་ལས་ནི་འདི་ཡིན་ནོ་ཞེས་བྱ་བ་ཚིག་གི་ལྷག་མའོ། །དེ་ཇི་ལྟ་བུ་ཡིན་ཞེ་ན། རྡོ་རྗེ་བསྡམས་པ་མནན་པ་དང་། དབུས་མའི་ནོར་བུ་དང་། བསྐོར་བ་དང་སོར་མོ་ཐམས་ཅད་ཀྱི་རྡོ་རྗེ་དང་། སོར་མོ་ལྷག་མའི་འོད་ཟེར་གྱི་འཁོར་ལོ་ཞེས་བྱ་བ་ལ་འདི་ལྟར་བཤད་པར་འགྱུར་ཏེ། རྡོ་རྗེ་ཐལ་མོའི་མཛུབ་མོ་གཉིས་ཡང་དག་པར་སྦྱར་ཞིང་རྩེ་མོ་བྱས་པ་མཐེ་བོང་གཡོན་པའི་སྟེང་དུ་མཐེ་བོང་གཡས་པ་སེམས་དཔའི་ སྐྱིལ་ཀྲུང་གི་ཚུལ་གྱིས་གཟུང་བར་བྱ་སྟེ་རྡོ་རྗེ་སྐུ་མཆོག་གོ། །འདི་གཙུག་ཏོར་དུ་བཞག་ནས་མནན་པར་བྱ་སྟེ་དེ་ལྟར་ན་ཐམས་ཅད་ཤིན་ཏུ་བསྲུངས་པར་འགྱུར་རོ། །ཕྱག་རྒྱ་འདི་ཉིད་ཀྱི་དབུས་མའི་སོར་མོ་གཉིས་ཀྱི་སྟེང་དུ་བཀུག་པའི་ནོར་བུ་བྱས་ཏེ། དེ་ལྟར་ན་ཐམས་ཅད་ཡོངས་སུ་སྐྱོང་བ་ཡིན་ནོ། ། གཙུག་ཏོར་གྱི་ཕྱག་རྒྱ་དེ་ཉིད་ཐམས་ཅད་དུ་བསྐོར་བར་བྱ་སྟེ། དེ་ལྟར་ན་ཞི་བ་གྲུབ་པར་འགྱུར་རོ། །གཙུག་ཏོར་གྱི་ཕྱག་རྒྱ་ཉིད་ཀྱི་མཐེ་བོང་གཉིས་ཀྱི་རྩེ་མོ་དང་མཛུབ་མོ་གཉིས་ཀྱི་རྩེ་མོ་དང་དབུས་མ་གཉིས་ཀྱི་རྩེ་མོ་དང་སྲིན་ལག་གཉིས་ཀྱི་རྩེ་མོ་དང་མཐེའུ་ཆུང་གཉིས་ཀྱི་རྩེ་མོ་བྱས་ཏེ། དེ་ལྟར་ ན་སོར་མོ་ཐམས་ཅད་ཀྱི་རྡོ་རྗེར་འགྱུར་ཏེ། འདིས་དགེ་ཞིང་བཀྲ་ཤིས་པར་འགྱུར་རོ། །གཙུག་ཏོར་གྱི་ཕྱག་རྒྱ་དེ་ཉིད་བཅིངས་ལ་སྲིན་ལག་དང་མཐེའུ་ཆུང་དག་གིས་ཁ་ཕྱེ་བའི་རྡོ་རྗེ་ཐལ་མོ་བཅིངས་པས་འོད་ཀྱི་འཁོར་ལོ་བྱ་སྟེ་འདིས་ཚེ་འཕེལ་བར་འགྱུར་རོ། །ཁྲོ་བོའི་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ 61-1-115b ཕྱོགས་ཀྱི་འཁོར་ལོ་བསྐོར་ཞིང་བསྐོར་བའོ་ཞེས་བྱ་བ་ལ། དཀྱིལ་འཁོར་བཅིང་བའི་ཚུལ་གྱིས་ཁྲོ་བོའི་ཁུ་ཚུར་གཉིས་བསྐོར་ཞིང་བསྐོར་བར་བྱ་སྟེ་དེ་ལྟར་ན་དཀྱིལ་འཁོར་བཅིང་བར་འགྱུར་རོ། །ཁར་བསྐོར་ཞེས་བྱ་བ་ནི་ཁྲོ་བོའི་ཁུ་ཚུར་གཉིས་པོ་དེ་ཉིད་མཚམས་བཅིང་བའི་ཚུལ་གྱིས་རང་གི་ཁར་བསྐོར་ བར་བྱ་སྟེ་དེ་ལྟར་ན་མཚམས་བཅིང་བར་འགྱུར་རོ། །སྙིང་གར་ཕབ་ཅིང་འབར་བར་བྱེད་པ་ཞེས་བྱ་བ་ནི་ཁྲོ་བོའི་ཁུ་ཚུར་གཉིས་བཅིངས་ཏེ་རང་གི་སྙིང་གར་བཞག་ནས་དེས་དབབ་པར་བྱ་ལ་རང་གི་སྙིང་ག་ལས་རྡོ་རྗེ་འབར་བ་སྤྲོས་ཏེ་ཕྱོགས་བཅིང་བར་བྱ་སྟེ་དེ་ལྟར་ན་ཕྱོགས་ཐམས་ཅད་དུ་རྡོ་རྗེའི་མེ་འབར་བའི་ ར་བ་འབྱུང་བར་འགྱུར་ཏེ། ཁྲོ་བོ་ཆེན་པོ་འབར་བའི་རྡོ་རྗེ་བདག་ཉིད་ཀྱིས་ཀྱང་འཇུག་པར་མི་ནུས་སོ་ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་འཆང་གིས་གསུངས་སོ། །དམ་ཚིག་བརྗོད་པར་བྱའོ་ཞེས་བྱ་བ་ནི། ཁྲོ་བོའི་ཁུ་ཚུར་གཉིས་པོ་དེ་ཉིད་བཅིང་སྟེ་ཨ་ནུ་རཱ་ག་ཡ་མི་ཧཱུཾ་བཾ་ཞེས་བྱ་བ་བརྗོད་ཅིང་རྡོ་རྗེ་སེམས་ དཔའ་ལ་སོགས་པ་རྣམས་དམ་ཚིག་ལ་རབ་ཏུ་གཞག་པར་བྱའོ། །གྲུབ་པ་ལ་བཾ་ཞེས་བྱ་བ་ནི་ཁྲོ་བོའི་ཁུ་ཚུར་གཉིས་པོ་དེ་ཉིད་བཅིངས་ལ་ཨ་ནུ་ར་ག་ཡ་མི་ཧཱུཾ་བཾ་ཞེས་བྱ་བ་བཟླ་བར་བྱ་སྟེ། དེ་ལྟར་ན་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་གྲུབ་ཐོབ་པར་འགྱུར་རོ། །སེམས་དཔའ་རྡོ་རྗེ་ལྟ་བ་འཕྲོག་པ་ རྣམས་ཀྱིས་གསུམ་དང་བཞི་དང་ཕྱིར་མི་ལྡོག་པ་དང་རྟག་ཏུ་འབྱུང་བ་དང་། དཔག་ཏུ་མེད་པ་ནི་བསྐོར་ཞིང་བཙུམས་པ་མེད་པའི་མིག་གིས་རབ་ཏུ་ཞི་བའོ་ཞེས་བྱ་བ་ལ། རྡོ་རྗེ་བསྡམས་པའི་དབུས་མ་བསླང་བ་མཉམ་པའི་ལྕགས་ཀྱུ་ནི་སེམས་དཔའ་རྡོ་རྗེ་མ་སྟེ། འདིས་རིམས་ཀྱིས་བཟང་བ་བྱམས་པའི་ ལྟ་བ་དག་གིས་བྱབ་པར་བྱ་སྟེ་དེ་ལྟར་ཉིན་ཞག་གསུམ་པ་དང་བཞི་པ་དང་སླར་ཡང་ཕྱིར་མི་ལྡོག་པ་དང་། རྟག་ཏུ་འབྱུང་བའི་རིམས་འཇིག་པར་འགྱུར་རོ། །ཁྱབ་འཇུག་གི་རིམས་ནི་དཔག་ཏུ་མེད་པ་བསྐོར་བས་ལྡོག་པར་འགྱུར་རོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་མཐེའུ་ཆུང་ལྕགས་ཀྱུའི་མདུད་པ་དང་། མཛུབ་མོ་གཉིས་མཉམ་པ་ཞེས་བྱ་བ་ལ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་ལྕགས་ཀྱུའི་རྣམ་པ་ཅན་གྱི་མཐེའུ་ཆུང་གཉིས་ཕན་ཚུན་བཅིངས་པས་གདུ་བུར་བྱས་ལ་མཛུབ་མོ་གཉིས་ཡང་དག་པར་སྦྱར་ནས་དེ་ལྟར་ན་ལས་ཞེས་བྱ་བ་ནི་ལས་ཀྱི་ཕྱག་རྒྱའོ། །ཇི་ལྟར་ཞེ་ན་སྙིང་གར་རབ་ཏུ་གཞག་པ་ 61-1-116a ཞེས་བྱ་བ་ནི་རང་དང་གཞན་གྱི་སྙིང་གའི་ཕྱོགས་སུ་བཟུང་བས་ཡིད་མི་བདེ་བའི་ལས་ཐམས་ཅད་འཇིག་པར་བྱེད་པ་ཡིན་ནོ། །བྱབ་པ་ཞེས་བྱ་བ་ནི་ཕྱག་རྒྱ་འདི་ཉིད་ཀྱིས་བསྒྲུབ་བྱ་ལ་བྱབ་པ་སྟེ་དེ་ལྟར་ན་ཐམས་ཅད་འཇིག་པར་འགྱུར་རོ། །མཛུབ་མོའི་རྩེ་མོ་མནན་པར་བྱའོ་ཞེས་བྱ་བ་ལ་ཕྱག་རྒྱ་འདི་ཉིད་ ཀྱིས་མཛུབ་མོ་གཉིས་ཀྱི་རྩེ་མོས་ནད་པ་ལ་མནན་པར་བྱ་སྟེ་དེ་ལྟར་ན་ནད་འཇིག་པར་འགྱུར་རོ། །དགོད་པས་རབ་ཏུ་བཞག་པ་ཞེས་བྱ་བ་ནི་ཕྱག་རྒྱ་དེ་ཉིད་དགོད་པའི་ཚུལ་གྱིས་ཁ་ལ་གཟུང་བར་བྱ་སྟེ། དེ་ལྟར་ན་མྱ་ངན་ཐམས་ཅད་འཇིག་པའོ། །ཡོངས་སུ་བསྐོར་བས་དེ་བཞིན་དུ་མཛོད་སྤུར་གཞག་པར་བྱའོ་ཞེས་ བྱ་བ་ནི་ཕྱག་རྒྱ་དེ་ཉིད་བཅིངས་ཏེ་ཡོངས་སུ་བསྐོར་ལ་མཛོད་སྤུར་གཟུང་བར་བྱ་སྟེ་དེ་ལྟར་ན་སྡུག་བསྔལ་ཐམས་ཅད་འཇིག་པར་འགྱུར་རོ། །ཁ་ཊྭཱཾ་ག་གཉིས་ཀྱི་རྡོ་རྗེ་བཅིང་བ་ཞེས་བྱ་བ་ལ་ལག་པ་གཉིས་ཀྱིས་ཁ་ཊྭཱཾ་ག་གཉིས་བཅིངས་པ་ནི་ཁ་ཊྭཱཾ་ག་གཉིས་ཀྱི་རྡོ་རྗེ་བཅིང་བ་ཞེས་བྱ་སྟེ། དེས་དགའ་བའི་ ཚུལ་དུ་མཐེའུ་ཆུང་གཉིས་ཀྱིས་ལེགས་པར་བྱེད་པ་སྦྱིན་པའི་ཚུལ་བྱ་སྟེ་དེ་ལྟར་ན་དུག་དང་སྦྱར་དུག་ཐམས་ཅད་འབར་བར་འགྱུར་རོ། །མཐེའུ་ཆུང་གཉིས་པོ་དེ་ཉིད་ཀྱིས་ཀུན་ནས་བསྡུ་བའི་ཚུལ་བྱ་སྟེ་དེ་ལྟར་ན་དུག་དང་སྦྱར་བའི་དུག་ཐམས་ཅད་འབེབས་པར་འགྱུར་རོ། །དེ་ལྟར་ན་དུག་དང་སྦྱར་བའི་ དུག་ཐམས་ཅད་འཆིང་བའོ། །ཁ་ཊྭཱཾ་ག་གཉིས་ཀྱིས་ཐལ་མོ་བྱས་ཏེ་དུག་དང་སྦྱར་བའི་དུག་ཐམས་ཅད་འཕྲོག་པའི་ཚུལ་དུ་བྱ་སྟེ་དེ་ལྟར་ན་དུག་ཐམས་ཅད་ཟ་བའོ། །ཁ་ཊྭཱཾ་ག་གཉིས་ཀྱིས་ཐལ་མོ་བྱ་སྟེ་སྤྲོ་བའི་ཚུལ་དུ་བྱ་སྟེ། དེ་ལྟར་ན་དུག་ཐམས་ཅད་བདུད་རྩིར་བྱེད་པར་འགྱུར་རོ། །རྡོ་རྗེ་བསྡམས་ པའི་མཛུབ་མོ་གཉིས་བཀུག་ཅིང་བསྡམས་ལ་ནང་དུ་བཞག་སྟེ་མཐེ་བོང་གཉིས་ཁ་འབྱེད་པའི་མཆེ་བ་ནི་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱའོ་ཞེས་བྱ་བ་ལ། རྡོ་རྗེ་བསྡམས་པ་བཅིངས་ནས་མཛུབ་མོ་གཉིས་བཀུག་ཅིང་ནང་དུ་བཅུག་སྟེ་མཐེ་བོང་གཉིས་ཁ་བྱེ་བར་བྱས་ལ་མཆེ་བའི་ཚུལ་གྱིས་རང་གི་ཁར་ གཟུང་བར་བྱ་སྟེ་འདི་ནི་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱའོ། །དེས་མཐིལ་ཕྲ་མོར་བརྡབ་པ་ཞེས་བྱ་བ་ལ་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་དེས་ལག་པའི་མཐིལ་གཉིས་ཅུང་ཟད་བརྡབ་པར་བྱ་སྟེ་དེ་ལྟར་ན་གདོན་ཐམས་ཅད་འབེབས་པར་འགྱུར་རོ། །མཛུབ་མོའི་སེན་མོ་བཏུང་བའོ་ཞེས་བྱ་བ་ལ་རྡོ་རྗེ་གནོད་ 61-1-116b སྦྱིན་གྱི་ཕྱག་རྒྱའི་མཛུབ་མོ་གཉིས་ཀྱི་སེན་མོ་ཕན་ཚུན་དུ་བདར་བར་བྱ་སྟེ། དེ་ལྟར་ན་གདོན་ཐམས་ཅད་འཆིང་བའོ། །དབུས་མའི་རྡོ་རྗེ་བསྟན་པའོ་ཞེས་བྱ་བ་ལ་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱའི་དབུས་མ་གཉིས་ཀྱི་རྩེ་མོ་བྱས་ལ་བསྟན་པར་བྱ་སྟེ་དེ་ལྟར་གདོན་ཐམས་ཅད་ཀྱི་དམ་ཚིག་གཟུང་བའོ། །བྱབས་ནས་ མྱུར་དུ་ཕྱག་རྒྱ་བཀྲོལ་བའོ་ཞེས་བྱ་བ་ལ་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱས་གདོན་གྱིས་བཟུང་བ་ལ་བྱབས་ལ་ཕྱག་རྒྱ་དེ་ཤིན་ཏུ་མྱུར་བར་དགྲོལ་བར་བྱ་སྟེ་དེ་ལྟར་ན་གདོན་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །སོར་མོ་སྦྱར་བས་རྡོ་རྗེ་གཙུག་ཏོར་ཏོ་ཞེས་བྱ་བ་ལ་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱའི་མཛུབ་མོ་ མཐེ་བོའི་རྩེ་མོ་རྣམས་ཡང་དག་པར་སྦྱར་བར་བྱས་ལ་ཕྱག་རྒྱ་དེ་བསྒྲུབ་བྱའི་གཙུག་ཏོར་གྱི་ཕྱོགས་སུ་གཟུང་བར་བྱ་སྟེ་དེ་ལྟར་ན་གདོན་ཐམས་ཅད་ཀྱིས་བཟུང་བ་རྣམས་བསྲུང་བར་འགྱུར་རོ། །བ་དན་གསུམ་པ་གཉིས་གྱེན་དུ་ཁ་བལྟ་བ་དང་། འོག་ཏུ་ཁ་བལྟ་བ་དང་དབུས་མའི་མདུད་པ་བྱས་ལ་ མཛུབ་མོ་དང་དབུས་མའི་རྩེ་མོ་དེ་དག་འདུས་པའོ་ཞེས་བྱ་བ་ལ་བ་དན་གསུམ་པ་གཉིས་གྱེན་དུ་ཁ་བལྟ་བར་བྱས་ནས་དེའི་འོག་ཏུ་དེ་ཉིད་ཀྱི་ཁ་ཐུར་དུ་བསྟན་ལ་མཛུབ་མོ་གཉིས་དང་དབུས་མ་གཉིས་ཀྱིས་མདུད་པ་བཅིངས་ལ་མཛུབ་མོའི་རྩེ་མོ་དག་དང་དབུས་མའི་རྩེ་མོ་འདུས་པར་བྱའོ། །རྡོ་རྗེ་ཧཱུཾ་ མཛད་ཀྱི་ལས་སོ་ཞེས་བྱ་བ་ལ། ཨ་ནུ་ར་ག་ཡ་མི་ཧཱུཾ་ཧཱུཾ་ཞེས་བྱ་བ་དང་བཅས་པའི་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་འདིའི་ལས་ནི་འདི་ཡིན་ཏེ་མདུད་པ་མནོན་པའོ་ཞེས་བྱ་བ་ལ་ཕྱག་རྒྱ་འདི་བཅིང་བ་མནན་པར་བྱ་སྟེ་དེ་ལྟར་ན་ཐམས་ཅད་བཅིང་བའོ། །ཅིག་ཅར་དུ་ཕྱག་རྒྱ་བཀྲོལ་བའོ་ཞེས་བྱ་བ་ལ་ཕྱག་ རྒྱ་དེ་ཉིད་ཅིག་ཅར་དུ་དགྲོལ་བར་བྱ་སྟེ་དེ་ལྟར་ན་བཅིངས་པ་ཐམས་ཅད་དགྲོལ་བ་ཡིན་ནོ། །མནན་ནས་ཡང་དག་པར་དྲལ་བའོ་ཞེས་བྱ་བ་ལ་ཕྱག་རྒྱ་དེ་ཉིད་ཡང་དག་པར་མནན་ནས་དྲལ་བར་བྱ་སྟེ། དེ་ལྟར་ན་ཐམས་ཅད་དྲལ་བ་ཡིན་ནོ། །དབུས་མས་བསྣུན་ཏེ་ནམ་མཁའ་ལས་ལྟུང་བའི་ཚུལ་ ལོ་ཞེས་བྱ་བ་ལ་ཕྱག་རྒྱ་དེ་ཉིད་བཅིངས་ནས་དབུས་མ་གཉིས་ཀྱི་རྩེ་མོ་སྦྱར་ལ་རྩེ་མོ་དེས་ནམ་མཁའ་ལ་བརྡེག་པར་བྱ་སྟེ། དེའི་རྗེས་ལ་ནམ་མཁའ་ལས་ལྷ་ལ་སོགས་པ་ལྟུང་བའི་ཚུལ་བསྟན་པར་བྱ་སྟེ་དེ་ལྟར་ན་ཐམས་ཅད་ལྟུང་བའོ། །ལྡང་བའི་ཚུལ་ཡང་ངོ་བོ་ཞེས་བྱ་བ་ལ་ཕྱག་རྒྱ་དེ་ཉིད་ 61-1-117a དབུས་མ་གཉིས་སྔ་མ་བཞིན་དུ་བཅིངས་ནས་ཐམས་ཅད་ལྟུང་བ་བསླང་བའི་ཚུལ་བྱ་སྟེ་དེ་ལྟར་ན་ལྟུང་བ་ཐམས་ཅད་བསླང་བར་འགྱུར་རོ། །བ་དན་གསུམ་པ་མཉམ་པའི་མཐེའུ་ཆུང་དང་མཛུབ་མོའི་རྡོ་རྗེ་དབུས་མ་མདུད་པས་ཡོངས་སུ་བསྐོར་ལ་དབང་བསྐུར་བའི་གནས་སུ་ མཛུབ་མོ་གཞག་པའོ་ཞེས་བྱ་བ་ལ། བ་དན་གསུམ་པ་གཉིས་བཅིངས་ནས་དབུས་མའི་སོར་མོ་གཉིས་ཕན་ཚུན་དུ་མདུད་པ་བཅིངས་ཏེ་མཛུབ་མོ་གཉིས་དང་མཐེའུ་ཆུང་གཉིས་ཀྱི་རྩེ་མོ་གཉིས་སྦྱར་ཏེ་ཡོངས་སུ་བསྐོར་བའི་མཛུབ་མོ་གཉིས་ཀྱི་རྩེ་མོ་མཛོད་སྤུའི་ཕྱོགས་སུ་ཡོངས་སུ་གཟུང་བར་བྱའོ། །དེས་ཅིར་ འགྱུར་ཞེ་ན་ཡི་གེ་ཧཱུཾ་གིས་ཕྱེ་བའོ་ཞེས་བྱ་བ་ལ་ཕྱག་རྒྱ་འདིས་ཨ་ནུ་ར་ག་ཡ་མི་ཧཱུཾ་ཧཾ་ཞེས་བྱ་བ་བཟླས་ན་མཁའ་འགྲོ་མ་ཐམས་ཅད་ཀྱི་ཕྱག་རྒྱ་དབྱེ་བར་བྱས་པ་ཡིན་ནོ། །ཕྱག་རྒྱ་དེ་ཉིད་བཅིངས་ནས་ཨ་ནུ་རཱ་ག་ཡ་མི་ཧཱུཾ་མུཿཞེས་བྱ་བ་བཟླ་བར་བྱ་སྟེ། དེ་ལྟར་ན་མཁའ་འགྲོ་མ་ལ་སོགས་པའི་གདོན་ཐམས་ ཅད་ཡི་གེ་མུས་བཀྲོལ་བར་འགྱུར་རོ། །ཕྱག་རྒྱ་དེ་ཉིད་བཅིངས་ནས་ཨ་ནུ་ར་ག་ཡ་མི་ཧཱུཾ་ཨ་ཞེས་བྱ་བ་བཟླ་བར་བྱ་སྟེ་དེ་ལྟར་ན་ཡི་གེ་ཨས་ཤི་བ་སློང་བ་ཡིན་ནོ། །ཕྱག་རྒྱ་དེ་ཉིད་བཅིངས་ནས་ཨ་ནུ་རཱ་ག་ཡ་མི་ཧཱུཾ་ཧཱུཾ་ཞེས་བྱ་བ་བཟླ་བར་བྱ་སྟེ་དེ་ལྟར་ན་ཡི་གེ་ཧཱུཾ་གི་གླུ་བཟླས་པས་ཚེ་འཕེལ་བར་འགྱུར་ རོ། །ཕྱག་རྒྱ་དེ་ཉིད་བཅིངས་ནས་ཆོས་ཀྱི་ངག་གིས་ཨ་ནུ་ར་ག་ཡ་མི་ཧཱུཾ་ཧཾ་ཞེས་བྱ་བ་ལ་བཟླ་བར་བྱ་སྟེ་དེ་ལྟར་ན་ཡི་གེ་ཧཾ་གི་ཆོས་ཀྱི་ངག་རྣམས་ཀྱིས་ཤིན་ཏུ་བསྲུང་བར་གྱུར་རོ། །པདྨ་ཆེན་པོ་བཅིངས་ནས་ཇི་སྲིད་འདོད་པའི་བཟླས་པ་ཞེས་བྱ་བ་འོག་ནས་འཆད་པར་འགྱུར་བའི་རིག་པ་ རྣམས་ཀྱི་བཟླས་པས་སྒྲིབ་པ་ལ་སོགས་པ་ཐམས་ཅད་འཇིག་པར་འགྱུར་རོ། །དེ་ལས་ཁ་འབུས་པའི་རྡོ་རྗེ་མོའི་དབུས་མ་དང་མཐེ་བོང་དང་མཐེའུ་ཆུང་ཁ་ཕྱེ་བས་འདབ་མ་བཞི་སྟེ་པདྨ་ཆེན་པོའི་མཚན་ཉིད་དོ། །ཡང་ན་པདྨའི་ཁུ་ཚུར་གཡོན་པ་བསྙེམས་པས་མར་དང་ཏིལ་མར་དང་འབྲས་ ཁམས་ཀྱི་ཕྱེ་མའི་སྦྱིན་སྲེག་མཆོག་ཏུ་གྲུབ་པ་སྟེ་སྒྲིབ་པ་ཐམས་ཅད་ལ་སོགས་པ་འཇིག་པའི་སྦྱིན་སྲེག་གི་ཆོ་ག་བྱ་བ་ཡིན་ནོ། །དེ་ཡང་སྔར་བཤད་ཟིན་པས་འདིར་བཤད་པར་མི་བྱའོ། །ཁ་ཊྭཱཾ་ག་གཉིས་ཀྱི་རྡོ་རྗེ་བསྡམས་པ་ཞེས་བྱ་བ་ནི་ཁ་ཊྭཱཾ་ག་གཉིས་ཀྱི་རང་བཞིན་ཅན་གྱི་རྡོ་རྗེ་བསྡམས་ 61-1-117b པའི་ཕྱག་རྒྱ་བཅིངས་ནས་དགའ་བའི་ཚུལ་ཏེ་ལེགས་པར་བྱེད་པ་སྦྱིན་པའི་ཚུལ་གྱིས་མཛུབ་མོ་དང་མཐེ་བོང་དག་གི་སེན་མོ་ཕན་ཚུན་བྲུད་པར་བྱ་སྟེ། དེ་ཁ་ཊྭཱཾ་ག་གཉིས་ཀྱི་རང་བཞིན་ཅན་གྱི་རྡོ་རྗེ་བསྡམས་པ་བཅིངས་ནས་དགའ་བའི་ཚུལ་གྱིས་མཛུབ་མོ་དང་མཐེ་བོང་དག་གི་སེན་མོ་བྲུད་པས་ཐམས་ ཅད་འབེབས་པར་འགྱུར་རོ། །འོག་དང་སྟེང་དུ་རྡོ་རྗེ་བསྡམས་པ་བསྐྱོད་པའི་ཞེས་བྱ་བ་ལ་ཁ་ཊྭཱཾ་ག་གཉིས་ཀྱི་རང་བཞིན་ཅན་གྱི་རྡོ་རྗེ་བསྡམས་པ་འོག་དང་སྟེང་དུ་བསྐྱོད་པས་ཐམས་ཅད་གཡོ་བར་འགྱུར་རོ། །རྡོ་རྗེ་བསྡམས་པའི་མཐེའུ་ཆུང་ལ་སོགས་པ་བཀྲོལ་བས་གར་རོ་ཞེས་བྱ་བ་ལ། ཁ་ཊྭཱཾ་ག་ གཉིས་ཀྱི་རང་བཞིན་ཅན་གྱི་རྡོ་རྗེ་བསྡམས་པ་བཅིངས་ཏེ་མཐེའུ་ཆུང་ལ་སོགས་པ་བཀྲོལ་བའི་གར་བྱ་སྟེ། དེ་ལྟར་ན་གར་བྱེད་པར་འགྱུར་རོ། །རྡོ་རྗེ་བསྡམས་པའི་མཛུབ་མོའི་རྡོ་རྗེས་ངག་འབྱིན་པའོ་ཞེས་བྱ་བ་ལ་ཁ་ཊྭཱཾ་ག་གཉིས་ཀྱི་རང་བཞིན་ཅན་གྱི་རྡོ་རྗེ་བསྡམས་པ་བཅིངས་ནས། མཛུབ་མོ་གཉིས་ ཀྱི་རྩེ་མོ་ཡང་དག་པར་སྦྱར་ནས་ངག་འབྱིན་པའི་ཚུལ་གྱིས་ཁའི་ཕྱོགས་ལས་གྱེན་དུ་དྲང་བར་བྱ་སྟེ། དེ་ལྟར་ན་ཐམས་ཅད་བབ་པས་སེམས་ཅན་ཐམས་ཅད་སྨྲ་བར་འགྱུར་རོ། །བདེ་བ་ཆེན་པོའི་རྡོ་རྗེ་དོན་ཡོད་ཅེས་བྱ་བ་ལ་སོགས་པ་ལ་གསང་བའི་ལྕགས་ཀྱུ་མ་བཅིངས་ནས་དངོས་པོ་ཐམས་ ཅད་གཟུགས་བརྙན་གྱི་ཚུལ་དུ་བསྒོམས་པས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་པོ་ཐམས་ཅད་རང་ཉིད་ཀྱིས་མཐོང་བ་དང་གཞན་དག་ལ་སྟོན་པར་བྱེད་པ་ཡིན་ནོ། །སྒྲ་ཐམས་ཅད་སྒྲ་བརྙན་གྱི་ཚུལ་དུ་རང་ཉིད་ཀྱིས་མཉན་པ་དང་གཞན་དག་ཀྱང་ཉན་དུ་གཞུག་པ་ཡིན་ནོ། །རྡོ་རྗེ་ཁྲོ་བོའི་ཁུ་ ཚུར་གཉིས་བཅིངས་ལ་རྡོ་རྗེ་ལྟ་བའི་བལྟ་བས་སོ་ཞེས་བྱ་བ་ལ་ལྟ་བ་དང་བཅས་པའི་ཁྲོ་བོའི་ཁུ་ཚུར་གཉིས་ཀྱིས་ཐམས་ཅད་ལ་རྒྱས་གདབ་པ་ལ་སོགས་པ་བྱ་སྟེ་ཇི་ལྟར་བྱ་ཞེ་ན་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་ལ་འདིས་ནི་འདི་སྐད་བཤད་པར་འགྱུར་ཏེ། ཁྲོ་བོའི་ཁུ་ཚུར་གཉིས་བཅིངས་ནས་ བཙུམས་པའི་ལྟ་བས་བསྒྲུབ་བྱ་ལ་བལྟ་བར་བྱ་སྟེ་དེ་ལྟར་ན་ཐམས་ཅད་ལ་རྒྱས་བཏབ་པར་འགྱུར་རོ། །མིག་འབྲས་སྟེང་དུ་ཡོངས་སུ་བསྐོར་བར་བྱ་སྟེ་དེ་ལྟར་ན་ཐམས་ཅད་གསོད་པའོ། །བཙུམས་པས་མྱུར་དུ་ལྟུང་བར་བྱ་སྟེ་དེ་ལྟར་ན་ཐམས་ཅད་ལྟུང་བའོ། །འོག་ནས་བསླང་བར་བྱ་སྟེ་དེ་ལྟར་ན་ 61-1-118a ཐམས་ཅད་སློང་བའོ། །ཁྲོ་བོའི་ཁུ་ཚུར་གཉིས་པོ་དེ་ཉིད་དང་ལྡན་པས་བསྒྲུབ་པར་བྱ་བ་སྟེ་དེ་ལྟར་ན་ཕྱིར་བཟློག་པར་འགྱུར་རོ། །ཁྲོ་བོའི་ཁུ་ཚུར་གཉིས་ཞེས་བྱ་བ་ལ་སོགས་པ་ལ་བདག་ཉིད་རྡོ་རྗེ་གནོད་སྦྱིན་དུ་རྣམ་པར་བསམས་ལ་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། མཛུབ་མོ་གཉིས་ ཀྱིས་ལྕགས་གཉིས་བྱས་ལ་ཡོངས་སུ་བསྐོར་ནས་ཁའི་མཐའ་གཉིས་སུ་མཆེ་བ་བཞིན་དུ་གཟུང་བར་བྱ་སྟེ་མཐེའུ་ཆུང་གཉིས་འཇིགས་པར་བྱེད་པ་ཁའི་སོ་དག་གིས་གཟུང་བར་བྱ་སྟེ། དེ་ལྟར་ན་གཡོ་བར་མི་འགྱུར་རོ་ཞེས་བྱ་བ་ནི་ཐམས་ཅད་རེངས་པའོ་ཞེས་བྱ་བའི་དོན་ཏོ། །ཕྱག་རྒྱ་དེ་ཉིད་ བཅིངས་ནས་ཡན་ལག་ཐམས་ཅད་དགོད་པར་བྱ་སྟེ་དེ་ལྟར་ན་ཐམས་ཅད་རྨོངས་པར་འགྱུར་རོ། །དེ་ཉིད་བཅིངས་ནས་ཉལ་ཞིང་གླལ་བས་ཏེ་གཉིད་ལོག་པ་སྟོན་པའི་ཚུལ་གྱིས་མིག་གཉིས་བཙུམ་པར་བྱ་ཞིང་གླལ་བར་བྱ་སྟེ་དེ་ལྟར་ན་ཐམས་ཅད་ཉལ་དུ་བཅུག་པའོ། །ཕྱག་རྒྱ་དེ་ཉིད་བཅིངས་ ནས་རང་གི་སྙིང་གར་དྲལ་བར་བྱ་སྟེ་དེ་ལྟར་ན་ཐམས་ཅད་ཉལ་བར་འགྱུར་རོ། །དེ་ཉིད་བཅིངས་ནས་མྱུར་དུ་ཟ་བའི་ཚུལ་དུ་བྱ་སྟེ་དེ་ལྟར་ན་ཐམས་ཅད་ཟ་བར་གྱུར་པ་ཡིན་ནོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་ཞེས་བྱ་བ་ནི་གོ་སླའོ། །ཁ་ཕྱེ་བ་གང་ཡིན་པ་དེས་འཇིགས་པར་བྱེད་པ་ནི་འཇིགས་ སུ་རུང་བའི་ཁ་གང་ལ་ཡོད་པ་དེ་ནི་ཁ་ཕྱེ་བ་འཇིགས་པར་བྱེད་པའི་ཁ་དང་ལྡན་པའོ། །ཁ་ཕྱེ་བ་འཇིགས་པར་བྱེད་པའི་ཁ་དང་ལྡན་པ་ཡང་དེ་ཡིན་ལ་སྐྲ་གྱེན་དུ་བརྫེས་པ་དེ་ཉིད་ཡིན་པས་ན་ཁ་ཕྱེ་བ་འཇིགས་པར་བྱེད་པའི་ཁ་དང་ལྡན་པའི་སྐྲ་གྱེན་དུ་བརྫེས་པའོ། །སྤྱི་བོ་ཞེས་བྱ་བ་ནི་རང་གི་སྤྱི་ བོས་སོ། །རང་གི་སྤྱི་བོ་འོག་ཏུ་བསྟན་པ་ལ་ཕྱི་ནས་སྟེང་དུ་བསླང་བར་བྱ་སྟེ་དེ་ལྟར་ན་སྤྱི་བོས་འོག་ནས་སློང་བའི་ལས་སུ་འགྱུར་རོ། །ཇི་ལྟ་བུ་ཞེ་ན་ཡི་གེ་བྷྱོ་དང་། རྡོ་རྗེ་ཁུ་ཚུར་དོར་བ་དང་། ཁུ་ཚུར་མནན་པ་དང་། ཡི་གེ་ཧཱུཾ་དང་བཅས་པའི་ཡན་ལག་གི་མཆོག་གི་སྡིགས་མཛུབ་དང་རང་ཉིད་མྱུར་ དུ་ཁྲོ་བས་ལྟུང་བའོ་ཞེས་བྱ་བ་ལ་འདིས་ནི་འདི་ལྟར་བཤད་པར་འགྱུར་བ་སྟེ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་ཁ་ཕྱེ་བའི་འཇིགས་པར་བྱེད་པའི་ཁ་དང་ལྡན་ཞིང་སྐྲ་གྱེན་དུ་བརྫེས་པའི་རྣལ་འབྱོར་པས་རང་གི་སྤྱི་བོ་འོག་ཏུ་བསྟན་ལ་གྱེན་དུ་བསླང་བར་བྱས་ནས་ཨ་ནུ་ག་ཡ་མི་ཧཱུཾ་བྷྱོ་ཞེས་བྱ་བ་ 61-1-118b བཟླས་པར་བྱ་སྟེ། དེ་ལྟར་ན་གཞན་གྱི་དཔུང་ཐམས་ཅད་སྐྲག་པར་འགྱུར་བ་ཡིན་ནོ། །རྡོ་རྗེ་ཁུ་ཚུར་བཅིངས་ནས་དེ་བཞིན་དུ་བཟླ་ཞིང་གཞན་གྱི་དཔུང་མངོན་དུ་ཕྱོགས་པར་དོར་བར་བྱ་སྟེ། དེ་ལྟར་ན་གཞན་གྱི་དཔུང་ཐམས་ཅད་འཇོམས་པའོ། །དེ་བཞིན་དུ་བཟླ་ཞིང་རྡོ་རྗེ་ཁུ་ཚུར་གཉིས་མནན་པར་བྱ་སྟེ་དེ་ལྟར་ གཞན་གྱི་དཔུང་དབང་དུ་བྱེད་པའོ། །དེ་བཞིན་དུ་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་ཨ་ནུ་ར་ག་ཡ་མི་ཧཱུཾ་ཧཱུཾ་ཞེས་བྱ་བའི་ཁྲོ་བོ་ཧཱུཾ་མཛད་ཀྱི་སྤྱི་བོས་བསྒྲུབ་བྱ་ལ་སྡིགས་མཛུབ་བྱས་ཏེ། དེ་ལྟར་ན་གཞན་གྱི་དཔུང་ཐམས་ཅད་ལྟུང་བའོ། །དེ་བཞིན་དུ་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་ཨ་ནུ་ར་ག་ཡ་མི་ ཧཱུཾ་ཞེས་བྱ་བ་བཟླ་ཞིང་ཁྲོ་བོ་ཆེན་པོ་འབབ་པར་གྱུར་ནས་རང་ཉིད་ལ་ལྟུང་བར་བྱ་སྟེ་དེ་ལྟར་ན་གཞན་གྱི་དཔུང་ཐམས་ཅད་གསོད་པར་འགྱུར་བ་ཡིན་ནོ། །རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་ནི་རྡོ་རྗེ་བསྡམས་པའི་མཛུབ་མོ་གཉིས་བཀུག་ལ་མཉམ་པོར་བྱ་སྟེ་ནང་དུ་བཞག་ལ་མཐེ་བོང་གཉིས་ཁ་ཕྱེ་བ་མཆེ་བའི་མཚན་ཉིད་ ཅན་གང་ཡིན་པ་དེ་ཉིད་སྲིན་ལག་དང་མཐེའུ་ཆུང་མཉམ་པར་ཁ་ཕྱེ་བའི་བ་དན་གྱི་རྒྱལ་མཚན་མཆོག་གི་དཔུང་རྒྱན་ཞེས་བྱ་བའི་ཕྱག་རྒྱའོ། །ལས་ཞེས་བྱ་བ་ནི་འདི་ལས་ཞེས་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཞེ་ན། ཕྱག་འཚལ་བ་དང་། དགོད་པ་དང་། ལྕེ་བསྐྱོད་པ་དང་དཔུང་པ་གཉིས་ བསྙེམས་པས་བསྟོད་པ་དང་། རྒྱལ་མཚན་བསྒྲེང་བའོ་ཞེས་བྱ་བ་ལ་འདིས་འདི་ལྟར་བཤད་པར་འགྱུར་ཏེ། འདས་མ་ཐག་ཏུ་བཤད་པའི་རྒྱལ་མཚན་མཆོག་གི་དཔུང་རྒྱན་དེ་བཅིངས་ནས་བསྒྲུབ་བྱ་དེ་ཕྱག་འཚལ་དུ་གཞུག་པའི་བསམ་པས་ཕྱག་བྱ་བ་ཡིན་ཏེ་དེ་ལྟར་ན་ཁྲོ་བ་ཐམས་ཅད་འཕྲོག་ པའོ། །དེ་བཅིངས་ནས་དགོད་པར་བྱ་སྟེ་དེ་ལྟར་ན་གདོང་རབ་ཏུ་དང་བའོ། །དེ་ཉིད་བཅིངས་ནས་ལྕེ་བསྐྱོད་པས་རྩོད་པ་ལས་རྒྱལ་བའོ། །དེ་ཉིད་རང་གི་དཔུང་པ་ལ་བཅིངས་ཏེ་བསྙེམས་པའི་ཚུལ་བྱ་སྟེ་དེ་ལྟར་ན་འཇིགས་པ་ཐམས་ཅད་ལས་ཐར་བར་འགྱུར་རོ། །དེ་ཉིད་བཅིངས་ནས་ལག་པ་ གཉིས་རབ་ཏུ་བརྐྱང་ལ་སྤྱི་བོར་གཟུང་བར་བྱ་སྟེ་དེ་ལྟར་ན་འཐབ་མོ་ལས་རྒྱལ་བར་འགྱུར་རོ། །སེམས་དཔའི་སྐྱིལ་མོ་ཀྲུང་གིས་གནས་པ་ཞེས་བྱ་བ་ལ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་བཅིངས་ལ་རྡོ་རྗེ་གསོང་བར་བྱེད་པར་འགྱུར་བས་ལས་བྱའོ། །ཇི་ལྟ་བུ་ཞེ་ན་ནམ་མཁར་ 61-1-119a དབུགས་གཏོང་བ་དང་ཀུན་དུ་གཡོ་ཞིང་བཙུམས་པའི་ལྟ་བས་ཆར་བེབས་པའི་ཚུལ་དང་རྡོ་རྗེ་ཁྲོ་བོ་ཉི་མ་མེ་ལྟར་འབར་བའི་བཟླས་པ་དང་། ལྟ་བ་འཕྲོག་པ་དང་དྲངས་པས་ཡན་ལག་བསྐོར་ཞིང་ཐམས་ཅད་དུ་འབར་བར་བྱེད་པ་འབེབས་པ་ཞེས་བྱ་བ་ལ། འདི་ལྟར་བཤད་པར་འགྱུར་ཏེ་རྡོ་རྗེ་སེམས་ དཔའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ་ལག་པ་གཡས་པས་རྡོ་རྗེ་གསོར་ཞིང་ནམ་མཁའ་ལ་དབུགས་གཏོང་ཞིང་བཟླས་པ་བྱ་སྟེ་དེ་ལྟར་ན་སྤྲིན་ཐམས་ཅད་འགེགས་པར་གྱུར་རོ། །སྔ་མ་བཞིན་དུ་རྡོ་རྗེ་གསོར་ཞིང་ཐམས་ཅད་དུ་གཡོ་ཞིང་བཙུམས་པའི་ལྟ་བས་ཆར་འབེབས་པའི་ཚུལ་དུ་བྱ་སྟེ་དེ་ལྟར་ན་ཆར་འབེབས་ པའོ། །དེ་བཞིན་དུ་རྡོ་རྗེ་གསོར་ཞིང་བདག་ཉིད་རྡོ་རྗེ་ཉི་མ་མེ་ལྟར་འབར་བར་བསམས་ལ། ཨ་ནུ་རཱ་ག་ཡ་མི་ཧཱུཾ་ཞེས་བྱ་བ་བཟླ་བར་བྱ་ཞིང་ཁྲོ་བོའི་ལྟ་བས་འཕྲོག་པར་བྱ་སྟེ་དེ་ལྟར་ན་རླུང་དང་ཐོག་དང་སྤྲིན་འཇིག་པར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་གསོར་ཞིང་དྲངས་པས་ཡན་ལག་བསྐོར་བའི་སྦྱོར་བ་བྱ་སྟེ་ དེ་ལྟར་ན་དྲོ་བ་ཐམས་ཅད་འཇིག་པའོ། །དེ་བཞིན་དུ་རྡོ་རྗེ་ཉི་མ་མེ་ལྟར་འབར་བ་བསམས་ལ་རྡོ་རྗེ་གསོར་ཞིང་མེ་འབར་བ་རྫོགས་པའི་ཚུལ་བྱ་སྟེ་དེ་ལྟར་ན་གྲང་བ་འཇིག་པར་འགྱུར་རོ། །རྡོ་རྗེ་བསྡམས་པའི་རྡོ་རྗེ་དྲན་མའོ་ཞེས་བྱ་བ་ལ་རྡོ་རྗེ་བསྡམས་པ་བཅིངས་ནས་མཛུབ་མོ་གཡས་པས་གཡོན་པའི་ དབུས་མའི་ཚིགས་པ་བཟུང་སྟེ། གཡོན་པའི་མཛུབ་མོས་གཡས་པའི་དབུ་མའི་ཚིགས་གསུམ་པ་ཡང་བཟུང་ལ་མཐེ་བོང་གཉིས་ཀྱི་རྩེ་མོ་ཡང་དག་པར་སྦྱར་བར་བྱ་སྟེ་འདི་ནི་རྡོ་རྗེ་འདྲེན་མ་ཞེས་བྱ་བའི་ཕྱག་རྒྱའོ། །འདི་བཅིངས་ནས་བཟླ་བར་བྱ་སྟེ་དེ་ལྟར་ན་གཟུགས་ཐམས་ཅད་འགྲུབ་པར་འགྱུར་རོ། ། རྡོ་རྗེའི་བསྡམས་པའི་གཡོན་པའི་མཛུབ་མོ་བཀུག་པའི་ཤིང་བུ་གཡས་པའི་མཛུབ་མོས་བཏུད་པ་ནི་རྡོ་རྗེ་པི་ཝང་ངོ་ཞེས་བྱ་བ་ལ་འདི་བཅིངས་ནས་བཟླ་བར་བྱ་སྟེ་དེ་ལྟར་ན་རྡོ་རྗེའི་སྒྲ་འགྲུབ་པར་འགྱུར་རོ། །རྡོ་རྗེ་བསྡམས་པའི་མཐིལ་དག་མཉེ་བའོ་ཞེས་བྱ་བ་ལ་རྡོ་རྗེ་བསྡམས་པ་བཅིངས་ཏེ་ལག་པའི་མཐིལ་ གཉིས་ཕན་ཚུན་མཉེ་བར་བྱ་སྟེ་དེ་ལྟར་ན་རྡོ་རྗེ་དྲི་འགྲུབ་པར་འགྱུར་རོ། །ཁ་འབུས་མཉམ་པའི་དབུས་མ་ལྕེའོ་ཞེས་བྱ་བ་ལ་རྡོ་རྗེ་བསྡམས་པ་བཅིངས་ནས་ཁ་འབུས་པ་མཉམ་པའི་དབུས་མ་དང་ལྕེར་སྦྱར་བར་བྱ་སྟེ་དེ་ལྟར་ན་དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་རོ། །རབ་ཏུ་དགའ་བའི་རྡོ་རྗེའི་ 61-1-119b ཕྱག་རྒྱ་ཡང་ངོ་ཞེས་བྱ་བ་ལ་མདའ་ལྔ་བསྡུས་པའི་ཕྱག་རྒྱ་ནི་རབ་ཏུ་དགའ་བའི་རྡོ་རྗེའི་ཕྱག་རྒྱ་སྟེ་དེ་བཅིངས་ན་རེག་བྱའི་དངོས་གྲུབ་ཤིན་ཏུ་ཐོབ་པར་འགྱུར་རོ། །བདེ་བ་ཆེན་པོའི་རྡོ་རྗེའི་མཆོད་པ་ནི་ཇི་ལྟ་བ་བཞིན་དུ་བཤད་པའི་མཚན་ཉིད་ཅན་གྱི་རྡོ་རྗེ་གར་མ་སྟེ་དེའི་ལས་ནི་འདི་ཡིན་ཏེ། དེ་ཡང་གང་ཡིན་ཞེ་ན། དང་པོའི་གླུའི་བཟླས་པ་ཇི་སྲིད་མངོན་པར་འདོད་པའོ་ཞེས་བྱ་བ་ལ་གར་གྱི་ཚུལ་གྱིས་ཡི་གེ་ཧཱུཾ་གི་གླུའི་བཟླས་པ་བྱ་སྟེ། དེ་ལྟར་ན་རྒྱུ་བ་དང་མི་རྒྱུ་བ་ཐམས་ཅད་རྗེས་སུ་ཆགས་པའོ། །གཡོ་བ་མེད་ཅིང་དགོད་པ་དང་དགུག་པ་དང་རབ་ཏུ་དགའ་བའི་རྡོ་རྗེ་ལྟ་བའི་ལྕགས་ཀྱུ་མས་སོ་ཞེས་བྱ་བ་ལ་སྐྱེ་བོ་ ཐམས་ཅད་ཀྱི་ལྐོག་ཏུ་གྱུར་པའི་དགོད་པ་ནི་གཡོ་བ་མེད་པའི་དགོད་པ་སྟེ་དེ་དང་བཅས་པའི་དགོད་པ་ནི་བཀུག་པའོ། །རྡོ་རྗེ་ལྟ་བའི་འོད་ཟེར་གྱི་ལྕགས་ཀྱུ་མ་ནི་རབ་ཏུ་དགའ་བའི་རྡོ་རྗེ་ལྕགས་ཀྱུ་མས་ཏེ་དེས་བསྒྲུབ་བྱ་དགུག་ཅིང་གར་གྱི་ཚུལ་གྱིས་ཡི་གེ་ཧཱུཾ་བཟླ་བར་བྱ་སྟེ། དེ་ལྟར་ན་དངོས་པོ་ཐམས་ ཅད་འགུགས་པར་བྱེད་པའོ། །རང་གི་མ་མཆུ་སོ་དག་གིས་ཡོངས་སུ་གཟུང་བར་བྱའོ་ཞེས་བྱ་བ་ལ་དེ་བཞིན་དུ་གར་གྱི་ཚུལ་གྱིས་ཡི་གེ་ཧཱུཾ་གི་གླུའི་བཟླས་པ་བྱ་ཞིང་བསྒྲུབ་བྱ་ལའོ་བྱེད་པའི་ཚུལ་གྱིས་རང་གི་མ་མཆུ་ནང་དུ་བཅུག་ནས་སོ་རྣམས་ཀྱིས་ཡོངས་སུ་གཟུང་བར་བྱ་སྟེ། དེ་ལྟར་ན་ཐམས་ཅད་དབང་ དུ་བྱེད་པའོ། །རང་གི་དབང་པོ་བསྐྱེད་པའོ་ཞེས་བྱ་བ་ལ་དེ་བཞིན་དུ་གར་གྱི་ཚུལ་གྱིས་ཡི་གེ་ཧཱུཾ་གི་གླུའི་བཟླས་པ་བྱ་ཞིང་གནོད་སྦྱིན་མ་ལ་སོགས་པའི་བསྒྲུབ་བྱ་དང་ཡང་དག་པར་སྦྱོར་བའི་སྒོམ་པས་རང་གི་དབང་བསྐྱེད་པར་བྱ་སྟེ། དེ་ལྟར་ན་ཐམས་ཅད་རོལ་དུ་བཅུག་པའོ། །རབ་ཏུ་ དགའ་བ་རྡོ་རྗེའི་ངག་གི་ཡིད་ཀྱིས་འདོད་པའི་བཀའ་བསྒོ་བ་ཡང་ངོ་ཞེས་བྱ་བ་ལ་དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ནས་གར་བྱ་ཞིང་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་པོ་ཐམས་ཅད་ལ་ཡིད་ཀྱིས་འདོད་པའི་བཀའ་བསྒོ་བའི་ཚུལ་གྱིས་ཡི་གེ་ཧཱུཾ་གི་གླུའི་བཟླས་པ་བྱ་སྟེ་དེ་ལྟར་ན་ ལས་ཐམས་ཅད་ལ་ངེས་པར་སྦྱར་བར་འགྱུར་རོ། །བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ཡང་ཕྱག་རྒྱ་འདི་རྣམས་སྒྲུབ་པ་པོ་དག་གིས་སྦྱོར་ན་དེས་ཀྱང་འདའ་བར་མི་མཛད་ན་བརྟན་པ་དང་གཡོ་བ་གཞན་དག་ལ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་འདིས་ནི་ཕྱག་རྒྱ་འདི་རྣམས་ཀྱིས་ཁྱད་ 61-1-120a པར་ཅན་དུ་གྲུབ་པ་ཡིན་ནོ་ཞེས་བྱ་བར་བསྟན་པ་ཡིན་ནོ། །རྡོ་རྗེ་ཐལ་མོ་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་སྐུ་མཆོག་གི་མཚན་ཉིད་ཕན་ཡོན་དང་བཅས་པ་ནི་གོ་སླའོ། །སྤྱི་བོར་བཞག་སྟེ་སྟེང་ནས་གཡས་སུ་ཕབ་པར་བྱའོ་ཞེས་བྱ་བ་ནི་རྡོ་རྗེ་སྐུ་མཆོག་སྤྱི་བོར་བཞག་ཅིང་སྟེང་གི་ཕྱོགས་ ནས་ལྷ་འབེབས་པའི་ཚུལ་གྱིས་གཡས་ཕྱོགས་སུ་ཕབ་པར་བྱ་སྟེ་དེ་ལྟར་ན་ཐམས་ཅད་འབེབས་པར་འགྱུར་རོ། །ས་ལ་བཞག་ནས་ཁྲོ་གཉེར་གྱིས་གྱེན་དུ་དྲང་བར་བྱའོ་ཞེས་བྱ་བ་ལ་རྡོ་རྗེ་སྐུ་མཆོག་བཅིངས་ནས་ས་ལ་བཞག་སྟེ་ཀླུ་ཐམས་ཅད་དབང་དུ་བྱེད་པའི་བསམ་པས་ཁྲོ་གཉེར་བྱས་ནས་གྱེན་དུ་ དྲང་བར་བྱ་སྟེ་དེ་ལྟར་ན་ཀླུ་ཐམས་ཅད་དབང་དུ་བྱེད་པར་འགྱུར་རོ། །གནོད་སྦྱིན་གྱི་གཟུགས་བརྙན་བྲིས་ལ་དེའི་སྙིང་གར་གཞག་པར་བྱའོ་ཞེས་བྱ་བ་ལ་རྡོ་རྗེ་སྐུ་མཆོག་བཅིངས་ནས་གནོད་སྦྱིན་གྱི་གཟུགས་བརྙན་བྲིས་ཏེ་དེའི་སྙིང་གའི་ཕྱོགས་སུ་གཟུང་བར་བྱ་སྟེ་དེ་ལྟར་ན་གནོད་སྦྱིན་ཐམས་ཅད་ མངག་གཞུག་བྱེད་པར་འགྱུར་རོ། །ལྷ་ཆེན་པོའི་གནས་སུ་རྡོ་རྗེ་སྐུ་མཆོག་བཅིངས་ཏེ་ཁྲོ་ཞིང་བཟླ་བར་བྱ་སྟེ་དེ་ལྟར་ན་འབྱུང་པོ་ཐམས་ཅད་མངག་གཞུག་པར་འགྱུར་རོ། །རྡོ་རྗེ་སྐུ་མཆོག་བཅིངས་ཏེ་མ་མོ་རྣམས་ཀྱི་གནས་སུ་དག་ཉིད་དཔལ་ཧེ་རུ་ཀའི་རྣམ་པར་བསམས་ཏེ་ཡི་གེ་བྷྱོ་བཟླ་བར་བྱ་སྟེ། དེ་ལྟར་ན་མ་མོ་ཐམས་ཅད་བསྙེན་བཀུར་དང་རོལ་པ་ལ་སོགས་པའི་བཀའ་བསྒོ་བ་ཐམས་ཅད་བྱེད་པར་འགྱུར་རོ། །རྡོ་རྗེ་གསོར་བའི་ཕྱག་རྒྱས་ལུས་ངན་པོའི་གཟུགས་བརྙན་རྐང་པ་གཡོན་པས་མནན་ཏེ་ཁྲོ་ཞིང་རྒོད་པ་དང་བཅས་པའི་གདོང་གིས་བཟླ་བར་བྱ་སྟེ་དེ་ལྟར་ན་དཔལ་འགུགས་པར་ འགྱུར་རོ། །དེ་བཞིན་ཁྲོ་ཞིང་རྒོད་པ་དང་བཅས་པའི་གདོང་དང་ལྡན་པས་རྡོ་རྗེ་གསོར་བའི་ཕྱག་རྒྱས་གཞོན་ནུ་མའི་གཟུགས་བརྙན་གྱི་མདུན་དུ་མིག་གཉིས་ཀྱིས་འཕྲོག་པར་བྱ་ཞིང་ཟླ་བར་བྱ་སྟེ་དེ་ལྟར་ན་ལྷའི་བུ་མོ་ཐམས་ཅད་འཕྲོག་པའོ། །བྷ་ག་ནི་བུད་མེད་ཀྱི་གཟུགས་རས་ སམ་རྩིག་པ་ལ་སོགས་པ་ལ་བྲིས་ཏེ་དེ་དང་ཡང་དག་པར་སྦྱོར་བར་བསྒོམ་ཞིང་རྡོ་རྗེ་གསོར་ཏེ་ཁྲོ་ཞིང་རྒོད་པ་དང་བཅས་པའི་ཁས་བཟླ་བར་བྱ་སྟེ། དེ་ལྟར་ན་ལྷ་དང་ལྷ་མ་ཡིན་པའི་བུ་མོ་ཐམས་ཅད་རོལ་དུ་བཅུག་པ་ཡིན་ནོ། །ལྷ་ཆེན་པོའི་གཟུགས་བརྙན་རྐང་པ་གཡོན་པས་མནན་ཏེ་རྡོ་རྗེ་ 61-1-120b གསོར་བའི་ཕྱག་རྒྱ་ཁྲོ་ཞིང་རྒོད་པ་དང་བཅས་པའི་ཁས་ཨ་ནུ་ར་ག་ཡ་མི་ཧཱུཾ་ཧཱུཾ་ཞེས་བྱ་བ་བཟླ་བར་བྱ། དེ་ལྟར་ན་ཁམས་གསུམ་པ་ལས་རྣམ་པར་རྒྱལ་བར་འགྱུར་རོ། །འདོད་པའི་དབང་ཕྱུག་གི་གཟུགས་བརྙན་སྔར་བཤད་པའི་མཚན་ཉིད་ཅན་གྱི་མདའ་འཕེན་པའི་ཕྱག་རྒྱས་བསྣུན་ལ་འོག་ཏུ་ཁ་བལྟ་བར་ བྱས་ནས་དེའི་རྗེས་ལ་རྡོ་རྗེ་གསོར་བའི་ཕྱག་རྒྱ་དང་། རྐང་པ་གཡོན་པས་གནན་ཏེ་ཁྲོ་ཞིང་རྒོད་པ་དང་བཅས་པའི་ཁས་བཟླ་བར་བྱ་སྟེ། དེ་ལྟར་ན་དབང་ཕྱུག་ཆེན་པོ་ཐམས་ཅད་འཕྲོག་པར་འགྱུར་རོ། །རྡོ་རྗེ་གསང་བའི་མཆོད་པས་བདེ་བ་ཆེན་པོའི་རྡོ་རྗེ་དོན་ཡོད་པའི་དམ་ཚིག་ཅེས་བྱ་བ་ནི་བཤད་ པའོ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེའོ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་བཤད་པར་འགྱུར་ཏེ། དང་པོའི་རྡོ་རྗེ་བཅིངས་ཏེ་འདོད་ཆགས་རྡོ་རྗེ་མ་ལ་སོགས་པའི་ལྷ་མོའི་ཚོགས་བསྐྱེད་ལ་དེ་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཡིད་ཀྱིས་མཆོད་པར་བྱ་སྟེ། དེ་ལྟར་ན་མཆོད་པ་ཐམས་ཅད་འགྲུབ་པར་འགྱུར་ རོ། །ཐམས་ཅད་རྡོ་རྗེ་བྱེད་པ་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་སྙིང་ག་དང་མགྲིན་པ་དང་། སླར་ཡང་སྙིང་ག་དང་ནུ་མའི་བར་དང་། དེ་ནས་སྙིང་ག་དང་། སླར་ཡང་མགྲིན་པ་དང་དབང་བསྐུར་བའི་གནས་སུ་མདུད་པའི་ཚུལ་གྱིས་མ་བགོ་བར་བྱས་ལ་སླར་ཡང་སྤྱི་བོ་ དང་དབང་བསྐུར་བའི་སར་མདུད་པ་བཅིང་པའི་ཚུལ་དང་། མགོའི་ལོགས་གཡས་པ་དང་གཡོན་པ་དག་ལ་མདུད་པ་འཆིང་བའི་ཚུལ་དུ་བྱ་སྟེ་ཕྱག་རྒྱ་འདིས་ཐམས་ཅད་རྡོ་རྗེ་ཉིད་དུ་བྱེད་པར་འགྱུར་རོ། །གཡོན་དུ་རྡོ་རྗེ་མདའ་འཕང་བའོ་ཞེས་བྱ་བ་ལ་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་གཡོན་གྱིས་ མདའ་ཕང་བའི་ཚུལ་དུ་བྱ་སྟེ། དེ་ལྟར་ན་བདུད་ལ་སོགས་པའི་འཇིགས་པ་ཐམས་ཅད་རབ་ཏུ་འཇོམས་པར་འགྱུར་རོ། །རྡོ་རྗེ་བསྙེམས་མ་ཞེས་བྱ་བ་ལ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ལས་ཀྱི་ཕྱག་རྒྱ་ནི་རྡོ་རྗེ་བསྙམས་མ་སྟེ་དེས་ཕྱག་རྒྱ་ཐམས་ཅད་བཅིང་བར་འགྱུར་རོ། །ཕྱག་རྒྱ་ཆེན་པོ་ཡང་ངོ་ཞེས་ བྱ་བ་ལ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་གང་ཡིན་པ་དེས་མ་ལུས་ཤིང་ལུས་པ་མེད་པའི་མཆོག་གི་དངོས་གྲུབ་ཀྱི་འདོད་པ་འགྲུབ་པར་འགྱུར་རོ། །དམ་ཚིག་དང་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོ་ནི་ཕྱག་རྒྱ་ཐམས་ཅད་དེ་དག་གི་རྒྱུད་ནི་དེ་དག་སྟོན་པར་བྱེད་པ་སྒྲའི་ཚོགས་སོ། །དེ་ཉིད་ 61-1-121a ནི་ཆོ་ག་རྒྱས་པའོ། །དཔལ་མཆོག་དང་པོའི་རྒྱ་ཆེར་བཤད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བ་ཞེས་བྱ་བ་ལས་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོའི་ཕྱག་རྒྱའི་རྒྱུད་ཀྱི་ཆོ་ག་རྒྱས་པ་རྫོགས་སོ།། །།དེ་ནས་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོའི་རྒྱུད་བསྟན་ ནས། ད་ནི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་ཆེན་པོའི་ཕྱག་རྒྱའི་རྒྱུད་བསྟན་པར་བྱ་བའི་ཕྱིར། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱའི་རྒྱུད་ཅེས་བྱ་བ་གསུངས་ཏེ། དེ་ནས་ཀྱི་སྒྲ་ནི་སྐབས་སུ་བབ་པ་ལའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་རྣམས་ནི་དམ་ ཚིག་དང་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོ་རྣམས་ཏེ་དེ་དག་གི་རྒྱུ་ནི་འདི་ཡིན་ནོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །དེ་གང་ཡིན་ཞེ་ན། སེམས་དཔའ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་བསྡམས་པའི་དབུས་མ་གཉིས་ཀྱི་རྩེ་མོ་ཡང་དག་པར་སྦྱར་བ་ནི་སེམས་མ་རྡོ་རྗེ་མའི་སྟེ་མི་བསྐྱོད་པའི་དམ་ཚིག་ གི་ཕྱག་རྒྱའོ། །འདིས་དབང་བསྐུར་བའི་དུས་སུ་རང་དང་གཞན་དག་བྱིན་གྱིས་བརླབ་པར་བྱའོ། །དེ་ཡང་བཛྲ་སཏྭ་ཞེས་བྱ་བའི་སྙིང་པོ་འདིས་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ལས་ཀྱི་ཕྱག་རྒྱའོ། །འདིས་ནི་འདི་ལྟར་ བཤད་པར་འགྱུར་ཏེ། དབང་བསྐུར་གཞན་རྣམ་པར་སྣང་མཛད་དུ་བསམས་ལ། བཛྲ་སཏྭ་ཨ་དྷི་ཏིཥྛ་ཞེས་བྱ་བས་སེམས་མ་རྡོ་རྗེ་མ་བཅིངས་ཏེ། སྙིང་ག་དང་མཛོད་སྤུ་དང་མགྲིན་པ་དང་སྤྱི་བོར་བྱིན་གྱིས་བརླབ་ཅིང་སེམས་མ་རྡོ་རྗེ་མ་བཅིངས་ནས་ལྡང་བར་བྱའོ། །དེ་ནས་རྡོ་རྗེ་ཁུ་ཚུར་གཉིས་ ཀྱིས་ཨོཾ་བྷུ་ཁཾ་ཞེས་བྱ་བ་བཟླ་བར་བྱ་ཞིང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་རང་ཉིད་འཆིང་ངམ་གཞན་འཆིང་དུ་གཞུག་པར་བྱའོ། །རྡོ་རྗེ་རིན་ཆེན་གྱི་དབང་བསྐུར་བས་དབང་བསྐུར་བ་བྱས་ནས་ཞེས་བྱ་བ་ལ་རྡོ་རྗེ་ཐལ་མོ་འོག་ཏུ་བརྐྱང་ནས་མཐེ་བོང་དང་མཛུབ་མོའི་རྩེ་མོ་མཉམ་པར་སྦྱར་བ་ སྙིང་ག་ལ་གྱེན་དུ་བསླངས་ཏེ་དབང་བསྐུར་བའི་གནས་སུ་རྩེ་མོ་བཞག་པ་ནི་རྡོ་རྗེ་རིན་ཆེན་ཞེས་བྱའོ། །དེ་བཅིངས་པས་བཛྲ་རཏྣ་ཨ་བྷི་ཥིཉྩ་ཞེས་བྱ་བ་བཟླ་ཞིང་རང་ངམ་གཞན་ལ་དབང་བསྐུར་བར་བྱའོ། །དེ་ལྟར་རྡོ་རྗེ་རིན་ཆེན་གྱི་དབང་བསྐུར་བས་རང་དང་གཞན་དག་ལ་སློབ་དཔོན་གྱི་དབང་བསྐུར་ཏེ། 61-1-121b རྡོ་རྗེ་རྩེ་ལྔ་འོད་ཟེར་དང་བཅས་པས་ཇི་སྐད་བཤད་པའི་སྔགས་ཀྱིས་སྦྱིན་པར་བྱའོ། །མཆོད་པ་ནི་མཉམ་པའི་ཐལ་མོས་ཇི་ལྟ་བ་བཞིན་དུ་གཏོར་བ་ལ་སོགས་པ་རྣམས་སོ་ཞེས་བྱ་བ་ལ་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་རྡོ་རྗེ་ཐལ་མོས་མེ་ཏོག་ལ་སོགས་པའི་མཆོད་པའི་ཕྱག་རྒྱ་གང་བསྟན་ པ་དེ་ཉིད་འདིར་མཉམ་པའི་ཐལ་མོས་འདིར་ཤེས་པར་བྱའོ། །འདི་ལྟར་བཤད་པར་འགྱུར་ཏེ། རྡོ་རྗེ་སེམས་དཔའ་བསྡུས་པ་ཡིས། །རྡོ་རྗེ་རིན་ཆེན་བླ་ན་མེད། །རྡོ་རྗེ་ཆོས་ནི་གླུ་བླངས་པས། །རྡོ་རྗེ་ལས་ནི་བྱེད་པར་འགྱུར། །ཞེས་བྱ་བའི་རྡོ་རྗེའི་གླུ་བརྗོད་ཅིང་སྔ་མ་བཞིན་དུ་གར་བྱས་ལ་མཉམ་ པའི་ཐལ་མོ་བསྐོར་བས་རང་གི་སྙིང་གར་བསམ་པ་སྤྲོ་བས་མགོ་བོས་ཕྱག་བྱས་ཏེ་སྤྱི་བོར་བཞག་སྟེ་ཕབ་ནས་སྟེང་དུ་གཏོར་བ་དང་འོག་ཏུ་དོར་བ་དང་མཐེ་བོང་སྦྱར་བས་བསྐོར་བ་དང་། རབ་ཏུ་བརྐྱང་ཞིང་བྱུག་པའི་ཚུལ་རྣམས་ཀྱིས་སྦྱང་བར་བྱ་སྟེ་དེ་ལྟར་ན་མེ་ཏོག་དང་སྤོས་དང་མར་མེ་དང་། དྲིའི་ མཆོད་པའི་ཕྱག་རྒྱ་རྣམས་ཡིན་ནོ། །དེ་བཞིན་དུ་གར་བྱས་ལ་མཉམ་པའི་ཐལ་མོ་བསྐོར་བས་སྙིང་གར་རྣམ་པར་འཕྲུལ་པ་བསྟན་པར་བྱའོ། །མཉམ་པའི་ཐལ་མོ་ཁར་ཡོངས་སུ་བསྐོར་ཏེ་སྤྱི་བོར་གཟུང་བར་བྱའོ། །མཉམ་པའི་ཐལ་མོ་གཡོན་པའི་མཛུབ་མོ་བཀུག་པ་དབྱུག་པའི་ རྣམ་པར་བྱས་ལ་གཡས་པའི་མཛུབ་མོ་བཀུག་པས་རྡོ་རྗེ་པི་ཝང་བརྡུང་བའི་ཚུལ་བྱའོ། །དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་ཀྱིས་གར་བྱས་ལ་མཉམ་པའི་ཐལ་མོ་སྤྱི་བོར་བཅིང་བ་བྱ་སྟེ་སྒེག་མོ་ལ་སོགས་པ་རྡོ་རྗེ་གར་མའི་མཐར་ཐུག་པའི་ཕྱག་རྒྱ་འདི་རྣམས་ཡིན་ནོ། །ཕྱག་རྒྱ་ རྣམ་པ་བརྒྱད་པོ་འདི་དག་གིས་དེ་བཞིན་གཤེགས་པའི་རིགས་ལ་མཆོད་པར་བྱའོ། །དེ་ལྟར་མཆོད་པ་རྣམ་པ་བརྒྱད་ཀྱི་ཕྱག་རྒྱ་རྣམས་བསྟན་ནས། ད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་གྱི་མཚན་ཉིད་བཤད་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་བཅིང་བའོ་ ཞེས་བྱ་བ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་ནི་དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་བཅིངས་ནས་བཅིང་བར་བྱ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཞེ་ན་གཡོན་པའི་ཞེས་བྱ་བ་ལ་སོགས་པ་ལ། གཡོན་པའི་དེ་བཞིན་གཤེགས་པའི་ཁུ་ཚུར་རང་གི་སྙིང་གར་བཞག་ 61-1-122a ལ། དེའི་མཛུབ་མོ་གཡས་པའི་དེ་བཞིན་གཤེགས་པའི་ཁུ་ཚུར་གྱིས་བྱང་ཆུབ་མཆོག་གི་ཚུལ་དུ་བསྒྲེང་བ་གཟུང་བར་བྱ་སྟེ། འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་ཞེས་བྱ་བའི་རྣམ་པར་སྣང་མཛད་ཀྱི་ལས་ཀྱི་ཕྱག་རྒྱའོ། །ལྷག་མའི་དོན་ནི་གོ་སླའོ། །དེ་ལ་ཕྱག་རྒྱ་ ཆེན་པོའི་བདག་ཉིད་ཐམས་ཅད་ཀྱི་ཆོ་ག་རྒྱས་པའོ་ཞེས་བྱ་བ་ལ། རྣམ་པར་སྣང་མཛད་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་ནི་ཇི་ལྟར་བྲིས་པའི་རྗེས་སུ་འབྲངས་པས་རྣམ་པར་སྣང་མཛད་ལ་སོགས་པའི་རང་བཞིན་ཅན་གྱི་བདག་ཉིད་རྣམ་པར་བསྒོམས་ནས་བཅིང་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །འདིས་ ནི་འདི་ལྟར་བཤད་པར་འགྱུར་ཏེ། དེ་བཞིན་གཤེགས་པའི་རྡོ་རྗེ་བླངས་ནས་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་འདུག་ལ། གཡོན་པའི་རྡོ་རྗེ་མཛུབ་མོ་ནི། །གཡས་པའི་ནང་དུ་བསྒྲེང་བར་བྱ། །བྱང་ཆུབ་མཆོག་གི་ཕྱག་རྒྱ་འདི། །སངས་རྒྱས་བྱང་ཆུབ་སྦྱིན་བྱེད་པའོ། ། ཞེས་བྱ་བ་འདི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོའོ། །པང་པར་ལག་པ་གཡོན་པ་གྱེན་དུ་འཛིན་པའི་ཚུལ་དུ་བཞག་ལ་ལག་པ་གཡས་པ་ས་ལ་རེག་པའི་ཚུལ་གྱིས་དེ་བཞིན་གཤེགས་པའི་རྡོ་རྗེ་དང་བཅས་པ་གང་ཡིན་པ་དེ་ནི་མི་བསྐྱོད་པའི་ཕྱག་རྒྱ་ཆེན་པོའོ། །མི་ བསྐྱོད་པའི་ཕྱག་རྒྱ་ཉིད་རིན་པོ་ཆེ་དང་བཅས་པའི་ལག་པ་གཡས་པས་མཆོག་སྦྱིན་པའི་ཚུལ་དུ་གཞག་པ་གང་ཡིན་པ་དེ་ནི་རིན་ཆེན་འབྱུང་ལྡན་གྱིའོ། །ལག་པ་གཡོན་པས་རྡོ་རྗེའི་པདྨ་བླངས་ཏེ་ཆོས་བསྟན་པ་གང་ཡིན་པ་དེ་ནི་འོད་དཔག་མེད་ཀྱིའོ། །མི་བསྐྱོད་པའི་ཕྱག་རྒྱ་ཆེན་པོ་ ཉིད་སྣ་ཚོགས་རྡོ་རྗེ་དང་བཅས་པའི་ལག་པ་གཡས་པས་མི་འཇིགས་པ་སྦྱིན་པའི་ཚུལ་དུ་གཞག་པ་གང་ཡིན་པ་དེ་ནི་དོན་ཡོད་གྲུབ་པའི་ཕྱག་རྒྱ་ཆེན་པོའོ། །རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་ནི་སེམས་དཔའི་རྡོ་རྗེ་མའིའོ། །རྡོ་རྗེ་བསྙེམས་པའི་ཕྱག་རྒྱ་ཆེན་པོ་ནི་རྡོ་རྗེ་རིན་ཆེན་མའིའོ། ། འཇིག་རྟེན་དབང་ཕྱུག་གི་ཕྱག་རྒྱ་ཆེན་པོ་ནི་ཆོས་ཀྱི་རྡོ་རྗེ་མའིའོ། །རྡོ་རྗེ་ལས་ཀྱི་ཕྱག་རྒྱ་ཆེན་པོ་ནི་ལས་ཀྱི་རྡོ་རྗེ་མའིའོ། །དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་ཀྱི་དེ་བཞིན་གཤེགས་པའི་རྡོ་རྗེ་གཉིས་བསྙེམས་པ་གཉིས་ཀྱིས་གནས་པ་གང་ཡིན་པ་དེ་ནི་སྒེག་མོའིའོ། །རྡོ་རྗེ་རྩེ་གསུམ་ 61-1-122b པས་མཚན་པའི་ལག་པ་གཉིས་འདེགས་ཤིང་གར་གྱི་ཚུལ་གྱིས་གནས་པ་ནི་གར་མའིའོ། །ལག་པ་གཉིས་ཀྱིས་རྡོ་རྗེའི་ལྕགས་ཀྱུ་བླངས་ཏེ་དེས་དེ་བཞིན་གཤེགས་པ་ཐམས་ཅད་འགུགས་པར་བྱེད་པ་ནི་རྡོ་རྗེ་ལྕགས་ཀྱུའིའོ། །ལག་པ་གཉིས་ཀྱིས་རྡོ་རྗེ་ཞགས་པ་བླངས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ གཞུག་པར་བྱེད་པ་ནི་རྡོ་རྗེ་ཞགས་པ་མའིའོ། །ལག་པ་གཉིས་ཀྱིས་རྡོ་རྗེ་ལུ་གུ་རྒྱུད་བླངས་ནས་དེ་བཞིན་གཤེགས་པ་ཐམས་ཅད་འཆིང་བར་བྱེད་པའོ། །ལག་པ་གཡོན་པ་སྟན་ལ་བསྟེན་པའི་ཚུལ་ལ་གནས་པས་གཡས་པའི་དེ་བཞིན་གཤེགས་པའི་ཁུ་ཚུར་གྱིས་རྡོ་རྗེ་དྲིལ་བུ་དཀྲོལ་བར་བྱེད་ པ་ནི་རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཆེན་པོའོ། །དམ་ཚིག་གི་ཕྱག་རྒྱ་པདྨ་ཆེན་པོ་ཞེས་བྱ་བ་ལ་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་གི་དཀྱིལ་འཁོར་ཆེན་པོ་ལ་པདྨ་ཆེན་པོ་ཞེས་བྱ་བའི་དམ་ཚིག་གི་ཕྱག་རྒྱ་གང་ཡིན་པ་དེ་བཅིངས་པ་ཙམ་གྱིས་བཅོམ་ལྡན་འདས་འོད་དཔག་མེད་ཀྱི་དམ་ ཚིག་གི་ཕྱག་རྒྱ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་འདི་ཡིན་ཏེ་རྡོ་རྗེ་ཐལ་མོ་ཁ་འབུས་པའི་དབུས་མ་མཉམ་པའི་མཐེ་བོང་དང་མཐེའུ་ཆུང་ཁ་ཕྱེ་བས་འདབ་མ་བཞི་པ་ཞེས་བྱ་བའོ། །རྡོ་རྗེ་ཕྱག་རྒྱ་ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་ལས་བྱུང་བའི་དང་པོའི་རྡོ་རྗེའི་ཕྱག་རྒྱ་གང་ཡིན་པ་དེ་ཉིད་ བཅོམ་ལྡན་འདས་དོན་ཡོད་གྲུབ་པའི་དམ་ཚིག་གི་ཕྱག་རྒྱར་ཤེས་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་མཆོག་ནི་རྡོ་རྗེ་སེམས་དཔའི་དབང་བསྐུར་བའི་ཕྱག་རྒྱར་གང་བཤད་པ་དེ་ཉིད་རྣམ་པར་སྣང་མཛད་ཀྱི་དམ་ཚིག་གི་ཕྱག་རྒྱ་ཡིན་ནོ། །རྡོ་རྗེ་ལས་ཀྱི་ཕྱག་རྒྱ་བཤད་ པའོ་ཞེས་བྱ་བ་ལ་དུམ་བུ་དང་པོ་ལས་བཅོམ་ལྡན་འདས་ནམ་མཁའ་མཛོད་ཀྱི་ཕྱག་རྒྱར་གང་བཤད་པ་དེ་ཉིད་རྡོ་རྗེ་ལས་མར་ཤེས་པར་བྱའོ། །ཡང་རྡོ་རྗེ་བསྡམས་པ་ལས་བྱུང་བའི་རྡོ་རྗེ་རིན་ཆེན་གྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་སྲིན་ལག་དང་མཐེའུ་ཆུང་གཉིས་མཉམ་པའི་རྒྱལ་ མཚན་འཕྱར་བའི་མཛུབ་མོས་བྱ་བའོ། །རྡོ་རྗེ་ཐལ་མོ་འོག་ཏུའོ། །ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་ཐལ་མོ་འོག་ཏུ་ཁ་བལྟས་པར་བཅངས་ལ་མཛུབ་མོ་དང་མཐེ་བོང་དག་གིས་རྡོ་རྗེ་རིན་པོ་ཆེར་བྱས་ལ་སྙིང་གའི་ཕྱོགས་སུ་བཞག་སྟེ། མཛོད་སྤུའི་ཕྱོགས་མཛུབ་མོ་དང་མཐེ་བོའི་ 61-1-123a རྩེ་མོ་གཟུང་བར་བྱ་སྟེ་འདི་ནི་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་དང་བཅོམ་ལྡན་འདས་མ་རྡོ་རྗེ་རིན་ཆེན་མའི་རྡོ་རྗེ་རིན་པོ་ཆེ་ཞེས་བྱ་བའི་དམ་ཚིག་གི་ཕྱག་རྒྱ་ཡིན་ནོ། །དེ་ཉིད་གྱེན་དུ་ཁ་བལྟ་བའི་མཛུབ་མོ་གཉིས་བཀུག་པས་རྡོ་རྗེ་པདྨའོ་ཞེས་བྱ་བ་ལ་འདས་མ་ཐག་ཏུ་བཤད་ པའི་རྡོ་རྗེ་རིན་པོ་ཆེའི་ཕྱག་རྒྱ་ཉིད་གྱེན་དུ་ཁ་བལྟ་བར་བྱས་པའི་མཛུབ་མོ་གཉིས་པདྨའི་རྣམ་པ་ཅན་དུ་བྱ་སྟེ་འདི་ནི་རྡོ་རྗེ་པདྨ་ཞེས་བྱ་བའི་རྡོ་རྗེ་ཆོས་མའིའོ། །སེམས་མ་རྡོ་རྗེ་མ་ནི་ཕྱི་རོལ་དུ་དབུས་མ་བཅིངས་པའོ་ཞེས་བྱ་བ་ལ་རྡོ་རྗེ་བསྡམས་པའི་དབུས་མ་བསྒྲེང་བའི་ལུ་གུ་མཉམ་པ་ཞེས་བྱ་ བའི་དོན་ཏེ་འདི་ནི་རྡོ་རྗེ་སེམས་མའི་དམ་ཚིག་གི་ཕྱག་རྒྱའོ། །མཉམ་པའི་ཐལ་མོ་བསྐོར་བས་སྙིང་གར་རྣམ་པར་འཕྲུལ་པ་བསྟན་པར་བྱ་སྟེ། འདི་ནི་སྒེག་མོའི་ཕྱག་རྒྱའོ། །མཉམ་པའི་ཐལ་མོ་དགོད་ཅིང་ཡོངས་སུ་བསྐོར་བས་སྤྱི་བོར་གཟུང་བར་བྱ་སྟེ་འདི་ནི་བཞད་མའིའོ། །མཉམ་ པའི་ཐལ་མོ་གཡོན་པའི་མཛུབ་མོ་དབྱུག་པའི་ཚུལ་དུ་བཀུག་ལ་གཡས་པའི་མཛུབ་མོ་བཀུག་པས་པི་ཝང་བརྡུང་བའི་ཚུལ་དུ་བྱས་ཏེ་འདི་ནི་གླུ་ཆེན་མའིའོ། །དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་ཀྱིས་གར་བྱ་ཞིང་སྤྱི་བོར་མཉམ་པའི་ཐལ་མོ་བཅིང་བར་བྱ་སྟེ་འདི་ནི་གར་མའི་དམ་ཚིག་གི་ ཕྱག་རྒྱའོ། །རྡོ་རྗེ་བསྡམས་པའི་མཛུབ་མོ་གཉིས་ཀྱིས་ལྕགས་ཀྱུ་ནི་རྡོ་རྗེ་ལྕགས་ཀྱུ་མའིའོ། །རྡོ་རྗེ་བསྡམས་པའི་གཡོན་པའི་མཛུབ་མོ་ལྕགས་ཀྱུས་གཟུང་བར་བྱས་ལ་རྡོ་རྗེ་ཞགས་པ་མའིའོ། །རྡོ་རྗེ་བསྡམས་པ་བཅིངས་ནས་མཛུབ་མོ་དང་མཐེ་བོང་མདུད་པ་ནི་རྡོ་རྗེ་ལྕགས་སྒྲོག་གིའོ། ། རྡོ་རྗེ་བསྡམས་པ་བཅིངས་ནས་མཐེ་བོང་གཉིས་ནང་དུ་བཅུག་སྟེ་རང་གི་མཐེའུ་ཆུང་དང་སྲིན་ལག་གི་ནང་གཟུང་བར་བྱས་ཏེ་འདི་ནི་རྡོ་རྗེ་དྲིལ་བུ་མའི་དམ་ཚིག་གི་ཕྱག་རྒྱའོ། །ཆོས་ཕྱག་རྒྱ་ཞེས་བྱ་བ་ལ་རང་བཞིན་གྱིས་དག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་སྟོན་པར་བྱེད་པའི་ ཡི་གེ་རྣམས་ནི་ཆོས་ཀྱི་ཕྱག་རྒྱ་སྟེ་ཡི་གེ་ཨ་ནི་རྣམ་པར་སྣང་མཛད་ཀྱིའོ། །ཡི་གེ་ཧོ་ནི་མི་བསྐྱོད་པའིའོ། །ཏྲཾ་ནི་རིན་ཆེན་འབྱུང་ལྡན་གྱིའོ། །ཡི་གེ་ཧྲཱིཿནི་འོད་དཔག་ཏུ་མེད་པའིའོ། །ཡི་གེ་ཧཱུཾ་ནི་དོན་ཡོད་གྲུབ་པའོ། །ལྷག་མ་རྣམས་ཀྱི་ནི་རང་གི་སྙིང་པོ་ཁོ་ནའོ། །དེ་ནས་ཀྱི་ 61-1-123b སྒྲ་ནི་སྔ་མ་བཞིན་ནོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ཅན་གྱི་ལས་སྟོན་པར་བྱེད་པའི་ཕྱག་རྒྱ་ནི་ལས་ཀྱི་ཕྱག་རྒྱ་སྟེ། དེའི་མཚན་ཉིད་འདི་ཡིན་ནོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །རྡོ་རྗེ་ཁུ་ཚུར་མཐེ་བོང་བཞག་པས་དེ་བཞིན་གཤེགས་པའི་ཁུ་ཚུར་རོ་ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་ནང་དུ་ བཅིངས་ལ་མཐེ་བོང་གཉིས་བཞག་ལ་མཛུབ་མོ་གཉིས་ཀྱི་རྩེ་མོས་རང་གི་མཐེ་བོང་མནན་པར་བྱ་སྟེ་འདི་ནི་འདིར་རྡོ་རྗེ་ཁུ་ཚུར་ཡིན་ནོ། །འདི་བཅིངས་ནས་མཐེ་བོང་གཉིས་ཕྱིར་ཕྱུང་སྟེ། ཡང་དག་པར་སྦྱར་བར་བྱས་ལ་རྩེ་མོའི་ཚུལ་དུ་གཟུང་བར་བྱ་སྟེ། འདི་ནི་རྡོ་རྗེ་ཁུ་ཚུར་མཐེ་བོང་བཞག་ པས་དེ་བཞིན་གཤེགས་པའི་ཁུ་ཚུར་རོ་ཞེས་བྱའོ། །དེ་གཉིས་སུ་བྱས་པས་དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་སུ་འགྱུར་རོ། །གཡོན་པ་དེ་བཞིན་གཤེགས་པའི་ཁུ་ཚུར་གྱིས་མཛུབ་མོ་སྙིང་གའི་ཕྱོགས་སུ་བསྒྲེང་བ་གཡས་པའི་དེ་བཞིན་གཤེགས་པའི་ཁུ་ཚུར་གྱིས་བྱང་ཆུབ་ མཆོག་གི་ཚུལ་དུ་གཟུང་བར་བྱ་སྟེ། དེ་ལྟར་ན་དེ་བཞིན་གཤེགས་པའི་ཁུ་ཚུར་བཅིང་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་ཏེ། དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་ཞེས་བྱ་བ་ལ་སོགས་པ་བཤད་པ་ཡིན་ནོ། །དེ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ལས་ཀྱི་ཕྱག་ རྒྱའོ། །གཡོན་ཆོས་གོས་དང་བཅས་པ་ཞེས་བྱ་བ་ལ་གཡོན་པའི་དེ་བཞིན་གཤེགས་པའི་ཁུ་ཚུར་ཆོས་གོས་ཀྱི་མཐའ་མ་འཛིན་པའི་ཚུལ་གྱིས་རང་གི་སྙིང་གར་བསྟོད་པའི་ཚུལ་གྱིས་གཟུང་བར་བྱའོ། །གཡས་པའི་དེ་བཞིན་གཤེགས་པའི་ཁུ་ཚུར་གྱི་སོར་མོ་ཐམས་ཅད་རབ་ཏུ་བརྐྱང་ བས་ས་ལ་རེག་པའི་ཚུལ་གྱིས་གཟུང་བར་བྱ་སྟེ་འདི་ནི་རབ་ཏུ་རྒྱལ་བར་བྱེད་པ་ཞེས་བྱ་བ་བཅོམ་ལྡན་འདས་མི་བསྐྱོད་པའི་ལས་ཀྱི་ཕྱག་རྒྱའོ། །དེས་བདུད་ཐམས་ཅད་ཀྱི་སྟོབས་འཇོམས་པའོ་ཞེས་བྱ་བ་ལ་ཇི་སྐད་དུ། མཚན་ཕྱེད་ཀྱི་དུས་སུ་བདུད་ཐམས་ཅད་ཀྱི་སྟོབས་བལྟས་ཏེ་དེས་ན་བདུད་ ཐམས་ཅད་རབ་ཏུ་འཇོམས་པར་བྱེད་པས་བདུད་གཞོམ་པར་བྱའོ་ཞེས་བྱ་བ་གསུངས་ཏེ་དེ་ཡིས་དེ་བྱ་བ་ཡིན་ནོ། །འདས་མ་ཐག་ཏུ་བཤད་པའི་མི་བསྐྱོད་པའི་ལས་ཀྱི་དེ་ཉིད་བཅིངས་པ་ཡོངས་སུ་བསྐོར་ཏེ་ཁ་གྱེན་དུ་བལྟ་བར་བྱས་ན་འདོན་པར་བྱེད་ཅིང་གཟེངས་སྟོད་པར་བྱེད་ཅེས་བྱ་བ་རིན་ཆེན་ 61-1-124a འབྱུང་ལྡན་གྱི་ལས་ཀྱི་ཕྱག་རྒྱ་སྟེ། དེ་ཉིད་ལྷ་ལ་སོགས་པའི་སེམས་ཅན་རྣམས་སློང་བར་བྱེད་པས་ན་ལྟུང་བ་འདོན་པ་དང་། རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་རྣམས་སུ་སློབ་དཔོན་དང་སློབ་མ་རྣམས་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་བྱེད་པ་ ཡིན་ནོ། །འདིས་ནི་འདི་ལྟར་བཤད་པར་འགྱུར་ཏེ། མི་བསྐྱོད་པའི་ཕྱག་རྒྱ་ཉིད་བཅིངས་ནས་ལག་པ་གཡས་པ་ཁ་གྱེན་དུ་བལྟ་བར་བྱས་ཏེ་མཆོག་སྦྱིན་གྱི་ཚུལ་དུ་གཟུང་བར་བྱ་སྟེ། འདི་ནི་གཟེངས་བསྟོད་པ་ཞེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་གྱི་ལས་ཀྱི་ཕྱག་རྒྱ་ཡིན་ནོ། །མི་བསྐྱོད་པའི་ལས་ཀྱི་ ཕྱག་རྒྱ་དེ་ཉིད་བཅིངས་ནས་པདྨའི་འདབ་མ་ཁ་ཕྱེ་བའི་ཚུལ་དུ་གཡས་པའི་མཐེ་བོང་དང་མཛུབ་མོ་དག་གིས་གཡོན་པའི་དེ་བཞིན་གཤེགས་པའི་ཁུ་ཚུར་གྱི་རང་བཞིན་གྱི་ཆོས་གོས་ཀྱི་མཐའ་མ་འཛིན་པའི་ཚུལ་ཁ་འབྱེད་པར་བྱེད་པའོ། །དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་བྱེད་པའི་ཆོས་ སྟོན་པར་བྱེད་པས་ན་ཆོས་འབྱུང་ཞེས་བྱ་བའོ། །ལས་གང་དང་ལྡན་པ་ཡིན་ཞེ་ན། ཆོས་ཐམས་ཅད་རྣམ་པར་སྦྱོང་བར་བྱེད་པའོ་ཞེས་བྱ་བ་ཆོས་ཀྱང་ཡིན་ལ་ཐམས་ཅད་ཀྱང་དེ་ཉིད་ཡིན་པས་ན་ཆོས་ཐམས་ཅད་དོ། །དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པ་ལ་དམིགས་པའི་སེམས་ དང་སེམས་ལས་བྱུང་བ་རྣམས་སོ། །དེ་དག་རྣམ་པར་སྦྱོང་བར་བྱེད་པ་ནི་དེ་རྟོགས་ཤིང་སྐྱེད་པར་བྱེད་པའོ། །འདིས་འདི་ལྟར་བཤད་པར་འགྱུར་ཏེ། མི་བསྐྱོད་པའི་ལས་ཀྱི་ཕྱག་རྒྱ་དེ་ཉིད་བཅིངས་ནས་ལག་པ་གཡས་པའི་མཛུབ་མོ་དང་མཐེ་བོང་དག་གིས་གཡོན་པའི་ཁུ་ཚུར་པདྨ་ཁ་ཕྱེ་བའི་ཚུལ་དུ་ མཐེའུ་ཆུང་ནས་བརྩམས་ཏེ་སེར་མོ་ཐམས་ཅད་ཁ་ཕྱེ་བར་བྱས་ཏེ་འདི་ནི་འོད་དཔག་ཏུ་མེད་པའི་ལས་ཀྱི་ཕྱག་རྒྱ་ཆོས་འབྱུང་བ་ཞེས་བྱ་བ་ཡིན་ནོ། །མི་བསྐྱོད་པའི་ལས་ཀྱི་ཕྱག་རྒྱ་དེ་ཉིད་བཅིངས་ནས་ལག་པ་གཡས་པས་བ་དན་གསུམ་བྱས་ལ་མི་འཇིགས་པ་སྦྱིན་པའི་ཚུལ་གྱིས་གཟུང་བར་བྱ་སྟེ་འདི་ ནི་སློང་བར་བྱེད་པ་ཞེས་བྱ་བ་དོན་ཡོད་གྲུབ་པའི་ཕྱག་རྒྱ་ཡིན་ཏེ་སྒྲུབ་པ་པོ་ལ་གདོན་མི་ཟ་བར་དངོས་གྲུབ་སྩོལ་བ་ཡིན་ནོ། །རྣམ་པར་སྣང་མཛད་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་འདི་རྣམས་ལག་པ་གཡས་པས་རང་གི་ལུས་རྫོགས་པར་བྱེད་པ་ན་གཡས་པས་ལས་བྱེད་པ་ཡིན་ནོ། །གདོན་མི་ 61-1-124b ཟ་བ་ནི་འབྲས་བུ་མེད་པ་མ་ཡིན་པའོ། །བཅིངས་པ་ཙམ་གྱིས་གྲུབ་པའོ། །ཞེས་བྱ་བ་ནི་ཕྱིར་མི་ལྡོག་པའི་ས་བོན་སྐྱེད་པར་བྱེད་པའི་ཕྱིར་རོ། །ལྷག་མ་ནི་ཇི་ལྟ་བ་བཞིན་དུ་བཟུང་བས་སོ་ཞེས་བྱ་བ་ལ་སོགས་པ་སེམས་མ་རྡོ་རྗེ་མ་ལ་སོགས་པ་ནས་རྡོ་རྗེ་དྲིལ་བུའི་མཐར་ཐུག་པའི་བར་དུ་ཇི་ལྟ་བ་བཞིན་དུ་ རང་གི་ཕྱག་མཚན་གཟུང་བ་བཤད་པ་དེ་བཞིན་དུ་དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་ཀྱིས་ལས་ཀྱི་ཕྱག་རྒྱ་བཅིང་བར་བྱའོ། །འདི་ལྟར་འཆད་པར་འགྱུར་ཏེ། དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་ཀྱིས་སེམས་དཔའི་ལས་ཀྱི་ཕྱག་རྒྱ་བཅིང་བ་ནི་སེམས་མ་རྡོ་རྗེ་མའིའོ། །ནམ་མཁའི་ སྙིང་པོའི་ལས་ཀྱི་ཕྱག་རྒྱ་བཅིང་བ་ནི་ཆོས་ཀྱི་རྡོ་རྗེ་མའིའོ། །སྣ་ཚོགས་རྡོ་རྗེ་ལས་ཀྱི་ཕྱག་རྒྱ་ནི་ལས་ཀྱི་རྡོ་རྗེ་མའི་ལས་ཀྱི་ཕྱག་རྒྱ་ཡིན་ནོ། །དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་བསྐོར་བས་སྙིང་གར་རྣམ་པར་འཕྲུལ་པ་བསྟན་པར་བྱ་སྟེ་སྒེག་མོའི་ཕྱག་རྒྱའོ། །དེ་བཞིན་གཤེགས་པའི་ཁུ་ཚུར་ གཉིས་དགོད་པའི་ཚུལ་གྱི་ཁར་ཡོངས་སུ་བསྐོར་ནས་སྤྱི་བོར་གཟུང་བར་བྱ་སྟེ། འདི་ནི་བཞད་མའིའོ། །གཡོན་པའི་དེ་བཞིན་གཤེགས་པའི་ཁུ་ཚུར་གྱི་མཛུབ་མོ་རབ་ཏུ་བརྐྱང་ནས་བཀུག་སྟེ་དབྱུག་པའི་ཚུལ་དུ་གཟུང་བར་བྱས་ལ་གཡས་པའི་དེ་བཞིན་གཤེགས་པའི་ཁུ་ཚུར་གྱིས་མཛུབ་ མོས་པི་ཝང་བརྡུང་བའི་ཚུལ་དུ་བྱས་ཏེ་འདི་ནི་གླུ་ཆེན་མོའིའོ། །དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་ཀྱིས་གར་བྱས་ལ་སྤྱི་བོར་མཉམ་པའི་ཐལ་མོ་བཅིང་བ་བྱ་སྟེ་འདི་ནི་གར་མའིའོ། །དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་བཅིངས་ལ་མཛུབ་མོ་གཉིས་ཀྱིས་ལྕགས་ཀྱུ་གཉིས་བྱ་ སྟེ་འདི་ནི་རྡོ་རྗེ་ལྕགས་ཀྱུ་མའིའོ། །དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་བཅིངས་ཏེ་གཡས་པའི་མཛུབ་མོའི་ལྕགས་ཀྱུ་གཡོན་པའི་མཛུབ་མོ་བསྒྲེང་བས་གཟུང་བར་བྱ་སྟེ་འདི་ནི་རྡོ་རྗེ་ཞགས་པ་མའིའོ། །དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་བཅིངས་ནས་མཛུབ་མོ་དང་ མཐེ་བོང་དག་གིས་མདུད་པ་བཅིང་བར་བྱ་སྟེ་འདི་ནི་རྡོ་རྗེ་ལྕགས་སྒྲོག་མའིའོ། །དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་བཅིངས་ནས་ཕན་ཚུན་དུ་ཡང་དག་པར་སྦྱར་བ་གཟུང་བར་བྱ་སྟེ་འདི་ནི་རྡོ་རྗེ་དྲིལ་བུའི་ལས་ཀྱི་ཕྱག་རྒྱའོ། །དེ་ནས་ལས་ཀྱི་ཕྱག་རྒྱ་ཞེས་བྱ་བ་ལ། དེ་ནས་ཀྱི་སྒྲ་ནི་ 61-1-125a སྔ་མ་བཞིན་ནོ། །ནད་འཇིག་པ་ལ་སོགས་པའི་ལས་རྫོགས་པར་བྱེད་པའི་ཕྱག་རྒྱ་ནི་ལས་ཀྱི་ཕྱག་རྒྱའོ། །དེ་རྣམས་ཀྱི་མཚན་ཉིད་བཤད་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་གྱིས་ནད་གཟིར་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པའི་ཁུ་ཚུར་བཅིངས་ལ་ གཡོན་པའི་རྡོ་རྗེ་སེར་མོ་བསྒྲེང་བ་གཡས་པས་གཟུང་བར་བྱ་སྟེ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་རོ། །འདིས་ནད་གཟིར་བར་བྱ་སྟེ་དེ་ལྟར་ན་ནད་ཐམས་ཅད་འཇིག་པར་འགྱུར་རོ། །དེ་ཉིད་བཅིངས་ནས་དེའི་རང་གི་མིག་ཡོངས་སུ་སྦྱང་བར་བྱ་སྟེ་དེ་ལྟར་ན་མྱ་ངན་འཇིག་པར་འགྱུར་རོ། ། དེ་ཉིད་སྙིང་གར་གཞག་པར་བྱ་སྟེ་དེ་ལྟར་ན་ཡིད་མི་བདེ་བ་ཐམས་ཅད་འཇིག་པར་འགྱུར་ཏེ་ཉིད་ཀྱིས་བྱབ་པར་བྱ་སྟེ་དེ་ལྟར་ན་ནད་ཐམས་ཅད་འཇིག་པར་འགྱུར་རོ། །དེ་ཉིད་ཀྱི་ཁུ་ཚུར་གྱིས་བླངས་ཏེ་དུག་འཕྲོག་པར་བྱ་སྟེ་དེ་ལྟར་ན་དུག་ཐམས་ཅད་འཇིག་པའོ། །དེ་ཉིད་བཅིངས་ནས་བཟའ་བ་ལ་ མངོན་པར་བསྔགས་ནས་བཟའ་བར་བྱ་སྟེ། དེ་ལྟར་ན་སྦྱར་བའི་དུག་འཇིག་པའོ། །དེ་ཉིད་བཅིངས་ནས་ཁྲོ་ཞིང་བྱུར་ལ་མངོན་པར་ཕྱོགས་པས་གཏོར་བར་བྱ་སྟེ་དེ་ལྟར་ན་བྱུར་འཇིག་པར་བྱེད་པའོ། །དེ་ཉིད་ཀྱིས་ཕུར་བུ་བླངས་ནས་སྟོན་པར་བྱ་སྟེ། དེ་ལྟར་བྱད་འཇིག་པར་བྱེད་པའོ། །དེ་ཉིད་ཀྱིས་ རྟིང་པ་ལ་རྡེག་པའི་ཚུལ་བྱ་སྟེ་དེ་ལྟར་རོ་ལངས་ཐམས་ཅད་འཇིག་པར་བྱེད་པའོ། །ཡི་གེ་ཨོཾ་བྲིས་ནས་ཕྱི་བར་བྱའོ་ཞེས་བྱ་བ་ལ་དེ་ཉིད་ཨོཾ་བྲིས་ནས་ཕྱི་བར་བྱ་སྟེ། དེ་ལྟར་ན་སྔགས་ཐམས་ཅད་འཇིག་པའོ། །སོར་མོ་རྣམས་ཀྱིས་གཟུང་བར་བྱ་སྟེ་དེ་ལྟར་ན་སྨན་ཐམས་ཅད་འཇིག་པའོ། །ཡི་གེ་ཧཱུཾ་དང་བཅས་ པས་བརྡེག་པར་བྱའོ་ཞེས་བྱ་བ་དེ་ཉིད་བཅིངས་ནས། ཨོཾ་བྷུ་ཁཾ་ཞེས་བྱ་བའི་ཡི་གེ་ཧཱུཾ་དང་བཅས་པའི་སྙིང་པོ་བཟླ་ཞིང་བགེགས་ལ་བརྡེག་པར་བྱ་སྟེ་དེ་ལྟར་ན་བགེགས་ཐམས་ཅད་འཇིག་པའོ། །ལོག་འདྲེན་ལ་བརྡེག་པར་བྱའོ་ཞེས་བྱ་བ་ལ་དེ་ཉིད་ཁྲོ་བ་དང་བཅས་པས་ལོག་འདྲེན་ལ་བརྡེག་པར་བྱ་སྟེ་ དེ་ལྟར་ན་ལོག་འདྲེན་ཐམས་ཅད་འཇིག་པར་བྱེད་པ་ཡིན་ནོ། །མཚོན་ཆ་བྲིས་ནས་ཕྱི་བར་བྱའོ་ཞེས་བྱ་བ་ལ་དེ་ཉིད་ཀྱིས་རལ་གྲི་བྲིས་ནས་ཕྱི་བར་བྱ་སྟེ། དེ་ལྟར་ན་སྡིག་པ་ཐམས་ཅད་འཇིག་པའོ། །ཀུན་དུ་སྦྱིན་སྲེག་བྱའོ་ཞེས་བྱ་བ་ལ་དེ་ཉིད་ཀྱིས་སྦྱིན་སྲེག་གི་ཚུལ་བྱས་ཏེ། དེ་ལྟར་ན་རྨི་ 61-1-125b ལམ་ངན་པ་ཐམས་ཅད་འཇིག་པའོ། །དཱུར་བའི་སྦྱིན་སྲེག་བྱའོ་ཞེས་བྱ་བ་ལ་དེ་ཉིད་ཀྱི་སྦྱིན་སྲེག་གི་ཆོ་གས་དཱུར་བའི་སྦྱིན་སྲེག་བྱ་སྟེ། དེ་ལྟར་ན་དུས་མ་ཡིན་པའི་འཆི་བའི་འཇིགས་པ་མེད་དོ། །སྤྱི་བོར་བཞག་ནས་བལྟ་བར་བྱབ་པར་བྱའོ་ཞེས་བྱ་བ་ལ་དེ་བཅིངས་ནས་ནད་མེད་པའི་སྤྱི་བོར་བཞག་ལ་བྱབ་ པར་བྱ་སྟེ་དེ་ལྟར་ན་རིམས་ཐམས་ཅད་འཇིག་པར་འགྱུར་རོ། །སྐྲ་ནས་བཟུང་ཞིང་བསྐྱོད་པར་བྱའོ་ཞེས་བྱ་བ་ལ་དེ་ཉིད་ཀྱིས་ནད་པའི་སྐྲ་ལ་བཟུང་ཞིང་བསྐྱོད་པར་བྱ་སྟེ། དེ་ལྟར་ན་གདོན་འཇིག་པར་འགྱུར་རོ། །སྟེང་དུ་ཁ་ཊྭཱཾ་ག་གཟུང་བའོ་ཞེས་བྱ་བ་ལ་ཉིད་བཅིངས་ནས་སྟེང་དུ་ཁ་ཊྭཱཾ་ག་ འཛིན་པའི་ཚུལ་དུ་གཟུང་བར་བྱ་སྟེ་དེ་ལྟར་ན་མཁའ་འགྲོ་མ་ཐམས་ཅད་འཇིག་པར་འགྱུར་རོ། །རང་གི་ཁྱིམ་དུ་བསྐོར་བར་བྱའོ་ཞེས་བྱ་བ་ལ་དེ་ཉིད་བཅིངས་ནས་རང་གི་ཁྱིམ་དུ་བསྐོར་བར་བྱ་སྟེ་དེ་ལྟར་ན་ཐམས་ཅད་འཇིག་པར་འགྱུར་རོ། །རང་གི་ཁྱིམ་དུ་གཞག་པར་བྱའོ་ཞེས་བྱ་བ་ལ་དེ་ ཉིད་བཅིངས་ནས་རང་གི་ཁྱིམ་དུ་རྡོ་རྗེའི་རིགས་དགོད་པའི་ཚུལ་གྱིས་གཞག་པར་བྱ་སྟེ་དེ་ལྟར་ན་ཉེ་བར་འཚེ་བ་ཐམས་ཅད་འཇིག་པར་འགྱུར་རོ། །འཇུག་པ་ཞེས་བྱ་བ་ནི་དེ་ཉིད་བཅིངས་ནས་ཁྱིམ་དུ་ཞུགས་ན་ལྟས་ངན་པ་ཐམས་ཅད་འཇིག་པར་འགྱུར་རོ། །སྙིང་ག་ལ་གདོན་པར་བྱའོ་ཞེས་བྱ་ བ་ལ་དེ་ཉིད་ལ་བཅིང་ནས་སྙིང་གའི་ཕྱོགས་ནས་གདོན་པར་བྱ་སྟེ། དེ་ལྟར་ན་གདོན་ཐམས་ཅད་འཇིག་པར་འགྱུར་རོ། །ལུས་ལ་བསྐོར་བར་བྱའོ་ཞེས་བྱ་བ་ལ་དེ་ཉིད་བཅིངས་ནས་ལུས་ལ་བསྐོར་བར་བྱ་སྟེ་དེ་ལྟར་ན་ལུས་ཀྱི་སྡུག་བསྔལ་ཐམས་ཅད་འཇིག་པར་འགྱུར་རོ། །ངག་འབྱིན་པའོ་ ཞེས་བྱ་བ་ལ་དེ་ཉིད་ཀྱིས་སྔགས་འབྱིན་པའི་ཚུལ་བྱ་སྟེ་དེ་ལྟར་ན་ངག་གི་སྡུག་བསྔལ་ཐམས་ཅད་འཇིག་པར་འགྱུར་རོ། །སྙིང་གར་བཙིར་བར་བྱའོ་ཞེས་བྱ་བ་ལ་དེ་ཉིད་བཅིངས་ནས་སྙིང་གའི་ཕྱོགས་སུ་བཙིར་བར་བྱ་སྟེ་དེ་ལྟར་ན་སེམས་ཀྱི་སྡུག་བསྔལ་ཐམས་ཅད་འཇིག་པར་འགྱུར་རོ། ། དེ་ལྟར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱས་ལས་སྒྲུབ་པ་བསྟན་ནས་ད་ནི་དེ་ཉིད་དམ་ཚིག་གི་ཕྱག་རྒྱས་ལས་སྒྲུབ་པ་བཤད་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོའོ་ཞེས་བྱ་བ་གསུངས་ཏེ། འདིར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ནི་དེ་བཞིན་གཤེགས་ 61-1-126a པ་སྟེ། དེའི་ཕྱག་རྒྱ་ཆེན་པོ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་མཆོག་ཅེས་བྱ་བ་ཇི་ལྟ་བ་བཞིན་དུ་བཤད་པའི་མཚན་ཉིད་ཅན་བཅོམ་ལྡན་འདས་ཀྱི་དམ་ཚིག་གི་ཕྱག་རྒྱའོ། །དེ་བཅིངས་ནས་རང་གི་སྙིང་གར་བརྟན་པར་བྱ་སྟེ་དེ་ལྟར་ན་ཚེ་རིང་པོར་འཕེལ་བར་འགྱུར་རོ། ། དབང་པོ་ལ་གཞག་པར་བྱའོ་ཞེས་བྱ་བ་ལ་དེ་ཉིད་བཅིངས་ནས་དབང་པོ་ཐམས་ཅད་ལ་གཞག་པར་བྱ་སྟེ་དེ་ལྟར་ན་ཚོད་ཆེན་པོ་འཕེལ་བར་འགྱུར་རོ། །ཁ་ལ་ཞེས་བྱ་བ་ནི་དེ་ཉིད་བཅིངས་ནས་རང་གི་སྙིང་གར་གཟུང་བར་བྱ་སྟེ་དེ་ལྟར་ན་གཟུགས་ཆེན་པོ་འཕེལ་བར་འགྱུར་རོ། །དེ་ཉིད་ལ་བསྐོར་བར་ བྱའོ་ཞེས་བྱ་བ་ལ་དེ་བཅིངས་ནས་རང་གི་སྙིང་གར་བསྐོར་བར་བྱ་སྟེ་དེ་ལྟར་ན་ཁ་དོག་ཆེན་པོ་འཕེལ་བར་འགྱུར་རོ། །དཔྲལ་བར་གཞག་པར་བྱའོ་ཞེས་བྱ་བ་ལ་དེ་ཉིད་བཅིངས་ནས་དཔྲལ་བར་གཟུང་བར་བྱ་སྟེ་དེ་ལྟར་ན་གཟི་བརྗིད་ཆེན་པོ་འཕེལ་བར་འགྱུར་རོ། །སྙིང་གར་ཞེས་བྱ་བ་ལ་དེ་ཉིད་བཅིངས་ ནས་སྙིང་གར་གཟུང་བར་བྱ་སྟེ་དེ་ལྟར་ན་གཟི་བརྗིད་མངོན་པར་འཕེལ་བར་འགྱུར་རོ། །དཔུང་པ་གཉིས་ལ་ཞེས་བྱ་བ་ནི་དེ་ཉིད་དཔུང་པ་གཉིས་ལ་གཟུང་བར་བྱ་སྟེ་དེ་ལྟར་ན་སྟོབས་འཕེལ་བར་འགྱུར་རོ། །བརླ་གཉིས་ལ་ཞེས་བྱ་བ་ནི་དེ་ཉིད་བརླ་གཉིས་སུ་གཟུང་བར་བྱ་སྟེ་དེ་ལྟར་ན་སྤྲོ་བ་ འཕེལ་བར་འགྱུར་རོ། །ཕྲེང་བ་འཆིང་བ་ཞེས་བྱ་བ་ནི་དེ་ཉིད་ཀྱིས་ཕྲེང་བ་འཆིང་བའི་ཚུལ་བྱ་སྟེ་དེ་ལྟར་ན་བརྩོན་འགྲུས་འཕེལ་བར་འགྱུར་རོ། །དབང་པོ་རྣམས་ལ་ཞེས་བྱ་བ་ནི་དེ་ཉིད་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་ཀྱི་དབང་པོ་རྣམས་ལ་གཟུང་བར་བྱ་སྟེ་དེ་ལྟར་ན་དཔལ་ཆེན་པོ་འཕེལ་བར་འགྱུར་རོ། །སྤྱི་བོ་ལ་ ཞེས་བྱ་བ་ནི་དེ་ཉིད་སྤྱི་བོར་གཟུང་བར་བྱ་སྟེ། དེ་ལྟར་ན་དཔལ་དང་སྐལ་བ་བཟང་པོ་འཕེལ་བར་འགྱུར་རོ། །ཁ་ལ་ཞེས་བྱ་བ་ནི་དེ་ཉིད་ཁར་གཟུང་བར་བྱ་སྟེ་དེ་ལྟར་ན་བསོད་ནམས་འཕེལ་བར་འགྱུར་རོ། །ཁ་ལས་བཏོན་ནས་ཞེས་བྱ་བ་ལ་དེ་ཉིད་ཁའི་ཕྱོགས་ལས་གྱེན་དུ་དྲང་བར་བྱ་སྟེ་དེ་ལྟར་ན་མིང་འཕེལ་བར་ འགྱུར་རོ། །ཐམས་ཅད་དུ་བསྐོར་བར་བྱའོ་ཞེས་བྱ་བ་ནི་དེ་ཉིད་ཕྱོགས་བཅུར་བསྐོར་བར་བྱ་སྟེ་དེ་ལྟར་ན་སྙན་པའི་སྒྲ་འཕེལ་བར་འགྱུར་རོ། །ཕྱོགས་སུ་བསྐོར་བར་བྱའོ་ཞེས་བྱ་བ་ལ་དེ་ཉིད་གྲགས་པ་འཕེལ་བའི་བསམ་པས་ཕྱོགས་བཅུར་བསྐོར་བ་བྱ་སྟེ་དེ་ལྟར་ན་གྲགས་པ་འཕེལ་བར་འགྱུར་རོ། ། 61-1-126b རང་དང་གཞན་དག་དེ་བཞིན་གཤེགས་པ་རྗེས་སུ་དྲན་པའོ་ཞེས་བྱ་བ་ལ་དེ་ཉིད་བཅིངས་ནས་སངས་རྒྱས་ཀྱི་གཟུགས་སུ་བདག་ཉིད་དམ་མདུན་དུ་བསྒོམ་པར་བྱ་སྟེ་དེ་ལྟར་ན་དྲན་པ་འཕེལ་བར་འགྱུར་རོ། །སྙིང་ག་ལས་གདོན་པའོ་ཞེས་བྱ་བ་ལ་དེ་ཉིད་བཅིངས་ནས་སྙིང་ག་ལས་སྟེང་དུ་དྲང་བར་ བྱའོ། །དེ་ལྟར་ན་བློ་གྲོས་འཕེལ་བར་འགྱུར་རོ། །སྙིང་གར་བཞག་ནས་དགའ་བ་བསྐྱེད་པར་བྱའོ་ཞེས་བྱ་བ་ལ་དེ་ཉིད་སྙིང་གའི་ཕྱོགས་སུ་བཟུང་ཞིང་དགའ་བ་མངོན་དུ་བྱ་བ་སྟེ། དེ་ལྟར་ན་བརྟན་པ་འཕེལ་བར་འགྱུར་རོ། །སངས་རྒྱས་ཉིད་བསྐྱེད་པར་བྱའོ་ཞེས་བྱ་བ་ལ་དེ་ཉིད་བཅིངས་ནས་བདག་ཉིད་ སངས་རྒྱས་ཀྱི་གཟུགས་སུ་བསྒོམ་པར་བྱ་སྟེ་དེ་ལྟར་ན་དེ་བཞིན་གཤེགས་པ་འཕེལ་བར་འགྱུར་རོ། །སངས་རྒྱས་ཐམས་ཅད་བདག་ཉིད་བསྒོམ་པའོ་ཞེས་བྱ་བ་ལ་དེ་ཉིད་བཅིངས་ནས་ཆོས་ཀྱི་འཁོར་ལོ་ལས་བསྟན་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་སངས་རྒྱས་ཀྱི་ངོ་བོར་བདག་ཉིད་བསྒོམ་ པར་བྱ་སྟེ་དེ་ལྟར་ན་ཏིང་ངེ་འཛིན་འཕེལ་བར་འགྱུར་རོ། །ཕུང་པོ་ལྔ་ལ་གཞག་པར་བྱའོ་ཞེས་བྱ་བ་ལ་དེ་ཉིད་བཅིངས་ནས་གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་ཕུང་པོ་རྣམས་ལ་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་དེ་བཞིན་གཤེགས་པའི་སྒོམ་པས་གཟུང་བར་བྱ་ སྟེ་དེ་ལྟར་ན་ཆོ་ག་འཕེལ་བར་འགྱུར་རོ། །རྫ་མཁན་གྱི་འཁོར་ལོ་ལྟར་བསྐོར་བར་བྱའོ་ཞེས་བྱ་བ་ལ་དེ་ཉིད་རྫ་མཁན་གྱི་འཁོར་ལོའི་ཚུལ་གྱིས་བསྐོར་བར་བྱ་སྟེ་དེ་ལྟར་ན་འདུ་བྱེད་འཕེལ་བར་འགྱུར་རོ། །ལུས་དྲན་པའོ་ཞེས་བྱ་བ་ལ་དེ་ཉིད་བཅིངས་ནས་བདག་ཉིད་རྣམ་པར་སྣང་མཛད་ཀྱི་སྐུར་བསྟན་ པར་བྱ་སྟེ་དེ་ལྟར་ན་ལུས་འཕེལ་བར་འགྱུར་རོ། །ལྕེ་ལ་གཞག་པར་བྱ་སྟེ་ཞེས་བྱ་བ་ནི་དེ་ཉིད་ལྕེར་གཞག་པར་བྱ་སྟེ་དེ་ལྟར་ན་ངག་འཕེལ་བར་འགྱུར་རོ། །ཡིད་ཀྱིས་མངོན་པར་འདུད་པར་བྱའོ་ཞེས་བྱ་བ་ལ་དེ་ཉིད་བཅིངས་ནས་སེམས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱ་སྟེ། དེ་ ལྟར་ན་ཡིད་འཕེལ་བར་འགྱུར་རོ། །གཏོང་བ་རྗེས་སུ་དྲན་པའོ་ཞེས་བྱ་བ་ལ་དེ་བཞིན་གཤེགས་པའི་སྐུ་མཆོག་དེ་ཉིད་བཅིངས་ནས་གཏོང་བ་རྗེས་སུ་དྲན་པ་བསྒོམ་པར་བྱ་སྟེ། དེ་ལྟར་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འགྲུབ་པར་འགྱུར་རོ། །ཚུལ་ཁྲིམས་ཞེས་བྱ་བ་ནི་དེ་ཉིད་བཅིངས་ནས་ 61-1-127a ཚུལ་ཁྲིམས་རྗེས་སུ་དྲན་པར་བསྒོམ་པར་བྱ་སྟེ་དེ་ལྟར་ན་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འགྲུབ་པར་འགྱུར་རོ། །བྱམས་པ་ཞེས་བྱ་བ་ལ་དེ་ཉིད་བཅིངས་ནས་བྱམས་པ་བསྒོམ་པར་བྱ་སྟེ་དེ་ལྟར་ན་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་འགྲུབ་པར་འགྱུར་རོ། །བརྩོན་འགྲུས་ཞེས་བྱ་བ་ནི་དེ་ཉིད་ བཅིངས་ནས་བརྩོན་འགྲུས་བརྩམ་པར་བྱ་སྟེ་དེ་ལྟར་ན་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འགྲུབ་པར་འགྱུར་རོ། །ཏིང་ངེ་འཛིན་ཞེས་བྱ་བ་ནི་དེ་ཉིད་བཅིངས་ནས་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་བྱ་སྟེ་དེ་ལྟར་ན་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་འགྲུབ་པར་འགྱུར་རོ། །སྟོབས་ཞེས་བྱ་བ་ལ་དེ་ཉིད་བཅིངས་ ནས་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་བྱ་སྟེ། དེ་ལྟར་ན་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་འགྲུབ་པར་འགྱུར་རོ། །ཐབས་ཞེས་བྱ་བ་ནི་དེ་ཉིད་བཅིངས་ནས་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་བྱ་སྟེ། དེ་ལྟར་ན་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་འགྲུབ་པར་འགྱུར་རོ། །རྡོ་རྗེ་ཞེས་བྱ་བ་ནི་དེ་ཉིད་བཅིངས་ནས་ མདུན་དུ་རྡོ་རྗེ་བསྒོམ་པར་བྱ་སྟེ་དེ་ལྟར་ན་རྡོ་རྗེ་འགྲུབ་པར་འགྱུར་རོ། །ངེས་པར་བརྗོད་པར་བྱ་བ་ནི་དེ་ཉིད་བཅིངས་ནས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པའི་གཟུངས་ངེས་པར་མངོན་དུ་བརྗོད་པའི་སྒོམ་པས་བསྒོམས་ན་དེ་ངེས་པར་བརྗོད་པ་འགྲུབ་པར་འགྱུར་རོ། །གཟུངས་ཞེས་བྱ་བ་ནི་དེ་ཉིད་ངེས་པར་ བཅིངས་ནས། དྲན་པ་དང་ཤེས་རབ་ཡང་དག་པར་ལྡན་པའི་དེ་བཞིན་གཤེགས་པའི་ཐུགས་བསྒོམས་པས་གཟུངས་འགྲུབ་པར་འགྱུར་རོ། །ས་ཞེས་བྱ་བ་ནི་དེ་ཉིད་བཅིངས་ནས་སངས་རྒྱས་ཀྱིས་བསྒོམས་ན་དེ་ཉིད་འགྲུབ་བོ། །སྤྱོད་པ་ཞེས་བྱ་བ་ནི་དེ་ཉིད་བཅིངས་ནས་ཕ་རོལ་ཏུ་ཕྱིན་པ་བཅུའི་སྤྱོད་པ་ བསྒོམས་པས་ཕ་རོལ་ཏུ་ཕྱིན་པ་བཅུའི་སྤྱོད་པ་འགྲུབ་པའོ། །སོ་སོ་ཡང་དག་པར་རིག་པ་བཞི་གྲུབ་པ་ཐོབ་པའོ། །མ་འདྲེས་པ་ཞེས་བྱ་བ་ནི་དེ་ཉིད་བཅིངས་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་བསྒོམས་པས་དེ་ཁོ་ན་ཉིད་འགྲུབ་པར་འགྱུར་རོ། །ཆོས་ཞེས་བྱ་བ་ནི་དེ་ཉིད་བཅིངས་ ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་བསྒོམས་པས་བྱང་ཆུབ་སེམས་དཔའ་རྡོ་རྗེ་ཆོས་འགྲུབ་པར་འགྱུར་རོ། །ལས་ཞེས་བྱ་བ་དེ་ཉིད་བཅིངས་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེ་ལས་བསྒོམས་པས་དེ་འགྲུབ་པའོ། །སྣ་ཚོགས་ལུས་ཞེས་བྱ་བ་ནི་དེ་ཉིད་བཅིངས་ནས་གཟུགས་ཐམས་ཅད་ 61-1-127b སྟོན་པའི་ཏིང་ངེ་འཛིན་བསྒོམས་ན་དེ་འགྲུབ་པ་ཡིན་ནོ། །སེམས་ཅན་གྱི་དོན་ཞེས་བྱ་བ་ལ་དེ་ཉིད་བཅིངས་ནས་སེམས་ཅན་གྱི་དོན་བསྒོམས་པས་དེ་འགྲུབ་པ་ཡིན་ནོ། །སངས་རྒྱས་ཀྱི་དོན་ཞེས་བྱ་བ་ལ་དེ་ཉིད་བཅིངས་ནས་སངས་རྒྱས་ཀྱི་དོན་བསྒོམས་པས་དེ་འགྲུབ་པ་ཡིན་ནོ། །ལུས་ཞེས་བྱ་བ་ལ་དེ་ ཉིད་བཅིངས་ནས་རྣམ་པར་སྣང་མཛད་ཀྱི་སྐུ་བསྒོམས་ནས་ལུས་འགྲུབ་པའོ། །ངག་ཅེས་བྱ་བ་དེ་ཉིད་བཅིངས་ནས་སྔ་མ་བཞིན་དུ་བསྒོམ་པར་བྱ་སྟེ་དེ་ལྟར་ན་ངག་འགྲུབ་པའོ། །ཡིད་ཅེས་བྱ་བ་ནི་དེ་ཉིད་བཅིངས་ནས་རྡོ་རྗེ་དམ་པ་དེ་ཉིད་དུ་བསྒོམ་པར་བྱ་སྟེ་དེ་ལྟར་ན་ཡིད་འགྲུབ་པའོ། །རྡོ་རྗེ་ཆེན་ པོ་ཞེས་བྱ་བ་ནི་དེ་ཉིད་བཅིངས་ནས་བདག་ཉིད་དེ་བཞིན་གཤེགས་པའི་རྡོ་རྗེར་བསྒོམ་པར་བྱ་སྟེ་དེ་ལྟར་ན་རྡོ་རྗེ་ཆེན་པོ་གྲུབ་པར་འགྱུར་རོ། །སླར་ཡང་དེ་ཉིད་བཅིངས་ནས། ཨོཾ་བོ་དྷི་ཙིཏྟ་བཛྲ་ཞེས་བྱ་བ་ལ་སོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་ཉི་ཤུ་རྩ་ལྔ་སྔ་མ་བཞིན་བསྒོམ་པར་བྱའོ། ། དེ་བཞིན་གཤེགས་པའི་རིགས་འདིར་ཆོས་ཀྱི་ངག་གི་ཟླ་བར་བྱ་བ་ཡིན་ནོ་ཞེས་རབ་ཏུ་བསྟན་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་བཟླས་པ་ནི་དེ་བཞིན་གཤེགས་པ་རྗེས་སུ་དྲན་པས་སོ་ཞེས་བྱ་བ་ལ་ཨོཾ་སརྦ་ཏ་ཐཱ་ག་ཏ་ཞེས་བྱ་བ་ལ་དེ་ཉིད་བཅིངས་ལ་རྡོ་རྗེ་སེམས་དཔའི་ བཟླས་པས་དེ་བཞིན་གཤེགས་པར་བདག་ཉིད་དམ་མདུན་དུ་བསྒོམ་པར་བྱ་ཞིང་བཟླས་པར་བྱའོ། །སྒྲུབ་པ་དེ་བཞིན་ནོ་ཞེས་བྱ་བ་ལ་དེ་བཞིན་གཤེགས་པ་ཟློས་པ་པོས་བུམ་པ་བཟང་པོ་ལ་སོགས་པའི་སྒྲུབ་པ་ནི་དེ་བཞིན་གཤེགས་པའི་རང་བཞིན་དུ་བསྒོམ་པར་བྱ་བ་ཡིན་ནོ། །ལས་ ལ་ཉེ་བར་སྦྱོར་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་དྲན་པས་སོ་ཞེས་བྱ་བ་ནི་ལས་བརྒྱ་སྒྲུབ་པ་དེ་བཞིན་གཤེགས་པའི་བདག་ཉིད་དུ་རྣམ་པར་བསམ་པར་བྱ་བ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་བཅིངས་ལ་ཞེས་བྱ་བ་ནི་འདས་མ་ཐག་ཏུ་བཤད་པའི་ཕྱག་ རྒྱ་བཅིངས་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡིན་གྱི་གཞན་གྱིས་ནི་མ་ཡིན་ནོ། །དཔལ་མཆོག་དང་པོའི་རྒྱ་ཆེར་བཤད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བ་ཞེས་བྱ་བ་ལས་དེ་བཞིན་གཤེགས་པའི་རིགས་ཀྱི་ཕྱག་རྒྱའི་རྟོག་པའི་བཤད་པ་རྫོགས་སོ།། །། 61-1-128a དེ་ལྟར་དེ་བཞིན་གཤེགས་པའི་ཕྱག་རྒྱའི་རྟོག་པ་བསྟན་ནས་དེ་ནི་རྡོ་རྗེ་རིགས་ཀྱི་ཕྱག་རྒྱའི་རྟོག་པ་བསྟན་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་དེ་ནས་ཀྱི་སྒྲ་ནི་སྐབས་སུ་བབ་པ་ལའོ། །རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་ཕྱག་རྒྱ་བཅིངས་པ་ཞེས་བྱ་བ་ནི་ཕྱག་རྒྱ་བཅིང་བའི་ མཚན་ཉིད་ཡིན་ནོ། །དེ་ལ་ཕྱག་རྒྱ་ཆེན་པོ་ནི་བདག་ཉིད་ཐམས་ཅད་རྡོ་རྗེ་ལས་སོ་ཞེས་བྱ་བ་ལ་སྔར་བཤད་པའི་ཚུལ་གྱིས་དམ་ཚིག་སེམས་དཔའ་བྱིན་གྱིས་བརླབ་པའི་ཆོ་ག་རྗེས་སུ་སྤྱད་ལ། སྐུ་གསུང་ཐུགས་རྡོ་རྗེ་ཉི་མ་མེ་ལྟར་འབར་བ་ལ་སོགས་པ་རང་ཉིད་དུ་འགྱུར་རོ་ཞེས་བྱ་བ་འདི་དག་ཉིད་ཐམས་ ཅད་ཀྱི་རྡོ་རྗེའོ། །བདག་ཉིད་ཐམས་ཅད་ཀྱི་རྡོ་རྗེ་དེ་ལས་ཕྱག་རྒྱ་ཆེན་པོ་བཅིངས་ནས་བྱའོ། །ཕྱག་རྒྱ་ཆེན་པོ་རྣམས་མཚན་ཉིད་དེ་ཡང་བྲི་བའི་ཕྱོགས་བསྟན་པ་ཡིན་ཏེ་དེ་ཉིད་ལས་ཤེས་པར་བྱའོ། །དམ་ཚིག་གཟུང་བའི་ཕྱག་རྒྱ་ནི་དམ་ཚིག་གི་ཕྱག་རྒྱའོ། །དེ་རྣམས་ཀྱི་རྒྱུད་ནི་འདི་ཡིན་ཏེ་རྡོ་རྗེ་ བསྡམས་པ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ནས་གྱེན་དུ་ཁ་བལྟ་བར་བྱས་ཏེ་མཐེའུ་ཆུང་དང་སྲིན་ལག་དང་གུང་མོ་དང་མཛུབ་མོའི་སོར་མོ་བརྒྱད་ཅུང་ཟད་ཟུར་དུ་ཁ་ལྟ་བར་བཞག་པ་རྣམས་ཀྱིས་འབར་བའི་དཀྱིལ་འཁོར་བྱ་སྟེ་གུང་མོ་དང་སྲིན་ལག་དག་གི་ནང་དུ་མཐེ་བོང་ གཉིས་ཡང་དག་པར་བཞག་སྟེ་རྩེ་མོ་སྟེང་དུ་ཁ་བལྟ་བར་བྱས་ནས་གཟུང་བར་བྱ་སྟེ་འདི་ནི་བཅོམ་ལྡན་འདས་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་དམ་ཚིག་གི་ཕྱག་རྒྱ་ཡིན་ནོ། །དེ་ཉིད་ཀྱི་འབྲས་བུ་བསྟན་པར་བྱ་བའི་ཕྱིར་ཁམས་གསུམ་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཉིད་ ཀྱིས་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་ཀྱིས་གཡོན་པའི་མཛུབ་མོ་བསྒྲེང་བས་སྡིགས་མཛུབ་བྱེད་ཅིང་གཡས་པའི་མཛུབ་མོ་བཀུག་ལ་ལྕགས་ཀྱུའི་རྣམ་པ་ཅན་གྱི་དཀྱིལ་འཁོར་རམ་རང་གི་ལུས་ལ་གཞན་དུ་སྤྱན་འདྲེན་པའི་སྔགས་ཀྱིས་བཅོམ་ལྡན་འདས་ འཁོར་དང་བཅས་པ་དགུག་པར་བྱ་སྟེ་དེ་ལྟར་ན་ཐམས་ཅད་བཀུག་པར་འགྱུར་རོ། །རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་གཡོན་པའི་ཁུ་ཚུར་གྱིས་ནོར་བུ་འཆིང་བའི་སྟེང་དུ་གཡས་པའི་ཁུ་ཚུར་གྱི་ནོར་བུ་བཅིངས་པ་བཞག་སྟེ་མཐེའུ་ཆུང་གཉིས་ 61-1-128b ཀྱི་ལྕགས་ཀྱུ་ཕན་ཚུན་དུ་བཅིང་བར་བྱས་ལ་མཛུབ་མོ་གཉིས་བསྒྲེང་བས་སྡིགས་མཛུབ་བྱེད་ཅིང་སྙིང་གའི་ཕྱོགས་སུ་སོ་སོར་གཟུང་བར་བྱ་སྟེ་འདི་ནི་རྡོ་རྗེ་ཧཱུཾ་མཛད་ཅེས་བྱ་བ་བཅོམ་ལྡན་འདས་ཀྱི་ལས་ཐམས་ཅད་ཀྱི་ཕྱག་རྒྱ་ཡིན་ནོ། །འདིས་དཀྱིལ་འཁོར་དུ་ཞུགས་ནས་ཡི་གེ་ཧཱུཾ་བརྗོད་ཅིང་བཅོམ་ ལྡན་འདས་ལ་སྡིགས་མཛུབ་བྱས་ན་ལས་ཐམས་ཅད་དང་དངོས་གྲུབ་ཐམས་ཅད་ཉམས་སུ་མྱོང་བ་ཡིན་ནོ། །ཡང་བསྒྲུབ་བྱའི་དངོས་པོ་གཞན་ལ་སྡིགས་མཛུབ་བྱ་སྟེ་དེ་ལྟར་ན་ཡང་ཇི་ལྟར་འདོད་པའི་དངོས་གྲུབ་སྒྲུབ་པར་འགྱུར་རོ། །རྡོ་རྗེ་ཐལ་མོ་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་ཐལ་མོ་བཅིངས་ནས་ མཛུབ་མོ་གཉིས་ཀྱི་རྩེ་མོ་ཡང་དག་པར་སྦྱར་བར་བྱས་ལ་དེ་ཉིད་ཐུར་དུ་ཁ་བསྟན་པ་དཔྲལ་བའི་ཕྱོགས་སུ་གཟུང་བར་བྱ་སྟེ། སོར་མོ་ལྷག་མ་རྣམས་ཀྱིས་མེ་ཏོག་གཏོར་བའི་ཚུལ་བྱ་སྟེ་འདི་ནི་ཡི་གེ་ཧོའི་རང་བཞིན་གྱིས་ཉེ་བའི་སྙིང་པོའི་ཕྱག་རྒྱ་རྡོ་རྗེ་ཁྲོ་གཉེར་ཞེས་བྱ་བའི་མིང་ཅན་ནོ། །ཐམས་ ཅད་སྲེག་པར་བྱེད་པའོ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །རྡོ་རྗེ་ཐལ་མོ་ལེགས་པར་བསྐོར་བས་གཡོན་པའི་མཛུབ་མོའི་ལྕགས་ཀྱུའོ་ཞེས་པ་ལ་རང་གི་སྙིང་གའི་ཕྱོགས་སུ་རྡོ་རྗེ་ཐལ་མོ་བཅིངས་ནས་གཡོན་དུ་བསྐོར་བར་བྱས་ནས་གཡོན་པའི་མཛུབ་མོ་ལྕགས་ཀྱུའི་རྣམ་པ་ཅན་གང་ཡིན་པ་དེ་ནི་ རྡོ་རྗེ་མཚོན་ཆ་འཛིན་པའི་དམ་ཚིག་གི་ཕྱག་རྒྱ་སྟེ། དགུག་པ་དང་གཞུག་པ་སྒྲུབ་པ་ཐམས་ཅད་ལ་དོན་ཡོད་པའོ། །རྡོ་རྗེ་པདྨ་དབུས་མ་མཉམ་པའི་ཁ་འབུས་ཀྱི་མཛོད་དོ་ཞེས་བྱ་བ་ལ་རྡོ་རྗེ་ཐལ་མོ་འོག་ཏུ་རབ་ཏུ་བརྐྱང་བའི་མཐེ་བོང་དང་མཛུབ་མོའི་རྩེ་མོ་མཉམ་པར་སྦྱར་བ་སྙིང་ག་ལ་བསྟོད་ནས་ དབང་བསྐུར་བའི་གནས་སུ་རྩེ་མོ་རབ་ཏུ་བཞག་པ་ནི་རྡོ་རྗེ་རིན་ཆེན་ནོ། །དེའི་སྟེང་དུ་ལྟ་བའི་མཛུབ་མོ་གཉིས་སྤྱི་བོར་བཞག་པ་རྡོ་རྗེ་པདྨ་ཞེས་བྱ་བ་སྟེ་དེ་བཞིན་གཤེགས་པའི་རྡོ་རྗེའི་རྟོག་པ་ལས་རྡོ་རྗེ་པདྨའི་མཚན་ཉིད་བཤད་པ་ཡིན་ནོ། །དེ་བཅིངས་ནས་སོར་མོ་དབུས་མ་གཉིས་ཀྱི་རྩེ་ མོའི་ཚིགས་གསུམ་པ་བཅག་པ་རལ་གྲིའི་ཚུལ་དུ་གཟུང་བར་བྱ་བ་འདི་ནི་མཛོད་འཛིན་མའི་དམ་ཚིག་གི་ཕྱག་རྒྱ་སྟེ་ཐམས་ཅད་གཅོད་པར་བྱེད་པའོ། །རྡོ་རྗེ་བསྡམས་པ་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་བསྡམས་པ་བཅིངས་ནས་གཡས་པའི་མཛུབ་མོ་བསྒྲེངས་པ་གཡོན་པའི་མཐེ་བོང་དང་ 61-1-129a མཛུབ་མོ་དག་ཕན་ཚུན་ཁ་ཡང་དག་པར་སྦྱར་བས་གཟུང་བར་བྱ་སྟེ་འདི་ནི་ཞགས་པ་འཛིན་མའིའོ། །ཐམས་ཅད་དགུག་པ་དང་། གཞུག་པ་དང་། མཆོག་ཏུ་གྲུབ་པའོ་ཞེས་བྱ་བས་ནི་དེའི་ལས་བཤད་པའོ། །རྡོ་རྗེ་ཧཱུཾ་མཛད་ལས་བྱུང་བའོ་ཞེས་བྱ་བ་ལ་སོགས་པ་ལ་ཇི་ལྟ་བ་ བཞིན་དུ་བཤད་པའི་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་དེ་ཉིད་ཀྱི་གཡས་པའི་མཛུབ་མོའི་ལྕགས་ཀྱུས་གཡོན་པའི་མཛུབ་མོ་བསླངས་ནས་དགུག་པར་བྱ་སྟེ་འདི་ནི་མདའ་འཛིན་པའི་གཞུ་རྒྱུད་འགུགས་པའི་དམ་ཚིག་གི་ཕྱག་རྒྱའོ། །ཐམས་ཅད་རྗེས་སུ་ཆགས་པར་བྱེད་པ་དང་། འབིགས་པར་ བྱེད་པ་ཞེས་བྱ་བ་ནི་དེའི་ལས་བསྟན་ཏོ། །རྡོ་རྗེ་ཧཱུཾ་མཛད་ཀྱི་མཆོག་གོ་ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་བཅིངས་ནས་མཛུབ་མོ་བསྒྲེང་བ་ཕན་ཚུན་དུ་ཡང་དག་པར་སྦྱར་ཞིང་གཟུང་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །རྡོ་རྗེ་བསྡམས་པ་གཡོན་པའི་རྡོ་རྗེ་ཁུ་ཚུར་གཡས་པའི་རྩེ་གསུམ་གྱིས་མཚན་པས་ ཡོངས་སུ་བཟུང་སྟེ་ཐམས་ཅད་དྲལ་བར་བྱེད་པའོ་ཞེས་བྱ་བ་ལ་རྡོ་རྗེ་བསྡམས་པ་བཅིངས་ནས་ལག་པ་གཡོན་པའི་རྡོ་རྗེ་ཁུ་ཚུར་བཅིངས་ལ་གཡས་པའི་མཐེའུ་ཆུང་དང་མཐེ་བོང་དག་གིས་གཡོན་པའི་མཐེའུ་ཆུང་བཟུང་སྟེ་སོར་མོ་ལྷག་མ་རྣམས་ཀྱིས་རྩེ་གསུམ་པ་ཡིན་ནོ། །འདི་ནི་རྩེ་གསུམ་ ཆེན་པོ་འཛིན་པའི་དམ་ཚིག་གི་ཕྱག་རྒྱ་ཐམས་ཅད་དྲལ་བར་བྱེད་པའོ། །རྡོ་རྗེ་ཧཱུཾ་མཛད་ཀྱི་གཡས་པའི་ཁུ་ཚུར་གྱི་མཐེའུ་ཆུང་ཡང་དག་པར་བརྐྱང་བ་གཡོན་པའི་སྟེང་དུ་བཞག་པ་ནི་ཁ་ཊྭཱཾ་ག་བསྒྲེང་བའི་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བཅིངས་ནས་གཡས་པའི་སྡིགས་མཛུབ་ཀྱི་རྩེ་མོ་རང་ གི་མཐེའུའི་སྟེང་དུ་ཡང་དག་པར་སྦྱར་བར་བྱས་ལ་གཡས་པའི་མཐེའུ་ཆུང་གི་ལུ་གུ་རྒྱུད་ཡང་དག་པར་སྦྱར་བ་ཉིད་ཟུར་དུ་བརྐྱང་སྟེ། ལག་པ་གཡོན་པའི་སྟེང་དུ་བཞག་ལ་གཟུང་བར་བྱ་སྟེ་འདི་ནི་ཁ་ཊྭཱཾ་ག་འཛིན་པ་དམ་ཚིག་གི་ཕྱག་རྒྱ་སྟེ། ཁ་ཊྭཱཾ་ག་བསྒྲེང་བ་ཞེས་བྱ་བའི་མིང་ཅན་ནོ། །མཁའ་ འགྲོ་མ་ལ་སོགས་པའི་གདུག་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཕྱེ་ཞིང་དྲལ་བར་བྱེད་པ་དང་། མཁའ་གྲོ་མ་ལ་སོགས་པ་ཐམས་ཅད་རྒྱས་འདེབས་པ་དང་། མཁའ་འགྲོ་མ་ལ་སོགས་པ་ཐམས་ཅད་འཕྲོག་པར་བྱེད་པ་ཞེས་བྱ་བ་ནི་གོ་སླའོ། །གཡས་པས་འཁོར་ལོ་བཟུང་བའི་ཚུལ་གྱིས་བསྟོད་ 61-1-129b ཅིང་དོར་བའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བཅིངས་ནས་གཡས་པའི་མཛུབ་མོས་འཁོར་ལོ་བཟུང་བའི་ཚུལ་དང་བསྟོད་པའི་ཚུལ་བྱས་ནས་འཁོར་ལོ་འཕང་བ་སྟོན་པར་བྱེད་པ་འདི་ནི་འཁོར་ལོ་འཛིན་མའི་ཚིག་གི་ཕྱག་རྒྱ་སྟེ་ཐམས་ཅད་གཅོད་པ་དང་གསོད་པར་བྱེད་པའོ། །འདིའི་མིང་བསྟན་པར་བྱ་བའི་ ཕྱིར་རྡོ་རྗེ་ཆེན་པོའི་ཁྲོ་མོ་ཆེན་པོ་ཞེས་གསུངས་སོ། །གཡས་པའི་རྡོ་རྗེ་འབེབས་པ་དང་སྦྱར་བ་སྤྲོ་ཞིང་གཡོ་བའི་པདྨ་འདབ་མ་ཅན་གྱི་བ་དན་གསུམ་མོ་ཞེས་བྱ་བ་ལ་ལག་པ་གཡས་པ་ཁུ་ཚུར་བཅིངས་ནས་མཐེའུ་ཆུང་དང་སྲིན་ལག་གི་ནང་དུ་མཐེ་བོང་གཟུང་བར་བྱ་སྟེ། འདི་ནི་གཡས་པའི་རྡོ་རྗེ་ འབེབས་པའི་ཕྱག་རྒྱའོ། །ལག་པ་གཡོན་པ་བ་དན་གསུམ་པ་བྱས་ལ་བ་དན་གསུམ་པའི་མཚན་ཉིད་ཅན་གྱི་ཕྱག་རྒྱ་གློག་ལྟར་སྤྲོ་ཞིང་གཡོན་པའི་བ་དན་གྱི་བ་དན་གསུམ་གྱི་ཕྱག་རྒྱ་དེ་ཉིད་གཡས་པའི་རྡོ་རྗེ་འབེབས་པའི་ཕྱག་རྒྱ་དེ་ཡང་དག་པར་སྦྱར་ཞིང་གཟུང་བར་བྱ་སྟེ་འདི་ནི་སྣ་ཚོགས་བ་དན་ འཛིན་མའིའོ། །སླར་ཡང་སྣ་ཚོགས་པ་དང་འཛིན་མའི་དམ་ཚིག་གི་ཕྱག་རྒྱ་གཉིས་བཤད་པར་བྱ་བའི་ཕྱིར། རྡོ་རྗེ་བསྡམས་པའི་མཐེ་བོང་དང་མཛུབ་མོ་གཉིས་ཀྱི་རྡོ་རྗེ་ལས་བྱུང་བའི་སྲིན་ལག་མཉམ་པར་སྦྱར་ཞིང་མཐེའུ་ཆུང་ཁ་ཕྱེ་བ་ཞེས་བྱ་བ་ལ་རྡོ་རྗེ་བསྡམས་པ་བཅིངས་ནས་མཐེའུ་ཆུང་ དང་མཛུབ་མོ་དང་སྲིན་ལག་གི་སོར་མོ་རྣམས་ཀྱིས་རྩེ་མོ་གསུམ་བྱས་ལ་མཐེའུ་ཆུང་གཉིས་རབ་ཏུ་བརྐྱང་ནས་རྩེ་མོ་གཉིས་བྱས་ཏེ་འདི་དང་སྔར་བཤད་པའི་དཔལ་རྡོ་རྗེ་བ་དན་ཞེས་བྱ་བ་དཔལ་ཐམས་ཅད་བྱེད་པ་དང་རྣམ་པར་རྒྱལ་བར་བྱེད་ལ་དགུག་པ་ཐམས་ཅད་རབ་ཏུ་འཇོམས་པར་བྱེད་པ་དང་ ཐམས་ཅད་འབེབས་པར་བྱེད་པར་ཤེས་པར་བྱའོ། །འདིར་གང་དང་གང་དུ་དམ་ཚིག་གི་ཕྱག་རྒྱ་གཉིས་བཤད་པ་དེ་དང་དེར་དང་པོར་རྩ་བའི་ཕྱག་རྒྱ་དང་གཉིས་པ་ཉེ་བའི་སྙིང་པོའི་ཕྱག་རྒྱར་ཤེས་པར་བྱའོ། །སྒེག་མོ་ལ་སོགས་པ་ནས་རྡོ་རྗེ་དྲིལ་བུ་མའི་མཐར་ཐུག་པའི་བར་གྱི་ནི་དཔལ་རྡོ་རྗེ་ སེམས་དཔའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པ་ཁོ་ནའི་དམ་ཚིག་གི་ཕྱག་རྒྱ་རྣམས་སུ་གཟུང་བར་བྱའོ། །ད་ནི་དཔལ་རྡོ་རྗེ་འཇིག་རྟེན་གསུམ་ལས་མཆོག་ཏུ་རྣམ་པར་རྒྱལ་བ་ལས་གསུངས་པའི་རྡོ་རྗེ་གཙུག་ཏོར་ལ་སོགས་པའི་དམ་ཚིག་གི་ཕྱག་རྒྱ་རྣམས་བཤད་པར་བྱ་སྟེ། རྡོ་རྗེ་ 61-1-130a ཁུ་ཚུར་གཉིས་བཅིངས་ནས་གྱེན་དུ་ཁ་བལྟ་བར་བྱས་ཏེ་མཐེའུ་ཆུང་གཉིས་ལུ་གུ་རྒྱུད་དུ་བཅིང་བར་བྱ་སྟེ་མཛུབ་མོ་གཉིས་ཀྱིས་ཡང་དག་པར་སྦྱར་བར་བྱ་སྟེ། འདི་ནི་ཐུན་མོང་གི་སློང་བའི་ཕྱག་རྒྱའོ། །འདི་ཉིད་བཟློག་ནས་མཛུབ་མོ་གཉིས་གཙུག་ཏོར་གྱི་ཕྱོགས་སུ་གཟུང་བར་བྱ་སྟེ། འདི་ནི་རྡོ་རྗེ་གཙུག་ཏོར་གྱི་ཐུན་མོང་གི་དམ་ཚིག་གི་ཕྱག་རྒྱ་རྣམས་སོ། །སློང་བའི་དམ་ཚིག་ཕྱག་རྒྱ་དེ་ཉིད་སྙིང་གར་གཏད་དེ་ཡོངས་སུ་བཟློག་ལ་དཔྲལ་བར་མཛུབ་མོའི་རྩེ་མོ་བཞག་སྟེ་རྡོ་རྗེ་མཛོད་སྤུ་རྣམས་ཀྱིའོ། །དེ་ཉིད་ཁ་ལས་འབྱིན་པ་ནི་ཁ་ལས་བྱུང་བ་རིག་པ་མཆོག་གིའོ། །དེ་ཉིད་ སྙིང་གར་རྡོ་རྗེ་ལྕགས་ཀྱུ་སྟེ་ཁྲོ་བོ་ཏི་ཀིའོ། །དེ་དག་གི་ཁར་མཛུབ་མོ་བཞག་པ་གཤིན་རྗེ་མཐར་བྱེད་ཀྱིའོ། །མཛུབ་མོའི་ཚིགས་གསུམ་པ་བཀུག་པའི་རལ་གྲི་བྱ་སྟེ་ཁྲོ་བོ་ཏ་ཀིའོ། །མཛུབ་མོ་གཉིས་ཀྱིས་དཔུང་པ་གཡས་པར་ལྕགས་ཀྱུ་གཉིས་བྱ་སྟེ་རྡོ་རྗེ་ལྕགས་ཀྱུའིའོ། །གཡས་པའི་ མཛུབ་མོ་ལྕགས་ཀྱུ་གཡོན་པའི་མཛུབ་མོའི་དབུས་མ་དང་སྦྱར་བར་བྱ་སྟེ་འདི་ནི་ཁྲོ་བོ་རྡོ་རྗེ་ཞགས་པའི་སྟེ། དཔུང་པ་གཡོན་པར་རོ། །མཛུབ་མོ་གཉིས་ཀྱི་རྩེ་མོ་རང་གི་སྙིང་གར་སྦྱར་བར་བྱ་སྟེ་འདི་ནི་རྡོ་རྗེ་ཀཱི་ལི་ཀཱི་ལིའིའོ། །མཛུབ་མོའི་རྩེ་མོ་གཉིས་བརླ་གཡོན་པར་གཞག་པར་བྱ་སྟེ་འདི་ནི་རྡོ་བསྙེམས་པའིའོ། །སྙིང་ གའི་ཕྱོགས་སུ་མཛུབ་མོ་གཉིས་ཀྱིས་ལུ་གུ་རྒྱུད་བཅིང་བར་བྱ་སྟེ་འདི་ནི་རྡོ་རྗེ་བསྡམས་པའིའོ། །མཛུབ་མོ་གཉིས་ཀྱི་རྩེ་མོ་རང་གི་མཐེ་བོའི་སྟེང་དུ་ཡང་དག་པར་སྦྱར་བ་བྱས་ལ་བཙིར་བར་བྱ་སྟེ་འདི་ནི་རྡོ་རྗེ་ཁུ་ཚུར་གྱིའོ། །མཛུབ་མོ་གཉིས་པདྨའི་འདབ་མའི་རྣམ་པ་ཅན་དུ་བྱ་སྟེ་རྡོ་རྗེ་སྡེའིའོ། ། གཡས་པའི་མཛུབ་མོས་གཡོན་པའི་མཛུབ་མོ་བཟུང་ཞིང་དགུག་པར་བྱ་སྟེ་འདི་ནི་མུརྡ་ཏ་ཀའི་གཞུ་རྒྱུད་འདྲེན་པའོ། །བ་དན་གསུམ་པ་བྱས་ནས་དེས་ཕྱག་འཚལ་བར་བྱ་སྟེ་འདི་ནི་རྡོ་རྗེ་ཕྱག་གིའོ། །ལྟུང་བའི་ཚུལ་དུ་བྱས་ཏེ་འདི་ནི་རྡོ་རྗེ་ལྟུང་བའི་འོ། །མཛུབ་མོ་མཐའ་ཕན་ཚུན་གྱི་ རྩེ་མོ་རྡོ་རྗེ་བསྡམས་པ་ནི་རྐང་གདུབ་ཀྱིའོ། །མཛུབ་མོ་མདུད་པ་ནི་རྡོ་རྗེ་ལྕགས་སྒྲོག་གིའོ། །མཛུབ་མོས་རྡོ་རྗེ་འབེབས་པ་ནི་རྡོ་རྗེ་རྣོན་པོའིའོ། །གཡོན་པ་ཁྲོ་བོའི་ཁུ་ཚུར་གྱིས་སྡིགས་མཛུབ་བྱེད་ཅིང་གཡས་པས་རྡོ་རྗེ་བསོར་ནས་མནན་པར་བྱ་སྟེ་འདི་ནི་རྡོ་རྗེ་ཤུགས་ཀྱིའོ། །ཕྱག་རྒྱ་ལྔ་ 61-1-130b པོ་འདི་ནི་སློང་བའི་ཕྱག་རྒྱ་ལས་བྱུང་བ་སྟེ། ཐིག་སྐུད་དང་པོའི་བར་མཚམས་སུ་གསུངས་པའི་རྡོ་རྗེ་གཙུག་ཏོར་ལ་སོགས་ནས་རྡོ་རྗེ་ཤུགས་ཀྱི་མཐར་ཐུག་པ་རྣམས་ཀྱི་ཤེས་པར་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་མཐེའུ་ཆུང་གཉིས་ཀྱིས་ལུ་གུ་རྒྱུད་དུ་བཅིང་བ་བྱས་ལ་ཁུ་ཚུར་གཉིས་ ཕན་ཚུན་དུ་བཙིར་བར་བྱ་སྟེ་འདི་ནི་སྔགས་རྣམས་ཀྱིའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་གྱེན་དུ་ཁ་བལྟ་བར་བཞག་སྟེ། མཛུབ་མོ་གཉིས་ཀྱི་རྩེ་མོ་ཡང་དག་པར་སྦྱར་བར་བྱས་ནས་སྙིང་གའི་ཕྱོགས་ནས་གྱེན་དུ་དྲང་བར་བྱ་སྟེ་འདི་ནི་ལྷ་རྣམས་ཀྱིའོ། །རྡོ་རྗེ་ཁུ་ཚུར་གཉིས་ བཅིངས་ནས་གཡས་པའི་ཁུ་ཚུར་གྱིས་རང་ལ་དར་དཔྱངས་འཆིང་བའི་ཚུལ་བྱ་སྟེ་འདི་ནི་རྡོ་རྗེ་མགོན་པོ་རྣམས་ཀྱིའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་གཡོན་པས་རང་ལ་དར་དཔྱངས་འཆིང་བའི་ཚུལ་བྱ་སྟེ་འདི་ནི་ལྷ་མོ་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱའོ། །འདི་རྣམས་ནི་ཐིག་སྐུད་གཉིས་པའི་བར་མཚམས་ སུ་བྲིས་པ་རྣམས་ཀྱིའོ། །རྡོ་རྗེའི་ཁུ་ཚུར་གཉིས་བཅིངས་ནས་གཡོན་པའི་ཁུ་ཚུར་གྱིས་བསྙེམས་པར་བྱ་སྟེ་འདི་ནི་གསུམ་པའི་རྡོ་རྗེ་རྒྱལ་ཐབ་རྣམས་དང་ལྷ་མོ་རྣམས་ཀྱིའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་དེའི་ལག་པའི་སོར་མོ་རྣམས་ཀྱིས་པི་ཝང་དང་གླིང་བུ་དང་རྫ་རྔ་དང་ཀུ་མུ་ད་དང་། ཆ་ལང་དང་། རྔ་བོ་ཆེ་དང་། རྔ་ཟླུམ་དང་། རྔ་དང་ཏི་མི་ལ་བརྡུང་བའི་ཚུལ་རྣམས་བསྟན་པར་བྱ་སྟེ་འདི་དག་ནི་ཐིག་སྐུད་བཞི་པའི་བར་མཚམས་སུ་རོལ་མོའི་ཕྱག་རྒྱ་རྣམས་སོ། །སྒེག་མོ་དང་བཞད་མ་དང་གླུ་ཆེན་མ་དང་གར་མ་རྣམས་ཀྱི་རང་གི་དམ་ཚིག་གི་ཕྱག་རྒྱ་རྣམས་གཟུང་བར་བྱའོ། ། ཐིག་སྐུད་ཀྱི་བར་མཚམས་ལྔ་པ་ལ་རྒྱལ་ཐེབ་རྣམས་ཀྱི་ཕྱག་རྒྱ་ནི་སྔར་བཤད་པ་ཁོ་ན་གཟུང་བར་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་གཡོན་པ་བསྙེམས་པར་བྱས་ལ་གཡས་པའི་ཁུ་ཚུར་གྱིས་མཛུབ་མོ་བསྒྲེང་བ་འོད་མའི་ཡལ་ག་མདུད་པའི་ཚུལ་གྱིས་གཟུང་བར་བྱ་སྟེ་རྡོ་རྗེ་ཁུ་ཚུར་ གཉིས་བཅིངས་ནས་དེས་རྡོ་རྗེ་ཕར་འཕང་བ་དང་། ཚུར་འདྲེན་པའི་ཚུལ་བྱ་སྟེ་འདི་ནི་རྡོ་རྗེ་ཚོགས་རྣམས་ཀྱིའོ། །གཡོན་པའི་ཁུ་ཚུར་གྱིས་བསྙེམས་པར་བྱས་ནས་གཡས་པའི་ཁྲོ་བོའི་ཁུ་ཚུར་གྱིས་སྡིགས་མཛུབ་ཏུ་བྱ་སྟེ་འདི་ནི་ཁྲོ་བོ་རྣམས་ཀྱིའོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱི་འོད་མའི་ཡལ་ག་ 61-1-131a མདུད་པའི་ཚུལ་བྱ་སྟེ་འདི་ནི་ཐིག་སྐུད་དྲུག་པར་རྡོ་རྗེ་ཕོ་ཉ་རྣམས་ཀྱིའོ། །རྡོ་རྗེ་ཁུ་ཚུར་གཉིས་དྲིལ་བུ་དཀྲོལ་བར་བྱ་སྟེ། འདི་ནི་རྡོ་རྗེ་གནོད་སྦྱིན་རྣམས་ཀྱིའོ། །ཁུ་ཚུར་བཅིངས་ནས་མཐེའུ་ཆུང་གི་སོར་མོ་གཉིས་བྱས་ལ་ཁའི་མཐའ་གཉིས་སུ་གཟུང་བར་བྱ་སྟེ་འདི་ནི་རྡོ་རྗེ་ སྲིན་པོ་རྣམས་ཀྱི་མཆེ་བའི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་དེས་བཀའ་ནོད་པའི་ཚུལ་དུ་བྱ་སྟེ། འདི་ནི་མངག་གཞུག་རྣམས་ཀྱིའོ། །ཐིག་སྐུད་ཀྱི་བར་མཚམས་བདུན་པ་ལ་ནི་རྡོ་རྗེ་གཙུག་ཏོར་ལ་སོགས་པའི་ཕྱག་རྒྱ་དང་སྔགས་སྔར་བཤད་པས་གཟུང་བར་བྱའོ། །རྡོ་རྗེ་ རྣལ་འབྱོར་གྱི་མཁའ་འགྲོ་མ་དང་པོ་ཉ་མོ་དང་། ཚོགས་བརྒྱད་ཀྱི་བཤད་པར་བྱ་སྟེ། དེ་ལ་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བཅིངས་ནས་གཡོན་པའི་རྩེ་གསུམ་གྱིས་མཚན་པའི་རྡོ་རྗེ་མཁའ་འགྲོ་མའི་ཕྱག་རྒྱ་དང་པོའོ། །དེ་ཉིད་བཅིངས་ནས་གཡས་པའི་མཐེའུ་ཆུང་རབ་ཏུ་བརྐྱང་བ་ནི་གཉིས་ པའོ། །དེ་ཉིད་བཅིངས་ནས་གཡོན་པའི་མཛུབ་མོ་དབྱུག་པའི་ཁུ་ཚུར་ནི་གསུམ་པའོ། །དེ་ཉིད་བཅིངས་ནས་སྟེང་དུ་དབྱུག་པ་དང་འོག་ཏུ་རྒྱལ་མཚན་ལྟ་བུ་ནི་རྡོ་རྗེ་མཁའ་འགྲོ་མའི་ཕྱག་རྒྱ་བཞི་པའོ། །ཕོ་ཉའི་དམ་ཚིག་གི་ཕྱག་རྒྱ་ཉིད་ནི་ཕོ་ཉ་མོ་རྣམས་ཀྱིའོ། །ཁྲོ་བོའི་ཁུ་ཚུར་ གཉིས་རྡོ་རྗེ་ཁ་ཊྭཱཾ་ག་དང་རྡོ་རྗེ་རྩེ་གསུམ་པ་དང་རྡོ་རྗེ་མཛོད་དང་རྡོ་རྗེ་ཞགས་པ་དང་རྡོ་རྗེ་དབྱུག་པ་དང་རྡོ་རྗེ་མདུང་ཐུང་དང་རྡོ་རྗེ་མདའ་དང་རྡོ་རྗེ་འཁོར་ལོ་ཞེས་བྱ་བ་ནི་ཚོགས་བརྒྱད་ཀྱི་དམ་ཚིག་གི་ཕྱག་རྒྱའོ། །རྒྱུད་འདི་ཐམས་ཅད་དུ་གང་དུ་ཁྱད་པར་མེད་པ་དེར་རང་གི་སྙིང་པོ་ཉིད་ཆོས་ཀྱི་ཕྱག་རྒྱར་ ཤེས་པར་བྱའོ། །རྡོ་རྗེ་སེམས་དཔའི་དབང་བསྐུར་བཤད་པའོ་ཞེས་བྱ་བ་ལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་མཆོག་སངས་རྒྱས་ལྔའི་ཅོད་པན་གྱི་དབང་བསྐུར་བའི་ཕྱག་རྒྱ་གཟུང་བར་བྱའོ། །དེ་ལྟར་ན་སངས་རྒྱས་ལྔའི་ཅོད་པན་གྱི་དབང་བསྐུར་བའི་ ཕྱག་རྒྱ་བསྟན་ནས་ད་ནི་རྡོ་རྗེ་ཕྲེང་བའི་དབང་བསྐུར་བའི་ཕྱག་རྒྱ་བསྟན་པར་བྱ་བའི་ཕྱིར། རྡོ་རྗེའི་རིགས་ཐམས་ཅད་ཅེས་བྱ་བ་གསུངས་ཏེ་རྡོ་རྗེའི་རིགས་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་རྡོ་རྗེའི་རིགས་ཐམས་ཅད་དེ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའོ། །རྡོ་རྗེའི་རིགས་ཐམས་ཅད་ 61-1-131b ཀྱི་དབང་བསྐུར་བ་སྦྱིན་པའི་ཕྱག་རྒྱ་འདི་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །ཇི་ལྟར་ཞེ་ན། རྡོ་རྗེ་ཐལ་མོ་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་ཐལ་མོ་བཅིངས་ནས་མཛུབ་མོ་གཉིས་ཀྱིས་ཕན་ཚུན་མདུད་པ་བཅིང་བར་བྱས་ལ་མཐེ་བོང་དང་སྲིན་ལག་གི་སོར་མོ་དག་གིས་རྩེ་མོ་གཉིས་བྱས་ཏེ་དེ་ནས་ ཡོངས་སུ་བསྐོར་ལ་གཙུག་ཏོར་གྱི་ཕྱོགས་ནས་བརྩམས་ཏེ་ལོགས་བཞིར་ཕྲེང་བ་འཆིང་བའི་ཚུལ་བྱས་ཏེ་ཧཱུཾ་ཨ་བྷི་ཤིཉྩ་ཞེས་བྱ་བ་བརྗོད་ཅིང་དཔྲལ་བའི་སྟེང་དུ་གཟུང་བར་བྱ་སྟེ། དེ་ལྟར་ན་རྡོ་རྗེའི་རིགས་ཐམས་ཅད་ལ་འབར་བའི་རྡོ་རྗེ་རྩེ་ལྔ་པའི་ཕྲེང་བའི་དབང་བསྐུར་བར་བྱའོ། །འབར་བའི་རྡོ་རྗེ་རྩེ་ལྔ་པ་ ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །རྡོ་རྗེའི་ཕྱག་རྒྱ་ཁྲོ་བོ་ཏི་རཱིནྟི་རི་ལས་བྱུང་བའོ་ཞེས་བྱ་བ་ལ། བཅོམ་ལྡན་འདས་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་དམ་ཚིག་གི་ཕྱག་རྒྱར་གང་བཤད་པ་དེ་ནི་རྡོ་རྗེ་ཁྲོ་བོ་ཏི་རཱིནྟི་རི་ཞེས་བྱ་བ་སྟེ་དེ་བཅིངས་ནས་མཛུབ་མོ་གཉིས་བསྒྲེང་བས་ཡི་གེ་ཧཱུཾ་བརྗོད་ཅིང་བཅོམ་ ལྡན་འདས་རྡོ་རྗེ་ཉི་མ་མེ་ལྟར་འབར་བ་དམ་ཚིག་གི་ཕྱག་རྒྱས་རབ་ཏུ་བསྒྲུབས་ནས་སྡིགས་མཛུབ་བྱ་སྟེ་དེ་ལྟར་ན་རྡོ་རྗེའི་ཕྱག་རྒྱའི་ཁྲོ་བོ་ཏི་རཱིནྟི་རི་ལས་བྱུང་བ་ཡིན་ནོ། །དོན་ཐམས་ཅད་སྒྲུབ་པར་བྱེད་པའོ་ཞེས་བྱ་བ་འདིའི་ལས་བསྟན་པ་ཡིན་ཏེ་དེ་ལྟར་རྡོ་རྗེའི་ཕྱག་རྒྱ་འདི་རབ་ཏུ་སྦྱོར་ན་ངེས་པ་ཁོ་ནར་ དངོས་གྲུབ་ཐམས་ཅད་རབ་ཏུ་སྒྲུབ་པར་བྱེད་པ་ཡིན་ནོ། །དེ་ནས་ཀྱི་སྒྲ་ནི་སྐབས་ལ་བབ་པ་ལའོ། །ལས་ཀྱི་ཕྱག་རྒྱ་བཞི་ཞེས་བྱ་བ་ནི་རྒྱས་བཏབ་པ་དང་ཕྱག་རྒྱ་ཕྱེ་བར་བྱེད་པ་དང་། བསོར་བར་བྱེད་པ་དང་སླར་ཡང་སྲོག་སྟེར་བར་བྱེད་པ་ཞེས་བྱ་བ་རྣམས་སོ། །དེ་དག་གང་ཡིན་ཞེ་ན། དམ་ ཚིག་གི་ཕྱག་རྒྱའི་ལྷ་མོ་རྣམས་སོ་ཞེས་བྱ་བ་ནི་མདའ་འཛིན་པ་ལ་སོགས་པའི་དམ་ཚིག་གི་ཕྱག་རྒྱ་རྣམས་སོ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་བཤད་པར་འགྱུར་ཏེ། མདའ་འཛིན་མའི་དམ་ཚིག་གི་ཕྱག་རྒྱས་ནི་རྒྱས་འདེབས་པའོ། །ཁ་ཊྭཱཾ་ག་འཛིན་པའི་དམ་ཚིག་གི་ཕྱག་རྒྱས་ནི་ཕྱེ་བའོ། ། འཁོར་ལོ་འཛིན་པའི་དམ་ཚིག་གི་ཕྱག་རྒྱས་གསོད་པར་བྱེད་པའོ། །སྣ་ཚོགས་པའི་བ་དན་འཛིན་པའི་དམ་ཚིག་གི་ཕྱག་རྒྱས་སླར་ཡང་དམ་ཚིག་གི་སྲོག་འབྱིན་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱི་ལས་ཀྱི་དམ་ཚིག་གོ་ཞེས་བྱ་བ་ལ་དེ་ནས་ཀྱི་སྒྲ་ནི་སྔ་མ་བཞིན་ནོ། ། 61-1-132a བཅོམ་ལྡན་འདས་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་ཕྱག་རྒྱ་བྱ་བ་ནན་ཏན་སྒྲུབ་པའི་ཡེ་ཤེས་རྫོགས་པའི་རྒྱུར་གྱུར་པའི་ལས་ཀྱི་དམ་ཚིག་ཅེས་བྱ་བ་ནི་ལས་ཀྱི་ཕྱག་རྒྱ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཇི་ལྟར་ཡིན་ཞེ་ན། རྡོ་རྗེ་ཁུ་ཚུར་གྱིས་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་ཁུ་ཚུར་གྱིས་བསྙེམས་པ་ བྱས་ནས་གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་གསོར་བའི་ཚུལ་བྱ་སྟེ་འདི་ནི་བཅོམ་ལྡན་འདས་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་ལས་ཀྱི་ཕྱག་རྒྱའོ། །འདི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ལྟར་བཅོམ་ལྡན་འདས་ཀྱི་ཕྱག་རྒྱའི་མཛད་པ་ཉིད་བཤད་ནས་ད་ནི་རྡོ་རྗེ་མཚོན་ཆ་འཛིན་མ་ལ་སོགས་པ་རྣམས་ ཀྱི་བཤད་པར་བྱ་བའི་ཕྱིར་དེ་ནས་ལས་ཀྱི་ཕྱག་རྒྱ་ཞེས་བྱ་བ་གསུངས་སོ། །རྡོ་རྗེ་ཁུ་ཚུར་སྡིགས་མཛུབ་དང་བཅས་པའི་མཛུབ་མོ་ནི་རྡོ་རྗེ་ཁྲོ་བོའི་ཁུ་ཚུར་རོ་ཞེས་བྱ་བ་ལ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་མཛུབ་མོ་གཉིས་བསྒྲེང་བ་སྡིགས་མཛུབ་ཀྱི་ཚུལ་དུ་གཟུང་བར་བྱ་སྟེ་འདི་ནི་རྡོ་རྗེ་ཁུ་ཚུར་ཞེས་བྱ་ བའི་ཕྱག་རྒྱའོ། །དེ་དག་གི་ལས་ཀྱི་དམ་ཚིག་གི་ཕྱག་རྒྱའོ་ཞེས་བྱ་བ་ལ་ཁྲོ་བོའི་ཁུ་ཚུར་དེ་དག་གི་ལས་ཀྱི་ཕྱག་རྒྱ་རྣམས་ཀྱི་རྒྱུར་གྱུར་པའི་ཕྱག་རྒྱ་ནི་ལས་ཀྱི་དམ་ཚིག་གི་ཕྱག་རྒྱ་སྟེ་དེ་གཉིས་སུ་བྱས་ནས་ལས་ཀྱི་ཕྱག་རྒྱ་བཅིང་བར་བྱའོ། །ཁྲོ་བོའི་ཁུ་ཚུར་གཉིས་ཕན་ཚུན་དུ་ཡང་དག་པར་སྦྱོར་བ་ བཅིངས་ཏེ་གཉིས་སུ་བྱས་ནས་བྱའོ་ཞེས་བྱ་བའི་དོན་ཏོ། །སོར་མོ་གཉིས་ཀྱིས་ཐམས་ཅད་བཀུག་པའོ་ཞེས་བྱ་བ་ཁྲོ་བོའི་ཁུ་ཚུར་གཉིས་བཅིངས་ནས་མཛུབ་མོ་གཉིས་ཀྱིས་དགུག་པའི་ཚུལ་བྱ་སྟེ་འདི་ནི་རྡོ་རྗེ་མཚོན་ཆ་འཛིན་མའི་ཐམས་ཅད་དགུག་པའི་ལས་ཀྱི་ཕྱག་རྒྱ་ཡིན་ནོ། །སྙིང་གར་ཅིག་ཤོས་དང་ གཡས་པས་གདུག་པ་ཐམས་ཅད་གཅོད་པའོ་ཞེས་བྱ་བ་ལ་གཡོན་པའི་ཁྲོ་བོའི་ཁུ་ཚུར་རང་གི་སྙིང་གར་བཞག་སྟེ་གཡས་པས་རལ་གྲི་འདེབས་པའི་ཚུལ་དུ་བྱ་སྟེ་འདི་ནི་མཛོད་འཛིན་མའི་གདུག་པ་ཐམས་ཅད་གཅོད་པར་བྱེད་པའོ། །ལག་པའི་མདུད་པས་གཡས་པས་གདུག་པ་ཐམས་ཅད་ འགུགས་པ་དང་རབ་ཏུ་གཞུག་པའོ་ཞེས་བྱ་བ་ལ་ཁྲོ་བོའི་ཁུ་ཚུར་གཉིས་བཅིངས་ཏེ་དེས་ལག་པའི་མདུད་པ་བྱས་ཏེ། གཡས་པའི་ཁྲོ་བོའི་ཁུ་ཚུར་གྱིས་གཡོན་པའི་ཁྲོ་བོའི་ཁུ་ཚུར་དགུག་པར་བྱ་སྟེ་འདི་ནི་ཞགས་པ་འཛིན་པའི་ལས་ཐམས་ཅད་དགུག་པ་དང་ཐམས་ཅད་གཞུག་པར་བྱེད་པའོ། ། 61-1-132b བསྟོད་པ་དང་བཅས་པའི་མདའ་འཕང་ངོ་ཞེས་བྱ་བ་ལ་གཡོན་པའི་ཁྲོ་བོའི་ཁུ་ཚུར་གྱིས་གཞུ་འཛིན་པའི་ཚུལ་བྱས་ལ་གཡས་པས་མདའ་བསྟོད་པའི་ཚུལ་བྱས་ནས་དེ་ནས་འཕང་པའི་ཚུལ་བྱ་སྟེ་འདི་ནི་མདའ་འཛིན་མའིའོ། །དེ་བཞིན་དུ་རྡོ་རྗེ་རྩེ་གསུམ་པ་ལ་སོགས་པའི་རྡོ་རྗེ་གར་གྱི་སྦྱོར་བས་ རང་གི་དམ་ཚིག་གི་ཕྱག་རྒྱ་གྱེན་དུ་འཕང་བའོ་ཞེས་བྱ་བ་ལ་རྩེ་གསུམ་དང་ཁ་ཊྭཱཾ་ག་དང་འཁོར་ལོ་དང་སྣ་ཚོགས་བ་དན་འཛིན་པ་རྣམས་ཀྱི་གར་ལས་བྱུང་བའི་དམ་ཚིག་གི་ཕྱག་རྒྱ་རྣམས་གྱེན་དུ་འཕངས་པས་ལས་ཀྱི་ཕྱག་རྒྱར་འགྱུར་རོ། །ཐམས་ཅད་ལ་རྒྱས་བཏབ་པ་ཞེས་བྱ་བ་ལ་སོགས་པ་ནི་གོ་ སླའོ། །སྒེག་མོ་ལ་སོགས་པ་རྣམས་ཀྱི་ལས་ཀྱི་ཕྱག་རྒྱ་ནི་ཁྲོ་བོའི་ཁུ་ཚུར་གཉིས་ཀྱིས་བཅིང་བར་བྱ་སྟེ་ཁྲོ་བོའི་ཁུ་ཚུར་གཉིས་བཅིངས་ནས་བསྐོར་ཏེ་རང་གི་སྙིང་གའི་ཕྱོགས་སུ་སྒེག་པ་དང་བཅས་པས་གཟུང་བར་བྱ་སྟེ་འདི་ནི་སྒེག་མོའིའོ། །ཁྲོ་བོའི་ཁུ་ཚུར་གཉིས་དགོད་པའི་ཚུལ་དུ་ཁར་ཡོངས་སུ་ བསྐོར་ནས་སྤྱི་བོར་ཡོངས་སུ་གཟུང་བར་བྱ་སྟེ་འདི་ནི་བཞད་མའིའོ། །གཡོན་པའི་ཁྲོ་བོའི་ཁུ་ཚུར་གྱི་མཛུབ་མོ་བཀུག་པ་དབྱུག་པའི་ཚུལ་ལ་གནས་པའི་མཛུབ་མོ་པི་ཝང་བརྡུང་བའི་ཚུལ་དུ་གཟུང་བར་བྱ་སྟེ་འདི་ནི་གླུ་ཆེན་མོའིའོ། །ཁྲོ་བོའི་ཁུ་ཚུར་གཉིས་ཀྱིས་གར་བྱས་ལ་རྡོ་རྗེ་ཐལ་མོ་སྤྱི་བོར་བཅིང་ བར་བྱ་སྟེ་འདི་ནི་རྡོ་རྗེ་གར་མའིའོ། །ཁྲོ་བོའི་ཁུ་ཚུར་གཉིས་བཅིངས་ནས་ལག་པ་མདུད་པ་བྱས་ཏེ་ལག་པ་གཡས་པ་གྱེན་དུ་བྱུང་བས་རྡོ་རྗེ་བཀའ་བསྒོ་བའི་སྒོ་སྲུང་མ་རྣམས་ཀྱིའོ། །དེ་ཡང་གཡས་པ་ལས་ཏེ་མཛུབ་མོའི་ལྕགས་ཀྱུ་དང་ལག་པ་བཟུང་བ་དང་མདུད་པ་བཙིར་བ་དང་རང་གི་སྙིང་གར་ དྲིལ་ཆུང་དཀྲོལ་བའི་ཚུལ་ཞེས་བྱ་བའོ། །རྡོ་རྗེ་གཙུག་ཏོར་ལ་སོགས་པ་རྣམས་ཀྱི་ཡང་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་དམ་ཚིག་གི་ཕྱག་རྒྱའི་སྦྱོར་བས་གཙུག་ཏོར་ལ་སོགས་པའི་ཚུལ་སྦྱིན་པའི་ལས་ཀྱི་ཕྱག་རྒྱའོ། །འདི་ལྟར་བཤད་པར་འགྱུར་ཏེ་རྡོ་རྗེ་ཁུ་ཚུར་གཉིས་རང་གི་སྙིང་གའི་ཕྱོགས་ སུ་བཅིངས་ཏེ། གྱེན་དུ་བསྟན་པས་ཡོངས་སུ་བསྐོར་ནས་གཙུག་གི་ཕྱོགས་སུ་གཟུང་བར་བྱ་སྟེ་འདི་ནི་གཙུག་ཏོར་རྣམས་ཀྱི་ལས་ཀྱི་ཕྱག་རྒྱའོ། །སྙིང་ག་ལས་གྱེན་དུ་བཏེག་སྟེ་ཡོངས་སུ་བསྐོར་ནས་མཛོད་སྤུའི་ཕྱོགས་སུ་གཟུང་བར་བྱ་སྟེ་འདི་ནི་རྡོ་རྗེ་མཛོད་སྤུ་རྣམས་ཀྱིའོ། །ཁ་ལས་བྱུང་ 61-1-133a བར་བྱ་སྟེ་འདི་ནི་རིག་པ་ཆོག་གིའོ། །རང་གི་སྙིང་གར་ལྕགས་ཀྱུའི་ཚུལ་དུ་གཟུང་བར་བྱ་སྟེ་འདི་ནི་ཁྲོ་བོ་ཏ་ཀི་ནིའིའོ། །ལྟེ་བར་མཛུབ་མོ་གཞག་པའི་ཚུལ་དུ་གཟུང་བར་བྱ་སྟེ་འདི་ནི་གཤིན་རྗེ་མཐར་བྱེད་ཀྱིའོ། །རལ་གྲིའི་ཚུལ་དུ་གཟུང་བར་བྱ་སྟེ་འདི་ནི་ཁྲོ་བོ་ཏ་ཀི་ནིའིའོ། །དཔུང་པ་གཡས་ པར་རྡོ་རྗེ་ལྕགས་ཀྱུ་འཛིན་པའི་ཚུལ་གྱིས་གཟུང་བར་བྱ་སྟེ་འདི་ནི་རྡོ་རྗེ་ལྕགས་ཀྱུའིའོ། །དཔུང་པ་གཡོན་པར་ཞགས་པའི་ཚུལ་དུ་གཟུང་བར་བྱ་སྟེ་འདི་ནི་རྡོ་རྗེ་ཞགས་པའིའོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱི་རྩེ་མོ་རང་གི་སྙིང་གར་སྦྱར་བར་བྱ་སྟེ་འདི་ནི་རྡོ་རྗེ་ཀཱི་ལི་ཀཱི་ལའིའོ། །རྡོ་རྗེ་ཁུ་ཚུར་གྱི་རྩེ་མོ་བརླ་གཡོན་པར་ གཟུང་བར་བྱ་སྟེ། འདི་ནི་རྡོ་རྗེ་བསྙེམས་མའིའོ། །རང་གི་སྙིང་གར་གཟུང་བར་བྱ་སྟེ་འདི་ནི་རྡོ་རྗེ་བསྡམས་པའིའོ། །ཕན་ཚུན་དུ་བཙིར་བར་བྱ་སྟེ་འདི་ནི་རྡོ་རྗེ་ཁུ་ཚུར་རོ། །པདྨ་འཛིན་པའི་བསམ་པས་བརླ་གཡས་པ་ལ་གཟུང་བར་བྱ་སྟེ་འདི་ནི་རྡོ་རྗེ་སྡེའིའོ། །གཡོན་པ་དང་གཡས་པའི་ཁུ་ ཚུར་གཉིས་མདའ་འཕང་བའི་ཚུལ་དུ་བྱ་སྟེ་འདི་ནི་མུརྦྷ་ཏ་ཀིའི་འོ། །ཕྱག་འཚལ་བའི་ཚུལ་དུ་བྱས་ཏེ་འདི་ནི་རྡོ་རྗེ་ཕྱག་གིའོ། །དེ་ཉིད་ཀྱིས་ལྟུང་བའི་ཚུལ་བྱས་ཏེ་འདི་ནི་རྡོ་རྗེ་ལྟུང་བའོ། །རྐང་གདུབ་གཟུང་བའི་བསམ་པས་བཅིང་བར་བྱ་སྟེ་འདི་ནི་རྡོ་རྗེ་ལྕགས་སྒྲོག་གིའོ། །བསྡམས་ པའི་བསམ་པས་བཅིང་བར་བྱ་སྟེ་འདི་ནི་རྡོ་རྗེ་ལུ་གུ་རྒྱུད་ཀྱིའོ། །རྡོ་རྗེ་ཤུགས་ཀྱི་སྒོམ་པས་བཅིང་བར་བྱ་སྟེ་འདི་ནི་རྡོ་རྗེ་ཤུགས་ཀྱིའོ། །གཡོན་པའི་རྡོ་རྗེ་ཁུ་ཚུར་རང་གི་སྙིང་གར་གཟུང་བར་བྱ་སྟེ་གཡས་པའི་རྡོ་རྗེ་ཁུ་ཚུར་རྡོ་རྗེ་གསོར་བའི་ཚུལ་དུ་གསོར་ཞིང་བསྒྲུབ་པར་བྱ་སྟེ་འདི་ནི་རྡོ་རྗེ་ཤུགས་ཀྱིའོ། ། རྡོ་རྗེ་ཁུ་ཚུར་གཉིས་བཙིར་བར་བྱ་སྟེ་འདི་ནི་སྔགས་རྣམས་ཀྱིའོ། །རྡོ་རྗེ་ཁུ་ཚུར་གཉིས་གྱེན་དུ་ཁ་བལྟ་བར་བཞག་ལ་སྙིང་ག་ལ་གྱེན་དུ་དྲང་བར་བྱ་སྟེ་འདི་ནི་ལྷ་རྣམས་ཀྱིའོ། །རྡོ་རྗེ་ཁུ་ཚུར་བཅིངས་ལ་གཡས་པས་རང་ལ་དར་དཔྱངས་ཀྱི་ཚུལ་དུ་བྱ་སྟེ་འདི་ནི་རྡོ་རྗེ་མགོན་པོ་རྣམས་ཀྱིའོ། །རྡོ་རྗེ་ཁུ་ཚུར་ གཉིས་བཅིངས་ནས་གཡོན་པས་རང་ལ་དར་དཔྱངས་འཆིང་བའི་ཚུལ་དུ་བྱ་སྟེ་འདི་ནི་ལྷ་མོ་རྣམས་ཀྱིའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་གཡོན་པས་བསྙེམས་པར་བྱ་སྟེ་འདི་ནི་རྡོ་རྗེ་རྒྱལ་ཐེབ་རྣམས་དང་དེའི་ལྷ་མོ་རྣམས་ཀྱིའོ། །ཐིག་སྐུད་བཞི་པོའི་བར་མཚམས་སུ་རོལ་མོའི་ཕྱག་རྒྱ་དེ་ 61-1-133b བཞིན་དུ་ཤེས་པར་བྱའོ། །སྒེག་མོ་ལ་སོགས་པ་ཡང་རང་གི་ལས་ཀྱི་ཕྱག་རྒྱ་རྣམས་གཟུང་བར་བྱའོ། །ཐིག་སྐུད་ལྔ་པའི་བར་མཚམས་སུ་རྒྱལ་ཐེབ་རྣམས་ཀྱི་ཕྱག་རྒྱ་སྔར་བཤད་པ་ཁོ་ནས་ཤེས་པར་བྱའོ། །གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་བསྙེམས་པར་བྱས་ནས་གསང་བའི་ཁུ་ཚུར་གྱིས་རྡོ་ རྗེ་འོད་མའི་ཡལ་ག་མདུདཔའི་ཚུལ་དུ་བྱ་སྟེ་འདི་ནི་སྒོ་སྲུང་རྣམས་ཀྱིའོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་རྡོ་རྗེ་མདུན་དུ་དྲང་བ་དང་ཕྱིར་དྲང་བའི་ཚུལ་དུ་བྱ་བ་སྟེ་འདི་ནི་ཚོགས་རྣམས་ཀྱིའོ། །གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་བསྙེམས་པར་བྱས་ལ་གཡས་པས་སྡིགས་མཛུབ་ཀྱི་ཚུལ་དུ་བྱ་སྟེ་འདི་ནི་ཁྲོ་བོ་རྣམས་ཀྱིའོ། ། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་འོད་མའི་ཡལ་ག་འགུགས་པའི་ཚུལ་དུ་བྱ་སྟེ་འདི་ནི་ཕོ་ཉ་རྣམས་ཀྱིའོ། །རྡོ་རྗེ་ཁུ་ཚུར་གཉིས་དྲིལ་བུ་དཀྲོལ་བའི་ཚུལ་དུ་གཟུང་བར་བྱ་སྟེ་འདི་ནི་རྡོ་རྗེ་གནོད་སྦྱིན་རྣམས་ཀྱིའོ། །རྡོ་རྗེ་ཁུ་ཚུར་གཉིས་ཁའི་མཐའ་གཉིས་སུ་གཟུང་བར་བྱ་སྟེ་འདི་ནི་རྡོ་རྗེ་སྲིན་པོ་རྣམས་ཀྱིའོ། །རྡོ་རྗེ་ཁུ་ཚུར་ གཉིས་བཀའ་བསྒོ་བའི་ཚུལ་དུ་གཟུང་བར་བྱ་སྟེ་འདི་ནི་མངག་གཞུག་པ་དང་མངག་གཞུག་མ་རྣམས་ཀྱིའོ། །རྡོ་རྗེ་ཁུ་ཚུར་གཉིས་རྡོ་རྗེ་ཁ་ཊྭཱཾ་ག་དང་། རྡོ་རྗེ་རྩེ་གསུམ་དང་། རྡོ་རྗེ་ཞགས་པ་དང་། རྡོ་རྗེ་དབྱུག་པ་དང་། རྡོ་རྗེ་མདུང་ཐུང་དང་། རྡོ་རྗེ་མདའ་དང་། རྡོ་རྗེ་འཁོར་ལོ་འཛིན་པའི་བསམ་པས་བཅིང་བ་བྱ་ སྟེ་འདི་རྣམས་ནི་ཚོགས་བརྒྱད་ལས་ཀྱི་ཕྱག་རྒྱ་ཡིན་ནོ། །རྡོ་རྗེ་རྣལ་འབྱོར་གྱི་མཁའ་འགྲོ་མ་རྣམས་ཀྱི་ནི་གར་ལས་བྱུང་བའི་རང་གི་དམ་ཚིག་གི་ཕྱག་རྒྱའོ། །ཁྲོ་བོའི་ངག་གིས་རྡོ་རྗེའི་རིགས་ལ་བཟླས་པ་བྱའོ་ཞེས་བྱ་བ་ཁྲོ་བོའི་མཚན་ཉིད་བསྟན་པར་བྱ་བའི་ཕྱིར། དེ་ནས་ངག་གི་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་ གསུངས་ཏེ། སྤྲིན་བཞིན་དུ་ཡི་གེ་ཧཱུཾ་གི་སྒྲ་སྒྲོགས་པ་གང་ལ་ཡོད་པ་དེ་ནི་སྤྲིན་གྱི་སྒྲ་སྒྲོགས་པའི་ཡི་གེ་ཧཱུཾ་དང་ལྡན་པའོ། །སྤྲིན་གྱི་སྒྲ་སྒྲོགས་པའི་ཡི་གེ་ཧཱུཾ་དང་ལྡན་པ་ཡང་དེ་ཡིན་ལ་ཕྲ་བའི་སྒྲ་དང་བཅས་པ་ཡང་དེ་ཡིན་པས་ན་སྤྲིན་གྱི་སྒྲ་སྒྲོགས་པའི་ཡི་གེ་ཧཱུཾ་དང་ལྡན་པའི་ཕྲ་མོའི་སྒྲའོ། །དེ་ལྟར་གྱུར་ པ་གཅིག་པུར་མ་ཟད་ཀྱི་ཁྲོ་ཞིང་གསལ་བའོ་ཞེས་བྱ་བ་ལ་ཁྲོ་བས་གསལ་བ་སྟེ་ཁྲོ་བོའི་ཉམས་ཀྱིས་ཁྱབ་ཅིང་དེ་དང་ལྡན་པའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་གྱུར་པའི་ཁྲོ་བོ་ཆེན་པོའི་རྡོ་རྗེའི་ངག་ཡིན་ནོ། །གང་གི་དོན་དུ་ལྡན་པའི་བསམ་པ་གང་གིས་འདི་སྦྱར་བར་བྱ་ཞེ་ན། སྒྲུབ་པའི་དོན་དུ་བསྒྲུབ་པར་ 61-1-134a བྱ་བའོ་ཞེས་བྱ་བ་ལ་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒྲུབ་པའི་ཕྱིར་འདིས་བདག་ཉིད་དང་ཁམས་གསུམ་པའི་རྡོ་རྗེའི་རིགས་ཀྱི་གཟུགས་རྫོགས་པ་བསྒྲུབ་པར་བྱའོ་ཞེས་བྱ་བའི་བསམ་པས་རབ་ཏུ་སྦྱར་བར་བྱ་བ་ཡིན་ནོ། །ད་ནི་ལས་བརྒྱ་སྒྲུབ་པར་བྱེད་པའི་ཕྱག་རྒྱ་རྣམས་ཀྱི་མཚན་ཉིད་བསྟན་ པར་བྱ་བའི་ཕྱིར། དེ་ནས་མ་གྲུབ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་བཤད་པའི་ཚུལ་གྱིས་སྔོན་དུ་བསྙེན་པ་བྱས་ནས་མཚན་ཐོག་ཐག་བསྒོམས་པས་གང་གི་ཚེ་ཆོས་ཀྱི་ཕྱག་རྒྱ་ལ་སོགས་པ་གྲུབ་པར་མ་གྱུར་ན་དེའི་ཚེ་ཆོས་ཀྱི་ཕྱག་རྒྱ་ལ་སོགས་པ་མ་གྲུབ་པའི་རྗེས་ཐོགས་ཉིད་དུ་ སྲེག་པ་ལ་སོགས་པའི་ལས་ཐམས་ཅད་སྒྲུབ་པར་བྱེད་པའི་ཕྱག་རྒྱ་རྣམས་འཆིང་བ་སྟེ་འཆིང་བའི་མཚན་ཉིད་འདི་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྒྲུབ་པ་ནི་དེ་བཞིན་དུ་ཕྱག་རྒྱ་ཆེན་པོས་ལན་ཅིག་ཏུ་བྱའོ་ཞེས་བྱ་བ་ལ་ཇི་ལྟར་ཆོས་ཀྱི་ཕྱག་རྒྱ་ལ་སོགས་པ་བསྒྲུབ་པའི་ཕྱིར་ཐམས་ཅད་དགུག་པ་དང་མཆོད་པ་ ཆེན་པོ་དང་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་སྒྲུབ་པ་སྔོན་དུ་འགྲོ་བའི་ཕྱག་རྒྱ་ཆེན་པོས་བདག་ལ་བྱིན་གྱིས་བརླབ་པའི་སྒྲུབ་པ་གཅིག་པུ་ལན་ཅིག་བསྟན་པ་དེ་བཞིན་དུ་ཐམས་ཅད་སྲེག་པ་ལ་སོགས་པའི་ལས་སྒྲུབ་པར་ཡང་ཤེས་པར་བྱའོ། །ལས་ལ་ངེས་པར་སྦྱང་བ་ནི་ཁྲོ་གཉེར་གྱིས་སོ་ ཞེས་བྱ་བ་ལ། འདིར་ཡི་གེ་ཧི་ནི་ཁྲོ་གཉེར་ཏེ་དེ་དང་བཅས་པས་ལས་ཐམས་ཅད་སྒྲུབ་པར་བྱེད་པའོ། །ཕྱག་རྒྱ་རྣམས་ལ་ངེས་པར་སྦྱར་བར་བྱའོ། །འདི་ལྟར་བཤད་པར་འགྱུར་ཏེ། བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་དང་ཕྱག་རྒྱ་བཞིན་བྱས་ནས་ཁྲོ་གཉེར་གྱིས་ཀྱང་དགོད་པ་ བཅས་པས་ཕྱག་བྱས་ཏེ་ལས་གྲུབ་པར་བྱེད་པའི་ཕྱག་རྒྱ་བཅིངས་ཏེ་ཧི་ཧཱུཾ་ཞེས་བྱ་བ་བཟླས་ཞིང་ལས་ཐམས་ཅད་བསྒྲུབ་པར་བྱ་སྟེ། དེ་ལྟར་ན་ལས་ཐམས་ཅད་ལ་ངེས་པར་སྦྱོར་བ་ཁྲོ་གཉེར་གྱིས་གྲུབ་པ་ཡིན་ནོ། །རྡོ་རྗེ་ཧཱུཾ་མཛད་ལས་བྱུང་བའོ་ཞེས་བྱ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་ལས་སྒྲུབ་པར་ བྱེད་པའི་ཕྱག་རྒྱ་བཅིང་བར་བྱ་སྟེ་དེ་ལྟར་ན་རྡོ་རྗེ་ཧཱུཾ་མཛད་ལས་བྱུང་བ་དེ་ཡིན་ནོ། །ཇི་ལྟར་ཞེ་ན། སྐེ་ཚེ་དང་བཅས་པའི་ཏིལ་མར་ལ་སོགས་པའི་སྦྱིན་སྲེག་ནི་གཡས་པས་སོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱས་གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་བླུགས་གཟེར་བླངས་ཏེ། དེས་སྐེ་ཚེ་དང་བཅས་ 61-1-134b པའི་ཏིལ་མར་ལ་ཞི་བའི་སྦྱིན་སྲེག་བྱ་སྟེ་དེ་ལྟར་ན་ཐམས་ཅད་སྲེག་པར་འགྱུར་རོ། །དེ་ཉིད་ཀྱིས་གཏང་བའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་བསྒྲུབ་པར་བྱ་བ་བསྐྲད་པའི་བསམ་པས་སྡིགས་མཛུབ་ཀྱིས་གཏད་པར་བྱ་སྟེ་དེ་ལྟར་ན་ཐམས་ཅད་བསྐྲད་པའོ། །དེ་ཉིད་ཀྱིས་ཐམས་ཅད་འཆིང་བའོ་ཞེས་བྱ་ བ་ལ་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱའི་མཛུབ་མོས་བསྒྲུབ་བྱའི་གདོང་བཅིང་བར་བྱ་སྟེ་དེ་ལྟར་ན་ཐམས་ཅད་རྨུགས་པར་བྱེད་པར་འགྱུར་རོ། །གཡོ་བ་མེད་པ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱས་བསྒྲུབ་བྱ་གཡོ་བ་མེད་པར་བསམ་པར་བྱ་སྟེ། དེ་ལྟར་ན་ཐམས་ཅད་རེངས་པའོ། །གཉིད་ལོག་པ་སྟོན་པའོ། ། ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་མིག་གཉིས་བཙུམ་པར་བྱ་སྟེ་དེ་ལྟར་ན་ཐམས་ཅད་གཉིད་ལོག་ཏུ་འཇུག་པའོ། །ཁྲོ་བོའི་རྡོ་རྗེའི་ལྟ་བས་སྡིགས་མཛུབ་བོ་ཞེས་བྱ་བ་ལ་ཁྲོ་བོའི་ལྟ་བས་བསྒྲུབ་བྱ་ལ་བལྟ་ཞིང་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱས་སྡིག་མཛུབ་བྱ་སྟེ་དེ་ལྟར་ན་ཐམས་ཅད་ལ་རྒྱས་བཏབ་ པའོ། །ཕྱག་རྒྱ་གློད་པར་འགྱུར་བའོ་ཞེས་བྱ་བ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་གློད་པར་བྱ་སྟེ་དེ་ལྟར་ན་ཐམས་ཅད་རྨོངས་པར་འགྱུར་བའོ། །མཛུབ་མོ་གཉིས་ཡང་དག་པར་སྦྱར་ནས་ཕྱེ་བའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱའི་མཛུབ་མོ་གཉིས་ཕན་ཚུན་སྦྱར་བར་བྱས་ལ་སོ་སོར་ཕྱེ་བར་བྱ་སྟེ་དེ་ལྟར་ན་ ཐམས་ཅད་འཇོམས་པའོ། །དེ་དག་ཉིད་ཀྱིས་སྡུ་གུ་འཆིང་པའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱའི་མཛུབ་མོ་གཉིས་ཀྱི་ལུ་གུ་རྒྱུད་བཅིང་བར་བྱ་སྟེ་དེ་ལྟར་ན་ཐམས་ཅད་འཆིང་པའོ། །འཆིང་བས་བཙིར་པའོ་ཞེས་བྱ་བ་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱའི་མཛུབ་མོ་གཉིས་ཀྱིས་ལུ་གུ་རྒྱུད་བཅིངས་ནས་ བཙིར་བར་བྱ་སྟེ་དེ་ལྟར་ན་ཐམས་ཅད་བཙིར་བའོ། །དེ་ནས་དྲལ་བར་བྱའོ་ཞེས་བྱ་བ་ལ་འདས་མ་ཐག་པའི་ལུ་གུ་རྒྱུད་བཅིང་བར་བྱས་ལ་མཛུབ་མོ་གཉིས་བཅིངས་ལ་དྲལ་བར་བྱ་སྟེ་དེ་ལྟར་ན་ཐམས་ཅད་དྲལ་བའོ། །གཡས་པས་རྡེག་པའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱའི་གཡས་པའི་ མཛུབ་མོས་གཡོན་པའི་མཛུབ་མོ་ལ་བརྡེག་པར་བྱ་སྟེ་དེ་ལྟར་ན་ཐམས་ཅད་གསོད་པའོ། །མཛུབ་མོ་གཉིས་ཀྱིས་འབར་བའི་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱའི་མཛུབ་མོ་གཉིས་ཀྱིས་གྱེན་དུ་འབར་བའི་ཚུལ་དུ་བྱ་སྟེ་དེ་ལྟར་ན་ཐམས་ཅད་འབར་བའོ། །གཡས་པའི་མཛུབ་མོ་དབུས་མ་ 61-1-135a ལྟུང་བའི་ཚུལ་ལོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱའི་གཡས་པའི་མཛུབ་མོ་ལ་གཡོན་པའི་དབུས་མའི་སོར་མོ་བསྒྲེང་བ་བསྒྲུབ་བྱ་ལྟུང་བའི་ཚུལ་གྱིས་དབབ་པར་བྱ་སྟེ་དེ་ལྟར་ན་ཐམས་ཅད་ལྟུང་དུ་འཇུག་པའོ། །མཛུབ་མོ་གཉིས་ཀྱིས་མེར་བྱེད་པའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་ ཀྱི་ཕྱག་རྒྱའི་མཛུབ་མོ་གཉིས་ཀྱིས་འབར་བའི་ཚུལ་བསྟན་པར་བྱ་སྟེ་དེ་ལྟར་ན་ཐམས་ཅད་འཚེད་པའོ། །གཅོད་པའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་གཅོད་པའི་ཚུལ་དུ་སྦྱར་བར་བྱ་སྟེ་དེ་ལྟར་ན་ཐམས་ཅད་གཅོད་པའོ། །མཛུབ་མོ་གཉིས་ཀྱི་སེན་མོ་སྦྱར་བའི་རྩེ་མོས་གཅོད་པའོ་ཞེས་བྱ་བ་ ལ་རྡོ་རྗེ་ཧཱུཾ་མཛད་ཀྱི་སེན་མོ་གཉིས་ཀྱིས་ཕན་ཚུན་སེན་མོ་ཡང་དག་པར་སྦྱར་བའི་རྩེ་མོར་བྱས་ལ་དེས་བསྒྲུབ་བྱ་རྣམས་དྲལ་བའི་ཚུལ་དུ་བྱ་སྟེ་དེ་ལྟར་ན་ཐམས་ཅད་དྲལ་བར་འགྱུར་རོ། །ལག་པ་གཉིས་དྲག་ཏུ་མཉེ་བའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་ལག་པ་གཉིས་ཕན་ཚུན་དུ་དྲག་ཏུ་མཉེ་བར་ བྱ་སྟེ་དེ་ལྟར་ན་ཐམས་ཅད་ཕྱེ་མར་འགྱུར་རོ། །ཐམས་ཅད་དུ་སོར་མོ་ཐམས་ཅད་དོང་པའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ཏེ་ཕྱོགས་བཅུར་སོར་མོ་ཐམས་ཅད་དོར་བར་བྱ་སྟེ་དེ་ལྟར་ན་ཐམས་ཅད་དོར་བར་འགྱུར་རོ། །ཅིག་ཅར་དུ་ཕྱག་རྒྱ་དགྲོལ་བའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་མྱུར་བ་ཉིད་དུ་ དགྲོལ་བར་བྱས་ཏེ་དེ་ལྟར་ན་ཐམས་ཅད་རྣམ་པར་འཇོམས་པར་འགྱུར་རོ། །དྲང་ཞིང་གཡོ་བས་སྡིགས་མཛུབ་བོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་གང་ཞིག་གཡོ་བའི་ཚུལ་གྱིས་བདག་ཉིད་འདར་བར་བྱ་ཞིང་བསྒྲུབ་བྱ་ལ་སྡིགས་མཛུབ་བྱ་སྟེ་དེ་ལྟར་ན་རིམས་ཐམས་ཅད་ཀྱིས་བསྒྲུབ་བྱ་འཛིན་ དུ་གཞུག་པའོ། །གཡས་པའི་མཛུབ་མོའི་གདེངས་ཀ་བསྐྱོད་པས་སྡིགས་མཛུབ་བོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱའི་གཡས་པའི་མཛུབ་མོས་ཀླུ་ལྟོ་འཕྱེའི་ཚུལ་དུ་བྱས་ལ་དེའི་བསྒྲུབ་བྱ་ལ་སྡིགས་མཛུབ་བྱ་སྟེ་དེ་ལྟར་ན་དུག་ཐམས་ཅད་ཀྱིས་བསྒྲུབ་བྱ་ཟིན་པར་གྱུར་རོ། །གཡས་པའི་ མཛུབ་མོ་མཆེ་བས་བཟུང་བའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་ཀྱི་གཡས་པའི་མཛུབ་མོ་སོ་རྣམས་ཀྱིས་གཟུང་བར་བྱ་སྟེ། དེ་ལྟར་ན་བསྒྲུབ་བྱ་གདོན་གྱིས་འཛིན་དུ་གཞུག་པ་ཡིན་ནོ། །ངུ་བ་དང་དགོད་པ་དང་རྨུགས་པ་ལ་སོགས་པ་བསྟན་པའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་ངུ་བ་དང་དགོད་ 61-1-135b པ་དང་རྨུགས་པ་ལ་སོགས་པ་བདག་ཉིད་ཀྱིས་བསྟན་པར་བྱ་སྟེ་དེ་ལྟར་ན་བསྒྲུབ་བྱ་སྨྱོ་བར་བྱེད་པ་ཡིན་ནོ། །མཛུབ་མོ་གཉིས་ཀྱིས་སེ་གོལ་རྡེབ་པའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་ཀྱི་མཛུབ་མོ་གཉིས་ཀྱིས་ཕན་ཚུན་དུ་སེ་གོལ་གྱི་སྒྲ་བྱུང་ཞིང་བསྒྲུབ་བྱ་ལ་བརྡེག་པར་བྱ་སྟེ་དེ་ལྟར་ན་ཐམས་ཅད་གསོད་པར་འགྱུར་རོ། ། གཡོན་པའི་སྟེང་དུ་གཡས་པ་ཉེ་བར་གཞག་པའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱའི་གཡོན་པའི་སྡིགས་མཛུབ་དང་ཟུར་དུ་བཞག་སྟེ་དེའི་སྟེང་དུ་གཡས་པའི་མཛུབ་མོ་གཞག་པར་བྱ་སྟེ། དེ་ལྟར་ན་ལངས་པ་ཐམས་ཅད་ཉེ་བར་འདུག་པར་འགྱུར་རོ། །ས་ལ་རབ་ཏུ་གཞག་པའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་ བཅིངས་ནས་ས་ལ་རབ་ཏུ་གཞག་པར་བྱ་སྟེ་དེ་ལྟར་ན་ཐམས་ཅད་འཁོར་བར་འགྱུར་རོ། །བསྐྱོད་པར་བྱའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་བསྒྲུབ་བྱ་གཡོ་བའི་བསམ་པས་བསྐྱོད་པར་བྱ་སྟེ་དེ་ལྟར་ན་ཐམས་ཅད་གཡོ་བར་འགྱུར་རོ། །གར་བྱའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ ནས་རང་གིས་གར་བྱ་སྟེ་དེ་ལྟར་ན་ཐམས་ཅད་གར་བྱེད་དུ་འཇུག་པ་ཡིན་ནོ། །འབྱིན་པའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་ཁའི་ཕྱོགས་ལས་གྱེན་དུ་དྲང་བར་བྱ་སྟེ་དེ་ལྟར་ན་ཐམས་ཅད་གླུ་ལེན་དུ་འཇུག་པར་འགྱུར་རོ། །བརླབ་པར་བྱའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་ཆུ་བོའི་ ཚོགས་ཆེན་པོ་བསྐྱོད་པའི་ཚུལ་དུ་བརླབ་པར་བྱ་སྟེ་དེ་ལྟར་ཐམས་ཅད་བརྩེར་གཞུག་པ་ཡིན་ནོ། །ཐམས་ཅད་བརླབ་པར་བྱའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་ཕྱོགས་བཞི་རུ་ཆུའི་ཚོགས་བསྐྱེད་པའི་ཚུལ་དུ་བརླབ་པར་བྱ་སྟེ། དེ་ལྟར་ན་ཐམས་ཅད་རོལ་དུ་བཅུག་ པར་འགྱུར་རོ། །ཧ་ཧར་དགོད་པའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་ཧ་ཧར་དགོད་པར་བྱ་སྟེ་དེ་ལྟར་ན་ཧ་ཧར་དགོད་པར་བྱེད་དུ་བཅུག་པར་འགྱུར་རོ། །བསྐོར་བའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་བསྐོར་བར་བྱ་སྟེ་དེ་ལྟར་ན་ཐམས་ཅད་བསྐོར་དུ་བཅུག་པའོ། །དགུག་པར་བྱའོ་ ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་དགུག་པར་བྱ་སྟེ་དེ་ལྟར་ན་ཐམས་ཅད་འགུགས་པར་འགྱུར་རོ། །དྲང་བར་བྱའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་མདུན་དུ་དེ་དྲང་བར་བྱ་སྟེ་དེ་ལྟར་ན་འདྲེན་པའོ། །གཏད་པར་བྱའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་མདུན་དུ་དྲང་བར་བྱ་སྟེ་དེ་ལྟར་ན་ཐམས་ཅད་གཏད་ 61-1-136a པར་འགྱུར་རོ། །ཡོངས་སུ་བསྐོར་ནས་ནུབ་པར་བྱའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་ཡོངས་སུ་བསྐོར་ནས་ནུབ་པའི་ཚུལ་དུ་གཟུང་བར་བྱ་སྟེ་དེ་ལྟར་ན་ཐམས་ཅད་ནུབ་པར་འགྱུར་རོ། །དེ་ནས་དོར་བར་བྱའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་གྱེན་དུ་དྲང་བར་བྱ་སྟེ་དེ་ལྟར་ན་ཐམས་ཅད་གྱེན་དུ་འབྱུང་ བར་འགྱུར་རོ། །མྱུར་དུ་དོར་བའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་མྱུར་དུ་དོར་བར་བྱ་སྟེ་དེ་ལྟར་ན་ཐམས་ཅད་དོར་བའོ། །དེ་བཞིན་དུ་ཀུན་ནས་འདྲེན་པའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་མྱུར་དུ་དྲང་བར་བྱ་སྟེ་དེ་ལྟར་ན་ཐམས་ཅད་གྱེན་དུ་འདྲེན་པར་འགྱུར་རོ། །དེ་བཞིན་དུ་གྱེན་དུ་དྲང་བར་བྱའོ་ཞེས་བྱ་བ་ལ་ རྡོ་རྗེ་ཧཱུཾ་མཛད་ཟུར་དུ་དྲང་བར་བྱ་སྟེ་དེ་ལྟར་ན་ཐམས་ཅད་གྱེན་དུ་དྲང་བར་འགྱུར་རོ། །རང་གིས་ང་རོ་བྱའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་རང་ཉིད་ཀྱིས་ང་རོ་བྱ་སྟེ་དེ་ལྟར་ན་ཐམས་ཅད་ཀྱིས་ང་རོ་འདོན་པར་བྱེད་པའོ། །ངུ་བར་བྱའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་རང་གིས་ངུ་བར་བྱ་སྟེ་དེ་ལྟར་ན་ ཐམས་ཅད་ངུ་བའོ། །བདག་ཉིད་ལ་བརྡེག་པར་བྱ་བའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་བདག་ཉིད་ལ་བརྡེག་པར་བྱ་སྟེ་དེ་ལྟར་ན་བསྒྲུབ་བྱ་ཐམས་ཅད་ཀྱིས་བདག་ཉིད་ལ་བརྡེག་པའོ། །སྙིང་གར་བརྡེག་པར་སྦྱིན་པར་བྱའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་དེས་རང་གི་སྙིང་གར་བརྡེག་ པར་བྱ་སྟེ་དེ་ལྟར་ན་ཐམས་ཅད་གསོད་པའོ། །རང་ཉིད་ཀྱིས་རང་གི་སྒྲ་འདོན་པར་བྱའོ་ཞེས་བྱ་བ་ལ་གཞན་གྱི་སྒྲ་ཡང་རང་ཉིད་ཀྱིས་འདོན་པ་ཡིན་པས་དེ་རྣམ་པར་གཅད་པར་བྱ་བའི་ཕྱིར་རང་ཉིད་འདོན་ཞེས་བྱ་བ་འདིས་འདི་ལྟར་འཆད་པར་འགྱུར་ཏེ་རྡོ་རྗེ་ཧཱུཾ་མཛད་ཀྱི་བར་གྱི་སྒྲ་འདོན་པར་བྱ་སྟེ་དེ་ལྟར་ན་ ཐམས་ཅད་བསྒྲུབ་བྱ་སྒྲ་འདོན་པར་བྱེད་པ་ཡིན་ནོ། །སྡང་བ་བསྡམས་པའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་ཡིད་ཀྱིས་བསྒྲུབ་བྱ་དཔྲལ་བར་བྱ་སྟེ་དེ་ལྟར་ན་རྣམ་པར་སྡང་བའོ། །རང་གི་གོས་སྟོད་པར་བྱའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་ཀྱིས་རང་གི་གོས་སྟོད་པར་བྱ་སྟེ་དེ་ལྟར་ན་གོས་སྟོད་པའོ། ། ཁྲོ་བོ་དེ་བཞིན་དུ་འབར་བ་བསྟན་པའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་ཁྲོ་ཞིང་རབ་ཏུ་གཡོ་བས་མཛུབ་མོ་གཉིས་ཀྱིས་གྱེན་དུ་འབར་བ་སྐྱེད་པའི་ཚུལ་དུ་བྱ་སྟེ་དེ་ལྟར་ན་ཁྲོ་བ་འབར་བར་འགྱུར་རོ། །གཡས་པའི་མཛུབ་མོའི་ལྕགས་ཀྱུའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་ཀྱི་གཡས་པའི་མཛུབ་ 61-1-136b མོ་ལྕགས་ཀྱུའི་རྣམ་པར་བྱ་སྟེ་འདིས་ཐམས་ཅད་འགུགས་པར་འགྱུར་རོ། །དེ་ཉིད་ཀྱིས་རབ་ཏུ་གཞུག་པའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་ཀྱིས་བསྒྲུབ་བྱ་རབ་ཏུ་གཞུག་པའི་ཚུལ་དུ་བྱ་སྟེ་དེ་ལྟར་ན་ཐམས་ཅད་རབ་ཏུ་གཞུག་པར་འགྱུར་རོ། །གཡས་པའི་སེ་གོལ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱའི་གཡས་ པའི་སྡིགས་མཛུབ་དང་མཐེ་བོང་དག་གིས་སེ་གོལ་གྱི་སྒྲ་བྱ་སྟེ་དེ་ལྟར་ན་ཐམས་ཅད་འབེབས་པའོ། །གཡོན་པའི་སེ་གོལ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱས་གཡོན་པའི་སྡིགས་མཛུབ་དང་མཐེ་བོང་དག་གིས་སེ་གོལ་གྱི་སྒྲ་བྱ་སྟེ་དེ་ལྟར་ན་པྲ་དབབ་པ་ཐམས་ཅད་བསྒྲུབ་པའོ། །ལྕེ་རེག་པ་ནི་མཛུབ་མོ་ གཉིས་སོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱའི་མཛུབ་མོ་གཉིས་ཀྱིས་ལྕེ་ལ་རེག་པར་བྱ་སྟེ་དེ་ལྟར་ན་ཐམས་ཅད་སྨྲ་བར་འགྱུར་རོ། །ཡན་ལག་ལ་སྤུ་གཡས་སུ་འཁྱིལ་བ་བསྐོར་བའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་གཡས་སུ་འཁྱིལ་བའི་བ་སྤུ་སྟོན་པའི་ཚུལ་དུ་ཡན་ལག་ཐམས་ཅད་བསྐོར་བར་ བྱ་སྟེ་དེ་ལྟར་ན་སྒྱུ་མ་ཐམས་ཅད་སྟོན་པར་འགྱུར་རོ། །ལྷུང་དུ་གཞུག་པ་ལ་སོགས་པ་བྱེད་པའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་ཀྱིས་ལྷུང་དུ་གཞུག་པ་དང་སློང་བར་བྱེད་པའི་ཚུལ་སྟོན་པར་བྱེད་དེ་དེ་ལྟར་ན་ཐམས་ཅད་སོ་སོར་སྟོན་པ་མཐོང་བའོ། །དུས་བསྒོམ་པའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་ དུས་ཀྱི་འཁོར་ལོ་ཡོངས་སུ་བསྐོར་བར་བྱ་སྟེ་དེ་ལྟར་ན་དུས་ཀྱི་འཁོར་ལོ་ཡོངས་སུ་བསྐོར་བའོ། །ཁྲོ་བོའི་ལྟ་བས་ཤིང་དྲུང་རྣམས་ལ་ཡིད་ཀྱིས་འདོད་པའོ་ཞེས་བྱ་བ་རྣམས་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་ཁྲོ་བའི་ལྟ་བ་བསྐྱེད་ནས་དེས་ཤིང་དྲུང་རྣམས་ཀྱི་འདབ་མ་དང་མེ་ཏོག་དང་འབྲས་བུ་དང་ཅི་འདོད་ པའི་ཤིང་དྲུང་དེ་དག་མཐོང་ཞིང་བསྟན་པའོ། །དེ་བཞིན་དུས་ལ་བལྟ་བ་ནི་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་ཁྲོ་བོའི་ལྟ་བས་ས་ལ་བལྟ་ཞིང་ས་ལ་བཞག་སྟེ་འབྲུ་ཐམས་ཅད་སྐྱེ་བར་བསྒོམ་པར་བྱ་སྟེ་དེ་ལྟར་ན་འབྲུ་ཐམས་ཅད་སྟོན་པར་བྱེད་པའོ། །ལྟ་བའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་བྱམས་པའི་ལྟ་བ་ བྱ་སྟེ་དེས་བསྒྲུབ་བྱ་ལ་བལྟ་ཞིང་རིམས་དང་བྲལ་བར་བྱེད་པའོ། །སྨིན་མ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་སྨིན་མ་འགྱུ་བས་ཕྲོག་པར་བྱ་སྟེ་དེ་ལྟར་ན་སྦྱར་བའི་དུག་ཐམས་ཅད་དང་བྲལ་བར་བྱེད་དོ། །སོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་སོ་བསྟན་པར་བྱ་སྟེ་དེ་ལྟར་ན་གདོན་ཐམས་ཅད་ 61-1-137a ལས་གྲོལ་བར་འགྱུར་རོ། །ཕུ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་ཡི་གེ་ཕུ་བརྗོད་པར་བྱ་སྟེ་དེ་ལྟར་ན་དུག་ཐམས་ཅད་ལས་ཐར་པའོ། །ཕྱག་རྒྱས་བརྡེག་པའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་ཀྱི་མཁའ་འགྲོ་མས་བཟུང་བ་ལ་བརྡེག་པར་བྱ་སྟེ་དེ་ལྟར་ན་མཁའ་འགྲོ་མ་ཐམས་ཅད་ཀྱིས་ བཟུང་བ་དགྲོལ་བའོ། །རྒྱལ་མཚན་བསྒྲེང་བའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་རྒྱལ་མཚན་བསྒྲེང་བའི་ཚུལ་གྱིས་གྱེན་དུ་གཟུང་བར་བྱ་སྟེ་དེ་ལྟར་ན་འཐབ་མོ་ཐམས་ཅད་ལས་ཐར་པའོ། །འཇིགས་བྱེད་ཀྱི་ལྟ་བ་ཁྲོ་བ་དང་བཅས་པས་སོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་ཁྲོ་བ་དང་ བཅས་པའི་འཇིགས་བྱེད་ཀྱི་ལྟ་བས་གཞན་གྱི་དཔུང་ལ་བལྟ་ཞིང་བཟླས་པར་བྱ་སྟེ་དེ་ལྟར་ན་གཞན་གྱི་དཔུང་ཐམས་ཅད་འཇོམས་པར་འགྱུར་རོ། །འཛུམ་པ་མེད་པས་བལྟའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་འཛུམ་པ་མེད་པའི་ལྟ་བས་བལྟ་ཞིང་བཟླ་བར་བྱ་སྟེ་དེ་ལྟར་ན་མཚམས་བཅིང་ བར་འགྱུར་རོ། །དེ་བཞིན་དུ་འབར་བས་འཆིང་བའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་སྙིང་ག་ལས་རྡོ་རྗེ་འབར་བ་སྤྲོ་སྟེ་དེས་ཕྱོགས་བཅིང་བར་བྱ་སྟེ་དེ་ལྟར་ན་ཕྱོགས་ཐམས་ཅད་བཅིང་བར་འགྱུར་རོ། །ཕྱག་རྒྱ་བསྐོར་བར་བྱའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བསྐོར་བར་བྱ་སྟེ་དེ་ལྟར་ན་ དཀྱིལ་འཁོར་བཅིང་བར་འགྱུར་རོ། །གཙུག་ཏོར་ལས་མཛུབ་མོའི་རྡོ་རྗེ་ཞགས་པར་བྱའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་མཛུབ་མོ་གཉིས་ཀྱི་རྩེ་མོ་ཡང་དག་པར་སྦྱར་བའི་རྩེ་མོ་བྱ་སྟེ། ཡོངས་སུ་བསྐོར་ལ་གཙུག་ཏོར་དུ་མཛུབ་མོ་གཉིས་ཀྱིས་གཟུང་བར་བྱ་སྟེ་དེ་ལྟར་ནི་ ཤིན་ཏུ་བསྲུང་བར་འགྱུར་རོ། །དེ་བཞིན་དུ་སྙིང་གར་རོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་མཛུབ་མོ་གཉིས་ཀྱི་རྩེ་མོ་ཡང་དག་པར་སྦྱར་བར་བྱས་ནས་རང་གི་སྙིང་གར་གཟུང་བར་བྱ་སྟེ་དེ་ལྟར་ན་ཡོངས་སུ་སྐྱོད་བར་བྱེད་པར་འགྱུར་རོ། །རྡོ་རྗེ་དགྲོལ་བའོ་ཞེས་བྱ་བ་ལ་འདས་མ་ཐག་ཏུ་ བཤད་པའི་ཕྱག་རྒྱ་རང་གི་སྙིང་གར་དགྲོལ་བར་བྱ་སྟེ་དེ་ལྟར་ཐམས་ཅད་དགྲོལ་བར་འགྱུར་རོ། །ཕྱག་རྒྱ་ཟུར་དུ་བསླང་བའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་ཟུར་དུ་གཞག་ལ་བསླང་བར་བྱ་སྟེ་དེ་ལྟར་ན་ཐམས་ཅད་བསླང་བར་འགྱུར་རོ། །མཛུབ་མོའི་རྩེ་མོ་བརྟན་པར་སྦྱར་ལ་བྱའོ་ཞེས་བྱ་བ་ལ་ 61-1-137b རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱའི་མཛུབ་མོ་གཉིས་ཀྱི་རྩེ་མོ་ཕན་ཚུན་དུ་ཡང་དག་པར་སྦྱར་བར་བྱ་སྟེ་དེ་ལྟར་ན་ཐམས་ཅད་དབང་དུ་བྱེད་པར་འགྱུར་རོ། །ལྟ་བ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་ཀྱི་ཁྲོ་བའི་ལྟ་བས་བལྟ་ཞིང་ལས་བྱའོ། །ཅི་ལྟར་ཞེ་ན། སྟེང་ནས་འོག་ཏུ་ལྟུང་བའོ་ཞེས་བྱ་བལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ ནས་ཁྲོ་བོའི་ལྟ་བས་ལྟ་ཞིང་སྟེང་གི་ཕྱོགས་ནས་འོག་ཏུ་ལྟུང་བའི་ཚུལ་དུ་བྱ་སྟེ་དེ་ལྟར་ན་ལྷ་ཐམས་ཅད་ལྟུང་བར་འགྱུར་རོ། །འོག་ནས་སྟེང་དུ་འདྲེན་པའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་ལྟ་བ་དང་བཅས་པ་དེ་ཉིད་ཀྱིས་འོག་ནས་གྱེན་དུ་དྲང་བའི་ཚུལ་དུ་བྱ་སྟེ་དེ་ལྟར་ན་ཀླུ་ཐམས་ཅད་སྟོན་ པར་འགྱུར་རོ། །ཡི་གེ་ཧཱུཾ་ཁྲོས་པའོ་ཞེས་བྱ་བ་ལ་ལྟ་བ་དེ་ཉིད་ཀྱིས་བལྟ་ཞིང་རྡོ་རྗེ་ཧཱུཾ་མཛད་བཅིངས་ཏེ་ཁྲོས་པས་ཡི་གེ་ཧཱུཾ་བཟླ་བར་བྱ་སྟེ་དེ་ལྟར་ན་གནོད་སྦྱིན་ཐམས་ཅད་རྗེས་སུ་འབྲང་བར་བྱེད་པའོ། །འཇིགས་བྱེད་ལྟ་བའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་འཇིགས་བྱེད་ཀྱི་ལྟ་བས་བལྟ་ཞིང་ བཟླ་བར་བྱ་སྟེ་དེ་ལྟར་ན་སྲིན་པོ་ཐམས་ཅད་འཇིགས་སུ་གཞུག་གོ། །རྡོ་རྗེ་ཁ་ཊྭཱཾ་ག་དྲལ་བ་ཁྲོ་བོས་སོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་ཁྲོ་བོའི་ལྟ་བས་འབར་བའི་རྡོ་རྗེ་རྣམས་ཁ་ཊྭཱཾ་གའི་སྟེང་དུ་ཡིད་ཀྱིས་དབབ་པར་བྱ་སྟེ། དེ་ལྟར་ནག་པོ་ཆེན་པོའི་རྡོ་རྗེ་ཁ་ཊྭཱཾ་ག་དྲལ་བས་མཁའ་གྲོ་མ་ལ་ སོགས་པའི་གདོན་ཐམས་ཅད་ཞི་བར་འགྱུར་རོ། །སྙིང་གར་རྡོ་རྗེ་བསྒོམས་པའོ། །ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་རང་གི་སྙིང་གར་རྡོ་རྗེ་འབར་བ་བསྒོམ་པར་བྱ་སྟེ་དེ་ལྟར་ན་བདུད་ཀྱི་དཔུང་ཐམས་ཅད་འཇོམས་པར་གྱུར་རོ། །རྡོ་རྗེ་རྩེ་གསུམ་དྲལ་བའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་ ཡིད་ཀྱིས་རྩེ་གསུམ་དྲལ་བར་བྱ་སྟེ་དེ་ལྟར་ན་མ་མོ་ཐམས་ཅད་ཞི་བར་འགྱུར་རོ། །གདུག་པའི་དཀྱིལ་འཁོར་གཞིག་པར་བྱའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་བཟླ་བར་བྱ་སྟེ་དེ་ལྟར་ན་གདུག་པ་ཐམས་ཅད་ཀྱི་དཀྱིལ་འཁོར་གཏོར་བར་འགྱུར་རོ། །ཡི་གེ་ཧཱུཾ་གིས་སོ་ཞེས་བྱ་བ་ལ་ རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་ཡི་གེ་ཧཱུཾ་བཟླ་བར་བྱ་སྟེ་དེ་ལྟར་ན་གདུག་པ་ཅན་ཐམས་ཅད་ཚར་གཅོད་པར་འགྱུར་རོ། །ཧི་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་ཡི་གེ་ཧི་བཟླ་བར་བྱ་སྟེ་དེ་ལྟར་ན་ཐམས་ཅད་འདུལ་བར་འགྱུར་རོ། །གཡས་པས་དབུགས་དབྱུང་བའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་ 61-1-138a བཅིངས་ནས་གཡས་ཕྱོགས་སུ་མི་འཇིགས་པ་སྦྱིན་པའི་ཚུལ་དུ་གཟུང་བར་བྱ་སྟེ་དེ་ལྟར་ན་འཇིགས་པ་མེད་པར་འགྱུར་རོ། །དེ་ཉིད་ཀྱིས་དོང་ཙེ་སྕོལ་བའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་ཀྱིས་དོང་ཙེ་སྩོལ་བའི་ཚུལ་བྱ་སྟེ་དེ་ལྟར་ན་ནོར་བུ་བཟང་པོ་དབང་དུ་བྱེད་དོ། །ཁྲོ་བོའི་ལྟ་བས་ དེ་བཞིན་དུ་བྱེད་དོ་ཞེས་བྱ་བ་ལ་ཇི་ལྟར་དོང་ཙེ་སྩོལ་བའི་ཚུལ་གྱིས་ནོར་བུ་བཟང་པོ་དབང་དུ་བྱེད་པར་གྱུར་བ་དེ་བཞིན་དུ་ཧཱུཾ་མཛད་བཅིངས་ནས་ཁྲོ་བོའི་ལྟ་བས་ནོར་སྦྱིན་གྱི་གཟུགས་བརྙན་ལ་བལྟ་ཞིང་བཟླ་བར་བྱ་སྟེ་དེ་ལྟར་ན་གནོད་སྦྱིན་གྱི་ནོར་ཐམས་ཅད་འཕྲོག་པར་འགྱུར་རོ། །རྡོ་རྗེ་ཁུ་ཚུར་གཡས་ པས་མནན་ཏེ་གཡོན་པའི་སོར་མོ་རྣམས་ཀྱིས་བཟུང་ནས་དགུག་པར་བྱའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་གཡོན་པའི་རྡོ་རྗེ་ཁུ་ཚུར་ཟུར་དུ་བཞག་སྟེ་གཡས་པའི་ཁྲོ་བོའི་ཁུ་ཚུར་གྱིས་བཟུང་ལ་ལུ་གུ་རྒྱུད་བཅིངས་པ་མ་བཀྲོལ་ཞིང་གཡོན་པའི་མཛུབ་མོ་རྣམས་ཀྱིས་གཟུང་བར་བྱས་ལ་དགུག་པར་ བྱ་སྟེ་དེ་ལྟར་ན་རྣམ་པར་འཕྲུལ་པའི་གཟུགས་བརྙན་གནས་པས་དཔལ་ཐམས་ཅད་འདྲེན་པར་འགྱུར་རོ། །དོང་ཙེ་སྩོལ་བ་ནི་གཉིས་ཀྱིས་སོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་མཛུབ་མོ་གཉིས་ཀྱིས་དོང་ཙེ་སྩོལ་བའི་ཚུལ་བསྟན་ཏེ་དེ་ལྟར་ན་ལྷའི་བུ་མོ་ཐམས་ཅད་འཕྲོག་པར་འགྱུར་རོ། །གཡོན་ པའི་དྲིལ་བུ་དྲལ་བའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་གཞོན་ནུ་མའི་ལག་པ་གཡོན་པ་ལ་གནས་པའི་དྲིལ་བུ་ཡིད་ཀྱིས་དྲལ་བར་བྱ་ཞིང་གཞོན་ནུ་མ་དང་ལྷན་ཅིག་ཏུ་ཡང་དག་པར་སྦྱོར་བས་བསམ་པར་བྱ་སྟེ་དེ་ལྟར་ན་གཞོན་ནུ་མ་དང་རོལ་པར་འགྱུར་རོ། །དེ་བཞིན་རྡོ་རྗེ་ཧཱུཾ་མཛད་ཀྱི་ གཡས་པའི་ཁུ་ཚུར་གཡོན་པའི་རྡོ་རྗེ་ཁྲོ་བོས་མནན་ཏེ་མཐེའུ་ཆུང་གི་གདུ་བུ་བཀྲོལ་བའི་རྡོ་རྗེ་ཁུ་ཚུར་གྱིས་འཕྲོག་པར་བྱའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་གཡས་པའི་མཛུབ་མོའི་རྩེ་མོ་རང་གི་མཐེ་བོང་གི་སྟེང་དུ་བཞག་ནས་ཐུར་དུ་བསྟན་ལ་གཡོན་པའི་མཛུབ་མོས་མནན་ཏེ་མཐེའུ་ ཆུང་གི་ལུ་གུ་རྒྱུད་བཀྲོལ་བས་འཕྲོག་པར་བྱ་སྟེ་དེ་ལྟར་ན་རྐང་པ་གཡོན་པ་བརྒྱ་བྱིན་གྱི་གཟུགས་བརྙན་མནན་ན་ཤ་ཙི་འཕྲོག་པར་འགྱུར་རོ། །གཡས་པའི་དྲིལ་བུ་དྲལ་བའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་གཞོན་ནུ་མའི་ལག་པ་གཡས་པ་ལ་གནས་པའི་དྲིལ་བུ་ཡིད་ཀྱིས་དྲལ་ 61-1-138b བར་བྱ་སྟེ་དེ་ལྟར་ན་གཞོན་ནུ་རྣམ་པར་སྤྱོད་པར་འགྱུར་རོ། །ཆགས་པ་དྲལ་བས་ལྟུང་བ་ནི་ཡིད་ཀྱིས་སོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་སེམས་ཀྱིས་ལྟུང་བར་བྱ་སྟེ་དེ་ལྟར་ན་ཚངས་པ་ལྟུང་དུ་བཅུག་པར་འགྱུར་རོ། །འཁོར་ལོ་དྲལ་བའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་ཡིད་ ཀྱིས་ཁྱབ་འཇུག་གི་འཁོར་ལོ་དྲལ་བར་བྱ་སྟེ་དེ་ལྟར་ན་ཁྱབ་འཇུག་འདུལ་བའོ། །རྩེ་གསུམ་དྲལ་བའོ་ཞེས་བྱ་བ་ལ་ཡིད་ཀྱིས་ལྷ་ཆེན་པོའི་རྩེ་གསུམ་དྲལ་བར་བྱ་སྟེ་དེ་ལྟར་ན་ལྷ་ཆེན་པོ་རྣམས་ལས་རྣམ་པར་རྒྱལ་བར་འགྱུར་རོ། །རྡོ་རྗེ་ཧཱུཾ་མཛད་ཀྱི་གཡོན་པ་གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་ མནན་ཏེ་དེ་བཞིན་དུ་གདུ་བུ་བཀྲོལ་བས་འཕྲོག་པར་བྱའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་མཛུབ་མོ་རང་གི་མཐེ་བོའི་སྟེང་དུ་བཞག་ལ་གཡོན་པའི་མཛུབ་མོ་ཡང་དེ་བཞིན་དུ་བཞག་སྟེ་གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་གཡོན་པ་བཟུང་སྟེ་མཐེའུ་ཆུང་གི་གདུ་བུ་བཀྲོལ་བ་དེ་ལྟར་ན་འདོད་པའི་ དབང་ཕྱུག་མནན་ནས་དགའ་བ་མ་འཕྲོག་པར་འགྱུར་རོ། །རྡོ་རྗེ་དང་བྱང་ཆུབ་སེམས་དཔའ་དང་དེ་བཞིན་གཤེགས་པ་ཐམས་ཅད་དང་། རྡོ་རྗེ་འཆང་ཆེན་པོ་རྗེས་སུ་དྲན་པས་བསྒྲུབ་པར་བྱའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་མདུན་དུ་རྡོ་རྗེ་བསྒོམ་པར་བྱ་སྟེ་དེ་ལྟར་ན་རྡོ་རྗེ་སྒྲུབ་པའོ། །མདུན་དུ་ བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་བསྒོམ་པར་བྱ་སྟེ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཆེན་པོ་གྲུབ་པའོ། །མདུན་དུ་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་བསྒོམ་པར་བྱ་སྟེ་དེ་ལྟར་ན་དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་ཆགས་པའོ། ། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་མདུན་དུ་རྡོ་རྗེ་འཆང་ཆེན་པོ་བསྒོམ་པར་བྱ་སྟེ་དེ་ལྟར་ན་རྡོ་རྗེ་འཆང་ཆེན་པོ་རྗེས་སུ་ཆགས་པ་དང་འཇུག་པ་དང་དམ་ཚིག་བཅིང་བ་དང་དབང་དུ་བྱེད་པ་གྲུབ་པར་འགྱུར་རོ། །དཔལ་མཆོག་དང་པོའི་རྒྱ་ཆེར་བཤད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བ་ཞེས་ བྱ་བ་ལས་རྡོ་རྗེ་ཁྲོ་བོའི་རྒྱལ་པོ་ཆེན་པོའི་ཕྱག་རྒྱའི་རྒྱུད་ཀྱི་བཤད་པ་རྫོགས་སོ།། །།དེ་ལྟར་ན་བཅོམ་ལྡན་འདས་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་ཕྱག་རྒྱའི་རྟོག་པ་བསྟན་ནས། ད་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཕྱག་རྒྱའི་རྒྱུད་ཀྱི་རྟོག་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ 61-1-139a འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཕྱག་རྒྱའི་རྒྱུད་ཅེས་བྱ་བ་གསུངས་ཏེ། པདྨ་ཆེན་པོ་ཞེས་བྱ་བ་ནི་མདོར་བསྟན་པའོ། །རྡོ་རྗེ་ཐལ་མོ་ཁ་འབུས་པ། །ཞེས་བྱ་བ་ལ་སོགས་པ་ནི་རྒྱས་པར་བཤད་པའོ། །འདིས་ནི་འདི་ལྟར་བཤད་པར་འགྱུར་ཏེ། ཁ་འབུས་པའི་ཚུལ་ གྱིས་རྡོ་རྗེ་ཐལ་མོ་བཅིངས་ལ་སོར་མོ་དབུས་མ་གཉིས་ཀྱི་རྩེ་མོ་ཡང་དག་པར་སྦྱར་བར་བྱ་སྟེ། མཐེའུ་ཆུང་དང་མཐེ་བོང་རྣམས་ཀྱིས་པདྨའི་འདབ་མ་བཞི་ཤིན་ཏུ་ཁ་ཕྱེ་བར་བྱ་སྟེ། འདི་ནི་འཕགས་པ་འཇིག་རྟེན་དབང་ཕྱུག་གི་དཀྱིལ་འཁོར་དུ་འཇུག་པའི་ཕྱག་རྒྱ་པདྨ་ཆེན་པོ་ཞེས་བྱའོ། ། ཆོས་ཐམས་ཅད་འཐོབ་པའོ་ཞེས་བྱ་བ་ལ་པདྨའི་རིགས་དང་རང་བཞིན་གྱིས་དག་པའི་ཏིང་ངེ་འཛིན་ནི་ཐམས་ཅད་དེ། དེ་ཐོབ་པས་ཏེ་པདྨ་ཆེན་པོའོ། །དེ་ཐོབ་པའི་རྒྱུར་གྱུར་པ་ཉིད་ཀྱི་ཕྱིར་ཕྱག་རྒྱ་ཐོབ་པ་ཞེས་བརྗོད་པ་ཡིན་ནོ། །ཐམས་ཅད་རྗེས་སུ་ཆགས་པར་བྱེད་པ་ཡང་ངོ་ཞེས་བྱ་བ་ལ་ དེ་ཉིད་པདྨའི་རིགས་ཐམས་ཅད་རྗེས་སུ་ཆགས་པར་བྱེད་པས་ཐམས་ཅད་རྗེས་སུ་ཆགས་པར་བྱེད་པའོ། །ཕྱག་རྒྱ་ཆེན་པོ་དེ་བཞིན་ནོ། །ཞེས་བྱ་བ་ལ་ཇི་ལྟར་པདྨའི་རིགས་ཀྱི་ལྷ་རྣམས་ཀྱི་དཀྱིལ་འཁོར་དུ་ཕྱག་རྒྱ་ཆེན་པོ་བསྟན་པ་དེ་བཞིན་དུ་ཕྱག་མཚན་དང་སྒྲུབ་པ་པོས་བཅིང་བར་བྱའོ་ ཞེས་བྱ་བའི་དོན་ཏོ། །དམ་ཚིག་གི་ཕྱག་རྒྱ་རྡོ་རྗེ་པདྨ་བཤད་པའོ་ཞེས་བྱ་བ་ལ་དེ་བཞིན་གཤེགས་པའི་དཀྱིལ་འཁོར་དུ་རྡོ་རྗེ་པདྨ་ཞེས་བྱ་བའི་ཕྱག་རྒྱར་གང་བཤད་པ་དེ་ཉིད་འདིར་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་གི་དམ་ཚིག་གི་ཕྱག་རྒྱར་ཤེས་པར་བྱའོ། །དེའི་མཚན་ཉིད་འདི་ ཡིན་ཏེ་རྡོ་རྗེ་ཐལ་མོ་འོག་ཏུ་བརྐྱང་ལ་མཐེ་བོང་དང་མཛུབ་མོ་མཉམ་པར་སྦྱར་ནས་སྙིང་གར་བཏེག་སྟེ་དབང་བསྐུར་བའི་གནས་སུ་རྩེ་མོ་གཞག་པ་ནི་རྡོ་རྗེ་རིན་ཆེན་ཏེ། དེ་ཉིད་སྟེང་དུ་ཁ་བལྟ་བའི་མཛུབ་མོ་གཉིས་ཕྱི་རོལ་དུ་བཀུག་པ་ནི་རྡོ་རྗེ་པདྨའོ། །པདྨའི་རིགས་ཀྱི་རྡོ་རྗེ་བསྡམས་པ་ལས་བྱུང་བའོ་ ཞེས་བྱ་བ་ལ་མཛེས་པའི་ཏིང་ངེ་འཛིན་གྱི་པདྨ་ལ་སོགས་པ་ནི་པདྨའི་རིགས་རྣམས་ཏེ་དེ་ལ་དམ་ཚིག་གི་ཕྱག་རྒྱ་རྣམས་རྡོ་རྗེ་བསྡམས་པ་བཅིངས་ལ་བཅིང་བར་བྱའོ། །དེ་ལ་ཞེས་བྱ་བའི་སྒྲ་ནི་ངག་ཉེ་བར་དགོད་པའམ་དགར་བ་ལའོ། །པདྨའི་དེ་བཞིན་གཤེགས་པ་ནི་མཛེས་པའི་ཏིང་ངེ་འཛིན་གྱི་མིང་ 61-1-139b ཅན་ནོ། །སོགས་པའི་སྒྲས་ནི་པདྨ་ཆེན་པོ་དང་ཏིང་ངེ་འཛིན་དང་རྣམ་པར་གཟིགས་པ་རྣམ་པར་གཟུང་བ་སྟེ་བཞི་པོ་དེ་དག་ནི་ནང་དུ་རྡོ་རྗེ་བསྡམས་པ་ལས་བྱུང་བའི་དམ་ཚིག་གི་ཕྱག་རྒྱ་རྣམས་ཤེས་པར་བྱའོ། །ཇི་ལྟར་ཞེ་ན་དེ་བཞིན་གཤེགས་པའི་པདྨ་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་བསྡམས་པ་ནང་དུ་ བཅིངས་ནས་གྱེན་དུ་བལྟ་བས་པང་པར་གཟུང་བར་བྱ་སྟེ་འདི་ནི་མཛེས་པའི་ཏིང་ངེ་འཛིན་གྱི་མིང་ཅན་དེ་བཞིན་གཤེགས་པའི་པདྨའི་དམ་ཚིག་གི་ཕྱག་རྒྱ་སྟེ་པདྨའི་སྤྱན་ཞེས་བྱ་བའོ། །རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ནས་མཐེ་བོང་གཉིས་ཡང་དག་པར་སྦྱར་བའི་རྩེ་མོ་དང་མཛུབ་མོ་གཉིས་ སྦྱར་བ་པདྨའི་འདབ་མའི་རྣམ་པ་ཅན་དུ་བྱས་ལ་རང་གི་སྙིང་གར་གཟུང་བར་བྱ་སྟེ། འདི་ནི་པདྨ་ཆེན་པོའི་མིང་ཅན་གྱི་དམ་ཚིག་གི་ཕྱག་རྒྱ་སྟེ་རྡོ་རྗེ་ཆེན་པོ་པདྨའི་ཆགས་པ་ཞེས་བྱ་བའོ། །རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ནས་མཛུབ་མོ་གཉིས་ཀྱི་རྩེ་མོ་ཡང་དག་པར་སྦྱར་བར་བྱས་ལ་ཁ་ ཐུར་དུ་བལྟ་བ་པང་པར་གཟུང་བར་བྱ་སྟེ། འདི་ནི་ཏིང་ངེ་འཛིན་གྱི་མིང་ཅན་པདྨ་ཆེན་པོའི་དམ་ཚིག་གི་ཕྱག་རྒྱ་སྟེ་པདྨའི་སྒྲོལ་མ་ཞེས་བྱའོ། །རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ཏེ་མཐེ་བོང་གཉིས་ཀྱི་རྩེ་མོའི་ཐོག་ཏུ་མཛུབ་མོའི་རྩེ་མོ་གཟུང་བར་བྱས་ཏེ་དེ་ནས་རིན་པོ་ཆེ་དང་པདྨ་གཉིས་སྦྱིན་པའི་ ཚུལ་དུ་བྱ་སྟེ་འདི་ནི་རྣམ་པར་གཟིགས་པའི་མིང་ཅན་པདྨ་ཆེན་པོའི་ནོར་བུའི་དམ་ཚིག་གི་ཕྱག་རྒྱའོ། །པདྨའི་དེ་བཞིན་གཤེགས་པ་ལ་སོགས་པའི་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱི་འབྲས་བུ་བསྟན་པར་བྱ་བའི་ཕྱིར་འདི་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་པདྨའི་དེ་བཞིན་གཤེགས་པའི་ དམ་ཚིག་གི་ཕྱག་རྒྱས་པདྨའི་རིགས་ཐམས་ཅད་རང་བཞིན་གྱིས་དག་པའོ་ཞེས་བྱ་བར་རྟོགས་པ་ནི་ཆོས་ཉིད་ཐམས་ཅད་ཐོབ་པའོ། །རྡོ་རྗེ་པདྨ་ཆེན་པོའི་དམ་ཚིག་གི་ཕྱག་རྒྱས་པདྨའི་རིགས་ཐམས་ཅད་རྗེས་སུ་ཆགས་པའོ། །པདྨ་ཆེན་པོའི་དམ་ཚིག་གི་ཕྱག་རྒྱས་རང་དང་གཞན་དག་སྡུག་ བསྔལ་ཐམས་ཅད་ལས་སྒྲོལ་བའོ། །པདྨ་ཆེན་པོའི་ནོར་བུའི་དམ་ཚིག་གི་ཕྱག་རྒྱས་རང་དང་གཞན་དག་གི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་ཤིན་ཏུ་གྲུབ་པར་འགྱུར་རོ། །དེ་ནས་ཀྱི་སྒྲ་ནི་སྐབས་སུ་བབ་པ་ལའོ། །པདྨའི་ལྷའི་བདག་པོ་ནི་ཞི་བ་དང་ཁྱབ་འཇུག་ལ་སོགས་པ་ 61-1-140a རྣམས་ཏེ་དེ་དག་གི་དམ་ཚིག་གི་ཕྱག་རྒྱ་ནི་ཕྱིའི་རྡོ་རྗེ་བསྡམས་པ་ལས་བྱུང་བ་ཡིན་ནོ། །དབང་ཕྱུག་ཆེན་པོའི་གཟུགས་འཛིན་པའི་འཇིག་རྟེན་དབང་ཕྱུག་ནི་དོན་ཡོད་རྒྱལ་པོ་སྟེ། དོན་ཡོད་རྒྱལ་པོ་ནི་དོན་ཡོད་ཞགས་པ་སྟེ་དེའི་དམ་ཚིག་གི་ཕྱག་རྒྱ་ནི་འདི་ཡིན་ཏེ་འོག་ཏུ་མཛུབ་ མོ་གཉིས་ཀྱིས་ཁ་འབུས་པ་ཁྲོ་གཉེར་ཅན་ལ་གཞག་པར་བྱའོ་ཞེས་བྱ་བ་ལ་རྡོ་རྗེ་བསྡམས་པ་ཕྱིར་བཅིངས་ལ་མཛུབ་མོ་གཉིས་ཀྱི་རྩེ་མོ་ཡང་དག་པར་སྦྱར་ལ་ཚིགས་གསུམ་པ་བཀུག་པར་བྱས་ཏེ་འོག་ཏུ་ཁ་བལྟ་བ་མཛོད་སྤུའི་ཕྱོགས་སུ་གཟུང་བར་བྱ་སྟེ་འདི་ནི་དབང་ཕྱུག་ཆེན་པོའི་གཟུགས་འཛིན་ པའི་དོན་ཡོད་ཞགས་པ་པདྨའི་ཁྲོ་གཉེར་གྱི་སྤྱན་ཞེས་བྱ་བ་དམ་ཚིག་གི་ཕྱག་རྒྱའོ། །རྡོ་རྗེ་བསྡམས་པ་གྱེན་དུ་འབར་བ་ནི་མགྲིན་སྔོན་ཅན་གྱིའོ་ཞེས་བྱ་བ་ལ་པདྨའི་ཁྱབ་འཇུག་ནི་མགྲིན་སྔོན་ཅན་ཏེ། རྡོ་རྗེ་བསྡམས་པ་བཅིངས་ནས་གྱེན་དུ་འབར་བར་སྟོན་པའི་ཚུལ་གྱིས་དེའི་དམ་ཚིག་གི་ཕྱག་ རྒྱ་ཡིན་ནོ། །རྡོ་རྗེ་བསྡམས་པ་གྱེན་དུ་འབར་བ་དེ་ཉིད་རྣམ་པར་གྲོལ་བར་བྱ་བའི་ཕྱིར་གཡོན་པའི་མཛུབ་མོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་རྡོ་རྗེ་བསྡམས་པ་ཕྱིར་བཅིངས་ནས་གཡོན་པའི་མཛུབ་མོ་བཀུག་པ་གཡོན་པའི་མཐེ་བོས་བཟུང་སྟེ་དུང་གི་དབྱིབས་སུ་བྱས་ནས་གཡས་པའི་མཐེ་ བོང་བསྒྲེང་ལ་རྟག་པའི་ཚུལ་གྱིས་མཐེའུ་ཆུང་གཉིས་པའི་རྣམ་པ་ཅན་དུ་བྱས་ཏེ་སོར་མོ་ལྷག་མ་རྣམས་ལག་པའི་རྒྱབ་ནས་ཅུང་ཟད་བཏེག་ལ་འཁོར་ལོའི་ཚུལ་དུ་གཟུང་བར་བྱ་སྟེ་འདི་ནི་པདྨའི་ཁྱབ་འཇུག་གི་དམ་ཚིག་གི་ཕྱག་རྒྱ་པདྨ་ཁྱབ་འཇུག་མ་ཞེས་བྱ་བའོ། །པདྨ་ལས་བྱུང་བ་ནི་ཚངས་པའི་ ཆ་ལུགས་འཛིན་པའི་འཇིག་རྟེན་དབང་ཕྱུག་སྟེ་དེའི་དམ་ཚིག་གི་ཕྱག་རྒྱ་ནི་རྡོ་རྗེ་བསྡམས་པ་ཕྱིར་བཅིངས་ལ་མཛུབ་མོ་གཉིས་བསྒྲེང་བ་བཀུག་སྟེ་ལྕགས་ཀྱུའི་རྣམ་པར་སོར་མོ་བཟུང་ནས་སོར་མོ་ལྷག་མ་རྣམས་ཀྱིས་ཤིན་ཏུ་ཁ་བྱེ་བའི་པདྨའི་ཚུལ་དུ་བྱ་སྟེ་འདི་ནི་པདྨ་འབྱུང་བ་ཞེས་བྱ་བ་ཚངས་པའི་ དམ་ཚིག་གི་ཕྱག་རྒྱའོ། །རྟ་མགྲིན་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་བསྡམས་པ་ཕྱིར་བཅིངས་པ་ལ་མཛུབ་མོ་གཉིས་ཀྱི་རྩེ་མོ་རྟའི་མགྲིན་པའི་ཚུལ་དུ་བཀུག་པ་རྒོད་མའི་ཁ་ལྟ་བུར་བྱས་ཏེ་སྲིན་ལག་གཉིས་ཀྱི་རྩེ་མོ་རབ་ཏུ་བརྐྱང་ལ་མཐེའུ་ཆུང་གཉིས་ཀྱང་རབ་ཏུ་བརྐྱང་ལ་སོ་སོར་གཡོ་བར་གཟུང་ 61-1-140b བར་བྱ་སྟེ་འདི་ནི་རྟ་མགྲིན་གྱི་དམ་ཚིག་གི་ཕྱག་རྒྱ་པདྨའི་ལྕགས་ཀྱུ་ཞེས་བྱ་བ་ཡིན་ནོ། །པདྨའི་ཁྲོ་གཉེར་ལ་སོགས་པའི་ཕྱག་རྒྱ་རྣམས་ཀྱི་འབྲས་བུ་བསྟན་པའི་ཕྱིར་འདི་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་པདྨའི་ཁྲོ་གཉེར་གྱི་ཕྱག་རྒྱས་པདྨའི་རིགས་ཐམས་ཅད་ཀྱི་དབང་བསྐུར་བ་ གྲུབ་པར་འགྱུར་རོ། །པདྨའི་ཁྱབ་འཇུག་གི་ཕྱག་རྒྱས་པདྨའི་རིགས་ཐམས་ཅད་གྲུབ་པའོ། །པདྨ་འབྱུང་བ་པདྨའི་རིགས་ཀྱི་གཉིས་སུ་མེད་པའི་སེམས་དང་སེམས་ལས་བྱུང་བ་གྲུབ་པས་ནི་ཐར་པ་ཐམས་ཅད་གྲུབ་པའོ། །པདྨའི་ལྕགས་ཀྱུའི་ཕྱག་རྒྱ་པདྨའི་རིགས་ཐམས་ཅད་འགུགས་པ་ གདོན་མི་ཟ་བར་གྲུབ་པར་འགྱུར་རོ། །སྒེག་མོ་ལ་སོགས་པ་ནས་པདྨའི་དྲིལ་བུ་མའི་མཐར་ཐུག་པའི་བར་རྣམས་ཀྱི་དཔལ་རྡོ་རྗེ་སེམས་དཔའ་དཀྱིལ་འཁོར་ཆེན་པོ་ལས་གསུངས་པ་ཡིན་ནོ། །དམ་ཚིག་གི་ཕྱག་རྒྱ་རྣམས་ཤེས་པར་བྱའོ། །དེ་བཞིན་གཤེགས་པའི་སྐུ་མཆོག་གི་དབང་ བསྐུར་བ་ལ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་བཤད་པའོ་ཞེས་བྱ་བ་ལ་བཅོམ་ལྡན་འདས་རྣམ་སྣང་མཛད་ཀྱི་དམ་ཚིག་གི་ཕྱག་རྒྱ་ནི་དེ་བཞིན་གཤེགས་པའི་སྐུ་མཆོག་སྟེ། དེ་དང་བཅས་པའི་དབང་བསྐུར་བའི་དོན་དུ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ནི་འོད་དཔག་ཏུ་མེད་པའི་ཏིང་ངེ་འཛིན་ཏེ་དེ་སྟོན་པར་བྱེད་པའི་ཕྱག་རྒྱ་རྡོ་རྗེ་ སེམས་དཔའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པ་ཡིན་ནོ། །འདི་ལྟར་འཆད་པར་འགྱུར་ཏེ། དེ་བཞིན་གཤེགས་པའི་སྐུ་མཆོག་བཅིངས་ནས། ཨོཾ་སངས་རྒྱས་ཀུན་གྱི་རིན་ཆེན་མཆོག་ཚོགས་ཀྱིས། །སྤྲས་པའི་ལྷ་ཡི་ཅོད་པན་ཅན་ལ་འདུད། །རབ་མཆོག་རྡོ་རྗེ་འཛིན་བདག་ དབང་བསྐུར་གསོལ། །རྡོ་རྗེ་སེམས་དཔའ་དམ་ཚིག་ཁྱོད་ཉིད་བདག །ཅེས་བྱ་བའི་དབང་བསྐུར་བའི་གླུ་བརྗོད་ཅིང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་མཆོག་མདུན་དུ་རང་དང་གཞན་དག་གི་སྤྱི་བོར་བཞག་སྟེ། བཛྲ་དྷརྨ་ཨ་བྷི་ཥིཉྩ་ཞེས་བྱ་བ་བརྗོད་པར་བྱས་ན་བདག་དང་གཞན་ལ་འོད་ དཔག་ཏུ་མེད་པའི་ཅོད་པན་གྱི་དབང་བསྐུར་བར་འགྱུར་བ་ཡིན་ནོ། །དེ་ནས་ལས་ཀྱི་ཕྱག་རྒྱ་ཞེས་བྱ་བ་ལ་དེ་ནས་ཀྱི་སྒྲ་ནི་སྐབས་སུ་བབ་པ་ལའོ། །ལས་སྟོན་པར་བྱེད་པ་དང་ལས་སྒྲུབ་པར་བྱེད་པའི་རྒྱུ་གང་ཡིན་པ་དེ་ལ་ནི་ལས་ཀྱི་ཕྱག་རྒྱ་སྟེ་དེ་བཅིངས་པའི་མཚན་ཉིད་འདི་ཡིན་ནོ་ཞེས་བྱ་བ་ནི་ཚིག་གི་ 61-1-141a ལྷག་མའོ། །ཁ་ཊྭཱཾ་ག་ཞེས་བྱ་བ་ལ་སོགས་པ་ལ་ལག་པ་གཡས་པ་དང་གཡོན་པས་ཁ་ཊྭཱཾ་ག་བཅིངས་ལ་རང་གི་མཐེ་བོའི་རྩེ་མོ་གཉིས་ལས་དབུས་མའི་རྩེ་མོ་གཉིས་གཟུང་བར་བྱ་སྟེ་འདི་ནི་པདྨའི་ཁུ་ཚུར་གཉིས་ཀྱི་ཕྱག་རྒྱའོ། །གཡོན་པའི་པདྨའི་ཁུ་ཚུར་རང་གི་སྙིང་གའི་ཕྱོགས་ སུ་པདྨ་ཁ་ཕྱེ་བའི་ཚུལ་དུ་བྱ་སྟེ་འདི་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་གི་ལས་ཀྱི་ཕྱག་རྒྱའོ། །པདྨའི་རིགས་ཐམས་ཅད་ཀྱི་དམ་ཚིག་གི་ཕྱག་རྒྱ་ཇི་ལྟ་བ་བཞིན་དུ་གཟུང་བས་སོ་ཞེས་བྱ་བ་ལ་མཛེས་པའི་ཏིང་ངེ་འཛིན་ལ་སོགས་པ་ནས་པདྨའི་དྲིལ་བུའི་མཐར་ཐུག་པ་རྣམས་ཀྱི་ནི་དམ་ཚིག་ གི་ཕྱག་རྒྱ་བཅིངས་པའི་རྗེས་སུ་འབྲངས་པས་པདྨའི་ཁུ་ཚུར་བྱེད་པར་འགྱུར་བ་དག་གིས་ལས་ཀྱི་ཕྱག་རྒྱ་བཅིང་བར་བྱའོ། །འདི་ལྟར་བཤད་པར་འགྱུར་ཏེ། པདྨའི་ཁུ་ཚུར་གཉིས་གཉིས་བཅིངས་ཏེ་པང་པར་ཁ་གྱེན་དུ་བལྟ་བར་གཟུང་བར་བྱ་སྟེ་འདི་ནི་དེ་བཞིན་གཤེགས་པའི་ལས་ཀྱི་ཕྱག་རྒྱའོ། ། པདྨའི་ཁུ་ཚུར་གཉིས་བཅིངས་ནས་མཐེ་བོང་གཉིས་ཀྱི་རྩེ་མོ་ཡང་དག་པར་སྦྱར་ནས་མཛུབ་མོ་གཉིས་ཀྱིས་པདྨའི་རྣམ་པ་ཅན་དུ་བྱས་ལ་སྙིང་གར་གཟུང་བར་བྱ་སྟེ་འདི་ནི་པདྨ་ཆེན་པོའོ། །པདྨའི་ཁུ་ཚུར་བཅིངས་ནས་མཛུབ་མོའི་རྩེ་མོ་ཡང་དག་པར་སྦྱར་བར་བྱས་ལ་འོག་ཏུ་ཁ་བལྟ་བར་པང་པར་ གཟུང་བར་བྱ་སྟེ། འདི་ནི་ཏིང་ངེ་འཛིན་གྱི་མིང་སྟེ་པདྨའི་སྒྲོལ་མའོ། །པདྨའི་ཁུ་ཚུར་གཉིས་བཅིངས་ནས་མཐེ་བོང་གཉིས་ཀྱི་རྩེ་མོའི་མཐར་མཛུབ་མོ་གཟུང་བར་བྱས་ལ་དེ་ནས་རིན་པོ་ཆེ་དང་པདྨ་གཉིས་སྦྱིན་པའི་ཚུལ་དུ་བྱ་སྟེ་འདི་ནི་རྣམ་པར་གཟིགས་པའི་པདྨའོ། །པདྨའི་ཁུ་ཚུར་ གཉིས་བཅིངས་ནས་མཛུབ་མོ་གཉིས་ཀྱི་རྩེ་མོ་ཡང་དག་པར་སྦྱར་བའི་ཚིགས་གསུམ་པ་བཀུག་པར་བྱས་ལ་འོག་ཏུ་ཁ་བལྟ་བ་མཛོད་སྤུའི་ཕྱོགས་སུ་གཟུང་བར་བྱ་སྟེ་འདི་ནི་པདྨ་ཞི་བའིའོ། །པདྨའི་ཁུ་ཚུར་བཅིངས་ནས་གཡོན་པའི་མཛུབ་མོ་བཀུག་པ་གཡོན་པའི་མཐེ་བོས་བཟུང་ལ་ དུང་གི་དབྱིབས་ཅན་དུ་བྱས་ཤིང་གཡས་པའི་མཐེ་བོང་དང་པོའི་ཚུལ་དུ་བསྒྲེང་ལ་མཐེའུ་ཆུང་གཉིས་པདྨའི་རྣམ་པ་ཅན་དུ་བྱས་ཏེ་སོར་མོ་ལྷག་མ་རྣམས་ཀྱིས་རྡོ་རྗེ་བསྡམས་པ་བཅིངས་ནས་སྔ་མ་བཞིན་དུ་འཁོར་ལོའི་ཚུལ་དུ་བྱ་སྟེ་འདི་ནི་པདྨའི་ཁྱབ་འཇུག་གིའོ། །པདྨའི་ཁུ་ཚུར་གཉིས་ 61-1-141b བཅིངས་ནས་མཛུབ་མོ་གཉིས་བསྒྲེང་བ་བཀུག་ལ་ལྕགས་ཀྱུའི་རྣམ་པར་སོ་སོར་གཟུང་བར་བྱས་ལ་སོར་མོ་ལྷག་མ་རྣམས་ཀྱིས་ཤིན་ཏུ་རྒྱས་པའི་པདྨའི་ཚུལ་དུ་བྱ་སྟེ་འདི་ནི་པདྨའི་ཚངས་པའོ། །པདྨའི་ཁུ་ཚུར་གཉིས་བཅིངས་ནས་མཛུབ་མོ་གཉིས་ཀྱི་རྩེ་མོའི་མཐའ་མ་ཕྱིན་ པའི་ཚུལ་དུ་བཀུག་ལ་རྒོད་མའི་ཁ་ལྟ་བུའི་སྲིན་ལག་གཉིས་ཀྱི་རྩེ་མོའི་མཐའ་རབ་ཏུ་བརྐྱང་ལ་མཐེའུ་ཆུང་གཉིས་ཀྱི་རྩེ་མོ་གཉིས་སོ་སོར་རབ་ཏུ་བརྐྱང་སྟེ་གཡོ་བར་གཟུང་བར་བྱ་སྟེ་འདི་ནི་རྟ་མགྲིན་གྱིའོ། །པདྨའི་ཁུ་ཚུར་གཉིས་ཁར་སྒེག་པ་དང་བཅས་པས་གཟུང་བར་བྱ་སྟེ་འདི་ནི་པདྨའི་ སྒེག་མོའིའོ། །པདྨོའི་ཁུ་ཚུར་གཉིས་རང་གི་འཁོར་ལོ་དགོད་པའི་ཚུལ་གྱིས་ཡོངས་སུ་བསྐོར་ལ་སྤྱི་བོར་གཟུང་བར་བྱ་སྟེ། འདི་ནི་པདྨ་བཞད་མའིའོ། །གཡོན་པ་པདྨའི་ཁུ་ཚུར་གྱི་མཛུབ་མོ་རབ་ཏུ་བརྐྱང་ལ་པི་ཝང་གི་དབྱུག་པའི་ཚུལ་དུ་བྱས་ལ་གཡས་པའི་ཁུ་ཚུར་གྱི་མཛུབ་ མོས་པི་ཝང་བརྡུང་བའི་ཚུལ་དུ་བྱ་སྟེ་འདི་ནི་པདྨ་གླུ་མའིའོ། །པདྨའི་ཁུ་ཚུར་གཉིས་གར་བྱས་ལ་པདྨའི་ཐལ་མོ་བཅིང་བར་བྱ་སྟེ་འདི་ནི་པདྨ་གར་མའིའོ། །པདྨའི་ཁུ་ཚུར་གཉིས་བཅིངས་ནས་ལག་པ་གཉིས་མདུད་དེ་ལག་པ་གཡས་སྟེང་དུ་བྱུང་བས་རྡོ་རྗེ་བཀའ་བསྒོ་བར་བྱེད་དེ་མཛུབ་ མོས་ལྕགས་ཀྱུའི་ལས་དང་ལག་པ་མདུད་པ་དང་མདུད་པ་བཅིང་བ་དང་། རང་གི་སྙིང་གར་དྲིལ་བུ་ཕྲག་པར་དཀྲོལ་བའི་ཚུལ་བྱ་སྟེ་སྒོ་སྲུང་རྣམས་ཀྱིའོ། །དེ་ལྟར་ལས་ཀྱི་ཕྱག་རྒྱ་རྣམས་ཀྱི་མཚན་ཉིད་བསྟན་ནས། ད་ནི་རང་གི་ལྷའི་སྙིང་པོ་བཟླ་ཞིང་བཟླས་པའི་དོན་ཤེས་པའི་ཕྱག་རྒྱ་ཐམས་ཅད་ སྒྲུབ་པ་ཡིན་ཞེས་བྱ་བ་ཡིན་ནོ་ཞེས་བྱ་བའི་ཆོ་ག་འདིར་བསྟན་པའི་ཕྱིར། ངག་གི་ཏིང་ངེ་འཛིན་གྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་དེ་ལ་སྤྲིན་དང་རྔ་བོ་ཆེའི་སྒྲ་ལྟ་བུ་ནི་འདིར་ཆོས་ཀྱི་ངག་ཏུ་བརྗོད་པ་ཡིན་ནོ། །བཟླས་པའི་དོན་གྱི་རྣམ་པ་ཅན་གྱི་སེམས་རྩེ་གཅིག་པ་ཉིད་ནི་ཏིང་ངེ་ འཛིན་ཏེ་ངག་གི་ཏིང་ངེ་འཛིན་དེ་པདྨའི་རིགས་ཐམས་ཅད་ཀྱི་རང་བཞིན་གྱིས་དག་པའི་དྲན་པ་དང་། ཤེས་རབ་ཡང་དག་པར་རབ་ཏུ་སྦྱོར་བ་ནི་གཟུངས་ཏེ་དེ་དགུག་པ་ནི་རང་གི་རྒྱུད་ལ་རྫོགས་པ་སྟེ། དེའི་དོན་དུ་ཇི་ལྟ་བ་བཞིན་དུ་བཤད་པའི་ཆོས་ཀྱི་ངག་གིས་བཟླ་བར་བྱ་ཞིང་བཟླས་པའི་ 61-1-142a དོན་གྱི་ཡེ་ཤེས་མངོན་དུ་བྱ་བ་ཡིན་ནོ། །དེ་ལྟར་དཀྱིལ་འཁོར་གྱི་ཕྱག་རྒྱ་རྣམས་སྦྱོར་བ་དང་བཅས་པ་བསྟན་ནས་ད་ནི་ལས་བརྒྱ་བསྒྲུབ་བྱར་བྱེད་པའི་ཕྱག་རྒྱ་རྣམས་ཀྱི་མཚན་ཉིད་གསུངས་པ་ཡིན་ཏེ། པདྨ་ཆེན་པོ་བཅིངས་ནས་ཡིད་ཀྱིས་སྦྱིན་སྲེག་བྱའོ། །སེམས་ཀྱིས་ཞི་ བར་བྱའོ། །དངོས་པོས་བསྲུང་བར་བྱའོ། །རྣམ་པར་སྦྱང་བར་བྱའོ་ཞེས་བྱ་བ་ལ་བསྒྲུབ་པར་བྱ་སྟེ། ལས་ཐམས་ཅད་ཕྱག་རྒྱའི་ཚོགས་སོ་ཞེས་བྱ་བ་ལ་ལས་ཀྱི་ཚོགས་འདི་ཡང་སྔར་བཤད་པ་ཡིན་ཏེ། སླར་ཡང་འདིར་བཤད་པར་མི་བྱའོ། །དཔལ་མཆོག་དང་པོའི་རྒྱ་ཆེར་འགྲེལ་པ་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བ་ཞེས་བྱ་བ་ལས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཕྱག་རྒྱའི་རྒྱུད་ཀྱི་བཤད་པ་རྫོགས་སོ།། །།དེ་ལྟར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཕྱག་རྒྱའི་རྒྱུད་བསྟན་ནས་ད་ནི་འཕགས་པ་ནམ་མཁའི་སྙིང་པོའི་ཕྱག་རྒྱ་བཤད་པར་བྱ་བའི་ཕྱིར། དེ་ནས་ནམ་མཁའི་སྙིང་པོའི་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་གསུངས་ཏེ་དེ་ནས་ཀྱི་སྒྲ་ནི་སྔ་མ་བཞིན་ནོ། །འཕགས་པ་ནམ་མཁའི་སྙིང་པོ་ནོར་བུ་ཆེན་པོའི་རིགས་ཏེ་དེའི་ཕྱག་རྒྱ་ཆེན་པོའི་སྐུའི་གསང་བའི་རང་བཞིན་ཅན་དེ་ཇི་ལྟར་དཀྱིལ་འཁོར་བྲི་བའི་ཆོ་གར་བསྟན་པ་བཞིན་དུ་དམ་ཚིག་སེམས་ དཔར་བྱིན་གྱིས་བརླབས་མ་ཐག་ཁོ་ནར་བཅིང་བར་བྱའོ། །དམ་ཚིག་གི་ཕྱག་རྒྱ་ཞེས་བྱ་བ་ལ་དམ་ཚིག་འཛིན་པར་བྱེད་པའི་ཕྱག་རྒྱ་ནི་དམ་ཚིག་གི་ཕྱག་རྒྱའོ། །དེ་ཡང་ཇི་ལྟར་ཡིན་ཞེ་ན་རྡོ་རྗེ་རིན་ཆེན་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ཐལ་མོ་ལས་བྱུང་བའི་རྡོ་རྗེ་རིན་ཆེན་གྱི་དམ་ཚིག་གི་ ཕྱག་རྒྱ་བཅིང་བར་བྱ་སྟེ་འདི་ནི་འཕགས་པ་ནམ་མཁའི་སྙིང་པོ་དང་དབང་བསྐུར་བའི་རིན་པོ་ཆེའི་དམ་ཚིག་གི་ཕྱག་རྒྱའོ། །ཅིའི་སླད་དུ་ཞེ་ན། དབང་བསྐུར་བ་ཐམས་ཅད་ཐོབ་པའི་ཕྱིར་རོ་ཞེས་བྱ་བ་ནོར་བུའི་རིགས་ཐམས་ཅད་རྟོགས་པ་ནི་འདིར་དབང་བསྐུར་བ་ཐམས་ཅད་ཐོབ་པར་བྱ་སྟེ། དེའི་ དོན་དུ་དམ་ཚིག་གི་ཕྱག་རྒྱ་འདིའོ། །དེ་དབང་བསྐུར་བ་ཇི་ལྟ་བ་བཞིན་དུའོ་ཞེས་བྱ་བ་ལ་རྡོ་རྗེ་རིན་ཆེན་གྱི་དམ་ཚིག་གི་ཕྱག་རྒྱའི་གཟུགས་ཏེ་དེས་རང་དང་གཞན་དག་ལ། ཨོཾ་སརྦ་བཛྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩཱ་མི་བྷུར་བྷུ་བ་སྭཿཞེས་བྱ་བའི་སྔགས་འདིས་རྡོ་རྗེ་རིན་ཆེན་གྱི་ཅོད་པན་གྱིས་དབང་བསྐུར་ 61-1-142b བར་བྱའོ། །འདི་ཉིད་སྙིང་གར་ཞེས་བྱ་བ་ལ་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་བཅིངས་ནས་རང་གི་སྙིང་གར་གཟུང་བར་བྱ་སྟེ་འདི་ནི་གཏེར་གྱི་རིན་ཆེན་གྱིའོ། །གྱེན་དུ་ཁ་བལྟའོ་ཞེས་བྱ་བ་ལ་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་པང་པར་ཏིང་ངེ་འཛིན་གྱི་ཚུལ་དུ་གྱེན་དུ་ཁ་བལྟ་བར་གཟུང་བར་བྱ་སྟེ་འདི་ནི་བླ་ན་མེད་པའོ། ། ཁུ་ཚུར་སྤྱི་བོར་བཞག་སྟེ་ཕྱིའི་མེ་ཏོག་ལ་སོགས་པས་མཆོད་པ་དབུལ་བར་བྱའོ་ཞེས་བྱ་བ་ལ་འདས་མ་ཐག་ཏུ་བཤད་པའི་བླ་ན་མེད་པའི་རིན་ཆེན་ཁུ་ཚུར་སྤྱི་བོར་བཞག་སྟེ་ཕྱི་ནས་མེ་ཏོག་ལ་སོགས་པ་དབུལ་བའི་མཆོད་པ་བརྒྱད་བྱ་བ་ཡིན་ནོ། །འདི་ལྟར་བཤད་པར་འགྱུར་ཏེ། བླ་ན་ མེད་པའི་རིན་ཆེན་གྱི་དམ་ཚིག་གི་ཕྱག་རྒྱ་སྤྱི་བོར་བཞག་ནས་ཕབ་སྟེ་གྱེན་དུ་གཏོར་བ་ནི་རིན་ཆེན་མེ་ཏོག་མའིའོ། །དེ་ཉིད་སྤྱི་བོར་བཞག་ནས་ཕབ་སྟེ་ཐུར་དུ་བླུགས་པ་ནི་སྤོས་མའིའོ། །དེ་ཉིད་དེ་བཞིན་དུ་ཕབ་ནས་མཐེ་བོང་སྦྱར་ནས་བསྐོར་བ་ནི་མར་མེའིའོ། །དེ་ཉིད་དེ་བཞིན་ཉིད་ དུ་ཕབ་ནས་རབ་ཏུ་བརྐྱང་ཞིང་བྱུང་བའི་ཚུལ་གྱིས་རབ་ཏུ་སྦྱར་བར་བྱ་སྟེ་འདི་ནི་དྲི་མའིའོ། །དེ་ཉིད་ཕབ་ནས་རང་གི་སྙིང་གར་སྒེག་པ་རྣམ་པར་སྤྲུལ་པའི་ཚུལ་དུ་གཟུང་བར་བྱ་སྟེ་འདི་ནི་རིན་ཆེན་སྒེག་མའིའོ། །དེ་བཞིན་དུ་ཕབ་སྟེ་ཁར་ཡོངས་སུ་བསྐོར་ལ་སྤྱི་བོར་གཟུང་བར་བྱ་སྟེ་འདི་ནི་ རིན་ཆེན་བཞད་མའིའོ། །དེ་བཞིན་དུ་ཡོངས་སུ་ཕབ་ལ་གཡོན་པ་བཀུག་པའི་དབྱུག་པ་བྱས་ལ། གཡས་པ་བཀུག་པས་པི་ཝང་བརྡུང་བའི་ཚུལ་དུ་བྱས་ཏེ་འདི་ནི་རིན་ཆེན་གླུ་མའིའོ། །དེ་བཞིན་དུ་ཕབ་སྟེ་གཉིས་སུ་བྱས་ལ་གར་བྱས་ནས་སྤྱི་བོར་རིན་པོ་ཆེའི་ཐལ་མོ་བཅིང་བར་བྱ་སྟེ་ འདི་ནི་རིན་ཆེན་གར་མའིའོ། །དེ་ཉིད་དེ་བཞིན་དུ་ཕབ་ནས་གཡས་པའི་མཛུབ་མོ་ལྕགས་ཀྱུ་བྱ་སྟེ་འདི་ནི་རིན་ཆེན་ལྕགས་ཀྱུ་མའིའོ། །དེ་བཞིན་དུ་མཐེ་བོང་གཉིས་ཀྱིས་མདུད་པ་བྱ་སྟེ་འདི་ནི་རིན་ཆེན་ཞགས་པ་མའིའོ། །དེ་བཞིན་དུ་མཛུབ་མོ་དང་མཐེ་བོ་ལུ་གུ་རྒྱུད་དུ་བྱ་སྟེ་འདི་ནི་རིན་ཆེན་ ལྕགས་སྒྲོག་མའིའོ། །དེ་བཞིན་དུ་དེ་ཉིད་ཕབ་ལ་གཉིས་ཀྱི་ནང་དུ་མཐེ་བོང་སྦྱར་བར་བྱ་སྟེ། འདི་ནི་རིན་ཆེན་དྲིལ་བུ་མའིའོ། །དམ་ཚིག་གི་ཕྱག་རྒྱའོ། །འབྱོར་པ་ཡང་དག་པར་རྒྱལ་མའི་དམ་ཚིག་གི་ཕྱག་རྒྱ་ནི་དབང་བསྐུར་བའི་རིན་པོ་ཆེའིའོ། །དཔལ་གྱི་ལྷ་མོའི་དམ་ཚིག་གི་ཕྱག་རྒྱ་ནི་ 61-1-143a གཏེར་གྱི་རིན་པོ་ཆེའིའོ། །རབ་ཏུ་ཕུན་སུམ་ཚོགས་པའི་ལྷ་མོའི་དམ་ཚིག་གི་ཕྱག་རྒྱ་ནི་ནོར་བུ་རིན་པོ་ཆེའི་རིན་ཆེན་གྱིའོ། །མཆོད་པའི་མིང་ཅན་གྱི་ལྷ་མོའི་དམ་ཚིག་གི་ཕྱག་རྒྱ་ནི་བླ་ན་མེད་པའི་རིན་པོ་ཆེ་ཡོངས་སུ་གཟུང་བར་བྱའོ། །འདི་ཉིད་གཉིས་སུ་བྱས་ལ་ལས་ཀྱི་ཕྱག་རྒྱ་གཟུང་བར་བྱའོ་ ཞེས་བྱ་བ་ལ་འདི་ཉིད་གཉིས་སུ་བྱས་ན་ལས་ཀྱི་ཕྱག་རྒྱའོ། །དབང་བསྐུར་བ་ཐམས་ཅད་ཀྱི་རིན་པོ་ཆེའི་གཏེར་གྱི་མཆོད་པ་ཐོབ་པའི་དོན་དུ་ཡང་དག་པར་རྫོགས་པའོ་ཞེས་བྱ་བ་ལ་བླ་ན་མེད་པ་ཡང་དག་པའི་རིན་པོ་ཆེའི་དམ་ཚིག་གི་ཕྱག་རྒྱ་གཉིས་སུ་བྱས་ནས་ནོར་བུའི་ཁུ་ཚུར་གཉིས་སུ་འགྱུར་ ཏེ་དེས་ནི་འཕགས་པ་ནམ་མཁའི་སྙིང་པོ་ལ་སོགས་པ་ནས་ནོར་བུ་དྲིལ་བུའི་མཐར་ཐུག་པའི་ལས་ཀྱི་ཕྱག་རྒྱ་བཅིངས་ནས་སྒྲུབ་པ་པོ་ལ་དབང་བསྐུར་བ་ཐམས་ཅད་ཐོབ་པའི་ཕྱིར་རྫོགས་པར་འགྱུར་བ་ཡིན་ནོ། །བཅོམ་ལྡན་འདས་འཕགས་པ་ནམ་མཁའི་སྙིང་པོའི་ལས་ཀྱི་དམ་ཚིག་ནི་ལས་རྫོགས་ པར་བྱེད་པའི་ཕྱག་རྒྱ་སྒྲུབ་པ་པོ་ལས་ཀུན་གྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ནོ། །དེ་ཉིད་ཀྱི་མཚན་ཉིད་བསྟན་པར་བྱ་བའི་ཕྱིར། གཡོན་པའི་ཁུ་ཚུར་སྙིང་གར་བསྟོད་ནས་གཡས་པ་ནོར་བུ་སྦྱིན་པ་བཀྲོལ་བའོ་ཞེས་བྱ་བ་ལ་གཡོན་པ་ནོར་བུའི་ཁུ་ཚུར་རང་གི་སྙིང་གའི་ ཕྱོགས་སུ་བསྟོད་པའི་ཚུལ་གྱིས་གཟུང་བར་བྱས་ལ་གཡས་པ་རིན་པོ་ཆེའི་ཁུ་ཚུར་ཐམས་ཅད་སྦྱིན་པའི་ཚུལ་དུ་ཕྲལ་བར་བྱ་སྟེ་འདི་ནི་འཕགས་པ་ནམ་མཁའི་སྙིང་པོའི་ལས་ཀྱི་ཕྱག་རྒྱའོ། །ནོར་བུའི་ཁུ་ཚུར་གཉིས་ཀྱིས་ཞེས་བྱ་བ་ལ་དབང་བསྐུར་བའི་རིན་པོ་ཆེ་ལ་སོགས་པ་ནས་ནོར་བུའི་དྲིལ་ བུའི་མཐར་ཐུག་པའི་བར་རྣམས་ཀྱིས་ནོར་བུའི་ཁུ་ཚུར་གཉིས་ཁོ་ནས་ལས་ཀྱི་ཕྱག་རྒྱ་རྣམས་བཅིང་བར་བྱའོ། །འདིས་ནི་འདི་ལྟར་བཤད་པར་གྱུར་ཏེ། ནོར་བུའི་ཁུ་ཚུར་གཉིས་བཅིངས་ནས་དཔྲལ་བར་གཟུང་བར་བྱ་སྟེ་འདི་ནི་དབང་བསྐུར་བའི་རིན་པོ་ཆེའི་ལས་ཀྱི་ཕྱག་རྒྱའོ། །རང་གི་ སྙིང་གའི་ཕྱོགས་སུ་གཟུང་བར་བྱ་སྟེ་འདི་ནི་གཏེར་གྱི་རིན་པོ་ཆེའོ། །པང་བར་གྱེན་དུ་ཁ་བལྟ་བར་གཟུང་བར་བྱ་སྟེ་འདི་ནི་ནོར་བུ་རིན་པོ་ཆེའིའོ། །སྙིང་གའི་ཕྱོགས་སུ་ནོར་བུ་ཕན་ཚུན་གཟུང་བར་བྱ་སྟེ་འདི་ནི་བླ་ན་མེད་པའིའོ། །དབང་བསྐུར་བའི་རིན་པོ་ཆེའི་ཕྱག་རྒྱ་ཉིད་ནི་འབྱོར་བའིའོ། གཏེར་རིན་པོ་ 61-1-143b ཆེའི་ཕྱག་རྒྱ་ནི་དཔལ་གྱི་ལྷ་མོའིའོ། །ནོར་བུ་རིན་པོ་ཆེའི་ཕྱག་རྒྱ་ནི་རབ་ཏུ་ཕུན་སུམ་ཚོགས་པའི་ལྷ་མོའིའོ། །བླ་ན་མེད་པའི་ཕྱག་རྒྱ་ནི་མཆོད་པའི་ཤེས་པར་བྱའོ། །རང་གི་སྤྱི་བོར་བཞག་ལ་ཕབ་ནས་རང་གི་སྙིང་གར་སྒེག་པའི་རྣམ་པར་ཕྲལ་དུ་གཟུང་བར་བྱ་སྟེ་འདི་ནི་རིན་ཆེན་སྒེག་མོའིའོ། ། དེ་བཞིན་དུ་ཕབ་ནས་གཉིས་ཀྱི་ནང་དུ་མཐེ་བོ་སྦྱར་ཏེ་ཁར་ཡོངས་སུ་བསྐོར་ནས་སྤྱི་བོར་གཟུང་བར་བྱ་སྟེ་འདི་ནི་རིན་ཆེན་བཞད་མའིའོ། །དེ་བཞིན་དུ་ཕབ་ནས་གཡོན་པའི་མཛུབ་མོ་བཀུག་པའི་དབྱུག་པ་བྱས་ལ་གཡས་པ་བཀུག་ནས་པི་ཝང་བརྡུང་བའི་ཚུལ་དུ་བྱ་སྟེ་འདི་ནི་རིན་ཆེན་གླུ་མའིའོ། ། དེ་བཞིན་དུ་ཕབ་ནས་གར་བྱས་ལ་སྤྱི་བོར་རིན་པོ་ཆེའི་ཐལ་མོ་ཆེ་བཅིང་བར་བྱ་སྟེ་འདི་ནི་རིན་ཆེན་གར་མའིའོ། །དེ་བཞིན་དུ་ཕབ་ནས་གཡས་པའི་མཛུབ་མོ་ལྕགས་ཀྱུ་བྱ་སྟེ་འདི་ནི་རིན་ཆེན་ལྕགས་ཀྱུ་མའིའོ། །དེ་བཞིན་དུ་ཕབ་ལ་མཐེ་བོང་གཉིས་ཀྱིས་མདུད་པ་བྱས་ལ་འདི་ནི་རིན་ཆེན་ ཞགས་པ་མའིའོ། །དེ་བཞིན་དུ་ཕབ་ལ་མཛུབ་མོ་དང་མཐེ་བོ་མདུད་པ་བྱས་ཏེ་འདི་ནི་རིན་ཆེན་ལྕགས་སྒྲོག་མའིའོ། །དེ་བཞིན་དུ་ཕབ་ལ་གཉིས་ཀྱི་ནང་དུ་མཐེ་བོང་སྦྱར་བར་བྱ་སྟེ་འདི་ནི་རིན་ཆེན་དྲིལ་བུ་མའི་ལས་ཀྱི་ཕྱག་རྒྱའོ། །དེ་ལྟར་ཕྱག་རྒྱ་རྣམས་ཀྱི་མཚན་ཉིད་བསྟན་ནས། ད་ནི་ རང་གི་ལྷའི་སྙིང་པོ་གྲོང་ཁྱེར་ཆགས་པའི་གླུ་དང་བཅས་པའི་བཟླས་པ་རྗེས་སུ་གནང་བ་སྦྱིན་ཞིང་རང་གི་ཕྱག་རྒྱ་བསྒྲུབ་པར་བྱའོ་ཞེས་བྱ་བའི་ཆོ་ག་འདིར་རབ་ཏུ་བསྟན་པར་བྱ་བའི་ཕྱིར། སྙིང་པོའི་ངག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ་རང་གི་ལྷའི་བཟླ་བར་བྱ་བའི་སྙིང་པོ་ནི་སྙིང་པོའི་ངག་གོ། ། སྙིང་པོའི་ངག་རང་གི་ལྷའི་སྙིང་པོ་དེ་གླུའི་བསྟན་བཅོས་ལས་བཤད་པའི་གྲོང་ཁྱེར་བའི་ཆགས་པའི་གླུ་དང་བཅས་པ། ཨོཾ་སརྦ་བཛྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩཱ་མི་བྷུར་བྷུ་ཝ་སྭཿཞེས་བྱ་བ་ལ་སོགས་པའི་བཟླས་པ་བྱ་ཞིང་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་རིན་པོ་ཆེ་ཀྱེ་བདག་ ལ་སྩོལ་ཅིག ཅེས་བྱ་བའི་ཚིག་གིས་རྣལ་འབྱོར་པས་གསོལ་བ་གདབ་ཅིང་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཐམས་ཅད་བསྒྲུབ་པར་བྱའོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །ལས་ལ་སྦྱོར་བ་ནི་དེ་བཞིན་དུའོ་ཞེས་བྱ་བ་མདོར་བསྟན་པའི་ཚིག་རྣམས་ཀྱི་ལས་ཀྱི་ཕྱག་རྒྱ་སྒྲུབ་པ་ལ་ངེས་པར་ 61-1-144a སྦྱོར་བ་ཇི་ལྟ་བ་བཞིན་དུ་བསྟན་པ་དེ་བཞིན་དུ་འདིར་ཡང་ཤེས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་བཤད་པར་འགྱུར་ཏེ་ལས་ཀྱི་ཕྱག་རྒྱ་ཐམས་ཅད་ཡི་གེ་ཏྲཱཾ་བརྗོད་ཅིང་བཅིངས་ནས་ལས་ལ་ངེས་པར་སྦྱར་བར་བྱའོ། །ད་ནི་ལས་བརྒྱ་གྲུབ་པར་བྱེད་པའི་ཕྱག་རྒྱ་དེ་ རྣམས་ཀྱི་མཚན་ཉིད་བཤད་པར་བྱ་བའི་ཕྱིར་དེ་མ་གྲུབ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་དེ་ནས་ཀྱི་སྒྲ་ནི་སྔ་མ་བཞིན་ནོ། །ནམ་མཁའི་སྙིང་པོ་མ་གྲུབ་ན་ཇི་ལྟ་བ་བཞིན་དུ་བཤད་པའི་མཚན་ཉིད་ཅན་གྱི་རྡོ་རྗེ་རིན་ཆེན་གྱི་དམ་ཚིག་གི་ཕྱག་རྒྱ་མཛོད་སྤུའི་ཕྱོགས་སུ་བཞག་ནས་དབང་ བསྐུར་བ་ནི་ནམ་མཁའི་སྙིང་པོ་ལ་འབྱོར་པ་ཐམས་ཅད་དགུག་པ་ལ་སོགས་པའི་ཚིག་གིས་གསོལ་བ་གདབ་པ་ནི་སྒྲུབ་པ་པོ་བྱ་བ་ཡིན་ནོ། །ཆོས་ཀྱི་ཕྱག་རྒྱ་ཐམས་ཅད་ཀྱི་ཚོགས་ནི་རྒྱུན་ཏེ་སྔར་བཤད་པ་བཞིན་དུ་ཚིག་གི་བསྒོ་བས་ཤེས་པར་བྱའོ། །འདིའི་བཤད་པ་ཡང་སྔར་བཤད་ པ་སྟེ་ཁྱད་པར་མེད་པས་སླར་ཡང་མ་བཤད་དོ། །དོན་ཡོད་ཅེས་བྱ་བ་ལ་སོགས་པ་བཤད་ཟིན་ཏོ། །ངག་གི་ཕྱག་རྒྱ་ནི་སྙིང་པོའི་བཟླས་པ་སྟེ། དེས་ཚིག་བསྒྲུབ་པ་ནི་འདོད་པའི་དངོས་གྲུབ་བསྒྲུབ་པའི་ཕྱིར་ཡིད་ཀྱིས་ཚིག་བསྒོ་བ་སྟེ། དེ་ནས་མཁའ་ནི་ནམ་མཁའི་སྙིང་པོ་ལས་འབྱོར་པ་ཐམས་ ཅད་དགུག་པ་ལ་སོགས་པ་ཡང་དག་པར་འབྱུང་བ་སྟེ་སྐྱེ་བར་འགྱུར་རོ། །དཔལ་མཆོག་དང་པོའི་རྒྱ་ཆེར་བཤད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བ་ཞེས་བྱ་བ་འཕགས་པ་ནམ་མཁའི་སྙིང་པོའི་ཕྱག་རྒྱའི་རྒྱུད་ཀྱི་བཤད་པ་རྫོགས་སོ།། །།དེ་ལྟར་རིགས་ལྔའི་ཕྱག་རྒྱའི་རྒྱུད་བསྟན་ནས། ད་ནི་ཕྱིའི་ཕྱག་རྒྱའི་རྒྱུད་བསྟན་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་དེ་ནས་ཀྱི་སྒྲ་ནི་སྔ་མ་བཞིན་ནོ། །རྡོ་རྗེ་འཆང་ཆེན་པོའི་རང་བཞིན་ཅན་གྱི་རིགས་ལྔ་ནི་ནང་སྟེ། དེ་རྣམས་ཀྱི་ཕྱག་རྒྱའི་རྒྱུ་ནི་ནང་གིའོ། །དེའི་ཕྱི་རོལ་པ་ནི་མིང་པོ་གསུམ་ལ་སོགས་པའི་དཀྱིལ་འཁོར་ བཞིའོ། །དེའི་ཕྱག་རྒྱ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་རང་བཞིན་ཏེ། དེ་སྟོན་པར་བྱེད་པའི་རྒྱུ་ནི་འདི་ཡིན་ཏེ། ཕྱག་རྒྱ་ཆེན་པོ་ནི་གཡོན་པར་ཁམ་ཕོར་དང་། གཡས་ན་མདའ་སྟོད་པའོ་ཞེས་བྱ་བ་ལ་ལག་པ་གཡོན་པས་ཁམ་ཕོར་འཛིན་ཅིང་ལག་པ་གཡས་པས་མདའ་སྟོད་ 61-1-144b པས་ཏེ། འདི་ཉིད་གར་གྱི་ཚུལ་གྱིས་དེ་རྣམས་ལས་ཀྱི་ཕྱག་རྒྱར་འགྱུར་རོ། །དམ་ཚིག་ནི་འཇུག་པ་ལའོ་ཞེས་བྱ་བ་ལ་སོགས་པ་ལ་མཐེའུ་ཆུང་མཐེ་བོང་དག་གིས་ལུ་གུ་རྒྱུད་དུ་བཅིངས་ལ་སོར་མོ་ལྷག་མ་རྣམས་ཀྱིས་རྩེ་གསུམ་པའི་རྣམ་པ་བྱས་ཏེ། འདི་ནི་དེ་རྣམས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་ཕྱག་རྒྱ་ སྟེ་དམ་ཚིག་གི་ཕྱག་རྒྱའོ། །ཇི་ལྟ་བ་བཞིན་དུ་བཟུང་བས་ལྷ་མོ་རྣམས་ཀྱིའོ་ཞེས་བྱ་བ་ལ་བྲི་བའི་ཆོ་གས་ཇི་ལྟ་བ་བཞིན་དུ་དགའ་མ་ལ་སོགས་པའི་སྐུའི་གསང་བ་བཤད་པ་དེ་བཞིན་དུ་ཕྱག་རྒྱ་བཅིང་བར་བྱའོ། །འདི་ལྟར་འཆད་པར་འགྱུར་ཏེ། ལག་པ་གཡོན་པས་གཞུ་བཟུང་ལ། ལག་པ་གཡས་པས་མདའ་སྟོད་པ་ནི་དགའ་མའི་ཕྱག་རྒྱ་ཆེན་པོའོ། །ལག་པ་གཡོན་པས་ཁ་ཊྭཱཾ་ག་བཟུང་ལ་གཡས་པས་རལ་གྲིའི་སོ་ནི་སྲིན་མོའིའོ། །ལག་པ་ལ་གཏེར་གྱི་བུམ་པས་ནི་ཕག་མོའིའོ། །གཡོན་པའི་ཁུ་ཚུར་གྱིས་བསྙེམས་པ་བྱས་ནས་ལག་པ་གཡས་པས་ཆུ་གྲི་ འཛིན་པ་ནི་གྲུབ་པ་མོའི་ཕྱག་རྒྱ་ཆེན་པོའོ། །དབུས་མ་དང་མཐེའུ་ཆུང་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་བསྡམས་པ་བཅིངས་ནས་དབུས་མ་དང་སྲིན་ལག་གི་སོར་མོ་བཞི་ལ་མཛུབ་མོ་དང་མཐེའུ་ཆུང་རྣམས་ཀྱི་རྩེ་མོ་བཞི་སྦྱར་བར་བྱ་སྟེ་འདི་ནི་འདིར་འདུས་པའོ། །འདིས་ནི་འདི་ལྟར་ བཤད་པར་འགྱུར་ཏེ། རྡོ་རྗེ་བསྡམས་པ་ཕྱིར་བཅིངས་ནས་མཛུབ་མོ་དང་དབུས་མ་དང་སྲིན་ལག་དང་མཐེའུ་ཆུང་གི་སོར་མོ་རྣམས་བསྒྲེང་པར་བྱས་ལ། གཡས་པའི་དབུས་མ་གཡོན་པའི་མཛུབ་མོའི་རྩེ་མོ་དང་སྦྱར་ལ། གཡོན་པའི་དབུས་མའི་རྩེ་མོ་གཡས་པའི་མཛུབ་མོའི་རྩེ་མོ་ དང་ཡང་དག་པར་སྦྱར་ཞིང་གཡས་པའི་སྲིན་ལག་གི་རྩེ་མོ་གཡོན་པའི་མཐེའུ་ཆུང་གི་རྩེ་མོ་དང་ཡང་དག་པར་སྦྱར་ཏེ། གཡོན་པའི་སྲིན་ལག་གི་རྩེ་མོ་གཡས་པའི་མཐེའུ་ཆུང་གི་རྩེ་མོ་དང་ཡང་དག་པར་སྦྱར་བ་བྱས་ནས་གཟུང་བར་བྱ་སྟེ་འདི་ནི་སྲིན་མོ་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱའོ། ། དམ་ཚིག་ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཀླུའི་དཀྱིལ་འཁོར་གྱི་ཕྱག་རྒྱ་བཤད་པར་བྱ་བའི་ཕྱིར་གདེངས་ཀ་ཅན་གྱི་དབང་པོ་རྣམས་ཀྱིའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཕྱག་རྒྱ་ཆེན་པོ་ནི་བྲི་བའི་ཕྱག་རྒྱར་བསྟན་པའོ། །ལག་པ་གཉིས་ཀྱི་མཐེ་བོང་གཉིས་ཕན་ཚུན་ 61-1-145a མདུད་པ་བྱས་ནས་མཐེ་བོང་དང་སོར་མོའི་གདེངས་ཀ་བསྒྲེང་བའི་རང་བཞིན་ཅན་གྱི་ལྟོ་འཕྱེ་ཆེན་པོའི་ལག་པ་ཞེས་བྱ་བ་སྟེ། ཀླུ་ཐམས་ཅད་འགུགས་པར་བྱེད་པའི་ཕྱག་རྒྱ་སྔར་བཤད་པའོ། །འགུགས་པའི་སྔགས་ཀྱིས་དེ་ཉིད་གཉིས་སུ་བྱས་ན་ལྟོ་འཕྱེའི་ལག་པ་ཞེས་ བྱ་སྟེ། ལྟོ་འཕྱེ་ཆེན་པོའི་ལག་པ་གཉིས་སུ་བྱས་ནས་ལག་པ་གཅིག་གི་སོར་མོ་ལྔའི་གདེངས་ཀ་བསྒྲེང་བའི་རང་བཞིན་ཅན་གྱིས་གདེངས་ཀའི་ལག་པ་ཞེས་བྱ་བ་ཀླུ་རྣམས་ཀྱི་དམ་ཚིག་འཛིན་པའི་ཕྱག་རྒྱའོ། །དབུས་མ་སྲིན་ལག་ཅེས་བྱ་བ་ལ་སོགས་པ་ལ་དབུས་མ་དང་སྲིན་ལག་གི་ སོར་མོ་བཞི་པོས་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ལ་མཐེའུ་ཆུང་གཉིས་ཀྱི་རྩེ་མོ་ཡང་དག་པར་སྦྱར་ནས་མཛུབ་མོ་དང་མཐེ་བོ་དག་གིས་དགའ་བར་སྦྱོར་བའི་ཚུལ་དུ་བྱས་ཏེ་འདིས་ནི་དུག་ཐམས་ཅད་འབར་བའོ། །ལྕགས་ཀྱུའི་རྣམ་པ་ཅན་གྱི་མཛུབ་མོ་གཉིས་ཀྱིས་དུག་བཀུག་ལ་ མཛུབ་མོ་གཉིས་ཀྱི་རྩེ་མོ་མཐེ་བོ་གཉིས་ཀྱི་རྩེ་མོ་དང་ཡང་དག་པར་སྦྱར་ལ་གཟུང་བར་བྱ་སྟེ་འདིས་དུག་ཐམས་ཅད་འཆི་བའོ། །འདི་གཉིས་ཀྱི་རྩེ་མོས་དུག་གཞོམ་པར་བྱས་ཏེ་དེ་ལྟར་ན་དུག་ཐམས་ཅད་འཇིག་པའོ། །འདི་ཉིད་ཀྱིས་དུག་ཐམས་ཅད་ཟ་བ་དང་། འཕོ་བ་དང་། དུག་མེད་པར་ བྱེད་པ་ཡིན་ནོ། །གདུག་པའི་དཀྱིལ་འཁོར་ནི་རྡོ་རྗེ་ཁུ་ཚུར་གྱིས་གཟུང་བའི་རྡོ་རྗེ་ཁྲོས་ནས་མྱུར་དུ་གཞིག་པར་བྱའོ་ཞེས་བྱ་བ་ལ་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་རྣལ་འབྱོར་བྱས་ལ་གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་ཁྲོ་བོའི་རྡོ་རྗེ་བླངས་ཏེ། ཁྲོ་བོའི་ཁུ་ཚུར་གྱིས་སྡིགས་མཛུབ་ལ་བརྩོན་ པས་ཁྲོ་ཞིང་ཇི་ལྟ་བ་བཞིན་དུ་བཤད་པའི་གླུ་བརྗོད་ཅིང་མྱུར་དུ་རྐང་པས་མཉེ་བར་བྱའོ། །དཔལ་མཆོག་དང་པོའི་རྒྱ་ཆེར་བཤད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བ་ཞེས་བྱ་བ་ལས་ཕྱིའི་དཀྱིལ་འཁོར་གྱི་ཕྱག་རྒྱའི་རྒྱུད་ཀྱི་བཤད་པ་རྫོགས་སོ།། །།དེ་ལྟར་ཕྱིའི་དཀྱིལ་འཁོར་གྱི་ཕྱག་རྒྱའི་རྒྱུད་ བསྟན་ནས། ད་ནི་བསྡུས་པའི་དཀྱིལ་འཁོར་གྱི་ཕྱག་རྒྱའི་རྒྱུད་བསྟན་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཀྱི་སྒྲ་ནི་སྔ་མ་བཞིན་ནོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་དཔལ་རྡོ་རྗེ་སེམས་དཔའོ། །ཐམས་ཅད་ཀྱི་མཆོག་དབང་ཕྱུག་དམ་པ་ཞེས་བྱ་བ་ལ་བྱང་ཆུབ་ 61-1-145b ཆེན་པོའི་རང་བཞིན་ཅན་གྱིས་ཐམས་ཅད་ཀྱི་མཆོག་གོ། །གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པའི་གཞན་དབང་དུ་མ་གྱུར་པའི་ཕྱིར་དབང་ཕྱུག་གོ། །དམ་པ་ཞེས་བྱ་བ་ནི་ཐོག་མ་དང་ཐ་མ་མེད་པའོ། །ཐམས་ཅད་ཀྱི་མཆོག་ཀྱང་དེ་ཉིད་ཡིན་ལ་དབང་ཕྱུག་ཀྱང་དེ་ཉིད་ཡིན་ཏེ་དམ་པ་ཡང་དེ་ཉིད་ཡིན་པས་ ན་ཐམས་ཅད་ཀྱི་མཆོག་གི་དབང་ཕྱུག་དམ་པའོ། །བཅོམ་ལྡན་འདས་ཐམས་ཅད་ཀྱི་དབང་ཕྱུག་དམ་པ་དེའི་ཕྱག་རྒྱ་འདི་ཡིན་ནོ་ཞེས་བྱ་བ་དང་སྦྱར་བར་བྱའོ། །དེ་ཡང་སྐུ་ཡི་ཁྱད་པར་ཇི་ལྟ་བུ་དང་ལྡན་པ་ཡིན་ཞེ་ན། ནམ་མཁའ་ཐམས་ཅད་ཁྱབ་པར་བྱེད་ཅིང་རིགས་ཅན་གྱི་རང་བཞིན་གྱི་གཟུགས་སྣ་ ཚོགས་པའི་སྐུ་གང་ལ་མངའ་བ་དེ་ནི་སྣ་ཚོགས་པའི་སྐུ་ཆེན་པོས་ཏེ་བསྡུས་པའི་དཀྱིལ་འཁོར་གྱི་རིགས་ཐམས་ཅད་ཀྱི་ལྷ་སྐུའི་གཟུགས་འཛིན་པའི་རྡོ་རྗེ་འཆང་ཆེན་པོའོ། །སྣ་ཚོགས་པའི་སྐུ་ཆེན་པོ་དེ་ཉིད་ཀྱི་ཕྱག་རྒྱ་ནི་ཕྱག་རྒྱ་བཅིང་བའི་མཚན་ཉིད་ཀྱི་སྐབས་སུ་བབ་པ་ཡིན་ནོ། །དེ་ལ་ཕྱག་ རྒྱ་ཆེན་པོ་བཅིང་བའི་མཚན་ཉིད་ནི་བསྡུས་པའི་དཀྱིལ་འཁོར་བྲི་བའི་ཆོ་གར་བསྟན་པའི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་ཀྱིས་གཟུང་བར་བྱའོ། །རྡོ་རྗེ་ཐལ་མོ་སྦྱར་ནས་ནི། །ཞེས་པ་ལ་རྡོ་རྗེ་ཐལ་མོ་བཅིངས་ནས་བ་དན་གསུམ་ནི་ཡོངས་སུ་གཟུང་བ་ཞེས་བྱ་བ་ལ། རྡོ་རྗེ་ཐལ་མོ་མ་ བཀྲོལ་བར་ལག་པ་གཉིས་ཀྱིས་བ་དན་གསུམ་བྱའོ། །འདི་ལྟར་བཤད་པར་འགྱུར་ཏེ། རྡོ་རྗེ་ཐལ་མོ་བཅིངས་ནས་སྲིན་ལག་གཉིས་ནང་དུ་བཅུག་ལ་མཐེ་བོང་གཉིས་སོ་སོར་ཕྱེ་ལ་མཛུབ་མོ་གཉིས་ཀྱི་ངོས་ལ་ཡང་དག་པར་སྦྱར་བར་གཟུང་བར་བྱ་སྟེ་འདི་ནི་ཁྱབ་འཇུག་གི་གཟུགས་འཛིན་པའི་རྣམ་ པར་སྣང་མཛད་དང་། རྡོ་རྗེ་དཔལ་གྱི་ལྷ་མོའི་དམ་ཚིག་གི་ཕྱག་རྒྱ་རྡོ་རྗེ་ཁྱབ་འཇུག་མ་ཞེས་བྱ་བ་ཡིན་ནོ། །འདི་ལ་སྦྱོར་བ་དང་བཅས་པ་བསྟན་པའི་ཕྱིར། དོར་ན་ཐམས་ཅད་གཅོད་བྱེད་པ། །ཞེས་བྱ་བ་གསུངས་ཏེ་འདི་བཅིངས་ནས་བདུད་ལ་སོགས་པ་ཐམས་ཅད་ཀྱི་སྟེང་དུ་དོར་བར་བྱས་ན་ བདུད་ལ་སོགས་པ་ཐམས་ཅད་གཅོད་པར་བྱེད་པ་ཡིན་ནོ། །རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །མཐེའུ་ཆུང་མཐེ་བོ་ཞེས་བྱ་བ་ལ་སོགས་པ་ལ་ལག་པ་གཡོན་པའི་འོག་ཏུ་ཁ་བལྟ་བར་བྱས་ལ་དེའི་སྟེང་དུ་ཁ་བལྟ་བ་བཞག་ནས་གཡས་པའི་མཐེ་བོང་དང་ 61-1-146a གཡོན་པའི་མཐེའུ་ཆུང་དང་གཡོན་པའི་མཐེ་བོ་དང་། གཡས་པའི་མཐེའུ་ཆུང་དག་གིས་ལུ་གུ་རྒྱུད་དུ་བཅིངས་ཏེ། དབུས་མ་གསུམ་པ་དག་གི་རྩེ་མོ་གསུམ་པ་བྱས་ཏེ་འདི་ནི་རྡོ་རྗེ་འཛིན་མ་ཞེས་བྱ་བ་གཏུམ་པའི་དབང་ཕྱུག་གི་གཟུགས་འཛིན་པ་དང་རྡོ་རྗེ་དཀར་མོའི་དམ་ཚིག་གི་ཕྱག་ རྒྱའོ། །རྡོ་རྗེ་པདྨ་ཁ་སྦྱར་ནི། །ཞེས་བྱ་བ་ལ་སོགས་པ་ལ་སྔར་བཤད་པའི་རྡོ་རྗེ་ཐལ་མོ་ལས་བྱུང་བའི་འཇིག་རྟེན་དབང་ཕྱུག་གི་ཕྱག་རྒྱ་ནི་རྡོ་རྗེ་པདྨས་ཏེ། དེ་བཅིངས་ནས་གང་དང་གང་གི་ཡུལ་དུ་གནས་པ་དེ་དང་དེའི་སྤྱོད་ལམ་གྱིས་ཚངས་པའི་གཟུགས་འཛིན་པའི་བཅོམ་ལྡན་འདས་འཇིག་རྟེན་ དབང་ཕྱུག་དང་པདྨའི་སྒྲོལ་མ་བསྒྲུབ་པར་བྱ་སྟེ། འདི་ནི་ཚངས་པའི་གཟུགས་འཛིན་པའི་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། པདྨའི་སྒྲོལ་མའི་དམ་ཚིག་གི་ཕྱག་རྒྱའོ། །རྡོ་རྗེ་ཐལ་མོ་སྦྱར་ནས་ནི། །ཞེས་བྱ་བ་ལ་སོགས་པ་རྡོ་རྗེ་ཐལ་མོ་བཅིངས་ནས་ མཐེ་བོང་གཉིས་ཀྱི་རྩེ་མོ་ཡང་དག་པར་སྦྱར་ལ་དེའི་སྟེང་དུ་མཛུབ་མོ་གཉིས་རྩེ་མོ་བཀུག་པའི་རིན་པོ་ཆེ་གཟུང་བར་བྱ་སྟེ་འདི་ནི་ལྷའི་གཟུགས་འཛིན་པའིའོ། །ནམ་མཁའི་སྙིང་པོ་དང་ནམ་མཁའི་རྡོ་རྗེ་མ་ནི་དམ་ཚིག་གི་ཕྱག་རྒྱའོ། །དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་ཀྱིས་ནི་སྔར་ བཤད་པ་ཁོ་ནས་དམ་ཚིག་གི་ཕྱག་རྒྱར་གཟུང་བར་བྱ་སྟེ། ལས་ཀྱི་ཕྱག་རྒྱ་རྣམས་ནི་རང་གི་རིགས་ཀྱི་དཀྱིལ་འཁོར་དུ་གསུངས་པར་ཤེས་པར་བྱའོ། །ད་ནི་བསྡུས་པའི་དཀྱིལ་འཁོར་གྱི་ལས་ཀྱི་ཚོགས་ཀྱི་ཕྱག་རྒྱའི་རྒྱུད་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཀྱི་སྒྲ་ནི་སྔ་མ་བཞིན་ནོ། ། ཀྱེ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ལ་བོད་པའོ། །ཐམས་ཅད་ཀྱི་མཆོག་གི་དབང་ཕྱུག་དམ་པ་ནི་ཇི་ལྟ་བ་བཞིན་དུ་བཤད་པའི་དཔལ་རྡོ་རྗེ་སེམས་དཔའ་སྣ་ཚོགས་ཀྱི་སྐུ་སྟེ། དེའི་ལས་ཀྱི་ཕྱག་རྒྱའི་རྒྱུད་ནི་འདི་ཡིན་ཏེ་དེ་ལ་ཞེས་བྱ་བ་ལ་སོགས་པ་ལ་དེ་ལ་ཞེས་བྱ་བའི་སྒྲ་ནི་ངག་ ཉེ་བར་དགོད་པ་ལའོ། །དང་པོ་ནི་ཐོག་མ་ཉིད་དུའོ། །རེ་ཞིག་གི་སྒྲ་ནི་རིམ་པ་ལ་ལྟོས་པའོ། །དང་པོའི་དངོས་གྲུབ་ཀྱི་ཕྱག་རྒྱ་ནི་དང་པོའི་དངོས་གྲུབ་ཀྱི་ཕྱག་རྒྱ་སྟེ། དེ་རབ་ཏུ་གྲུབ་པར་བྱེད་པའི་ཕྱག་རྒྱ་ཆེན་པོ་རྣམས་ཀྱི་སྟོང་འགྱུར་དུ་འགྱུར་བ་ཡིན་ནོ། །ཇི་ལྟ་བ་བཞིན་དུ་དམ་ཚིག་གི་ 61-1-146b ཕྱག་མཚན་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ་དང་པོའི་རྡོ་རྗེ་དང་རྡོ་རྗེ་ཁྱབ་འཇུག་མ་དང་རྡོ་རྗེ་འཛིན་པ་དང་རྡོ་རྗེ་པདྨའི་མིང་ཅན་དང་རྡོ་རྗེ་རིན་པོ་ཆེའི་དམ་ཚིག་གི་ཕྱག་རྒྱ་དང་རྡོ་རྗེ་མྱུ་གུའི་མིང་ཅན་གྱི་ཇི་ལྟ་བ་བཞིན་དུ་བཤད་པའི་དམ་ཚིག་གི་ཕྱག་མཚན་རྣམས་སོ། །ཇི་ལྟ་བ་བཞིན་གྱི་དམ་ཚིག་གི་ ཕྱག་མཚན་དེ་རྣམས་ཀྱི་ལག་པ་གཡས་པ་དང་གཡོན་པའི་བྱ་བར་གྱུར་པ་དེ་དག་གི་རྡོ་རྗེ་ཆེན་པོ་རབ་ཏུ་སྦྱོར་བ་ནི་རྗེས་སུ་ཆགས་པ་ལ་སོགས་པ་བསྒོམ་པ་སྟེ་དེས་ངེས་པར་སྦྱོར་བའི་ཚུལ་སྦྱིན་པས་ཏེ། དེ་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རིགས་ཐམས་ཅད་ཀྱི་དངོས་གྲུབ་རབ་ཏུ་སྒྲུབ་ པར་བྱེད་པའི་ཕྱག་རྒྱ་ཆེན་པོ་སྟོང་འགྱུར་དུ་འགྱུར་རོ། །འདི་ལྟར་བཤད་པར་འགྱུར་ཏེ། དང་པོའི་རྡོ་རྗེ་བཅིངས་ནས་གཉིས་སུ་བྱས་ལ་ལག་པ་གཡས་པའི་དང་པོའི་རྡོ་རྗེ་བཞིན་བཟླུམ་ཞིང་རྡོ་རྗེའི་ལྟ་བས་རྗེས་སུ་ཆགས་པར་བྱའོ། །འབར་བའི་ལྟ་བས་དགུག་པར་བྱའོ། །བརྟན་པའི་ལྟ་ བས་ཐམས་ཅད་བཅིང་བའོ། །རྡོ་རྗེའི་ལྟ་བས་ཐམས་ཅད་དབང་དུ་བྱེད་པའོ། །ལག་པ་གཡས་པའི་དང་པོའི་རྡོ་རྗེ་དེ་ཉིད་རང་གི་རྟགས་ལ་གཟུང་བར་བྱ་སྟེ། དེ་ལྟར་ན་བདེ་བ་ཐམས་ཅད་འཕེལ་བར་འགྱུར་རོ། །རང་གི་སྙིང་གར་གཟུང་བར་བྱས་ན་ཡིད་བདེ་བ་ཐམས་ཅད་འཕེལ་བར་འགྱུར་རོ། ། དབང་བསྐུར་བ་ཐམས་ཅད་གཟུང་བར་བྱས་ན། ཕུན་སུམ་ཚོགས་པ་ཐམས་ཅད་འཕེལ་བར་འགྱུར་རོ། །ལག་པ་གཡས་པའི་དང་པོའི་རྡོ་རྗེ་དེ་ཉིད་ཀྱི་དབུས་མའི་རྡོ་རྗེ་རང་གི་སྙིང་གར་བཞག་ལ་དེའི་འོག་ཏུ་རང་གི་སྙིང་གར་བཟུང་ཞིང་བཏུང་བར་བྱས་ན་ཚེ་རིང་བ་ཐམས་ཅད་འཕེལ་བར་ འགྱུར་རོ། །རང་གི་རྟགས་སུ་བཞག་ནས་རང་གི་ཁར་བཟུང་ཞིང་བཏུང་བར་བྱས་ན་ན་ཚོད་འཕེལ་བར་འགྱུར་རོ། །རང་གི་སྙིང་གར་བཟུང་ཞིང་བཏུང་བར་བྱས་ན་གཟུགས་འཕེལ་བར་འགྱུར་རོ། །དབང་བསྐུར་བའི་གནས་སུ་བཞག་ལ་དེའི་རྗེས་ལ་ཁར་བཟུང་ཞིང་འཐུངས་ན་གཟི་བརྗིད་ འཕེལ་བར་འགྱུར་རོ། །ལག་པ་གཡས་པའི་དང་པོའི་རྡོ་རྗེའི་མཛུབ་མོ་བསྒྲེང་བ་གཟུང་བར་བྱས་ན། དཔལ་ཆེན་པོ་འཕེལ་བར་འགྱུར་རོ། །དེ་ཉིད་ཀྱི་སོར་མོ་དབུས་མ་བསྒྲེང་བ་གཟུང་བར་བྱས་ན་སྒྲ་སྙན་པ་ཆེན་པོ་འཕེལ་བར་འགྱུར་རོ། །དེ་ཉིད་མཐེའུ་ཆུང་བསྒྲེང་བས་བཟུང་ན་ 61-1-147a གྲགས་པ་ཆེན་པོ་འཕེལ་བར་འགྱུར་རོ། །དེ་ཉིད་ཀྱི་དཔུང་པར་སྟོད་པའི་ཚུལ་བྱས་ཏེ་སྟོབས་ཆེན་པོ་འགྲུབ་བོ། །རང་གི་སྙིང་གར་སྟོད་པར་བྱས་ན་ཡེ་ཤེས་ཆེན་པོ་འགྲུབ་བོ། །སྤྱི་བོར་སྟོད་པར་བྱས་ན་ལས་འགྲུབ་པར་འགྱུར་བ་ཡིན་ནོ། །དེ་བཞིན་དུ་ནམ་མཁའི་དངོས་པོ་ ཐམས་ཅད་སྐྱེད་པའི་ཚུལ་བྱས་ན་རྫུ་འཕྲུལ་ཐམས་ཅད་མཐོང་བར་འགྱུར་རོ། །མཛུབ་མོ་དང་སྲིན་ལག་གིས་འབར་བའི་ཚུལ་དུ་བྱས་ན་ཆོ་འཕྲུལ་ཐམས་ཅད་སྟོན་པའོ། །དེ་ཉིད་བཅིངས་ནས་རང་གི་སྙིང་གར་དགའ་བ་སྐྱེད་པའི་ཚུལ་བྱས་ནས་འཛིན་ན་རྨད་དུ་བྱུང་བ་ཐམས་ཅད་སྟོན་པའོ། །དེ་ ཉིད་བཅིངས་ནས་རང་གི་ལུས་ལ་བསྐོར་བ་བྱས་ན་རྣམ་པར་འཕྲུལ་པ་ཐམས་ཅད་སྟོན་པར་འགྱུར་རོ། །དེ་ཉིད་ཐམས་ཅད་དུ་བསྐོར་ནས་མིག་ཏུ་གཟུང་བར་བྱས་ན་བདེན་པ་ཐམས་ཅད་མཐོང་བའོ། །དེ་བཞིན་དུ་བསྐོར་ནས་རྣ་བ་གཉིས་སུ་འཛིན་ན་བདེན་པ་ཐམས་ཅད་ཐོས་པའོ། །དེ་ བཞིན་དུ་བསྐོར་ནས་ལྕེར་གཟུང་བར་བྱས་ན་ཐམས་ཅད་སྨྲ་བའོ། །དེ་བཞིན་དུ་བསྐོར་ནས་རང་གི་ལུས་ལ་འཛིན་ན་ཐམས་ཅད་ལུས་ཀྱིས་འཁྱུད་པའོ། །དེ་ཉིད་བཅིངས་ནས་སོར་མོ་དབུས་མས་མིག་ལ་རེག་ན་བདེ་བའི་མཆོག་ཐམས་ཅད་མཐོང་བའོ། །བཀའ་སྩལ་བའི་ཚུལ་བྱས་ན་བཀའ་ བསྒོ་བ་ཐམས་ཅད་སྟོན་པའོ། །བཀའ་སྩོལ་བའི་ལན་སྟོན་པའི་ཚུལ་བྱས་ན་བཀའ་སྩོལ་པ་ཐམས་ཅད་ཀྱི་ལན་སྟོན་པའོ། །དེ་ཉིད་དབུས་མའི་རྡོ་རྗེ་གཏེར་འདོན་པའི་ཚུལ་གྱིས་མཛོད་སྤུའི་ཕྱོགས་སུ་འཛིན་ན་གཏེར་ཐམས་ཅད་འདོན་པའོ། །ནོར་དགུག་པའི་ཚུལ་དུ་གཟུང་བར་བྱས་ན་ནོར་ ཐམས་ཅད་འཕྲོག་པའོ། །རྒྱལ་སྲིད་ཐོབ་པའི་ཚུལ་བཟུང་ན་རྒྱལ་སྲིད་ཐམས་ཅད་ཐོབ་བོ། །སྐྱེ་བོའི་ཚོགས་ཐམས་ཅད་ལ་རག་ལས་པར་བྱ་བའི་བསམ་པས་བཞག་ན་གྲོང་ཁྱེར་སྤྲུལ་པའོ། །ནགས་ཚལ་དང་ཆུ་བོ་སྤྲུལ་པའི་བསམ་པས་བཞག་ན་ནགས་དང་ཆུ་བོ་སྤྲུལ་པར་འགྱུར་རོ། །ལག་པ་ གཡས་པའི་དང་པོའི་རྡོ་རྗེ་ཉིད་ཀྱི་དབུས་མའི་རྡོ་རྗེ་ཐམས་ཅད་བསྐོར་བར་བྱས་ན་ལྷའི་ཡུལ་སྤྲུལ་པར་འགྱུར་རོ། །དཀོན་མཆོག་གསུམ་སྤྲུལ་པའི་བསམ་པས་ཐམས་ཅད་དུ་བསྐོར་བར་བྱས་ན་ལྷའི་རིན་པོ་ཆེ་སྤྲུལ་པར་འགྱུར་རོ། །ལྷའི་གྲོགས་དང་བྲན་སྤྲུལ་པའི་བསམ་པས་བསྐོར་བ་བྱས་ 61-1-147b ཏེ་དེ་ལྟར་ན་དེ་སྤྲུལ་པར་འགྱུར་རོ། །ལྷ་ཡུལ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་སྤྲུལ་པ་ལ་ཡོངས་སུ་ལོངས་སྤྱོད་པའི་བསམ་པས་ཐམས་ཅད་དུ་བསྐོར་བ་བྱས་ཏེ། དེ་ལྟར་ན་ལྷའི་ཡུལ་ལ་སོགས་པ་ཐམས་ཅད་ལ་ཡོངས་སུ་ལོངས་སྤྱོད་པར་འགྱུར་རོ། །མཚུངས་པ་མེད་པའི་ལྟ་བས་བལྟ་ཞིང་ དེ་ཉིད་ཀྱི་དབུས་མའི་རྡོ་རྗེའི་ལྟ་བས་བལྟ་བཞིན་དུ་འདོད་པའི་འབྲས་བུ་སྨིན་པར་སྐྱེད་པའི་ཚུལ་དུ་བྱ་སྟེ། དེ་ལྟར་ན་སྐད་ཅིག་མས་སའི་སྟེང་ཐམས་ཅད་ནས་འབྲུ་སྨིན་པ་ལ་སོགས་པ་བསྐྱེད་པར་འགྱུར་རོ། །ཁྲོ་བོའི་ལྟ་བས་ཆུ་མེད་པའི་ཕྱོགས་སུ་ཆུ་སྐྱེད་པའི་ཚུལ་གྱིས་ཆུའི་ཕུང་པོ་ཆེན་པོ་ འབྱུང་བ་ཡིན་ནོ། །འབར་བའི་ལྟ་བས་མུན་པ་ཆེན་པོ་བསྐྱེད་པར་འགྱུར་རོ། །དེ་ཉིད་དབུས་མའི་རྡོ་རྗེ་མྱང་བའི་ཚུལ་དུ་བྱས་ན་དངོས་པོ་ཐམས་ཅད་ཟ་བའོ། །བཏུང་བའི་ཚུལ་དུ་བྱས་ན་ཐམས་ཅད་བཏུང་བའོ། །རོལ་དུ་བཅུག་པའི་ཚུལ་བསྟན་ཞིང་བསྐྱེད་པ་བསྐྱོད་པར་བྱས་ན་ ཐམས་ཅད་རོལ་དུ་བཅུག་པའོ། །སྤྱི་བོས་བཀའ་བསྒོ་བའི་ཚུལ་དུ་བྱས་ན་ལས་ཐམས་ཅད་ལ་ངེས་པར་སྦྱོར་བར་འགྱུར་རོ། །གཡས་པའི་དང་པོའི་རྡོ་རྗེ་དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་དྲན་པས་ཐམས་ཅད་དུ་བསྐོར་བར་བྱས་ན་དེ་བཞིན་གཤེགས་པ་ཐམས་ཅད་མཐོང་ བའོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་རྗེས་སུ་དྲན་པས་བྱང་ཆུབ་སེམས་དཔའ་ཐམས་ཅད་མཐོང་བའོ། །རྡོ་རྗེ་འཆང་ཐམས་ཅད་དྲན་པས་རྡོ་རྗེ་འཆང་ཐམས་ཅད་མཐོང་བའོ། །རྡོ་རྗེ་རྗེས་སུ་དྲན་པས་རྡོ་རྗེ་མཐོང་བར་འགྱུར་རོ། །ལག་པ་གཡས་པའི་དང་པོའི་རྡོ་རྗེ་དེ་ཉིད་ ཀྱིས་མཐེའུ་ཆུང་དང་མཐེ་བོང་དང་། དབུས་མའི་རྡོ་རྗེ་ཡང་དག་པར་སྦྱར་ལ་སྙིང་གར་བཟུང་ན་བདག་ཉིད་ཀྱི་ལུས་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྤྲུལ་པ་གྲུབ་པར་འགྱུར་རོ། །མི་སྣང་བའི་བསམ་པས་མི་སྣང་བ་གྲུབ་པའོ། །ནམ་མཁར་འགྲོ་བའི་བསམ་པས་ནམ་མཁར་འགྲོ་ བར་འགྱུར་ཏེ། ཤིན་ཏུ་ཕྲ་བ་དང་རགས་པ་དུ་མ་ལ་རབ་ཏུ་འཇུག་པ་སྟོན་པར་འགྱུར་རོ། །དེ་ཉིད་བཅིངས་ནས་མཛུབ་མོ་བསྒྲེང་སྟེ་འོག་ཏུ་ལྟུང་བའི་ཚུལ་དུ་ཡི་གེ་ཧཱུཾ་གིས་སྡིགས་མཛུབ་བྱས་ཏེ། དེ་ལྟར་ན་འཇིག་རྟེན་གསུམ་གྱི་བདག་པོ་ཐམས་ཅད་འཇུག་པར་འགྱུར་རོ། །དབང་དུ་བྱ་ 61-1-148a བའི་བསམ་པས་སྡིགས་མཛུབ་བྱས་ཏེ་དེ་ལྟར་འཇིག་རྟེན་གསུམ་གྱི་བདག་པོ་ཐམས་ཅད་དབང་དུ་བྱེད་པའོ། །བཅིངས་པའི་ཚུལ་གྱིས་སྡིགས་མཛུབ་བྱས་ན་འཆིང་བའོ། །ལས་ཐམས་ཅད་ངེས་པར་སྦྱོར་བའི་སྡིགས་མཛུབ་བྱས་ཏེ་དེ་ལྟར་ན་འཇིག་རྟེན་གསུམ་གྱི་བདག་པོ་ཐམས་ཅད་ལ་ ངེས་པར་སྦྱོར་བར་འགྱུར་རོ། །དེ་ཉིད་བཅིངས་ནས་དེའི་དབུས་མའི་རྡོ་རྗེ་ཕྲལ་བ་ཕྱེད་མིག་གི་ཚུལ་དུ་བྱས་ན་ལྷ་ཐམས་ཅད་གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བ་དང་། ལས་ཐམས་ཅད་ལ་སྦྱོར་བར་འགྱུར་རོ། །དེ་ཉིད་བཅིངས་ནས་རང་གི་སྙིང་གར་བཞག་ལ་གཡོ་ཞིང་བཙུམ་པའི་ ལྟ་བས་འོག་ཏུ་བལྟ་ཞིང་ཡི་གེ་ཧ་བཟླས་ན་ཀླུ་ཐམས་ཅད་འབྱིན་པའོ། །ཡི་གེ་ཧཱུཾ་གིས་ཀླུ་ཐམས་ཅད་འདུལ་བའོ། །ཡི་གེ་ཧོ་ཡིས་ཀླུ་ཐམས་ཅད་དབང་དུ་བྱེད་པའོ། །དྷྲྀ་ཀ་ཅེས་བྱ་བ་བཟླས་པར་བྱ་སྟེ། དེ་ལྟར་ན་ཀླུ་ཐམས་ཅད་ལ་ངེས་པར་སྦྱོར་བར་འགྱུར་རོ། །ས་ལ་གནོད་ སྦྱིན་ལ་སོགས་པའི་གདོང་བྲིས་ལ་ལག་པ་གཡས་པའི་དང་པོའི་རྡོ་རྗེས་དབུས་མའི་རྡོ་རྗེ་གཡོ་ཞིང་བཙུམ་པའི་ལྟ་བས་བལྟ་ཞིང་གནོད་སྦྱིན་ལ་སོགས་པ་དགུག་པའི་ཚུལ་བྱས་ཏེ་དེ་ལྟར་ན་དེ་དག་འགུགས་པར་གྱུར་རོ། །དབང་དུ་བྱ་བའི་ཚུལ་དུ་བྱས་ན་དབང་དུ་བྱེད་པའོ། །འཆིང་བའི་ ཚུལ་དུ་བྱས་ན་འཆིང་བའོ། །ལས་ཐམས་ཅད་ལ་སྦྱར་བའི་ཚུལ་དུ་བྱས་ཏེ། དེ་ལྟར་ན་ལས་ཐམས་ཅད་ལ་སྦྱོར་བར་འགྱུར་ཏེ། དེ་ཐམས་ཅད་དུ་དབུས་མའི་རྡོ་རྗེ་གནོད་སྦྱིན་ལ་སོགས་པའི་ཁར་བཞག་ནས་ཞེས་ཤེས་པར་བྱའོ། །ལག་པ་གཡས་པའི་དབུས་མའི་རྡོ་རྗེ་ལ་བཞག་ན་ དཀྱིལ་འཁོར་བརྟག་པའོ། །རང་གི་ཁར་བཞག་ན་དཀྱིལ་འཁོར་དུ་ཞུགས་པར་འགྱུར་རོ། །ཕྱག་བྱས་ན་མཆོད་པར་འགྱུར་རོ། །རང་གི་སྙིང་གར་བཞག་ན་དཀྱིལ་འཁོར་གྲུབ་པར་འགྱུར་རོ། །ལག་པ་གཡས་པའི་དང་པོའི་རྡོ་རྗེ་དེ་ཉིད་བཅིངས་ནས་མྱུར་དུ་རང་གི་སྙིང་གར་དྲལ་བར་ བྱས་ན་ཕྱག་རྒྱ་ཐམས་ཅད་དགུག་པ་དང་བཅིང་བ་དང་། བརྟན་པར་བྱེད་པ་དང་། ཕྱག་རྒྱ་ཐམས་ཅད་འགྲུབ་པར་འགྱུར་རོ། །དེ་ཉིད་བཅིངས་ནས་ཡི་གེ་ཛཿས་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཐམས་ཅད་དགུག་པའོ། །ཡི་གེ་ཧཱུཾ་གིས་གཞུག་པའོ། །ཡི་གེ་བཾ་གྱིས་བཅིངས་པའོ། ། 61-1-148b ཡི་གེ་ཧོཿས་དབང་དུ་བྱེད་པར་འགྱུར་རོ། །དེ་ཉིད་བཅིངས་ནས་དབུས་མའི་རྡོ་རྗེ་བསྒྲེང་བར་བྱས་ལ་སྤྱི་བོར་གཟུང་བར་བྱས་ཏེ་དེ་ལྟར་ན་ལས་ཐམས་ཅད་རབ་ཏུ་སྒྲུབ་པའོ། །རང་གི་སྙིང་གར་གཟུང་བར་བྱས་ན་ལས་ཐམས་ཅད་རྣམ་པར་འཇིག་པར་མི་འགྱུར་རོ། །རང་གི་སྙིང་གར་གཟུང་བར་བྱས་ན་ ལས་ཐམས་ཅད་བརྟན་པར་བྱེད་པའོ། །ཕྱོགས་ཐམས་ཅད་དུ་བསྐོར་བར་བྱས་ཏེ་དེ་ལྟར་ན་སྒྲ་སྙན་པ་ཐམས་ཅད་རབ་ཏུ་གསལ་བར་འགྱུར་རོ། །དེ་ཉིད་བཅིངས་ནས་རང་གི་སྙིང་གར་བཞག་ལ་བདག་ཉིད་རྡོ་རྗེའི་རང་བཞིན་ཅན་དུ་བསྒོམ་པར་བྱ་སྟེ། དེ་ལྟར་ན་རྡོ་རྗེ་ཐམས་ཅད་དགུག་པ་དང་གཞུག་ པ་དང་བཅིང་བ་དང་དབང་དུ་བྱེད་པར་འགྱུར་རོ། །བདག་ཉིད་བྱང་ཆུབ་སེམས་དཔར་བསྒོམ་པར་བྱ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་ཐམས་ཅད་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱེད་པར་འགྱུར་རོ། །བདག་ཉིད་དེ་བཞིན་གཤེགས་པར་བསྒོམ་པར་བྱ་སྟེ་དེ་ལྟར་ ན་དེ་བཞིན་གཤེགས་པ་ཐམས་ཅད་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱེད་པར་འགྱུར་རོ། །བདག་ཉིད་རྡོ་རྗེ་སེམས་དཔའ་བསྒོམ་པར་བྱ་སྟེ་དེ་ལྟར་ན་རྡོ་རྗེ་འཆང་ཆེན་པོ་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱེད་པར་འགྱུར་རོ། །དེ་ལྟར་ན་ལག་གཡས་པའི་དང་པོའི་རྡོ་རྗེས་ ལས་བརྒྱ་སྒྲུབ་པ་ཡིན་ནོ། །ཇི་ལྟར་ལག་པ་གཡས་པའི་རྡོ་རྗེས་ལས་བརྒྱ་བསྒྲུབ་པར་འགྱུར་བ་དེ་བཞིན་དུ་ལག་པ་གཡོན་པའི་དང་པོའི་རྡོ་རྗེས་ཀྱང་འདས་མ་ཐག་ཏུ་བཤད་པའི་ལས་བརྒྱ་པོ་དེ་ཉིད་སྒྲུབ་པ་ཡིན་ཏེ། དེ་ལྟར་ན་ལས་བརྒྱ་ཕྲག་གཉིས་སུ་འགྱུར་རོ། །ལས་ཉིས་བརྒྱ་པོ་འདི་དག་དཔལ་ རྡོ་རྗེ་སེམས་དཔའི་ཨོཾ་ཨཱཿཧཱུཾ་ཧྲཱིཿཏྲཾ་ཞེས་བྱ་བ་བསྡུས་པའི་དཀྱིལ་འཁོར་དུ་གསུངས་པའི་སྙིང་པོ་བརྗོད་ཅིང་རྣལ་འབྱོར་པས་རབ་ཏུ་བསྒྲུབ་པར་བྱ་བ་ཡིན་ནོ། །དེ་ནས་རྡོ་རྗེ་ཁྱབ་འཇུག་གི་དེ་བཞིན་གཤེགས་པའི་རྣལ་འབྱོར་ལ་རྡོ་རྗེ་ཁྱབ་འཇུག་མ་ཞེས་བྱ་བའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། གཉིས་སུ་བྱས་ཏེ་ལག་པ་གཡས་པའི་རྡོ་རྗེ་ཁྱབ་འཇུག་གི་ཕྱག་རྒྱས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་ལས་བརྒྱའི་སྙིང་པོའི་སྔགས་འདི་བསྒྲུབ་པར་བྱ་སྟེ། ཨོཾ་བཛྲ་ན་ར་ཡཱ་ན་ཚིནྡྷ་བིནྡྷ་ཨ་པྲ་ཏི་ཧ་ཏ་བཛྲ་ཙཀྵ་ན་ཧོ་བྷ་ག་བཱན་བཛྲ་ཏ་ཐཱ་ག་ཏ་ 61-1-149a ཛཿཧཱུཾ་བཾ་ཧོཿབཛྲ་དྷ་ར་ཡ་སྟྭཾ་ཞེས་བྱའོ། །དེ་ལ་ལས་བརྒྱ་བསྒྲུབ་པའི་ཕྱག་རྒྱ་བཅིང་བ་ནི་འདི་ཡིན་ཏེ། ལག་པ་གཡས་པ་རྡོ་རྗེ་ཁྱབ་འཇུག་བཅིངས་ལ་ནད་བཅིང་པས་ནད་འཇིག་པར་འགྱུར་རོ། །རང་གི་མིག་ཡོངས་སུ་སྦྱངས་པས་མྱ་ངན་འཇིག་པའོ། །རང་གི་སྙིང་གར་གཞག་པར་ བྱས་ན་ཡིད་མི་བདེ་བ་ཐམས་ཅད་འཇིག་པའོ། །དེ་ཉིད་ཀྱིས་ནད་པའི་ལུས་ལ་བྱབ་པར་བྱས་ན་ནད་ཐམས་ཅད་འཇིག་པའོ། །དེ་ཉིད་ཀྱིས་ཀུན་དུ་བསྐོར་ཞིང་ཟས་ལ་མངོན་པར་བསྔགས་ན་སྦྱར་དུག་ཟོས་པ་འཇིག་པའོ། །དེ་ཉིད་ཀྱིས་བྱུར་ལ་མངོན་དུ་ཕྱོགས་པར་ཁྲོས་ནས་དོར་བར་བྱས་ན་ བྱུར་འཇིག་པའོ། །དེ་ཉིད་ཀྱིས་ཕུར་བུ་བླངས་ཏེ་ཡིད་ཀྱིས་གདོན་པར་བྱས་ཏེ་དེ་ལྟར་ན་བྱད་འཇིག་པའོ། །དེ་ཉིད་ཀྱིས་རྟིང་པས་བརྡེག་པའི་ཚུལ་བྱས་ན་རོ་ལངས་ཐམས་ཅད་འཇིག་པའོ། །དེ་ཉིད་ཀྱིས་ཡི་གེ་ཨོཾ་བྲིས་ཏེ་ཕྱིས་ན་སྔགས་ཐམས་ཅད་རྣམ་པར་འཇིག་པའོ། །དེ་ཉིད་ ཀྱིས་སོ་རྣམས་ཀྱིས་གཟུང་བར་བྱས་ན་སྨན་ཐམས་ཅད་རྣམ་པར་འཇིག་པའོ། །དེ་ཉིད་ཁྲོ་བ་དང་བཅས་པས་བགེགས་ལ་བསྣུན་པར་བྱས་ན་བགེགས་ཐམས་ཅད་འཇིག་པའོ། །དེ་ཉིད་ཀྱིས་ལོག་འདྲེན་གྱི་སྟེང་དུ་འཁོར་ལོ་དག་དབབ་པར་བྱས་ན་ལོག་འདྲེན་ཐམས་ཅད་འཇིག་པའོ། །དེ་ཉིད་ཀྱིས་ རལ་གྲི་བྲིས་ནས་ཕྱིས་ན་སྡིག་པ་ཐམས་ཅད་རྣམ་པར་འཇིག་པའོ། །དེ་ཉིད་ཀྱིས་སྦྱིན་སྲེག་གི་ཚུལ་དུ་བྱས་ན་རྨི་ལམ་ངན་པ་ཐམས་ཅད་འཇིག་པའོ། །དེ་ཉིད་ཀྱིས་དཱུར་བའི་སྦྱིན་སྲེག་བྱས་ན་དུས་མ་ཡིན་པའི་འཆི་བ་འཇིག་པའོ། །དེ་ཉིད་ཀྱིས་རིམས་ཀྱིས་གཟུང་བ་ལ་བྱམས་པའི་ལྟ་བས་ བྱབས་ན་རིམས་ཐམས་ཅད་རྣམ་པར་འཇིག་པའོ། །དེ་ཉིད་ཀྱིས་གདོན་གྱིས་གཟུང་བའི་སྐྲ་ལ་བཟུང་བས་བསྐྱོད་ན་གདོན་ཐམས་ཅད་རྣམ་པར་འཇིག་པའོ། །དེ་ཉིད་ཀྱིས་སྟེང་དུ་ཁ་ཊྭཱཾ་ག་འཛིན་པའི་ཚུལ་དུ་བྱས་ན་ནམ་མཁའ་ལ་འགྲོ་བ་ཐམས་ཅད་འཇིག་པའོ། །དེ་ཉིད་རང་གི་ཁྱིམ་དུ་ བསྐོར་བར་བྱ་སྟེ་དེ་ལྟར་ན་ཡམས་ཐམས་ཅད་འཇིག་པའོ། །དེ་ཉིད་རང་གི་ཁྱིམ་དུ་གཞག་པར་བྱས་ན་ཉེ་བར་འཚེ་བ་ཐམས་ཅད་རབ་ཏུ་འཇིག་པའོ། །དེ་ཉིད་ཁྱིམ་དུ་རབ་ཏུ་གཞུག་པར་བྱས་ན་ལྟས་ངན་འཇིག་པའོ། །དེ་ཉིད་སྙིང་གའི་ཕྱོགས་ལས་བཏོན་ན་གནོད་པ་འཇིག་པའོ། ། 61-1-149b དེ་ཉིད་ལུས་ལ་བསྐོར་བ་བྱས་ན་ལུས་ཀྱི་སྡུག་བསྔལ་ཐམས་ཅད་རབ་ཏུ་འཇིག་པའོ། །དེ་ཉིད་ཀྱིས་དེ་དག་འབྱིན་པའི་ཚུལ་བྱས་ན་ངག་གི་སྡུག་བསྔལ་ཐམས་ཅད་རབ་ཏུ་འཇིག་པའོ། །དེ་ཉིད་སྙིང་གའི་ཕྱོགས་སུ་བསྡམས་པར་བྱས་ཏེ་དེ་ལྟར་ན་སེམས་ཀྱི་སྡུག་བསྔལ་འཇིག་པར་འགྱུར་རོ། །དེ་ཉིད་ རང་གི་སྙིང་གར་བསྟན་པར་བྱས་ཏེ་དེ་ལྟར་ན་ཚེ་ཆེན་པོ་འཕེལ་བར་འགྱུར་རོ། །དེ་ཉིད་དབང་པོ་ཐམས་ཅད་ལ་གཞག་པར་བྱས་ཏེ་དེ་ལྟར་ན་ན་ཚོད་ཆེན་པོ་འཕེལ་བར་འགྱུར་རོ། །དེ་ཉིད་ཁར་བསྐོར་བར་བྱས་ན་མདངས་ཆེན་པོ་འཕེལ་བར་འགྱུར་རོ། །དེ་ཉིད་དཔྲལ་བར་བཞག་ན་གཟི་བརྗིད་ཆེན་ པོ་འཕེལ་བར་འགྱུར་རོ། །དེ་ཉིད་སྙིང་གར་གཞག་པར་བྱ་སྟེ་དེ་ལྟར་ན་གཟི་བརྗིད་འཕེལ་བར་འགྱུར་རོ། །དེ་ཉིད་ཕྲག་པ་གཉིས་ལ་གཞག་པར་བྱས་ན་སྟོབས་འཕེལ་བར་འགྱུར་རོ། །དེ་ཉིད་འོག་ཏུ་གཞག་པར་བྱས་ན་སྤྲོ་བ་འཕེལ་བར་འགྱུར་རོ། །དེ་ཉིད་ཀྱིས་ཕྲེང་བ་འཆིང་བའི་ ཚུལ་བྱས་ན་བརྩོན་འགྲུས་འཕེལ་བར་འགྱུར་རོ། །དེ་ཉིད་དབང་པོ་ཐམས་ཅད་ལ་གཞག་པར་བྱས་ན་དཔལ་ཆེན་པོ་འཕེལ་བར་འགྱུར་རོ། །དེ་ཉིད་སྤྱི་བོར་གཞག་པར་བྱས་ན་སྐལ་བ་བཟང་པོ་འཕེལ་བར་འགྱུར་རོ། །དེ་ཉིད་ཁར་གཞག་པར་བྱས་ན་བསོད་ནམས་གྲུབ་པར་འགྱུར་རོ། ། དེ་ཉིད་ཁ་ལས་གདོན་པར་བྱས་ན་མིང་འཕེལ་བར་འགྱུར་རོ། །དེ་ཉིད་ཐམས་ཅད་དུ་བསྐོར་བ་བྱས་ན་སྒྲ་སྙན་པར་འགྱུར་རོ། །དེ་ཉིད་ཕྱོགས་ཐམས་ཅད་དུ་བསྐོར་བ་བྱས་ན་གྲགས་པ་འཕེལ་བར་འགྱུར་རོ། །དེ་ཉིད་བཅིངས་ནས་དེ་བཞིན་གཤེགས་པ་རྗེས་སུ་དྲན་པ་བསྒོམ་པར་བྱས་ན་ དྲན་པ་འཕེལ་བར་འགྱུར་རོ། །དེ་ཉིད་སྙིང་ལས་འབྱིན་པའི་ཚུལ་བྱས་ན་བློ་གྲོས་འཕེལ་བར་འགྱུར་རོ། །དེ་ཉིད་སྙིང་གར་བཞག་ནས་དགའ་བ་སྐྱེད་པར་བྱས་ན་བསྟན་པ་འཕེལ་བར་འགྱུར་རོ། །དེ་ཉིད་བཅིངས་ནས་བདག་ཉིད་སངས་རྒྱས་ཀྱི་སྐུར་བསྒོམ་པར་བྱ་སྟེ་དེ་ལྟར་ན་དེ་བཞིན་གཤེགས་ པ་འཕེལ་བར་འགྱུར་རོ། །དེ་ཉིད་བཅིངས་ནས་སངས་རྒྱས་ཐམས་ཅད་བསྒོམས་པས་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་འཕེལ་བར་འགྱུར་རོ། །དེ་ཉིད་ཕུང་པོ་ལྔ་རྣམས་ལ་གཞག་པར་བྱས་ན་ཚོགས་འཕེལ་བར་འགྱུར་རོ། །དེ་ཉིད་ལྕེར་གཞག་པར་བྱས་ན་དེ་བཞིན་གཤེགས་ 61-1-150a པའི་གསུང་འཕེལ་བར་འགྱུར་རོ། །དེ་ཉིད་བཅིངས་ལ་ཡིད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་བར་བྱ་སྟེ་དེ་ལྟར་ན་ཡིད་འཕེལ་བར་འགྱུར་བ་ཡིན་ནོ། །དེ་ཉིད་བཅིངས་ནས་གཏོང་བ་རྗེས་སུ་དྲན་པ་བསྒོམ་པར་བྱ་སྟེ་དེ་ལྟར་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གྲུབ་པའོ། ། དེ་ཉིད་བཅིངས་ནས་ཚུལ་ཁྲིམས་རྗེས་སུ་དྲན་པ་བསྒོམ་པར་བྱ་སྟེ་དེ་ལྟར་ན་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གྲུབ་པའོ། །དེ་ཉིད་བཅིངས་ནས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་བྱས་ཏེ། དེ་ལྟར་ན་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གྲུབ་པའོ། །དེ་ཉིད་བཅིངས་ནས་བརྩོན་འགྲུས་ཀྱི་ཕ་ རོལ་ཏུ་ཕྱིན་པ་བསྒོམ་པར་བྱས་ཏེ་དེ་ལྟར་ན་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་གྲུབ་པའོ། །དེ་ཉིད་བཅིངས་ནས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་བྱས་ཏེ་དེ་ལྟར་ན་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་གྲུབ་པའོ། །དེ་ཉིད་བཅིངས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་ བྱས་ཏེ་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གྲུབ་པའོ། །དེ་ཉིད་བཅིངས་ནས་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་བྱ་སྟེ་དེ་ལྟར་ན་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་གྲུབ་པའོ། །དེ་ཉིད་བཅིངས་ནས་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་བྱ་སྟེ་དེ་ལྟར་ན་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་གྲུབ་ པའོ། །དེ་ཉིད་བཅིངས་ནས་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་བྱ་སྟེ་དེ་ལྟར་ན་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་གྲུབ་པའོ། །དེ་ཉིད་བཅིངས་ནས་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་བྱ་སྟེ་དེ་ལྟར་ན་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་གྲུབ་པའོ། །དེ་ཉིད་བཅིངས་ནས་མདུན་དུ་ རྡོ་རྗེ་བསྒོམ་པར་བྱས་ཏེ་དེ་ལྟར་ན་རྡོ་རྗེ་གྲུབ་པའོ། །དེ་ཉིད་བཅིངས་ནས་གཟུངས་ལ་སོགས་པ་མངོན་པར་བརྗོད་ནས་ངེས་པར་བསྒོམ་པར་བྱ་སྟེ་དེ་ལྟར་ན་གཟུངས་གྲུབ་པའོ། །དེ་ཉིད་བཅིངས་ནས་སངས་རྒྱས་ཀྱིས་བསྒོམ་པར་བྱ་སྟེ་དེ་ལྟར་ན་དེ་དག་གྲུབ་པའོ། །དེ་ཉིད་བཅིངས་ནས་ཕ་རོལ་ཏུ་ ཕྱིན་པ་བཅུའི་སྤྱོད་པ་བསྒོམ་པར་བྱ་སྟེ་དེ་ལྟར་ན་དེ་གྲུབ་པའོ། །དེ་ཉིད་བཅིངས་ནས་སོ་སོ་ཡང་དག་པར་བཞི་བསྒོམ་པར་བྱ་སྟེ་དེ་ལྟར་སོ་སོར་ཡང་དག་པར་རིག་པ་གྲུབ་པའོ། །དེ་ཉིད་བཅིངས་ནས་སངས་རྒྱས་ཀྱི་ཆོས་མ་དྲེས་པ་བཅོ་བརྒྱད་བསྒོམ་པར་བྱ་སྟེ་དེ་ལྟར་ན་དེ་དག་གྲུབ་པའོ། ། 61-1-150b དེ་ཉིད་བཅིངས་ནས་ཆོས་བསྒོམ་པར་བྱ་སྟེ་དེ་ལྟར་ན་ཆོས་གྲུབ་པའོ། །དེ་ཉིད་བཅིངས་ནས་ལས་བསྒོམས་པས་དེ་གྲུབ་པའོ། །དེ་ཉིད་བཅིངས་ནས་སེམས་ཅན་གྱི་དོན་བསྒོམས་པས་སེམས་ཅན་གྱི་དོན་གྲུབ་པའོ། །དེ་ཉིད་བཅིངས་ནས་སངས་རྒྱས་ཀྱི་དོན་བསྒོམས་པས་སངས་རྒྱས་ཀྱི་དོན་གྲུབ་པའོ། ། དེ་ཉིད་བཅིངས་ནས་དེ་བཞིན་གཤེགས་པའི་སྐུ་བསྒོམས་པས་ལུས་གྲུབ་པའོ། །དེ་ཉིད་བཅིངས་ནས་གསུང་བསྒོམས་པས་དག་གྲུབ་པའོ། །དེ་ཉིད་བཅིངས་ནས་སེམས་དཔའི་རྡོ་རྗེ་བསྒོམ་པར་བྱ་སྟེ་དེ་ལྟར་ཡིད་གྲུབ་པའོ། །དེ་ཉིད་བཅིངས་ནས་བདག་ཉིད་རྡོ་རྗེ་བསྒོམ་པར་བྱ་སྟེ་དེ་ལྟར་ན་རྡོ་རྗེ་ ཆེན་པོ་གྲུབ་པ་ཡིན་ནོ། །དེ་ཉིད་བཅིངས་ནས་ཨོཾ་བོ་དྷི་ཙིཏྟ་བཛྲ་ཞེས་བཟླ་བར་བྱ་སྟེ་དེ་ལྟར་ན་བྱང་ཆུབ་ཆེན་པོའི་སེམས་སྐྱེ་བ་གྲུབ་པར་འགྱུར་རོ། །ཨོཾ་ས་མནྟ་བྷ་དྲ་ཙརྱ་ཡི་ནི་ཏྱ་ཞེས་བཟླས་པར་བྱ་སྟེ་དེ་ལྟར་ན་ཀུན་དུ་བཟང་པོའི་སྤྱོད་པ་སྣ་ཚོགས་རྫོགས་པའོ། །ཨོཾ་ཙིནྡྲ་མ་ནི་ཞེས་བྱ་བ་བཟླ་བར་ བྱ་སྟེ་དེ་ལྟར་ན་སེམས་ཅན་གྱི་དོན་གྲུབ་པའོ། །ཨོཾ་ཨ་ནི་རུ་དྷ་ནི་ཞེས་བཟླ་བར་བྱ་སྟེ་དེ་ལྟར་ན་ལྷུམས་སུ་འཇུག་པ་སྒྲུབ་པའོ། །ཨོཾ་ཛ་ཏི་བི་བརྟི་ཞེས་བྱ་བ་བཟླ་བར་བྱ་སྟེ་དེ་ལྟར་ན་བལྟམས་པའི་ས་སྟོན་པའོ། །ཨོཾ་སརྦ་བི་ག་ཛྙཱ་ནི་ཞེས་བྱ་བ་བཟླ་བར་བྱ་སྟེ་དེ་ལྟར་ན་གཞོན་ནུ་རོལ་པ་སྒྲུབ་ པའོ། །ཨོཾ་མ་ཧཱ་བི་ར་ག་དྷརྨཱ་ཞེས་བྱ་བ་བཟླ་བར་བྱ་སྟེ་དེ་ལྟར་ན་མངོན་པར་འབྱུང་བ་སྒྲུབ་པའོ། །ཨོཾ་བརྱ་བ་ཀ་ཙེ་ཞེས་བྱ་བ་བཟླ་བར་བྱ་སྟེ་དེ་ལྟར་ན་དཀའ་ཐུབ་ཀྱི་སྤྱོད་པ་གྲུབ་པའོ། །ཨོཾ་ས་དྷ་ན་ག་མི་ནི་ཞེས་བྱ་བ་བཟླ་བར་བྱ་སྟེ་དེ་ལྟར་ན་བྱང་ཆུབ་ཆེན་པོའི་སྙིང་པོ་ལ་འདུག་པ་སྒྲུབ་པའོ། ། ཨོཾ་བཛྲ་དྲི་དྷ་ཙིདྡྷི་ཧཱུཾ་ཞེས་བཟླ་བར་བྱ་སྟེ་དེ་ལྟར་ན་བདུད་འདུལ་བའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཞེས་བྱ་བ་བཟླ་བར་བྱ་སྟེ་དེ་ལྟར་ན་མངོན་པར་རྫོགས་པའི་བྱང་ཆུབ་སྒྲུབ་པའོ། །ཨོཾ་སྭ་བྷཱ་བ་ཤུདྡྷ་དྷརྨཱ་ཏེ་ཛྙཱ་ན་བི་ཤུདྡྷེ་ཞེས་བྱ་བ་བཟླ་བར་བྱ་སྟེ་དེ་ལྟར་ན་ཆོས་ཀྱི་འཁོར་ལོ་རབ་ཏུ་སྐོར་བའོ། །ཨོཾ་ཀརྨ་ བི་ཤུདྡྷ་ན་ཞེས་བྱ་བ་བཟླ་བར་བྱ་སྟེ་དེ་ལྟར་ན་མུ་སྟེགས་ཅན་ཐམས་ཅད་ཚར་གཅོད་པའོ། །ཧཱུཾ་ནི་སུམྦྷ་བཛྲེ་ནི་ཕཊ་ཅེས་བྱ་བ་བཟླ་བར་བྱ་སྟེ་དེ་ལྟར་ན་འཇིག་རྟེན་གསུམ་པོ་ཐམས་ཅད་ལས་རྣམ་པར་རྒྱལ་བར་འགྱུར་རོ། །ཨོཾ་ཀརྨཱ་ར་གེ་ཞེས་བྱ་བ་བཟླ་བར་བྱ་སྟེ་དེ་ལྟར་ན་ལྷ་ལས་བབ་པ་སྒྲུབ་ 61-1-151a པའོ། །ཨོཾ་བཛྲེ་བཛྲེ་ནི་ཞེས་བྱ་བ་བཟླ་བར་བྱ་སྟེ་དེ་ལྟར་ན་འདུས་པ་ཆེན་པོ་བྱིན་གྱིས་བརླབ་པའོ། །ཨོཾ་སརྦ་དྷརྨ་མི་ནི་ཞེས་བྱ་བ་བཟླ་བར་བྱ་སྟེ་དེ་ལྟར་ན་དུག་ཐམས་ཅད་འདུལ་བ་སྒྲུབ་པའོ། །ཨོཾ་ཧེ་ཞེས་བྱ་བ་བཟླ་བར་བྱ་སྟེ་དེ་ལྟར་འདུལ་བ་ལ་རབ་ཏུ་གཞག་པའོ། །ཨོཾ་ཨ་ཀཱ་ རོ་མུ་ཁཾ་ཞེས་བྱ་བ་བཟླ་བར་བྱ་སྟེ་དེ་ལྟར་ན་ངན་སོང་ཐམས་ཅད་ལས་སོན་པའོ། །ཨོཾ་པྲ་ཛྙཱ་པཱ་ར་མི་ཏ་ཞེས་བྱ་བ་བཟླ་བར་བྱ་སྟེ་དེ་ལྟར་ན་མདོ་སྡེ་ཐམས་ཅད་བཏོན་པའོ། །ཨོཾ་བཾ་ཧཱུཾ་ཞེས་བྱ་བ་བཟླ་བར་བྱ་སྟེ་དེ་ལྟར་ན་རྟོག་པ་ཐམས་ཅད་བྱིན་གྱིས་བརླབ་པའོ། །ཨོཾ་ཨཱ་ཞེས་བྱ་བ་བཟླ་བར་བྱ་སྟེ་དེ་ལྟར་ ན་དངོས་གྲུབ་ཐམས་ཅད་སྩོལ་བའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་གྲ་ཞེས་བྱ་བ་བཟླ་བར་བྱ་སྟེ་དེ་ལྟར་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་སོ་སོར་ཐོབ་པའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཱ་ཀ་བི་ཤུདྡྷེ་ཞེས་བྱ་བ་བཟླ་བར་བྱ་སྟེ་དེ་ལྟར་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་ཐོབ་པའོ། ། ཨོཾ་སརྦ་ཏ་ཐཱ་ག་ཏེ་ཙིཏྟ་བཛྲེ་ཞེས་བྱ་བ་བཟླ་བར་བྱ་སྟེ་དེ་ལྟར་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་སོ་སོར་ཐོབ་པའི་རྣམ་པར་འཕྲུལ་པ་སྒྲུབ་པར་འགྱུར་རོ། །དེ་ལྟར་ལག་པ་གཡས་པའི་རྡོ་རྗེ་ཁྱབ་འཇུག་གི་ཕྱག་རྒྱས་ལས་བརྒྱ་སྒྲུབ་པ་ཡིན་ནོ། །ཇི་ལྟར་ལག་པ་གཡས་པའི་ རྡོ་རྗེ་ཁྱབ་འཇུག་གི་ལས་བརྒྱ་པོ་འདི་སྒྲུབ་པ་དེ་བཞིན་དུ་ལག་པ་གཡོན་པའི་རྡོ་རྗེ་ཁྱབ་འཇུག་གི་ཡང་འདས་མ་ཐག་ཏུ་བཤད་པའི་ལས་བརྒྱ་པོ་འདི་དག་ཡིན་ཏེ་དེ་བཞིན་གཤེགས་པའི་ལས་བརྒྱ་གཉིས་པ་ཡིན་ནོ། །རྡོ་རྗེ་རྩེ་གསུམ་འཛིན་པའི་རྡོ་རྗེ་གཏུམ་པའི་དབང་ཕྱུག་གི་གཟུགས་ འཛིན་པའི་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་རྣལ་འབྱོར་བྱས་ལ་རྡོ་རྗེ་འཛིན་པ་ཞེས་བྱ་བའི་ཕྱག་རྒྱ་བཅིངས་ནས་གཉིས་སུ་བྱས་ནས་ལག་པ་གཡས་པའི་རྡོ་རྗེ་འཛིན་པའི་ཕྱག་རྒྱས་ཨོཾ་བཛྲ་ཀྲོ་དྷ་ཡོ་གི་ནི་ཤྭ་ར་མ་ཧཱ་བཛྲ་ཤུ་ལོ་གྲ་བ་ནེ་ཧོ་བྷ་ག་བཱན་བཛྲ་ཙཎྜེ་ཤྭ་ཥ་ཨཿཧ་ཧ་ཧ་ཧ་ཧི་ཞེས་བྱ་བ་བརྗོད་ ཅིང་། བཅོམ་ལྡན་འདས་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་ལས་བརྒྱའི་ཆོ་ག་འདི་བསྒྲུབ་པར་བྱ་སྟེ། ཕྱག་རྒྱ་དེ་ཉིད་ཀྱིས་བླུགས་གཟར་བླངས་ལ་ཀ་ཚ་དང་ཏིལ་མར་ཚ་བའི་སྦྱིན་སྲེག་བྱས་ཏེ་དེ་ལྟར་ན་དེ་ཐམས་ཅད་སྲེག་པར་འགྱུར་རོ། །ཕྱག་རྒྱ་དེ་ཉིད་ཀྱིས་བསྒྲུབ་པར་ 61-1-151b བྱ་བ་ལ་གཏང་བར་བྱ་སྟེ་དེ་ལྟར་ན་ཐམས་ཅད་བསྐྲད་པར་འགྱུར་རོ། །དེ་ཉིད་ཀྱིས་བཅིངས་པའི་ཚུལ་དུ་བྱས་ཏེ་དེ་ལྟར་ན་ཐམས་ཅད་རྨུགས་པའོ། །དེ་ཉིད་ཀྱིས་ཐམས་ཅད་རེངས་པའི་ཚུལ་དུ་བྱས་ན་ཐམས་ཅད་རེངས་པའོ། །དེ་ཉིད་བཅིངས་ནས་མིག་གཉིས་བཙུམ་པར་བྱ་སྟེ་དེ་ལྟར་ན་ཐམས་ཅད་གཉིད་ ལོག་ཏུ་བཅུག་པའོ། །ཁྲོ་བོའི་ལྟ་བས་བསྒྲུབ་བྱ་ལ་བལྟ་ཞིང་ཕྱག་རྒྱ་འདི་ཉིད་ཀྱིས་སྡིགས་མཛུབ་བྱས་ཏེ་དེ་ལྟར་ན་ཐམས་ཅད་ལ་རྒྱས་བཏབ་པའོ། །དེ་ཉིད་བཅིངས་ནས་གློད་པར་བྱས་ཏེ་དེ་ལྟར་ན་ཐམས་ཅད་རྨོངས་པའོ། །དེ་ཉིད་བཅིངས་ནས་སྡིགས་མཛུབ་ཀྱིས་བསྒྲུབ་བྱ་བྱིང་བའི་ཚུལ་དུ་ བྱས་ཏེ་དེ་ལྟར་ན་ཐམས་ཅད་རྨུགས་པའོ། །སྡིགས་མཛུབ་ཀྱིས་སྐྱེ་བ་ལ་འཆིང་བའི་ཚུལ་ཏེ་དེ་ལྟར་ན་ཐམས་ཅད་རྒྱས་བཏབ་པའོ། །སྡིགས་མཛུབ་ཀྱིས་ལུ་གུ་རྒྱུད་འཆིང་བའི་ཚུལ་དུ་བྱས་ནས་དེ་བཙིར་བར་བྱ་སྟེ་དེ་ལྟར་ན་ཐམས་ཅད་བཙིར་བའོ། །སྡིགས་མཛུབ་ཀྱིས་ལུ་གུ་རྒྱུད་བཙིར་བར་བྱས་ ལ་དེ་ཉིད་ཀྱིས་དྲལ་བའི་ཚུལ་དུ་བྱས་ན་ཐམས་ཅད་དྲལ་བའོ། །སྡིགས་མཛུབ་ཀྱིས་བསྒྲུབ་བྱ་ལ་བརྡེག་པའི་ཚུལ་བྱ་སྟེ་དེ་ལྟར་ན་ཐམས་ཅད་ལ་རྡེག་པའོ། །དེ་ཉིད་བཅིངས་ནས་སྡིགས་མཛུབ་ཀྱིས་གྱེན་དུ་འབར་བའི་ཚུལ་དུ་བྱ་སྟེ་དེ་ལྟར་ན་ཐམས་ཅད་འབར་བའོ། །དེ་ཉིད་ཀྱི་སྡིགས་མཛུབ་དང་ ཡིད་ཀྱིས་སོར་མོ་དབུས་མ་བསྒྲེང་བ་བསྒྲུབ་བྱ་ལྟུང་བའི་ཚུལ་གྱིས་དབབ་པར་བྱ་སྟེ་དེ་ལྟར་ན་ཐམས་ཅད་ལྟུང་བའོ། །དེ་ཉིད་བཅིངས་ནས་མཛུབ་མོ་འབར་བའི་ཚུལ་དུ་བྱ་སྟེ་དེ་ལྟར་ན་འཚེད་པའོ། །དེ་ཉིད་བཅིངས་ནས་གཅོད་པའི་ཚུལ་དུ་དེ་ཉིད་སྦྱར་བར་བྱ་སྟེ་དེ་ལྟར་ན་ཐམས་ཅད་གཅོད་པའོ། །དེ་ ཉིད་བཅིངས་ནས་མཛུབ་མོས་བསྒྲུབ་བྱ་རྣམ་པར་དྲལ་བའི་ཚུལ་དུ་བྱ་སྟེ་དེ་ལྟར་ན་ཐམས་ཅད་དྲལ་བའོ། །དེ་ཉིད་བསྒྲུབ་བྱ་ཕྱེ་མར་རློག་པའི་ཚུལ་རབ་ཏུ་སྦྱར་བར་བྱ་སྟེ་དེ་ལྟར་ན་ཐམས་ཅད་ཕྱེ་མར་རློག་པའོ། །དེ་ཉིད་བཅིངས་ནས་སོར་མོ་ཐམས་ཅད་ཕྱོགས་བཅུར་དོར་བར་བྱ་སྟེ་དེ་ལྟར་ན་ ཐམས་ཅད་དོར་བའོ། །དེ་ཉིད་མྱུར་དུ་གྲོལ་བར་བྱ་སྟེ་དེ་ལྟར་ན་ཐམས་ཅད་རྣམ་པར་འཇོམས་པའོ། །དེ་ཉིད་ཀྱིས་དྲང་ཞིང་གཡོ་བས་སྡིགས་མཛུབ་བྱས་ཏེ་དེ་ལྟར་ན་རིམས་ཐམས་ཅད་བསྐྱེད་པའོ། །དེ་ཉིད་བཅིངས་ནས་མཛུབ་མོ་གདེངས་ཀའི་རྣམ་པ་ཅན་དུ་བྱས་ལ་དེའི་བསྒྲུབ་བྱ་ལ་སྡིགས་མཛུབ་ 61-1-152a བྱ་སྟེ་དེ་ལྟར་ན་དུག་ལྡང་བའོ། །དེ་ཉིད་བཅིངས་ནས་མཛུབ་མོ་སོ་རྣམས་ཀྱིས་གཟུང་བར་བྱ་སྟེ་དེ་ལྟར་ན་བསྒྲུབ་བྱ་གདོན་གྱིས་འཛིན་དུ་གཞུག་པ་ཡིན་ནོ། །དེ་ཉིད་བཅིངས་ནས་སྨྱོ་བ་དང་རྒྱུག་པ་བསྟན་པར་བྱ་སྟེ་དེ་ལྟར་ན་ཐམས་ཅད་སྨྱོར་གཞུག་པའོ། །དེ་ཉིད་བཅིངས་ནས་མཛུབ་ མོས་སེ་གོལ་གཏོགས་པའི་སྒྲ་འབྱིན་པའི་ཚུལ་དུ་བྱ་ཞིང་བསྒྲུབ་བྱ་བཀུག་ལ་ཡིད་ཀྱིས་རྟོག་པར་བྱ་སྟེ་དེ་ལྟར་ན་ཐམས་ཅད་གསོད་པར་འགྱུར་རོ། །དེ་ཉིད་བཅིངས་ནས་བསྒྲུབ་བྱ་ཉེ་བར་འདུག་པའི་ཚུལ་དུ་སྦྱར་བར་བྱ་སྟེ་དེ་ལྟར་ན་ཐམས་ཅད་ཉེ་བར་འདུག་པར་འགྱུར་རོ། །དེ་ཉིད་ས་ལ་རབ་ཏུ་ གཞག་པར་བྱ་སྟེ་དེ་ལྟར་ན་ཐམས་ཅད་དགོད་པའོ། །དེ་ཉིད་བསྐྱོད་པར་བྱ་སྟེ་དེ་ལྟར་ན་ཐམས་ཅད་གཡོར་གཞུག་པའོ། །དེ་ཉིད་བཅིངས་ནས་རང་གིས་གར་བྱས་ཏེ་དེ་ལྟར་ན་ཐམས་ཅད་གར་བྱེད་དུ་གཞུག་པའོ། །དེ་ཉིད་ཁ་ལས་གྱེན་དུ་དྲང་བར་བྱ་སྟེ་དེ་ལྟར་ན་ཐམས་ཅད་གླུ་ལེན་དུ་ གཞུག་པའོ། །དེ་ཉིད་རླབས་ཀྱི་ཚུལ་དུ་སྦྱར་བར་བྱ་སྟེ་དེ་ལྟར་ན་ཐམས་ཅད་རྩེར་གཞུག་པའོ། །དེ་ཉིད་ཐམས་ཅད་དུ་བརླབ་པར་བྱ་སྟེ་དེ་ལྟར་ན་ཐམས་ཅད་རྩེད་འཇོ་བྱེད་དུ་ཞུག་པའོ། །དེ་ཉིད་བཅིངས་ནས་ཧ་ཧར་དགོད་པར་བྱ་སྟེ་དེ་ལྟར་ན་ཧ་ཧར་དགོད་དུ་གཞུག་པའོ། །དེ་ཉིད་བསྐོར་བར་ བྱ་སྟེ་དེ་ལྟར་ན་ཐམས་ཅད་བསྐོར་དུ་གཞུག་པའོ། །དེ་ཉིད་དགུག་པར་བྱ་སྟེ་དེ་ལྟར་ན་ཐམས་ཅད་དགུག་པའོ། །དེ་ཉིད་མདུན་དུ་ཚུར་དྲང་བར་བྱ་སྟེ་དེ་ལྟར་ན་ཐམས་ཅད་ཚུར་འདྲེན་པའོ། །དེ་ཉིད་མདུན་དུ་གཏང་བར་བྱ་སྟེ་དེ་ལྟར་ན་ཐམས་ཅད་གཏོང་བའོ། །དེ་ཉིད་ཡོངས་སུ་བསྐོར་ནས་ ནུབ་པའི་ཚུལ་དུ་གཟུང་བར་བྱ་སྟེ་དེ་ལྟར་ན་ཐམས་ཅད་ནུབ་པའོ། །དེ་ཉིད་གྱེན་དུ་དྲང་བར་བྱ་སྟེ་དེ་ལྟར་ན་ཐམས་ཅད་གྱེན་དུ་འབྱུང་བའོ། །དེ་ཉིད་མྱུར་དུ་དོར་བར་བྱ་སྟེ་དེ་ལྟར་ན་ཐམས་ཅད་དོར་བའོ། །དེ་ཉིད་མྱུར་དུ་བཏེག་པར་བྱ་སྟེ་དེ་ལྟར་ན་ཐམས་ཅད་འདེགས་པའོ། །དེ་ཉིད་ ཟུར་དུ་ཚུར་དྲང་བར་བྱ་སྟེ་དེ་ལྟར་ན་ཐམས་ཅད་ཚུར་དྲང་བའོ། །དེ་ཉིད་བཅིངས་ནས་རང་གི་ང་རོ་བྱས་ཏེ་དེ་ལྟར་ན་ཐམས་ཅད་ང་རོ་འདོན་པ་ཡིན་ནོ། །དེ་ཉིད་བཅིངས་ནས་རང་ཉིད་ངུ་བར་བྱ་སྟེ་དེ་ལྟར་ན་ཐམས་ཅད་ངུ་བའོ། །དེ་ཉིད་ཀྱིས་བདག་ཉིད་ལ་བརྡུང་བར་བྱ་སྟེ་དེ་ལྟར་ན་ཐམས་ཅད་ 61-1-152b བརྡུང་བར་འགྱུར་རོ། །དེ་ཉིད་ཀྱིས་སྙིང་གར་བརྡེག་པར་བྱ་སྟེ་དེ་ལྟར་ན་ཐམས་ཅད་གསོད་པར་འགྱུར་རོ། །དེ་ཉིད་ཀྱིས་རང་གི་སྐྲ་འབལ་བར་བྱ་སྟེ་དེ་ལྟར་ན་ཐམས་ཅད་ཀྱིས་རང་གི་སྐྲ་འབལ་བའོ། །དེ་ཉིད་བཅིངས་ནས་བསྒྲུབ་བྱ་ཕན་ཚུན་རྣམ་པར་སྡང་བར་བྱ་སྟེ་དེ་ལྟར་ན་ཐམས་ཅད་རྣམ་པར་ སྡང་བའོ། །དེ་ཉིད་ཀྱིས་རང་གི་གོས་བརྗེས་པར་བྱ་སྟེ་དེ་ལྟར་ན་གོས་བརྗེ་བར་འགྱུར་རོ། །དེ་ཉིད་ཀྱིས་གྱེན་དུ་འབར་བ་སྐྱེད་པའི་ཚུལ་གྱིས་ཁྲོ་བས་རབ་ཏུ་གཡོ་བ་མཛུབ་མོས་བྱས་ཏེ་དེ་ལྟར་ན་ཁྲོ་བ་འབར་བར་འགྱུར་རོ། །དེ་ཉིད་ཀྱིས་མཛུབ་མོའི་ལྕགས་ཀྱུས་ཐམས་ཅད་དགུག་པའོ། ། དེ་ཉིད་ཀྱིས་བསྒྲུབ་བྱ་གཞུག་པའི་ཚུལ་གྱིས་ཐམས་ཅད་འཇུག་པའོ། །དེ་ཉིད་ཀྱིས་མཛུབ་མོ་དང་མཐེ་བོང་དག་གིས་སེ་གོལ་གཏོགས་པར་བྱ་སྟེ་དེ་ལྟར་ན་ཐམས་ཅད་འབེབས་པའོ། །དེ་ཉིད་བཅིངས་ནས་དེ་བཞིན་དུ་སེ་གོལ་གཏོགས་པའི་སྒྲས་པྲ་དབབ་པ་ཐམས་ཅད་སྒྲུབ་པའོ། །དེ་ ཉིད་བཅིངས་ནས་མཛུབ་མོ་ལྕེ་ལ་རེག་པར་བྱ་སྟེ་དེ་ལྟར་ན་ཐམས་ཅད་སྨྲ་བའོ། །དེ་ཉིད་གཡས་སུ་འཁྱིལ་བའི་བ་སྤུ་སྟོན་པའི་ཚུལ་གྱིས་བསྐོར་བར་བྱ་སྟེ་དེ་ལྟར་ན་སྒྱུ་མ་ཐམས་ཅད་སྟོན་པའོ། །དེ་ཉིད་ཀྱིས་ལྟུང་བ་སློང་བའི་ཚུལ་དུ་བྱ་སྟེ་དེ་ལྟར་ན་ཐམས་ཅད་སོ་སོར་བཏོན་པའོ། ། དེ་ཉིད་བཅིངས་ནས་དུས་ཀྱི་འཁོར་ལོ་རབ་ཏུ་བསྒོམ་པར་བྱ་སྟེ་དེ་ལྟར་ན་དུས་ཀྱི་འཁོར་ལོ་རབ་ཏུ་ཡོངས་སུ་བསྐོར་བའོ། །དེ་ཉིད་བཅིངས་ནས་ཁྲོ་བོའི་ལྟ་བས་ཡིད་ཀྱིས་འདོད་པའི་ཤིང་དྲུང་རྣམས་ཀྱི་འདབ་མ་དང་མེ་ཏོག་དང་འབྲས་བུ་རྣམས་སྟོན་པའོ། །དེ་ཉིད་བཅིངས་ནས་ཁྲོ་བོའི་ལྟ་བས་བལྟ་ཞིང་ འབྲུ་ཐམས་ཅད་སྟོན་པར་བྱེད་པའོ། །དེ་ཉིད་བཅིངས་ནས་བྱམས་པའི་ལྟ་བས་རིམས་ལྡོག་པར་བྱེད་པའོ། །དེ་ལྟར་བཅིངས་ནས་སྨིན་མ་བསྐྱོད་པའི་འཕྲོག་པ་དག་གིས་སྦྱར་བའི་དུག་འཕྲོག་པར་བྱེད་པའོ། །དེ་ཉིད་བཅིངས་ནས་རྣམས་བསྟན་པར་བྱ་སྟེ་དེ་ལྟར་ན་གདོན་ཐམས་ཅད་ལས་ གྲོལ་བའོ། །དེ་ཉིད་བཅིང་ནས་ཡི་གེ་ཕུ་བརྗོད་པར་བྱ་སྟེ་དེ་ལྟར་ན་དུག་ཐམས་ཅད་ལྡོག་པའོ། །དེ་ཉིད་ཀྱིས་མཁའ་འགྲོ་མ་རྣམས་ཀྱིས་བཟུང་བ་ལ་བརྡེག་པར་བྱ་སྟེ་དེ་ལྟར་ན་མཁའ་འགྲོ་མ་དང་གདོན་ཐམས་ཅད་ལས་གྲོལ་བའོ། །དེ་ཉིད་རྒྱལ་མཚན་བསྒྲེང་བའི་ཚུལ་གྱིས་སྟེང་དུ་གཟུང་ 61-1-153a བར་བྱ་སྟེ་དེ་ལྟར་ན་སངས་རྒྱས་ཐམས་ཅད་འབྱོན་པའོ། །དེ་ཉིད་བཅིངས་ནས་ཁྲོ་བ་དང་བཅས་པའི་འཇིགས་བྱེད་ཀྱི་ལྟ་བས་གཞན་གྱི་དཔུང་ཐམས་ཅད་འཇོམས་པའོ། །དེ་ཉིད་བཅིངས་ནས་བཙུམ་པ་མེད་པའི་ལྟ་བས་མཚམས་བཅིང་བའོ། །དེ་ཉིད་བཅིངས་ནས་རང་གི་སྙིང་ག་ལས་ རྡོ་རྗེ་འབར་བའི་ཡིད་ཀྱིས་སྤྲོས་ནས་ཕྱོགས་བཅིང་བར་བྱའོ། །དེ་ཉིད་བཅིངས་ནས་བསྐོར་བར་བྱ་སྟེ་དེ་ལྟར་ན་དཀྱིལ་འཁོར་བཅིང་བའོ། །དེ་ཉིད་བཅིངས་ནས་མཛུབ་མོ་བསྒྲེང་བ་བྱས་ནས་ཡོངས་སུ་བསྐོར་ལ་གཙུག་ཏོར་དུ་གཟུང་བར་བྱས་ན་ཤིན་ཏུ་སྲུང་བའོ། །དེ་ཉིད་བཅིངས་ནས་མཛུབ་ མོ་བརྐྱང་པ་ལ་རང་གི་སྙིང་གར་གཟུང་བར་བྱ་སྟེ་དེ་ལྟར་ན་ཐམས་ཅད་དེ་ཉིད་བྱེད་པའོ། །ཕྱག་རྒྱ་དེ་ཉིད་རང་གི་སྙིང་གར་དགྲོལ་བར་བྱ་སྟེ་དེ་ལྟར་ན་ཐམས་ཅད་དགྲོལ་བའོ། །གཡས་པའི་རྡོ་རྗེ་འཛིན་མ་དེ་ཉིད་ཟུར་དུ་བཞག་ལ་བསྒྲེང་བར་བྱ་སྟེ་དེ་ལྟར་ན་ཐམས་ཅད་བསྒྲེང་བའོ། །དེ་ཉིད་ བཅིངས་ནས་མཛུབ་མོའི་རྩེ་མོས་དབང་དུ་བྱེད་པའི་ཚུལ་བྱ་སྟེ་དེ་ལྟར་ན་ཐམས་ཅད་དབང་དུ་བྱེད་པར་འགྱུར་རོ། །དེ་ཉིད་བཅིངས་ནས་ཁྲོ་བོའི་ལྟ་བས་སྟེང་ནས་འོག་ཏུ་ལྟུང་བའི་ཚུལ་དུ་བྱ་སྟེ་དེ་ལྟར་ན་ལྟུང་བ་ཐམས་ཅད་ལྟུང་བའོ། །འོག་ནས་སྟེང་དུ་དྲངས་པའི་ཚུལ་བྱས་ན་ཐམས་ཅད་གནོན་པའོ། ། དེ་ཉིད་བཅིངས་ཏེ་ཁྲོས་པས་ཡི་གེ་ཧཱུཾ་བཟླ་བར་བྱ་སྟེ་དེ་ལྟར་ན་གནོད་སྦྱིན་ཐམས་ཅད་ཕྱི་བཞིན་དུ་འབྲང་བར་བྱེད་པའོ། །དེ་ཉིད་བཅིངས་ནས་འཇིགས་བྱེད་ཀྱི་ལྟ་བས་སྲིན་པོ་ཐམས་ཅད་འཇིགས་སུ་བཅུག་པའོ། །དེ་ཉིད་བཅིངས་ནས་ཁྲོ་བོའི་ལྟ་བས་ཁ་ཊྭཱཾ་ག་ཡིད་ཀྱིས་དྲལ་བར་བྱ་སྟེ་དེ་ལྟར་ན་ མཁའ་འགྲོ་མ་ཐམས་ཅད་ལ་སོགས་པའི་གདོན་ཐམས་ཅད་ཞི་བའོ། །དེ་ཉིད་བཅིངས་ནས་རང་གི་སྙིང་གར་འབར་བའི་རྡོ་རྗེ་བསྒོམ་པར་བྱ་སྟེ་དེ་ལྟར་ན་བདུད་ཐམས་ཅད་ཀྱི་སྟོབས་འཇོམས་པའོ། །དེ་ཉིད་བཅིངས་ནས་ཁྲོ་བོའི་ལྟ་བས་ཡིད་ཀྱིས་རྩེ་གསུམ་དྲལ་བར་བྱ་སྟེ་དེ་ལྟར་ན་མ་མོ་ཐམས་ ཅད་ཞི་བར་འགྱུར་རོ། །ཉིད་བཅིངས་ནས་གདུག་པའི་དཀྱིལ་འཁོར་གཞུག་པར་བྱ་སྟེ་དེ་ལྟར་ན་གདུག་པའི་དཀྱིལ་འཁོར་ཐམས་ཅད་འཐོར་བའོ། །དེ་ཉིད་བཅིངས་ནས་ཡི་གེ་ཧཱུཾ་བཟླ་བར་བྱ་སྟེ་དེ་ལྟར་ན་གདུག་པ་ཐམས་ཅད་ཚར་གཅོད་པའོ། །དེ་ཉིད་བཅིངས་ནས་ཡི་གེ་ཧི་བཟླ་ 61-1-153b བར་བྱས་ཏེ་དེ་ལྟར་ན་ཐམས་ཅད་འདུལ་བའོ། །དེ་ཉིད་བཅིངས་ནས་མི་འཇིགས་པ་སྦྱིན་པའི་ཚུལ་གྱིས་གཡས་ཕྱོགས་སུ་གཟུང་བར་བྱ་སྟེ་དེ་ལྟར་ན་མི་འཇིགས་པ་སྐྱེད་པའོ། །དེ་ཉིད་དོང་ཙེ་བསོར་བའི་ཚུལ་དུ་བྱ་སྟེ་དེ་ལྟར་ན་ནོར་བུ་བཟང་པོ་དབང་དུ་བྱེད་པའོ། །དེ་ཉིད་བཅིངས་ནས་ནོར་སྦྱིན་ལ་ ཁྲོ་བའི་ལྟ་བས་བལྟ་ཞིང་བཟླ་བར་བྱ་སྟེ་དེ་ལྟར་ན་ནོར་སྦྱིན་ལས་ནོར་ཐམས་ཅད་འཕྲོག་པའོ། །དེ་ཉིད་བཅིངས་ནས་མཛུབ་མོ་སོ་དག་གིས་བཟུང་སྟེ་རྣམ་ཐོས་སྲས་རྐང་པ་གཡོན་པས་མནན་ནས་བཀུག་ཅིང་བཟླ་བར་བྱ་སྟེ་དེ་ལྟར་ན་དཔལ་དགུག་པའོ། །དེ་ཉིད་བཅིངས་ནས་མཛུབ་མོས་དོང་ཙེ་ གཉིས་བསོར་བའི་ཚུལ་བྱས་ཏེ་དེ་ལྟར་ན་ལྷའི་བུ་མོ་ཐམས་ཅད་འཕྲོག་པའོ། །དེ་ཉིད་ཀྱིས་གཞོན་ནུ་མའི་ལག་པ་གཡོན་པ་ལ་གནས་པའི་དྲིལ་བུ་ཡིད་ཀྱིས་དྲལ་བར་བྱ་སྟེ་དེ་ལྟར་ན་གཞོན་ནུ་མ་རོལ་དུ་བཅུག་པའོ། །དེ་ཉིད་བཅིངས་ནས་མཛུབ་མོའི་རྩེ་མོ་མཐེ་བོང་གི་སྟེང་དུ་བཞག་ནས་འོག་ ཏུ་བྱས་ལ་རྐང་པ་གཡོན་པས་བརྒྱ་བྱིན་གྱི་གཟུགས་བརྙན་མནན་ཏེ་ལུ་གུ་རྒྱུད་དང་བཀྲོལ་བའི་ཚུལ་གྱིས་འཕྲོག་པར་བྱ་སྟེ་དེ་ལྟར་ན་ཤ་ཙི་འཕྲོག་པའོ། །དེ་ཉིད་བཅིངས་ཏེ་གཞོན་ནུ་མའི་ལག་པ་གཡས་པ་ལ་གནས་པའི་དྲིལ་བུ་ཡིད་ཀྱིས་དྲལ་བར་བྱ་སྟེ་དེ་ལྟར་ན་གཞོན་ནུ་རྣམ་པར་གཅོད་པའོ། །དེ་ ཉིད་བཅིངས་ནས་མཛུབ་མོས་ཆགས་པ་དང་བྲལ་བའི་ཡིད་ཀྱིས་ལྟུང་བར་བྱ་སྟེ་དེ་ལྟར་ན་ཚངས་པ་ལྟུང་བའོ། །དེ་ཉིད་བཅིངས་ནས་ཡིད་ཀྱིས་ཁྱབ་འཇུག་གི་འཁོར་ལོ་དྲལ་བར་བྱ་སྟེ་དེ་ལྟར་ན་ཁྱབ་འཇུག་འདུལ་བར་འགྱུར་རོ། །དེ་ཉིད་བཅིངས་ནས་རྩེ་གསུམ་དྲལ་བར་བྱས་ཏེ་དེ་ལྟར་ན་ལྷ་ཆེན་པོ་ ལས་རྣམ་པར་རྒྱལ་བར་འགྱུར་རོ། །དེ་ཉིད་བཅིངས་ནས་མཛུབ་མོའི་རྩེ་མོ་མཐེ་བོའི་སྟེང་དུ་བཞག་ནས་འདོད་པའི་དབང་ཕྱུག་རྐང་པ་གཡོན་པས་མནན་ཏེ་ལུ་གུ་རྒྱུད་དགྲོལ་བའི་ཚུལ་དུ་དབྲོག་པར་བྱ་སྟེ་དེ་ལྟར་ན་དགའ་མ་འཕྲོག་པའོ། །དེ་ཉིད་བཅིངས་ནས་མདུན་དུ་རྡོ་རྗེ་བསྒོམ་པར་བྱ་སྟེ་དེ་ ལྟར་ན་རྡོ་རྗེ་གྲུབ་པའོ། །དེ་ཉིད་བཅིངས་ནས་མདུན་དུ་བྱང་ཆུབ་སེམས་དཔའ་བསྒོམ་པར་བྱ་སྟེ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སྒྲུབ་པའོ། །དེ་ཉིད་བཅིངས་ནས་མདུན་དུ་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་བསྒོམ་པར་བྱ་སྟེ་དེ་ལྟར་ན་དེ་བཞིན་གཤེགས་པ་རྗེས་སུ་ 61-1-154a ཆགས་པའོ། །དེ་ཉིད་བཅིངས་ནས་མདུན་དུ་རྡོ་རྗེ་འཆང་ཆེན་པོ་བསྒོམ་པར་བྱ་སྟེ་དེ་ལྟར་ན་མདུན་དུ་རྡོ་རྗེ་འཆང་ཆེན་པོ་རྗེས་སུ་ཆགས་པ་དང་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱེད་པ་སྒྲུབ་པར་འགྱུར་རོ། །ཇི་ལྟར་ལས་བརྒྱ་སྒྲུབ་པ་འདི་ལག་པ་གཡས་པའི་རྡོ་རྗེ་འཛིན་ མའི་ཕྱག་རྒྱས་འགྲུབ་པར་འགྱུར་བ་དེ་བཞིན་དུ་ལག་པ་གཡོན་པའི་རྡོ་རྗེ་འཛིན་མའི་ཕྱག་རྒྱས་ཀྱང་ལས་བརྒྱ་འདི་ཉིད་སྒྲུབ་པ་ཡིན་ནོ། །བསྡུས་པའི་དཀྱིལ་འཁོར་ལས་གསུངས་པའི་རྡོ་རྗེ་དབང་ཕྱུག་གི་གཟུགས་འཛིན་པའི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྣལ་འབྱོར་བྱས་ལ་དེའི་ དམ་ཚིག་གི་ཕྱག་རྒྱ་དེ་ཉིད་ཆོས་ཉིད་ཅེས་བྱ་བའི་མིང་ཅན་བཅིངས་ནས་གཉིས་སུ་བྱ་སྟེ། ལག་པ་གཡས་པའི་རྡོ་རྗེ་ཉིད་ཀྱི་ཕྱག་རྒྱས་འཕགས་པ་སྤྱན་རས་གཟིགས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་ལས་བརྒྱ་སྔགས་འདིས་བསྒྲུབ་པར་བྱ་སྟེ། ཧྲི་བཛྲ་པདྨོ་དྷ་བྷ་ཧོ་བྷ་ག་ཝཱན་བཛྲ་ཨ་བ་ ལོ་ཀི་ཏེ་ཤྭ་ར་མ་ཧཱ་པྲ་མི་སིདྡྷ། ཨོཾ་བྷུར་བྷུ་བ་སྭ་སྭསྟི་ན་མ་སྭཱ་ཧཱ་ཞེས་བྱ་བས་སོ། །འདིས་ནི་འདི་ལྟར་བཤད་པར་འགྱུར་ཏེ། མེ་ཏོག་གིས་ཁྱབ་ཅིང་འབར་བའི་ཡིད་ཀྱིས་རང་བཞིན་གྱི་མེ་ཐབ་ཀྱི་ནང་དུ་ཚངས་པའི་གཟུགས་ཀྱི་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་མདུན་དུ་རྣམ་པར་བསམས་ལ། ལག་ པ་གཡས་པས་ཇི་ལྟ་བ་བཞིན་དུ་བཤད་པའི་རྡོ་རྗེ་ཆོས་ཉིད་ཅེས་བྱ་བའི་འཇིག་རྟེན་དབང་ཕྱུག་གི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་དེས་ཡིད་ཀྱི་སྒྲིབ་པ་ཐམས་ཅད་དང་། སྡིག་པ་ཐམས་ཅད་དང་རྨི་ལམ་ངན་པ་དང་མཚན་མ་ངན་པ་དང་། འཚེ་བ་དང་། ཉེ་བར་འཚེ་བ་དང་། གནོད་པ་དང་། དུས་མ་ཡིན་ པར་འཆི་བ་དང་། འཇིགས་བྱེད་ཀྱིས་འཇིགས་པ་དང་། རྩོད་པ་དང་། འགྱེད་པ་དང་། འཐབ་པ་དང་། བརླག་པ་དང་། ཉོན་མོངས་པ་དང་། ངལ་བ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། དབུལ་བ་དང་། ཕ་རོལ་གྱི་གནོད་པ་དང་། རེག་བྱ་ངན་པ་དང་། སྐལ་བ་ངན་པ་དང་། ནད་ དང་བཅས་པ་དང་། དོན་མེད་པ་རྣམས་བསྲེག་པར་བྱ་སྟེ་དེ་ལྟར་ན་དེ་རྣམས་འཇིག་པར་འགྱུར་རོ། །དེ་ཉིད་བཅིངས་ནས་རང་དང་གཞན་དག་ལ་རླུང་གིས་གསོ་དཔྱད་བྱའོ། །དེ་ཉིད་བཅིངས་ནས་མཁྲིས་པ་དང་། ཁྲག་དང་། བད་ཀན་དང་། འདུས་པ་དང་། མ་ཞུ་བ་དང་། རིམས་དང་། སྦྱར་བའི་དུག་ 61-1-154b དང་། དུག་དང་། མཛེ་དང་འབྲུམ་བུ་ཕྲ་མོ་དང་། གཡའ་བ་དང་རྐང་ཤུ་དང་། སྐྲན་དང་། དམུ་ཆུ་དང་། མཚན་པར་རྡོལ་བ་དང་། ཤ་བཀྲ་དང་། གཅོང་ཆེན་དང་། ཁྲག་ཟད་པ་དང་། ནད་ཐམས་ཅད་དང་། ཡིད་མི་བདེ་བ་དང་། ནད་དང་། གདོན་དང་། མཁའ་འགྲོ་མ་རྣམས་ཀྱིས་གསོ་དཔྱད་བྱ་བ་ཡིན་ནོ། ། དེ་ཉིད་བཅིངས་ནས་ཁྲབ་དང་། གོ་ཆ་དང་། གཙུག་ཏོར་དང་། གཙུག་ཕུད་དང་། མཚམས་དང་། ཕྱོགས་དང་། དཀྱིལ་འཁོར་དང་། ས་དང་། ནམ་མཁའ་དང་། ཁང་བཟངས་དང་། རྡོ་རྗེའི་ར་བ་དང་། མེ་འབར་བ་དང་། ཐལ་བའི་ར་བ་དང་། རྡོ་རྗེའི་རི་བོ་དང་། དོན་ཡོད་པའི་ཆུ་བོ་དང་། ཐིག་ སྐུད་ཡོངས་སུ་དགོད་པ་དང་། ཕུར་བུ་དང་། བཟའ་བ་དང་། བཏུང་བ་དང་། གོས་དང་། དགུག་པའི་ཕྱག་རྒྱས་སྲུང་བ་རྣམས་བྱ་བ་ཡིན་ནོ། །དེ་ཉིད་བཅིངས་ནས་འཆི་བའི་འཇིགས་པ་ལ་སོགས་པ་ལས་བདག་ཉིད་རྣམ་པར་སྦྱང་བར་བྱའོ་ཞེས་བྱ་བའི་བསམ་པ་བསྐྱེད་པར་བྱས་ན། ཚེ་དང་ཁ་དོག་ དང་། སྟོབས་དང་། གཟི་བརྗིད་དང་། ན་ཚོད་དང་། བརྩོན་འགྲུས་དང་། ནད་མེད་པ་དང་། དཔལ་དང་། སྐལ་བ་བཟང་པོ་དང་། ནོར་དང་། འབྲུ་དང་། དབང་ཕྱུག་དང་། ཕུན་སུམ་ཚོགས་པ་དང་། འཕེལ་བ་དང་། གྲུབ་པ་དང་། བློ་དང་། རྙེད་པ་དང་། དཔལ་མོ་དང་། མིང་དང་། སྒྲ་སྙན་པ་ དང་། གྲགས་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། མཆོག་གི་དངོས་གྲུབ་རྣམས་བསྒོམ་པར་བྱ་སྟེ་དེ་ལྟར་ན་དེ་དག་བསྒོམས་པས་གྲུབ་པར་འགྱུར་རོ། །ཇི་ལྟར་ལས་བརྒྱ་སྒྲུབ་པ་འདི་ལག་པ་གཡས་པའི་རྡོ་རྗེ་ཆོས་ཉིད་ཅེས་བྱ་བའི་འཇིག་རྟེན་དབང་ཕྱུག་གི་དམ་ཚིག་གི་ཕྱག་རྒྱ་བཅིངས་ ནས་བྱ་བར་བཤད་པ་དང་། དེ་བཞིན་དུ་ལག་པ་གཡོན་པས་ཀྱང་འདི་ཉིད་ཤེས་པར་བྱ་སྟེ་འདོད་པའི་གཟུགས་འཛིན་པའི་འཕགས་པ་ནམ་མཁའི་སྙིང་པོའི་རྣལ་འབྱོར་བྱས་ལ་རྡོ་རྗེ་རིན་ཆེན་དེ་ཉིད་བཅིངས་ནས་གཉིས་སུ་བྱས་ཏེ། ལག་པ་གཡས་པའི་རིན་པོ་ཆེའི་མྱུ་གུས་འཕགས་པ་ནམ་མཁའི་སྙིང་ པོའི་རྣལ་འབྱོར་ལས་གསུངས་པའི་ལས་བརྒྱ་སྔགས་འདིས་བསྒྲུབ་པར་བྱ་སྟེ། ཧེ་བཛྲ་ཀརྨྨ་ཨ་ཡུར་དང་སརྦ་ཀ་མན་མེ་ས་ད་ཡ་ཧོ་བྷ་ག་བཱན་བཛྲ་ཨ་ཀ་ཤ་སརྦ་པ་ཏྲ་ཏ་ཏྲཾ་ཞེས་བྱ་བའོ། །འདིས་ནི་འདི་ལྟར་འཆད་པར་འགྱུར་ཏེ། ལག་པ་གཡས་པས་ཇི་ལྟ་བ་བཞིན་དུ་བཤད་པའི་རིན་པོ་ཆེའི་མྱུ་གུ་བཅིངས་ལ་ 61-1-155a དེ་མཛོད་སྤུའི་ཕྱོགས་སུ་གཟུང་བར་བྱས་ན་འབྱོར་པ་ཐམས་ཅད་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱ་བ་དང་། ཚུར་དྲང་བ་དང་། བསགས་པ་དང་། ལེན་པ་དང་། ཀུན་དུ་འདྲེན་པ་དང་། ཚུར་ཁྱེར་བ་དང་། ཕར་གཏོང་བ་དང་། གཞིག་པ་དང་། གྱེན་དུ་གཏོར་བ་དང་། ཚུར་འཁོར་བ་དང་། ཀུན་དུ་བརྡེག་པ་དང་། སྦྱར་བ་དང་། རྙེད་པ་དང་། ཉོ་བ་དང་། འཚོང་བ་དང་། ཡང་དག་པར་འགྱེད་པ་དང་། དགོས་པ་ཉེ་བར་སྦྱོར་བ་དང་། བརྟན་པར་བྱེད་པ་དང་། རྡོ་རྗེར་བྱེད་པ་དང་། སྒྲུབ་པ་དང་། སྒྲུབ་པ་མཆོག་རྣམས་བསྒྲུབ་པར་བྱའོ། །དེ་བཞིན་དུ་བཅིངས་ནས་དཔྲལ་བའི་ཕྱོགས་སུ་གཟུང་ཞིང་ དཔལ་ཆེན་པོ་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱེད་པ་དང་། འཕྲོག་པ་དང་། ཉེ་བར་སོགས་པ་དང་། ལེན་པ་དང་། ཚུར་དྲང་བ་དང་། བསགས་པ་དང་། ལེན་པ་དང་། ཀུན་དུ་འདྲེན་པ་དང་། ཚུར་ཁྱེར་བ་དང་། ཕར་གཏོང་བ་དང་། གཞིག་པ་དང་། དོར་བ་དང་། གྱེན་དུ་ གཏོར་བ་དང་། ཀུན་དུ་བརྡེག་པ་དང་། སྦྱར་བ་དང་། རྙེད་པ་དང་། ཉོ་བ་དང་། འཚོང་བ་དང་། ཡང་དག་པར་འགྱེད་པ་དང་། དགོས་པ་ཉེ་བར་སྦྱོར་བ་དང་། བརྟན་པར་བྱེད་པ་དང་། རྡོ་རྗེར་བྱེད་པ་དང་། སྒྲུབ་པ་དང་། སྒྲུབ་པ་མཆོག་རྣམས་བསྒྲུབ་པར་བྱའོ། །སླར་ཡང་དེ་ཉིད་བཅིངས་ནས་ མཛོད་སྤུའི་ཕྱོགས་སུ་བཟུང་ན་ཕུན་སུམ་ཚོགས་པ་ཐམས་ཅད་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱེད་པ་དང་། འཕྲོག་པ་དང་། ཉེ་བར་སོགས་པ་དང་། ལེན་པ་དང་། ཚུར་དྲང་བ་དང་། བསགས་པ་དང་། ལེན་པ་དང་། ཀུན་དུ་འདྲེན་པ་དང་། ཚུར་ཁྱེར་བ་དང་། ཕར་ གཏོང་བ་དང་། གཞིག་པ་དང་། དོར་བ་དང་། གྱེན་དུ་གཏོར་བ་དང་། ཚུར་འཁོར་བ་དང་། ཀུན་དུ་བརྡེག་པ་དང་། སྦྱར་བ་དང་། རྙེད་པ་དང་། ཉོ་བ་དང་། འཚོང་བ་དང་། ཡང་དག་པར་འགྱེད་པ་དང་། དགོས་པ་ཉེ་བར་སྦྱོར་བ་དང་། བརྟན་པར་བྱེད་པ་དང་། རྡོ་རྗེར་བྱེད་པ་དང་། སྒྲུབ་པ་དང་། སྒྲུབ་ པ་མཆོག་རྣམས་བསྒྲུབ་པར་བྱའོ། །སླར་ཡང་དེ་ཉིད་བཅིངས་ནས་མཛོད་སྤུའི་ཕྱོགས་སུ་གཟུང་བར་བྱ་སྟེ་མཆོད་པ་ཐམས་ཅད་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱེད་པ་དང་། འཕྲོག་པ་དང་། ཉེ་བར་སོགས་པ་དང་། ལེན་པ་དང་། ཚུར་དྲང་བ་དང་། བསགས་པ་དང་། 61-1-155b ལེན་པ་དང་། ཀུན་དུ་འདྲེན་པ་དང་། ཚུར་ཁྱེར་བ་དང་། ཕར་གཏོང་བ་དང་། གཞིག་པ་དང་། དོར་བ་དང་། གྱེན་དུ་གཏོར་བ་དང་། ཚུར་འཁོར་བ་དང་། ཀུན་དུ་བརྡེག་པ་དང་། སྦྱར་བ་དང་། རྙེད་པ་དང་། ཉོ་བ་དང་། འཚོང་བ་དང་། ཡང་དག་པར་འགྱེད་པ་དང་། དགོས་པ་ཉེ་བར་སྦྱོར་བ་དང་། བརྟན་ པར་བྱེད་པ་དང་། རྡོ་རྗེར་བྱེད་པ་དང་། སྒྲུབ་པ་དང་། སྒྲུབ་པ་མཆོག་རྣམས་བསྒྲུབ་པར་བྱའོ། །ཇི་ལྟར་ལག་པ་གཡས་པའི་རྡོ་རྗེ་རིན་པོ་ཆེའི་མྱུ་གུས་འཕགས་པ་ནམ་མཁའི་སྙིང་པོའི་དཀྱིལ་འཁོར་ལས་གསུངས་པའི་ལས་བརྒྱ་པོ་འདི་སྒྲུབ་པ་ཡིན་པ་དེ་བཞིན་དུ་ལག་པ་གཡོན་པའི་རྡོ་རྗེ་རིན་པོ་ཆེའི་ མྱུ་གུས་ཀྱང་ལས་བརྒྱ་པོ་འདི་ཉིད་སྒྲུབ་པ་ཡིན་ནོ། །དེ་ལྟར་ན་ཚུལ་འདིས་ཇི་ལྟ་བ་བཞིན་དུ་དམ་ཚིག་གི་མཚན་མ་རྣམས་ཀྱི་ལག་པ་གཡས་པ་དང་གཡོན་པ་དག་གིས་རྡོ་རྗེ་ཆེན་པོའི་སྦྱོར་བ་ངེས་པར་སྦྱར་བས་རིགས་ཐམས་ཅད་དངོས་གྲུབ་ཐམས་ཅད་ཀྱི་ཕྱག་རྒྱ་ཆེན་པོ་སྟོང་འགྱུར་དུ་འགྱུར་རོ། ། དེ་ལྟར་ཕྱག་རྒྱ་ཆེན་པོའི་སྟོང་ཕྲག་དང་པོ་བསྟན་ནས། ད་ནི་དངོས་གྲུབ་ཐམས་ཅད་ཀྱི་ཕྱག་རྒྱ་ཆེན་པོའི་སྟོང་ཕྲག་གཉིས་པ་བསྟན་པར་བྱ་བའི་ཕྱིར། དེ་ལྟར་རང་གི་དམ་ཚིག་གི་ཕྱག་རྒྱ་བཅིང་བའི་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་པས་སོ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ ནས་གཉིས་སུ་བྱ་སྟེ། གཡས་པ་དང་གཡོན་པའི་ཁུ་ཚུར་དག་གིས་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལས་གསུངས་པ་དང་དེ་བཞིན་གཤེགས་པ་དང་། རྡོ་རྗེ་ཉི་མ་མེ་ལྟར་འབར་བ་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། འཕགས་པ་ནམ་མཁའི་སྙིང་པོའི་དཀྱིལ་ འཁོར་ལས་གསུངས་པ་འདས་མ་ཐག་ཏུ་བཤད་པའི་ཚུལ་གྱིས་ལས་ཉིས་བརྒྱ་པོ་འདི་ཉིད་བསྒྲུབ་པར་བྱ་སྟེ། འདི་ནི་དངོས་གྲུབ་ཐམས་ཅད་ཀྱི་ཕྱག་རྒྱ་ཆེན་པོའི་སྟོང་གཉིས་པ་ཡིན་ནོ། །དེ་ལྟར་སྟོང་གཉིས་པ་བསྟན་ནས། ད་ནི་གསུམ་པ་བསྟན་པར་བྱ་བའི་ཕྱིར་དེ་ལྟར་རང་གི་ཕྱག་མཚན་ གྱི་ཁུ་ཚུར་རྡོ་རྗེ་གར་ལས་བྱུང་བའི་ཕྱག་རྒྱ་སྟོང་དང་པོའི་ལས་ཀྱི་ཚོགས་བརྒྱ་སྒྲུབ་པར་བྱེད་པའི་རྡོ་རྗེའི་ལས་བྱེད་པ་གསུམ་པའོ་ཞེས་བྱ་བ་གསུངས་སོ། །འདིས་ནི་འདི་ལྟར་བཤད་པར་འགྱུར་ཏེ། ཇི་ལྟ་བ་བཞིན་དུ་གར་བྱས་ནས་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་གཡས་པའི་རྡོ་རྗེ་ཁུ་ཚུར་ 61-1-156a གྱིས་འདས་མ་ཐག་བཤད་པའི་ཚུལ་དུ་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལས་གསུངས་པའི་ལས་བརྒྱ་བསྒྲུབ་པར་བྱ་སྟེ། ལག་པ་གཡོན་པས་ཀྱང་དེ་བཞིན་ནོ། །དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་བཅིངས་ནས། ལག་པ་གཡས་པས་དེ་བཞིན་གཤེགས་པའི་ དཀྱིལ་འཁོར་ལས་གསུངས་པའི་ལས་བརྒྱ་བསྒྲུབ་པར་བྱ་སྟེ་གཡོན་པས་ཀྱང་དེ་བཞིན་ནོ། །ཁྲོ་བོའི་ཁུ་ཚུར་བཅིངས་ནས་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་དཀྱིལ་འཁོར་ལས་གསུངས་པའི་ལས་ཉིས་བརྒྱ་བསྒྲུབ་པར་བྱའོ། །པདྨའི་ཁུ་ཚུར་གཉིས་བཅིངས་ཏེ་འཕགས་པ་སྤྱན་རས་གཟིགས་ཀྱི་ དབང་ཕྱུག་གི་དཀྱིལ་འཁོར་ལས་གསུངས་པའི་ལས་ཉིས་བརྒྱ་བསྒྲུབ་པར་བྱའོ། །རིན་པོ་ཆེའི་ཁུ་ཚུར་གཉིས་བཅིངས་ནས་འཕགས་པ་ནམ་མཁའི་སྙིང་པོའི་དཀྱིལ་འཁོར་ལས་གསུངས་པའི་ལས་ཉིས་བརྒྱ་བསྒྲུབ་པར་བྱ་སྟེ། དེ་ལྟར་ན་ཚུལ་འདིས་གར་ལས་བྱུང་བའི་ཕྱག་རྒྱ་ སྟོང་གསུམ་པ་ཡིན་ནོ། །དེ་ལྟར་རང་གི་མཚན་མའི་ཁུ་ཚུར་གྱི་རྡོ་རྗེ་གར་ལས་བྱུང་བའི་སྟོང་གསུམ་པ་བསྟན་ནས། ལས་ཀྱི་ཕྱག་རྒྱ་སྟོང་བཞི་པ་བསྟན་པར་བྱ་བའི་ཕྱིར་དེ་ལྟར་ལག་པ་གཡས་པ་དང་གཡོན་པ་ཅིག་ཤོས་ཀྱིས་ལས་ཐམས་ཅད་རབ་ཏུ་སྒྲུབ་པར་བྱེད་པའི་ལས་ཀྱི་ཕྱག་ རྒྱ་སྟོང་བཞི་པོ་ཞེས་བྱ་བ་གསུངས་ཏེ། འདས་མ་ཐག་ཏུ་བཤད་པའི་ཚུལ་གྱིས་དཔལ་རྡོ་རྗེ་སེམས་དཔའ་དང་། དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། པདྨ་དང་། ནོར་བུའི་རིགས་ལས་གསུངས་པའི་ལས་རྣམས་བསྒྲུབ་པར་བྱ་སྟེ། དེ་བཞིན་དུ་ལག་པ་གཡོན་པས་ཀྱང་ངོ་། །དེས་ན་ ཚུལ་འདིས་ལས་ཀྱི་ཕྱག་རྒྱ་སྟོང་བཞི་པ་དང་པོའི་ལས་རབ་ཏུ་སྒྲུབ་པར་བྱེད་པ་ཡིན་ནོ། །དེ་ལྟར་མ་ལུས་པའི་ཕྱག་རྒྱ་བཅིང་བ་ནི་ལག་པ་གཅིག་གིས་ཕྱག་རྒྱ་ཐམས་ཅད་བཅིང་བ་རབ་ཏུ་སྒྲུབ་པའོ་ཞེས་བྱ་བ་ལ། དེ་ལྟར་འདས་མ་ཐག་ཏུ་བཤད་པའི་ཚུལ་གྱིས་འདོད་ཆགས་རྡོ་རྗེ་མ་ལ་སོགས་པ་ ནས་རྡོ་རྗེ་དྲིལ་བུ་མའི་མཐར་ཐུག་པ་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱ་ཐམས་ཅད་བཅིངས་པ་གང་ཡིན་པ་མ་ལུས་པའི་ཕྱག་རྒྱ་བཅིངས་པས་ཏེ་གཡས་པ་དང་གཡོན་པའི་ལག་པ་གཅིག་གིས་ཕྱག་རྒྱ་བཅིང་བ་རབ་ཏུ་གྲུབ་པ་ནི་རྫོགས་པའོ། །འདིས་ནི་འདི་ལྟར་བཤད་པར་འགྱུར་ཏེ། འདོད་ཆགས་ 61-1-156b རྡོ་རྗེ་མའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས་གཉིས་སུ་བྱ་སྟེ། ལག་པ་གཡས་པའི་འདོད་ཆགས་རྡོ་རྗེ་མའི་དམ་ཚིག་གི་ཕྱག་རྒྱས་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལས་གསུངས་པའི་ལས་བརྒྱ་དང་། ལག་པ་གཡོན་པའི་འདོད་ཆགས་རྡོ་རྗེ་མའི་དམ་ཚིག་གི་ཕྱག་རྒྱས་དེ་ཉིད་ཀྱི་སྙིང་ པོ་བརྗོད་ཅིང་བསྒྲུབ་པར་བྱ་སྟེ། དེ་ལྟར་ཇི་སྲིད་ལྷ་མོ་རྡོ་རྗེ་དྲིལ་བུ་མའི་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་ཀྱི་སྙིང་པོས་ལས་ཉིས་བརྒྱ་པོ་དེ་ཉིད་བསྒྲུབ་པར་བྱ་བ་ཡིན་ནོ། །དེ་ལྟར་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ནས་གཉིས་སུ་བྱས་ལ་འདོད་ཆགས་རྡོ་རྗེ་མ་ལ་སོགས་པའི་སྙིང་པོ་རྣམས་བརྗོད་ཅིང་རང་གི་ རིགས་ཀྱི་ལས་བརྒྱ་ལག་པ་གཡས་པ་དང་གཡོན་པ་དག་གིས་བསྒྲུབ་པར་བྱའོ། །དེ་ལྟར་ན་མཚན་མ་དང་། རྡོ་རྗེ་ཁུ་ཚུར་ལས་བྱུང་བའི་འདོད་ཆགས་རྡོ་རྗེ་མ་ལ་སོགས་པའི་སྙིང་པོས་རང་གི་རིགས་ཀྱི་ལས་བརྒྱ་དག་ལག་པ་གཡས་པ་དང་གཡོན་པ་དག་གིས་བསྒྲུབ་པར་བྱའོ། །དེ་ལྟར་ ལག་པ་གཡས་པ་དང་གཡོན་པའི་ཅིག་ཤོས་ཀྱི་རང་གི་རིགས་ཀྱི་ལས་བརྒྱ་འདོད་ཆགས་རྡོ་རྗེ་མ་ལ་སོགས་པའི་སྙིང་པོ་བརྗོད་ཅིང་བསྒྲུབ་པར་བྱ་བ་ཡིན་ཏེ་བཅོམ་ལྡན་འདས་ཀྱིས་འདི་ནི་འདི་ལྟར་གསུངས་པ་ཡིན་ཏེ་སྒོམ་པ་ཁོ་ན་གཙོ་བོར་གྱུར་པ་ཡིན་གྱི་ཕྱག་རྒྱ་ནི་མ་ཡིན་ཏེ། དེའི་ཕྱིར་ རྣལ་འབྱོར་གྱི་རྒྱུད་འདིར་སྒོམ་པ་ཁོ་ན་ལ་འབད་པར་བྱ་བ་ཡིན་གྱི། ཕྱག་རྒྱ་བཅིང་བ་ལ་ནི་མ་ཡིན་ནོ་ཞེས་བྱ་བའོ། །དེ་ལྟར་ཞེས་བྱ་བ་ལ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འཁོར་ལོས་བསྡུས་པའི་དཀྱིལ་འཁོར་རོ། །དམ་ཚིག་གི་ལས་ནི་ཕྱག་རྒྱའི་ལས་དང་བཅས་པར་བཅོམ་ལྡན་འདས་ རྡོ་རྗེ་སེམས་དཔར་བསྒྲུབ་སྟེ་ཏིང་ངེ་འཛིན་གྱིས་རྫོགས་པར་མཛད་པའོ། །བསྡུས་པའི་དཀྱིལ་འཁོར་ཉིད་རྟེན་དང་བརྟེན་པའི་འཁོར་ལོའོ། །ཀུན་མཆོག་དབང་ཕྱུག་ཆེན་པོ་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བ་དམ་པའི་དངོས་གྲུབ་ཀྱི་ ཕྱིར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་རྟེན་དང་བརྟེན་པའི་ཚུལ་གྱིས་རང་བཞིན་གྱི་རྡོ་རྗེ་འཆང་ཆེན་པོ་ཕྱག་རྒྱ་ཆེན་པོའི་ལས་དང་བཅས་པར་སྤྲུལ་པར་མཛད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བསྡུས་པའི་དཀྱིལ་འཁོར་གྱི་བཤད་པ་རྫོགས་སོ།། །།དེ་ལྟར་ཞེས་བྱ་བ་ལ་དེ་ལྟར་ནི་ 61-1-157a འདི་ལྟར་རོ། །གསང་བ་ནི་སྐྱེ་བོ་ཐམས་ཅད་ཀྱིས་མངོན་སུམ་དུ་མ་གྱུར་པའོ། །རྒྱ་ཆེ་བ་ནི་ནམ་མཁའི་ཁམས་ཐམས་ཅད་སྤྲོས་ནས་གནས་པའོ། །རྨད་དུ་བྱུང་བ་ནི་གཞན་དག་ལ་སྔོན་ཆད་མ་བྱུང་པའོ། །མཆོག་ནི་དམ་པའོ། །འགྲོ་བ་ཀུན་རྣམ་པར་སྦྱོང་བ་ཞེས་བྱ་བ་ནི་རྡོ་ རྗེ་སེམས་དཔའ་ལ་སོགས་པའི་སྐུས་སེམས་ཅན་གྱི་ཁམས་ཁྱབ་པ་ཐམས་ཅད་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཏིང་ངེ་འཛིན་རྫོགས་པར་བྱེད་པའོ། །དཔལ་མཆོག་དང་པོ་ཞེས་བྱ་བ་ནི་ཇི་ལྟ་བ་བཞིན་དུ་བཤད་པའོ། །བླ་ན་མེད་པ་ཉིད་ཀྱི་ཕྱིར་བླ་ན་མེད་པའི་བླ་མའོ། །གསལ་བའི་ རྒྱུད་ཅེས་བྱ་བ་ནི་རྒྱུད་ཤིན་ཏུ་གསལ་བའོ། །བདག་གིས་ཡང་དག་པར་བཤད་ཅེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་ཡང་དག་པར་བསྟན་པ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །དཔལ་མཆོག་དང་པོའི་རྒྱ་ཆེར་བཤད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བ་ཞེས་བྱ་བ་ལས་རིགས་ཐམས་ ཅད་ཀྱི་ཕྱག་རྒྱའི་རྒྱུད་ཀྱི་བཤད་པ་རྫོགས་སོ།། །།དེ་ལྟར་རྟོག་པ་ཐམས་ཅད་ཀྱི་རྒྱུད་ཕྱི་མ་རྩ་བའི་རྒྱུད་རིགས་ཐམས་ཅད་ཀྱི་ཕྱག་རྒྱའི་རྒྱུད་བསྟན་ནས་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཀྱི་སྒྲ་ནི་སྐབས་སུ་བབ་པའོ། །རྡོ་རྗེ་འཆང་ནི་རྡོ་རྗེ་སེམས་དཔའོ། །སྟོན་པར་ མཛད་པ་ནི་སྟོན་པའོ། །གསང་བ་ཀུན་གྱི་བདག་པོ་ཞེས་བྱ་བ་ནི། རིགས་ལྔའི་གསང་བའི་དཀྱིལ་འཁོར་རྣམས་ཀྱི་བདག་པོའོ། །བརྟན་པ་ཞེས་བྱ་བ་ནི་རྟག་པའོ། །དེ་ཉིད་ཀྱི་ཕྱག་རྒྱ་ཞེས་བྱ་བ་ནི་གསང་བའི་དཀྱིལ་འཁོར་གྱི་ཕྱག་རྒྱ་རྣམས་རིགས་ལྔའི་སྐུའི་གསང་བའི་རང་བཞིན་ཅན་ ནོ། །དེ་རྣམས་ཀྱི་རྒྱུད་ཀྱང་ཡིན་ལ་ཆེན་པོ་ཡང་དེ་ཡིན་པས་རྒྱུད་ཆེན་པོ་སྟེ་དེ་ཁོ་ན་ཉིད་ཀྱི་ཕྱག་རྒྱའི་རྒྱུད་ཆེན་པོའོ། །མཚོན་ཆ་ཡང་ཡིན་ལ་མཆོག་ཀྱང་དེ་ཉིད་ཡིན་པས་ན་མཚོན་ཆ་མཆོག་སྟེ། མཆོག་གི་མཆོག་ཏུ་གྱུར་པའི་ཤེས་རབ་དང་ཐབས་ཀྱི་མདའ་ཞེས་བྱ་བའི་དོན་ཏོ། །འདི་ཞེས་ བྱ་བ་ནི་ཐུགས་ལ་གནས་པས་ཏེ་འོག་ནས་འཆད་པར་འགྱུར་བའོ། །གསུངས་སོ་ཞེས་བྱ་བ་ནི་སྤྲུལ་པར་མཛད་པའོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཀྱི་སྒྲ་ནི་སྔ་མ་བཞིན་ནོ། །བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་དངོས་གྲུབ་ཀྱི་གསང་བ་རྗེས་སུ་བཤད་པར་བྱའོ་ཞེས་པ་དང་སྦྱར་རོ། །རྟོག་ 61-1-157b པ་ཡིན་ལ་ཐམས་ཅད་ཀྱང་དེ་ཉིད་ཡིན་པས་ན་རྟོག་པ་ཐམས་ཅད་དེ། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ནས་འཕགས་པ་ནམ་མཁའི་སྙིང་པོའི་མཐར་ཐུག་པའི་བར་གྱི་གསང་བའི་དཀྱིལ་འཁོར་གྱི་རྟོག་པ་རྣམས་སོ། །དེ་དག་གི་ཆོ་ག་ནི་རྒྱུན་ནོ། །མཆོག་ནི་དམ་པའོ། །མཁས་པ་ནི་ཉོན་མོངས་ པ་དང་ཉེ་བའི་ཉོན་མོངས་པས་མི་ཐུབ་པའོ། །ཕྲ་བ་ཞེས་བྱ་བ་ནི་སོ་སོར་ངེས་པས་འབིགས་པར་བྱེད་པའི་ཤེས་རབ་སྟོན་པར་བྱེད་པའོ། །རྒྱ་ཆེ་བ་ནི་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པར་བྱེད་པའོ། །ཟབ་མོ་ནི་རྒྱ་མཚོ་ཆེན་པོ་ལྟར་འཇུག་པར་དཀའ་བའོ། །བསམ་དུ་མེད་པས་ན་བསམ་གྱིས་མི་ ཁྱབ་པའོ། །ནམ་མཁའ་བཞིན་དུ་མཐའ་ཡས་པས་ན་ཚད་མེད་པའོ། །ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་མུན་པ་དང་བྲལ་བས་ན་གསལ་བའོ། །མཚུངས་པ་མེད་པས་ན་མི་མཉམ་པའོ། །བླ་ན་མེད་པའི་བླ་མ་མཐར་ཐུག་པ་མེད་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་གྲུབ་ཀྱི་དོན་ དུ་གསང་བས་ན་བླ་ན་མེད་པའི་བླ་མ་མཐར་ཐུག་པ་མེད་པའི་དངོས་གྲུབ་ཀྱི་གསང་བའོ། །རྟོག་པ་ཐམས་ཅད་ཀྱི་ཚོགས་ཀྱང་ཡིན་ལ་མཆོག་དང་མཁས་པ་དང་ཕྲ་བ་དང་རྒྱ་ཆེ་བ་དང་ཟབ་མོ་དང་བསམ་གྱིས་མི་ཁྱབ་པ་དང་ཚད་མེད་པ་དང་གསལ་བ་དང་མཉམ་པ་མེད་པ་དང་། བླ་ན་མེད་པའི་བླ་མ་མཐར་ཐུག་པ་མེད་ པའི་དངོས་གྲུབ་ཀྱི་གསང་བ་རྣམས་ཀྱང་དེ་ཉིད་ཡིན་པས་ན་རྟོག་པ་ཐམས་ཅད་དུ་མཆོག་ཏུ་མཁས་ཤིང་ཕྲ་བ་རྒྱ་ཆེ་བ་ཟབ་མོ་བསམ་གྱིས་མི་ཁྱབ་པ་ཚད་མེད་པ་གསལ་བ་མཉམ་པ་མེད་པ་བླ་ན་མེད་པའི་མཐར་ཐུག་པ་མེད་པའི་དངོས་གྲུབ་ཀྱི་གསང་བས་ཏེ། རྡོ་རྗེ་སྤྱན་ལ་སོགས་པའི་ཕྱག་རྒྱའི་གཟུགས་སྒྲུབ་ པའི་མཆོག་ཏུ་གསང་བ་ཞེས་བྱ་བའོ། །མ་ལུས་ཤིང་ལུས་པ་མེད་པའི་དངོས་གྲུབ་ཐམས་ཅད་ཅེས་བྱ་བ་ནི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་གསང་བའི་དཀྱིལ་འཁོར་གྱི་དངོས་གྲུབ་ཐམས་ཅད་ཀྱི་ལས་རྣམས་སྒྲུབ་པ་ལ་གདོན་མི་ཟ་ཞིང་ཐོགས་པ་མེད་པ་སྒྲུབ་པ་གང་ཡིན་པ་དེ་རྗེས་སུ་བཤད་པར་བྱ་ བ་ནི་བརྗོད་པར་བྱ་སྟེ། བཅོམ་ལྡན་འདས་མཆོག་ཏུ་གསང་བའི་ལྷ་མོ་བཞི་ཕྲེང་གི་དབུས་ན་བཞུགས་པའི་དཔལ་རྡོ་རྗེ་སེམས་དཔས་གསུངས་སོ། །མ་མཆུ་ཞེས་བྱ་བ་ལ་སོགས་པ་ལ་ཇི་ལྟ་བ་བཞིན་དུ་ལྷའི་རྣལ་འབྱོར་བྱས་ནས་སྒེག་མོའི་དགའ་བའི་རྡོ་རྗེ་མའི་ཕྱག་རྒྱའི་མཐར་ཐུག་པའི་ཆོ་ག་ 61-1-158a ཐམས་ཅད་རྗེས་སུ་སྤྱད་ནས་དེ་ཁོ་ན་ཉིད་དང་། ཆོས་དང་དམ་ཚིག་བླངས་ལ་བཅོམ་ལྡན་འདས་མདུན་དུ་བཞག་སྟེ། རང་གི་མ་མཆུ་ནང་དུ་བཅུག་ནས་སོ་རྣམས་གཟུང་བར་བྱ་སྟེ། འཛུམ་པ་དང་བཅས་པའི་རྣལ་འབྱོར་པས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་མཆུ་ཡིད་ཀྱིས་ གཟུང་བར་བྱས་ལ་དགའ་བ་ཆེན་པོས་དང་པོའི་རྡོ་རྗེའི་ལྟ་བས་བལྟ་ཞིང་ཞེས་བྱ་བ་ནི་ཤིན་ཏུ་ཆགས་ཤིང་རབ་ཏུ་དགའ་བས་ཕྱེ་བའི་ལྟ་བ་ནི་དང་པོའི་རྡོ་རྗེའི་ལྟ་བས་ཏེ། དང་པོའི་རྡོ་རྗེ་ལྟ་བའི་བྱེད་པར་གྱུར་པ་དེ་ཉིད་ཀྱིས་འདོད་པའི་དངོས་གྲུབ་སྒྲུབ་པའི་ཚུལ་རྣམས་ནི་བྱེད་པས་ཏེ་དེ་དག་གིས་མ་ལུས་ཤིང་ལུས་པ་མེད་པའི་དངོས་ གྲུབ་ཐམས་ཅད་ཀྱི་ལས་ཀྱི་ཚོགས་རྣམས་སྒྲུབ་པར་བྱེད་པ་ཡིན་ནོ། །དེ་ལ་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་རྣམས་ནི་དངོས་གྲུབ་ཐམས་ཅད་དོ། །འོག་ནས་འཆད་པར་འགྱུར་བའི་ལས་སྟོང་དང་བརྒྱ་ལྷག་པ་དེ་ལས་ཀྱི་ཚོགས་ཏེ་དེ་དག་སྒྲུབ་པར་བྱེད་པའོ། །བདེ་བ་ཆེན་པོ་གསང་བ་ཆེན་པོའི་རྡོ་རྗེ་ ཞེས་བྱ་བ་ལ་འདས་མ་ཐག་ཏུ་བཤད་པའི་ལྟ་བ་ཕྱག་རྒྱ་གང་ཡིན་པ་དེ་ནི་བཅོམ་ལྡན་འདས་བདེ་བ་ཆེན་པོའི་རྡོ་རྗེ་སེམས་དཔའི་གསང་བ་ཆེན་པོའི་རྡོ་རྗེའོ། །འདིའི་མིང་བསྟན་པར་བྱ་བའི་ཕྱིར་རྡོ་རྗེ་སྤྱན་ཞེས་བྱ་བའི་ཕྱག་རྒྱའོ་ཞེས་བྱ་བ་གསུངས་ཏེ། དེ་ལྟར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ལྟ་བའི་ ཕྱག་རྒྱ་ཐམས་ཅད་སྒྲུབ་པར་བྱེད་པ་བསྟན་ནས་ད་ནི་དེ་བཞིན་གཤེགས་པ་བསྟན་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། །ཐམས་ཅད་ཁྱབ་པའི་བཞིན་འཛུམ་པ་ནི་བཞད་པའི་རྣལ་ འབྱོར་པ་བཞད་པ་ཆེན་པོ་དེས་དགོད་ཅིང་ཙུམ་པ་བྱེད་པ་བསྟན་པའི་རྡོ་རྗེའི་ལྟ་བས་འདོམ་གང་ཙམ་དུ་བལྟ་ཞིང་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དེ་བཞིན་གཤེགས་པའི་དངོས་གྲུབ་ཀྱི་ཚུལ་བྱ་སྟེ། དེ་ལྟར་མངོན་པར་རྫོགས་པའི་བྱང་ཆུབ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་རྣམས་ སྒྲུབ་པར་བྱེད་པ་ཡིན་ནོ། །ལྟ་བའི་ཕྱག་རྒྱ་འདིའི་མིང་བསྟན་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱན་ཞེས་བྱ་བའི་ཕྱག་རྒྱའོ་ཞེས་བྱ་བ་གསུངས་སོ། །དེ་ལྟར་ལྟ་བའི་ཕྱག་རྒྱ་བསྟན་ནས། ད་ནི་ཁྲོ་གཉེར་དང་བཅས་པ་ཞེས་བྱ་བ་ལ་སོགས་པའི་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་ 61-1-158b གསུངས་པ་ཡིན་ཏེ་ཁྲོ་གཉེར་དང་བཅས་པའི་རྡོ་རྗེ་ཁྲོ་བོའི་ལྟ་བ་ནི་ཁྲོ་གཉེར་དང་བཅས་པའི་ཁྲོ་བོའི་རྡོ་རྗེའི་ལྟ་བས་ཏེ། ཁྲོས་པའི་མིག་བཙུམས་པའི་མཚན་ཉིད་ཅན་ནོ། །དེའི་བྱེད་པ་རྣམས་ནི་མངོན་པར་འདོད་པའི་ཚུལ་ཏེ། དེ་དང་བཅས་པར་སྣའི་དབུགས་ཡི་གེ་ཧཱུཾ་བྱེད་པར་གྱུར་པས། རྡོ་རྗེ་ ཐམས་ཅད་ཀྱི་དངོས་གྲུབ་རྣམས་རྣལ་འབྱོར་པས་སྒྲུབ་པར་བྱེད་པ་ཡིན་ནོ། །ལྟ་བའི་ཕྱག་རྒྱ་འདི་ཉིད་ཀྱི་མིང་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་ཉི་མ་མེ་ལྟར་འབར་བ་ཆེན་པོའི་ལྟ་བའི་སྤྱན་ཞེས་བྱ་བའི་ཕྱག་རྒྱའོ་ཞེས་བྱ་བ་གསུངས་སོ། །དེ་ལྟར་རྡོ་རྗེའི་རིགས་ཀྱི་ལྟ་བའི་ཕྱག་རྒྱ་བསྟན་ནས་ད་ནི་ པདྨའི་རིགས་ཀྱི་བསྟན་པར་བྱ་བའི་ཕྱིར། བདེ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཏིང་ངེ་འཛིན་ལས་བྱུང་བའི་བདེ་བ་ནི་འདིར་བདེ་བ་སྟེ། དེས་སྤྱན་ཅུང་ཞིག་ཕྱེ་བ་ནི་རྒྱས་པའོ། །འདིས་མངོན་པར་འདོད་པའི་དངོས་གྲུབ་ཐམས་ཅད་ཀྱི་ལས་ཐུགས་ཀྱིས་མངོན་དུ་གྱུར་པའི་ཡེ་ཤེས་ཀྱི་རྡོ་རྗེའི་ལྟ་ བས་ཕྱེ་བ་རྣམས་གང་ཡིན་པ་དེ་དག་དང་བཅས་པས་མཆུ་མཉམ་པའི་ཏིང་ངེ་འཛིན་རྡོ་རྗེ་ལ་སོགས་པའི་རང་བཞིན་གྱི་འཇིག་རྟེན་དབང་ཕྱུག་གི་དངོས་གྲུབ་ཐམས་ཅད་ཀྱི་ལས་ཚོགས་རྣལ་འབྱོར་པས་སྒྲུབ་པར་བྱེད་པ་ཡིན་ནོ། །དེའི་མིང་བསྟན་པར་བྱ་བའི་ཕྱིར་པདྨ་ཆེན་པོའི་སྤྱན་གྱི་ཕྱག་རྒྱའོ་ཞེས་ བྱ་བ་གསུངས་སོ། །དེ་ལྟར་པདྨའི་རིགས་ཀྱི་ལྟ་བའི་ཕྱག་རྒྱ་བསྟན་ནས་ད་ནི་ནོར་བུའི་རིགས་ཀྱི་བསྟན་པར་བྱ་བའི་ཕྱིར་བསྙེམས་པ་དང་བཅས་པའི་འཛིན་པ་ཉིད་ཀྱིས་ཞེས་བྱ་བ་གསུངས་ཏེ། ནོར་བུའི་རིགས་ཀྱི་ལྷའི་ང་རྒྱལ་སྒོམ་པ་ནི་བསྙེམས་པའོ། །བསྙེམས་པ་དང་བཅས་པས་གཟུང་བས་ཏེ་བྱེད་པ་སྐྱེད་ པའོ། །དེའི་དངོས་པོ་ནི་བསྙེམས་པ་དང་བཅས་པའི་འཛིན་པ་ཉིད་དོ། །དེ་དང་བཅས་པར་ཕྲ་བར་འཛུམ་པའི་ལྟ་བ་གང་ཡིན་པ་དེའི་བྱེད་པར་གྱུར་པ་དེས་བྱེད་པ་རྣམས་ནི་ཡིད་ཀྱིས་འདོད་པའི་དངོས་གྲུབ་ཀྱི་ཚུལ་རྣམས་ཏེ་དེ་དག་གིས་བཞིན་ཅུང་ཟད་འཛུམ་པའི་རྣལ་འབྱོར་པས་ནམ་མཁའ་སྟེ། འཕགས་པ་ནམ་ མཁའི་སྙིང་པོ་ལས་བཅོམ་ལྡན་འདས་འཕགས་པ་ནམ་མཁའི་སྙིང་པོའི་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི་ཚོགས་སྒྲུབ་པ་ཡིན་ནོ། །ལྟ་བའི་ཕྱག་རྒྱ་འདི་ཉིད་ཀྱི་མིང་བསྟན་པར་བྱ་བའི་ཕྱིར་རྡོ་རྗེ་ཆེན་པོ་ནོར་བུའི་སྤྱན་ཞེས་བྱ་བའི་ཕྱག་རྒྱའོ་ཞེས་བྱ་བ་གསུངས་སོ། །དེ་ལྟར་ལྟ་བའི་ཕྱག་རྒྱ་རྣམ་པ་ལྔ་བསྟན་ 61-1-159a ནས་ད་ནི་དེ་རྣམས་ཀྱི་ནུས་པ་བསྟན་པར་བྱ་བའི་ཕྱིར་དོན་ཡོད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན་ཡོད་པ་ནི་དོན་ཡོད་ཅིང་ཐོགས་པ་མེད་པའོ། །རྫོགས་པས་ན་གྲུབ་པའོ། །གཞུག་པར་མི་ནུས་པས་ན་འཇིགས་པ་མེད་པའོ། །དེ་གང་གིས་ཤེ་ན། བསྟན་པའི་བདག་ཉིད་ཅེས་ བྱ་བ་གསུངས་ཏེ། རྡོ་རྗེའི་སྐུ་མངའ་བའི་སངས་རྒྱས་ཐམས་ཅད་རྡོ་རྗེ་འཆང་ཆེན་པོ་དག་གིས་ཀྱང་ངོ་། །གསང་བའི་ཕྱག་རྒྱ་འདི་དག་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་དགེ་བ་རྣམས་སྩོལ་བས་ན་དངོས་གྲུབ་དགེ་བ་སྩོལ་བའོ། །དཀྱིལ་འཁོར་དུ་མ་ཞུགས་པ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། ། དེ་ནས་དེའི་ཕྱིར་ཞེས་བྱ་བ་ལ་སྔར་བཤད་པའི་སྒྲུབ་པོས་རྣལ་འབྱོར་མ་གྲུབ་ན་དེ་མ་ཐག་ཏུ་འཛུམ་པའི་ཕྱག་རྒྱས་བཅོམ་ལྡན་འདས་མ་བདག་ཉིད་ལ་རྒྱས་བཏབ་ན་ངེས་པར་འགྲུབ་པར་འགྱུར་རོ། །རྒྱུ་དེའི་ཕྱིར་མཆོག་དང་པོའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་མཆོག་དང་པོ་ཐོག་མ་དང་ཐ་མ་མེད་ པའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ་ཞེས་བྱ་བ་དང་སྦྱར་རོ། །དེ་ཡང་ཇི་ལྟ་བུ་ཡིན་ཞེ་ན། མཁས་པ་ལས་ཀྱང་མཁས་པས་ན་ཤིན་ཏུ་མཁས་པའོ། །ཕྲ་ཞིང་རྒྱ་ཆེ་བ་དང་ཟབ་ཅིང་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ནི་བཤད་ཟིན་ཏོ། །མཆོག་དང་པོ་ཞེས་བྱ་བ་ནི་སྔར་བཤད་ པའི་མཆོག་དང་པོའོ། །ལས་ཀྱང་དམ་པ་ཡིན་པས་ན་མཆོག་གི་མཆོག་དང་པོའོ། །ནིའི་སྒྲ་ནི་ངེས་པར་གཟུང་བ་ལ་སྟེ་མཆོག་དང་པོ་ལས་ཀྱང་མཆོག་ཁོ་ན་ཡིན་ནོ། །མཆོག་ཏུ་གསང་བ་ནི་སྔར་བཤད་པའི་གསང་བ་ལས་ཀྱང་གསང་བའོ། །ཕུལ་དུ་བྱུང་བས་ན་དམ་པའོ། །དེ་གང་ཡིན་ཞེ་ ན། འཛུམ་པའི་ཕྱག་རྒྱ་ལ་སོགས་ཚོགས། །ཞེས་བྱ་བ་ལ་འཛུམ་པའི་ཕྱག་རྒྱའི་ཚོགས་འདིས་ཅི་ཞིག་བྱ། གང་གི་ཕྱིར་འདིའི་ཁྱད་པར་དུ་བསྟན་པ་ཡིན་ཞེ་ན། རྡོ་རྗེ་འཆང་ཆེན་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་དང་ལྡན་པའི་སློབ་དཔོན་ནི་རྡོ་རྗེ་འཆང་ཆེན་པོའི་སློབ་ དཔོན་ནོ། །མཆོག་དང་པོ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའོ། །དེ་རབ་ཏུ་དགྱེས་པ་ནི་ཐུགས་བདེ་བས་ཏེ་དེ་སྟོན་པར་བྱེད་པའི་འཛུམ་པའི་ཕྱག་རྒྱ་ནི་མཆོག་དང་པོ་རབ་ཏུ་དགྱེས་པའོ། །མཆོག་དང་པོ་རབ་ཏུ་དགྱེས་པ་དེས་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཐམས་ཅད་མྱུར་དུ་བསྒྲུབ་པར་བྱ་བ་ 61-1-159b ནི་རྫོགས་པར་བྱ་བའོ། །སྙིང་པོ་ལ་སོགས་པ་རྣམས་མེད་ཀྱང་ཞེས་བྱ་བ་ལ་ཀྱང་གི་སྒྲ་ནི་སྙིང་པོ་ལ་སོགས་པ་རྣམས་ཀྱིས་ནི་ཤིན་ཏུ་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་བསྟན་ཏོ། །སྙིང་པོ་དང་ཕྱག་རྒྱ་དང་སྔགས་དང་རིག་པ་རྣམས་བཤད་ཟིན་ཏོ། །དེ་རྣམས་སྒྲུབ་པ་ན་རྫོགས་པའི་རྒྱུ་འོག་ནས་འཆད་པར་འགྱུར་བའི་ འཛུམ་པའི་ཕྱག་རྒྱའི་རང་བཞིན་ཅན་རྨད་དུ་བྱུང་བ་ནི་ངོ་མཚར་བར་བྱེད་པའོ། །དེ་ཅིའི་ཕྱིར་ཞེ་ན། དངོས་གྲུབ་ཐམས་ཅད་རབ་སྒྲུབ་པས། །མ་གྲུབ་རྣམས་ཀྱང་གྲུབ་པར་འགྱུར། །བྱེད་པར་གྱུར་པ་དེ་རྣམས་ཡིན་པས་རྒྱུ་དེའི་ཕྱིར་སྔར་བཤད་པའི་སྒྲུབ་པས་བསྒྲུབ་པ་གང་གྲུབ་པར་མ་གྱུར་པ་དང་། བསོད་ནམས་ མེད་པ་དང་། ཕྱིའི་ཡོ་བྱད་ཀྱི་ཕུན་སུམ་ཚོགས་པ་མེད་པའི་སྒྲུབ་པའོ། །དེ་འཛུམ་པའི་ཕྱག་རྒྱ་བདག་ཉིད་དམ་མདུན་དུ་བཞག་པའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་རབ་ཏུ་བསྒྲུབས་ན་མྱུར་བ་ཉིད་དུ་འགྲུབ་པར་འགྱུར་རོ། །དུས་གང་ལ་རྣལ་འབྱོར་པས་བདག་ཉིད་དམ་རྡོ་རྗེ་སེམས་དཔའ་རབ་ཏུ་ བསྒྲུབས་ན་མྱུར་དུ་འགྲུབ་པར་འགྱུར་ཞེ་ན། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ལ་གལ་ཏེ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་མཆོག་ཕུལ་དུ་བྱུང་བ་སྒྲུབ་པ་པོས་སྙིང་པོ་དང་ཕྱག་རྒྱ་དང་སྔགས་དང་རིག་པ་རྣམས་ཉེ་བའི་སྙིང་པོས་རབ་ཏུ་བསྒྲུབས་ཀྱང་གྲུབ་པར་མ་གྱུར་ན། དེའི་ཚེ་ སྒྲུབ་པ་པོས་འཛུམ་པའི་ཕྱག་རྒྱས་བཅོམ་ལྡན་འདས་བསྒྲུབ་པར་བྱའོ། །གང་གི་ཕྱིར་འཛུམ་པའི་ཕྱག་རྒྱ་འདིས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་རང་རིག་པའི་ཚུལ་གྱིས་རང་གི་གསང་བའི་བཙུན་མོ་སྟེ། རྡོ་རྗེ་སེམས་དཔའ་དང་འདོད་ཆགས་རྡོ་རྗེ་མ་ལ་སོགས་པའི་རང་བཞིན་ཅན་གྱི་ ཆགས་པ་ཐམས་ཅད་ཀྱི་སྒྲུབ་པའོ། །དགའ་བར་བྱེད་པས་ན་ཆགས་པ་ཐམས་ཅད་ཀྱིས་རབ་ཏུ་དགའ་བར་བྱེད་པའོ། །རྡོ་རྗེ་སེམས་དཔའི་དགའ་བ་གང་ཡིན་པ་དེས་སྒྲུབ་པ་པོ་གྲུབ་པར་འགྱུར་རོ། །དེ་ཉིད་ཆེན་པོ་ཞེས་བྱ་བ་ནི་འཛུམ་པའི་ཕྱག་རྒྱའི་རང་བཞིན་ཅན་གྱི་དེ་ཁོ་ན་ཉིད་ཆེན་པོ་ འདི་གྲུབ་པ་ནི་རྫོགས་པའོ། །མཆོག་ནི་དམ་པའོ། །མཆོག་གི་དེ་ཉིད་ནི་རྡོ་རྗེ་སེམས་དཔའོ། །སྐྱེ་བོ་ཐམས་ཅད་ཀྱི་ཐུན་མོང་མ་ཡིན་པས་གསང་བའོ། །མཆོག་ཏུ་བསོད་ནམས་མི་ལྡན་པའི། །སོ་སོ་སྐྱེ་བོ་ལ་བརྗོད་མིན། །ཞེས་བྱ་བ་ནི་བཤད་ཟིན་ཏོ། །རང་གི་བདག་ཉིད་བྱིན་ 61-1-160a གྱིས་བརླབ་པ་ནི་རང་ལ་བྱིན་གྱིས་བརླབ་པ་སྟེ་རང་གི་ཡིད་བདེ་བའི་ནུས་པ་གང་ཡིན་པ་དེས་རྣལ་འབྱོར་པ་གྲུབ་པར་འགྱུར་རོ། །ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དང་བྲལ་བས་ན་དགའ་བའོ། །མཆོག་ཏུ་གསང་བའི་ཕྱི་མ་ལས་ཀྱང་། དམ་པ་དཔལ་རང་གི་དམ་ཚིག་ ཅེས་བྱ་བ་ནི་གསང་བའི་ལྷ་མོ་བཞི་ཕྲེང་གི་དབུས་ན་བཞུགས་པའི་དཔལ་རྡོ་རྗེ་སེམས་དཔའོ། །དེའི་བླ་ན་མེད་པའི་མཆོག་ཏུ་གསང་བའི་ཕྱག་རྒྱ་ནི་འཛུམ་པའི་ཕྱག་རྒྱའོ། །དེའི་ཆོ་ག་ནི་བསྒོམ་པ་བརྟན་པ་ཡིན་ནོ། །དེ་ལྟར་ཐམས་ཅད་སྒྲུབ་པར་བྱེད་པའི་འཛུམ་པའི་ཕྱག་རྒྱ་བསྟན་ནས། ད་ནི་ ལས་ཐམས་ཅད་སྒྲུབ་པར་བྱེད་པའི་ཙུམ་པ་ན་ལ་སོགས་པའི་ཕྱག་རྒྱ་རྣམས་བསྟན་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་དེའི་ཕྱིར་ཞེས་བྱ་བ་བཤད་ཟིན་ཏོ། །མཆོག་དང་པོ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་མཆོག་དང་པོ་མཆོག་ཏུ་གསང་བ་ཞེས་བྱ་བའི་ ཕྱག་རྒྱའི་རྒྱུད་རྗེས་སུ་བསྟན་པར་བྱའོ་ཞེས་བྱ་བ་དང་སྦྱར་རོ། །མཆོག་ཏུ་མཁས་ཤིང་ཕྲ་ལ་རྒྱ་ཆེ་བ་དང་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ནི་བཤད་ཟིན་ཏོ། །ཤིན་ཏུ་མཐའ་ཡས་པ་ཞེས་བྱ་བ་ནི་མདོར་བསྟན་པའོ། །ལྷག་མ་ནི་རྒྱས་པར་བཤད་པའོ། །དེ་ལ་ཆོས་ཀྱི་བཞིན་དུ་ཐམས་ཅད་ འགྲོ་བའི་ཕྱིར་ཤིན་ཏུ་མཐའ་ཡས་པ་དང་། མཐར་ཐུག་པ་མེད་པ་དང་། ཚད་མེད་ཅིང་གཞལ་དུ་མེད་པའོ། །བླ་མ་ལས་ཀྱང་བླ་མར་གྱུར་པས་ན་བླ་ན་མེད་པའོ། །དོན་ཡོད་ཅིང་ཐོགས་པ་མེད་པའོ་ཞེས་བྱ་བ་ནི་གོ་སླའོ། །མཆོག་དང་པོ་ཡིན་ལ་སྙིང་པོ་ཡང་དེ་ཉིད་ཡིན་པས་ན་མཆོག་གི་སྙིང་ པོ་སྟེ་སྙིང་པོ་སྟོན་པར་བྱེད་པའི་ཕྱིར། ཙུམ་པ་ལ་སོགས་པའི་ཕྱག་རྒྱའི་རང་བཞིན་ནི་སྙིང་པོར་བརྗོད་པ་ཡིན་ནོ། །མཆོག་ཀྱང་ཡིན་ལ་དེ་ཁོ་ན་ཉིད་ཀྱང་དེ་ཉིད་ཡིན་པས་ན་མཆོག་གི་དེ་ཁོ་ན་ཉིད་དེ་ཐོག་མ་དང་ཐ་མ་མེད་པ་ཆོས་ཀྱི་དབྱིངས་སོ། །དེའི་སྙིང་པོ་ནི་དེ་ལས་བྱུང་བའི་ཕྱིར་དང་། དེ་མངོན་དུ་བྱེད་པའི་རྒྱུ་ཉིད་ཀྱི་ཕྱིར་རོ། །དོན་འདི་ཉིད་བསྟན་པར་བྱ་བའི་ཕྱིར་མཆོག་ཏུ་གསང་བའི་སྙིང་པོ་ཞེས་བྱ་བ་གསུངས་ཏེ། མཆོག་ཀྱང་ཡིན་ལ་ཕྲ་བ་དང་མཆོག་ཏུ་གསང་བ་ཡང་དེ་ཉིད་ཡིན་པས་ན་མཆོག་ཏུ་ཕྲ་ཞིང་གསང་བའི་སྙིང་པོའོ། །འདིའི་མིང་བསྟན་པར་བྱ་བའི་ 61-1-160b ཕྱིར་མཆོག་ཏུ་གསང་བ་ཞེས་བྱ་བ་གསུངས་སོ། །འདི་ལས་ཇི་ལྟ་བུ་དང་ལྡན་པ་ཡིན་ཞེ་ན། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པས་ན་ཐམས་ཅད་ཀྱི་མཆོག་གོ། །ཐམས་ཅད་ཀྱི་མཆོག་ཀྱང་དེ་ཡིན་ལ་ དངོས་གྲུབ་ཆེན་པོ་ཡང་དེ་ཉིད་ཡིན་པས་ན་ཐམས་ཅད་ཀྱི་མཆོག་གོ། །དངོས་གྲུབ་ཆེན་པོ་སྟེ་དཔལ་རྡོ་རྗེ་སེམས་དཔའ་ཐོབ་པའོ། །དེས་དབང་ཕྱུག་ཆེན་པོ་ནི་ཁམས་གསུམ་པའི་ཆོས་ཀྱི་རྒྱལ་སྲིད་དེ་དེ་ཉིད་ཀྱི་བདག་པོ་ཉིད་དོ། །སོགས་པའི་སྒྲ་ནི་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་གཟུང་ བའོ། །དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི་ཚོགས་ནི་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི་ཚོགས་ཏེ་སྟོང་ཆིག་བརྒྱའི་གྲངས་ཀྱིས་ཡོངས་སུ་བཅད་པ་དེ་མ་ཐག་ཏུ་འོག་ནས་འཆད་པར་འགྱུར་བ་གང་ཡིན་པ་དེའི་ཐམས་ཅད་ཀྱི་དངོས་གྲུབ་ཆེན་པོའི་དབང་ཕྱུག་ཆེན་པོའི་བདག་ཉིད་ལ་སོགས་པ་དང་། དངོས་གྲུབ་ཐམས་ཅད་ ཀྱི་ལས་ཀྱི་མཆོག་ཏུ་མི་འགྱུར་བ་ནི་མཆོག་ཏུ་རྟག་པའོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་རྣམས་ཀྱི་མཆོག་ཏུ་གྱུར་པས་ན་དམ་པའོ། །དམ་པ་ཡང་ཡིན་ལ་བླ་ན་མེད་པ་ཡང་དེ་ཉིད་ཡིན་པས་ན་དམ་པ་བླ་ན་མེད་པས་ཏེ། དཔལ་རྡོ་རྗེ་སེམས་དཔའི་དགའ་བ་དང་རབ་ཏུ་དགའ་བ་གང་ཡིན་པ་ དེས་ཀྱང་སྒྲུབ་པ་པོ་རྣམས་ལ་བདེ་བ་དང་ཡིད་བདེ་བ་ཐམས་ཅད་ཀྱི་རང་བཞིན་གྱི་མཆོག་གི་དངོས་གྲུབ་སྒྲུབ་པར་བྱེད་པ་ནི་རྫོགས་པར་བྱེད་པ་སྟེ། མཆོག་ཕྱག་རྒྱའི་རྒྱུད་འདི་གང་ཡིན་པ་རྗེས་སུ་བཤད་པར་བྱ་སྟེ་དེ་བརྗོད་པར་བྱའོ་ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་ སོ། །ཙུམ་པ་ན་དང་འཁྱུད་པ་ཞེས་བྱ་བ་ལ་སོགས་པ་ལ་ལྷའི་རྣལ་འབྱོར་བྱས་ལ། དཀྱིལ་འཁོར་གྱི་ཚུལ་ལམ་དཔའ་བོ་གཅིག་པུར་བཅོམ་ལྡན་འདས་མདུན་དུ་བཞུག་ལ་སྤྱན་དྲང་བ་ལ་སོགས་པའི་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ནས་ཡིད་ཀྱིས་ཙུམ་པ་ན་དང་འཁྱུད་པ་ལ་སོགས་པ་བཅོམ་ལྡན་ འདས་དང་ལྷན་ཅིག་ཏུ་བྱ་ཞིང་བཅོམ་ལྡན་འདས་བསྒྲུབ་པར་བྱ་སྟེ། ཇི་ལྟ་བ་བཞིན་དུ་བཤད་པའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཙུམ་པ་ན་དང་འཁྱུད་པ་ལ་སོགས་པའི་ཕྱག་རྒྱ་འདི་ཡིན་ནོ། །དགའ་བ་ཆེན་པོ་དཔལ་རྡོ་རྗེ་དོན་ཡོད་པ་བཤད་ཟིན་ཏོ། །དེའི་དགའ་བ་ནི་དགྱེས་པས་ཏེ། 61-1-161a དེའི་དམ་ཚིག་གི་སྦྱོར་བ་ནི་དེ་སྐྱེད་པར་བྱེད་པའི་རྒྱུ་ཤིན་ཏུ་རྣལ་འབྱོར་རོ། །དེའི་མིང་ཅན་གྱི་ཕྱག་རྒྱའི་དགའ་བའི་དམ་ཚིག་གི་སྦྱོར་བ་ཞེས་བྱ་བ་སྟེ། དེ་ཉིད་རྒྱུད་འདིར་ཐམས་ཅད་རྣལ་འབྱོར་ཞེས་བྱ་བར་བརྗོད་པ་ཡིན་ནོ། །དེ་དག་དང་གང་དུ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ལྟར་ རེག་བྱའི་ཕྱག་རྒྱ་བསྟན་ནས་ད་ནི་འདོད་ཆགས་རྡོ་རྗེ་མའི་ལྟ་བའི་ཕྱག་རྒྱ་བསྟན་པར་བྱ་བའི་ཕྱིར་རྣམ་པར་འཕྲུལ་པ་དང་བཅས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་སྒེག་པའི་ཉམས་ཀྱིས་རྣམ་པར་འཕྲུལ་པ་ནི་རྣམ་པར་འཕྲུལ་པའོ། །རྣམ་པར་འཕྲུལ་པ་དེ་དང་བཅས་པའི་འཛུམ་པས་ནི་རྣམ་པར་ འཕྲུལ་པ་དང་བཅས་པའི་འཛུམ་པའོ། །དེ་དང་ལྷན་ཅིག་ཏུ་གཡོ་བའི་མིག་ཟུར་གྱིས་བལྟ་ཞིང་ལྷའི་ཕྱག་རྒྱ་གང་ལ་ཡོད་པ་དེ་ནི་རྣམ་པར་འཕྲུལ་པ་དང་བཅས་པའི་འཛུམ་ཞིང་གཡོ་བའི་མིག་ཟུར་གྱིས་ལྟ་བའི་ཕྱག་རྒྱའོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །འཛུམ་ཞིང་ཅུང་ ཟད་ཕྱེ་བའི་མིག་གིས་ལྟ་བ་ནི་ཀཱི་ལི་ཀཱི་ལའི་སྟེ། འདིས་བལྟ་ཞིང་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་བཏུང་བར་བྱའོ་ཞེས་བྱ་བ་ལ་སོགས་པ་དང་སྦྱར་རོ། །མཆོག་ཏུ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །རྡོ་རྗེ་དྲན་མའི་ཕྱག་རྒྱ་བསྟན་པར་བྱ་བའི་ཕྱིར་བསྙེམས་པ་དང་བཅས་ པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གི་ལྷའི་ང་རྒྱལ་མངོན་དུ་བྱ་བ་ནི་འདིར་བསྙེམས་མ་ཡིན་ནོ། །བསྙེམས་པ་དང་ལྷན་ཅིག་ཏུ་ཡང་དག་པར་བསྟོད་པ་ནི་གྱེན་དུ་བསྟོད་ནས་དགོད་པའི་གཡོ་བའི་མིག་གིས་ལྟ་བའི་ཕྱག་རྒྱ་གང་ལ་ཡོད་པ་དེ་ནི་བསྙེམས་པ་དང་བཅས་པས་ བསྟོད་ཅིང་བཞད་པའི་གཡོ་བའི་སྤྱན་ནོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ད་ནི་རྡོ་རྗེ་འདོད་པའི་དབང་ཕྱུག་མའི་ལྟ་བའི་ཕྱག་རྒྱ་བསྟན་པར་བྱ་བའི་ཕྱིར། སྒེག་པ་དང་བཅས་པའི་ལྟ་བ་དང་འཛུམ་པ་དང་གཡོ་ཞིང་ཕྱག་འཚལ་བ་དང་ལྡན་པའོ་ཞེས་བྱ་བ་ གསུངས་ཏེ། སྒེག་པ་དང་བཅས་པའི་ལྟ་བ་དང་འཛུམ་པ་དང་གཡོ་བ་ནི་སྒེག་པའི་ལྟ་བ་དང་འཛུམ་པ་དང་གཡོ་བ་རྣམས་སོ། །དེ་དང་བཅས་པའི་ཕྱག་འཚལ་བའི་ལྟ་བའི་ཕྱག་རྒྱ་གང་ལ་ཡོད་པ་དེ་ནི་སྒེག་པའི་ལྟ་བ་དང་གཡོ་བ་དང་ཕྱག་འཚལ་བ་དང་ལྡན་པའོ། །བཅོམ་ 61-1-161b ལྡན་འདས་ཀྱི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །རྣམ་པར་འཕྲུལ་པ་དང་སྒེག་པ་དང་བཅས་པའི་འཛུམ་པའི་ཞལ་ཞེས་བྱ་བ་ལ་སྒེག་པའི་རྣམ་པར་འཕྲུལ་པ་དང་བཅས་པའི་མཛེས་པ་ཉིད་ནི་རྣམ་པར་འཕྲུལ་པའི་སྒེག་པའོ། །རྣམ་པར་འཕྲུལ་པའི་སྒེག་པ་དང་ལྷན་ཅིག་ཏུ་ཞལ་འཛུམ་པའི་ ལྟ་བའི་ཕྱག་རྒྱ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེའི་དངོས་པོ་ནི་འཛུམ་པའི་ཞལ་ཉིད་དོ། །བཅོམ་ལྡན་འདས་ཀྱི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །འདི་ཞེས་བྱ་བ་ལ་རྡོ་རྗེ་འཛུམ་པའི་ཕྱག་རྒྱ་འདིས་བཅོམ་ལྡན་འདས་རྡོ་རྗེ་ཐམས་ཅད་ཀྱི་སློབ་དཔོན་དེ་སྒྲུབ་པ་པོས་མཆོད་པའི་གླུ་སྟེ། ཡི་གེ་ཧཱུཾ་གི་གླུས་ཐམས་ཅད་ཀྱི་མཆོག་གི་དངོས་གྲུབ་ཆེན་པོ་རྡོ་རྗེ་སེམས་དཔའི་དངོས་གྲུབ་གང་ཡིན་པ་དེས་དབང་ཕྱུག་ཆེན་པོ་ནི་ཇི་ལྟ་བ་བཞིན་དུ་བཤད་པར་བྱ་སྟེ། དེའི་བདག་པོ་ནི་གཙོ་བོ་གྲུབ་པར་འགྱུར་ཏེ། སྒྲུབ་པ་པོ་རྡོ་རྗེ་འཆང་ཆེན་པོ་ཉིད་དུ་འགྱུར་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། ། འདིས་ཀྱང་བདག་ཉིད་ལ་རྒྱས་བཏབ་པ་ཙམ་གྱིས་མ་གྲུབ་ན་ཡང་ཡིད་ཀྱིས་འདོད་པའི་ལས་ཐམས་ཅད་ཀྱི་ཚོགས་སྒྲུབ་པར་བྱེད་པ་ཡིན་ནོ། །ད་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་ཕྱག་རྒྱ་བསྟན་པར་བྱ་བའི་ཕྱིར། སརྦ་ཀུ་རུ་ཡ་ཐ་སུ་ཁཾ་ཞེས་བྱ་བ་བརྗོད་པར་བྱའོ་ཞེས་བྱ་བ་ལ་རང་བཞིན་ གྱིས་འོད་གསལ་བའི་རྣམ་པར་ཐར་པའི་སྒོའི་རང་བཞིན་ཉིད་ཀྱིས་ཀྱཻ་བཅོམ་ལྡན་འདས་སངས་རྒྱས་དང་། ཆོས་དང་། དགེ་འདུན་གྱི་སྐུ་འཛིན་པའི་དེ་བཞིན་གཤེགས་པ་སངས་རྒྱས་དང་ཆོས་དང་དགེ་འདུན་གྱི་རང་བཞིན་ཅན་དུ་ཐམས་ཅད་མཛོད་ཅིག་སྟེ། རྫོགས་པར་མཛོད་ཅིག་པའོ། ། དེ་ཡང་བདེ་བ་དེ་དཀའ་ཐུབ་ཀྱི་ཉེས་པ་དང་བྲལ་བའི་ཤིན་ཏུ་མཉམ་པར་གཞག་པའི་ཏིང་ངེ་འཛིན་གྱིས་སོ། །དེ་ལྟར་བརྗོད་པའི་དེ་བཞིན་གཤེགས་པའི་ཕྱག་རྒྱ་བཅིངས་ནས་རྣལ་འབྱོར་པས་བཟླ་བར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་ནི་དཀོན་མཆོག་གསུམ་གྱི་ གཟུགས་འཛིན་པའི་དེ་བཞིན་གཤེགས་པའོ། །མཆོག་ནི་ཕུལ་དུ་བྱུང་བའོ། །དེ་སྟོན་པར་བྱེད་པའི་ཐེག་པ་ཆེན་པོའི་མདོ་སྡེའི་དབང་པོའི་རྒྱལ་པོ་ནི་སརྦ་ཀུ་རུ་ཡ་ཐ་སུ་ཁཾ་ཞེས་བྱ་བའི་སྔགས་གང་ཡིན་པ་འདི་ཉིད་སངས་རྒྱས་དང་ཆོས་དང་དགེ་འདུན་གྱི་གཟུགས་འཛིན་པའི་བཅོམ་ལྡན་འདས་ 61-1-162a ཕྱག་ན་རྡོ་རྗེའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་གསང་བའི་རྡོ་རྗེའི་བྱིན་གྱིས་རློབ་པ་ཞེས་བྱ་བའི་ངག་གི་ཕྱག་རྒྱ་སྟེ། འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་ཀྱི་ཚོགས་སྒྲུབ་པར་བྱེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ན། རང་བཞིན་ གྱིས་འོད་གསལ་བའི་ངོ་བོ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ལ་གང་གི་ཕྱིར་ངག་གི་ཕྱག་རྒྱ་འདི་རང་བཞིན་གྱིས་འོད་གསལ་བར་བརྗོད་པ་དེའི་ཕྱིར་རང་བཞིན་གྱིས་འོད་གསལ་བ་ཉིད་ཀྱི་རྒྱུ་དེས་དཀོན་མཆོག་གསུམ་གྱི་རང་བཞིན་ཅན་གྱི་ཆོས་ཐམས་ཅད་རྣམ་པར་དག་པས་ཆོས་ཐམས་ཅད་རྣམ་པར་དག་པ་སྟེ། དོན་དམ་པར་དཀོན་མཆོག་གསུམ་མི་དམིགས་པའི་ཕྱིར་རོ། །ཆོས་རྣམ་པར་དག་པ་དེ་ཉིད་མ་ལུས་ཤིང་ལུས་པ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཉིད་ཐོབ་པ་དང་། ཡེ་ཤེས་དང་མངོན་པར་ཤེས་པ་དང་། མཆོག་གི་དངོས་གྲུབ་ལ་སོགས་པ་དང་། ལས་ཐམས་ཅད་ ཀྱི་ཚོགས་གང་ཡིན་པ་དེ་ཉིད་སྒྲུབ་པར་བྱེད་པ་ཡིན་ནོ། །དེ་ལྟར་དེ་བཞིན་གཤེགས་པའི་ཕྱག་རྒྱ་བསྟན་ནས་ད་ནི་རྡོ་རྗེའི་རིགས་ཀྱི་ཕྱག་རྒྱ་བསྟན་པར་བྱ་བའི་ཕྱིར། རྣམ་པར་འཕྲུལ་པ་དང་བཅས་པས་འཛུམ་ཞིང་སྨིན་མའི་ཁྲོ་གཉེར་གྱིས་ཁྲོ་བོ་རྡོ་རྗེའི་ལྟ་བའི་ཕྱག་རྒྱའོ་ཞེས་བྱ་བ་གསུངས་ ཏེ། ཁྲོ་བ་དང་སྒེག་པའི་རྣམ་པར་འཕྲུལ་པས་བསྐྱེད་པའི་འཛུམ་པ་དང་རྣམ་པར་འཕྲུལ་པ་དང་བཅས་པའོ། །དེ་དང་བཅས་པའི་སྨིན་མའི་བར་གྱི་ཁྲོ་གཉེར་ནི་ཁྲོ་བ་སྟོན་པར་བྱེད་པའི་དཔྲལ་བའི་རི་མོའོ། །དེས་ཉེ་བར་མཚོན་པའི་ཁྲོ་བོའི་རྡོ་རྗེའི་ལྟ་བའི་ཕྱག་རྒྱ་སྟེ། རྡོ་རྗེ་ཆེན་པོའི་ཁྲོ་བོ་ ཀཱི་ལི་ཀཱི་ལི་ཞེས་བྱ་བའོ། །འདིས་ཇི་ལྟ་བ་བཞིན་དུ་བཤད་པའི་ལས་ཐམས་ཅད་རྣལ་འབྱོར་པས་སྒྲུབ་པར་བྱེད་པ་ཡིན་ནོ། །དེ་ལྟར་རྡོ་རྗེའི་རིགས་ཀྱི་དངོས་གྲུབ་ཐམས་ཅད་སྒྲུབ་པར་བྱེད་པའི་ཕྱག་རྒྱ་བསྟན་ནས། ད་ནི་པདྨའི་རིགས་ཀྱི་ཕྱག་རྒྱ་བསྟན་པར་བྱ་བའི་ཕྱིར་ཐམས་ཅད་དག་ པའི་ཏིང་ངེ་འཛིན་གྱིས་ཞེས་བྱ་བ་གསུངས་ཏེ། པདྨའི་རིགས་ནི་རང་བཞིན་གྱིས་དག་པའོ་ཞེས་བྱ་བའི་སྒོམ་པ་ཐམས་ཅད་དག་པའི་ཏིང་ངེ་འཛིན་ཏེ། ཏིང་ངེ་འཛིན་དེས་གཟུགས་སྣ་ཚོགས་པའི་བྱ་བ་ལ་རབ་ཏུ་འཇུག་པ་སྟེ། རྫོགས་པར་བྱེད་ཅིང་པདྨའི་རིགས་ཀྱི་ལས་ཀྱི་ཚོགས་ཐམས་ 61-1-162b ཅད་བསྒྲུབ་པར་བྱའོ། །དེ་ལྟར་པདྨའི་རིགས་ཀྱི་ཕྱག་རྒྱ་བསྟན་ནས་ད་ནི་ནོར་བུའི་རིགས་ཀྱི་ཕྱག་རྒྱ་བསྟན་པར་བྱ་བའི་ཕྱིར་ནམ་མཁའ་ཕྲ་བར་བསྐྱོད་པ་དག་གིས་རོལ་ཅིང་ཐམས་ཅད་ཀྱི་རྗེས་སུ་ཆགས་པར་བྱའོ་ཞེས་བྱ་བ་གསུངས་ཏེ། འཕགས་པ་ནམ་མཁའི་སྙིང་པོའི་གསང་བའི་དཀྱིལ་ འཁོར་ནམ་མཁའི་ཁམས་ཐམས་ཅད་ཀུན་དུ་ཁྱབ་པར་ནམ་མཁའ་མཉམ་པ་ཉིད་ཀྱི་ཡེ་ཤེས་སྟོན་པར་བྱེད་ཅིང་ཐོབ་པར་བྱེད་པ་ནི་ནམ་མཁར་བརྗོད་པ་ཡིན་ནོ། །དེ་ལ་ཤིན་ཏུ་རྣལ་འབྱོར་གྱི་བསྒོམ་པས་ཙུམ་པ་ན་དང་འཁྱུད་པ་ལ་སོགས་པའི་ཕྱག་རྒྱ་རྣམས་ཀྱིས་རྒྱས་བཏབ་ཅིང་ ཕྲ་བར་བསྐྱེད་པ་བསྐྱོད་པ་རྣམས་ཀྱིས་བཅོམ་ལྡན་འདས་དང་དེའི་ལྷ་མོའི་ཚོགས་དང་ལྷན་ཅིག་ཏུ་ཡང་དག་པར་སྦྱོར་བར་བསྒོམ་ཞིང་རོལ་དུ་གཞུག་པར་བྱའོ། །དེ་ཉིད་རྣལ་འབྱོར་ཐམས་ཅད་ནམ་མཁའ་ལ་འགྲོ་བས་རྗེས་སུ་ཆགས་པར་བྱ་ཞིང་མངོན་དུ་བྱའོ། །འདི་ཞེས་བྱ་བ་ལ་ སོགས་པ་ནི་གོ་སླའོ། །ནམ་མཁའ་ཐམས་ཅད་ཀྱི་བདག་ཉིད་ཀུན་གྱི་དངོས་པོ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ལ་ནམ་མཁའ་ཡང་ཡིན་ལ་ཐམས་ཅད་ཀྱང་དེ་ཉིད་ཡིན་པས་ནམ་མཁའ་ཐམས་ཅད་དེ། ཕྱོགས་བཅུར་རྫས་ཐམས་ཅད་མེད་པའི་རང་བཞིན་ཅན་ནོ། །དེ་དང་འདྲ་བའི་གཟུགས་ ཐམས་ཅད་སྟོན་པས་ཀུན་དུ་འགྲོ་བའི་བདག་ཉིད་ཀྱི་དངོས་པོའི་སྐུ་གང་ལ་མངའ་བ་དེ་ནི་ནམ་མཁའ་ཐམས་ཅད་ཀྱི་བདག་ཉིད་ཀུན་གྱི་དངོས་པོ་སྟེ། དེའི་དངོས་པོ་ནི་ནམ་མཁའ་ཐམས་ཅད་ཀྱི་བདག་ཉིད་ཀུན་གྱི་དངོས་པོ་ཉིད་དོ། །ནམ་མཁའ་ཐམས་ཅད་ཀྱི་བདག་ཉིད་ཀུན་གྱི་དངོས་ པོ་ཉིད་ཀྱི་རྒྱུ་དེའི་ཕྱིར་བཅོམ་ལྡན་འདས་ནམ་མཁའི་སྙིང་པོ་སྟེ། དེས་སྒྲུབ་པ་པོའི་ལས་ཐམས་ཅད་ཇི་ལྟ་བ་བཞིན་དུ་བཤད་པའི་ཚུལ་གྱིས་ནམ་མཁའ་ལས་སྒྲུབ་པར་མཛད་པ་ཡིན་ནོ་ཞེས་བྱ་བ་ཡང་གསུངས་སོ། །མཆོག་དང་པོའི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ལྟར་མཆོག་ཏུ་གསང་ བའི་ཙུམ་པ་ན་དང་འཁྱུད་པ་ལ་སོགས་པའི་ཕྱག་རྒྱ་བཅུ་པོའི་ཕྱག་རྒྱའི་རྒྱུད་བསྟན་ནས། ད་ནི་ཕྱག་རྒྱ་བཅུའི་ཚུལ་གྱིས་དཔལ་རྡོ་རྗེ་སེམས་དཔའི་གསང་བའི་དཀྱིལ་འཁོར་སྒྲུབ་པར་བྱེད་པ་ཉིད་ཀྱི་ཕྱག་རྒྱ་བསྟན་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཆོག་ཏུ་ཞེས་བྱ་ 61-1-163a བ་ལ་སོགས་པ་ནི་བཤད་ཟིན་ཏོ། །ཤིན་ཏུ་གཞལ་དུ་མེད་ཅིང་ཚད་མེད་པ་གྲངས་མེད་ཅིང་བརྗོད་དུ་མེད་ཅིང་བརྗོད་ཀྱིས་མི་ལང་བ་ཞེས་བྱ་བས་ནི་དངོས་པོའི་ཕྱི་མ་ཕྱི་མ་རྒྱ་ཆེ་བར་སྟོན་པར་བྱེད་པའི་གྲངས་ཀྱི་ཁྱད་པར་ཏེ། དེ་དང་དེ་ནི་མདོ་སྡེའི་ནང་ནས་ཤེས་པར་བྱའོ། །འདས་ མ་ཐག་ཏུ་བཤད་པ་དེའི་ཚོགས་ནི་མཆོག་ཏུ་གྲུབ་པ་ཞེས་བྱ་བའི་མིང་ཅན་གྱི་རྒྱུན་དེ་ཕྱག་རྒྱ་རྣམས་སྟོན་པར་བྱེད་པའི་སྒྲའི་ཚོགས་རྗེས་སུ་སྤྱད་པར་བྱའོ་ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ལ་ཞེས་བྱ་བའི་སྒྲ་ནི་ངག་ཉེ་བར་དགོད་པ་ལའོ། །ཕྱག་རྒྱ་བཅུའི་ བདག་ཉིད་ཐམས་ཅད་སྐྱེད་པར་བྱེད་པའོ་ཞེས་བྱ་བ་ལ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུའི་གསང་བ་ནི་བདག་ཉིད་ཐམས་ཅད་དེ་དེ་སྟོན་པར་བྱེད་ཅིང་མངོན་དུ་བྱེད་པས་ན་བདག་ཉིད་ཐམས་ཅད་སྐྱེད་པར་བྱེད་པ་ཞེས་བྱ་བར་བརྗོད་དོ། །དེ་གང་ཡིན་ཞེ་ན། རྡོ་རྗེ་སེམས་དཔའི་ཕྱག་ རྒྱ་ཆེན་པོ་ཞེས་བྱ་བ་ལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་ནི་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་སྟེ། རྡོ་རྗེ་བསྙེམས་མ་ལ་སོགས་པས་བཞི་གྱུར་གྱི་དངོས་གྲུབ་སྟེར་བའོ། །དེ་དག་ཀྱང་གང་ལས་བྱུང་ཞེ་ན། བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་ལས་བྱུང་བའོ་ཞེས་བྱ་བ་ལས་དང་པོའི་རྡོ་རྗེ་ ནི་བདེ་བ་ཆེན་པོའི་རྡོ་རྗེའོ། །དེ་ཉིད་དོན་ཡོད་པའི་དམ་ཚིག་སྟེ་བདེ་བ་ཆེན་པོའི་རྡོ་རྗེ་དོན་ཡོད་པའི་དམ་ཚིག་གོ། །དེ་ལས་དེ་དག་བྱུང་བ་ཡིན་ནོ། །དེ་དག་ལས་ཇི་ལྟ་བུ་དང་ལྡན་པ་ཡིན་ཞེ་ན། སྔོན་དུ་ཞེས་བྱ་བ་ལ་སོགས་པ་ལ་སྔོན་ནི་ཐོག་མ་སྟེ་གདོད་མ་ནས་གྲུབ་པའོ། །གདོད་ མ་ནས་གྲུབ་པ་ཡང་དེ་ཡིན་ལ་ཐམས་ཅད་ཀྱི་མཆོག་གི་དངོས་གྲུབ་ཀྱང་དེ་ཉིད་ཡིན་པས་ན་གདོད་མ་ནས་གྲུབ་པ་ཐམས་ཅད་མཆོག་གི་དངོས་གྲུབ་སྟེ། དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་རྫོགས་པའོ། །དེ་ཉིད་ཐོག་མར་གང་ལ་ཡོད་པ་དེ་དག་མྱུར་བར་མཆོག་ཏུ་ སྒྲུབ་པར་བྱེད་པ་ཡིན་ནོ། །དེ་དག་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན་བདག་ཉིད་ཐམས་ཅད་ཀྱིས་སོ། །རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རང་བཞིན་ལ་ལྷག་པར་མོས་པ་ནི་བདག་ཉིད་ཐམས་ཅད་དེ་བདག་ཉིད་ཐམས་ཅད་དེས་དེ་དག་ 61-1-163b བསྒྲུབ་པར་བྱའོ། །དེ་ལ་སྐུའི་ཕྱག་རྒྱ་ནི་འདི་ཞེས་བྱ་བ་ནི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བ་དན་གསུམ་པ་དང་། ཁ་ཊྭཱཾ་གའི་ཕྱག་རྒྱ་བཅིང་བའོ་ཞེས་བྱ་བ་ལ་ལག་པ་གཡས་པས་བ་དན་གསུམ་པ་བྱས་ལ། གཡོན་པས་ཁ་ཊྭཱཾ་གའི་ཕྱག་རྒྱ་ བཅིང་བར་བྱའོ། །གཡོན་པའི་དྲིལ་བུ་དང་བཅས་པ་ཞེས་བྱ་བ་ལ་གཡོན་པའི་ཁ་ཊྭཱཾ་གས་རྡོ་རྗེ་དྲིལ་བུ་བླངས་ནས་ལག་པ་གཡོན་པའི་བ་དན་གསུམ་པས་སློང་བའི་ཚུལ་བྱས་ནས་སྒེག་པ་དང་དཀྲོལ་ཞིང་གར་བྱས་ནས་རྡོ་རྗེ་འདོད་པའི་དབང་ཕྱུག་མ་སྟེ། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་བསྟོད་པ་ནི་ སྐྱེད་པའི་རྒྱུའོ། །དེས་རྡོ་རྗེ་བསྙེམས་པ་ཡོངས་སུ་བསྐོར་ཏེ་དགྲོལ་བར་བྱའོ། །འདི་ལྟར་འཆད་པར་འགྱུར་ཏེ་དང་པོའི་རྡོ་རྗེ་བཅིངས་ནས་གཉིས་སུ་བྱས་ལ་ལག་པ་གཡས་པས་བ་དན་གསུམ་པ་བྱས་ཏེ། སྟོད་པའི་ཚུལ་གྱིས་གཟུང་བར་བྱའོ། །རྡོ་རྗེ་དྲིལ་བུ་དང་བཅས་པའི་ལག་ པ་གཡོན་པས་ཀྱང་ཁ་ཊྭཱཾ་ག་བཅིངས་ནས་ལག་པ་གཡོན་པ་དང་གཡས་པ་དག་གི་མཛུབ་མོ་ལ་སོགས་པ་དང་བཅས་པ་དཀྲོལ་ཞིང་གར་བྱས་ལ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་བཅིང་བར་བྱ་སྟེ། དེ་ལྟར་ན་བཞི་འགྱུར་གྱི་དངོས་གྲུབ་གྲུབ་པར་འགྱུར་རོ། །མངའ་སྟོད་ པ་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་དུ་དང་པོའི་རྡོ་རྗེ་གཉིས་སུ་བྱས་ལ་ཇི་ལྟ་བ་བཞིན་དུ་གར་ལས་བྱུང་བའི་འདོད་ཆགས་རྡོ་རྗེ་མའི་ཕྱག་རྒྱ་ཆེན་པོ་བཅིང་བར་བྱའོ། །དེ་བཞིན་དུ་གར་བྱས་ལ་ཀཱི་ལི་ཀཱི་ལིའི་ཕྱག་རྒྱ་ཆེན་པོ་བཅིང་བར་བྱའོ། །དེ་བཞིན་དུ་གར་བྱས་ལ་རྡོ་རྗེ་དྲན་པ་མའི་ཕྱག་རྒྱ་ ཆེན་པོ་བཅིང་བར་བྱའོ། །དེ་བཞིན་དུ་གར་བྱས་ལ་རྡོ་རྗེ་དྲན་མའི་ཕྱག་རྒྱ་ཆེན་པོ་བཅིང་བར་བྱའོ། །དེ་བཞིན་དུ་གར་བྱས་ལ་རྡོ་རྗེ་འདོད་མའི་དབང་ཕྱུག་མའི་ཕྱག་རྒྱ་ཆེན་པོ་བཅིང་བར་བྱ་སྟེ་དེ་ལྟར་ན་བཞི་འགྱུར་གྱི་དངོས་གྲུབ་གྲུབ་པར་འགྱུར་རོ། །རྣམ་པ་ལྔ་པོ་དེ་དག་མཆོག་ཏུ་གསང་བའི་ རས་རིས་ཀྱི་ཕྱག་རྒྱ་སྟེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཡིན་ནོ། །བདེ་བ་ཆེན་པོའི་རྡོ་རྗེ་དོན་ཡོད་པའི་དམ་ཚིག་གི་མཆོད་པས་རབ་ཏུ་དགའ་མ་ལ་སོགས་པའི་མཆོད་པ་ཐམས་ཅད་ཐོབ་པ་མི་ཟད་པའོ་ཞེས་བྱ་བ་ལ་རབ་ཏུ་དགའ་མ་དང་སྤྱན་དང་དཔལ་ཆེན་མོ་རྣམས་ནི་བདེ་བ་ཆེན་པོ་ 61-1-164a རྡོ་རྗེ་དོན་ཡོད་པ་སྟེ། རྡོ་རྗེ་སེམས་དཔའི་དམ་ཚིག་གི་མཆོད་པའོ། །རབ་ཏུ་དགའ་མ་ལ་སོགས་པའི་མཆོད་པ་ཐམས་ཅད་དེ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་བདེ་བ་དང་ཡིད་བདེ་བའི་རང་བཞིན་ཅན་ཐོབ་པ་ནི་མངོན་དུ་བྱེད་པའོ། །མི་ཟད་པའོ་ཞེས་བྱ་བ་ནི་རྟག་པའོ། །འདིས་ འདི་ལྟར་འཆད་པར་འགྱུར་ཏེ་དེ་བཞིན་དུ་དང་པོའི་རྡོ་རྗེ་གཉིས་སུ་བྱས་ལ། བ་དན་གསུམ་མཆོད་པ་དང་ཁ་ཊྭཱཾ་གས་གར་བྱས་ཏེ་མཆོད་པའི་ལྷ་མོ་བཞི་པོའི་མཆོད་པའི་ཕྱག་རྒྱ་བཅིངས་ནས་མཆོད་པར་བྱའོ། །རྡོ་རྗེ་བསྟོད་པའི་ཕྱག་རྒྱས་སྲིད་པ་གསུམ་ཐམས་ཅད་བསྐྱོད་པ་དང་དབང་དུ་ བྱེད་པའོ་ཞེས་བྱ་བ་ལ་དེ་བཞིན་དུ་གར་བྱས་ལ་སྲིད་པ་གསུམ་ཐམས་ཅད་རྡོ་རྗེའི་དབུས་སུ་ཡིད་ཀྱིས་བཅུག་ལ་བསྙེམས་པ་དང་བཅས་པས་རྡོ་རྗེ་གསོར་ནས་སྲིད་པ་གསུམ་བསྐྱོད་པ་དང་། དབང་དུ་བྱ་བའི་བསམ་པས་རང་གི་སྙིང་གར་བསྟོད་པའི་ཚུལ་གྱིས་གཟུང་བར་བྱ་སྟེ། དེ་ལྟར་ དེ་དག་ཐམས་ཅད་གྲུབ་པར་འགྱུར་རོ། །རྡོ་རྗེ་ཧཱུཾ་མཛད་ཅེས་བྱ་བ་ལ་སོགས་པ་ལ། དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ཏེ། ལྷ་ཆེན་པོ་ལ་སོགས་པའི་གཟུགས་བརྙན་མདུན་དུ་བྱས་ཏེ། དེ་བཞིན་དུ་གར་བྱས་ཏེ་རྡོ་རྗེ་ཧཱུཾ་མཛད་བརྗོད་ཅིང་རྡོ་རྗེ་ཧཱུཾ་མཛད་དུ་བདག་ཉིད་རྣམ་པར་བསམས་ཏེ་ གཡོན་བརྐྱང་བའི་སྟང་སྟབས་ཀྱིས་གནས་ནས་ལྷ་ཆེན་པོ་ལ་སོགས་པའི་གཟུགས་བརྙན་ལ་གཞུག་ཅིང་བཅུག་སྟེ། བཅིངས་ནས་དབང་དུ་བྱས་ལ་རྐང་པ་གཡོན་པས་གཟུགས་བརྙན་དེ་མནན་ནས་བཟླ་བར་བྱ་སྟེ། དེ་ལྟར་ན་རིང་པོ་མི་ཐོགས་པར་དེ་གྲུབ་པར་འགྱུར་བ་ཡིན་ནོ། །མཐོན་ པོའི་སྟན་ཞེས་བྱ་བ་ལ་སོགས་པ་ལ་དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ནས་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ནས་བསྒྲུབ་བྱའི་གཟུགས་བརྙན་མདུན་དུ་བཞག་སྟེ། སྟན་མཐོན་པོ་ལ་སྐྱིལ་མོ་ཀྲུང་ཕྱེད་པས་འདུག་སྟེ། དེ་བཞིན་དུ་གར་བྱས་ལ་བསྙམས་པ་དང་བཅས་པས་རྡོ་རྗེ་ གསོར་ཞིང་ཡི་གེ་ཧཱུཾ་གིས་བསྒྲུབ་བྱ་གཟུགས་བརྙན་ལ་གཞུག་ཅིང་བཅུག་སྟེ་བཅིངས་ནས་དབང་དུ་བྱའོ། །དེ་ནས་བསྒྲུབ་བྱའི་གཟུགས་བརྙན་དེ་ཉིད་རྐང་པ་གཡོན་པས་མནན་ཏེ་བསྙེམས་པ་དང་བཅས་པས་རྡོ་རྗེ་གསོར་ཞིང་ཡི་གེ་ཧཱུཾ་བཟླ་བར་བྱ་སྟེ། དེ་ལྟར་ན་རིང་པོར་མི་ཐོགས་པར་ 61-1-164b སེམས་ཅན་དེ་དང་དེ་འགྲུབ་པར་འགྱུར་རོ། །གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་ཞེས་བྱ་བ་ལ་དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ནས་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། དེ་བཞིན་དུ་དང་པོའི་རྡོ་རྗེ་བཅིངས་ནས་གཉིས་སུ་བྱས་ཏེ། སྔ་མ་བཞིན་དུ་གར་བྱས་ལ་ལྷའི་བུ་མོ་གང་དགོས་པའི་ཚུལ་ དུ་སྒྲུབ་པར་འདོད་པ་དེ་དང་ལྷན་ཅིག་ཏུ་དབང་པོ་གཉིས་སྙོམས་པར་ཞུགས་པ་ཡིད་ཀྱིས་བྱ་ཞིང་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་རང་གི་རྟགས་བཟུང་ལ། ཡི་གེ་ཧཱུཾ་བཟླ་བར་བྱས་ཏེ་དེ་ལྟར་ན་དེ་བཙུན་མོའི་རང་བཞིན་དུ་གྲུབ་པར་འགྱུར་རོ། །དེ་ལྟར་དང་པོའི་རྡོ་རྗེ་གཉིས་སུ་བྱས་ནས་བ་དན་གསུམ་དང་ ཁ་ཊྭཱཾ་གའི་ཕྱག་རྒྱས་གར་བྱས་ཏེ། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་བཅིང་བ་རྣམ་པ་བཅུ་ཕན་ཡོན་དང་བཅས་པ་བསྟན་ནས་ད་ནི་དམ་ཚིག་ལས་ཀྱི་ཕྱག་རྒྱ་བཅིང་བ་རྣམ་པ་བཅུ་བསྟན་པར་བྱ་བའི་ཕྱིར་དེ་ནས་དམ་ཚིག་གི་ཕྱག་རྒྱ་ཞེས་བྱ་བ་གསུངས་ཏེ། བདེ་བ་ཆེན་པོའི་རྡོ་རྗེ་དོན་ ཡོད་པ་ནི་རྡོ་རྗེ་སེམས་དཔའ་སྟེ། དེའི་དམ་ཚིག་ནི་གསང་བའི་ལྕགས་ཀྱུ་བཅིངས་ལ་ཕུན་སུམ་ཚོགས་པ་བསྒྲུབ་པའི་བསམ་པས་རང་གི་སྙིང་གར་ཕྱག་རྒྱ་རྣམས་སོ། །སྙིང་གར་སེན་མོ་དྲུད་པ་ཞེས་བྱ་བ་ལ་གསང་བའི་ལྕགས་ཀྱུ་བཅིངས་ནས་རང་གི་སྙིང་གར་ལྕགས་ཀྱུའི་སེན་མོ་ཕན་ཚུན་ དྲུད་པར་བྱས་ཏེ་དེ་ལྟར་ན་ཅི་ལྟར་མངོན་པར་འདོད་པའི་དངོས་གྲུབ་ཐམས་ཅད་གྲུབ་པར་འགྱུར་རོ། །ལྕགས་ཀྱུ་བརྡེག་པ་ཞེས་བྱ་བ་ལ་གསང་བའི་ལྕགས་ཀྱུ་བཅིངས་ནས་ཕུན་སུམ་ཚོགས་པ་སྒྲུབ་པའི་བསམ་པས་རང་གི་སྙིང་གར་ལྕགས་ཀྱུ་བརྡེག་པར་བྱ་སྟེ། དེ་ལྟར་ན་ཕུན་སུམ་ ཚོགས་པ་ཐམས་ཅད་གྲུབ་པར་འགྱུར་རོ། །གཡོན་པའི་ལྕགས་ཀྱུ་ལ་གཡས་པའོ་ཞེས་བྱ་བ་ལ་གསང་བའི་ལྕགས་ཀྱུ་བཅིངས་ནས་གཡོན་པའི་ལྕགས་ཀྱུ་གཡས་པའི་དབུས་མར་གཞུག་པར་བྱས་ཏེ། དེ་ལྟར་ན་བདེ་བ་ཐམས་ཅད་འགྲུབ་པར་འགྱུར་རོ། །ལྕགས་ཀྱུའི་རྩེ་མོ་བཙིར་ བའོ་ཞེས་བྱ་བ་ལ་གསང་བའི་ལྕགས་ཀྱུའི་དབུས་མའི་རྩེ་མོ་དག་ཕན་ཚུན་དུ་བཙིར་བར་བྱ་སྟེ་དེ་ལྟར་ན་ཕྱག་རྒྱ་ཐམས་ཅད་གྲུབ་པར་འགྱུར་རོ། །ཕན་ཚུན་སེན་མོས་དྲུད་པའོ་ཞེས་བྱ་བ་ལ་དེ་ཉིད་ཀྱི་ལྕགས་ཀྱུའི་སེན་མོ་ཕན་ཚུན་དུ་དྲུད་པར་བྱས་ཏེ། དེ་ལྟར་ན་དམ་ཚིག་ཐམས་ཅད་ 61-1-165a གྲུབ་པར་འགྱུར་ཏེ་ཕྱག་རྒྱ་ཐམས་ཅད་གྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྙིང་གར་བྱབ་པར་བྱའོ་ཞེས་བྱ་བ་ལ་དེ་ཉིད་ཀྱི་ལྕགས་ཀྱུས་རང་གི་སྙིང་གར་བྱབ་པར་བྱ་སྟེ། དེ་ལྟར་ན་དཀྱིལ་འཁོར་ཐམས་ཅད་གྲུབ་པར་འགྱུར་རོ། །ལྕེ་མཉམ་པར་འབྱིན་པའོ་ཞེས་བྱ་བ་ ལ་དེ་ཉིད་ཀྱི་དབུས་མའི་ལྕགས་ཀྱུ་གཉིས་ཀྱི་རྩེ་མོ་ཡང་དག་པར་སྦྱར་བར་བྱས་ལ་ངག་འབྱིན་པའི་ཚུལ་གྱིས་ཁའི་ཕྱོགས་ནས་གྱེན་དུ་དྲང་བར་བྱ་སྟེ་དེ་ལྟར་ན་བསྟན་བཅོས་གྲུབ་པར་འགྱུར་རོ། །སྙིང་གར་རྡོ་རྗེ་བརྟན་པར་རབ་ཏུ་གཞག་པའོ་ཞེས་བྱ་བ་ལ་ལྕགས་ཀྱུས་རང་གི་སྙིང་གར་སེམས་དཔའི་རྡོ་རྗེ་ རྫོགས་པའི་ཚུལ་བྱས་ཏེ་དེ་ལྟར་ན་ཡེ་ཤེས་ཐམས་ཅད་གྲུབ་པར་འགྱུར་རོ། །རྡོ་རྗེ་བྱབ་པའོ་ཞེས་བྱ་བ་ལ་རང་གི་སྙིང་ག་ན་གནས་པའི་རྡོ་རྗེ་སེམས་དཔའི་རྡོ་རྗེ་ལྕགས་ཀྱུས་བྱབ་པར་བྱ་སྟེ་དེ་ལྟར་ན་ལས་ཐམས་ཅད་གྲུབ་པར་འགྱུར་རོ། །རྩ་བའི་ཕྱག་རྒྱ་ཡང་ངོ་ཞེས་བྱ་བ་ལ་གསང་བའི་ལྕགས་ ཀྱུ་ནི་རྩ་བའི་ཕྱག་རྒྱ་སྟེ། དེས་རང་གི་སྙིང་གར་ཕྲུགས་ན་བདེ་བ་ཆེན་པོ་འགྲུབ་པར་འགྱུར་རོ། །དེ་ལྟར་གསང་བའི་ལྕགས་ཀྱུས་ལས་བསྒྲུབ་པ་བསྟན་ནས། ད་ནི་རྡོ་རྗེ་སེམས་དཔའ་ལས་བྱུང་བའི་ལས་ཀྱི་ཕྱག་རྒྱ་བསྟན་པའི་ཕྱིར་དེ་ནས་གསང་བའི་དམ་ཚིག་གི་རྡོ་རྗེ་བསྡམས་པ་ལས་བྱུང་བའོ་ཞེས་བྱ་ བ་གསུངས་སོ། །ཁ་སྦྱོར་གྱི་ནང་དུ་སོར་མོ་ཐམས་ཅད་ཀྱི་ལས་སོ་ཞེས་བྱ་བ་ལ་རྡོ་རྗེ་བསྡམས་པའི་ནང་དུ་སོར་མོ་ཐམས་ཅད་ཀྱི་ལས་ཀྱི་ཚུལ་བྱའོ་ཞེས་བྱ་བའི་དོན་ཏོ། །མཐེ་བོང་རྡོ་རྗེ་ཞེས་བྱ་བ་ལ་རྡོ་རྗེ་བསྡམས་པ་བཅིངས་ནས་མཐེ་བོའི་རྩེ་མོ་རྡོ་རྗེ་བསྡམས་པ་ལ་འཇུག་པ་སྟེ། དེ་ལྟར་ན་དངོས་ པོ་ཐམས་ཅད་གྲུབ་པའོ། །དེ་ཉིད་ཀྱི་མཐིལ་གཉིས་སུ་ཕྲུགས་པའོ་ཞེས་བྱ་བ་ལ་ནང་དུ་གནས་པའི་མཐེ་བོ་གཉིས་པོ་དེ་ཉིད་ཀྱིས་ཕྱག་མཐིལ་གཉིས་འཕྲུག་པར་བྱ་སྟེ་དེ་ལྟར་ན་ཐམས་ཅད་རྗེས་སུ་ཆགས་པར་འགྱུར་རོ། །མཛུབ་མོའི་རྡོ་རྗེའོ་ཞེས་བྱ་བ་ལ་རྡོ་རྗེ་བསྡམས་པ་བཅིངས་ནས་ མཛུབ་མོ་གཉིས་ཀྱི་རྩེ་མོ་ཡང་དག་པར་སྦྱར་བར་བྱས་ལ་རྡོ་རྗེ་བསྡམས་པར་གཞུག་པར་བྱ་སྟེ་དེ་ལྟར་ན་ཐམས་ཅད་ཆགས་ཤིང་འཆིང་བར་འགྱུར་རོ། །སྲིན་ལག་གི་རྡོ་རྗེའོ་ཞེས་བྱ་བ་ལ་རྡོ་རྗེ་བསྡམས་པ་ལ་སྲིན་ལག་གཉིས་ཀྱི་རྩེ་མོ་བཅུག་ནས་གཟུང་བར་བྱ་སྟེ་དེ་ལྟར་ན་ཐམས་ཅད་ 61-1-165b སྨྲ་བའོ། །དེ་ཉིད་ཀྱི་སོར་མོའི་རྩེ་མོ་དག་ནི་རོལ་མོའོ་ཞེས་བྱ་བ་ལ་ནང་ན་གནས་པའི་སྲིན་ལག་གི་རྩེ་མོ་དེ་ཉིད་ཀྱི་སོར་མོའི་རྩེ་མོ་དག་གིས་ཕན་ཚུན་རོལ་མོའི་ཚུལ་དུ་བྱ་སྟེ་དེ་ལྟར་ན་གར་བྱེད་དུ་གཞུག་པའོ། །མཐེའུ་ཆུང་གི་རྡོ་རྗེའོ་ཞེས་བྱ་བ་ལ་རྡོ་རྗེ་བསྡམས་པའི་མཐེའུ་ཆུང་གཉིས་ཀྱི་རྩེ་མོ་ནང་དུ་ གཞུག་པར་བྱ་སྟེ་དེ་ལྟར་ན་ཐམས་ཅད་དགོད་པའོ། །དེ་ཉིད་ཀྱི་མཐེ་བོ་གཉིས་ཀྱི་རྩེ་མོ་སེན་མོས་བཙིར་བའོ་ཞེས་བྱ་བ་ལ་འདས་མ་ཐག་ཏུ་བཤད་པའི་མཐེའུ་ཆུང་གཉིས་ཀྱི་རྡོ་རྗེ་ནང་དུ་གནས་པ་དེ་ཉིད་ཀྱི་མཐེ་བོ་གཉིས་ཀྱི་སེན་མོ་བཙིར་བར་བྱ་སྟེ་དེ་ལྟར་ན་ཐམས་ཅད་གསོད་པར་འགྱུར་རོ། ། རྡོ་རྗེ་གར་གྱི་མཆོད་པས་ཞེས་བྱ་བ་ལ་སོགས་པ་ལ་བ་དན་གསུམ་མཆོག་དང་ཁ་ཊྭཱཾ་ག་སྒེག་པ་དང་བཅས་པར་མཐེའུ་ཆུང་ལ་སོགས་པ་བསྐོར་བའི་ཚུལ་གྱིས་བར་དུ་མ་ཆོད་པ་ཉིད་དུ་དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ་ཡི་གེ་ཧཱུཾ་བརྗོད་ཅིང་རྡོ་རྗེའི་ལྟ་བས་བལྟས་ཤིང་གར་བྱ་སྟེ་དེ་ལྟར་ན་ ལྷ་དང་ལྷ་མ་ཡིན་པའི་བུ་མོ་ཐམས་ཅད་དང་། གཞོན་ནུ་མའི་བུ་མོ་ཐམས་ཅད་བསྟན་ནས་ཏེ་རྗེས་སུ་ཆགས་པར་འགྱུར་རོ། །རབ་ཏུ་དགའ་བ་ཞེས་བྱ་བ་ན་དཔལ་རྡོ་རྗེ་སེམས་དཔའི་བདེ་བ་དང་ཡིད་བདེ་བའི་རང་བཞིན་ནོ། །དེ་ཡང་དེ་བཞིན་དུ་གར་གྱི་ཚུལ་གྱིས་རང་གི་མ་མཆུ་ནང་དུ་གཡོ་ བ་མེད་པར་མྱང་བ་དང་བཏུང་བའི་ཚུལ་གྱིས་གྲུབ་པ་ཡིན་ནོ། །དེ་བཞིན་དུ་གར་བྱ་ཞིང་དབུགས་རིང་པོ་བཏང་བར་ཡི་གེ་ཧཱུཾ་བརྗོད་པར་བྱ་སྟེ་དེ་ལྟར་ན་ཆགས་པ་བརྟན་པར་འཆིང་ཞིང་མཐོང་བར་འགྱུར་རོ། །དེ་བཞིན་དུ་གར་བྱ་ཞིང་དཔུང་པ་གཉིས་བསྟོད་ཅིང་བཟླ་བར་བྱ་སྟེ་དེ་ལྟར་ན་དབང་ཕྱུག་ ཐམས་ཅད་ཐོབ་པར་འགྱུར་རོ། །དེ་བཞིན་དུ་གར་བྱ་ཞིང་གར་གྱི་ཚུལ་གྱིས་སྙིང་ག་བསྐྱོད་པར་བྱ་སྟེ་དེ་ལྟར་ན་ཐམས་ཅད་ཀྱིས་མཆོད་པར་འགྱུར་རོ། །དེ་བཞིན་དུ་གར་བྱ་ཞིང་མིག་གཉིས་ཀྱིས་བསྒྲུབ་བྱ་དགུག་པའི་ཚུལ་བྱས་ཏེ། དེ་ལྟར་ན་འདོད་པ་ཐམས་ཅད་རྙེད་པར་འགྱུར་རོ། ། དེ་བཞིན་དུ་གར་བྱ་ཞིང་དབུགས་གཏོང་བ་དང་དམན་པའི་གདོང་གིས་བལྟ་བའི་ཚུལ་བྱ་སྟེ་དེ་ལྟར་ན་འདོད་པའི་འདོད་ཆགས་སྐྱེད་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་གར་བྱ་ཞིང་རང་གི་སྙིང་གའི་དཔྲལ་བར་བསྐྱོད་པར་བྱ་སྟེ་དེ་ལྟར་ན་ཐམས་ཅད་འབེབས་པར་བྱེད་དོ། །དེ་བཞིན་དུ་གར་ 61-1-166a བྱས་ཤིང་དབུགས་བཏང་བས་རང་ཉིད་ལྟུང་བར་འགྱུར་ཏེ་དེ་ལྟར་འདོད་པའི་ཆགས་པས་གསོད་པར་འགྱུར་རོ། །དེ་བཞིན་དུ་གར་བྱས་ཤིང་བཀའ་བགོ་བའི་ཚུལ་དུ་བྱ་སྟེ་དེ་ལྟར་ན་འདོད་པ་ཐམས་ཅད་ཀྱི་རྗེས་སུ་སྤྱོད་པ་ལ་སོགས་པའི་ལས་ཐམས་ཅད་ལ་ངེས་པར་སྦྱོར་བ་འགྱུར་ རོ། །དེ་ལྟར་རྡོ་རྗེ་གར་གྱི་སྦྱོར་བས་ལས་བཅུའི་སྒྲུབ་པ་བསྟན་ནས། ད་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་རྣམས་ཀྱི་ལས་སྒྲུབ་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་རྡོ་རྗེ་ལས་ཀྱི་ཕྱག་རྒྱ་བཅུ་པོ་ཞེས་བྱ་བ་གསུངས་སོ། །རྡོ་རྗེ་བསྙེམས་མའི་ཕྱག་རྒྱས་ཐམས་ཅད་སྒྲུབ་པའོ་ཞེས་ བྱ་བ་ལ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ལས་ཀྱི་ཕྱག་རྒྱ་ནི་རྡོ་རྗེ་བསྙེམས་པས་ཏེ་དེས་བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་སྒྲུབ་པའོ། །འདོད་ཆགས་རྡོ་རྗེ་མའི་ཕྱག་རྒྱ་ནི་རྡོ་རྗེ་མཚོན་ཆ་མ་སྟེ། དེས་བདུད་ལ་སོགས་པ་ཐམས་ཅད་ལས་རྣམ་པར་རྒྱལ་བ་དང་རྡོ་རྗེ་སེམས་དཔའ་ ལ་སོགས་པ་ཐམས་ཅད་རྗེས་སུ་ཆགས་པ་དང་། གདུག་པའི་དཀྱིལ་འཁོར་ལ་སོགས་པ་གསོད་པར་འགྱུར་རོ། །རྡོ་རྗེ་ཀཱི་ལི་ཀཱི་ལའི་ལས་ཀྱི་ཕྱག་རྒྱ་ནི་རྡོ་རྗེ་ཀཱི་ལི་ཀཱི་ལ་སྟེ་དེས་རབ་ཏུ་དགའ་བའི་རེག་བྱ་ནི་རྡོ་རྗེ་སེམས་དཔའི་བདེ་བ་དང་ཡིད་བདེ་བ་མངོན་དུ་བྱ་བའོ། །རེག་བྱ་དེས་རྡོ་རྗེ་སེམས་ དཔའ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་བདེ་བས་ཏེ་ཉོན་མོངས་པ་མེད་པར་སྒྲུབ་པ་པོ་རྣམས་ལ་གྲུབ་པར་འགྱུར་རོ། །རྡོ་རྗེ་དྲན་མའི་ལས་ཀྱི་ཕྱག་རྒྱ་ནི་རྒྱལ་མཚན་བསྒྲེང་བས་ཏེ་དེས་འཐབ་མོ་ལས་རྣམ་པར་རྒྱལ་བར་འགྱུར་རོ། །རྡོ་རྗེ་འདོད་པའི་དབང་ཕྱུག་མའི་ལས་ཀྱི་ཕྱག་རྒྱ་ནི་ རྡོ་རྗེ་འདོད་པའི་དབང་ཕྱུག་མས་ཏེ་དེས་རྒྱལ་སྲིད་ཐམས་ཅད་ཀྱི་དབང་ཕྱུག་གི་བདག་པོ་ཉིད་དུ་འགྱུར་རོ། །མེ་ཏོག་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་བཞི་ནི་དུས་ཀྱི་མཆོད་པས་ཏེ་དེས་ཐམས་ཅད་ཀྱིས་མཆོད་པར་འགྱུར་རོ། །བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་བསྙེམས་པ་དང་བཅས་པའི་རྡོ་རྗེ་གསོར་ བའི་ཕྱག་རྒྱས་བདུད་ལ་སོགས་པ་ཐམས་ཅད་འདུལ་བར་འགྱུར་རོ། །གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་འབར་བའི་རྡོ་རྗེ་ཡིད་ཀྱིས་བླངས་ཏེ་ཡི་གེ་ཧཱུཾ་བརྗོད་ཅིང་བསྒྲུབ་བྱའི་སྟེང་དུ་དབབ་པར་བྱ་སྟེ་དེ་ལྟར་ན་ཐམས་ཅད་གསོད་པར་འགྱུར་རོ། །དེ་བཞིན་དུ་གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་འབར་བའི་རྡོ་རྗེ་ 61-1-166b རྣམས་ཡང་ནས་ཡང་དུ་ཡིད་ཀྱིས་བསྒྲུབ་བྱའི་སྟེང་དུ་དབབ་པར་བྱ་སྟེ་དེ་ལྟར་ན་རྡོ་རྗེ་ཕབ་པས་ཐམས་ཅད་གསོད་པ་དང་ཐམས་ཅད་འཕྲོག་པར་འགྱུར་རོ། །གཡོན་པ་བསྙེམས་པ་དང་བཅས་པས་ཞེས་བྱ་བ་ལ་སོགས་པ་ལ་གཡོན་པའི་ཁུ་ཚུར་གཉིས་ཀྱིས་བསྙེམས་པར་བྱས་ལ་གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་སྒྱུ་མ་ ཐམས་ཅད་སྟོན་པའི་ཚུལ་གྱིས་སྒྱུ་མ་ཐམས་ཅད་སྟོན་པའོ། །རྫུ་འཕྲུལ་ཐམས་ཅད་སྟོན་པའི་ཚུལ་གྱིས་རྫུ་འཕྲུལ་ཐམས་ཅད་སྟོན་པའོ། །སོ་སོར་བསྟན་པ་ཐམས་ཅད་སྟོན་པའི་ཚུལ་གྱིས་བསྟན་པ་ཐམས་ཅད་སྟོན་པའོ། །ཐམས་ཅད་འཇོམས་པའི་ཚུལ་གྱིས་ཐམས་ཅད་འཇོམས་ པའོ། །དེ་བཞིན་དུ་རེངས་པ་དང་གཉིད་ལོག་ཏུ་གཞུག་པ་དང་། བསྐོར་བ་དང་། བསྐྲད་པ་དང་། འབྲུ་དང་། བཏུང་བ་འཕོ་བ་དང་། དབང་དུ་བྱེད་པ་རྣམས་ནི་དེ་དག་གི་ཚུལ་གྱིས་ལས་ཐམས་ཅད་སྒྲུབ་པར་བྱེད་པ་ཡིན་ནོ། །ད་ནི་རྡོ་རྗེ་ཐལ་མོ་ལས་བྱུང་བའི་ཕྱག་རྒྱ་བཅུ་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་ དམ་ཚིག་གི་ཕྱག་རྒྱ་བཅུ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་ཐལ་མོ་ལས་བྱུང་བས་ན་རྡོ་རྗེ་ཐལ་མོ་ལས་བྱུང་བའོ། །རྡོ་རྗེ་སྐུ་མཆོག་གི་དངོས་གྲུབ་ཐམས་ཅད་དོ་ཞེས་བྱ་བ་ལ་རྡོ་རྗེ་ཐལ་མོ་བཅིངས་ནས་མཐེ་བོ་གཉིས་ཀྱིས་སེམས་དཔའི་སྐྱིལ་ཀྲུང་དུ་བྱས་ལ། མཛུབ་མོ་གཉིས་ཀྱི་རྩེ་མོ་ཡང་དག་པར་ སྦྱར་བ་ནི་རྡོ་རྗེ་སྐུ་མཆོག་གོ། །འདིས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་མཆོག་གི་དངོས་གྲུབ་ཐམས་ཅད་སྒྲུབ་པ་ཡིན་ནོ། །མཛུབ་མོ་གཉིས་ཀྱི་ལྕགས་ཀྱུས་དངོས་གྲུབ་ཐམས་ཅད་དོ་ཞེས་བྱ་བ་ལ་རྡོ་རྗེ་ཐལ་མོ་བཅིངས་ནས་མཛུབ་མོ་གཉིས་ཀྱི་ལྕགས་ཀྱུ་གཉིས་བྱ་སྟེ་འདིས་ཀྱང་རྡོ་རྗེ་སེམས་ དཔའ་ལ་སོགས་པའི་མཆོག་གི་དངོས་གྲུབ་ཐམས་ཅད་བསྒྲུབ་པར་བྱའོ། །རྡོ་རྗེ་གནོད་སྦྱིན་གྱི་བདུད་ཐམས་ཅད་ལ་སོགས་པའི་གདུག་པ་འདུལ་བའོ་ཞེས་བྱ་བ་ལ་རྡོ་རྗེ་ཐལ་མོའི་མཛུབ་མོ་གཉིས་བཀུག་ལ་ཕན་ཚུན་སྟེང་དུ་ཡང་དག་པར་སྦྱར་བར་བྱས་ལ་མཐེ་བོང་གཉིས་བསྒྲེང་བ་སོ་སོར་ ཡང་དག་པར་རབ་ཏུ་བརྐྱང་བ་ཁར་གཟུང་བར་བྱ་སྟེ་འདི་ནི་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱའོ། །འདིས་ཡི་གེ་ཧཱུཾ་བཟླས་ཤིང་གདུག་པ་ཐམས་ཅད་གདུལ་བར་བྱའོ། །གང་དུ་ཁྱད་པར་གྱིས་འགལ་བ་མེད་པ་དེ་ཐམས་ཅད་དུ་ཡི་གེ་ཧཱུཾ་གི་བཟླས་པས་རྟོགས་པར་བྱའོ། །དེ་ཉིད་མཐེབ་མོ་ 61-1-167a གཉིས་ཀྱིས་བཀབ་པས་ཐམས་ཅད་རྙེད་པའོ་ཞེས་བྱ་བ་ལ་འདས་མ་ཐག་ཏུ་བཤད་པའི་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱའི་མཐེ་བོང་གཉིས་ཀྱི་རྩེ་མོས་མཛུབ་མོ་གཉིས་ཀྱི་ལྕགས་ཀྱུ་དགབ་པར་བྱ་སྟེ་འདིས་རྡོ་རྗེ་སེམས་དཔའི་དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར་རོ། །དེ་ཉིད་ཀྱིས་མཐེ་བོ་ གཉིས་བཅུག་ལ་གཙུག་ཏོར་རྡོ་རྗེ་ཐམས་ཅད་བསྲུང་བར་བྱའོ་ཞེས་བྱ་བ་ལ་འདས་མ་ཐག་ཏུ་བཤད་པའི་ཕྱག་རྒྱའི་མཐེ་བོ་གཉིས་ནང་དུ་བཅུག་ལ་གཙུག་ཏོར་དུ་གཟུང་བར་བྱ་སྟེ་དེ་ལྟར་ན་ཐམས་ཅད་སྲུང་བར་འགྱུར་རོ། །མཐེ་བོང་རྡོ་རྗེ་ནང་དུ་བཅུག་ལ་དེ་ཉིད་ཀྱིས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ སེམས་ཅན་ཐམས་ཅད་རྗེས་སུ་ཆགས་པ་དང་། དགུག་པ་དང་དབང་དུ་བྱེད་པ་སྒྲུབ་བོ་ཞེས་བྱ་བ་ལ་འདས་མ་ཐག་ཏུ་བཤད་པའི་གཙུག་ཏོར་ཕྱག་རྒྱ་རང་གི་སྙིང་གའི་ཕྱོགས་སུ་གཟུང་བར་བྱ་སྟེ་དེ་ལྟར་ན་ཇི་ལྟར་བཤད་པ་བཞིན་དུ་གྲུབ་པ་ཡིན་ནོ། །མཐེ་ཆུང་རྡོ་རྗེ་སོར་མོ་གཉིས་ཀྱི་རྩེ་མོ་ མཛུབ་མོ་གཉིས་ཀྱིས་ལགས་པར་བཟུང་བས་མཐོ་བ་ནི་དཔལ་དགུག་པ་དང་དབང་དུ་བྱེད་པའོ་ཞེས་བྱ་བ་ལ་མཐེའུ་ཆུང་རྡོ་རྗེའི་སོར་མོ་གཉིས་ནི་མཐེའུ་ཆུང་གཉིས་ཏེ། དེའི་རྩེ་མོ་གཉིས་མཛུབ་མོ་གཉིས་ཀྱིས་ལེགས་པར་གཟུང་བ་གང་ཡིན་པ་དེ་ཉིད་མཐོ་བའི་ཕྱག་རྒྱ་གང་ལ་ཡོད་པ་དེ་ཉིད་ལ་ དེ་སྐད་ཅེས་བྱའོ། །འདིས་ནི་འདི་ལྟར་བཤད་པར་འགྱུར་ཏེ། རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱའི་མཐེའུ་ཆུང་གཉིས་ནང་དུ་བཅུག་ལ་མཛུབ་མོ་གཉིས་ཀྱི་ལྕགས་ཀྱུས་དེའི་རྩེ་མོ་གཟུང་བར་བྱའོ། །རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་དེ་ཉིད་ཀྱིས་ནོར་སྦྱིན་ལས་ནོར་ཐམས་ཅད་དང་དཔལ་འཕྲོག་པའོ་ ཞེས་བྱ་བ་ལ་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་ཉིད་ནི་རྡོ་རྗེ་གནོད་སྦྱིན་གྱི་རྒྱལ་མོས་ཏེ་དེས་ནོར་སྦྱིན་ལས་དཔལ་དགུག་པ་དང་ནོར་དབྲོག་པའི་བསམ་པའི་དབང་གིས་གྲུབ་པ་ཡིན་ནོ། །དེ་ཉིད་ཀྱིས་དབུས་མ་གཉིས་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱའི་སྲིན་ལག་གཉིས་ཀྱི་རྩེ་ མོའི་མཐའ་དབུས་མ་གཉིས་ཀྱིས་བཟུང་སྟེ་བཙིར་བར་བྱས་ན་འདིས་ནི་བདུད་ལ་སོགས་པའི་གདོན་ཐམས་ཅད་ལས་གྲོལ་བ་ལ་སོགས་པར་འགྱུར་བ་ཡིན་ནོ། །རབ་ཏུ་དགའ་བའི་རྡོ་རྗེས་ཡུལ་ཐམས་ཅད་ཀྱི་མཆོག་སྒྲུབ་པའོ་ཞེས་བྱ་བ་ལ་རྡོ་རྗེ་ཐལ་མོ་ལས་བྱུང་བའི་མདའ་ལྔ་བསྡུས་པ་ནི་རབ་ཏུ་དགའ་ 61-1-167b བའི་རྡོ་རྗེ་སྟེ། དེས་ཡུལ་ཐམས་ཅད་ཀྱི་མཆོག་ནི་རྡོ་རྗེ་སེམས་དཔའ་སྟེ་ཐམས་ཅད་དུ་གྲུབ་པར་འགྱུར་རོ། །དེ་ལྟར་རྡོ་རྗེ་ཐལ་མོ་ལས་བྱུང་བའི་ཕྱག་རྒྱ་བཅུ་བསྟན་ནས་ད་ནི་མདའ་ལྔ་བསྡུས་པ་ལས་བྱུང་བའི་ཕྱག་རྒྱ་རྣམས་བསྟན་པར་བྱ་བའི་ཕྱིར། དེ་ནས་གསང་བའི་ཕྱག་རྒྱ་བཅུ་རབ་ཏུ་དགའ་བའི་ རྡོ་རྗེ་ལས་བྱུང་བའོ་ཞེས་བྱ་བ་གསུངས་ཏེ་མདའ་ལྔ་བསྡུས་པ་ཉིད་འདི་རུ་དགའ་བའི་རྡོ་རྗེའོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ལ་ཡེ་ཤེས་སེམས་དཔའི་རང་བཞིན་གྱི་དཔལ་རྡོ་རྗེ་སེམས་དཔའ་དང་ཤིན་ཏུ་རྣལ་འབྱོར་གྱི་སྦྱོར་བས་ལྷག་པར་མོས་པར་བྱས་ལ། རྡོ་རྗེ་སེམས་ དཔའ་མནན་ནས་བཅོམ་ལྡན་འདས་རྡོ་རྗེ་བསྙེམས་མའི་ཕྱག་རྒྱ་ཆེན་པོ་དང་རྡོ་རྗེ་བསྙེམས་མ་དང་བཅས་པའི་རིག་པའི་ལྷ་མོ་སྟེ། དེ་རོལ་དུ་བཅུག་པ་ནི་སྒྲུབ་ཅིང་མངོན་དུ་བྱེད་པའོ། །འདི་ཇི་ལྟར་འགྱུར་ཞེ་ན། རབ་ཏུ་དགའ་བའི་རྡོ་རྗེ་ཆེན་པོས་རྒྱས་བཏབ་ཅེས་བྱ་བ་གསུངས་སོ། །རབ་ཏུ་ དགའ་བའི་རྡོ་རྗེ་ཆེན་པོ་དེ་གང་ཡིན་ཞེ་ན། རྡོ་རྗེ་དང་བཅས་པའི་རབ་ཏུ་དགའ་བའི་རྡོ་རྗེའོ་ཞེས་བྱའོ། །དང་པོའི་རྡོ་རྗེ་དང་བཅས་པའི་མདའ་ལྔ་བསྡུས་པ་ནི་རྡོ་རྗེ་དང་བཅས་པའི་རབ་དགའ་བའི་རྡོ་རྗེའོ། །འདི་ལྟར་འཆད་པར་འགྱུར་ཏེ། དང་པོའི་རྡོ་རྗེ་བླངས་ནས་མདའ་ལྔ་བསྡུས་པས་བཅིངས་ ནས་རབ་ཏུ་དགའ་བའི་རྡོ་རྗེ་ཆེན་པོ་བརྗོད་པ་ཡིན་ནོ། །དེ་བཅིངས་ནས་རྡོ་རྗེ་སེམས་དཔའ་དང་ལྷན་ཅིག་ཏུ་གྱུར་པའི་ལྷག་པར་མོས་པར་བྱས་ཏེ། དེ་ལྟར་ན་རྡོ་རྗེ་སེམས་དཔའ་མནན་ནས་རྡོ་རྗེ་ཐལ་མོ་དང་རོལ་པར་འགྱུར་ཏེ། རྣལ་འབྱོར་པས་རྡོ་རྗེ་སེམས་དཔའ་ཕྱག་རྒྱ་ཆེན་པོའི་དངོས་ གྲུབ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ལས་དང་པོ་པ་རྣམས་ནི་དེ་བཞིན་གཤེགས་པ་ཐམས་ཅད་དེ་དེ་རྣམས་ཀྱི་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་དོན་དུ་གཉེར་བའི་སེམས་ནི་ ཆགས་པ་དང་བྲལ་བའི་འཁོར་ལོ་སྟེ། དེ་བྲལ་བ་ནི་བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་ཀྱི་བཀག་པའོ། །དེ་ཇི་ལྟར་ཞེ་ན། མཛུབ་མོ་ཞེས་བྱ་བ་ལ་སོགས་པ་ལ་མདའ་ལྔ་བསྡུས་པ་བཅིངས་ནས་མཛུབ་མོ་དང་དབུས་མ་དང་སྲིན་ལག་གི་ 61-1-168a སོར་མོ་རྣམས་ལག་པའི་རྒྱབ་གཉིས་ནས་ཅུང་ཟད་བཏེག་ལ་མཐེ་བོང་དང་མཐེའུ་ཆུང་གཉིས་མཉམ་པའི་སོར་མོ་རྣམས་ཀྱི་རྩེ་མོ་གཉིས་བྱས་ལ་རྡོ་རྗེ་བསྡམས་པ་དྲལ་བའི་ཚུལ་གྱིས་ཁྲོས་ཤིང་རང་གི་སྙིང་གར་དྲལ་བར་བྱ་སྟེ་དེ་ལྟར་ན་དཔལ་རྡོ་རྗེ་སེམས་དཔའི་བདེ་བ་དང་ ཡིད་བདེ་བའི་རང་བཞིན་ཅན་གྱི་རབ་ཏུ་དགའ་བའི་རྡོ་རྗེ་རྣལ་འབྱོར་པ་གྲུབ་པར་འགྱུར་རོ། །དེ་ཡང་དེ་ཁོ་ན་ཉིད་ཀྱིས་རྒྱས་བཏབ་པས་ན་དེ་ཁོ་ན་ཉིད་ཀྱིས་རྒྱས་བཏབ་པ་སྟེ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོའི་སྒྲུབ་པ་པོའི་རྒྱུད་ལ་སྐྱེས་པའི་རབ་ཏུ་དགའ་བའི་རྡོ་རྗེ་སྒྲུབ་པ་པོ་ལ་འགྲུབ་པར་ འགྱུར་རོ། །བཙིར་ན་འདོད་པ་ཐམས་ཅད་བརྟན་པར་བྱེད་པའོ་ཞེས་བྱ་བ་ལ་མདའ་ལྔ་བསྡུས་པ་བཅིངས་ནས་བཙིར་བར་བྱ་སྟེ། དེ་ལྟར་ན་སེམས་དཔའ་དང་འདོད་ཆགས་རྡོ་རྗེ་མ་ལ་སོགས་པའི་འདོད་པ་ཐམས་ཅད་བརྟན་པར་བྱེད་པར་འགྱུར་རོ། །མཛུབ་མོ་ལྕགས་ཀྱུས་འདོད་པ་ཐམས་ ཅད་ཀྱི་བདེ་བ་དགུག་པའོ་ཞེས་བྱ་བ་ལ་མདའ་ལྔ་བསྡུས་པ་བཅིངས་ཏེ་མཛུབ་མོ་གཉིས་ཀྱི་ལྕགས་ཀྱུ་བྱས་ནས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་འདོད་པ་ཐམས་ཅད་ཀྱི་བདེ་བ་རང་གི་རྒྱུད་ལ་སྐྱེ་བར་འགྱུར་རོ། །མཛུབ་མོས་ཕྲག་དོག་ལ་སོགས་པའི་འདོད་པ་ཐམས་ཅད་ཀྱི་སྡུག་བསྔལ་རབ་ཏུ་ཞི་ བའོ་ཞེས་བྱ་བ་ལ་མདའ་ལྔ་བསྡུས་པ་བཅིངས་ནས་གཡོན་པའི་མཛུབ་མོས་བདག་ཉིད་དམ་བསྒྲུབ་བྱ་སྡིགས་མཛུབ་བྱས་ཏེ་དེ་ལྟར་ན་ཕྲག་དོག་ལ་སོགས་པའི་འདོད་པ་ཐམས་ཅད་ཀྱི་སྡུག་བསྔལ་ཞི་བར་འགྱུར་རོ། །རྟགས་བསྐྱོད་པས་རབ་ཏུ་དགའ་བ་འབེབས་པ་དང་དེ་ཡང་སྒྲུབ་པའོ་ ཞེས་བྱ་བ་ལ་མདའ་ལྔ་བསྡུས་པས་རང་གི་རྟགས་བསྐྱོད་པར་བྱ་སྟེ་དེ་ལྟར་ན་དཔལ་རྡོ་རྗེ་སེམས་དཔའི་བདེ་བ་དང་ཡིད་བདེ་བའི་རང་བཞིན་ཅན་གྱི་རབ་ཏུ་དགའ་བ་འབེབས་པ་དང་དེ་གྲུབ་པའོ། །སྐྱེ་གནས་གཡོ་བའོ་ཞེས་བྱ་བ་ལ་མདའ་ལྔ་བསྡུས་པས་རང་གི་རྟགས་བསྐྱོད་པས་ཤིན་ཏུ་ བདེ་བའོ་ཞེས་བྱ་བ་དང་སྦྱར་རོ། །དེ་ཡང་ཁྱད་པར་ཇི་ལྟ་བུ་དང་ལྡན་པ་ཡིན་ནོ་ཞེ་ན་བུད་མེད་དང་སྐྱེས་པ་དག་གི་རབ་ཏུ་དགའ་བའོ་ཞེས་བྱ་བ་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་བདེ་བ་དང་ཡིད་བདེ་བ་རྫོགས་པའི་ཕྱིར་བུད་མེད་དང་སྐྱེས་པ་དཔལ་རྡོ་རྗེ་སེམས་དཔའ་དང་གཅིག་ཏུ་གྱུར་པར་ 61-1-168b ཡིད་ཀྱིས་རྫོགས་པར་བྱ་ཞིང་མདའ་བསྡུས་པའི་ཕྱག་རྒྱ་དེས་རྣལ་འབྱོར་པས་རང་གི་རྟགས་བསྐྱོད་པར་བྱ་སྟེ། དེ་ལྟར་ན་དེ་ལ་དཔལ་རྡོ་རྗེ་སེམས་དཔའི་བདེ་བ་དང་ཡིད་བདེ་བ་གྲུབ་པ་ཡིན་ནོ། །ཁ་སྦྱོར་བཙིར་བས་ཞེས་བྱ་བ་ལ་སོགས་པ་ལ་མདའ་ལྔ་བསྡུས་པ་བཅིངས་ནས་ཕན་ཚུན་ལག་པ་གཉིས་བཙིར་ ཞིང་མངོན་པར་འདོད་པའི་གང་ཟག་དང་ལྷན་ཅིག་ཏུ་འདུས་པ་དང་བྲལ་བ་བསམ་པར་བྱ་སྟེ་དེ་ལྟར་ན་འདི་གཉིས་གྲུབ་པ་ཡིན་ནོ། །རྟགས་ཀྱི་སེན་མོ་ཞེས་བྱ་བ་ལ་མདའ་ལྔ་བསྡུས་པ་བཅིངས་ནས་དེའི་གཡས་པའི་མཐེ་བོའི་རྟགས་ཀྱི་སེན་མོས་ལག་པ་གཡོན་པའི་མཐིལ་དྲུད་པས་ཤིན་ཏུ་བརྟན་ པའི་འདོད་པ་ལ་ཆགས་པ་ཉིད་དུ་འགྱུར་རོ། །འདིས་ནི་འདི་ལྟར་བཤད་པར་འགྱུར་ཏེ། མཚན་མ་ཐོབ་པའི་རྣལ་འབྱོར་པས་དངོས་གྲུབ་ཆེན་པོ་བསྒྲུབ་པར་བྱས་ནས་གལ་ཏེ་གྲུབ་པར་མ་གྱུར་ན་དེའི་ཚེ་འདི་བཅིངས་ལ་འདོད་ཆགས་རྡོ་རྗེ་མ་ལ་སོགས་པ་དང་ཡང་དག་པར་སྦྱོར་བ་བསྒོམ་པར་བྱ་སྟེ། དེ་ལྟར་ན་དེ་དག་གཞན་མི་འདོད་པར་ཤིན་ཏུ་བདེ་བ་དང་ཡིད་བདེ་བ་སྟེར་བའི་བུད་མེད་ཐམས་ཅད་རང་ལ་གྲུབ་པ་ཡིན་ནོ། །མདའ་ལྔ་བསྡུས་པ་བཅིངས་ནས་གཡོན་པའི་མཐེབ་མོའི་སེན་མོ་ལག་པ་གཡས་པའི་མཐིལ་དུ་དྲུད་པར་བྱ་ཞིང་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐྱེས་བུ་རྣམས་དང་ ཙུམ་པ་ན་དང་འཁྱུད་པ་ལ་སོགས་པ་བསྒོམ་པར་བྱ་སྟེ་དེ་ལྟར་ན་དེ་དག་གྲུབ་པར་འགྱུར་རོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ཞེས་བྱ་བ་ལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་སྔ་མ་བཞིན་དུ་བྱས་ནས་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ་བཅོམ་ལྡན་འདས་མདུན་དུ་སྤྱན་དྲངས་ཏེ། རྡོ་རྗེ་ཁུ་ཚུར་གཉིས་ བཅིངས་ནས་རྡོ་རྗེ་སེམས་དཔའ་ལ་འཁྱུད་པའི་བསམ་པས་བདག་ཉིད་འཁྱུད་པར་བྱ་ཞིང་མ་མཆུ་བཟུང་བའི་བསམ་པས་རང་གི་མ་མཆུ་སོ་རྣམས་ཀྱིས་གཟུང་བར་བྱ་སྟེ་དེ་ཉིད་ཀྱིས་བདེ་བ་དང་ཤིན་ཏུ་རོ་གཅིག་པར་འགྱུར་པར་བདག་ཉིད་བསམ་ཞིང་ཨ་ནུ་ར་ག་ཡ་མི་ཧཱུཾ་ཞེས་བྱ་བ་ཉེ་བའི་སྙིང་པོ་ དང་བཅས་པའི་ཡི་གེ་ཧཱུཾ་བཟླ་བར་བྱ་སྟེ། དེ་ལྟར་ན་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་རབ་ཏུ་དགའ་བའི་དངོས་གྲུབ་ཤིན་ཏུ་གྲུབ་པར་འགྱུར་རོ། །ཐོག་མ་དང་ཐ་མ་མེད་པའི་དངོས་གྲུབ་ནི་མཆོག་དང་པོའི་དངོས་གྲུབ་སྟེ། སུ་ར་ཏ་སྟྭཾ་ཞེས་བྱ་བས་བཅོམ་ལྡན་འདས་བསྐུལ་ཏེ་དེ་ཁོ་ན་ཉིད་ 61-1-169a བསྐུལ་བ་དེས་དེ་གྲུབ་པར་འགྱུར་རོ། །འདས་མ་ཐག་ཏུ་བཤད་པའི་བསྒོམ་པ་བྱ་ཞིང་གལ་ཏེ་ཡིད་བདེ་བ་སྐྱེས་པར་འགྱུར་ན། དེའི་ཚེ་གཞན་དང་གཞན་དུ་སུ་ར་ཏ་སྟྭཾ་ཞེས་པས་བཅོམ་ལྡན་འདས་བསྐུལ་བར་བྱས་ན་དེ་ཁོ་ན་ཉིད་བསྐུལ་བས་འདིས་དེ་གྲུབ་པར་འགྱུར་རོ། ། རབ་ཏུ་དགའ་བའི་ཡེ་ཤེས་ཀྱིས་ཐམས་ཅད་སྒྲུབ་པའོ་ཞེས་བྱ་བ་ལ་དེ་བཞིན་དུ་འཁྱུད་ནས་དཔལ་རྡོ་རྗེ་སེམས་དཔའི་བདེ་བ་དང་ཡིད་བདེ་བ་མངོན་དུ་བྱས་ཏེ། དེ་ལྟར་ན་ཡིད་ཀྱི་འདོད་པ་ཐམས་ཅད་གྲུབ་པར་འགྱུར་རོ། །ལག་པ་གཡོན་པའི་རྡོ་རྗེ་ཁུ་ཚུར་བཀབ་ནས་སྒྲུབ་བོ་ཞེས་བྱ་བ་ལ་དེ་བཞིན་དུ་ དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ནས་གཡོན་པའི་རྡོ་རྗེ་ཁུ་ཚུར་གོས་ཀྱིས་བཀབ་པར་བྱས་ལ་ལངས་པའམ། འདུག་པའམ། མཉམ་པར་གཞག་པའམ་མཉམ་པར་མ་བཞག་པའི་རྣལ་འབྱོར་གྱིས་རྟོག་པའི་རྣལ་འབྱོར་བསྒོམ་པར་བྱ་སྟེ་དེ་ལྟར་ན་ཐམས་ཅད་གྲུབ་པར་འགྱུར་ རོ། །བདེ་བ་ཆེན་པོའི་རྡོ་རྗེ་ལས་བྱུང་བའི་རྡོ་རྗེ་ཆེན་པོའི་ལྟ་བས་ཐམས་ཅད་པའོ་ཞེས་བྱ་བ་ལ་རྣམ་པར་འཕྲུལ་པ་དང་བཅས་པའི་འཛུམ་པའི་སྤྱན་དང་ལྡན་པ་བདེ་བ་ཆེན་པོ་རྡོ་རྗེ་ལས་བྱུང་བའི་རྡོ་རྗེ་ཆེན་པོའི་ལྟ་བ་སྟེ་དེས་ཐམས་ཅད་གྲུབ་པར་འགྱུར་རོ། །སྨིན་མ་གྱེན་དུ་བཏེག་པས་ ལྟུང་བ་སློང་བའོ་ཞེས་བྱ་བ་ལ་ལྷ་ཆེན་པོ་ལ་སོགས་པའི་སེམས་ཅན་རྣམས་དང་རི་བོ་ལ་སོགས་པའི་སྨིན་མ་གྱེན་དུ་བཏེག་པས་བསླང་བར་བྱའོ། །དཔལ་རྡོ་རྗེ་སེམས་དཔའི་མ་མཆུ་ནང་དུ་མྱང་བའི་ཚུལ་གྱིས་རང་གི་མཆུ་ནང་དུ་བཅུག་ནས་མྱང་བར་བྱ་སྟེ་དེ་ལྟར་ན་སྐལ་བ་བཟང་པོ་ཆེན་པོ་ གྲུབ་པར་འགྱུར་རོ། །རང་གི་ལྕེ་ལ་ཡི་གེ་ཧཱུཾ་རྣམ་པར་བསམས་ལ་ཚིག་ཐམས་ཅད་སྤྲོ་བའི་བསམ་པས་ལྕེ་བསྐྱོད་ཅིང་བཟླས་པ་བྱ་སྟེ། དེ་ལྟར་ན་རང་གི་བདེན་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་གསལ་བར་མི་སླུ་བར་སྨྲ་བར་འགྱུར་རོ། །རང་གི་ལུས་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་ དུ་ཐམས་ཅད་བྱས་ནས་གཟུགས་ཐམས་ཅད་ཡོངས་སུ་སྤོང་བའི་བསམ་པ་དང་། འབེབས་པའི་སྦྱོར་བ་བསྒོམས་པས་བདག་ཉིད་ལ་དབབ་བར་བྱས་ཏེ་དེ་ལྟར་ན་གཟུགས་ཐམས་ཅད་ཡོངས་སུ་སྤོང་བར་འགྱུར་རོ། །དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ་ཆོ་ག་ཐམས་ཅད་ 61-1-169b རྗེས་སུ་སྤྱད་ནས་ཟླ་བའི་གཞལ་ཡས་ཁང་ལ་སོགས་པར་འགྲོ་བའི་ཕྱིར་རང་གི་གནས་ནས་བརྩམས་ཏེ་ཟླ་བ་ལ་སོགས་པའི་གཞལ་ཡས་ཁང་གི་མཐར་ཐུག་པའི་བར་དུ་རྡོ་རྗེའི་སྐས་ཀྱི་རིམ་པའི་ཕྲེང་བ་རྣམ་པར་བསམས་ལ་བདག་ཉིད་རྡོ་རྗེ་རྩེ་ལྔ་པར་བསམ་ཞིང་རྡོ་རྗེའི་སྐས་ཀྱི་རིམ་པའི་ཕྲེང་བ་དེས་ཟླ་ བ་ལ་སོགས་པའི་གཞལ་ཡས་ཁང་དེར་འགྲོ་བར་འགྱུར་རོ། །རྡོ་རྗེ་ཐལ་མོའི་ཁ་ཊྭཱཾ་ག་ཞེས་བྱ་བ་ལ་རྡོ་རྗེ་ཐལ་མོ་བཅིངས་ནས་བདག་ཉིད་ཀྱི་སྲིན་ལག་དང་མཐེའུ་ཆུང་རྣམས་ཀྱི་རྡོ་རྗེ་ཐལ་མོ་མ་བཀྲོལ་བར་སོར་མོ་ལྷག་མ་རྣམས་ཀྱིས་ཁ་ཊྭཱཾ་ག་བྱའོ། །དེ་ནས་གཉིས་སུ་བྱས་ནས་ཁ་ཊྭཱཾ་ག་གཉིས་ཀྱི་ རྡོ་རྗེ་ཁུ་ཚུར་ཞེས་བྱ་བའི་ཕྱག་རྒྱར་འགྱུར་རོ། །དངོས་གྲུབ་ཐམས་ཅད་རྡོ་རྗེ་ཁུ་ཚུར་དག་གིས་སོ་ཞེས་བྱ་བ་ལ་འདས་མ་ཐག་ཏུ་བཤད་པའི་ཁ་ཊྭཱཾ་ག་གཉིས་ཀྱིས་དཔལ་རྡོ་རྗེ་སེམས་དཔས་གསུངས་པའི་དངོས་གྲུབ་ཐམས་ཅད་གྲུབ་པ་ཡིན་ནོ། །དེ་བཞིན་གཤེགས་པའི་ཁུ་ཚུར་དག་ གིས་དངོས་གྲུབ་ཐམས་ཅད་དོ་ཞེས་བྱ་བ་ལ་དེ་བཞིན་དུ་ཁ་ཊྭཱཾ་ག་གཉིས་བཅིངས་ནས་མཛུབ་མོ་གཉིས་ཀྱི་སེན་མོའི་ལོགས་སུ་མཐེ་བོང་གཉིས་ཀྱི་རྩ་བ་གཟུང་བར་བྱ་སྟེ་འདི་ནི་དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་སོ། །འདི་དག་གིས་དེ་བཞིན་གཤེགས་པས་གསུངས་པ་ཐམས་ཅད་གྲུབ་ པར་འགྱུར་རོ། །ཐམས་ཅད་གསང་བ་ནི་ཁྲོ་བའི་རྡོ་རྗེ་ཁུ་ཚུར་གྱིས་སོ་ཞེས་བྱ་བ་ལ་དེ་བཞིན་དུ་ཁ་ཊྭཱཾ་ག་གཉིས་བྱས་ལ་མཛུབ་མོ་གཉིས་བསྒྲེངས་པ་སྡིགས་མཛུབ་ཀྱི་ཚུལ་དུ་གཟུང་བར་བྱ་སྟེ་འདི་ནི་ཁྲོ་བོའི་ཁུ་ཚུར་གཉིས་ཏེ་ཁྲོ་བོའི་ཁུ་ཚུར་གཉིས་པོ་འདིས་རྡོ་རྗེའི་རིགས་ལས་གསུངས་པའི་ཐམས་ཅད་ གསོད་པའི་ལས་གྲུབ་པར་འགྱུར་རོ། །ཐམས་ཅད་སྦྱང་བ་ནི་པདྨའི་ཁུ་ཚུར་དག་གིས་སོ་ཞེས་བྱ་བ་ལ་དེ་བཞིན་དུ་ཁ་ཊྭཱཾ་ག་གཉིས་བྱས་ནས་མཐེ་བོ་གཉིས་ཀྱི་རྩེ་མོ་དབུས་མ་དང་། མཛུབ་མོའི་རྩེ་མོ་གཉིས་གཟུང་བར་བྱས་ཏེ་འདིས་ཐམས་ཅད་སྦྱང་བ་ནི་པདྨའི་རིགས་གཏོགས་པས་སེམས་ཅན་ ཐམས་ཅད་སྦྱང་བའོ་ཞེས་བྱ་བའི་དོན་ཏོ། །ནོར་ཐམས་ཅད་འཕྲོག་མ་ནི་ནོར་བུའི་ཁུ་ཚུར་དག་གིས་སོ་ཞེས་བྱ་བ་ལ་ཁ་ཊྭཱཾ་ག་གཉིས་བྱས་ལ་མཐེ་བོང་གི་རྩེ་མོ་དང་མཛུབ་མོའི་རྩེ་མོ་སྦྱར་བ་ནི་ནོར་བུའི་ཁུ་ཚུར་ཡིན་ནོ། །ཐམས་ཅད་འབེབས་པ་ནི་ཐམས་ཅད་འབེབས་པའི་ཁུ་ཚུར་དག་གིས་སོ་ 61-1-170a ཞེས་བྱ་བ་ནི་ཁ་ཊྭཱཾ་ག་གཉིས་བྱས་ལ་མཐེ་བོང་གཉིས་དབུས་མ་དང་སྲིན་ལག་གི་རྩ་བར་གཟུང་བར་བྱ་སྟེ་འདི་ནི་འབེབས་པའི་ཁུ་ཚུར་རོ། །ཐམས་ཅད་གར་བྱེད་དུ་བཅུག་པ་ནི་ཁ་ཊྭཱཾ་ག་གཏོར་བའི་ཁུ་ཚུར་དག་གིས་སོ་ཞེས་བྱ་བ་ལ་དེ་བཞིན་དུ་ཁ་ཊྭཱཾ་ག་གཉིས་ཀྱི་ཁུ་ཚུར་གཉིས་དོར་བར་ བྱས་ཏེ་འདིས་གར་གྱི་ཚུལ་གྱིས་ཐམས་ཅད་གར་བྱེད་དུ་གཞུག་པ་ཡིན་ནོ། །དེ་བཞིན་དུ་ཁ་ཊྭཱཾ་ག་གཉིས་བྱས་ལ་མཛུབ་མོ་གཉིས་ཀྱི་ཡང་དག་པར་སྦྱར་བའི་རྩེ་མོ་བྱས་ལ་ཁའི་ཕྱོགས་ལས་གྱེན་དུ་ངག་འབྱིན་པའི་ཚུལ་དུ་དྲང་བར་བྱ་སྟེ་དེ་ལྟར་ཐམས་ཅད་སྨྲར་བཅུག་པའོ། །དེ་བཞིན་དུ་ ཁ་ཊྭཱཾ་ག་གཉིས་བྱས་ལ་རང་གི་མཐེའུ་ཆུང་དང་སྲིན་ལག་གི་ནང་དུ་མཐེ་བོ་གཉིས་བཞག་ལ་མཛུབ་མོ་གཉིས་ཀྱི་རྩེ་མོ་རང་གི་མཐེ་བོང་གི་སྟེང་དུ་ཡང་དག་པར་སྦྱར་བས་གཟུང་བར་བྱ་སྟེ་འདི་ནི་བསྟན་པའི་ཁུ་ཚུར་གཉིས་ཏེ། འདིས་ཐམས་ཅད་བསྐྱོད་པར་བྱའོ། །དེ་བཞིན་དུ་ཁ་ཊྭཱཾ་ག་གཉིས་བྱས་ལ་ མཛུབ་མོ་གཉིས་ཀྱི་ལྕགས་ཀྱུ་གཉིས་བྱས་ཏེ་འདིས་ཐམས་ཅད་གཞུག་པར་བྱས་པར་འགྱུར་རོ། །དེ་ནས་རྡོ་རྗེ་ཁུ་ཚུར་གཉིས་ཀྱི་ཞེས་བྱ་བ་ལ་སོགས་པ་ལ་དཀྱིལ་འཁོར་གྱི་ཕྱག་རྒྱའི་དབང་དུ་བྱས་པ་ལས་གསུངས་པའི་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་ལག་པའི་སོར་མོ་རྣམས་ཀྱིས་པི་ཝང་ རྡུང་བའི་ཚུལ་བྱས་ན་ཐམས་ཅད་རྗེས་སུ་ཆགས་པར་བྱའོ། །གླིང་བུ་འབུད་པའི་ཚུལ་གྱིས་ཐམས་ཅད་དབང་དུ་བྱེད་པའོ། །རྫ་རྔ་རྡུང་བའི་ཚུལ་གྱིས་ཐམས་ཅད་འབེབས་པའོ། །མུ་ཀུད་རྡུང་བའི་ཚུལ་གྱིས་རིམས་ཐམས་ཅད་ལྡོག་པའོ། །ཆ་ལང་རྡུང་བའི་ཚུལ་གྱིས་ དུག་ཐམས་ཅད་ལྡོག་པའོ། །རྔ་བོ་ཆེ་རྡུང་བའི་ཚུལ་གྱིས་སྦྱར་བའི་དུག་ཐམས་ཅད་བཟློག་པའོ། །རྔ་ཟླུམ་རྡུང་བའི་ཚུལ་གྱིས་གདོན་ཐམས་ཅད་ལས་གྲོལ་བའོ། །རྔ་པ་ཊ་ཧ་རྡུང་བའི་ཚུལ་གྱིས་ཐམས་ཅད་གསོད་པའོ། །འགུན་ཛ་རྡུང་བའི་ཚུལ་གྱིས་འཐབ་མོ་ལས་རྣམ་པར་ རྒྱལ་བའོ། །ཏི་མ་ལ་རྡུང་བའི་ཚུལ་གྱིས་ཕུན་སུམ་ཚོགས་པ་ཐམས་ཅད་གྲུབ་པར་འགྱུར་རོ། །དེ་ལྟར་རས་རིས་དཀྱིལ་འཁོར་གྱི་ལས་བརྒྱ་སྒྲུབ་པར་བྱེད་པའི་ཕྱག་རྒྱ་བསྟན་ནས། ད་ནི་དེ་ཉིད་ཀྱིས་ལས་སྟོང་སྒྲུབ་པར་བྱེད་པའི་ཕྱག་རྒྱ་སྟོང་བསྟན་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་ 61-1-170b གསུངས་སོ། །ཕྱག་རྒྱ་ཆེན་པོ་མཉམ་གཞག་ནས། །ཞེས་བྱ་བ་ལ་སོགས་པ་ལ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་བཅིངས་ནས་ལག་པ་གཡས་པས་བ་དན་གསུམ་པ་དང་། གཡོན་པས་ཁ་ཊྭཱཾ་ག་བཅིངས་ནས་འདས་མ་ཐག་ཏུ་བཤད་པའི་ལས་བརྒྱ་པོ་དེ་བསྒྲུབ་པར་ བྱའོ། །དེ་ལྟར་གར་ལས་བྱུང་བའི་ལས་ཀྱི་ཕྱག་རྒྱ་བརྒྱ་པོ་བསྟན་ནས་ད་ནི་གསང་བའི་ལྕགས་ཀྱུའི་ལས་བརྒྱ་བསྒྲུབ་པ་བསྟན་པའི་ཕྱིར་བདེ་བ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསང་བའི་ལྕགས་ཀྱུ་བཅིངས་ནས་འདས་མ་ཐག་ཏུ་བཤད་པའི་ལས་བརྒྱ་པོ་དེ་ཉིད་བསྒྲུབ་པར་བྱའོ། ། རྡོ་རྗེ་བསྡམས་པ་བཅིངས་ནས་རྡོ་རྗེ་བསྡམས་པའི་ནང་དུ་ཅི་འདོད་པའི་སོར་མོ་ཐམས་ཅད་བསྐྱོད་ཅིང་ལས་བརྒྱ་སྒྲུབ་པར་བྱེད་དེ་གསུམ་པའོ། །རྡོ་རྗེ་གར་ལས་བྱུང་བའི་ཁ་སྦྱོར་གྱི་ཐལ་མོ་སྤྱི་བོར་གཟུང་ཞིང་ལས་བརྒྱ་པོ་དེ་ཉིད་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་ཀྱི་དབང་པོ་རྣམས་ཀྱི་དེའི་ ཚུལ་བཟུང་ཞིང་བསྒྲུབ་པར་བྱ་སྟེ་བཞི་པའོ། །བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ལས་ཀྱི་ཕྱག་རྒྱ་རྡོ་རྗེ་བསྙེམས་པ་སྟེ། དེ་བཅིངས་ནས་ལག་པ་གཡས་པས་གར་བྱ་ཞིང་ལས་བརྒྱ་པོ་དེ་ཉིད་བསྒྲུབ་པར་བྱ་སྟེ་འདི་ནི་ལྔ་པའོ། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱི་རྣལ་འབྱོར་བྱས་ལ་རྡོ་རྗེ་ཐལ་ མོ་བཅིངས་ནས་ལས་བརྒྱ་བསྒྲུབ་པར་བྱས་ཏེ་འདི་ནི་དྲུག་པའོ། །མདའ་ལྔ་བསྡུས་པ་བཅིངས་ནས་རྣམ་པར་འགྱུར་བ་མེད་པར་དེས་གཟུང་ཞིང་ལས་བརྒྱ་བསྒྲུབ་པར་བྱ་སྟེ། ཕྱག་རྒྱ་བཅིངས་པ་མེད་པར་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས་ཀྱི་ལས་བརྒྱ་པོ་དེ་ཉིད་བསྒྲུབ་པར་བྱ་སྟེ་འདི་ནི་ལས་བརྒྱ་པོ་བརྒྱད་པའོ། ། འདིས་ནི་འདི་ལྟར་བཤད་པར་འགྱུར་ཏེ། བསྒོམ་པ་ཁོ་ན་གཙོ་བོར་གྱུར་པ་ཡིན་གྱི་ཕྱག་རྒྱ་ནི་མ་ཡིན་ནོ་ཞེས་བྱ་བའོ། །རྡོ་རྗེ་ཐལ་མོ་བཅིངས་ནས་ཁ་ཊྭཱཾ་ག་གཉིས་བྱས་ཏེ། གར་བྱ་ཞིང་ཡི་གེ་ཧཱུཾ་གི་གླུའི་བཟླས་པ་བྱ་སྟེ་འདིས་ཀྱང་ལས་བརྒྱ་པོ་དེ་ཉིད་བསྒྲུབ་པར་བྱ་སྟེ་འདི་ནི་དགུ་པའོ། །རྡོ་རྗེ་ཁུ་ ཚུར་གཉིས་ཀྱི་ལག་པའི་སོར་མོ་རྣམས་ཀྱི་པི་ཝང་རྡུང་བའི་ཚུལ་གྱིས་ལས་བཅུ་པའོ། །གླིང་བུ་རྡུང་བའི་ཚུལ་གྱིས་བཅུའོ། །ཛ་རྔ་རྡུང་བའི་ཚུལ་གྱིས་བཅུའོ། །ཀུ་མུ་ད་རྡུང་བའི་ཚུལ་གྱིས་བཅུའོ། །ཆ་ལང་རྡུང་བའི་ཚུལ་གྱིས་བཅུའོ། །རྔ་བོ་ཆེ་རྡུང་བའི་ཚུལ་གྱིས་བཅུའོ། །རྔ་ཟླུམ་ 61-1-171a རྡུང་བའི་ཚུལ་གྱིས་བཅུའོ། །རྔ་པ་ཊ་ཧ་རྡུང་བའི་ཚུལ་གྱིས་བཅུའོ། །འགུན་ཛ་རྡུང་བའི་ཚུལ་གྱིས་བཅུའོ། །ཏི་མི་ལ་རྡུང་བའི་ཚུལ་གྱིས་སྔར་བཤད་པའི་ལས་བཅུ་པོ་དེ་རྣམས་ཉིད་བསྒྲུབ་པར་བྱ་སྟེ་འདི་ནི་བརྒྱད་ཅུ་པ་ཡིན་ནོ། །དེ་ལྟར་ན་ཕྱག་རྒྱ་སྟོང་དུ་འགྱུར་བ་ཡིན་ ནོ། །གསང་བའི་དཀྱིལ་འཁོར་གྱི་ཕྱག་རྒྱ་རྫོགས་སོ།། །།དེ་ལྟར་ཞེས་བྱ་བ་ལ་དེ་ལྟར་འདས་མ་ཐག་ཏུ་བཤད་པའི་ཚུལ་གྱིས་རྟོགས་པའི་ཚུལ་ཡོངས་སུ་སྤྱད་པ་ཞེས་བྱ་བ་དང་སྦྱར་རོ། །དེ་ཇི་ལྟ་བུ་ཞེ་ན། མཆོག་ཏུ་མི་འགྱུར་རོ་ཞེས་བྱ་བ་ནི་རྟག་པའོ། །མཆོག་ཏུ་ནི་དམ་པ་སྟེ། རྡོ་རྗེ་ སེམས་དཔའ་ལ་སོགས་པའི་དངོས་གྲུབ་ཀྱི་བདེ་བ་རྣམས་ཀྱི་བདག་པོ་སྟེ་ཁྱབ་བདག་རྟོག་པའི་ཚུལ་འདི་ནི་ཡིན་ནོ། །མཆོག་ནི་དམ་པ་སྟེ། བག་ཆགས་དང་བཅས་པའི་ཉོན་མོངས་པ་དང་བྲལ་བས་ན་རྣམ་པར་དག་པ་སྟེ། དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོའི་རྡོ་རྗེའི་བདེ་བ་ལས་བྱུང་བས་ན་གྲུབ་པའོ། ། རྡུལ་ཕྲ་རབ་དང་མཉམ་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དང་མཚུངས་པའི་རིགས་ལྔའི་དངོས་གྲུབ་སྟེར་བས་ན་མཐའ་ཡས་པའི་འབྲས་བུ་དང་ལྡན་པའོ། །བསལ་བ་ནི་སྙིགས་མ་ལྔ་ཐམས་ཅད་དང་བྲལ་བའི་མཆོག་དང་པོའི་རྡོ་རྗེ་སེམས་དཔའི་མཆོག་དམ་པ་སྟེ་ཕུལ་དུ་བྱུང་བའི་སྐུ་གང་ཡིན་པ་དེའི་ ཚུལ་ནི་ཐོབ་པར་བྱེད་པའི་རྒྱུའོ། །གསལ་བའི་རང་བཞིན་དུ་ཡོངས་སུ་རྫོགས་པས་ན་གསལ་བ་ཡོངས་སུ་སྦྱང་བའོ། །མཆོག་ཏུ་རྟག་པ་ཞེས་བྱ་བ་ནི་ཐོག་མ་དང་ཐ་མ་མེད་པའི་རྟོག་པའི་ཚུལ་དེ་ཉིད་ཡིན་ནོ། །དཔལ་མཆོག་དང་པོའི་རྒྱ་ཆེར་བཤད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བ་ཞེས་ བྱ་བ་ལས་གསང་བའི་དཀྱིལ་འཁོར་གྱི་ཕྱག་རྒྱའི་རྒྱུད་ཐམས་ཅད་ཀྱི་རྟོག་པ་རྫོགས་སོ།། །།དེ་ལྟར་དངོས་གྲུབ་ཐམས་ཅད་ཀྱི་ཐབས་སུ་གྱུར་པའི་བདག་ལ་བྱིན་གྱིས་བརླབ་པའི་རྣལ་འབྱོར་གྱི་ཕྱག་རྒྱ་ཐམས་ཅད་སྒྲུབ་པའི་ཕྱག་རྒྱ་ཐམས་ཅད་ཀྱི་རྒྱུད་རྣམས་ཀྱི་རྟོག་པ་ཐམས་ཅད་ཀུན་ནས་ བསྡུས་པའི་དྲི་བ་སྔོན་དུ་འགྲོ་བས་བསྟན་པར་བྱ་བའི་ཕྱིར། དེ་ནས་སེམས་དཔའ་ཆེན་པོ་ཀུན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་དེ་ལ་དེ་ནས་ཞེས་བྱ་བ་ནས་བརྩམས་ཏེ། ཇི་སྲིད་མཆོག་གི་མདོ་ཞེས་བྱ་བའི་བར་གྱིས་དྲི་བའི་ཚུལ་གྱི་མདོར་བསྟན་པ་གསུངས་པ་ཡིན་ནོ། །དེ་ནས་སྟོན་པ་རྡོ་རྗེ་འཆང་། ། 61-1-171b ཞེས་བྱ་བ་ནས་བརྩམས་ཏེ། ཇི་སྲིད་མཆོག་ཏུ་གསང་བའི་ཆོ་གའོ། །ཞེས་བྱ་བའི་བར་དུ་གསུངས་པས་རྟོག་པ་ཐམས་ཅད་ཀུན་ནས་བསྡུས་པ་དྲིས་པའི་ལན་བཏབ་པའི་ཚུལ་གྱིས་རྒྱས་པར་བསྟན་པའོ། །དེ་ལ་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་རྟོག་པའི་ངེས་པ་ཤེས་པས་སྒྲུབ་པ་པོ་རྣམས་ཀྱི་དངོས་གྲུབ་གྲུབ་པ་ ཡིན་ནོ་ཞེས་བྱ་བ་བསྟན་པའི་ཕྱིར། རྣམ་རྟོག་མེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་དང་བྲལ་བའི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་ནི་རྣམ་པར་རྟོག་པ་མེད་པའི་ཆོས་རྣམས་སོ། །རྣམ་པར་རྟོག་པ་མེད་པའི་ཆོས་དེ་དག་ལས་སེམས་ཅན་ རྣམས་ཀྱི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་གྲུབ་ཀྱི་དོན་དུ་ཕྱོགས་བཅུ་ཀུན་དུ་བརྟག་པ་ནི་སེམས་ཅན་དོན་ནི་ཡོངས་སུ་བརྟག་པ་སྟེ། རྟག་ཏུ་རྡོ་རྗེ་དྲིལ་འཆང་ཞིང་། །དངོས་གྲུབ་མཆོག་ནི་བསྒྲུབ་བྱ་སྟེ། །བདག་བྱིན་བརླབ་སོགས་སྒྲུབ་པ་པོས། །ཞེས་བྱ་བའི་རྣམ་པར་རྟོག་པའོ་ཞེས་བྱ་བའི་ དོན་ཏོ། །དེ་ནས་རྟོག་པ་ཀུན་བཤད་དེ། །ཞེས་བྱ་བ་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྤྱོད་ཡུལ་དུ་སེམས་ཅན་གྱི་དོན་ཡོངས་སུ་རྟོགས་པ་སྟེ་ཐམས་ཅད་དགུག་པ་ལ་སོགས་པ་སྟོན་པར་བྱེད་པའི་སྒྲའི་ཚོགས་དཔལ་རྡོ་རྗེ་སེམས་དཔའ་ཡང་དག་པར་གསུངས་པ་ནི་ཀུན་དུ་རབ་ཏུ་གསུངས་པ་ནི་ཡིན་ ནོ། །དེ་ཅིའི་ཕྱིར་ཞེ་ན། རྟོག་པ་ཐམས་ཅད་ཡོངས་སུ་དག་ཕྱིར་རོ་ཞེས་བྱ་བ་ལ་སྒྲུབ་པ་པོའི་གཟུང་བ་དང་འཛིན་པ་ལ་སོགས་པའི་རྣམ་པར་རྟོག་པ་རྣམས་སྦྱང་བའི་ཕྱིར་རོ། །དེ་ལྟར་ན་རྟོག་པའི་དོན་གྱི་རྒྱུད་བསྟན་ནས་ད་ནི་རྒྱུད་ཕྱི་མ་ཤེས་པས་དངོས་གྲུབ་ཐོབ་པ་ཡིན་ནོ་ཞེས་བྱ་བ་རབ་ཏུ་བསྟན་ པར་བྱ་བའི་ཕྱིར། དེ་ནས་རྒྱུད་ཕྱི་མ་ཇི་ལྟར་ཡིན་ཞེས་བྱ་བ་གསུངས་ཏེ་དང་པོའི་སྦྱོར་བ་ལ་སོགས་པ་སྟོན་པར་བྱེད་པའི་སྒྲའི་ཚོགས་ནི་རྒྱུད་དོ། །སྐལ་བ་བཟང་པོ་ལ་སོགས་པ་ལས་སྔར་དང་ད་ལྟར་བྱུང་བའི་རྒྱུད་རང་བཞིན་དུ་རྟག་ཏུ་གནས་པས་ན་ཕྱི་མ་སྔ་མར་ཡང་དག་འབྱུང་བའོ། །རྡོ་རྗེ་ དང་དྲིལ་བུ་དང་ཕྱག་རྒྱ་ནི་དེ་ཁོ་ན་ཉིད་དོ། །ལྷ་མོ་བཞི་ཕྲེང་གི་དབུས་ན་ཞུགས་པའི་རྡོ་རྗེ་སེམས་དཔའི་སྐུའི་གསང་བ་ནི་གསང་བའོ། །དེ་ཉིད་ཤིན་ཏུ་རྣལ་འབྱོར་གྱི་ཚུལ་གྱིས་གསང་བའོ། །ཕྱི་མ་དང་བཅས་ཞེས་བྱ་བ་ནི་ཕུལ་དུ་བྱུང་བའི་རྒྱུད་ཅེས་བྱ་བའི་དོན་ཏེ་དེ་ཉིད་བདག་གི་འདོད་པ་ 61-1-172a ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་བྱ་བ་ཚིག་གི་ལྷག་མའོ། །དེ་ལྟར་རྒྱུད་ཕྱི་མ་བསྟན་ནས། ད་ནི་དང་པོའི་གནས་ཞེས་པ་བསྟན་པར་བྱ་བའི་ཕྱིར་དང་པོའི་གནས་ཤེས་པ་ཞེས་བྱ་བ་གསུངས་ཏེ་དེ་ལྟར་བྱུང་བའི་རང་བཞིན་གྱི་ཕུལ་དུ་བྱུང་བ་དང་དཔག་ཏུ་མེད་པའི་གཟུགས་ཀྱི་གནས་ པས་ན་རབ་ཏུ་གནས་པའོ། །དེ་ཡང་གང་དུ་གནས་ཤེ་ན། ནམ་མཁའ་ཀུན་ལ་ཞེས་བྱ་བ་གསུངས་སོ། །དང་པོའི་རྡོ་རྗེ་དང་རིན་པོ་ཆེ་དང་། པདྨ་དང་། སྣ་ཚོགས་རྡོ་རྗེ་རྣམས་ཀྱི་རྫོགས་པ་ནི་རྡོ་རྗེ་ཀུན་དངོས་གྲོང་ཁྱེར་རོ། །བདེ་བ་ཡང་ཡིན་ལ་ཆེན་པོ་ཡང་དེ་ཉིད་ཡིན་པས་ན་བདེ་བ་ཆེན་པོ་ སྟེ། དེས་ཉམས་དགའ་བ་ཆེན་པོ་ནི་ཡིད་དང་རྗེས་སུ་མཐུན་པའོ། །གྲོང་ཁྱེར་ནི་དཀྱིལ་འཁོར་རོ། །དེ་ཉིད་མཆོག་སྟེ་ཐོག་མ་དང་ཐ་མ་མེད་པའོ། །ད་ནི་ཐོག་མ་དང་ཐ་མ་མེད་པ་ཤེས་པས་དངོས་གྲུབ་ཐོབ་པ་ཡིན་ཞེས་བྱ་བ་བསྟན་པར་བྱ་བའི་ཕྱིར། དེ་ལ་ཐོག་མ་དང་ཐ་མ་མེད་པའི་ རྡོ་རྗེ་སེམས་དཔའ་ཇི་ལྟར་ཡིན་ཞེས་བྱ་བ་གསུངས་སོ། །ནམ་མཁའ་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །རྡོ་རྗེ་ཆེན་པོའི་དེ་བཞིན་ཉིད་དང་རོ་གཅིག་པར་ཤེས་པ་ཡང་རྡོ་རྗེ་ཆེན་པོའོ། །དེའི་བཞིན་ནི་དེའི་དངོས་པོ་སྟེ་ཐོག་མ་དང་ཐ་མ་མེད་པའི་ཞེས་བྱ་བ་བརྗོད་པ་ཡིན་ནོ། །ད་ནི་རྡོ་རྗེ་ སེམས་དཔའ་ཤེས་པས་དངོས་གྲུབ་ཐོབ་པ་ཡིན་ནོ་ཞེས་བྱ་བ་བསྟན་པར་བྱ་བའི་ཕྱིར། དེ་ནས་བཅོམ་ལྡན་འདས་དེ་གང་ཡིན་ཞེས་བྱ་བ་གསུངས་སོ། །ཀུན་གྱི་དམ་པ་དངོས་གྲུབ་ཆེ་བ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །དེ་ཉིད་དབང་ཕྱུག་དམ་པ་སྟེ་བག་ཆགས་དང་བཅས་ པའི་ཉོན་མོངས་པ་དང་བྲལ་བའི་ཐུགས་བྱིན་གྱིས་བརླབ་པའོ། །དེའི་སྐུའི་རང་བཞིན་ཅན་གྱི་ལྷ་ནི་ལྷག་པའི་ལྷའོ། །ལྷག་པའི་ལྷ་ཉིད་ནི་ལྷག་པའི་ལྷ་ཁོ་ན་སྟེ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་ལས་བྱུང་བའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྐུའི་གསང་བའོ་ཞེས་བྱ་བའི་དོན་ ཏོ། །རྒྱལ་པོ་རྡོ་རྗེ་འཆང་ཆེན་པོ། །རབ་ཏུ་དགའ་བ་མི་འགྱུར་མཆོག །ཅེས་བྱ་བ་ལ་དེ་ལྟར་འདས་མ་ཐག་ཏུ་བཤད་པའི་མཚན་ཉིད་ཅན་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ཡིན་ཏེ། ས་དམའ་བ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ 61-1-172b ཐམས་ཅད་ཟིལ་གྱིས་མནན་ནས་ནམ་མཁའི་ཁམས་ཐམས་ཅད་ལ་རྟག་ཏུ་གནས་པའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས་ཀྱི་མཛེས་པས་ན་རྒྱལ་པོའོ། །ཟག་པ་མེད་པའི་བདེ་བ་དང་ཡིད་བདེ་བའི་རང་བཞིན་ཡིན་པས་ན་རབ་ཏུ་དགའ་བའོ། །རྟག་པས་ན་མི་འགྱུར་མཆོག་སྟེ་དེ་ལྟ་བུ་རྡོ་རྗེ་སེམས་ དཔར་བརྗོད་པ་ཡིན་ནོ། །ད་ནི་དགའ་བ་ཆེན་པོ་ཉིད་ཤེས་པས་དངོས་གྲུབ་ཐོབ་པ་ཡིན་ནོ་ཞེས་བྱ་བ་བསྟན་པར་བྱ་བའི་ཕྱིར། དེ་ལ་བཅོམ་ལྡན་འདས་དགའ་བ་ཆེན་པོ་ཉིད་ཇི་ལྟར་ཡིན་ཞེས་བྱ་བ་གསུངས་ཏེ། བག་ཆགས་དང་བཅས་པའི་ཉོན་མོངས་པ་དང་བྲལ་བས་སྐྱོན་མེད་པའོ། །རང་བཞིན་ ལས་གཡོ་བར་མི་འགྱུར་བས་ན་རྟག་པའོ། །ཕྱི་མའི་མཐར་ཐུག་གི་བར་དུ་གཟུགས་ཐམས་ཅད་སྟོན་པས་སེམས་ཅན་གྱི་དོན་མཛད་པའི་ཕྱིར་ན་ཤིན་ཏུ་ཆགས་པས་ཐམས་ཅད་རྗེས་སུ་ཆགས་པར་མཛད་པའོ། །དེ་ཁོ་ན་ཉིད་འདིའི་གསང་བ་ནི་ཐུན་མོང་མ་ཡིན་པའི་བཅོམ་ལྡན་འདས་རྡོ་རྗེ་སེམས་ དཔའ་ནི་ཆགས་པ་ཆེན་པོའོ། །ཆེན་པོ་ནི་ཆོས་ཀྱི་དབྱིངས་དང་སེམས་ཅན་གྱི་དོན་ཏེ་དེ་ལ་དགྱེས་པས་ན་དགའ་བ་ཆེའོ། །ཀུན་དུ་བཟང་པོ་ཉིད་ཤེས་པས་ཀྱང་གྲུབ་པར་འགྱུར་རོ་ཞེས་བྱ་བ་བསྟན་པར་བྱ་བའི་ཕྱིར་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དུས་ཐམས་ཅད་དུ་ཆགས་པ་ དང་བཅས་པ་བྲལ་བས་ན་ཤིན་ཏུ་དག་པའོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སོགས་པ་རྣམས་ཀྱི་བྱང་ཆུབ་ཆེན་པོའི་རང་བཞིན་གྱི་མཆོག་ཡིན་པས་ན་ཀུན་གྱི་མཆོག་གོ། །སྐལ་བ་བཟང་པོ་ལ་སོགས་པ་ལས་ཀྱང་སྔར་རྟག་ཏུ་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་དང་བྲལ་བས་ ན་འདོད་ཆགས་གདོད་ནས་གྲོལ་བའོ། །དངོས་པོ་ཐམས་ཅད་ཇི་ལྟ་བ་བཞིན་གནས་པ་དེ་བཞིན་དུ་མཁྱེན་པ་དང་དེ་བཞིན་དུ་གཞན་རྣམས་ལའང་སྟོན་པས་ན་དེ་བཞིན་གཤེགས་པའོ། །གདུལ་བྱ་རྣམས་ལ་ཀུན་ནས་བཟང་པོ་འདི་ལས་བྱུང་བས་ན་ཀུན་དུ་བཟང་པོའོ། །བྱང་ཆུབ་ཀྱི་རང་ བཞིན་གྱི་སེམས་ནི་བྱང་ཆུབ་སེམས་དཔའོ། །ཆོ་ག་མཆོག་ཅེས་བྱ་བ་ནི་མཆོག་གི་རང་བཞིན་གྱི་ཀུན་དུ་བཟང་པོ་ཞེས་བྱ་བར་བརྗོད་པ་ཡིན་ནོ། །རྡོ་རྗེ་བསྙེམས་པའི་བདག་པོ་ཉིད། །ཅེས་པས་ཀྱང་གྲུབ་པར་འགྱུར་རོ་ཞེས་བྱ་བ་བསྟན་པར་བྱ་བའི་ཕྱིར། དེ་ལ་རྡོ་རྗེ་བསྙེམས་པའི་བདག་པོ་ 61-1-173a བཅོམ་ལྡན་འདས་ཇི་ལྟར་ཡིན་ཞེས་བྱ་བ་གསུངས་ཏེ། ཀུན་མཆོག་དངོས་གྲུབ་ཆེན་པོའོ། །དབང་ཕྱུག་ཆེན་པོའི་ཕྱག་རྒྱའི་མཆོག །ཅེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྐུའི་ཕྱག་རྒྱ་སྟེ། བྱེད་པ་པོར་གྱུར་པ་དེ་དང་བྱེད་པར་འགྱུར་བའི་རྡོ་རྗེ་དབང་ཕྱུག་སྟེ་བག་ཆགས་ དང་བཅས་པའི་ཉོན་མོངས་པ་དང་བྲལ་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་དང་ཡིད་བདེ་བའི་རང་བཞིན་ཅན་གྱི་གསང་བ་ལྔ་ཤེས་པའི་ཕྱི་མའི་མཐར་ཐུག་པའི་བར་དུ་བར་མ་ཆོད་པས་སྐྱེད་ཅིང་མངོན་དུ་བྱེད་པ་ནི་རྡོ་རྗེ་དབང་ཕྱུག་ཆེར་བསྟོད་པའོ། །རྒྱུད་དེ་ཉིད་ཀྱི་ཕྱིར་རྡོ་རྗེ་བསྙེམས་ པ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་སྟེ། དེའི་བདག་པོ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ཅན་གྱི་རྡོ་རྗེ་སེམས་དཔའོ། །བཅོམ་ལྡན་རྡོ་རྗེ་བསྙེམས་མའི་རང་བཞིན་གྱི་རིག་པའི་ལྷ་མོའི་བདག་པོ་ཡིན་ནོ་ཞེས་བྱ་བ་ལ་བདག་པོའི་སྒྲའི་གཉིས་པ་བསྟན་ཏོ། ། ད་ནི་སེམས་ལ་སོགས་པ་ཤེས་པས་གྲུབ་པར་འགྱུར་རོ་ཞེས་བྱ་བ་བསྟན་པར་བྱ་བའི་ཕྱིར། དེ་ནས་མཆོག་ཏུ་ཞེས་བྱ་བ་གསུངས་ཏེ་རང་རིག་པའི་རང་བཞིན་ཉིད་ཀྱིས་བསམ་པར་མི་ནུས་པའི་ཕྱིར་བསམ་གྱིས་མི་ཁྱབ་པ་སྟེ། བྱང་ཆུབ་སེམས་ནི་རྟག་བརྟན་པ། །ཞེས་བྱ་བ་དང་སྦྱར་རོ། ། དེ་བཞིན་ཉིད་དང་རོ་གཅིག་པ་ཉིད་ཀྱིས་ཐམས་ཅད་དུ་འགྲོ་བས་ན་རྒྱ་ཆེ་བའོ། །རྒྱ་མཚོ་ཆེན་པོ་བཞིན་དུ་ཤེས་པས་གཞན་གྱི་ཤེས་རབ་ཀྱིས་འཇུག་པར་མི་ནུས་པས་ན་ཟབ་མོའོ། །རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་གྲུབ་རྣམས་ནི་དངོས་གྲུབ་ཐམས་ཅད་དེ། དེ་དག་གིས་གདུལ་བྱ་ རྣམས་ལ་བདེ་བ་གང་འབྱུང་བ་དེ་ནི་དངོས་གྲུབ་ཐམས་ཅད་ཀྱི་བདེ་བ་རྣམས་སོ། །དེ་རྣམས་ཀྱི་མི་འགྱུར་བ་ནི་རང་གི་སྐྱེ་བའི་རྒྱུའོ། །སེམས་ཅན་ཐམས་ཅད་ཀྱི་རྒྱུད་ཀྱི་རྗེས་སུ་འབྲང་བས་ན་ཐམས་ཅད་ལ་ཁྱབ་པའོ། །གསེར་དང་ནམ་མཁའ་དང་ཆུའི་ཁམས་བཞིན་དུ་རང་བཞིན་གྱིས་ དག་པས་དྲི་མ་མེད་པའོ། །བྱང་ཆུབ་ཀྱི་མཚན་ཉིད་ཅན་གྱི་སེམས་ནི་བྱང་ཆུབ་ཀྱི་སེམས་སོ། །བདག་ཉིད་བརྟན་པ་ནི་མི་ཕྱེད་པའོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ནས་འདིའི་ལས་ཀྱི་ཁྱད་པར་ཞེས་བྱ་བ་ལ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ཀྱི་རྗེས་སུ་འབྲང་ 61-1-173b བའི་བྱང་ཆུབ་ཆེན་པོའི་མཚན་ཉིད་ཅན་གྱི་བྱང་ཆུབ་ཀྱི་སེམས་འདི་མངོན་དུ་བྱ་བའི་ཕྱིར། བསྒོམ་པའི་ཁྱད་པར་འདི་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །སེམས་ཉིད་བརྟན་པ་ཉིད་སེམས་དཔའ། །ཞེས་བྱ་བ་ལ། སེམས་ཅན་ཐམས་ཅད་ཀྱི་རང་རིག་པའི་རང་བཞིན་ཅན་གྱི་སེམས་གང་ཡིན་པ་དེ་ཉིད་ནི་ གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པས་མི་གཡོ་བ་ཉིད་ཀྱི་ཕྱིར་སེམས་དཔའ་ནི་རྡོ་རྗེ་སེམས་དཔའ་སྟེ། དེ་བཞིན་ཉིད་དང་རོ་གཅིག་པའི་སེམས་སོ་ཞེས་བྱ་བའི་དོན་ཏོ། །ཏིང་ངེ་འཛིན་དེ་ལ་མཉམ་པར་གཞག་ཅེས་བྱ་བ་དེ་ལ་མཉམ་པར་གཞག་པ་ནི་ཏིང་ངེ་འཛིན་ཏེ་སེམས་རྩེ་གཅིག་ པ་ཉིད་དོ། །སེམས་ཅན་ཐམས་ཅད་ཀྱི་སེམས་དེ་ཉིད་མཉམ་པར་གཞག་པའི་ཕྱིར། དེ་བཞིན་ཉིད་ཀྱི་རྣམ་པ་ཅན་གྱི་སེམས་རྩེ་གཅིག་པ་ཉིད་ཀྱི་རྣལ་འབྱོར་ནི་ཏིང་ངེ་འཛིན་དུ་བརྗོད་པ་ཡིན་ནོ། །རྣམ་ཤེས་ལས་ནི་རྡོ་རྗེ་ཀུན། །ཞེས་བྱ་བ་ལ་རྣམ་པར་ཤེས་པས་ན་རྣམ་ཤེས་ཏེ། ཟླ་བའི་ དཀྱིལ་འཁོར་དང་། སེམས་དཔའི་རྡོ་རྗེ་དང་། རྡོ་རྗེའི་བདག་ཉིད་དང་ཡོངས་སུ་གཅོད་པའི་རྣམ་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པའོ། །དེ་རྣམ་པར་ཤེས་པ་ལས་སེམས་དཔའི་རྡོ་རྗེའི་དངོས་པོ་ནི་སེམས་དཔའ་རྡོ་རྗེ་ཉིད་དེ་སེམས་ཅན་ཐམས་ཅད་ཀྱི་སེམས་དེ་སེམས་དཔའི་རྡོ་རྗེའི་དེ་ཉིད་ དུ་གྱུར་པ་ཡིན་ནོ། །རྡོ་རྗེ་ལས་ནི་རྡོར་འཛིན་བྱུང་། །ཞེས་བྱ་བ་ལ་རྡོ་རྗེ་དང་དྲིལ་བུ་འཛིན་པའི་སེམས་དཔའི་སྐུ་བསྐྱེད་པར་འགྱུར་རོ། །འདིས་ནི་འདི་ལྟར་འཆད་པར་འགྱུར་ཏེ། སྔ་མ་བཞིན་དུ་སྡིག་པ་དྲལ་བའི་མཐར་ཐུག་པའི་ཆོ་ག་རྗེས་སུ་སྤྱད་ནས་རང་གི་སྙིང་གར་གནས་པའི་རྡོ་རྗེའི་དབུས་ སུ་རྡོ་རྗེ་རྣམ་པར་བསམས་ལ་དེ་ཉིད་ཡིད་ཀྱིས་བརྗོད་ཅིང་ཆོས་ཐམས་ཅད་བདག་མེད་པར་བསྒོམ་པར་བྱ་སྟེ། དེའི་རྗེས་ལ་ནམ་མཁའི་ཕྱོགས་སུ་དབྱངས་བཅུ་དྲུག་དང་བཅས་པའི་ཡི་གེ་ཧཱུཾ་ལས་རང་གི་སེམས་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ་ཅན་དུ་བསམ་པར་བྱའོ། །དེའི་སྟེང་དུ་ཀ་ལ་ སོགས་པ་གསལ་བྱེད་ཀྱི་ཡི་གེ་དང་བཅས་པའི་ཡི་གེ་ཧཱུཾ་ལས་ཟླ་བའི་དཀྱིལ་འཁོར་གཉིས་པའོ། །དེ་ཡང་ཡི་གེ་ཧཱུཾ་དང་བཅས་པའི་དང་པོའི་རྡོ་རྗེ་རྩེ་ལྔ་པ་སྟེ་རྡོ་རྗེ་ལ་ཡི་གེ་ཧཱུཾ་རྣམ་པར་བསམས་ལ། བཛྲོད་ཧཱུཾ་ཞེས་བྱ་བ་བརྗོད་ཅིང་བསྒོམ་པར་བྱའོ། །དེ་ནས་སེམས་དཔའ་བྱིན་གྱིས་ 61-1-174a བརླབ་པའི་སྦྱོར་བས་རྡོ་རྗེ་དེ་ཉིད་རྡོ་རྗེ་སེམས་དཔའི་བདག་ཉིད་དུ་བསྒོམ་པར་བྱ་སྟེ། དེ་ལྟར་ན་སེམས་ཅན་གྱི་སེམས་དེ་རྡོ་རྗེ་སེམས་དཔའ་ཉིད་དུ་འགྱུར་བ་ཡིན་ནོ། །དེ་ལྟར་ན་སེམས་དང་སེམས་དཔའ་དང་ཏིང་ངེ་འཛིན་དང་རྡོ་རྗེ་དང་རྡོ་རྗེ་འཆང་ཞེས་བྱ་བ་རྣམས་བསྟན་ནས། ད་ནི་རྡོ་རྗེ་ འཆང་ཆེན་པོ་ཤེས་པས་གྲུབ་པར་འགྱུར་རོ་ཞེས་བྱ་བ་བསྟན་པར་བྱ་བའི་ཕྱིར། དེ་ལ་ཇི་ལྟར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་སེམས་དཔའ་བྱིན་གྱིས་བརླབ་པའི་སྦྱོར་བ་བཤད་ཟིན་ཏོ། །ནིའི་སྒྲ་ནི་ངེས་པར་གཟུང་བ་སྟེ་སེམས་དཔའ་བྱིན་གྱིས་བརླབ་པའི་སྦྱོར་བ་ཁོ་ནའོ། །བདག་ ལ་བྱིན་བརླབ་མཆོག་སྒྲུབ་པ། །ཞེས་བྱ་བ་ལ་སེམས་དཔའ་བྱིན་གྱིས་བརླབ་པའི་སྦྱོར་བ་གང་ཡིན་པ་དེ་ཉིད་བདག་ལ་བྱིན་གྱིས་བརླབ་པའི་མཆོག་སྒྲུབ་པ་དེ་རྫོགས་པར་བྱེད་ཅིང་བདག་ཉིད་རྡོ་རྗེ་འཆང་ཆེན་པོ་སྟེ་ཉིན་རེ་ནི་ཉིན་ཞག་རེ་རེ་སེམས་དཔའ་བྱིན་གྱིས་བརླབ་པའི་སྦྱོར་བ་དེས་རྡོ་རྗེ་ སེམས་དཔའ་ཉིད་ཐོབ་པ་ཡིན་ནོ། །སེམས་དཔའ་བྱིན་གྱིས་བརླབ་པའི་སྦྱོར་བ་འདིས་རྟག་ཏུ་བདག་ཉིད་རྡོ་རྗེ་སེམས་དཔའ་ཉིད་དུ་རྫོགས་པར་བྱེད་པ་གང་ཡིན་པ་འདི་ནི་རྡོ་རྗེ་འཆང་ཆེན་པོ་ཉིད་ཡིན་ནོ་ཞེས་འཆད་པར་འགྱུར་རོ། །ཀུན་དུ་བཟང་པོའི་སྤྱོད་པ་ཤེས་པ་གྲུབ་པར་འགྱུར། །ཞེས་བྱ་ བ་བསྟན་པར་བྱ་བའི་ཕྱིར། དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་པས་ཏེ་སྙིང་སྟོབས་ཞེས་བྱ་བ་ནི་སྟོབས་ཀྱི་ལྷའི་གཟུགས་ཅན་དྲག་པོའོ། །རྡུལ་ཞེས་བྱ་བ་ནི་འདོད་པའི་གཟུགས་ཅན་ཚངས་པའོ། །མུན་པ་ཞེས་བྱ་བ་ནི་དཔྱིད་ཀྱི་ལྷའི་གཟུགས་འཛིན་པའི་ཁྱབ་འཇུག་གོ། །གསུམ་པོ་ དེ་དག་གི་གཟུགས་འཛིན་པས་དེ་དག་གིས་འདུལ་བའི་སེམས་ཅན་གྱི་དོན་མཛད་པའི་ཕྱིར་ཀུན་དུ་བཟང་པོ་ཡིན་ཏེ། རྒྱུ་དེའི་ཕྱིར་བདག་ནི་རྡོ་རྗེ་འཆང་ཆེན་པོ་བྱང་ཆུབ་ཀྱི་སྤྱོད་པ་ཡིན་ནོ། །སེམས་ཅན་རྣམས་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྫོགས་པའི་ཕྱིར་སྤྱོད་པ་ནི་བྱང་ ཆུབ་ཀྱི་སྤྱོད་པ་སྟེ་ཇི་ལྟ་བ་བཞིན་དུ་སྐལ་བ་དང་ལྡན་པའི་སེམས་ཅན་འདུལ་བའི་རྗེས་སུ་འགྲོ་བ་ནི་རྗེས་སུ་མཐུན་པ་སྟེ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོའི་རྗེས་སུ་མཐུན་པའི་སྤྱོད་པ་ཡིན་ནོ། །བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་བདུད་ཉིད་དང་། བདུད་ལས་རྣམ་པར་རྒྱལ་བ་ཉིད་ཤེས་ 61-1-174b པ་དག་གིས་ཀྱང་གྲུབ་པར་འགྱུར་རོ་ཞེས་བྱ་བ་གཉིས་པོ་དེ་དག་བསྟན་པར་བྱ་བའི་ཕྱིར་དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཉིད་ཁོ་ན་བདུད་ཉིད་དེ། །ཞེས་བྱ་བ་ལ་འདིར་དོན་དམ་པར་ཕྱིའི་བགེགས་རྣམས་འདོད་པ་མ་ཡིན་ཏེ། གང་གི་ཕྱིར་དེ་རང་རིག་པ་ཙམ་དུ་ཡོད་པས་ བདུད་ཀྱི་རྣམ་པར་རྟོག་པ་དང་། འདོད་ཆགས་ལ་སོགས་པའི་རྣམ་པར་རྟོག་པ་ནི་བདུད་དེ་བདུད་ཀྱི་དངོས་པོ་ནི་བདུད་ཉིད་དེ། སེམས་ཉིད་དེ་བཞིན་གཤེགས་པའོ། །ཞེས་བྱ་བ་ལ་སེམས་ཅན་ཐམས་ཅད་ཀྱི་སེམས་དེ་ཉིད་ཆོས་བདག་མེད་པར་རྟོགས་པས་དེ་བཞིན་གཤེགས་པ་སྟེ་འདིས་བདུད་ ལས་རྣམ་པར་རྒྱལ་བར་བསྟན་ཏོ། །སླར་ཡང་རྣམ་གྲངས་གཞན་གྱིས་བདག་ཉིད་བདུད་ཉིད་དུ་བསྟན་པར་བྱ་བའི་ཕྱིར། རང་སེམས་གདུལ་བར་བྱ་བའི་ཕྱིར། །བདག་ནི་བདུད་ཉིད་གྱུར་པ་ཡིན། །ཞེས་བྱ་བ་གསུངས་ཏེ། རང་གི་སེམས་ནི་རང་གི་སེམས་ཏེ་རྡོ་རྗེ་སེམས་དཔའ་ལ་ སོགས་པའི་རྣལ་འབྱོར་བསྒོམ་པ་ལ་རབ་ཏུ་སྦྱོར་བའི་རྣལ་འབྱོར་སེམས་སོ། །དེ་འདུལ་བ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཏིང་ངེ་འཛིན་རྫོགས་པས་ཏེ་དེའི་དོན་དུ་ཇི་ལྟ་བ་བཞིན་དུ་རབ་ཏུ་གྲགས་པའི་ལྷའི་བུའི་བདུད་ཀྱི་གཟུགས་ཉིད་བདག་གིས་ཉེ་བར་བླངས་པར་གྱུར་ན་བདག་ ཉིད་བདུད་དུ་གྱུར་པ་ཡིན་ནོ། །འདིས་ནི་འདི་ལྟར་འཆད་པར་འགྱུར་ཏེ་གང་དག་བགེགས་ཀྱི་ཉེ་བར་མཚོན་པའི་དངོས་གྲུབ་འདོད་པ་དེ་རྣམས་བདུད་ཀྱི་གཟུགས་སུ་བདག་ཉེ་བར་འགྲོ་བ་ཡིན་ནོ། །ད་ནི་བྱང་ཆུབ་དང་སངས་རྒྱས་ཤེས་པ་དག་གིས་ཀྱང་གྲུབ་པར་གྱུར་རོ་ཞེས་བྱ་བ་གཉིས་ པོ་དེ་བསྟན་པར་བྱ་བའི་ཕྱིར། དེ་ལ་ཇི་ལྟར་བཅོམ་ལྡན་འདས་མངོན་པར་རྫོགས་པར་བྱང་ཆུབ་དང་སངས་རྒྱས་ཞེས་བྱ་བ་གསུངས་ཏེ། ནམ་མཁའ་དང་མཚུངས་པའི་ཆོས་ཐམས་ཅད་བསྒོམ་པ་ནི་རང་གི་སེམས་སོ་སོར་རྟོགས་པ་སྟེ། རང་གི་སེམས་སོ་སོར་རྟོགས་པ་དེ་ཁོ་ན་ཉིད་ཀྱིས་གང་ཞིག་ བྱང་ཆུབ་སེམས་ཀྱི་མཆོག་གི་རྡོ་རྗེ་ཉིད་ནི་རྣམ་པར་གྲོལ་བའི་ལམ་གྱི་རང་བཞིན་ཉིད་གང་ཡིན་པ་དེ་ཉིད་བྱང་ཆུབ་ཡིན་ནོ། །དེ་ཉིད་ཉིད་ཕྱིར་སངས་རྒྱས་ཉིད། །ཅེས་བྱ་བ་ལ་གང་ཞིག་བྱང་ཆུབ་ཀྱི་སེམས་རང་གི་སེམས་སུ་སོ་སོར་རྟོགས་པས་དེ་བཞིན་ཉིད་དང་རང་བཞིན་གཅིག་པ་ཉིད་དེ་ 61-1-175a ནི་དེའི་རང་བཞིན་ཉིད་དོ། །དེ་ཁོ་ན་ཉིད་ཡིན་པའི་ཕྱིར་དེ་སངས་རྒྱས་ཉིད་ཡིན་ནོ། །དེ་ཁོ་ན་ཉིད་ཀྱི་ཕྱིར་སངས་རྒྱས་ཉིད་ཇི་ལྟར་ཡིན་ཞེ་ན། བདག་བྱིན་བརླབ་མཆོག་བསྒྲུབ་ཕྱིར་རོ། །ཞེས་བྱ་བ་ལ་ཟླ་བའི་དཀྱིལ་འཁོར་ལ་སོགས་པའི་བསྒོམ་པའི་རིམ་པས་བྱང་ཆུབ་ཀྱི་ སེམས་ཀྱི་མཆོག་གི་རྡོ་རྗེ་སངས་རྒྱས་ཀྱི་གཟུགས་སུ་རྫོགས་པ་གང་ཡིན་པ་དེ་ནི་བདག་ལ་བྱིན་གྱིས་བརླབ་པ་མཆོག་གི་སྒྲུབ་པ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་མཆོག་གི་རྡོ་རྗེ་དེ་ཉིད་དེའི་སངས་རྒྱས་ཉིད་ཡིན་ནོ། །ཕྱག་ན་རྡོ་རྗེ་ཉིད་ཤེས་པས་ཀྱང་གྲུབ་པ་ཡིན་ནོ་ཞེས་བྱ་བ་བསྟན་པར་བྱ་བའི་ཕྱིར། དེ་ལ་ཇི་ལྟར་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཡིན་ཞེས་བྱ་བ་གསུངས་ཏེ་སྲོག་ཆགས་དང་སྲོག་ཆགས་མ་ཡིན་པ་དང་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་རྣམས་ཀྱིས་ཕྱེད་པར་མི་ནུས་པས་ན་མི་ཕྱེད་པའོ། །རྡོ་རྗེ་སེམས་དཔའ་ལ་སོགས་པ་རེ་རེ་བསྒོམ་པའི་ལམ་གྱི་རང་བཞིན་ཅན་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོས་དངོས་པོ་མེད་པའི་རང་བཞིན་དུ་མངོན་དུ་བྱེད་པ་ནི་འབིགས་ཤིང་སོ་སོར་རྟོག་པའོ། །གདུག་པ་ཡང་ཡིན་ལ་ཐམས་ཅད་དེ་ཉིད་ཡིན་པས་ན་གདུག་པ་ཐམས་ཅད་དེ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་དང་། ལྷ་ཆེན་པོ་ལ་སོགས་པའི་སེམས་ ཅན་གདུག་པ་རྣམས་སོ། །དེ་དག་གནོན་པ་ནི་ལྟུང་བར་བྱེད་པའོ། །སངས་རྒྱས་ཀུན་གྱི་དངོས་པོ་ཞེས་བྱ་བ་ནི་ཡེ་ཤེས་ལྔའི་རང་བཞིན་ནོ། །རྡོ་རྗེ་ནི་རྩེ་ལྔ་པ་སྟེ་དང་པོའི་རྡོ་རྗེའོ། །བྱང་ཆུབ་ཀྱི་སེམས་ཀྱི་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་དང་བྱང་ཆུབ་ཀྱི་སེམས་ ལས་བྱུང་བ་དང་དེ་སྟོན་པར་བྱེད་པ་དང་དེ་སྐྱེད་པའི་རྒྱུར་བདག་ཉིད་བརྟན་པ་ནི་མི་ཕྱེད་པའོ་ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་གསུངས་སོ། །ཀུན་དུ་བཟང་པོ་ནི་བཤད་ཟིན་ཏོ། །ཀུན་དུ་བཟང་པོ་དེ་ལ་དུམ་བུ་གཉིས་པ་རྩ་བའི་རྒྱུད་དུ་རྒྱལ་བ་སྟེ། དེ་བཞིན་གཤེགས་ པ་རྣམས་ཀྱིས་མཚོན་ཆ་དེ་ལག་ཏུ་བྱིན་པ་ཡིན་ནོ། །མཚོན་ཆ་དེ་ཅིའི་དོན་དུ་བྱིན་པ་ཡིན་ཞེ་ན། བསྟན་པ་ཐམས་ཅད་གྲུབ་པའི་ཕྱིར། །ཞེས་བྱ་བ་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་མངོན་དུ་བྱ་བའི་ཕྱིར་སེམས་ཅན་རྣམས་ལ་སངས་རྒྱས་ཀྱིས་བཀའ་སྩལ་པ་ནི་བསྟན་པ་ཐམས་ 61-1-175b ཅད་དོ། །དེ་གྲུབ་པ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་སྒྲུབ་པ་པོ་རྣམས་ཀྱིས་མངོན་དུ་བྱ་བ་སྟེ། དེའི་དོན་ལག་ཏུ་སྦྱིན་པ་དེའི་ཕྱིར་ཀུན་དུ་བཟང་པོ་དེ་ཉིད་ཕྱག་ན་རྡོ་རྗེ་ཞེས་བྱ་བར་བརྗོད་པ་ཡིན་ནོ། །དེ་ལྟར་ཀུན་དུ་བཟང་པོ་བསྟན་ནས་ད་ནི་དང་པོའི་རིགས་ལ་སོགས་པ་བྱུང་བ་ཤེས་པས་གྲུབ་པར་ འགྱུར་རོ་ཞེས་བྱ་བ་བསྟན་པར་བྱ་བའི་ཕྱིར་དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བཤད་ཟིན་ཏོ། །དེ་ཉིད་རིགས་རྣམས་ཀྱི་ཡུམ་མོ། །ཡབ་ནི་ཐབས་ལ་མཁས་པའོ། །ཞེས་བྱ་བ་ནི་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡབ་ཏུ་གྱུར་པ་དེ་ གང་ཞེ་ན་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་སྟེ་བྱང་ཆུབ་ཀྱི་སེམས་ནི་ཡབ་ཏུ་གྱུར་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སེམས་ཅན་འདུལ་བའི་རྒྱུས་དེ་བཞིན་གཤེགས་པ་དང་རྡོ་རྗེ་དང་པདྨ་དང་ནོར་བུ་དང་རྡོ་རྗེ་སེམས་དཔའི་རིགས་རྣམས་བྱུང་བ་ནི་རབ་ཏུ་འབྱུང་བ་གང་ཡིན་པ་ནི་རིགས་རྣམས་སུ་བརྗོད་པ་ ཡིན་ནོ། །དེ་ལྟར་རིགས་རྣམས་འབྱུང་བ་བསྟན་ནས་ད་ནི་བཅོམ་ལྡན་འདས་འདོད་པ་དང་ཐར་པའི་རང་བཞིན་དུ་ཤེས་པས་ཀྱང་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་བྱ་བ་བསྟན་པར་བྱ་བའི་ཕྱིར། དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་འདོད་ཆགས་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་འདོད་ ཆགས་ཆེན་པོའོ། །ནིའི་སྒྲ་ནི་གང་གི་ཕྱིར་གྱི་དོན་དུ་སྟེ་ཅིའི་ཕྱིར་བཅོམ་ལྡན་འདས་འདོད་ཆགས་ཆེན་པོ་ཡིན་ཞེས་བྱ་བའོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་ནི་དངོས་གྲུབ་ཐམས་ཅད་དོ། །དེ་དག་རྗེས་སུ་གྲུབ་པ་ནི་རྗེས་སུ་ཆགས་པ་སྟེ་དངོས་གྲུབ་ཐམས་ ཅད་རྗེས་སུ་ཆགས་པ་གང་ཡིན་པ་དེའི་ཕྱིར་བཅོམ་ལྡན་འདས་ཆགས་པ་ཆེན་པོ་ཡིན་པས་ན་འདོད་པ་ཞེས་བྱ་བའོ། །ཐར་པའི་རང་བཞིན་གྱི་བཅོམ་ལྡན་འདས་བསྟན་པར་བྱ་བའི་ཕྱིར། དངོས་གྲུབ་ཐམས་ཅད་མི་འགྱུར་བདེ། །བདེ་བ་ཆེན་པོ་ཞེས་བརྗོད་དོ། །ཞེས་བྱ་བ་གསུངས་སོ། །རྡོ་རྗེ་ སེམས་དཔའ་ལ་སོགས་པའི་དངོས་གྲུབ་ནི་དངོས་གྲུབ་ཐམས་ཅད་དོ། །དེ་རྣམས་ཀྱི་ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་མངོན་དུ་བྱ་བ་གང་ཡིན་པ་དེ་ནི་མི་འགྱུར་བདེ་བའོ། །དེ་ཉིད་བདེ་བ་ཆེན་པོ་ཞེས་བྱ་བར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་བརྗོད་པ་ནི་གསུངས་པ་ཡིན་ནོ། །དེ་ལྟར་ཐར་པའི་ 61-1-176a རང་བཞིན་བསྟན་ནས་ད་ནི་རྣམ་པ་གསུམ་གྱི་རང་བཞིན་ཅན་གྱི་རྡོ་རྗེ་འཆང་ཆེན་པོ་ཤེས་པས་ཀྱང་གྲུབ་པར་འགྱུར་རོ་ཞེས་བྱ་བ་རབ་ཏུ་བསྟན་པར་བྱ་བའི་ཕྱིར། དེ་ལ་ཇི་ལྟར་བཅོམ་ལྡན་འདས་རྣམ་པ་གསུམ་ཞེས་བྱ་བ་གསུངས་ཏེ་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དུས་གསུམ་ ནི་ང་ཡིན་ནོ་ཞེས་བདག་ཉིད་སྟོན་པར་མཛད་པ་ཡིན་ནོ། །ཅིའི་ཕྱིར་ཁྱེད་དུས་གསུམ་ཡིན་ཞེ་ན་མཐའ་ཡས་ཕྱིར་ཞེས་བྱ་བ་ལ་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དུས་རྣམས་ཀྱི་དེ་བཞིན་ཉིད་ནི་མཐའ་ཡས་པ་ཉིད་དོ། །གང་གི་ཕྱིར་དེའི་རང་བཞིན་རྡོ་རྗེ་འཆང་ཆེན་པོ་བདག་ཡིན་པ་སྟེ་མཐའ་ ཡས་པའི་རྒྱུ་དེ་ཉིད་ཀྱི་ཕྱིར་ད་ནི་དུས་གསུམ་ཡིན་ནོ། །འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་ཆོས་ཉིད་ཀྱིས་བདག་དུས་གསུམ་གྱི་དངོས་པོ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ད་ནི་སྲིད་གསུམ་གདུལ་བྱའི་ཕྱིར། །ཞེས་བྱ་བ་ལ་འདོད་པ་དང་། གཟུགས་དང་གཟུགས་མེད་པའི་རང་བཞིན་ཅན་ གྱི་གདུལ་བྱའི་སེམས་ཅན་གདུལ་བའི་རྒྱུས་འདོད་པ་དང་གཟུགས་དང་གཟུགས་མེད་པའི་སྲིད་པའི་རང་བཞིན་དུ་བདག་ཉིད་ཀྱི་དངོས་པོ་རྫོགས་པའི་ཕྱིར་བདག་སྲིད་གསུམ་ཡིན་ནོ། །མིང་པོ་གསུམ་གྱི་གཟུགས་ཀྱིས་འདུལ་བའི་སེམས་ཅན་གྱི་དོན་དུ་མིང་པོ་གསུམ་གྱི་གཟུགས་སུ་བདག་ ཉིད་ཀྱི་དངོས་པོ་རྫོགས་པར་མཛད་པས་ན་གསུམ་མཆོག་གོ། །སངས་རྒྱས་དང་ཆོས་དང་དགེ་འདུན་གྱིས་སེམས་ཅན་གདུལ་བའི་ཕྱིར་དཀོན་མཆོག་གསུམ་གྱི་གཟུགས་རྫོགས་པར་མཛད་པས་ན་དཀོན་མཆོག་གསུམ་མོ། །ས་འོག་ས་སྟེངས་ས་བླའི་རང་བཞིན་དུ་བདག་ཉིད་ཀྱི་དངོས་པོ་སྟོན་ པའི་ཕྱིར་དེའི་ཆོས་ཉིད་ཀྱིས་ཐམས་ཅད་དོ། །ཐམས་ཅད་ཡིན་པའི་རྒྱུ་དེ་ཉིད་ཀྱིས་འཇིག་རྟེན་གསུམ་ང་ཡིན་ནོ། །འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་རང་བཞིན་བདག་ཉིད་ཀྱི་དངོས་པོ་སྟོན་པའི་ཕྱིར། དེའི་ཆོས་ཉིད་ཀྱིས་ཁམས་གསུམ་པ་ཡང་ང་ཡིན་ནོ། །དེ་ལྟར་ དུས་གསུམ་ལ་སོགས་པའི་དབྱེ་བས་རྣམ་པ་གསུམ་དུ་བདག་ཉིད་བསྟན་ནས་ད་ནི་དངོས་གྲུབ་ཁོ་ནའི་དོན་དུ་ཐམས་ཅད་ཉིད་ཤེས་པ་བསྟན་པའི་ཕྱིར། དེ་ལ་ཇི་ལྟར་བཅོམ་ལྡན་འདས་ཐམས་ཅད་ཇི་ལྟར་ཡིན་ཞེས་བྱ་བ་གསུངས་ཏེ། རི་བོ་ལ་སོགས་པ་སེམས་མེད་པའི་དངོས་པོ་ནི་མི་རྒྱུ་བ་ 61-1-176b སྟེ་དེའི་རང་བཞིན་ནི་ང་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བསོད་ནམས་ཀུན་མཐོ་ཆེ་བའི་ཕྱིར། །ཞེས་བྱའོ། །རྒྱུ་བ་སེམས་ཀྱི་འདུས་བྱས་ཕྱིར། །ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །སེམས་དང་སེམས་ལ་སོགས་པའི་ཤེས་པ་སེམས་ཀྱི་འདུས་བྱས་པ་ཞེས་བྱ་བའི་མཐར་ཐུག་པ་དེ་དག་ཐམས་ཅད་རྣལ་ འབྱོར་པས་བསྒོམ་པར་བྱ་བ་ཡིན་པ་དེའི་ཕྱིར། རང་གི་སེམས་ཀྱི་ལས་ཀྱི་བྱ་བ་དེ་ཁོ་ན་ཉིད་དོ་ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་པ་ཡིན་ནོ། །དང་པོའི་གླུ་འབྱུང་བ་དང་། དང་པོའི་གླུའི་རང་བཞིན་དང་། ཉེ་བའི་སྙིང་པོ་དེ་ཁོ་ན་ཉིད་ཤེས་པ་རྣམས་ཀྱིས་གྲུབ་པར་འགྱུར་རོ་ཞེས་བྱ་བ་དེའི་ ཕྱིར། གསུམ་པོ་དེ་དག་བསྟན་པར་བྱ་བའི་ཕྱིར་དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྲིད་པ་ཤིན་ཏུ་གྲུབ་པ་ཞེས་བྱ་བ་ནི་མི་གནས་པའི་མྱ་ངན་ལས་འདས་པ་རྫོགས་པའོ། །ལོངས་སྤྱོད་རྫོགས་པའི་སྐུས་ཀུན་དུ་བཟང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་མངོན་པར་འདོད་ པའི་དངོས་གྲུབ་རྫོགས་པ་ནི་དབང་ཕྱུག་ཆེན་པོའི་མཆོག་གི་དངོས་གྲུབ་བོ། །སྲིད་པ་ཤིན་ཏུ་གྲུབ་པ་དང་དབང་ཕྱུག་ཆེན་པོའི་མཆོག་དེ་དག་གྲུབ་པའི་ཕྱིར་མཁས་པ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་གྱི་དོན་མཛད་པས་ན་བསྐལ་པ་བཟང་པོའི་སྔོན་རོལ་དུ་དེ་རྣམས་ཉིད་ལ་བཅོམ་ལྡན་འདས་ རྡོ་རྗེ་འཆང་ཆེན་པོས་གསུངས་པ་ནི་གསུངས་པར་གྱུར་པའོ། །དེ་ལྟར་དང་པོའི་གླུ་འབྱུང་བ་བསྟན་ནས་ད་ནི་དང་པོའི་གླུའི་རང་བཞིན་བསྟན་པར་བྱ་བའི་ཕྱིར། དེ་ནས་དེ་གང་ཡིན་ཞེས་བྱ་བ་གསུངས་ཏེ། འདོད་ཆགས་ཆེན་པོ་བཅོམ་ལྡན་འདས། །ཞེས་བྱ་བ་ནི་བཤད་ཟིན་ཏོ། །ཟག་པ་མེད་པའི་བདེ་བ་ དང་ཡིད་བདེ་བ་སྟོན་པར་བྱེད་པའི་སྒྲའི་ཚོགས་ནི་རབ་ཏུ་དགའ་བའོ། །ཤིན་ཏུ་རྟག་པས་ན་མི་འགྱུར་བ་མཆོག་གོ། །སྐྱེ་བོ་ཀུན་གྱིས་མངོན་སུམ་མ་ཡིན་པས་ན་གསང་བ་སྟེ་གསང་བ་དེ་ཉིད་ཀྱི་ཕྱིར་སྙིང་པོ་སྟེ་ངེས་པའི་ཤེས་པས་གསུངས་པ་ནི་ཡི་གེ་ཧཱུཾ་གི་རང་བཞིན་ཅན་གསུངས་པར་གྱུར་པ་སྟེ་དེ་ཉིད་མི་ འགྱུར་མཆོག་སྟེ་ཡི་གེ་ཧཱུཾ་མི་འགྱུར་བའི་མཆོག་ཡིན་ནོ། །དེ་ལྟར་དང་པོའི་གླུའི་རང་བཞིན་བསྟན་ནས་ད་ནི་ཉེ་བའི་སྙིང་པོ་དེ་ཁོ་ན་ཉིད་ཤེས་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཉེ་བའི་སྙིང་པོའི་དེ་ཁོ་ན་ཉིད་ཤེས་པ་ཞེས་བྱ་བ་གསུངས་ཏེ། དེ་ཉིད་གསང་ཞིང་གསང་བ་དང་། །སྙིང་པོ་རབ་ཏུ་བརྗོད་ 61-1-177a པའོ། །ཞེས་བྱ་བ་ལ་ངེས་པར་འབིགས་པའི་ཤེས་རབ་ནི་དེ་ཁོ་ན་ཉིད་དོ། །དེ་བཞིན་གཤེགས་པ་ལ་སོགས་པའི་རང་བཞིན་ཅན་གང་ཡིན་པ་དེ་ནི་རྡོ་རྗེ་ལ་སོགས་པའི་གཟུགས་ཀྱིས་བཀབ་པ་ནི་གསང་བའོ། །བཙུན་མོའི་འཁོར་དང་ཤིན་ཏུ་རྣལ་འབྱོར་གྱི་བསྒོམ་པས་དེ་ལོངས་ སྤྱོད་པ་ནི་གསང་བའོ། །གསུམ་པོ་འདི་དག་ནི་སྙིང་པོ་ཞེས་བརྗོད་པ་ཡིན་ནོ། །སྙིང་པོ་འདི་རྗེས་སུ་གྲུབ་པ་ནི་བསྒོམ་པ་སྟེ། དེ་གྲུབ་པ་ནི་སྙིང་པོ་རྗེས་སུ་སྒྲུབ་པའི་ཚུལ་དུ་རྫོགས་པ་གང་ཡིན་པ་དེ་ནི་ཉེ་བའི་སྙིང་པོ་སྟེ་ཉེ་བའི་སྙིང་པོའི་དངོས་པོ་ནི་ཉེ་བའི་སྙིང་པོ་ཉིད་དུ་བཅོམ་ལྡན་འདས་རྡོ་རྗེ་འཆང་ གིས་རབ་ཏུ་བརྗོད་ཅིང་གསུངས་པ་ཡིན་ནོ། །ད་ནི་བདེ་བ་ཆེན་པོའི་རྡོ་རྗེ་དོན་ཡོད་པ་ཤེས་པས་གྲུབ་པར་འགྱུར་རོ་ཞེས་བྱ་བ་བསྟན་པར་བྱ་བའི་ཕྱིར་དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དངོས་གྲུབ་ཀུན་གྱི་མི་འགྱུར་བ་དེ་བདེ་བ་ཆེན་པོ་ཞེས་བརྗོད་དོ་ཞེས་བྱ་བ་ནི་བཤད་ཟིན་ཏོ། །དངོས་ གྲུབ་ཐམས་ཅད་མི་འགྱུར་བའི་བདེ་བ་དེ་ཉིད་རྡོ་རྗེ་ནི་རྡོ་རྗེ་སེམས་དཔའ་བསྒྲུབ་པ་སྟེ་རྫོགས་པའི་ཕྱིར་འབྲས་བུ་མེད་པ་མ་ཡིན་པའི་རྒྱུ་ཡིན་པས་དོན་ཡོད་པའོ། །དེ་ཉིད་མི་འདའ་བས་ན་འདའ་བར་དཀའ་བའི་དམ་ཚིག་གོ། །འདི་ལྟར་འཆད་པར་འགྱུར་ཏེ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་ བཞིན་ཅན་གྱི་ཐར་པའི་ངོ་བོ་གང་ཡིན་པ་དེ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྐུའི་གསང་བའི་རང་བཞིན་བསྐྱེད་པའི་རྒྱུ་ཡིན་ནོ་ཞེས་བྱ་བའོ། །དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་བསྟན་པར་བྱ་བའི་ཕྱིར་དེ་ལ་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་གནས་ཞེས་བྱ་བ་ནི་ ནམ་མཁའ་ཐམས་ཅད་དང་རི་རབ་ལ་སོགས་པའོ། །ཇི་ལྟར་འཁོར་ལོ་ཞེས་བྱ་བ་ནི་ཟུར་བཞི་པ་དང་སྒོ་བཞི་པ་ཞེས་བྱ་བ་ལ་སོགས་པའོ། །ཇི་ལྟར་དགོད་པ་ཞེས་བྱ་བ་ནི་སྤྲས་པ་ལ་སོགས་པའི་ཁྱད་པར་རོ། །ཇི་ལྟར་འགྲོ་བ་ཞེས་པ་ནི་རྡོ་རྗེ་སེམས་དཔའ་དང་འདོད་ཆགས་རྡོ་རྗེ་མ་ལ་ སོགས་པའི་རང་བཞིན་ཅན་གྱི་འཁོར་ལོ་དགོད་པར་གྱུར་པ་གང་ཡིན་པ་དེ་དང་། རྡོ་རྗེ་སེམས་དཔའ་ལ་སོགས་པའི་སོ་སོར་ངེས་པའི་གནས་དཀྱིལ་འཁོར་གྱི་ལྟེ་བ་ལ་སོགས་པའི་གནས་བརྟག་པར་འགྱུར་བ་གང་ཡིན་པ་དེ་བཞིན་དུ་བྲི་བའི་དབང་དུ་བྱས་པ་སྟེ་འདིར་ཡང་དེ་བཞིན་གཤེགས་ 61-1-177b པ་རྣམས་ཀྱིས་དཀྱིལ་འཁོར་སྤྲུལ་པར་མཛད་པ་ཡིན་ནོ། །དཀྱིལ་འཁོར་དུ་ཞུགས་པ་དང་མཐོང་བའི་འབྲས་བུ་བསྟན་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་དེ་ཡང་གོ་སླའོ། །ཐིག་གདབ་པའི་ཆོ་ག་བཤད་པར་བྱ་སྟེ། དཀྱིལ་འཁོར་བྲི་བར་བྱ་བ་ནི་ཐིག་གདབ་པར་བྱ་བའོ། །ཤེས་རབ་ཅན་ཞེས་བྱ་ བ་ནི་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པའི་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ཤེས་པ་དང་། རེག་པ་ལ་སོགས་པའི་བཟོ་ལ་མཁས་པའོ། །ཕྱོགས་ཐམས་ཅད་མཉམ་པ་ཉིད་ནི་སྟོང་པ་ཉིད་དེ་དེ་ལ་དམིགས་པ་ནི་མངོན་དུ་བྱེད་པའོ། །ཤར་དང་ནུབ་དང་བྱང་དང་ལྷོ། །ཞེས་བྱ་བ་ལ་ཕྱོགས་ཞེས་བྱ་བ་རེ་རེ་ དང་སྦྱར་རོ། །ཚངས་ཐིག་གཉིས་པ་དང་མཚམས་ཀྱི་ཐིག་གཉིས་པ་ནི་ཐིག་བཞི་སྟེ་ཀ་བ་བརྒྱད་ཀྱི་ཚུལ་གྱིས་དཀྱིལ་འཁོར་བརྒྱད་དེ་དཀྱིལ་འཁོར་བརྟག་པའི་ཆོ་གའོ། །དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ་དཀྱིལ་འཁོར་གང་དང་གང་གི་བདག་པོ་གང་དང་གང་ཡིན་པ་དེ་དང་དེར་དེའི་རྣལ་འབྱོར་དང་ལྡན་ པའི་དཀྱིལ་འཁོར་གྱི་ཆོ་ག་ལ་རབ་ཏུ་གོམས་པར་བྱས་ནས་དཀྱིལ་འཁོར་དེ་དག་དེར་བྲི་བར་བྱ་སྟེ། དེ་ལྟར་ན་གལ་ཏེ་དཀྱིལ་འཁོར་དེ་བག་མེད་པས་མ་ཚང་བའམ་ལྷག་པར་འགྱུར་ན་ཡང་དཀྱིལ་འཁོར་བརྟག་པ་གྲུབ་པ་ཡིན་ནོ་ཞེས་བྱ་བའོ། །ད་ནི་གསང་བ་ལྔའི་དེ་ཁོ་ན་ཉིད་ཤེས་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐོག་མ་དང་ཐ་མ་མེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི་བཤད་ཟིན་ཏོ། །ཐོག་མ་མེད་པ་མཆོག་ཉིད་ནི། །ཞེས་བྱ་བ་ལ་དེ་ལྟར་བྱུང་བའི་རང་བཞིན་གྱིས་རྟག་ཏུ་དམ་ཚིག་པ་ཡིན་པས་ན་ཐོག་མ་མེད་པའི་མཆོག་གོ། །ནིའི་སྒྲ་ནི་ངེས་པར་གཟུང་བ་སྟེ། ཐོག་མ་ མེད་པ་མཆོག་ཉིད་ཁོ་ནའོ། །དཔལ་མཆོག་དང་པོའོ་ཞེས་བརྗོད་དོ། །ཞེས་བྱ་བ་ལ་བརྗོད་པ་ནི་བསྟན་པ་ཡིན་ནོ། །རིགས་ལྔའི་དཀྱིལ་འཁོར་རྣམས་ནི་དཀྱིལ་འཁོར་ཐམས་ཅད་དེ་དེའི་བདག་པོ་ནི་གཙོ་བོའོ། །མཆོག་ནི་དམ་པའོ། །དབང་ཕྱུག་མཆོག་ཅེས་བྱ་བ་ནི་ཁམས་གསུམ་པའི་ཆོས་ཀྱི་རྒྱལ་ པོའོ། །དེའི་རང་བཞིན་བསྟན་པར་བྱ་བའི་ཕྱིར་ཀུན་མཆོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀུན་མཆོག་འདོད་པ་ཆེན་པོ་ཞེས་བྱ་བ་ནི་བྱང་ཆུབ་ཆེན་པོའི་མཚན་ཉིད་ཀྱི་ཐུགས་རྟོགས་པས་ཏེ་དེ་ལས་བྱུང་བའི་ཡིད་བདེ་བ་ནི་ཀུན་མཆོག་འདོད་པ་ཆེན་པོའི་ཡིད་འོང་བདེ་བའོ། །དེ་སྟོན་པར་བྱེད་པའི་ 61-1-178a ཐམས་ཅད་དུ་ཁྱབ་པའི་འཛུམ་པ་ནི་འཛུམ་པ་ཆེན་པོའོ། །དེ་ལྟར་གྱུར་པའི་འཛུམ་པ་དེས་བཅོམ་ལྡན་འདས་སྲིད་པ་མཆོག་ཏུ་རྟག་ཏུ་བཞིན་འཛུམ་པ་ཡིན་ནོ། །མཆོག་ཏུ་མི་འགྱུར་བའི་རྡོ་རྗེ་སེམས་དཔའི་སྐུའི་གསང་བ་རྫོགས་པ་ནི་མཆོག་ཏུ་མི་འགྱུར་བའི་དངོས་གྲུབ་སྟེ་དེའི་དངོས་ པོ་ནི་དེ་ཉིད་དོ། །དེའི་ཕྱིར་ཆོས་ཀྱང་ཡིན་ལ་ཐམས་ཅད་ཀྱང་དེ་ཉིད་ཡིན་པས་ན་ཆོས་ཐམས་ཅད་དེ་ཀུན་གཞི་རྣམ་པར་ཤེས་པ་དང་མི་བསྐྱོད་པ་དང་། བྱང་ཆུབ་ཀྱི་སེམས་དང་རང་བཞིན་གྱི་སྐུ་དང་དེ་བཞིན་གཤེགས་པའི་རིགས་དང་སྟོང་པ་ཉིད་ཀྱི་རྡོ་རྗེ་རྣམས་སོ། །དེ་དག་གི་རྣམ་པར་དག་པ་ནི་དེ་ བཞིན་ཉིད་རྟོག་པ་སྟེ་རྒྱུ་དེའི་ཕྱིར་རོ། །རྡོ་རྗེ་འཆང་དེ་ཟླ་བའི་འོད་ཡིན་ནོ། །ཆོས་ཐམས་ཅད་རྣམ་པར་དག་པའི་རྒྱུ་འབའ་ཞིག་གིས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཟླ་བའི་འོད་ལྟ་བུ་ཡིན་པ་གཅིག་པུར་མ་ཟད་ཀྱི་གསང་བའི་དེ་ཉིད་ཉིད་ཕྱིར་དཀར། ཞེས་བྱ་བ་ལ་ལྷ་མོ་བཞི་ཕྲེང་གི་ དབུས་ན་བཞུགས་པའི་ཕྱག་རྒྱ་ཆེན་པོ་ནི་གསང་བའི་དེ་ཁོ་ན་ཉིད་དང་། དེ་ཉིད་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་སོགས་པའི་དྲི་མ་དང་བྲལ་བའི་རྒྱུ་འདིས་ཀྱང་དཀར་པོའོ། །འདིས་ནི་འདི་ལྟར་འཆད་པར་འགྱུར་ཏེ། གང་གི་ཕྱིར་བག་ཆགས་དང་བཅས་པའི་ཉོན་མོངས་པ་ཐམས་ ཅད་དང་བྲལ་བའི་ཀུན་གཞི་རྣམ་པར་དག་པ་ལ་སོགས་པའི་ཆོས་ཐམས་ཅད་ལས་བྱུང་བའི་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་མི་མངའ་བ་དེའི་ཕྱིར་སྐུ་མདོག་དཀར་པོ་སྟེ་རང་གི་རང་བཞིན་སྟོན་པར་མཛད་ཅིང་བཞུགས་པ་ཡིན་ནོ། །གཟུགས་ཐམས་ ཅད་སྟོན་པས་སེམས་ཅན་གྱི་དོན་མཛད་པའི་ཕྱིར་འདོད་ཆགས་ཆེན་པོའི་ཉོན་མོངས་པའི་རང་བཞིན་སྟོན་པར་མཛད་པས་ན་བཅོམ་ལྡན་འདས་ཀྱི་འཁོར་ལོ་དམར་ཞིང་སྣ་ཚོགས་འབར་བ་ཡིན་ནོ། །རྟག་པ་དང་མི་བསྐྱོད་པ་དང་རིན་ཆེན་འབྱུང་ལྡན་དང་སྣང་བ་མཐའ་ཡས་དང་དོན་ཡོད་གྲུབ་པའི་ ཡེ་ཤེས་ཀྱི་བདུད་རྩིའི་ཆུའི་བུམ་པས་དབང་བསྐུར་བས་འདོད་ཆགས་ལ་སོགས་པའི་བག་ཆགས་དང་བཅས་པའི་ཉོན་མོངས་པའི་དྲི་མ་འཁྲུད་པར་འགྱུར་བ་ཡིན་ནོ་ཞེས་བྱ་བའི་ཡོན་ཏན་འདི་བསྟན་པར་བྱ་བའི་ཕྱིར། སངས་རྒྱས་ལྔའི་ཅོད་པན་གྱིས་དབང་བསྐུར་བ་དང་ལྡན་པའི་བཅོམ་ལྡན་ 61-1-178b འདས་རྡོ་རྗེ་སེམས་དཔའ་ཡིན་ནོ། །ཤེས་རབ་དང་ཐབས་ཀྱི་རང་བཞིན་གྱི་ཞབས་གཡས་པས་ཉེ་བར་མཚོན་པའི་སྐུས་བདུད་བཞིའི་རང་བཞིན་ཅན་གཡོན་པའི་སྐུ་ལས་མཐོ་བ་དང་བརླ་དང་བྱིན་པ་དང་། ཞབས་ཀྱི་ཉེ་བར་མཚོན་པའི་འཁོར་བའི་ཡན་ལག་ཡང་དག་པར་གནོན་ཅིང་འཛིན་པ་སྟེ་འཛིན་པ་ དེས་རྒྱལ་བ་ལ་ནི་ཕྱི་རོལ་པ་ལས་རྒྱལ་བ་སྟེ་མི་སྣང་བར་མཛད་པ་ཡིན་ནོ་ཞེས་བྱ་བ་བསྟན་པའི་ཕྱིར་སེམས་དཔའི་སྐྱིལ་མོ་ཀྲུང་དང་ལྡན་པའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཡིན་ནོ། །རྒྱུ་དེས་རྡོ་རྗེ་སེམས་དཔའ་ནི་ཐམས་ཅད་ཀྱི་མཆོག་སྟེ་དེའི་རང་བཞིན་གྱི་བསྒོམ་པ་སོ་སོར་རྟོགས་པར་མཛད་པས་ཏེ། དེ་སྟོན་པར་ མཛད་པ་བཅོམ་ལྡན་འདས་མ་འདོད་ཆགས་རྡོ་རྗེ་མ་ཡིན་ནོ། །ཐམས་ཅད་ཀྱི་མཆོག་སོ་སོར་རྟོགས་པས་ཡུལ་དུ་བྱས་པའི་དོན་མངོན་དུ་བྱ་བ་ནི་དངོས་གྲུབ་ཐམས་ཅད་ཀྱི་བདེ་བ་དམ་པ་སྟེ། དེ་སྟོན་པར་བྱེད་པ་ནི་བཅོམ་ལྡན་འདས་མ་ཀཱི་ལི་ཀཱི་ལ་ཡིན་ནོ། །དངོས་གྲུབ་ཐམས་ཅད་ཀྱི་བདེ་བ་དམ་པ་ནི་ཐམས་ ཅད་ཀྱི་མཆོག་སྟེ་དེ་བདུད་བཞི་ལས་རྒྱལ་བ་ནི་རྣམ་པར་རྒྱལ་བ་སྟེ་དེ་མཐོང་བ་ནི་དེ་ལས་བྱུང་བའི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། དེ་སྟོན་པར་བྱེད་པས་ཀུན་མཆོག་རྣམ་པར་རྒྱལ་བའི་མཐོ་བ་ནི་བཅོམ་ལྡན་འདས་མ་རྡོ་རྗེ་དྲན་མ་ཡིན་ནོ། །སངས་རྒྱས་སྤྲུལ་པ་དང་སེམས་ཅན་དོན་སྤྲུལ་པའི་སྐུས་མཛད་ པས་ན་དབང་ཕྱུག་ཐམས་ཅད་དེ་དེས་མཆོད་པ་ཆེན་པོ་ནི་ཐམས་ཅད་དུ་ཁྱབ་པའི་སོ་སོར་རྟོག་པའི་མཆོད་པ་ནི་བཅོམ་ལྡན་འདས་མ་རྡོ་རྗེ་འདོད་མའི་དབང་ཕྱུག་མ་ཡིན་ནོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་ནི་འདོད་ཆགས་རྡོ་རྗེ་མའི་གཟུགས་ཀྱིས་སོ། །འཇིག་རྟེན་ དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ནི་ཀཱི་ལི་ཀཱི་ལའི་གཟུགས་ཀྱིས་སོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགའ་བ་ཐམས་ཅད་ནི་རྡོ་རྗེ་དྲན་མའི་གཟུགས་ཀྱིས་སོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདག་པོ་ཐམས་ཅད་ནི་རྡོ་རྗེ་འདོད་པའི་དབང་ཕྱུག་མའི་གཟུགས་ ཀྱིས་བྱིན་གྱིས་བརླབས་པ་སྟེ་རྡོ་རྗེ་སེམས་དཔའི་མཆོག་གི་སྐུའི་ཡན་ལག་ནི་དེ་དག་གི་སྐུ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་གསང་བ་ལྔའི་དེ་ཁོ་ན་ཉིད་བསྟན་ནས། ད་ནི་དེ་བཞིན་གཤེགས་པ་དང་དེ་རྣམས་ཀྱི་རིགས་བསྟན་པར་བྱ་བའི་ཕྱིར་དེ་ལ་ཇི་ལྟར་ཞེས་བྱ་བ་ལ་ 61-1-179a སོགས་པ་གསུངས་ཏེ་རྟག་པ་ནི་རྣམ་པར་སྣང་མཛད་དོ། །མི་བསྐྱོད་པ་དང་རིན་ཆེན་འབྱུང་ལྡན་དང་སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པ་རྣམས་ནི་གོ་སླའོ། །ལྔ་པོ་འདི་དག་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་བརྗོད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་ཕྱིར་རོ་ཞེས་བྱ་བ་ལ་དོན་དམ་པར་འདི་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ཉིད་ཡིན་པ་དེའི་ཕྱིར་འདི་རྣམས་ཁོ་ན་དེ་བཞིན་གཤེགས་པ་ཐམས་ཅད་དུ་བརྗོད་པ་ཡིན་གྱི་གཞན་དག་ནི་མ་ཡིན་ནོ། །མི་བསྐྱོད་པ་ནི་རྡོ་རྗེ་སེམས་དཔའོ་ཞེས་བྱ་བ་ལ་དེ་བཞིན་གཤེགས་པ་མི་ བསྐྱོད་པ་ཉིད་རྡོ་རྗེ་སེམས་དཔའི་རང་བཞིན་དུ་བཞུགས་པ་ཡིན་ནོ། །དེ་བཞིན་དུ་རིན་ཆེན་འབྱུང་ལྡན་ལ་སོགས་པ་ཁོ་ན་རིམ་པ་ཇི་ལྟ་བ་བཞིན་དུ་རྡོ་རྗེ་རིན་པོ་ཆེ་དང་། ཆོས་དང་རྡོ་རྗེ་ལས་ཀྱི་གཟུགས་སུ་བཞུགས་པ་ཡིན་ནོ། །དེ་ལྟར་ན་དེ་བཞིན་གཤེགས་པའི་རིགས་ཀྱི་དེ་ཁོ་ན་ཉིད་བསྟན་ནས། ད་ནི་རྡོ་རྗེ་ཉི་མ་མེ་ལྟར་འབར་བ་དང་དེའི་རིགས་ཀྱི་དེ་ཁོ་ན་ཉིད་བསྟན་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་ཤིན་ཏུ་གདུག་པ་དྲག་པོ་ནི་ཚོགས་དང་བཅས་པའི་འཇིགས་བྱེད་ལ་སོགས་པ་སྟེ་དེ་རྣམས་འདུལ་བ་ལ་ཞི་བ་ཉིད་དགོས་པ་མ་ཡིན་ཏེ། དེ་ལྟ་བས་ན་དེ་དག་གདུལ་ བའི་ཕྱིར་ཤེས་རབ་དང་ཐབས་ཀྱི་ངོ་བོ་ནི་ཤེས་རབ་དང་ཐབས་ཀྱི་རང་བཞིན་ཅན། འཇིག་པའི་དུས་ཀྱི་ཉི་མ་འཆར་ཀའི་འོད་བཞིན་དུ་གདུག་པ་ཐམས་ཅད་ཀྱི་བུད་ཤིང་སྲེག་པར་ནུས་པས་ན་ཉི་མའི་འོད་ལྟ་བུའོ། །དེ་གང་ཡིན་ཞེ་ན་རྡོ་རྗེ་འཛིན་ཞེས་བྱ་བ་སྟེ་རྡོ་རྗེ་སེམས་ དཔའོ། །རང་ཉིད་ཅེས་བྱ་བ་ནི་རང་ཉིད་ཀྱིས་བྱུང་བ་ཡིན་ནོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །གདུག་པ་དང་དྲག་པོའི་སེམས་ཅན་གདུལ་བའི་ཕྱིར་སྒེག་པའི་གཟུགས་དང་ལྡན་པའི་དཔལ་རྡོ་རྗེ་སེམས་དཔའ་ཉིད་རྡོ་རྗེ་ཉི་མ་མེ་ལྟར་འབར་བར་གྱུར་པ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། ། རྡོ་རྗེ་མཚོན་ཆ་འཛིན་མ་ལ་སོགས་པ་ནས་རྡོ་རྗེ་དྲིལ་བུ་མ་ལ་སོགས་པ་མཐར་ཐུག་པའི་བར་གྱི་རྡོ་རྗེའི་རིགས་ཐམས་ཅད་ཇི་ལྟ་བ་བཞིན་དུ་བཤད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྟན་པ་གྲུབ་པའི་དོན་དུ་དེའི་ཐབས་ཀྱི་ཁྲོ་བའི་གཟུགས་སུ་བཅོམ་ལྡན་འདས་རྡོ་རྗེ་ཉི་མ་མེ་ལྟར་འབར་བས་རང་གི་རྡོ་རྗེ་ 61-1-179b ལས་སྤྲུལ་པར་མཛད་པ་ཡིན་ནོ། །དེ་ལྟར་རྡོ་རྗེའི་རིགས་ཀྱི་བདག་པོ་དང་རིགས་ཀྱི་དེ་ཁོ་ན་ཉིད་བསྟན་ནས་ད་ནི་པདྨའི་རིགས་ཀྱི་བདག་པོ་དང་རིགས་ཀྱི་དེ་ཁོ་ན་ཉིད་བསྟན་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །པདྨ་དམར་པོ་བཞིན་དུ་ཉོན་མོངས་པའི་དྲི་མ་ཐམས་ཅད་ཀྱིས་མ་གོས་པའི་ རང་བཞིན་གྱིས་དག་པའི་ཏིང་ངེ་འཛིན་དང་ཐུགས་རྗེ་ཆེན་པོ་ནི་པདྨ་རཱ་གའོ། །དེས་ཐམས་ཅད་དག་པ་ནི་པདྨའི་རིགས་རྟོགས་པའོ། །ཁྱད་པར་ཇི་ལྟ་བུ་དང་ལྡན་པ་ཡིན་ཞེ་ན་བླ་ན་མེད་པ་ཞེས་བྱ་བའོ། །རྡོ་རྗེ་སེམས་དཔའ་རང་ཉིད་བདག །ཅེས་བྱ་བ་ནི་ཐམས་ཅད་དག་པའི་རང་བཞིན་ཅན་འཇིག་རྟེན་དབང་ཕྱུག་ གཞན་ནི་མ་ཡིན་ནོ་ཞེས་བྱ་བའོ། །རྡོ་རྗེ་ཆོས་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ནོ། །དེ་རབ་ཏུ་སྒྲུབ་པ་ནི་རྟོག་པའོ། །དེས་སེམས་ཅན་ཐམས་ཅད་རྣམ་པར་དག་པ་ནི་ལོག་པར་ལྟ་བ་སྤོང་བ་སྟེ། དེའི་དོན་དུ་པདྨ་ཆེན་པོའི་རིགས་ནི་སྐྱོན་ཐམས་ཅད་དང་བྲལ་བས་ན་དག་པའོ། །དེ་ཉིད་ཏིང་ངེ་འཛིན་གྱི་ཡེ་ ཤེས་བསགས་པ་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་གི་རྫོགས་པར་མཛད་པ་ཡིན་ནོ། །དེ་ལྟར་པདྨའི་རིགས་ཀྱི་བདག་པོ་དང་། དེའི་རིགས་ཀྱི་དེ་ཁོ་ན་ཉིད་བསྟན་ནས་ད་ནི་ནོར་བུའི་རིགས་ཀྱི་བདག་པོ་དང་དེའི་རིགས་ཀྱི་དེ་ཁོ་ན་ཉིད་བསྟན་པར་བྱ་བའི་ཕྱིར། དེ་ལ་ཇི་ལྟར་ནམ་མཁའི་སྙིང་པོ་ཡིན་ ཞེས་བྱ་བ་གསུངས་ཏེ་ནམ་མཁའི་ཡིན་ལ་ཐམས་ཅད་ཀྱང་དེ་ཉིད་ཡིན་པས་ན་ནམ་མཁའ་ཐམས་ཅད་དེ་ནོར་བུའི་རིགས་དེའིའོ། །ཐམས་ཅད་ནམ་མཁའ་བཅོམ་ལྡན་འདས། །ཞེས་བྱ་བ་ནི་ནམ་མཁའི་སྙིང་པོའོ། །དེ་ཡང་སེམས་ཅན་རྣམས་ཀྱི་བསོད་ནམས་ཀྱིས་མཐོ་བ་ཆེ་བ་ཡིན་པས་ན་ སེམས་ཅན་བསོད་ནམས་མཐོ་བ་ཆེ་བ་སྟེ་ནམ་མཁའ་ཐམས་ཅད་ཁྱབ་ཅིང་ཐམས་ཅད་སྟེར་བའི་བཅོམ་ལྡན་འདས་ནམ་མཁའི་སྙིང་པོའི་སྐུའོ། །སེམས་ཅན་བསོད་ནམས་མཐོ་བ་ཆེ་བའི་སྐུ་དེ་ཉིད་ཀྱི་ཕྱིར་བདག་ཉིད་ནམ་མཁའི་སྙིང་པོ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ དབང་བསྐུར་བ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དབང་བསྐུར་དང་ནི་གཏེར་དང་ནི། །རྡོ་རྗེ་རྒྱལ་མཚན་མཆོད་པ་ཆེ། །ཞེས་བྱ་བ་ལ་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་མཛད་པའི་ཕྱིར། དེ་དག་བཅོམ་ 61-1-180a ལྡན་འདས་འཕགས་པ་ནམ་མཁའི་སྙིང་པོས་བསགས་པར་མཛད་ནས་བཞུགས་པ་ཡིན་ནོ། །དེ་ལྟར་དཀྱིལ་འཁོར་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཆེན་པོ་བསྟན་ནས་ད་ནི་དབང་བསྐུར་བ་ཤེས་པས་འགྲུབ་པར་འགྱུར་རོ་ཞེས་བྱ་བ་བསྟན་པར་བྱ་བའི་ཕྱིར། དེ་ནས་རིགས་ཐམས་ཅད་ཀྱི་དབང་བསྐུར་བ་ ཤེས་པའོ་ཞེས་བྱ་བ་གསུངས་ཏེ་སངས་རྒྱས་ནི་དེ་བཞིན་གཤེགས་པ་ཐམས་ཅད་དེ་དེ་རྣམས་ལ་རྡོ་རྗེ་རྩེ་ལྔ་པ་ཕྱེད་པའི་རྩེ་མོ་ཅན་གྱི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་ཅོད་པན་དེ་རིན་པོ་ཆེའི་ཅོད་པན་གྱིས་དབང་བསྐུར་བ་དེའི་རྣལ་འབྱོར་པ་རྣམས་ཀྱིས་བྱའོ། །ཁྲོ་བོའི་རྡོ་རྗེ་རྩེ་ལྔ་པའི་ཕྲེང་བ་དང་ལྡན་པའི་ཅོད་པན་གྱིས་ རྡོ་རྗེ་ཆེན་པོའི་རིགས་ཀྱི་དབང་བསྐུར་བའོ། །དེ་བཞིན་གཤེགས་པ་སྣང་བ་མཐའ་ཡས་དང་ལྡན་པའི་ཅོད་པན་གྱིས་པདྨའི་རིགས་ལའོ། །ཡིད་བཞིན་གྱི་ནོར་བུ་དང་ལྡན་པས་ནོར་བུ་ཆེན་པོའི་རིགས་ཀྱིས་བདག་དང་གཞན་ལ་དབང་བསྐུར་བར་བྱའོ། །དཔལ་རྡོ་རྗེ་སེམས་དཔའི་ཕྱག་ མཚན་གྱི་དེ་ཁོ་ན་ཉིད་བསྟན་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐམས་ཅད་མཆོག་གི་དངོས་གྲུབ་ཆེ། །དབང་ཕྱུག་ཆེན་པོ་ཞེས་བྱ་བ་ནི་བཤད་ཟིན་ཏོ། །དེའི་དོན་དུ་མཚོན་ཆ་ཆེན་པོ་རྡོ་རྗེ་རྩེ་ལྔ་པ་ཞེས་བྱ་བ་དང་སྦྱར་རོ། །དེ་ཉིད་ཀྱི་ཁྱད་པར་བསྟན་པར་བྱ་བའི་ཕྱིར། གསང་བ་ལྔ་ཡི་དེ་ཉིད་ཆེ། །ཞེས་བྱ་བ་གསུངས་ཏེ་རྡོ་རྗེ་སེམས་དཔའ་དང་འདོད་ཆགས་རྡོ་རྗེ་མ་དང་། ཀཱི་ལི་ཀཱི་ལ་དང་། རྡོ་རྗེ་དྲན་མ་དང་། རྡོ་རྗེ་འདོད་པའི་དབང་ཕྱུག་མ་ཅན་དུ་ཤེས་པར་བྱའོ། །དེའི་རང་བཞིན་ཅན་ནི་གསང་བ་ལྔ་སྟེ་དེ་རྣམས་ཀྱི་དེ་ཁོ་ན་ཉིད་ཆེན་པོ་ནི་གཉིས་སུ་མེད་པའི་ཡེ་ཤེས་ སོ། །དེ་སྟོན་པར་བྱེད་པའི་དང་པོ་རྩེ་ལྔ་པ་ནི་རྡོ་རྗེ་རྩེ་ལྔ་པ་ཞེས་བརྗོད་པ་ཡིན་ནོ། །དེ་ལྟར་མཆོག་དང་པོའི་ཕྱག་མཚན་གྱི་དེ་ཁོ་ན་ཉིད་བསྟན་ནས་ད་ནི་རིགས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྟན་པར་བྱ་བའི་ཕྱིར་དེ་ནས་རིགས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ ཐམས་ཅད་སངས་རྒྱས་ཉིད། །ཅེས་བྱ་བ་ལ་གང་ཞིག་སངས་རྒྱས་བཅོམ་ལྡན་རྣམས་རྡོ་རྗེ་རྩེ་ལྔ་པ་དེ་ནི་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་དུ་ཤེས་པར་བྱའོ། །མི་བསྐྱོད་པ་དང་རིན་ཆེན་འབྱུང་ལྡན་དང་སྣང་བ་མཐའ་ཡས་དང་དོན་ཡོད་གྲུབ་པ་དང་རྣམ་པར་སྣང་མཛད་ཀྱི་ཡེ་ 61-1-180b ཤེས་རྣམས་ནི་སངས་རྒྱས་ཐམས་ཅད་དེ་དེ་རྣམས་ཀྱི་དངོས་པོ་ནི་སངས་རྒྱས་ཐམས་ཅད་ཉིད་དོ། །དེ་བཞིན་གཤེགས་པ་ལྔའི་ཡེ་ཤེས་སྟོན་པར་བྱེད་པའི་དེ་བཞིན་གཤེགས་པའི་རྡོ་རྗེ་རྩེ་ལྔ་པ་ནི་སངས་རྒྱས་ཐམས་ཅད་དུ་བརྗོད་པ་ཡིན་ནོ། །སྣ་ཚོགས་བྱ་བ་རྡོ་རྗེ་ཅན། །ཞེས་བྱ་བ་ལ་རིགས་ཀྱི་ བདག་པོ་དང་བཅས་པའི་རྡོ་རྗེའི་རིགས་ཐམས་ཅད་ནི་རྡོ་རྗེ་ཅན་ཏེ་དེ་རྣམས་ཀྱི་ཡང་རིགས་ཀྱི་ཕྱག་མཚན་འབར་བའི་རྡོ་རྗེ་རྩེ་ལྔ་པ་གང་ཡིན་པ་དེ་སྣ་ཚོགས་བྱ་བའི་རང་བཞིན་དུ་ཤེས་པར་བྱའོ། །རྡོ་རྗེའི་རིགས་ཐམས་ཅད་ཀྱི་དངོས་པོ་ནི་སྣ་ཚོགས་ཏེ་དེའི་བྱ་བ་ནི་གདུག་པ་དང་དྲག་པོའི་སེམས་ཅན་འདུལ་བ་དང་ ཞི་བའི་སེམས་ཅན་ཀུན་ནས་བསྡུ་བའོ། །འཇིག་རྟེན་དབང་ཕྱུག་རྡོ་རྗེ་ཆོས། །ཞེས་བྱ་བ་ལ་པདྨའི་རིགས་ཀྱི་ཕྱག་མཚན་ནི་རང་བཞིན་གྱིས་དག་པའི་ཏིང་ངེ་འཛིན་སྟོན་པར་བྱེད་པ་དང་པདྨའི་རིགས་སྟོན་པར་བྱེད་པ་ཤེས་པར་བྱའོ། །ནོར་བུ་ཆེན་པོའི་ཕྱག་མཚན་ནི་ནོར་བུ་སྟེ་དེ་ལ་རིན་པོ་ཆེའི་ རིགས་ཐམས་ཅད་ཀྱི་ནོར་ཐམས་ཅད་བསགས་པ་སྟེ་དེ་དེར་བསམ་པར་བྱ་བའི་དོན་ཏོ། །ད་ནི་ཐམས་ཅད་དགུག་པར་བྱ་བ་བསྟན་པར་བྱ་བའི་ཕྱིར་རྟོག་པ་ཀུན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གི་ལྷའི་རྟོག་པ་ལས་དགུག་པའི་ཕྱག་རྒྱར་གང་བསྟན་པ་དེ་ནི་རྟོག་པ་ཀུན་གྱི་གསང་བའི་རྡོ་རྗེ་ ལྕགས་ཀྱུ་སྟེ་དྲིལ་བུ་དང་བཅས་པ་དེ་དང་འགུག་པའི་སྔགས་ཀྱིས་རང་གི་ལྷ་གཅིག་པུའམ་འཁོར་དང་བཅས་པ་སྤྱན་དྲངས་ནས་དེའི་རྗེས་ལ་ཇི་ལྟ་བ་བཞིན་དུ་བཤད་པའི་རྗེས་སུ་བསྒྲུབ་པར་བྱ་སྟེ་བརླ་གཡས་པ་དང་གཡོན་པ་དག་གིས་དྲིལ་བུ་དཀྲོལ་ཞིང་བྱ་བ་ཡིན་ནོ། །ད་ནི་མཆོད་པ་ཐམས་ ཅད་ཀྱི་དེ་ཁོ་ན་ཉིད་ཤེས་པ་བསྟན་པར་བྱ་བའི་ཕྱིར། དེ་ལ་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་རྟོག་པ་ཡང་ཡིན་ལ་ཀུན་ཡང་དེ་ཉིད་ཡིན་པས་ན་རྟོག་པ་ཀུན་ཏེ་རིགས་ལྔའི་ལྷའི་རྟོག་པ་རྣམས་སོ། །དེ་རྣམས་ཀྱི་གསང་བ་ཆེན་པོའི་མཆོད་པ་ནི་འདོད་ཆགས་རྡོ་རྗེ་མ་ལ་སོགས་པའི་ཕྱག་རྒྱ་ བཞིའོ། །དེས་མཆོད་པ་ནི་མཆོད་པ་ཆེན་པོ་བྱས་ནས་རབ་ཏུ་དགའ་བ་སྟེ་ཡིད་བདེ་བ་སྐྱེས་ནས་མཆོད་པར་བྱས་ནི་བསྒྲུབ་པར་བྱ་བའི་ལྷའི་བུའི་གཟུགས་མདུན་དུ་མཆོད་པར་བྱ་སྟེ། སླར་ཡང་གླུ་དང་རོལ་མོའི་མཆོད་པ་རྣམས་ཀྱིས་མཆོད་པར་བྱའོ། །འདིར་འདི་ལྟར་འཆད་པར་འགྱུར་ཏེ། རྗེས་སུ་ 61-1-181a རྣལ་འབྱོར་བྱས་ལ་གསང་བའི་མཆོད་པ་བཞིས་བདག་ཉིད་ཡང་དག་པར་མཆོད་དེ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ནས། བཅོམ་ལྡན་འདས་བསྒྲུབ་པར་བྱ་བའི་ལྷའི་གཟུགས་དཀྱིལ་འཁོར་གྱི་ཚུལ་དུའམ། དཔའ་བོ་གཅིག་པུ་ཇི་ལྟ་བ་བཞིན་དུ་བཞག་ནས་རྣམ་པ་བཅུ་གཉིས་ཀྱི་ ཕྱག་རྒྱའི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་ལ་སླར་ཡང་ཇི་ལྟ་བ་བཞིན་དུ་བཤད་པའི་གླུ་དང་རོལ་མོའི་རྣམ་པར་འཕྲུལ་པ་རྣམས་ཀྱིས་ཡང་དག་པར་མཆོད་པར་བྱའོ། །དེ་ལ་མཆོད་པའི་ཕྱག་རྒྱ་བཅུ་གཉིས་ཀྱི་སྙིང་པོ་རྣམས་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལས་གསུངས་པ་ཉིད་རིགས་དང་ རིགས་ལས་གཟུང་བར་བྱའོ། །གླུ་ཡང་རང་གི་རིགས་ལས་གསུངས་པའོ། །གསང་བའི་མཆོད་པ་བཞིའི་རང་བཞིན་རང་གི་རིགས་ཀྱི་ཁུ་ཚུར་གཉིས་ཀྱིས་ཕྱག་རྒྱ་བཅིང་བར་བྱའོ། །རྡོ་རྗེ་སེམས་དཔའི་རིགས་ལས་གསུངས་པའི་རབ་ཏུ་དགའ་མ་ལ་སོགས་པའི་མཆོད་པ་རྣམ་པ་བརྒྱད་པོ་ ཁོ་ན་རྡོ་རྗེའི་རིགས་ལ་ཁྲོ་བ་དང་བཅས་པ་ཤེས་པར་བྱའོ། །དེ་བཞིན་གཤེགས་པའི་རིགས་ལ་མཉམ་པའི་ཐལ་མོས་ཞི་བ་རྣམས་སོ། །པདྨའི་རིགས་ལ་པདྨའི་ཐལ་མོས་སོ། །ནོར་བུའི་རིགས་ལ་ནོར་བུའི་ཁུ་ཚུར་གྱིས་མཆོད་པ་རྣམ་པ་བརྒྱད་ཀྱི་ཕྱག་རྒྱ་བཅིང་བར་བྱ་བ་ཡིན་ནོ། །དེ་ལྟར་ མཆོད་པའི་དེ་ཁོ་ན་ཉིད་བསྟན་ནས་ད་ནི་དངོས་གྲུབ་ཐམས་ཅད་ཀྱི་བྱིན་གྱིས་བརླབ་པ་བསྟན་པར་བྱ་བའི་ཕྱིར། དེ་ལ་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་རྟོག་པ་ཡང་ཡིན་ལ་ཀུན་ཡང་ཡིན་པས་ན་རྟོག་པ་ཀུན་ཏེ། དེ་རྣམས་ཀྱི་གསང་བ་ཆེན་པོའི་ཕྱག་རྒྱ་ཐམས་ཅད་ནི་ཕྱག་རྒྱ་ཆེན་པོ་རྣམས་ ཏེ་དེ་དག་གིས་ཇི་ལྟ་བ་བཞིན་དུ་བཤད་པའི་ཚུལ་གྱིས་ལེགས་ཤིང་མཛེས་པར་བྱིན་གྱིས་བརླབ་པའོ། །དེའི་རྗེས་ལ་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་ཀྱི་བདག་ཉིད་རབ་ཏུ་བསྒྲུབས་ལ་སྙིང་པོ་སྟེ་རང་གི་ལྷའི་བཟླས་པ་བྱ་བའི་སྔགས་ཀྱིས་བཟླ་བ་ནི་བདག་ཉིད་ལ་མངོན་པར་བསྔགས་པར་བྱའོ། ། དམ་ཚིག་ཆེན་པོ་དེ་ཁོ་ན་ཉིད་ཀྱི་བདག་ཉིད་རབ་ཏུ་སྒྲུབ་པར་བྱེད་པ་དེ་གང་ཡིན་ཞེ་ན། དེ་ནས་ཞེས་བྱ་བ་ལ་སོགས་པ་དེ་ཉིད་གསུངས་པ་ཡིན་ཏེ་དེ་ཡང་བཤད་ཟིན་པས་སླར་ཡང་བཤད་པར་མི་བྱའོ། །འདིས་ནི་རིགས་ཐམས་ཅད་ཀྱི་རྣལ་འབྱོར་པ་རྣམས་ཀྱི་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་ཀྱི་དོན་ 61-1-181b བསྒོམས་པས་བདག་ལ་བྱིན་གྱིས་བརླབ་པར་བྱ་བ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །ད་ནི་རང་གི་ལྷག་པའི་ལྷ་ཐམས་ཅད་ཀྱི་སྒྲུབ་པ་ཆེན་པོའི་རྒྱུ་བསྟན་པར་བྱ་བའི་ཕྱིར་དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྟོག་པ་ཀུན་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་ གྱི་རྟོག་པ་སྟེང་རྣམས་ལ་བརྟན་པ་དང་གཡོ་བའི་དངོས་པོ་བསྒྲུབ་པར་བྱ་བ་གང་ཡིན་པ་དེ་དག་ཐམས་ཅད་རང་གི་རྣལ་འབྱོར་བྱས་ཏེ་རང་གི་ལྷའི་བཟླ་བའི་སྙིང་པོས་ལྷའི་གཟུགས་རྣམ་པར་བསམས་ལ་རང་གི་ལྷའི་གཟུགས་ཉིད་ཇི་སྲིད་བསྒྲུབ་པར་བྱ་སྟེ་དེ་སྲིད་ཀྱི་མིག་སྨན་ལ་སོགས་པ་ཐམས་ཅད་འགྲུབ་ པར་འགྱུར་རོ། །ད་ནི་ཐམས་ཅད་རྗེས་སུ་སྒྲུབ་པ་བསྟན་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་དང་དྲིལ་བུ་ནི་འདིར་རང་གི་རིགས་ཀྱི་ཕྱག་མཚན་ཏེ་གཉིས་པོ་དེ་འཛིན་པར་བྱེད་པས་ན་རྡོ་རྗེ་དང་དྲིལ་བུ་འཆང་བའོ། །རྡོ་རྗེ་དང་དྲིལ་བུ་འཛིན་པར་གྱུར་པས་བདག་ཉིད་རང་གི་ ལྷའི་རྣལ་འབྱོར་དང་ལྡན་པར་བྱས་ལ་བརྟན་པ་དང་གཡོ་བའི་རང་བཞིན་ཅན་གྱི་འགྲོ་བ་ཐམས་ཅད་གདོད་ནས་མ་སྐྱེས་པའི་ཕྱིར་ནམ་མཁའི་མཚན་ཉིད་ཅན་དུ་རྟོགས་པར་བྱའོ། །རྡོ་རྗེ་དྲིལ་བུས་རབ་སད་པས། །ཞེས་བྱ་བ་ནི་སྒྲའི་རྗེས་སུ་འགྲོ་བའི་ཤེས་རབ་ཀྱི་ཡེ་ཤེས་རྣམས་ཀྱིས་མངོན་དུ་བྱེད་ པ་ནི་རབ་ཏུ་སད་པ་སྟེ། རབ་ཏུ་སད་པ་དེ་དག་གིས་དཔལ་མཆོག་དང་པོ་ལ་སོགས་འགྲུབ་ཅེས་བྱ་བ་ནི་ཇི་ལྟ་བ་བཞིན་དུ་བཤད་པའི་རྟོག་པ་ཐམས་ཅད་རྗེས་སུ་སྒྲུབ་པ་དེ་རྣམས་ཀྱིས་བཅོམ་ལྡན་འདས་གྲུབ་པར་འགྱུར་རོ། །ད་ནི་འབད་པ་མེད་པ་ཤེས་པ་བསྟན་པར་བྱ་བའི་ཕྱིར་དེ་ལ་ཞེས་བྱ་བ་ ལ་སོགས་པ་གསུངས་ཏེ། བསྒྲུབ་བྱ་བ་ནི་ཇི་ལྟར་རང་གི་ལྷའི་གཟུགས་ཏེ་དེ་ཐམས་ཅད་དགུག་པ་དང་། མཆོད་པ་ཆེན་པོ་དང་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པའི་སྒྲུབ་པ་རྣམས་ཀྱིས་རྫོགས་པར་བྱའོ། །དེ་ཇི་ལྟར་ཞེ་ན་ཅི་འདོད་ཅེས་བྱ་བ་སྟེ། ཇི་ལྟར་འདོད་པའི་རྣལ་འབྱོར་གྱིས་ སོ། །ཅི་འདོད་པ་ནི་ཇི་ལྟ་བ་བཞིན་དུ་མངོན་པར་འདོད་པའོ། །ཅི་འདོད་པའི་སྤྱོད་པ་ནི་ཇི་ལྟར་འདོད་པའི་སྤྱོད་ལམ་དང་ལྡན་པའོ། །ཅི་འདོད་པའི་ལས་ནི་མཆོད་རྟེན་གྱི་ལས་དང་གླེགས་བམ་བཀླག་པ་ལ་སོགས་པའི་དགེ་བའི་སྤྱོད་པའོ། །ཅི་འདོད་པའི་སྤྱོད་པ་དང་ལས་ནི་ཅི་འདོད་པའི་སྤྱོད་ 61-1-182a པ་དང་ལས་སོ། །དེ་གང་ལ་ཡོད་པ་དེ་ནི་ཅི་འདོད་པའི་སྤྱོད་པའི་ལས་དང་ལྡན་པའོ། །བྱ་བའི་རྒྱུད་ལ་བཀག་པའི་རྣལ་འབྱོར་དང་རྗེས་སུ་མཐུན་པའི་ཐུག་པ་ནག་པོ་ལ་སོགས་པ་ཟ་བས་ན་ཐམས་ཅད་ཟ་བའོ། །གར་གྱི་ཚུལ་གྱིས་རྗེས་སུ་སྒྲུབ་པར་བྱེད་པས་ན་ཐམས་ཅད་བྱེད་པའོ། །ལངས་ པའམ་ནི་འདུག་པའམ། །འཆག་པའམ་ནི་ཇི་ལྟར་གནས། །ཞེས་བྱ་བ་འདིས་འདུག་པའི་ངེས་པ་མེད་པ་སྟོན་པ་ཡིན་ནོ། །རབ་ཏུ་དགོད་དམ་རབ་ཏུ་སྨྲ། །ཞེས་བྱ་བ་འདིས་འདུག་པའི་ངེས་པ་མེད་པར་བསྟན་པ་ཡིན་ནོ། །གང་དེར་ཇི་ལྟ་བ་དེ་བཞིན་དུ་ཞེས་བྱ་བ་འདིས་གནས་ཀྱི་ངེས་པ་མེད་པ་ ཉིད་བསྟན་པ་ཡིན་ནོ། །གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་ཀྱི་རང་བཞིན་གྱིས་དངོས་པོ་གང་དང་གང་མིག་ལ་སོགས་པའི་དབང་པོའི་སྤྱོད་ཡུལ་དུ་གྱུར་པས་ན་དབང་པོའི་ལམ་དུ་གྱུར་པ་སྟེ་དངོས་པོ་དེ་དང་དེའི་རང་བཞིན་ཏེ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་གཟུགས་ཀྱི་རང་བཞིན་དང་ གཅིག་ཏུ་བྱའོ། །སྒྲ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྒྲ་དང་དྲི་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དྲི་དང་རོ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རོ་དང་རེག་བྱ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རེག་བྱ་དང་ཆོས་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཆོས་དང་གཅིག་ཏུ་བྱའོ། །དེ་ལྟར་ན་དངོས་ པོ་དེ་རང་བཞིན་དང་གཅིག་ཏུ་བྱ་བ་ཡིན་ནོ། །རྣལ་འབྱོར་གང་གིས་གཅིག་ཏུ་བྱ་ཞེ་ན། མཉམ་པར་མ་བཞག་རྣལ་འབྱོར་གྱིས་ཏེ་བྱེད་པར་འགྱུར་བ་དེས་སོ། །རང་གི་ལྷག་པའི་ལྷ་ནི་རང་གི་ཡིད་ཀྱི་ལྷ་སྟེ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་རང་བཞིན་ཅན་གྱི་ཡིད་དེ་ཉིད་ཀུན་དུ་བསྒོམ་སྟེ་བསམ་ པར་བྱ་བ་ཡིན་ནོ། །མཉམ་པར་མ་བཞག་པའི་རྣལ་འབྱོར་བསྒོམ་པའི་རང་བཞིན་ཅན་གྱི་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་འདིས་ཐམས་ཅད་ཀྱི་ལྷའི་རང་བཞིན་བསྒྲུབ་པ་སྟེ་རྫོགས་པར་བྱས་ན་ཐམས་ཅད་ཉིད་རབ་ཏུ་འགྲུབ་པར་འགྱུར་རོ་ཞེས་བྱ་བ་དང་སྦྱར་རོ། །དེ་གང་གི་ཕྱིར་ཞེ་ན། སངས་རྒྱས་ ཀུན་དངོས་ཐམས་ཅད་ལ། །ཞེས་བྱ་བ་ལ་རང་གིས་ལྷའི་རང་བཞིན་དུ་གཟུགས་ལ་སོགས་པ་ཐམས་ཅད་རྟག་ཏུ་བརྟན་ཞིང་རབ་ཏུ་འགྲུབ་པར་འགྱུར་རོ། །དམ་ཚིག་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ལྟར་ཞེས་བྱ་བ་ནི་འདས་མ་ཐག་ཏུ་བཤད་པའི་ཚུལ་གྱིས་དཔལ་ 61-1-182b མཆོག་དང་པོའི་རྒྱུད་ཀྱི་ཆོ་ག་ནི་བསྒྲུབ་པར་བྱ་བ་དང་། སྒྲུབ་པའི་རྣམ་པ་ཅན་བྱིན་བརླབས། །ཞེས་བྱ་བ་དང་སྦྱར་རོ། །བྱིན་གྱིས་བརླབས་པ་དེ་ཉིད་ཀྱི་ཁྱད་པར་བསྟན་པར་བྱ་བའི་ཕྱིར། མ་ཉམས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གང་གིས་ཀྱང་མ་ཉམས་པས་ན་མ་ཉམས་པའོ། །མཆོག་ཀྱང་ ཡིན་ལ་བླ་མ་ཡང་དེ་ཉིད་ཡིན་པས་མཆོག་གི་བླ་མའོ། །གསལ་བ་ནི་གསལ་བ་ཉིད་དོ། །དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རིགས་ལྔའི་དངོས་གྲུབ་ནི་མཆོག་ཏུ་གསང་བའི་དངོས་གྲུབ་སྟེ། དེའི་ཆོ་ག་ནི་སྔར་བཤད་པ་སྟེ་དེས་ལྷའི་བདེ་བ་རབ་ཏུ་སྟེར་བའོ། །ཅིའི་དོན་དུ་བྱིན་གྱིས་བརླབ་ཅེ་ ན་མྱུར་དུ་གྲུབ་པའི་ཕྱིར་ཞེས་བྱ་བ་སྟེ། མྱུར་དུ་དངོས་གྲུབ་ཐོབ་པའི་ཕྱིར་རོ། །སུས་བྱིན་གྱིས་བརླབ་ཅེ་ན་དེ་བཞིན་གཤེགས་པ་ཀུན་གྱིས་ཞེས་བྱའོ། །དེ་དག་ཇི་ལྟ་བུ་ཞེ་ན་སྟོང་པ་ཉིད་བཅུ་དྲུག་ནི་རྡོ་རྗེ་མཆོག་སྟེ་དེས་འཛིན་པར་མཛད་པས་ན་རྡོ་རྗེ་མཆོག་འཛིན་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ རིགས་ཀྱི་ལྷ་རྣམས་ཏེ་དེ་དག་གི་ཕྱིར་རོ། །བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་སྲས་ཏེ་དེ་དང་བཅས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དཔལ་མཆོག་དང་པོའི་རྒྱུད་ཀྱི་ཆོ་ག་འདི་བྱིན་གྱིས་བརླབས་པ་ཡིན་ནོ། །དེ་ལྟར་གང་གིས་གསུངས་པ་ཡིན་ཞེ་ན་མཆོག་ཏུ་བདེ་བ་དམ་ པ་ཞེས་བྱ་བ་ལ་སོགས་པ་ལ་ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་བདེ་བ་ནི་མཆོག་ཏུ་བདེ་བའོ། །དེས་དམ་པ་སྟེ་མཆོག་ཏུ་བདེ་བ་དམ་པའོ། །གསང་བ་ལྔའི་དེ་ཁོ་ན་ཉིད་ཆེན་པོའི་རང་བཞིན་ཅན་གྱི་དང་པོའི་རྡོ་རྗེ་ནི་མཆོག་གི་རྡོ་རྗེ་སྟེ་དེ་འཛིན་པར་མཛད་པས་ན་མཆོག་གི་རྡོ་རྗེ་འཛིན་པའི་རྡོ་རྗེ་སེམས་ དཔས་གསུངས་པ་ཡིན་ནོ། །དེ་ཡང་ཆེན་པོ་སྟེ་ཐམས་ཅད་ཁྱབ་པ་དང་དགའ་བ་ཆེན་པོ་ཞེས་བྱ་བའོ། །དཔལ་མཆོག་དམ་པོའི་རྒྱ་ཆེར་བཤད་པ་ལས་མཆོག་ཏུ་གསང་བའི་ཆོ་གའི་བཤད་པ་རྫོགས་སོ།། །།ད་ནི་ཇི་ལྟ་བ་བཞིན་དུ་བཤད་པའི་ཆོ་གས་སློབ་དཔོན་ལས་ཀྱི་ཆོ་ག་དང་། སློབ་མ་ གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་རྗེས་སུ་སྤྱད་ནས་རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་རྣམས་ཇི་ལྟ་བ་བཞིན་དུ་གཤེགས་སུ་གསོལ་ནས་རང་གི་ལུས་ལ་སྤྲུལ་པ་ཉེ་བར་བསྡུ་བ་དང་བདག་ཉིད་སྲུང་བ་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ལ་ལེགས་པར་མཛད་པ་དག་གིས་ 61-1-183a ཡང་དག་པར་མགུ་སྟེ། སློབ་དཔོན་ལྡང་བར་བྱའོ་ཞེས་བྱ་བའི་དོན་འདི་ཟུར་གྱི་ཚིག་གིས་རབ་ཏུ་བསྟན་པར་བྱ་བའི་ཕྱིར། དེ་ནས་སྟོན་པ་རྡོ་རྗེ་འཆང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་དེ་ནས་ཀྱི་སྒྲ་ནི་དེ་མ་ཐག་ཏུ་བརྗོད་པ་སྟེ་སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པའི་རྗེས་ཐོགས་ ཉིད་ལ་ཞེས་བྱའོ། །རྡོ་རྗེ་འཆང་ནི་རྡོ་རྗེ་སེམས་དཔའོ། །སེམས་ཅན་གྱི་ཁམས་ལུང་དང་རྟོགས་པ་རབ་ཏུ་འཇུག་ཅིང་སྟོན་པར་མཛད་པས་ན་སྟོན་པའོ། །ནམ་མཁའ་བཞིན་དུ་མཐར་ཐུག་པ་མེད་པ་མཐའ་ཡས་པའོ། །ཕྱོགས་བཅུར་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས་ཀྱིས་འགྲོ་བས་ན་ཀུན་དུ་འགྲོ་ བའོ། །དཔལ་མཆོག་ཅེས་བྱ་བ་ལ་སོགས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་སངས་རྒྱས་ཀུན་ཏེ་དེ་བཞིན་གཤེགས་པ་རྣམས་ཀྱིས་ཡང་དག་པར་བསྟོད་པའོ། །ནིའི་སྒྲ་ནི་ངེས་པར་གཟུང་བ་བྱ་སྟེ་སངས་རྒྱས་ཐམས་ཅད་ཁོ་ན་ཞེས་བྱ་བའོ། །རྟོག་པ་ཡོངས་ སུ་རྫོགས་པ་ནི་མཐར་ཐུག་པ་དེའི་དོན་དུ་ཡང་གསུང་བ་ཡིན་ནོ། །ཅི་གསུང་བ་ཡིན་ཞེ་ན་དང་པོ་ཞེས་བྱ་བ་ལ་སོགས་པ་སྟེ་དང་པོ་ཞེས་བྱ་བ་བཤད་ཟིན་ཏོ། །དཔལ་མཆོག་དང་པོའི་རྒྱུད་ཀྱི་རྣམ་པ་ཅན་གྱི་བདག་གི་ངེས་པའི་ཤེས་པ་འདི་ནི་སྙིང་པོ་ཡིན་ནོ། །མཆོག་ཀྱང་ཡིན་ལ་ཆེན་པོ་ཡང་ ཡིན་པས་མཆོག་ཆེན་པོའོ། །བདེ་བ་ཆེན་པོའི་མཆོག་གི་རྗེས་སུ་ཆགས་པ་ཆེན་པོ་སྟེ་ཐམས་ཅད་དུ་ཁྱབ་པའི་རིགས་ལྔའི་གཟུགས་བསྟན་པས་སེམས་ཅན་གྱི་ཁམས་ཐམས་ཅད་ལ་རིགས་ལྔའི་ལྷའི་ཏིང་ངེ་འཛིན་རྫོགས་པར་བྱེད་པའོ། །ཐམས་ཅད་ཀྱི་མཆོག་ཀྱང་དེ་ཡིན་ལ་སེམས་དཔའ་ ཡང་དེ་ཡིན་པས་ན་ཐམས་ཅད་ཀྱི་མཆོག་གི་སེམས་དཔའ་སྟེ་རིགས་ལྔའི་ལྷའི་རྣམ་པ་ཅན་ནོ། །དེ་དག་གི་འབྱུང་གནས་ནི་དེ་དག་སྐྱེད་པར་བྱེད་པའི་རྒྱུའོ། །ཅིའི་ཕྱིར་རྒྱུད་འདི་ཐམས་ཅད་ཀྱི་མཆོག་གི་འབྱུང་གནས་ཡིན་ཞེ་ན། རྟག་ཏུ་ནི་ཞེས་བྱ་བ་ལ་སོགས་པ་སྟེ་ནིའི་སྒྲ་ནི་གང་གི་ཕྱིར་གྱི་ དོན་ཏེ། གང་གི་ཕྱིར་འདི་དུས་ཐམས་ཅད་དུ་སེམས་ཅན་གྱི་ཁམས་ཐམས་ཅད་ལ་ཐམས་ཅད་ཀྱི་མཆོག་གི་དབང་ཕྱུག་ཉིད་སྩོལ་བར་བྱེད་པའི་ཕྱིར་རོ། །ཐམས་ཅད་ཀྱི་མཆོག་ཀྱང་དེ་ཡིན་ལ་འབྱོར་པ་ཡང་དེ་ཡིན་པས་ཐམས་ཅད་ཀྱི་འབྱོར་པ་སྟེ་རིགས་ལྔའི་ཕུན་སུམ་ཚོགས་པའོ། །དེས་དབང་ཕྱུག་ 61-1-183b སྟེ་ཐམས་ཅད་ཀྱི་མཆོག་གི་དབང་ཕྱུག་ནི་རྡོ་རྗེ་འཆང་ངོ་། །དེའི་དངོས་པོ་ནི་ཐམས་ཅད་ཀྱི་མཆོག་གི་དབང་ཕྱུག་ཉིད་དེ་དེ་སྒྲུབ་པ་པོ་རྣམས་ལ་སྩོལ་བའོ། །འདི་ཡོན་ཏན་འདི་ལྟ་བུ་དང་ལྡན་པ་གཅིག་པུར་མ་ཟད་ཀྱི་གང་གིས་ཀྱང་འདི་ཡོངས་སུ་རྫོགས་པར་ནུས་པ་མ་ཡིན་ནོ་ཞེས་བྱ་བ་བསྟན་པར་བྱ་ བའི་ཕྱིར་མཐའ་ཡས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལ་མཐའ་མེད་པ་ན་མཐའ་ཡས་པའོ། །མཐའ་ཡས་པ་ཉིད་ཀྱི་ཕྱིར་གང་གིས་ཀྱང་འདིའི་མཐར་ཐུག་པ་མེད་པས་མ་ཐོབ་པའོ། །ཐོབ་པ་མེད་པ་ཉིད་ཀྱི་ཕྱིར་མཐར་ཐུག་པ་མེད་པ་སྟེ་ཡོངས་སུ་རྫོགས་པ་མེད་པའོ། །ནིའི་སྒྲ་ནི་ངེས་ པར་གཟུང་བར་བྱ་བ་སྟེ་མཐར་ཐུག་པ་མེད་པ་ཁོ་ནའོ། །ཚུལ་ཡང་དེ་ཡིན་ལ་ཆེན་པོ་ཡང་དེ་ཡིན་པས་ཚུལ་ཆེན་པོ་སྟེ་བྱང་ཆུབ་སེམས་དཔའི་ལམ་འབྲས་བུ་དང་བཅས་པའི་རང་བཞིན་ཉིད་ཀྱི་ཆོས་ཀྱི་དབྱིངས་ཀྱི་དམ་ཚིག་གོ་ཞེས་བྱ་བའི་དོན་ཏོ། །འདི་གང་གིས་ཤེ་ན་མཆོད་པ་ཆེན་པོ་ཐམས་ཅད་ ཅེས་བྱ་བ་ལ་རིགས་ལྔའི་ལྷ་མོ་རྣམས་ནི་མཆོད་པ་ཆེན་པོ་ཐམས་ཅད་དེ་དེ་རྣམས་ཀྱི་དམ་ཚིག་ནི་དེ་ཡིན་ནོ། །ནམ་མཁའ་བཞིན་དུ་ཐམས་ཅད་དུ་འགྲོ་བས་ནམ་མཁའ་དང་མཚུངས་པའོ། །འདི་ལས་ཇི་ལྟ་བུ་དང་ལྡན་པ་ཡིན་ཞེ་ན། མཆོག་གི་དངོས་གྲུབ་འཕེལ་བར་སྟེར། །ཞེས་བྱ་བ་ལ་ རིགས་ལྔའི་དངོས་གྲུབ་ནི་མཆོག་གི་དངོས་གྲུབ་སྟེ་དེ་ཉིད་གོང་ནས་གོང་དུ་འཇུག་པས་ན་འཕེལ་བའོ། །དེ་སྟེར་བས་ན་མཆོག་གི་དངོས་གྲུབ་འདི་ལ་བསྟེར་བ་སྟེ་དེ་ལྟ་བུ་གང་ཡིན་པ་དེ་གང་གིས་ཀྱང་ཡོངས་སུ་རྫོགས་པར་ནུས་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །ཐོག་མ་མཐར་ཐུག་མེད་ པའོ། །ཞེས་བྱ་བ་ལ་ཐོག་མ་ནི་དང་པོ་བསྐྱེད་པའོ། །མཐར་ཐུག་པ་ནི་ཡོངས་སུ་རྫོགས་པ་སྟེ་ཉིང་མཚམས་སྦྱོར་བ་མེད་པར་འཇོག་པའོ། །གང་ལ་ཐོག་མ་དང་མཐར་ཐུག་པ་གཉིས་མེད་པ་སྟེ་ཐོག་མ་དང་ཐ་མ་མེད་པའོ། །དེ་ལྟར་འཆད་པར་འགྱུར་ཏེ། འདི་ཐོག་མ་དང་ཐ་མ་མེད་པ་ཡིན་ ཏེ་ཇི་སྐད་དུ་དེ་ལྟར་བྱུང་བའི་རང་བཞིན་གྱིས་ནམ་མཁའི་ཁམས་ཐམས་ཅད་དུ་རྟག་ཏུ་བཞུགས་པའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས་ཀྱིས་ཐམས་ཅད་དུ་འགྲོ་བ་སྟེ། དེའི་ཕྱིར་འདི་ཡོངས་སུ་རྫོགས་པར་བྱེད་པར་སུས་ཀྱང་ནུས་པ་མ་ཡིན་ནོ་ཞེས་བྱ་བ་གསུངས་སོ། །གལ་ཏེ་འདི་ཡོངས་སུ་རྫོགས་པར་ 61-1-184a བྱེད་པར་ནུས་པ་མ་ཡིན་ན། འོ་ན་ཡོངས་སུ་རྫོགས་པའོ་ཞེས་བྱ་བ་ཇི་ལྟར་བརྗོད་ཅེ་ན། སེམས་ཅན་ཞེས་བྱ་བ་ལ་སོགས་པ་ལ་གང་གི་ཕྱིར་སེམས་ཅན་རྣམས་ནི་ངན་པ་ལ་ཞེན་ཅིང་གཞུང་ཉུང་བ་ལ་མངོན་པར་དགའ་བ་རྒྱ་ཆེ་བའི་འཇིགས་པས་འཇིགས་པའི་ཕྱིར་རོ། །ནམ་མཁའི་ཁམས་ ཐམས་ཅད་ལ་རྟག་ཏུ་བཞུགས་པའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ནི་ཐམས་ཅད་དུ་གཤེགས་པ་ཡིན་ནོ་ཞེས་བྱ་བ་འདི་ཡང་མི་མོས་ཤིང་དེ་བཞིན་གཤེགས་པའི་ཡོན་ཏན་རྣམས་ལ་དད་པ་མེད་པའོ། །བསྒྲུབ་པར་བྱ་བའི་སྦྱོར་བས་གཞན་དུ་སྨྲ་ཞིང་གཞན་བྱེད་པས་ན་ གཡོ་སྒྱུ་ཅན་ནོ་ཞེས་བྱ་བའི་དོན་ཏོ། །དེ་དག་ཅིའི་ཕྱིར་གཡོ་སྒྱུ་ཅན་ཡིན་ཞེ་ན། མ་སྦྱངས་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ལ་སོགས་པས་མ་ཐུལ་བས་ནམ་སྦྱངས་པའོ། །རྟག་ཏུ་དུས་ཐམས་ཅད་དུ་འདོད་པའི་ཡོན་ཏན་ལྔ་ལ་ཞེན་པས་ཏེ་རྟག་ཏུ་རྗེས་སུ་ཆགས་པའོ། །སྡོམ་པའི་ཚུལ་ཁྲིམས་ཙམ་ ལ་ཆགས་པས་ན་ཆགས་པ་དང་བྲལ་བ་ལ་ཆགས་པའོ། །དེ་ལྟར་གྱུར་པའི་སེམས་ཅན་ཡོངས་སུ་མ་སྦྱངས་པ་དེ་རྣམས་རྒྱས་པར་བཤད་པ་མཐའ་ཡས་པ་ཐོས་ནས་སུན་འབྱིན་པས་མནར་མེད་པའི་དམྱལ་བ་ཆེན་པོར་ལྟུང་བར་མ་གྱུར་ཅིག་ཅེས་བྱ་བའི་ཕན་གདགས་པར་བྱ་བའི་ཕྱིར་རྒྱུད་ཀྱི་རྒྱལ་པོ་འདི་ཡོངས་ སུ་རྫོགས་པ་སྟེ་མདོར་བསྡུས་པ་ཡོངས་སུ་མཐར་ཐུག་པར་བྱས་པའོ། །གང་གི་ཁྱིམ་ན་ཡོད་པ་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །འདིས་འདི་ལྟར་འཆད་པར་འགྱུར་ཏེ། སློབ་མ་གཞུག་པ་ལ་སོགས་པ་རྫོགས་པར་བྱས་ནས་རིགས་ཐམས་ཅད་ཀྱི་ལྷའི་མཆོད་པ་དང་ཕྱག་རྒྱ་དགྲོལ་བ་དང་། དབང་ བསྐུར་བ་དང་། གོ་ཆ་བཅིང་བ་དང་མཉེས་པ་བྱ་བ་བྱས་ནས། དེའི་རྗེས་ལ་ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ་བར་བྱ་སྟེ་ཕུར་བུ་བཏོན་པ་དང་། དཀྱིལ་འཁོར་གྱི་ལྷ་གཤེགས་སུ་གསོལ་བ་བྱས་ལ་དེའི་འོག་ཏུ་སྤྲུལ་པ་ཡིད་ཀྱིས་རང་གི་ལུས་ལ་བཅུག་སྟེ་རྡོ་རྗེ་སྲུང་བ་དང་། རྡོ་རྗེ་གནོད་སྦྱིན་དང་། རྡོ་རྗེ་སེམས་དཔའ་དང་། གཙུག་ཏོར་དང་། རྡོ་རྗེ་ཁུ་ཚུར་རྣམས་ཀྱིས་བདག་ཉིད་སྲུང་བ་བྱས་ནས་དེ་བཞིན་གཤེགས་པ་ཐམས་ཅད་འདུས་པས། ཡབ་མཆོག་སངས་རྒྱས་སྲས་རྣམས་ལེགས་སོ་ཞེས་བྱ་བ་ནས་བརྩམས་ཏེ་ཇི་སྲིད་བདེ་བ་ཐམས་ཅད་ཅེས་བྱ་བའི་མཐར་ཐུག་པའི་བར་དུ་བསྟན་པའི་ 61-1-184b ལེགས་པར་མཛད་པ་རྣམས་ཀྱིས་བདག་ཉིད་དགའ་བར་གྱུར་པར་བསམ་པར་བྱའོ། །དེ་ནས་ཇི་ལྟ་བ་བཞིན་དུ་རྡུལ་ཚོན་ཉེ་བར་བསྡུས་པར་བྱས་ལ་ལངས་ཏེ། ཇི་ལྟར་དགེ་བའི་ཕྱོགས་དང་མཐུན་པར་རྗེས་སུ་སྤྱད་པར་བྱའོ། །དེ་ནས་ཕུར་བུ་གདོན་པའི་སྔགས་དང་ཕྱག་རྒྱ་ནི་འདི་ཡིན་ཏེ། ཨོཾ་བཛྲོད་ ཀཱི་ལི་ཀཱི་ལ་ཡ་སརྦ་ཀི་ལ་ཡ་སརྦ་ཀི་ལན་བྷུདྡྷ་སཏྟེ་ན་བཛྲ་ཨ་ཛྙཱ་ཡཾ་ཧཱུཾ་ཕཊ། ཕུར་བུ་ཐམས་ཅད་གདོན་པའི་སྔགས་སོ། །དེ་ནས་འདིའི་ཕྱག་རྒྱ་ནི་འདི་ཡིན་ཏེ་ལག་པ་གཉིས་ཀྱིས་ཁ་སྦྱོར་གྱི་ཐལ་མོ་བྱས་ལ་སྲིན་ལག་གཉིས་ནང་དུ་བཅུག་སྟེ། དབུས་མ་གཉིས་ཀྱི་རྩེ་མོ་ཡང་དག་པར་སྦྱར་བ་ བྱས་ལ་དེའི་ཚིགས་གསུམ་པའི་དྲུང་དུ་མཛུབ་མོ་གཉིས་རྡོ་རྗེའི་རྣམ་པ་ཅན་ནས་གང་ཙམ་གྱི་བར་ཡོད་པར་གཟུང་ཞིང་། མཐེའུ་ཆུང་གཉིས་དང་མཐེ་བོང་གཉིས་ཀྱི་རྩེ་མོ་བྱས་ཏེ་འདི་ནི་རྡོ་རྗེ་ཕུར་བུའི་སྔགས་དང་ཕྱག་རྒྱའོ། །འདི་ནི་དབུས་མའི་རྩེ་མོས་ཕུར་བུ་བཟུང་སྟེ། མངོན་སུམ་དུ་ འམ་ཡིད་ཀྱིས་གདོན་པར་བྱའོ། །དེ་ནས་ཕུར་བུ་དེ་ཉིད་ཡིད་ཀྱིས་རྡོ་རྗེ་རྩེ་ལྔ་པའི་དབུས་སུའམ་དགྲ་བའི་ལུས་ལ་གཞུག་པར་བྱའོ། །དེ་ནས་ཞི་བའི་རིག་པས་བའི་འོ་མ་ལ་ཡོངས་སུ་བཟླས་ཏེ་ཕུར་བུའི་བུ་གུ་དེ་ཡོངས་སུ་དགང་བར་བྱའོ། །སྦྱིན་པའི་ཕ་རོལ་ཕྱིན་དམ་ཚིག ། ཕྱག་རྒྱའི་དོན་ནི་རབ་སྟོན་བྱེད། །རྒྱུད་འདིའི་བཤད་པ་བྱས་པ་ཡི། །བདག་གིས་དགེ་བ་གང་བསགས་པ། །དེས་ནི་འཇིག་རྟེན་མ་ལུས་པ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་ཀུན་དགའི། །སྙིང་པོ་བསམ་མི་ཁྱབ་དགེ་འབྱུང་། །ཁྱབ་བདག་རྡོ་རྗེ་རིན་ཆེན་གྱུར། །དཔལ་མཆོག་དང་པོའི་རྒྱ་ ཆེར་བཤད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བ་ཞེས་བྱ་བ་ལས་དུམ་བུ་གཉིས་པའི་བཤད་པ་རྫོགས་སོ།། །།དེ་ལྟར་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་གཉེན་པོ་ནམ་མཁའ་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཆོས་ཐམས་ཅད་ཀྱི་མཚན་ཉིད་ལ་མངོན་པར་ཞེན་པ་སྟོང་པའི་ དངོས་པོས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་དམ་ཚིག་གི་ཕྱག་རྒྱའི་མཚན་ཉིད་ཅན་གྱི་དཔལ་མཆོག་དང་པོ་རྡོ་རྗེ་འཆང་ཆེན་པོ་དེའི་རང་བཞིན་གདུལ་བྱ་རྣམས་ཀྱིས་མངོན་དུ་བྱེད་པའི་ཕྱིར་དུམ་བུ་གཉིས་པ་བསྟན་ནས། ད་ནི་རང་བཞིན་གྱིས་དག་པའི་སོ་སོར་རྟོག་པའི་ཡེ་ཤེས་ཡིད་ཀྱི་རྣམ་པར་ཤེས་ 61-1-185a པའི་གཉེན་པོར་གྱུར་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཆོས་ཀྱི་ཕྱག་རྒྱའི་རང་བཞིན་གྱི་རྡོ་རྗེ་འཆང་ཆེན་པོ་དེའི་རང་བཞིན་གདུལ་བྱ་རྣམས་ཀྱིས་རྟོགས་པར་བྱ་བའི་ཕྱིར། དེ་ནས་དང་པོའི་གནས་དགྱེས་པ། །ཞེས་བྱ་བ་ལ་སོགས་པས་དུམ་བུ་གསུམ་པ་གསུངས་ པ་ཡིན་ཏེ། དེ་ལྟར་ན་འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཅན་དུ་བསྟན་ནས་སླར་ཡང་བྱ་བ་ནན་ཏན་སྒྲུབ་པའི་ཡེ་ཤེས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལས་ཀྱི་ཕྱག་རྒྱའི་རང་བཞིན་ཅན་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་ཀྱི་རྣམ་པར་ཤེས་པ་རྣམས་རྣམ་པར་དག་པའི་རྒྱུར་གྱུར་ པ་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་གདུལ་བྱ་རྣམས་མངོན་དུ་བྱེད་པའི་ཕྱིར། དེ་ནས་དང་པོའི་གནས་དགྱེས་ནས། །ཐམས་ཅད་ནམ་མཁའ་ཞེས་བྱ་བ་ལ་སོགས་པ་དེ་ཉིད་ཀྱིས་དུམ་བུ་བཞི་པ་བསྟན་པར་གསུངས་པ་དེ་ཡིན་ནོ། །དུམ་བུ་བཞི་པོ་དེ་རྣམས་ཀྱི་རིམ་པ་ཇི་ལྟ་བ་བཞིན་དུ་སྟོང་པ་ཉིད་ དང་མཚན་མ་མེད་པ་དང་སྨོན་པ་མེད་པ་དང་རང་བཞིན་གྱིས་འོད་གསལ་བའི་རྣམ་པར་ཐར་པའི་སྒོ་རྣམས་ཏེ་མེ་ལོང་ལྟ་བུ་དང་མཉམ་པ་ཉིད་དང་སོ་སོར་རྟོག་པ་དང་བྱ་བ་ནན་ཏན་གྱི་ཡེ་ཤེས་སྒྲུབ་པར་བྱེད་པ་བསྟན་པ་ཡིན་ཏེ། དེའི་ཕྱིར་གཉིས་སུ་ཟློས་པའི་ཉེས་པར་དོགས་པར་མི་བྱའོ། །གལ་ཏེ་ གཉིས་སུ་ཟླས་པ་ཡོད་ཀྱང་སྒྲ་གཅིག་གིས་དོན་དུ་མ་སོ་སོར་སྟོན་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་ཕྱིར་སྒྲ་དེ་ཉིད་ཀྱི་དགོངས་པའི་དབང་གིས་དོན་གཞན་བསྟན་པར་བྱ་བ་ཡིན་ཏེ་སྐྱོན་ཡོད་པ་མ་ཡིན་ནོ། །དུམ་བུ་གཉིས་པོ་འདི་ལས་གཞན་ཡང་ཁྱད་པར་ཅི་ཡོད་པ་བསྟན་པར་བྱ་བའི་ཕྱིར་དེ་ལ་ དུམ་བུ་གསུམ་པར་དུམ་བུ་གཉིས་པའི་རྟོག་པ་ཐམས་ཅད་ཀྱི་རྒྱུད་ཕྱི་མ་རྩ་བའི་རྒྱུད་ཁོ་ན་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོ་ཡིན་ཏེ་འདིའི་ཁྱད་པར་ནི་འདི་ཡིན་ཏེ། རབ་ཏུ་དགའ་བ་དང་། དགའ་མ་དང་སྤྱན་མ་དང་དཔལ་ཆེན་མོ་རྣམས་ཀྱི་སྒྲས་དབྱངས་རྡོ་རྗེ་མ་དང་རྡོ་རྗེ་སྤྲིན་མ་དང་རྡོ་རྗེ་ སྟན་མ་དང་རྡོ་རྗེ་དགུན་མ་རྣམས་བརྗོད་པ་ཡིན་ནོ། །དེ་རྣམས་ཀྱི་ཡང་རིམ་པ་བཞིན་དུ་འདིར་ནི་སྙིང་པོ་འདི་རྣམས་ཡིན་ཏེ། ཨོཾ་མ་དུ་བཛྲ་གྷུཾ་གྷུཾ། ཨོཾ་བཛྲ་མེ་གྷ་གུ་ལུ་གུ་ལུ། ཨོཾ་ཤ་ར་ཏ་བཛྲེ། ཨོཾ་བཛྲེ་ཤྲཱི་རི་ཧཱུཾ་ཧཱུཾ་ཞེས་བྱའོ། །དུམ་བུ་གཉིས་པ་ལ་ནི་ཧེ་བཛྲ་ཏེ། མ་ཧཱ་ཏ་རེ་བཛྲེ་ཧོ། ཨོཾ་བཛྲེ་ལོ་ཙེ་ 61-1-185b ནི་མ་ཤྲཱི་བཛྲ་ཧི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི་ཧེ་མ་ཧཱ་སུ་ཁ་ཞེས་བྱ་བ་ལ་སོགས་པ་ནི་དུམ་བུ་གཉིས་པར་སྤྱན་འདྲེན་པའི་སྔགས་སོ། །ཧཱུཾ་མ་ཧཱ་སུ་ཁ་ཞེས་བྱ་བ་ལ་སོགས་པ་ནི་གསུམ་པར་སྤྱན་འདྲེན་པའི་སྔགས་སོ། །ཨོཾ་མ་ཧཱ་སུ་ཁ་ཞེས་བྱ་བ་ལ་སོགས་པ་ནི་གཉིས་པར་བུམ་པའི་ སྔགས་སོ། །ཧཱུཾ་མ་ཧཱ་སུ་ཁ་ཞེས་བྱ་བ་ལ་སོགས་པ་ནི་གསུམ་པར་རོ། །གཉིས་པ་སྣ་ཚོགས་པའི་གོས་ཀྱིས་རབ་ཏུ་གཡོགས་པའི་གསུམ་པ་ཤིན་ཏུ་དམར་པའི་གོས་ཀྱིས་གཡོགས་པའོ། །སློབ་དཔོན་གྱིས་དཀྱིལ་འཁོར་དུ་འཇུག་པར་བྱའོ། །གསུམ་པར་ཛཿཧཱུཾ་བཾ་ཧོཿམ་ཧཱ་སུ་ཁ་ཞེས་བྱ་བ་ ལ་སོགས་པ་ནི་རྡོ་རྗེ་སྲུང་བའི་སྔགས་སོ། །གསུམ་པར་ཡི་གེ་ཧཱུཾ་ལ་སོགས་པའོ། །གསུམ་པ་ནི་འདིར་དུམ་བུ་བཞི་པ་སྟེ་ཁྱད་པར་གྱི་གནོད་པ་ཡོད་པ་མ་ཡིན་ནོ། །ཐམས་ཅད་དུ་ནི་དུམ་བུ་གཉིས་པ་ལས་གསུངས་པའི་རྒྱས་པར་བསྟན་པ་དབང་དུ་བྱེད་པ་ཉིད་དུ་གཟུང་བར་བྱའོ། །དུམ་ བུ་གཉིས་པོ་འདིར་ཡང་ཁྱད་པར་ནི་སོ་སོ་དང་བསྟུན་པ་བསྟན་པས་སྐབས་ཁ་ཅིག་ཏུ་ཚིག་གཞན་གྱིས་དངོས་པོ་དེ་ཉིད་བསྟན་པར་བྱ་བ་ཡིན་ཏེ་ཞེས་བྱ་བའོ། །དུམ་བུ་གསུམ་པའི་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོའི་རྣམ་པར་འགྲེལ་པ་རྫོགས་སོ།། །།དེ་བཞིན་གཤེགས་ པའི་དཀྱིལ་འཁོར་ཆེན་པོ་ཡང་དུམ་བུ་གཉིས་པ་ལས་གསུངས་པའི་དཀྱིལ་འཁོར་དང་འདྲ་བ་སྟེ་སླར་ཡང་བཤད་པར་མི་བྱའོ། །རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་དཀྱིལ་འཁོར་ཡང་དུམ་བུ་གཉིས་པ་ལས་གསུངས་པའི་རྡོ་རྗེའི་རིགས་ཀྱི་དཀྱིལ་འཁོར་ཆེན་པོ་དང་འདྲ་བ་སྟེ། འདིར་ ཁྱད་པར་ནི་འདི་ཡིན་ཏེ་ཐིག་སྐུད་གསུམ་པའི་དཀྱིལ་འཁོར་གྱི་དཀྱིལ་གྱི་ཐིག་སྐུད་བདུན་པའི་བར་མཚམས་བསྐོར་བར་བྱ་སྟེ། དེའི་རྗེས་ལ་སླར་ཡང་ཐིག་སྐུད་བདུན་པའི་མཚམས་ཀྱི་ཕྱི་རོལ་དུ་མེའི་ཕྱོགས་ཀྱི་ཆར་འཁོར་གྱི་དཀྱིལ་འཁོར་གྱི་ནང་དུ་མིང་པོ་གསུམ་པོའི་དཀྱིལ་འཁོར་རོ། ། བདེན་བྲལ་དུ་སྲིང་མོ་བཞིའི་དཀྱིལ་འཁོར་རོ། །རླུང་དུ་ཀླུའི་དཀྱིལ་འཁོར་རོ། །དབང་ལྡན་གྱི་ཕྱོགས་ཀྱི་ཆར་སྡུག་བསྔལ་གདོན་པའི་དཀྱིལ་འཁོར་རོ། །སླར་ཡང་འཁོར་གྱི་དཀྱིལ་འཁོར་གྱི་ཕྱི་རོལ་དུ་ཕྱོགས་དང་མཚམས་རྣམས་སུ་འཇིག་རྟེན་གྱི་ཁམས་བརྒྱད་དེ། དེ་རྣམས་སུ་ 61-1-186a ཡང་དེ་བཞིན་གཤེགས་པ་རེ་རེ་ལོགས་གཡས་པ་དང་གཡོན་པ་ན་བཞུགས་པའི་བྱང་ཆུབ་སེམས་དཔའ་གཉིས་གཉིས་ཀྱིས་ཡོངས་སུ་བསྐོར་བ་བྲི་བར་བྱའོ། །དེ་ལ་ཤར་གྱི་ཕྱོགས་སུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའོ། །ནུབ་ཀྱི་ཕྱོགས་སུ་འོད་དཔག་ཏུ་མེད་པའོ། །ལྷོར་ མི་བསྐྱོད་པའོ། །བྱང་དུ་རྡོ་རྗེ་སྙིང་པོས་རབ་ཏུ་འཇོམས་པར་མཛད་པའོ། །མེའི་ཕྱོགས་སུ་ཡེ་ཤེས་ཏ་ལ་ལའོ། །བདེན་བྲལ་དུ་འཇིགས་དབྱངས་འབྲུག་སྒྲའོ། །རླུང་དུ་གསེར་འོད་བརྩེགས་པར་སྣང་བའོ། །དབང་ལྡན་གྱི་ཕྱོགས་ཆར་དེ་བཞིན་གཤེགས་པ་བདེན་པར་གསུང་བ་ བྲི་བར་བྱའོ། །ཐམས་ཅད་ཀྱང་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་ཞིང་པདྨའི་སྙིང་པོ་ཅན་གྱི་སེང་གེའི་ཁྲིའི་གདན་ལ་བཞུགས་ནས་ཆོས་སྟོན་པ་བྲི་བར་བྱའོ། །དེ་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་གཡས་ལོགས་སུ་འཇིག་རྟེན་དབང་ཕྱུག་གཡོན་པར་རྡོ་རྗེ་འཆང་བའོ། །མི་བསྐྱོད་ པའི་གཡས་ལོགས་སུ་སྤོས་ཀྱི་གླང་པོ་གཡོན་པར་རྡོ་རྗེ་སྙིང་པོ། འོད་དཔག་ཏུ་མེད་པའི་གཡས་ལོགས་སུ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་གཡོན་དུ་མཐུ་ཆེན་ཐོབ་པའོ། །ཡེ་ཤེས་ཏ་ལ་ལའི་གཡས་ཕྱོགས་སུ་འཇམ་དཔལ་གཡོན་དུ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོའོ། ། བདེན་པར་གསུངས་པའི་གཡས་ལོགས་སུ་བྱང་ཆུབ་སེམས་དཔའ་བཟང་པོའི་དཔལ་གཡོན་དུ་རིན་ཆེན་དྲ་བ་ཅན་ནོ། །གསེར་འོད་བརྩེགས་པར་སྣང་བའི་གཡས་ལོགས་སུ་དྲི་མ་མེད་པའི་གཟི་བརྗིད་གཡོན་དུ་རྒྱལ་བའི་བློ་གྲོས་སོ། །འཇིགས་དབྱངས་འབྲུག་སྒྲའི་གཡས་ལོགས་སུ་ ནམ་མཁའི་སྙིང་པོ་གཡོན་དུ་སའི་སྙིང་པོའོ། །རྡོ་རྗེ་སྙིང་པོས་རབ་ཏུ་འཇོམས་པར་མཛད་པའི་གཡས་ལོགས་སུ་བློ་གྲོས་མི་ཟད་པ་གཡོན་དུ་ཀུན་དུ་བཟང་པོའོ། །དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱི་ཕྱག་རྒྱ་དང་སྔགས་ལ་སོགས་པ་ནི་འཕགས་པ་རྣམ་པར་ སྣང་མཛད་ཀྱི་སྙིང་པོ་མཛད་ཅེས་བྱ་བའི་རྒྱུད་ཆེན་པོ་ལས་ཤེས་པར་བྱའོ། །འདི་ཁྱད་པར་ཡང་འདི་ཡིན་ཏེ། རྡོ་རྗེ་མཚོན་ཆ་འཛིན་མ་ལ་སོགས་པ་ནས་རྡོ་རྗེ་དྲིལ་བུ་ལ་མཐར་ཐུག་གི་བར་གྱི་ལྷ་མོ་བཅུ་དྲུག་ནི་གཡོན་བརྐྱང་བའི་གནས་པས་བཞུགས་ཤིང་། དབུ་སྐྲ་འཁྲུགས་ཤིང་གྱེན་ 61-1-186b དུ་བརྫེས་ཤིང་གཡོ་བའོ། །དུམ་བུ་གསུམ་པར་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་དཀྱིལ་འཁོར་ཆེན་པོའི་བཤད་པ་རྫོགས་སོ།། །།པདྨའི་རིགས་ཀྱི་དཀྱིལ་འཁོར་ཆེན་པོ་ནི་སྔར་བཤད་པ་དང་མཚུངས་པ་ཡིན་པས་སླར་ཡང་བཤད་པར་མི་བྱའོ། །རིན་པོ་ཆེའི་རིགས་ཀྱི་དཀྱིལ་འཁོར་ཆེན་པོ་ཡང་ སྔར་བཤད་པ་དང་མཚུངས་པ་ཡིན་པ་ལས་ཁྱད་པར་ནི་འདི་ཡིན་ཏེ་གང་ཞིག་ཡིད་དུ་འོང་བའི་སྙིང་པོའི་ཁྱད་པར་རོ། །དེ་ལ་གཉིས་པར་བཛྲ་ཨ་བྷི་ཤི་ཀ་ཛྭ་མ་ཧཱ་བཛྲེ་ནི་ཊྜྭཎེ་ཧཱུཾ། མ་ནི་དྷ་ཛཱ་གྲ་ཀེ་ཡུ་རེ་བཾ་མ་ཧཱ་བཛྲ་མ་ཧེ་ཧོ། ཞེས་བྱ་བ་ནི་དུམ་བུ་གཉིས་པ་ཡིད་དུ་འོང་བའི་སྙིང་པོ་རྣམས་སོ། །གསུམ་ པ་ལ་ཨོཾ་ར་ཏི་བཛྲི་ནི་མཌྜ་ཨོཾ་ཙིཎྜ་ཏ་མ་ནི་ཧོ། ཨོཾ་བཛྲ་མ་ཧཱ་མ་ཧེ་ཧཾ་ཞེས་བྱའོ། །འཇིག་རྟེན་པའི་དཀྱིལ་འཁོར་བཞི་པོ་ནི་སྔ་མ་བཞིན་ཁོ་ནའོ། །བསྡུས་པའི་དཀྱིལ་འཁོར་ཡང་དུམ་བུ་གཉིས་པ་ལས་གསུངས་པ་ཡིན་ནོ། །འདིར་ཁྱད་པར་ནི་འདི་ཡིན་ཏེ་གང་ཞིག་མདོར་བསྟན་པ་ནི་སྔར་ བཤད་པ་འདི་ཁོ་ན་འདིར་རྗེས་སུ་འཇུག་པའོ། །གང་གི་ཕྱིར་དེ་རྒྱས་པར་བཤད་པའི་ཆོ་ག་དེ་ཉིད་འདིར་དབང་དུ་བྱས་ལ་ཉིད་ཀྱི་རྗེས་སུ་འཇུག་པར་བྱེད་པའི་ཕྱིར་རོ། །དཔལ་རྡོ་རྗེ་སེམས་དཔའི་གསང་བའི་དཀྱིལ་འཁོར་ཡང་དུམ་བུ་གཉིས་པ་ལས་གསུངས་པའི་གསང་བའི་དཀྱིལ་འཁོར་ དང་འདྲ་བ་ཡིན་ནོ། །འདིར་ཁྱད་པར་ནི་འདི་ཡིན་ཏེ་འདོད་ཆགས་རྡོ་རྗེ་མ་ནི་དམར་བ་དང་དཀར་བའོ། །ཀི་ལི་ཀི་ལི་ནི་དཀར་པོ་དང་སེར་པོའོ། །རྡོ་རྗེ་དྲན་མ་ནི་སྔོ་བ་དང་དཀར་པོའོ། །རྡོ་རྗེ་འདོད་པའི་དབང་ཕྱུག་མ་ནི་ལྗང་བ་དང་དཀར་བའོ། །ཨོཾ་མ་དུ་བཛྲི་གྷུཾ་གྷུཾ་ཞེས་བྱ་བ་ལ་སོགས་པ་ནི་དུས་ ཀྱི་མཆོད་པ་རྣམས་ཀྱི་སྙིང་པོ་བཞིའོ། །དུས་མཉམ་དུ་རྡོ་རྗེ་དང་བཅས་པའི་དྲིལ་བུ་དང་པི་ཝང་ལ་སོགས་པའི་རོལ་མོ་ལ་འཁྲུག་པའི་དབྱངས་ཀྱིས་རྡོ་རྗེ་གར་གྱི་མཆོད་པ་བྱས་ལ། གསང་བའི་ལྕགས་ཀྱུ་དྲིལ་བུ་དང་བཅས་པ་དང་། ཨོཾ་ཨཱཿཧཱུཾ་གི་གླུའི་བཟླས་པ་ཟུར་བཞིའི་ཚུལ་གྱིས་ བཅོམ་ལྡན་འདས་འཁོར་དང་བཅས་པ་སྤྱན་དྲང་བར་བྱའོ། །དུམ་བུ་གསུམ་པ་དཔལ་རྡོ་རྗེ་སེམས་དཔའི་གསང་བའི་དཀྱིལ་འཁོར་གྱི་བཤད་པ་རྫོགས་སོ།། །།དེ་བཞིན་གཤེགས་པའི་གསང་བའི་དཀྱིལ་འཁོར་ནི་དུམ་བུ་གཉིས་པ་ལས་གསུངས་པ་དེ་ཁོ་ན་ཡིན་ནོ། །ཁྱད་པར་ནི་ 61-1-187a འདི་ཡིན་ཏེ་མཆོད་པ་ཐམས་ཅད་ཀྱིས་ཡོངས་སུ་གང་བའི་སྣོད་ནམ་མཁའི་སྙིང་པོའི་ཕྱག་ཏུ་བྲི་བར་བྱའོ། །རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་གསང་བའི་དཀྱིལ་འཁོར་ཡང་དུམ་བུ་གཉིས་པ་ལས་གསུངས་པའི་དང་པོའི་གསང་བའི་དཀྱིལ་འཁོར་དུ་བྲི་བར་བྱའོ། །འདིར་ཁྱད་པར་ནི་འདི་ཡིན་ཏེ་ རྡོ་རྗེ་མཚོན་ཆ་དང་རྩེ་གསུམ་པ་ཆེན་པོ་དང་ལྕགས་ཀྱུ་དང་ཞགས་པ་འཛིན་མ་རྣམས་དང་ལྷན་ཅིག་ཏུ་གདན་གཅིག་ལ་བཞུགས་པའི་བཅོམ་ལྡན་འདས་བྲི་བར་བྱའོ། །མཚམས་བཞིར་ནི་མདའ་འཛིན་མ་ལ་སོགས་པ་བཞི་བྲི་བར་བྱའོ། །ཧྲི་ཨ་རལླི་ཧཱུཾ་ཞེས་བཅོམ་ལྡན་འདས་ཀྱི་བསྒྲུབ་པར་བྱ་ བའི་སྙིང་པོའོ། །ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ། གྲྀཧྞ་གྲྀཧྞ་ཧཱུཾ། གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ་བྷ་ག་བཱན་བཛྲ་ཧཱུཾ་ཕཊ་ཅེས་བྱ་བས་རྡོ་རྗེ་འབར་བ་ལྕགས་ཀྱུ་ཆེན་པོ་དང་གར་གྱི་ཚུལ་གྱིས་བཅོམ་ལྡན་འདས་འཁོར་དང་བཅས་པ་སྤྱན་དྲང་བར་བྱའོ། །འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་ དང་འཕགས་པ་ནམ་མཁའི་སྙིང་པོ་དག་གི་གསང་བའི་དཀྱིལ་འཁོར་ཡང་སྔ་མ་བཞིན་ཁོ་ནའོ། །བདག་ལ་བྱིན་གྱིས་བརླབ་པའི་སྒྲུབ་པ་དང་རྣལ་འབྱོར་སྒྲུབ་པ་སྔར་བཤད་པ་གཟུང་བར་བྱའོ། །ཕྱག་རྒྱའི་རྒྱུད་ཀྱང་དེ་བཞིན་ཏེ། ཁྱད་པར་འདི་ཡིན་ནོ། །བཅོམ་ལྡན་འདས་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་ རྡོ་རྗེ་དྲིལ་བུ་བ་དན་འཛིན་པའི་དམ་ཚིག་གི་ཕྱག་རྒྱ་གཉིས་གཞན་ནོ། །དེ་དག་ནི་འདི་ཡིན་ཏེ་གཡས་པའི་རྡོ་རྗེ་ཁུ་ཚུར་བཅིངས་ནས་ལག་པ་གཡོན་པ་བ་དན་གསུམ་གཡོ་བར་བྱ་སྟེ། འདི་ནི་སྣ་ཚོགས་པའི་བ་དན་འཛིན་པའི་དམ་ཚིག་གི་ཕྱག་རྒྱའོ། །གཡོན་པའི་རྡོ་རྗེ་ཁུ་ཚུར་བཅིངས་ ནས་དྲིལ་བུའི་རྣམ་པ་བྱས་ནས་གཡས་པའི་རྡོ་རྗེ་ཁུ་ཚུར་དེའི་སྟེང་དུ་གཟུང་བར་བྱ་སྟེ་འདི་ནི་དམ་ཚིག་གི་ཕྱག་རྒྱ་གཞན་ཡིན་ནོ། །འདིར་དང་པོ་ནི་རྟོག་པ་ཐམས་ཅད་ཀུན་ལས་བཏུས་པའི་དཀྱིལ་འཁོར་ཆེན་པོའི་བཤད་པའི་དོན་སྟོན་པར་བྱེད་པ་ཡིན་ནོ། །གཉིས་པ་ནི་གསང་བའི་དཀྱིལ་ འཁོར་ལྔ་པོའི་དོན་སྟོན་པར་བྱེད་པའོ། །དེ་ལ་རྟོག་པ་ཐམས་ཅད་ཀུན་ལས་བསྡུས་པའི་ཁྱད་པར་གང་ཡིན་པ་དེ་བཤད་པར་བྱ་སྟེ་དེ་ལ་ཆགས་པ་ཆེན་པོ་ནི་རྡོ་རྗེ་སེམས་དཔའི་བདག་པོ་ཁོ་ནར་བཤད་པ་ཡིན་ནོ། །བསྙེམས་པའི་བདག་པོ་ཉིད་དེ་བཤད་ཟིན་ནོ། །ཐིག་གདབ་པའི་ཆོ་ 61-1-187b གས་ཆ་གསུམ་པ་མ་ལུས་པའི་ཐིག་གདབ་པར་བྱས་ལ་དཀྱིལ་འཁོར་བྲི་བར་བྱའོ་ཞེས་བྱ་བ་འདི་གསུངས་པའི་དངོས་པོ་རྒྱུད་ཐམས་ཅད་དུ་ཡང་གཟུང་བར་བྱའོ། །དཀྱིལ་འཁོར་དུ་ཞུགས་ཏེ་ནང་གི་རིམ་པར་གནས་ནས་ཛཿཧཱུཾ་བཾ་ཧོཿ། པྲ་སིདྷ་མྨཾ་ཞེས་བྱ་བ་དཀྱིལ་འཁོར་གྱི་བདག་པོ་ལ་སློབ་དཔོན་གྱིས་ བརྗོད་པར་བྱ་བ་ཡིན་ནོ་ཞེས་བྱ་བ་གང་གསུངས་པ་དེ་གཉིས་པ་འདིར་ཤེས་པར་བྱའོ། །གང་ལ་བསོད་ནམས་མ་ཚང་བས་ཕྱིའི་ཡོ་བྱད་ཀྱི་ཕུན་སུམ་ཚོགས་པ་མེད་ན་དེས་ཐལ་བ་བཟང་པོས་དཀྱིལ་འཁོར་རེ་ག་གཅིག་པ་བྲིས་ཏེ་ཇི་ལྟ་བ་བཞིན་དུ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ནས་ཚོགས་འཇུག་པ་ ལ་སོགས་པ་བྱས་ཏེ་ཉིན་ཞག་བཞིའི་བར་དུ་བཟླས་པ་དང་བསྒོམ་པས་བསྒྲུབ་པར་བྱས་ན་དེའི་རྗེས་ལ་སྒྲིབ་པ་ཐམས་ཅད་སྤོང་བར་འགྱུར་རོ། །མེ་ཏོག་དང་སྤོས་དང་མར་མེ་དང་དྲི་རྣམ་པ་སྣ་ཚོགས་པ་ནི་དཔལ་རྡོ་རྗེ་སེམས་དཔའི་རིགས་ལའོ། །མེ་ཏོག་དང་སྤོས་དང་མར་མེ་དང་དྲིའི་ལྷ་མོ་རྣམས་ ཀྱང་སྐུ་མདོག་སྣ་ཚོགས་པའོ། །དེ་བཞིན་གཤེགས་པའི་རིགས་ལ་མེ་ཏོག་ལ་སོགས་པ་ཕྱིའི་མཆོད་པ་དང་མེ་ཏོག་ལ་སོགས་པའི་ལྷ་མོ་རྣམས་ཀྱང་སྐུ་མདོག་དཀར་བའོ། །རྡོ་རྗེའི་རིགས་ལ་ཁ་དོག་སྔོན་པོ། པདྨའི་རིགས་ཀྱི་ཁ་དོག་དམར་པོ། ནོར་བུའི་རིགས་ལ་ཁ་དོག་སེར་པོའོ། ། ལྷག་མ་ནི་གོ་སླ་བས་བཤད་པར་མི་བྱའོ། །དུམ་བུ་གཉིས་པ་ལས་གསུངས་པའི་རྟོག་པ་ཐམས་ཅད་ཀུན་ནས་བསྡུས་པ་དང་། རྟོག་པ་ཐམས་ཅད་ཀུན་བསྡུས་པ་གཉིས་པ་འདྲ་བ་ཡིན་ཏེ། བཤད་པ་དེ་ཉིད་གཟུང་བར་བྱའོ། །དུམ་བུ་གསུམ་པའི་གསང་བའི་དཀྱིལ་འཁོར་གྱི་ཆོ་གས་རྣལ་ འབྱོར་པ་མ་གྲུབ་ན་སྒྲུབ་པའི་ཁྱད་པར་གྱིས་མྱུར་དུ་དངོས་གྲུབ་སྒྲུབ་པར་བྱེད་པའི་དཔལ་རྡོ་རྗེ་སེམས་དཔའི་གསང་བའི་དཀྱིལ་འཁོར་དུམ་བུ་གཉིས་པ་ལས་གསུངས་པའི་གསང་བའི་དཀྱིལ་འཁོར་དང་འདྲ་བར་གསུངས་པ་ཡིན་ནོ། །འདིའི་ཁྱད་པར་ནི་འདི་ཡིན་ཏེ། རྡོ་རྗེ་སེམས་དཔའི་རྡོ་རྗེ་ལས་ འདི་བསྐྱེད་པ་ཡིན་ཏེ། རྡོ་རྗེ་རིན་པོ་ཆེའི་ཅོད་པན་གྱིས་ལྷ་མོ་རྣམས་ལ་དབང་བསྐུར་བའོ། །དེ་ཉིད་ཀྱིས་སྤྱན་དྲངས་ཏེ། མཉམ་པའི་ཐལ་མོ་དྲིལ་བཅས་མཆོད། །རྩ་བའི་དབྱངས་ཀྱིས་རྣམ་སད་པས། །ཧཱུཾ་གི་གླུ་ནི་བཟླས་པ་ཡིས། །ཤིན་ཏུ་གྲུབ་པར་འགྱུར་བ་ཡིན། །ཞེས་བྱ་བས་ 61-1-188a སོ། །གཞན་ཡང་ཁྱད་པར་འདི་ཡིན་ཏེ། །གཡས་དང་གཡོན་པའི་བརླ་དག་གིས། །དྲིལ་བུ་རབ་སད་བཟླས་བྱས་ཏེ། །རྟོག་པ་ཐམས་ཅད་རྗེས་སད་པས། །དཔལ་མཆོག་དང་པོ་སོགས་འགྲུབ་འགྱུར། །ཞེས་བྱ་བའོ། །དེ་བཞིན་གཤེགས་པའི་གསང་བའི་དཀྱིལ་འཁོར་ ཡང་དུམ་བུ་གཉིས་པའི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་དང་མཚུངས་ཏེ་སླར་ཡང་བཤད་པར་མི་བྱའོ། །རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་ཆོ་ག་ཡང་དུམ་བུ་གཉིས་པའི་དང་པོའི་གསང་བའི་དཀྱིལ་འཁོར་དང་འདྲའོ། །འདིར་ཁྱད་པར་ནི་འདི་ཡིན་ཏེ་ཡི་གེ་ཧིས་བཅོམ་ལྡན་འདས་དགོད་ པར་བྱའོ། །དེའི་རྗེས་ལ་དང་པོའི་དམར་པོ་དང་དཀར་པོས་ཏེ་མདའ་འཛིན་པའི་སྙིང་པོས་སོ། །གཉིས་པ་ནི་ཟླ་བ་ལྟར་དཀར་པོས་ཏེ་ཁ་ཊྭཱཾ་ག་འཛིན་མའི་སྙིང་པོས་སོ། །གསུམ་པ་ནི་དཀར་བ་དང་ལྗང་བ་སྟེ་རྡོ་རྗེ་ཁྱབ་འཇུག་མའི་སྙིང་པོས་སོ། །བཞི་པ་ནི་གསེར་བཞིན་དུ་དྲི་མ་མེད་པ་སྟེ་རྡོ་རྗེ་དྲིལ་ བུ་བ་དན་མའི་སྙིང་པོས་དགོད་པར་བྱའོ། །རྟག་ཏུ་ཆགས་པ་ལས་བྱུང་ཁྲོ། །རྡོ་རྗེ་མེ་ཡི་ཕུང་པོའི་སྐུ། །འབར་བའི་རྡོ་རྗེ་རྣལ་འབྱོར་ཆེ། །མཁའ་འགྲོ་མ་རྣམས་ཀུན་དུ་འབར། །ཞེས་བྱ་བའོ། །དེ་ཁོ་ན་ཉིད་ཀྱི་རྡོ་རྗེ་གཟུང་བའི་སྔགས་སོ། །དེའི་རྗེས་ལ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ནས། ཨོཾ་སུམྦྷ་ ནི་སུམྦྷ་ཧཱུཾ། གྲྀཧྞ་གྲྀཧྞ་ཧཱུཾ། གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ་ཕཊ། ཨཱ་ན་ཡ་ཧོ་བྷ་ག་བཱན། བཛྲ་ཧཱུཾ་ཕཊ་ཅེས་བྱ་བ་ནི། མཉམ་པ་དྲིལ་བཅས་གླིང་བུ་སོགས། །རྣམ་དབེན་རོལ་མོ་དཀྲོལ་བ་ཡིས། །ཡི་གེ་ཧཱུཾ་བཞིའི་གླུ་ཉིད་ནི། །ཟུར་བཞི་པ་ནི་འགྲུབ་པར་འགྱུར། །ཞེས་བྱ་བ་འདིར་བཟླས་ པའི་ཆོ་ག་ཡིན་ནོ། །འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་གི་གསང་བའི་ཆོ་ག་ནི་དུམ་བུ་གཉིས་པ་ལས་གསུངས་པ་ཁོ་ན་ཡིན་ནོ། །ཁྱད་པར་ནི་འདི་ཡིན་ཏེ། ཕྱག་གཡོན་པ་ལ་རང་གི་ཕྱག་མཚན་པདྨ་དང་བཅས་པའི་པདྨའི་ལྷ་མོ་རྣམས་སོ། །འཕགས་པ་ནམ་མཁའི་སྙིང་པོའི་གསང་ བའི་ཆོ་ག་ཡང་དུམ་བུ་གཉིས་པ་ལས་གསུངས་པ་དང་འདྲ་བའོ། །དཔལ་རྡོ་རྗེ་སེམས་དཔའ་རས་རིས་ཀྱི་དཀྱིལ་འཁོར་ལ་གཞན་ཡང་སྒྲུབ་པའི་ཁྱད་པར་འདི་ཡིན་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱ་ར་མི་སམྦྷོ་དྷི་ཙིཏྟ་ཨུ་པ་ཡཱ་མི་ཞེས་བྱ་བ་ལ། ཀུན་མཆོག་དངོས་གྲུབ་ཆེན་པོ་ཡིས། །དབང་ཕྱུག་ 61-1-188b ཆེན་པོ་ལྷག་པའི་བདག །ཅེས་བྱ་བས་བྱང་ཆུབ་ཆེན་པོར་སེམས་བསྐྱེད་དོ། །འདིར་རྡོ་རྗེ་ཐལ་མོ་ཁ་སྦྱོར་གྱི་མཆོད་པས་སློབ་མ་ཐམས་ཅད་གཞུག་པའོ། །ཨོཾ་འདི་ནི་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་འཆང་གི་རྡོ་རྗེ་སྟེ། །རྡོ་རྗེ་འཆང་ཆེན་བརྟུལ་ཞུགས་ནི། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་གཟུང་། ། ས་མ་ཡ་སྟྭཾ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་མཆོག་གི་སེམས་ཆེན་པོ་ནི་འདི་ཡིན་ཏེ་འདི་མ་སྤངས་པར་རྟག་ཏུ་གཟུང་བ་གསང་བ་འདི་ཡིན་ཏེ། དངོས་གྲུབ་ཀྱི་ཕྱིར་རྡོ་རྗེ་བརྟུལ་ཞུགས་ཀྱི་སྔགས་འདི་ཡིན་ནོ། །བསྡུས་པའི་དཀྱིལ་འཁོར་ཡང་དུམ་བུ་གཉིས་པ་ལས་གསུངས་པའི་ དཀྱིལ་འཁོར་དང་འདྲ་བས་ཏེ་སླར་ཡང་བཤད་པར་མི་བྱའོ། །ཉེ་བའི་སྙིང་པོའི་ཕྱག་རྒྱས་འགྲུབ་པར་འགྱུར་བས་དེ་བཤད་པར་བྱ་བའི་ཕྱིར། ཨ་ནུ་རཱ་ག་ཡ་མི་ཞེས་བྱ་བ་གསུངས་སོ། །ཇི་ལྟར་ཕབ་པའི་ཡེ་ཤེས་རབ་ཏུ་བཞུགས་པ་ཞེས་བྱ་བ་ལ་འདི་ནི་དཔལ་མཆོག་དང་པོའི་བཅོམ་ལྡན་འདས་ རྡོ་རྗེ་སེམས་དཔའ་མཆོག་གི་དེ་ཁོ་ན་ཉིད་དེ། མཆོག་ཀྱང་ཡིན་ལ་དེ་ཁོ་ན་ཉིད་ཀྱང་དེ་ཡིན་པས་མཆོག་གི་དེ་ཁོ་ན་ཉིད་དེ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སྟོང་པ་ཉིད་དོ། །དེའི་ངེས་པའི་གསང་བའི་ཤེས་པ་ནི་དེའི་སྒོམ་པའི་ཕྱག་རྒྱ་དང་དེ་སྟོན་པར་བྱེད་པའི་སྐུའོ། །འདིའི་མིང་སྟོན་པར་བྱ་བའི་ཕྱིར། བདེ་ བ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་ནི་བཤད་ཟིན་ཏོ། །དེ་ནི་མཆོག་ཀྱང་ཡིན་ལ་དེ་ཁོ་ན་ཉིད་ཀྱང་དེ་ཉིད་ཡིན་པས་མཆོག་གི་དེ་ཁོ་ན་ཉིད་སྔར་བཤད་པའོ། །དེ་ལ་དམིགས་པ་དང་དེ་སྟོན་པར་བྱེད་པ་གང་ཡིན་པ་དེ་ནི་དེའི་མིང་ཡིན་ནོ། །དེ་ཡང་རྣལ་ འབྱོར་པ་རྣམས་ལ་རྡོ་རྗེ་སེམས་དཔའི་བྱིན་གྱིས་བརླབས་པ་ཁོ་ནས་སྐྱེ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ལ་རྒྱུ་གང་གི་ཕྱིར་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་ངེས་པའི་ཤེས་པ་ལ་དམིགས་པ་དང་། དེ་སྟོན་པར་བྱེད་པའི་ཕྱག་རྒྱ་དཔལ་རྡོ་རྗེ་སེམས་དཔའི་བྱིན་གྱིས་བརླབས་པ་འབེབས་པ་ཁོ་ནས་ སྐྱེ་བར་འགྱུར་གྱི་རྒྱུ་གཞན་གྱིས་མ་ཡིན་ནོ་ཞེས་བྱ་བ་རྣམ་པར་རྟོག་པ་འདི་ཡོད་པས་དེ་བསལ་བའི་ཕྱིར་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོའི་རང་བཞིན་གྱི་མཆོག་གི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ 61-1-189a སྒོམ་པ་དང་། དེ་གསལ་བར་བྱེད་པའི་ལྷ་མོ་རྟག་ཏུ་ངེས་པའི་ཤེས་པ་ལ་ཞུགས་པས་ན་རྟག་ཏུ་ཐུགས་ལ་གནས་པ་སྟེ་ངེས་པ་སྐུའི་གཟུགས་ཀྱི་རྟག་ཏུ་བཞུགས་པའོ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་རྡོ་རྗེ་སེམས་དཔའི་བྱིན་གྱིས་བརླབས་པའི་དེ་ཁོ་ནས་དེ་བསྐྱེད་པ་ཡིན་ནོ། །མཆོག་ནི་ དམ་པའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཐམས་ཅད་བཤད་ཟིན་ཏེ་དེ་རྣམས་སྐྱེད་པར་བྱེད་པའི་རྒྱུར་གྱུར་པའི་ལྷ་མོ་རྣམས་ནི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པའི་ལྷ་མོ་ཡིན་ནོ། །འདས་མ་ཐག་ཏུ་བཤད་པ་དེ་ཉིད་ཁོ་ན་འདི་ནི་ལས་ཐམས་ཅད་ཐོག་མར་བྱས་ལ་ལས་ཀྱི་ཚོགས་ ཀྱི་དངོས་གྲུབ་ཐམས་ཅད་མྱུར་དུ་སྒྲུབ་པ་པོ་རྣམས་ལ་སྟེར་བ་ཡིན་ནོ། །འདིའི་སྒྲུབ་པ་བསྟན་པར་བྱ་བའི་ཕྱིར་དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཞེས་བྱ་བའི་སྒྲ་ནི་ངག་ཉེ་བར་དགོད་པའོ། །འདི་ཞེས་བྱ་བ་ནི་དེ་མ་ཐག་པར་འགྱུར་བའོ། །ཇི་ལྟ་བ་བཞིན་དུ་བཤད་པའི་བཅོམ་ལྡན་ འདས་མའི་སྙིང་པོའི་ཕྱག་རྒྱ་འདི་ཉིད་ཀྱིའོ། །ཐམས་ཅད་ཀྱི་མཆོག་ཅེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །བཅོམ་ལྡན་འདས་མའི་ཐམས་ཅད་ཀྱི་མཆོག་གི་དངོས་གྲུབ་ཆེན་པོ་དབང་ཕྱུག་ཆེན་པོའི་བདག་པོ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ཀྱི་ཚོགས་གང་ཡིན་པ་དེ་རྣམས་མི་འགྱུར་མཆོག་ གོ། །དོན་ཡོད་པ་ནི་ཐོགས་པ་མེད་པའོ། །མྱུར་དུ་ནི་མཆོག་ཏུ་མྱུར་བ་ཉིད་དོ། །མཆོག་གི་དེ་ཁོ་ན་ཉིད་ནི་བསྒྲུབ་པར་བྱ་བ་ཐམས་ཅད་རྗེས་སུ་ཆགས་པའི་རང་བཞིན་ནོ། །འདིས་སྒྲུབ་པར་བྱེད་པས་ན་སྒྲུབ་པ་སྟེ་དེ་ཉིད་ཆོ་ག་རྒྱས་པའི་ཁྱད་པར་ཏེ་སྒྲུབ་པའི་ཆོ་ག་རྒྱས་པའི་ཁྱད་པར་དེ་ལྟ་བུ་ཡིན་ནོ། ། དེ་ལྟར་རྟོག་པ་ཐམས་ཅད་ཀྱི་གསང་བ་ཆེན་པོའི་དམ་ཚིག་ནི་བསྡུས་པའི་དཀྱིལ་འཁོར་དང་དེ་སྒོམ་པར་བྱེད་པ་ནི་རྣལ་འབྱོར་དམ་པས་ཏེ། གསང་བ་ཆེན་པོ་ཡི་དམ་ཚིག་མཆོག་གི་རྣལ་འབྱོར་པའོ། །དེའི་ཉེ་བའི་སྙིང་པོའི་ཕྱག་རྒྱའི་སྒྲུབ་པའི་ཁྱད་པར་འདི་ཡིན་ཏེ། བསྒྲུབ་པར་བྱ་བ་ཡང་ཡིན་ལ་ཐམས་ ཅད་ཀྱང་དེ་ཡིན་པས་ན་བསྒྲུབ་པར་བྱ་བ་ཐམས་ཅད་དེ་དམ་ཚིག་དང་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོའི་རང་བཞིན་རྣམས་སོ། །དེ་རྣམས་ཀྱི་རྗེས་སུ་ཆགས་པ་ནི་ཕྱག་རྒྱ་ཆེན་པོ་ཐམས་ཅད་བསྒོམ་པའོ། །ཇི་སྐད་དུ། ཕྱག་རྒྱ་ཆེན་པོ་བསྒོམ་བྱ་ཞིང་། །དངོས་གྲུབ་ཐམས་ཅད་བསྒྲུབ་པར་བྱ། །ཞེས་ 61-1-189b གསུངས་སོ། །ཐམས་ཅད་སྒྲུབ་པར་བྱེད་པའི་རྗེས་སུ་ཆགས་པར་བྱེད་པར་འགྱུར་བ་དེ་དག་གིས་མི་འགྱུར་མཆོག་ནི་གྲུབ་པར་འགྱུར་ཏེ། བསྡུས་པའི་དཀྱིལ་འཁོར་གྱི་རང་བཞིན་རྡོ་རྗེ་འཆང་ཆེན་པོ་རྫོགས་པར་འགྱུར་རོ། །ནིའི་སྒྲ་ནི་ངེས་པར་གཟུང་བ་སྟེ་དེ་དག་ཁོ་ནས་འགྲུབ་པར་འགྱུར་རོ། །དེ་ལྟར་ན་ ཕྱག་རྒྱ་ཐམས་ཅད་ཀྱི་ཆོ་ག་རྒྱས་པ་རྣམས་སུ་འདི་དགོས་པ་ཡིན་པས་བསྡུས་པའི་དཀྱིལ་འཁོར་དུ་གསུངས་པ་ལས་གཞན་རིགས་ལྔའི་ལས་ཀྱི་ཚོགས་རྣམས་སུ་ཡང་ཐམས་ཅད་བསྒྲུབ་པའི་རྗེས་སུ་ཆགས་པ་དགོས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེས་བྱ་བ་ལ་རྒྱུ་གང་གིས་བསྒྲུབ་བྱ་ཐམས་ཅད་ལ་ རྗེས་སུ་ཆགས་པས་བཅོམ་ལྡན་འདས་མ་འདི་འགྲུབ་པར་འགྱུར་ཞེ་ན། འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་ལ་གང་གི་ཕྱིར་ངེས་པའི་ཤེས་པ་འདི་དང་། དེ་སྟོན་པར་བྱེད་པའི་སྒྲ་རྣམས་ཀྱིས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱའི་རང་བཞིན་ཅན་གྱི་ལྷ་རྣམས་རབ་ཏུ་འགྲུབ་པར་འགྱུར་བ་དེའི་ཕྱིར་ ངེས་པའི་ཤེས་རབ་རྣམས་དང་དེ་སྟོན་པར་བྱེད་པའི་སྒྲའི་དངོས་པོ་རྣམས་བྱེད་པར་གྱུར་པའི་སྐུ་རྣམས་ཀྱིས་རབ་ཏུ་གྲུབ་པ་ཡིན་ནོ། །དེ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བཅིང་བ་གང་གིས་སྒྲུབ་པ་ཡིན་ཞེ་ན། བསྒོམ་པའི་རང་བཞིན་ཅན་གྱི་ཕྱག་རྒྱའི་སྦྱོར་བ་རྣམས་ཀྱིས་སོ། །རྣལ་འབྱོར་དམ་ཚིག་ སྒྲུབ་པ་པོས། །ཞེས་བྱ་བ་ལ་དམ་ཚིག་ནི་སྒྲུབ་པ་སྟེ་དམ་ཚིག་སྒྲུབ་པ་རྣམས་སོ། །བྱེད་པར་གྱུར་པའི་དམ་ཚིག་སྒྲུབ་པ་དེ་དག་གིས་རྣལ་འབྱོར་རྣམས་གྲུབ་པར་འགྱུར་ཏེ། དེའི་ཕྱིར་བཅོམ་ལྡན་འདས་མ་འདིས་བསྒྲུབ་བྱ་ཐམས་ཅད་རྗེས་སུ་ཆགས་པས་འགྲུབ་པར་འགྱུར་རོ། །ད་ནི་དེ་ཉིད་སྙིང་པོ་ ལ་སོགས་པའི་རང་བཞིན་ཉིད་དུ་བསྟན་པར་བྱ་བའི་ཕྱིར། འདི་ཉིད་སྙིང་གར་གནས་པའི་ཕྱིར། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉེ་བའི་སྙིང་པོའི་ཕྱག་རྒྱ་འདི་ཉིད་སྙིང་པོ་ངེས་པའི་ཤེས་པར་རྟག་ཏུ་འབྲས་བུའི་ཚུལ་དུ་གནས་པ་ན་སྙིང་གར་གནས་པའོ། །དེའི་དངོས་པོ་ནི་དེ་ཉིད་དེའི་ ཕྱིར་སྙིང་པོའོ། །དམ་ཚིག་སྒྲུབ་པ་ཕྱག་རྒྱ་ཡི། །ཞེས་བྱ་བ་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་རྫོགས་པ་ནི་དམ་ཚིག་སྒྲུབ་པ་སྟེ་དམ་ཚིག་སྒྲུབ་པའི་རྒྱུ་དེ་ཉིད་ཀྱི་ཕྱིར་འདི་ཉིད་ཕྱག་རྒྱ་ཞེས་བྱ་བར་བརྗོད་པ་ཡིན་ནོ། །ཡེ་ཤེས་སྦྱོར་བའི་རྣལ་འབྱོར་པ། །ཞེས་བྱ་བ་ལ་རྣལ་འབྱོར་དང་ 61-1-190a རྗེས་སུ་རྣལ་འབྱོར་དང་ཤིན་ཏུ་རྣལ་འབྱོར་དང་ཐམས་ཅད་རྣལ་འབྱོར་གྱི་རང་བཞིན་གྱི་བདག་གང་ཡིན་པ་དེ་ནི་འདི་ཉིད་ཡིན་ནོ། །རྒྱུ་གང་གིས་ཤེ་ན་ཡེ་ཤེས་སྦྱོར་བ་ཞེས་བྱ་སྟེ་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཡེ་ཤེས་ཀྱི་རྣལ་འབྱོར་གྱི་རང་བཞིན་གྱི་ཕྱག་རྒྱ་འདི་ཉིད་ང་ཡིན་ནོ། །ཐམས་ཅད་ སྒྲུབ་པའི་ཕྱིར་དམ་ཚིག་གོ་ཞེས་བྱ་བ་ལ་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒྲུབ་པ་ནི་ཐམས་ཅད་བསྒྲུབ་པ་སྟེ་རྫོགས་པའོ། །ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་རྫོགས་པའི་རྒྱུ་ཉིད་ཀྱི་དམ་ཚིག་བདག་ཡིན་པ་དེ་ནི་འདི་ཉིད་ཡིན་ནོ། །སྙིང་པོ་ནི་ཇི་ལྟ་བ་བཞིན་དུ་བཤད་པའི་སྙིང་པོ་དང་ཕྱག་རྒྱ་ནི་ཕྱག་རྒྱ་ ཆེན་པོ་ལ་སོགས་པའི་ཕྱག་རྒྱ་དང་རྣལ་འབྱོར་ནི་རྣམ་པ་བཞི་དང་དམ་ཚིག་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་སྐྱེད་པར་བྱེད་པའི་རྒྱུ་སྟེ་ཉེ་བའི་སྙིང་པོའི་ཕྱག་རྒྱ་འདི་ཉིད་ཡིན་ནོ། །སྙིང་པོ་ནི་ཇི་ལྟ་བ་བཞིན་དུ་བཤད་པའོ། །ཕྱག་རྒྱ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་རང་བཞིན་ནོ། །རྣལ་འབྱོར་ནི་ རྣམ་པ་བཞིའོ། །དམ་ཚིག་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་ཀྱི་རྒྱུ་སྟེ་ཉེ་བའི་སྙིང་པོའི་ཕྱག་རྒྱ་འདི་ཉིད་སྙིང་པོ་དང་ཕྱག་རྒྱ་དང་རྣལ་འབྱོར་དང་དམ་ཚིག་རྫོགས་པར་བྱེད་པས་ན་ཐམས་ཅད་སྒྲུབ་པར་བྱེད་པའོ། །སྙིང་པོ་ལ་སོགས་པའི་རང་བཞིན་ཅན་འདི་ཉིད་སྒྲུབ་པ་པོའི་རྒྱུད་ལ་རྫོགས་པར་ བྱེད་པ་ཡིན་ནོ། །འདི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །འདིས་ནི་འདི་ལྟར་འཆད་པར་འགྱུར་ཏེ། ངེས་པའི་ཤེས་པ་སྐྱེད་པར་བྱེད་པའི་བཅོམ་ལྡན་འདས་མའི་སྙིང་པོ་སྟེ་དེ་ལས་བྱུང་བའི་ཤེས་པ་ལ་སོགས་པ་ནི་ཉེ་བར་བརྟགས་ནས་ཉེ་བའི་སྙིང་པོ་ཞེས་བྱ་བ་ཡིན་ནོ། །དེ་ནས་དེ་ཉིད་ལུང་བསྟན་ པ། །ཞེས་བྱ་བ་ལ་རང་བཞིན་སྟོན་པ་ནི་ལུང་སྟོན་པའོ། །འདོད་ཆགས་དམ་ཚིག་བརྗོད་པ་སྟེ། །ཞེས་བྱ་བ་ལ་འདོད་ཆགས་ནི་རྡོ་རྗེ་སེམས་དཔའ་སྟེ། དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་འདའ་བར་མི་མཛད་པས་ན་དམ་ཚིག་ཡིན་ལ་དེ་བརྗོད་པ་ནི་བསྟན་པའོ། །ཆོས་འདོད་ཡིད་ཀྱིས་ བརྣག་པའོ། །ཞེས་བྱ་བ་ལ་ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་བྱིངས་ནི་ཆོས་སོ། །བྱང་ཆུབ་ཆེན་པོའི་མཚན་ཉིད་ཅན་གྱི་སེམས་ནི་འདོད་པའོ། །ཆོས་ཀྱང་དེ་ཡིན་ལ་འདོད་པ་ཡང་དེ་ཡིན་པས་ན་ཆོས་འདོད་པའོ། །དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོའི་རང་བཞིན་ནི་ཡིད་ལ་བརྣག་པ་སྟེ། 61-1-190b གང་གི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུན་རིང་པོ་ནས་དོན་དུ་གཉེར་བའི་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པར་མངོན་པར་ཞེན་པས་ཡོངས་སུ་རྫོགས་པར་འགྱུར་བའི་ཕྱིར་རོ། །འདིའི་རྗེས་སུ་སྒྲུབ་པ་ནི་རྣལ་འབྱོར་རྣམ་པ་བཞིའོ། །དེ་སྒོམ་པའི་ཆོ་ག་ནི་རྗེས་སུ་ཆགས་པ་སྟེ་དེ་བརྗོད་པ་ ནི་བསྟན་པ་ཡིན་ནོ། །ཅིའི་ཕྱིར་ཆོས་འདོད་པའི་ཡིད་ལ་བརྣག་པ་རྗེས་སུ་སྒྲུབ་པའི་ཆོ་ག་རྗེས་སུ་ཆགས་པར་བརྗོད་ཀྱི་ཆོས་འདོད་པ་ཁོ་ན་ཅིའི་ཕྱིར་མ་ཡིན་ཞེ་ན། བྱང་ཆུབ་སེམས་ནི་བཅོམ་ལྡན་འདས། །འདོད་ཆགས་ཆེན་པོ་དེ་ཡི་ལྷ། །ཞེས་བྱ་བ་ལ་གང་གི་ཕྱིར་འདོད་པ་ནི་བྱང་ཆུབ་ཀྱི་སེམས་ཀྱི་རང་ བཞིན་གྱི་བཅོམ་ལྡན་འདས་བདུད་བཞི་བཅོམ་པས་ན་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔར་བརྗོད་པ་ཡིན་ནོ། །དེ་ལས་བྱུང་བའི་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་གང་ཡིན་པ་དེ་ནི་ལྷ་ཡིན་ནོ། །འདིས་ནི་ངེས་པར་འབྱིན་པའི་ཤེས་རབ་ཀྱི་རང་བཞིན་གྱི་བཅོམ་ལྡན་འདས་རྗེས་སུ་བརྗོད་ལ་ཐབས་ཀྱི་ཕ་རོལ་ ཏུ་ཕྱིན་པའི་རང་བཞིན་ཅན་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་ཉེ་བའི་སྙིང་པོ་དེ་ཉིད་ལྷ་ཞེས་བརྗོད་པ་ཡིན་ནོ། །རྗེས་སུ་ཆགས་པའི་ཕྱག་རྒྱ་འདི་ལས་ཇི་ལྟ་བུ་དང་ལྡན་པ་ཡིན་ཞེ་ན། འདི་ནི་ཐམས་ཅད་རྗེས་སུ་སྒྲུབ། །ཅེས་བྱ་བ་ལ་འདས་མ་ཐག་ཏུ་བཤད་པའི་ཉེ་བའི་སྙིང་པོའི་ཕྱག་རྒྱ་ནི་བསྒྲུབ་པར་བྱ་ བ་ཐམས་ཅད་སྒྲུབ་པར་བྱེད་པ་སྟེ་དེའི་ཕྱིར་རྗེས་སུ་སྒྲུབ་པར་བྱེད་པ་འདི་ཡིན་ནོ། །དེ་ལྟར་རྣལ་འབྱོར་པ་རྣམ་པ་བཞི་སྟོན་པར་བྱེད་པའི་རྒྱུད་བསྟན་ནས་ད་ནི་ཕྱིའི་སྦྱོར་བའི་རྒྱུད་བསྟན་པར་བྱ་བའི་ཕྱིར། དེ་ནས་རྡོ་རྗེ་འཆང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་དེ་ནས་ཀྱི་སྒྲ་ནི་སྐབས་སུ་བབས་པ་སྟེ། སྒོམ་པའི་སྦྱོར་བའི་རྒྱུད་གསུངས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་ནི་བི་ལི་ཀའོ། །རྡོ་རྗེ་ནོར་བུ་ནི་ཆུ་སྲིན་སེན་མོའོ། །དྲི་ནི་པྲི་ཀའོ། །གུར་གུམ་དང་ཙནྡན་ནི་གོ་སླ་བ་སྟེ་ཆ་མཉམ་པའི་རྫས་དེ་རྣམས་ཀྱིས་རྡོ་རྗེ་རྩེ་ལྔ་པ་བྱས་ཏེ་ལག་པས་བཟུང་ནས་ཡི་གེ་ཧཱུཾ་གིས་ སྟོང་ཕྲག་བརྒྱར་མངོན་པར་བསྔགས་ལ། དེ་དང་དེའི་ཚུལ་གྱིས་དཔལ་རྡོ་རྗེ་སེམས་དཔར་གསུངས་པའི་ལས་བརྒྱ་པོ་རྣམས་དེས་བསྒྲུབ་པར་བྱས་ན་བཀླགས་པ་ཙམ་གྱིས་འགྲུབ་པར་འགྱུར་རོ། །བ་ལི་ཀ་དང་ཙནྡན་དཀར་པོ་དང་། ཙནྡན་དམར་པོ་དང་། པྲི་ཀ་དང་ནོར་བུ་དང་མུ་ཏིག་ཆ་མཉམ་པ་རྣམས་ 61-1-191a ཀྱིས་སྨན་བྱས་ལ་སྔ་མ་བཞིན་དུ་སྟོང་ཕྲག་བརྒྱ་མངོན་པར་བསྔགས་ནས་ནོར་བུ་འཆིང་བར་གཟུང་བར་བྱས་ཏེ། འདི་ཡང་ཚུལ་དེ་དང་དེས་ལས་བརྒྱ་བསྒྲུབ་པར་བྱས་ན་བཀླགས་པ་ཙམ་གྱིས་འགྲུབ་པར་འགྱུར་རོ། །ཙནྡན་དཀར་པོ་དང་། རྒྱ་སྤོས་དང་། པྲི་ཀ་དང་། ག་བུར་དང་། བ་ལི་ཀ་ ཆ་མཉམ་པ་རྣམས་ཀྱིས་རྡོ་རྗེའི་གནས་བྱས་ལ་དེ་ཉིད་ལ་དེ་བཞིན་གཤེགས་པའི་སྙིང་པོ་འབུམ་བཟླས་པར་བྱས་ལ་དེ་བཞིན་གཤེགས་པར་གསུངས་པའི་ལས་བརྒྱ་བསམ་པའི་དབང་གིས་ཕྱེ་མར་བྱས་པ་ཙམ་གྱིས་འགྲུབ་པར་བྱེད་པ་ཡིན་ནོ། །བ་ལི་ཀ་དང་། ཏུ་རུཥྐ་དང་ཙནྡན་དཀར་པོ་དང་། ལ་ཆ་དང་། བུ་རམ་ཆ་མཉམ་པ་དང་ལྡན་པ་རྣམས་ལ་བཅོམ་ལྡན་འདས་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་སྙིང་པོ་སྟོང་ཕྲག་བརྒྱ་མངོན་པར་བསྔགས་པ་རྣམས་ཀྱི་སྤོས་ཀྱིས་རྡོ་རྗེ་འཆང་དུ་གསུངས་པའི་ལས་བརྒྱ་བསྒྲུབ་པར་བྱའོ། །རྡོ་དྲེག་དང་སརྫ་ར་ས་དང་ཏིལ་རྣམས་ཆ་མཉམ་པ་ལ་གུ་གུལ་བཅུག་ སྟེ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྔགས་སྟོང་ཕྲག་བརྒྱ་ཡོངས་སུ་བཟླས་པ་བྱས་ནས་མར་མེ་སྤར་བར་བྱ་སྟེ། མར་མེ་འདིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཏུ་གསུངས་པའི་ལས་བརྒྱ་བསྒྲུབ་པར་བྱའོ། །བ་ལི་ཀ་དང་། ཙནྡན་དཀར་པོ་དང་། གུར་གུམ་དང་། ག་བུར་ ཆ་མཉམ་རྣམས་ཀྱིས་སྤོས་ཀྱི་སྦྱོར་བ་བྱས་ལ་འཕགས་པ་ནམ་མཁའི་སྙིང་པོའི་སྙིང་པོ་ལན་འབུམ་ཡོངས་སུ་བཟླས་པ་བྱས་ན་དེས་བདག་ཉིད་ལ་ཡང་དག་པར་བྱུགས་ལ་སྤོས་གཏུལ་བར་བྱ་སྟེ་དེ་ལྟར་འཕགས་པ་ནམ་མཁའི་སྙིང་པོས་གསུངས་པའི་ལས་བརྒྱ་བསྒྲུབ་པར་བྱ་བ་ཡིན་ནོ། །དུམ་ བུ་གསུམ་པའི་བཤད་པ་རྫོགས་སོ།། །།དུམ་བུ་བཞི་པ་ལ་ཡང་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོ་ནི་དུམ་བུ་གསུམ་པ་ལས་གསུངས་པའི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོ་དང་ཐམས་ཅད་འདྲ་བ་ཡིན་ནོ། །འདིར་ཁྱད་པར་ནི་འདི་ཡིན་ཏེ་སྣ་ཚོགས་པའི་གོས་ཀྱིས་གཡོགས་ པར་གྱུར་པའི་སློབ་དཔོན་གྱིས་རྡོ་རྗེ་མཆོད་པའི་ཐལ་མོ་སྦྱར་རོ། །སློབ་མ་ཐམས་ཅད་གཞུག་པར་བྱ། །ཞེས་བྱ་བའོ། །དེ་བཞིན་གཤེགས་པ་དང་རྡོ་རྗེ་ཉི་མ་མེ་ལྟར་འབར་བ་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། འཕགས་པ་ནམ་མཁའི་སྙིང་པོ་དང་མིང་པོ་གསུམ་དང་ 61-1-191b སྲིང་མོ་བཞི་དང་། ཀླུ་དང་སྡུག་བསྔལ་ལས་གདོན་པའི་དཀྱིལ་འཁོར་རྣམས་ཀྱང་དུམ་བུ་གཉིས་པ་ལས་གསུངས་པའི་དཀྱིལ་འཁོར་རྣམས་དང་འདྲ་བ་ཡིན་ནོ། །འདིར་ཁྱད་པར་ནི་དེ་ཡིན་ཏེ་ཐིག་སྐུད་བདུན་པའི་བར་མཚམས་ཀྱི་ཕྱི་རོལ་གྱི་མཚམས་རྣམས་སུ་མིང་པོ་གསུམ་དང་སྲིང་མོ་བཞི་དང་། ཀླུ་ དང་སྡུག་བསྔལ་ལས་གདོན་པའི་དཀྱིལ་འཁོར་སྔ་མའི་རྗེས་སུ་འབྲངས་ནས་བྲི་བར་བྱའོ། །བསྡུས་པའི་དཀྱིལ་འཁོར་ཡང་དུམ་བུ་གཉིས་པ་ལས་གསུངས་པའི་དཀྱིལ་འཁོར་དང་འདྲ་བའོ། །དཔལ་རྡོ་རྗེ་སེམས་དཔའི་གསང་བའི་དཀྱིལ་འཁོར་དང་འདྲ་བ་སྟེ། འདིར་ཁྱད་པར་ནི་འདི་ཡིན་ཏེ། ཨོཾ་ནམ་མཁའ་སྐྱེ་བ་མཚན་ལྡན་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག །ཅེས་བྱ་བ་ལ་སོགས་པའི་དེ་ཁོ་ན་ཉིད་ཀྱི་གླུས་སྤྱན་དྲང་བ་དང་ལྷ་མོ་རྣམས་ཀྱང་འདིར་རྡོ་རྗེ་རིན་པོ་ཆེས་དབང་བསྐུར་བས་མཚན་པའོ། །དེ་བཞིན་གཤེགས་པ་དང་རྡོ་རྗེ་ཉི་མ་མེ་ལྟར་འབར་བ་དང་འཕགས་པ་སྤྱན་རས་གཟིགས་ དབང་ཕྱུག་དང་། འཕགས་པ་ནམ་མཁའི་སྙིང་པོའི་གསང་བའི་དཀྱིལ་འཁོར་རྣམས་ཀྱང་དུམ་བུ་གཉིས་པ་ལས་གསུངས་པའི་གསང་བའི་དཀྱིལ་འཁོར་དང་འདྲའོ་ཞེས་བྱ་བའོ། །དཔལ་མཆོག་དང་པོའི་རྒྱ་ཆེར་བཤད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བ་ཞེས་བྱ་བ་ལས་དཔལ་མཆོག་དང་པོའི་ དུམ་བུ་བཞི་པའི་བཤད་པ་རྫོགས་སོ།། །།ཡང་འདི་སྨྲས་པ། བྱང་ཆུབ་སེམས་ཀྱི་ཕྱག་རྒྱ་ཆེ། །ལུས་ཅན་ཀུན་གྱིས་ཐོབ་པའི་ཕྱིར། །འཇིག་རྟེན་སྣང་བྱེད་དགེ་བ་ཡི། །དུམ་བུ་དང་པོ་གསུངས་པ་ཡིན། །སྦྱིན་པའི་ཕ་རོལ་ཕྱིན་ཕྱག་རྒྱ། །དམ་ཚིག་ཅེས་གྲགས་རྟག་ཏུ་དགེ། །བསམ་པ་ ཐམས་ཅད་ཡོངས་རྫོགས་པ། །དུམ་བུ་གཉིས་པ་གསུངས་པ་ཡིན། །ཤེས་རབ་ཕ་རོལ་ཕྱིན་ཆོས་ཀྱི། །ཕྱག་རྒྱ་ཀུན་འགྲོ་རྟག་པ་སྟེ། །ལྟས་ངན་ཐམས་ཅད་འཇིག་བྱེད་པའི། །དུམ་བུ་གསུམ་པ་གསུངས་པ་ཡིན། །བརྩོན་འགྲུས་ཕ་རོལ་ཕྱིན་ལས་ཀྱི། །ཕྱག་རྒྱ་ཀུན་ཡང་ ཡང་དག་གནས། །བློ་ལྡན་རྡོ་རྗེ་སེམས་དཔའ་ཡིས། །བསམ་མི་ཁྱབ་པ་བཞི་པར་གསུངས། །ལྷ་ཡི་དབང་པོའི་གནས་དང་མཚུངས། །རྒྱལ་པོ་མུ་རྒྱའི་གནས་ཀྱིས་མཛེས། །སྔགས་ཞེས་རིན་ཆེན་ཚོགས་པའི་ས། །སྣ་ཚོགས་བརྩེགས་པ་ཉམས་དགའི་རི། །དེར་གནས་ 61-1-192a དཔལ་ལྡན་ཕྱོགས་དང་པོ། །ཤེས་རབ་ཕ་རོལ་ཕྱིན་འབྱུང་བ། །བཤད་པ་བདག་གིས་བྱས་པ་ལས། །དགེ་བ་བསགས་པ་གང་ཡིན་དེས། །སངས་རྒྱས་ཀུན་གྱི་ཀུན་དགའ་ཆེ། །སྙིང་པོ་ཁྱབ་བདག་བསམ་མི་ཁྱབ། །དེ་ཡིས་འཇིག་རྟེན་མ་ལུས་པ། །རྡོ་རྗེ་འཆང་ཆེན་རྒྱལ་ གྱུར་ཅིག །ལུས་ཅན་ཀུན་གྱིས་རྒྱལ་བ་ཡི། །ཡེ་ཤེས་ཐོབ་ཕྱིར་གཞུང་གི་གྲངས། །འདི་ཡི་ཚད་དུ་བཤད་པ་ནི། །སྟོང་ཕྲག་ཉི་ཤུ་རྩ་བཞི་ཡིན། །དཔལ་མཆོག་དང་པོའི་རྒྱ་ཆེར་བཤད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བ་ཞེས་བྱ་བ་སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པ་རྫོགས་སོ།། །། གུག་གེའི་ཡུལ་གྱི་དབུས་བྱང་ཆུབ་སེམས་དཔའི་ཐུགས་དམ་སའི་སྙིང་པོ་དཔལ་དཔེ་མེད་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ་རྒྱ་གར་གྱི་མཁན་པོ་ཆེན་པོ་མནྟྲ་ཀ་ལ་ཤ་དང་། སྒྲ་བསྒྱུར་གྱི་ལོ་ཙཱ་བ་ཆེན་པོ་བོད་ཀྱི་དཔལ་ལྷ་བཙན་པོ་བྱང་ཆུབ་སེམས་དཔའི་གདུང་རྒྱུད་ལྷ་བླ་མ་དགེ་སློང་ཞི་བ་ འོད་ཀྱི་ཞལ་སྔ་ནས་བསྒྱུར་ཞིང་གཏན་ལ་ཕབ་པའོ། །སྔོན་གྱི་སྨོན་ལམ་ཐུགས་རྗེའི་དབང་གིས་ནི། །ལྷ་རིགས་བྱང་ཆུབ་སེམས་དཔའི་སྤྲུལ་པ་ནི། །ས་སྟེངས་རྒྱལ་བའི་རྒྱལ་པོར་སྐུ་འཁྲུངས་པ། །བླ་མ་བྱང་ཆུབ་སེམས་དཔའ་ཡེ་ཤེས་འོད། །མངའ་རིས་སྟོད་འདི་གདུལ་བའི་དོན་དུ་ བྱུང་། །གསང་སྔགས་སྤྱོད་པའི་ཆོས་ལུགས་ཀུན་ཉམས་དང་། །དཀྱིལ་འཁོར་སྦྱིན་སྲེག་ཆོ་ག་ནུབ་གྱུར་པས། །དཀྱིལ་འཁོར་ཆོ་ག་པདྨ་སྟོང་ལྡན་ཏེ། །དེ་བཞིན་སྦྱིན་སྲེག་ཤག་ཏི་ཤུག་ཏིས་བྱེད། །གཞན་ཡང་གསང་སྔགས་སྦས་དོན་ནུབ་གྱུར་ཅིང་། །སྦྱོར་སྒྲོལ་དང་ནི་ཚོགས་ ལ་སོགས་པས་བསླད། །འདི་རྣམས་དོན་ངེས་བཙལ་ཕྱིར་བཀས་གཉེར་ཏེ། །ལོ་ཙཱ་རིན་ཆེན་བཟང་པོ་ཁ་ཆེར་བརྫངས། །ཤྲདྡྷ་ཀ་ར་ཞེས་བྱ་སྤྱན་དྲངས་ནས། །སྒྲོན་གསལ་སྤྱོད་པ་བསྡུས་པའི་སྒྲོན་མ་སོགས། །བསྒྱུར་ཅིང་བཤད་ནས་སྔགས་ལོག་གཞུང་བསལ་ཞིང་། །སྔོན་ གྱི་མཁས་པ་ཆེན་པོའི་ལུགས་ལ་བཙུད། །དེ་བཞིན་དཀྱིལ་འཁོར་སྦྱིན་སྲེག་ཆོ་ག་དང་། །སྒོམ་སྒྲུབ་ལ་སོགས་བྱེ་བྲག་སྣ་ཚོགས་པའི། །སྐྱོན་མེད་གཞུང་ལུགས་ཀུན་ལ་འགྲོ་ཀུན་སྦྱར། །སྐལ་ལྡན་རྣམས་ལ་དབང་སོགས་རིམ་བཞིན་སྩལ། །དེང་སང་བར་དུ་སྔགས་ཀྱི་གཞུང་ 61-1-192b དར་བ། །ལོ་ཙཱ་སྐྱེས་མཆོག་དེ་ཡི་དྲིན་ཡིན་གྲང་། །ཤྲདྡྷ་ཀ་ར་ཞེས་བྱའི་མཁས་པ་དང་། །རིན་ཆེན་སྒྲོན་འདྲ་རིན་ཆེན་བཟང་པོ་ཡིས། །རྣལ་འབྱོར་རྒྱུད་དོན་ཚུལ་བཞིན་བཤད་མོད་ཀྱིས། །དེ་ཡི་གདམས་ངག་ནུབ་པར་གྱུར་པ་ནས། །རྣལ་འབྱོར་རྒྱུད་ཀྱི་ཇི་བཞིན་དོན་མ་རྟོགས། །ཡང་ དག་དོན་ལ་ནོར་བའི་དྲི་མས་བསླད། །འཁྲུལ་པ་དེ་དག་བསལ་བར་བྱ་བའི་ཕྱིར། །རྒྱལ་སའི་དམ་པ་གུག་གེའི་ཡུལ་དབུས་ཀྱི། །ཐུགས་དམ་ས་ཡི་སྙིང་པོ་ཐོ་ལིང་དུ། །བླ་མ་ཞི་བ་འོད་ཀྱི་ཞམ་རིང་ལ། །རིག་པའི་འབྱུང་གནས་གྲོང་ཁྱེར་དཔེ་མེད་ཀྱི། །རྗེའུ་རིགས་མཆོག་གི་ནང་དུ་སྐུ་འཁྲུངས་པ། ། ཐོས་པ་མང་ཞིང་མཁྱེན་པར་ལྡན་པ་ཡི། །མཁས་པ་མཆོག་གྱུར་སྔགས་ཀྱི་བུམ་པ་ལ། །གསོལ་བ་བཏབ་ནས་བདག་གིས་བསྒྱུར་བ་ལས། །སྒྲ་དོན་ཐ་སྙད་ལ་མཁས་བྱུང་གྱུར་ན། །ཚིག་དོན་བརྟགས་ནས་རིགས་པས་བཅོས་པར་གྱིས། །སྒྲ་ཡི་བསྟན་བཅོས་མཐའ་དག་མ་བསླབས་ཤིང་། ། བོད་ཀྱི་ཐ་སྙད་ཀུན་ལ་མ་བྱང་བས། །རྒྱ་གར་སྐད་ཙམ་ཉི་ཚེ་ཤེས་གྱུར་ཀྱང་། །ང་རྒྱལ་འབའ་ཞིག་ཙམ་གྱིས་བཅོས་མི་བྱ། །དོན་འདི་རྣམ་པར་ཕྱེ་བའི་བསོད་ནམས་ཀྱིས། །འཁོར་བའི་ཁོངས་ཆུད་འགྲོ་བ་རིགས་ལྔ་པོ། །རྣལ་འབྱོར་ལྔ་བསྒོམས་ལས་ལྔ་མཐར་ཕྱིན་ནས། །ཡེ་ཤེས་ ལྔ་རྫོགས་རིགས་ལྔའི་སྐུ་ཐོབ་ཤོག །༄༅༅། །རྒྱ་གར་སྐད་དུ། མཱ་ཡཱ་ཛཱ་ལ་མ་ཧཱ་ཏནྟྲ་རཱ་ཛ་ཊཱི་ཀཱ་ཁྱ། བོད་སྐད་དུ། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་དྲ་བའི་རྒྱ་ཆེར་བཤད་པ། བཅོམ་ལྡན་འདས་ངག་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །རྫོགས་ པའི་སངས་རྒྱས་ལྔ་རྣམས་དང་། །ལེགས་སྦྱངས་རིགས་པ་བརྒྱད་པ་ནི། །ཡུམ་གྱུར་ལྷ་མོ་བཞི་པོ་དང་། །སྟོབས་ཆེན་ཁྲོ་བོ་བཅུ་པོ་དང་། །སྟོང་དུ་བཞིས་མ་ཚང་བའི་སྟོང་། །བྱང་ཆུབ་སེམས་རྣམས་ཕྱག་འཚལ་ཏེ། །རྒྱུད་བཟང་སྙིང་པོ་སྦས་པ་ཡི། །བདག་གིས་འགྲེལ་པ་གསལ་བར་ བྱ། །འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ལ་སོགས་པ་འདིའི་བརྗོད་བྱ་ནི་གང་ཡིན། འབྲེལ་པ་ནི་གང་ཡིན། དགོས་པ་ནི་ཅི་ཞིག་ཡོད། དགོས་པའི་ཡང་དགོས་པ་ནི་ཅི་ཞིག་ཡོད་ཅེ་ན་དེ་བརྗོད་པར་བྱ་སྟེ་དེ་ལ་བརྗོད་པར་བྱ་བ་ནི། བཅོམ་ལྡན་འདས་སྒྱུ་འཕྲུལ་དྲ་བ་སྟེ་དངོས་པོ་ཐམས་ཅད་ 61-1-193a ཀྱི་ངོ་བོ་ཉིད་དུ་སྤྲུལ་པས་རྣམ་པར་སྣང་མཛད་རྡོ་རྗེའི་དེ་བཞིན་གཤེགས་པ་ནི་བརྗོད་པར་བྱ་བ་ཡིན་ལ། དེ་སྟོན་པར་བྱེད་པའི་རྒྱུད་ལ་ཡང་དེ་སྐད་ཅེས་བྱ་སྟེ་སྐྱེས་པའི་རབས་ལ་སོགས་པ་བཞིན་ནོ། །འདི་དག་ནི་རྗོད་པ་དང་བརྗོད་པར་བྱ་བའི་མཚན་ཉིད་དམ། ཐབས་དང་ཐབས་ལས་བྱུང་ བའི་མཚན་ཉིད་དང་ལྡན་པ་ནི་འབྲེལ་པའོ། །གདུལ་བྱ་རྣམས་དཀོན་མཆོག་གསུམ་ལ་སྐྱབས་སུ་བཏང་བ་ལ་སོགས་པ་སྔོན་དུ་འགྲོ་བས་དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པ་རྗེས་སུ་གནང་བས་མངོན་པར་འདོད་པ་བསྐྱེད་པ་ནི་དགོས་པའོ། །མངོན་པར་འདོད་པ་ཡང་དག་པར་སྐྱེས་པ་རྣམས་དཀྱིལ་འཁོར་དུ་ འཇུག་པ་ལ་སོགས་པའི་རིམ་གྱིས་རྣམ་པ་ཐམས་ཅད་ཀུན་དུ་བཟང་པོའི་ཡེ་ཤེས་ཐོབ་པ་ནི་དེའི་དགོས་པའི་ཡང་དགོས་པ་ཡིན་ནོ། །རྒྱུད་འདིར་རྒྱུད་ཀྱི་བདག་པོ་ནི་དཔལ་རྣམ་པར་སྣང་མཛད་དེའི་ཡོན་ཏན་སྟོན་པའི་གླིང་གཞི་ཏིང་ངེ་འཛིན་གསུམ་སྟོན་པར་བྱེད་པ་ནི་བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ ཏེ་རྒྱུད་སྟོན་པའི་ཏིང་ངེ་འཛིན་སྟོན་པ་མཐར་ཐུག་པ་ཡིན་ནོ། །དེ་ནས་བརྩམས་ཏེ་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་བྱ་བའི་མཐར་ཐུག་པ་ནི་རྒྱུད་ཡིན་ནོ། །དེ་སྡུད་པར་བྱེད་པ་ནི་ལྕང་ལོ་ཅན་གྱི་ཕོ་བྲང་ན་གནས་པ་ས་བཅུའི་དབང་ཕྱུག་རྡོ་རྗེ་འཆང་གི་རང་གི་དཀྱིལ་འཁོར་ན་ གནས་པ་ཀུན་དུ་བཟང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའི་ཚོགས་རྣམས་ལ་འདི་སྐད་ཅེས་བྱ་བ་ལ་སོགས་པ་སྨྲས་པ་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱ་བ་འདིས་ནི་བདག་ཉིད་ཀྱི་ཐོས་པའི་ཤེས་པས་མངོན་དུ་གཟུང་བ་སྟེ་རྒྱུད་ཀྱི་དོན་ངེས་པར་གཟུང་བས་ན་རྒྱུད་ཀྱི་དོན་ཕྱིན་ཅི་མ་ལོག་པ་ཉིད་དུ་སྨྲས་པ་ཡིན་ ཏེ་འདི་ནི་འདི་སྐད་ཅེས་པའོ། །བདག་གིས་ཞེས་བྱ་བ་ནི་བདག་ཉིད་ཁས་ལེན་པའི་ཚིག་གིས་ན་མངོན་སུམ་དུ་ཐོས་པའོ། །ཐོས་པ་ཞེས་བྱ་བ་འདི་ནི་བདག་ཉིད་ཀྱིས་ཁོང་དུ་ཆུད་པ་ནི་མེད་པའོ། །གང་གི་ཚེ་གང་ལས་གང་དུ་འཁོར་ཅི་འདྲ་བ་དང་ཅི་ཞིག་ཐོས་ཞེས་འདྲི་བ་ལས། ཅི་རིགས་པར་ལན་འདེབས་ པའི་ཕྱིར་སྨྲས་པ་ནི་དུས་གཅིག་ན་ཞེས་བྱ་བ་ནི་ལན་ཅིག་གིས་དུས་ན་ཞེས་བྱ་བའི་དོན་ཏེ་དུས་གཅིག་ན་འདི་ཐོས་ཀྱི་གཞན་གྱི་ཚེ་ན་ནི་གཞན་དག་གོ་ཞེས་པ་སྟེ། འདིས་ནི་སྡུད་པར་བྱེད་པ་བདག་ཉིད་ཐོས་པ་མང་བར་སྟོན་པ་ཡིན་ནོ། །ཡང་ན་དུས་གཅིག་ན་ཞེས་བྱ་བ་ནི་སྐད་ཅིག་མ་གཅིག་ལ་ཞེས་བྱ་བའི་ 61-1-193b དོན་དེ་རྣམ་པར་ཐར་པའི་སྒོ་བསམ་གྱིས་མི་ཁྱབ་པ་ལ་དབང་ཐོབ་པས་བདག་གིས་ཐོས་པར་བྱ་བ་གང་ཅི་ཡང་རུང་བ་དེ་ཐམས་ཅད་སྐད་ཅིག་མ་གཅིག་ལ་ཐོས་པ་དེ་ཡང་བརྗོད་པ་མེད་དོ་ཞེས་པ་སྟེ་འདིས་ནི་བདག་ཉིད་ཚད་མའི་སྐྱེས་བུ་ཡིན་པར་བསྟན་ཏོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་བདུད་བཞི་བཅོམ་པ་ འམ་དབང་ཕྱུག་ལ་སོགས་པ་དང་ལྡན་པས་ན་བཅོམ་ལྡན་འདས་ནི་རྣམ་པར་སྣང་མཛད་དེ་དེ་བཞུགས་སོ་ཞེས་བྱ་བར་སྦྱར་རོ། །དེ་ནི་འདི་སྐད་སྟོན་པ་ཡིན་ཏེ་གང་གི་ཚེ་བཅོམ་ལྡན་འདས་གནས་གཙང་མའི་སྟེང་ཁང་པ་བརྩེགས་པའི་གཞལ་ཡས་ཁང་བྱང་ཆུབ་སེམས་དཔའ་ཆེན་པོ་ལ་སོགས་པའི་འཁོར་རྣམས་ ཀྱིས་བསྐོར་ཏེ་བཞུགས་པ་དེའི་ཚེ་བཅོམ་ལྡན་འདས་ལས་གནས་དེ་ཉིད་དུ་འཁོར་དེ་རྣམས་དང་ལྷན་ཅིག་ཏུ་བདག་གིས་རྒྱུད་འདི་དུས་གཅིག་ན་ཐོས་ཞེས་པའོ། །གནས་གཙང་མའི་སྟེང་ན་ཞེས་བྱ་བ་ལ་སོགས་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ཐུགས་སུ་ཆུད་པས་སངས་རྒྱས་བཅོམ་ལྡན་འདས་ནི་ གཙང་མ་སྟེ་དེ་རྣམས་ཀྱི་བཞུགས་གནས་ཡིན་པས་གནས་སོ། །དེ་བས་ན་གནས་ཐམས་ཅད་དེ་ལས་མཆོག་ཏུ་གྱུར་པས་ན་སྟེང་ན་སྟེ་གཙོ་བོར་གྱུར་པའོ། །དེ་ཡང་ཡི་གེ་བྷྲཱུཾ་ལས་ངེས་པར་འབྱུང་བ་རང་གི་དམ་ཚིག་ལ་ཀུན་དུ་ཆགས་པའི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ཡོངས་སུ་གྱུར་པ་རིན་པོ་ ཆེ་སྣ་བཞིའི་རང་བཞིན་གྱི་མཆོད་རྟེན་ནོ། །དེ་ལ་ཁང་པ་བརྩེགས་མ་ཟུར་བཞི་ལ་སོགས་པ་དང་ལྡན་པ་ནི་དེ་ཉིད་ཀྱི་ཁྱད་པར་ཡིན་ནོ། །རིན་པོ་ཆེ་སྣ་ཚོགས་པའི་ཞེས་བྱ་བ་ནི་པདྨ་རཱ་ག་ལ་སོགས་པའི་རིན་པོ་ཆེ་སྣ་ཚོགས་པའོ། །བཀོད་པ་ནི་དེ་རྣམས་ཀྱི་ཚོགས་ཏེ་རིག་པའི་ཁྱད་པར་དང་བཅོས་ པས་གང་བཞུགས་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བས་ན་དེ་ཉིད་དུའོ། །འདི་ནི་རྒྱུད་ཕྱི་མ་ཡིན་པས་ངེས་པར་གསང་བ་འདུས་པ་ལས་ཤེས་པར་སྟེ་དེ་ལས་འདི་ཉིད་གསུངས་པ་ནི། དེ་ནས་དེ་བཞིན་གཤེགས་པ་མི་བསྐྱོད་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན་མོའི་བྷ་ག་ལ་དམ་ ཚིག་ཆེན་པོའི་དཀྱིལ་འཁོར་གྲུ་བཞིར་བྱིན་གྱིས་བརླབས་པ་ནི་ཞེས་བྱ་བ་ལ་སོགས་པའོ། །གཞལ་ཡས་ཁང་གི་ཁྱད་པར་འདི་ཡང་ནམ་མཁའི་ཁམས་ཐམས་ཅད་པ་གཞན་འཕྲུལ་དབང་བྱེད་ན་དབང་སྒྱུར་གྱི་ལྷ་རྣམས་ཀྱི་གནས་ན་ཡོད་པ་ཡིན་པར་ཤེས་པར་བྱ་སྟེ། འདོད་ཆགས་ལ་སྤྱོད་ 61-1-194a པའི་སེམས་ཅན་རྣམས་རྗེས་སུ་གཟུང་བར་བྱ་བའི་ཕྱིར་སྟོན་པར་མཛད་པ་ཡིན་པའི་ཕྱིར་རོ། །དེ་བས་ན་དེ་ཉིད་ནི་གནས་གཙང་མའི་ལྷའི་གནས་ཀྱི་སྟེང་ནི་མ་ཡིན་ནོ། །གཞན་ཡང་གཞལ་ཡས་ཁང་དེ་ཉིད་ཀྱི་ཁྱད་པར་བསྟན་པ་ནི་ཤིན་ཏུ་རྣམ་པར་ཕྱེ་བ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ་ ཤིན་ཏུ་རྣམ་པར་མཛེས་པ་ཡང་ཡིན་ཞིང་རྣམ་པར་ཕྱེ་བ་སྟེ་གཅིག་ལ་གཅིག་མ་དྲེས་པ་ཡང་ཡིན་ལ་དེ་ཡང་རྡོ་རྗེའི་རང་བཞིན་གྱི་ཀ་བ་སྟེ་ཀ་བ་བརྒྱད་ཀྱི་ཚུལ་དུ་དེས་ཉེ་བར་མཛེས་པ་ནི་བརྒྱན་པ་སྟེ་དེར་ཞེས་སྔ་མ་དང་སྦྱར་རོ། །གཞལ་མེད་ཁང་ཆེན་པོའི་མཆོག་གི་བཀོད་པ་ཞེས་བྱ་བ་ནི་ཕྱོགས་བརྒྱད་དུ་ བསྐོར་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །རྡོ་རྗེ་དྲིལ་བུ་སྒྲ་སྒྲོགས་པ་ནི་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་སྟོན་པའི་སྒྲ་དང་བཅས་པར་ཡང་དག་པར་བྱུང་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཡིད་ལས་བྱུང་བའི་མཆོད་པའི་ཁྱད་པ་ཆེན་པོས་ཤེས་པར་བྱ་བ་ནི་སངས་རྒྱས་ལ་སོགས་པའི་སྤྲུལ་པ་ རྣམས་ཀྱིས་ཏེ་དེས་བརྒྱན་པ་ནི་སྤུད་པའོ། །འཁོར་ལོ་ནི་འོག་ནས་བཤད་པའི་མཚན་ཉིད་དང་ལྡན་པའི་དཀྱིལ་འཁོར་རོ། །རྡོ་རྗེ་ནི་མི་ཕྱེད་པའོ། །སྤྲས་པ་ནི་དེའི་དོན་དུ་སྤྲས་པར་བྱས་པ་དེ་རུ་སྟེ་ཉེ་བར་མཚོན་པ་འདིས་ན་དེ་བཞིན་དུ་སྒོ་དང་སྒོ་ཁྱུད་དང་མཚམས་རྣམས་སུ་ཡང་རྡོ་རྗེ་ལ་སོགས་པས་སྤྲས་ཤིང་ བརྒྱན་པའོ། །ཆ་བྱད་སྣ་ཚོགས་འཆང་བ་ནི་སངས་རྒྱས་ཐམས་ཅད་ཀྱི་སྐུ་སྟོན་པས་སམ་རིགས་ལྔའི་སངས་རྒྱས་ཅོད་པན་ལ་བཀོད་པས་རྡོ་རྗེ་སེམས་དཔའ་ལ་སོགས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ་དེ་རྣམས་ཀྱིས་བརྒྱན་པ་ཞེས་བྱ་བར་སྔ་མ་དང་སྦྱར་རོ། །དེ་བཞིན་གཤེགས་པ་ནི་ཆོས་ཀྱི་སྐུའི་ ངོ་བོ་སྟེ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོའོ། །དེའི་སྤྲུལ་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་འཆང་བ་རྣམ་པར་སྣང་མཛད་རྡོ་རྗེའི་དེ་བཞིན་གཤེགས་པ་སྟེ་བདག་པོ་དེ་ལས་ངེས་པར་འབྱུང་བའི་ཕྱིར་རོ། །དེས་གང་དུ་གདུལ་བྱ་རྣམས་ཀྱི་དོན་བྱ་བ་བྱས་ཤིང་བསྐྱོད་པ་གང་ཡིན་པ་དེ་ལ་དེ་ སྐད་ཅེས་བྱའོ། །ཡང་ན་དེ་བཞིན་གཤེགས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་རྣམ་པར་སྣང་མཛད་འོག་མིན་ན་བཞུགས་པའོ། །དེའི་སྤྲུལ་པ་ནི་དེ་ལས་གཞན་པའི་རྣམ་པར་སྣང་མཛད་རྡོ་རྗེའི་དེ་བཞིན་གཤེགས་པ་སྟེ་དེས་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །དེ་བས་ན། གནས་ 61-1-194b ལས་གཡོ་བ་མི་མངའོ། །ཞེས་གསུངས་པ་ཡིན་ནོ། །རྣམ་པར་སྣང་མཛད་ནི་སྐུ་རྡོ་རྗེའོ། །དེའི་སྙིང་པོ་ནི་སྐྱེ་གནས་སོ། །ཡང་དག་པར་བྱུང་བ་ནི་བླ་ན་མེད་པའི་ཡེ་ཤེས་ཐུགས་སུ་ཆུད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །སྣ་ཚོགས་པ་ནི་དོན་ཡོད་གྲུབ་པའོ། །རྡོ་རྗེ་ནི་མི་བསྐྱོད་ པའོ། །རིན་པོ་ཆེ་ནི་རིན་ཆེན་འབྱུང་ལྡན་ནོ། །འོད་དཔག་མེད་ནི་ཚེ་དཔག་ཏུ་མེད་པའོ། །དེ་ཡང་འདིར་སྤྱོད་པས་བསྐྱོད་ནས་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་སྤྱོད་པ་སྤྱད་པ་དེ་སྨོན་ལམ་གྱི་གྲོགས་དང་བཅས་པས་བསྐྱོད་པ་ནི་གདུལ་བྱ་རྣམས་ཀྱི་སྤྱོད་ཡུལ་ལ་འཇུག་པ་ཟག་པ་མེད་པའོ། །འདི་སྐད་ སྟོན་པ་ཡིན་ཏེ་འོག་མིན་ཞེས་བྱ་བའི་གཞལ་ཡས་ཁང་ནི་དེ་བཞིན་གཤེགས་པ་རྣམས་ཉིད་ཀྱི་བཞུགས་གནས་ཡིན་པ་ལས་གཞན་དུ་བཞུགས་པ་ནི་གདུལ་བྱའི་འགྲོ་བ་རྣམས་ཀྱི་ངོར་མཛད་པ་ཡིན་ནོ་ཞེས་པའོ། །སྒོ་བཞིའི་གོ་སྐབས་ལས་བྱུང་བ། །ཞེས་བྱ་བ་ནི་སྟོང་པ་ཉིད་ཅེས་བྱ་བ་ལ་སོགས་ པའི་རྣམ་པར་ཐར་པའི་སྒོ་བཞིའོ། །དེ་ཉིད་འཇུག་པར་དཀའ་བས་གོ་སྐབས་དང་འདྲ་བས་ན་གོ་སྐབས་ཏེ་དེའི་བདག་ཉིད་ཀྱི་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ཀྱང་གདོང་བཞི་པ་ལྟོ་བ་འཕྱང་བ་ཕྱག་རྒྱ་གཉིས་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན་ཡང་གཡས་ན་འཁོར་ལོ་བསྣམས་པ། གཡོན་དྲིལ་བུ་དཀུར་ བརྟེན་པས་འཛིན་པ་ལ་ཡང་ཉེ་བར་གདགས་པས་དེ་སྐད་ཅེས་བྱ་བའོ། །དེ་ལས་བྱུང་བས་ནི་དེ་ལས་འཐོན་པ་སྟེ་དེའི་གཟུགས་སུ་ཡོངས་སུ་གྱུར་པ་དེ་ཡང་སྒོ་བཞི་གོ་སྐབས་ནི་བྱུང་བ་ཡིན་པས་ན་དེ་སྐད་ཅེས་བཤད་དེ་ཁང་པ་བརྩེགས་མར་ཞེས་དེ་བཞིན་དུ་སྦྱར་བར་བྱའོ། །བཅོམ་ལྡན་འདས་དེའི་ ཕྱག་རྒྱ་ཁྱད་པར་ཇི་ལྟ་བུ་ཞིག་ཡིན་ཞེ་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་ཆེན་པོའི་ཚོགས་ནི་བྱམས་པ་ལ་སོགས་པའི་ཚོགས་སོ། །རིག་པའི་ལྷ་མོ་རྣམས་ནི་སྤྱན་ལ་སོགས་པ་སྟེ་དེ་རྣམས་ཀྱིས་བརྒྱན་པ་ནི་འཁོར་དུ་གྱུར་ པ་ཉིད་དུ་གནས་པས་སོ། །ཁྲོ་བོའི་རྒྱལ་པོ་ནི་གཤིན་རྗེ་གཤེད་ལ་སོགས་པ་སྟེ་ཁྲོ་བོ་དེའི་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱང་ཡོད་པར་ཤེས་པར་བྱའོ། །བྲན་པོ་ནི་གཞན་གྱིས་མི་ཐུབ་པ་ལ་སོགས་པའི་ཁྲོ་བོའོ། །བྲན་མོ་ནི་དེའི་དམ་ཚིག་གི་ཕྱག་རྒྱའོ། །ཕོ་ཉ་ནི་རྟ་མགྲིན་ལ་སོགས་ 61-1-195a པའི་ཁྲོ་བོའོ། །ཕོ་ཉ་མོ་ནི་དེའི་དམ་ཚིག་གི་ཕྱག་རྒྱའོ། །ཕྱག་བརྙན་ནི་བདུད་རྩི་འཁྱིལ་པ་ལ་སོགས་པའི་ཁྲོ་བོའོ། །ཕྱག་བརྙན་མ་ནི་དེའི་དམ་ཚིག་གི་ཕྱག་རྒྱའོ། །བསྐོར་བ་ཞེས་བྱ་བ་ནི་དཀྱིལ་འཁོར་དུ་བྱས་པའོ། །མདུན་གྱིས་བལྟས་པ་ཞེས་བྱ་བ་ནི་ཐམས་ཅད་ཀྱིས་ འདིའི་སྤྱན་སྔར་བཏུད་པར་བྱས་པ་སྟེ་དེ་ལ་མངོན་དུ་ཕྱོགས་པས་གནས་པའོ། །འདིས་ནི་འཇིག་རྟེན་ལས་འདས་པའི་འཁོར་ཕུན་སུམ་ཚོགས་པ་བསྟན་པ་ཡིན་ནོ། །བདེ་བའི་ཏིང་ངེ་འཛིན་ནི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་ཏེ་དེས་དེའི་རང་བཞིན་དུ་བྱས་པ་ནི་གང་གིས་བདེ་བ་ཆེན་པོའི་ངོ་བོ་ཉིད་ཀྱི་བདག་ ཉིད་དུ་བྱས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་ཉིད་ཀྱིས་ན་ཡེ་ཤེས་དེ་ལ་དམིགས་པ་ཡིན་ཏེ་རྣམ་པ་ཐམས་ཅད་དུ་ཀུན་དུ་བཟང་པོའི་ཡེ་ཤེས་ཐོབ་པའོ། །དེ་ནས་མ་བྲལ་བ་སྟེ་རྟག་ཏུ་ཡང་དག་པར་ལྡན་པའོ། །ཐུགས་རྗེ་ཆེན་པོ་ནི་དམིགས་པ་མེད་པའོ། །སེམས་ཅན་རྣམས་ལ་ མཉེས་གཤིན་པ་ནི་བྱམས་པའི་སྤྱོད་པས་དེ་རྣམས་ཀྱི་དོན་མཛད་པའི་དགོངས་པ་བསྒྲུབ་པའོ། །དེ་ཡང་འདི་ནི་ཐུགས་རྗེ་ཆེན་པོའི་མཉེས་གཤིན་པ་ཡིན་པས་དེ་སྐད་ཅེས་བྱའོ། །དེ་བས་ན་འདི་ནི་སེམས་ཅན་དེ་བསྒྲལ་བ་ལ་མངོན་པར་བརྩོན་པར་མཛད་པ་ཞེས་བྱ་བ་སྟེ་བདག་ལ་སོགས་པ་ མངོན་པར་ཞེན་པར་ལྷུང་བའི་སེམས་ཅན་རྣམས་བསྒྲལ་བའི་ཕྱིར་ཆོས་བདག་མེད་པ་ལ་སོགས་པ་སྟོན་པར་མཛད་པ་ལ་མངོན་པར་བརྩོན་ཞིང་རབ་ཏུ་འབད་པའི་ཁྱད་པར་དང་ལྡན་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ལྷ་དང་ཀླུ་དང་ཞེས་བྱ་བ་ལ་སོགས་པས་ནི་འཇིག་རྟེན་པའི་འཁོར་ཕུན་ སུམ་ཚོགས་པ་སྟོན་པ་ཡིན་ཏེ་ལྷ་ལ་སོགས་པ་བརྒྱད་ཀྱི་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་རང་གི་སྙིང་པོས་དཀྱིལ་འཁོར་གྱི་ཕྱི་རོལ་དུ་རང་གི་ཕྱོགས་སུ་བསམ་པར་བྱའོ་ཞེས་བྱ་བ་ནི་མན་ངག་གོ། །བཞུགས་སོ་ཞེས་བྱ་བ་ནི་རྫུ་འཕྲུལ་ལ་སོགས་པ་རྣམས་ཀྱིས་གདུལ་བྱ་རྣམས་ཀྱི་ཡིད་ འཕྲོག་པར་བྱེད་པར་མཛད་ནས་བཞུགས་པའོ། །དེ་ནས་ཞེས་བྱ་བ་ནི་སྐབས་སོ། །ཕྱག་ན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་སེམས་དཔའ་ལ་གཟིགས་པ་མཛད་ནས་འཛུམ་པར་གྱུར་པའོ། །དེ་ལ་གཟིགས་པར་མཛད་པ་ནི་ཕྱག་ན་རྡོ་རྗེ་ནི་སྲས་ཀྱི་ཐུ་བོ་ཡིན་པའི་ཕྱིར་རོ། ། 61-1-195b སློབ་དཔོན་དང་སློབ་མའི་ཡུལ་ལ་ཡང་འདྲི་བའི་རིམ་པ་འདི་ཉིད་ཡིན་པའི་ཕྱིར་འདིར་འཛུམ་པར་མཛད་པ་ནི་དགོངས་དང་བཅས་པ་སྟེ་གཟིགས་པ་ནི་དེའི་རང་བཞིན་ཤེས་པར་བྱ་བའི་ཕྱིར་རོ། །དེས་ནི་ཞེས་བྱ་བ་ནི་གང་གིས་ན་བཅོམ་ལྡན་འདས་བཞེད་པར་མཛད་པ་དང་གཟིགས་པར་མཛད་པའི་ རྒྱུ་དེས་ནི་ངོ་མཚར་གྱི་ཆོས་སུ་གྱུར་པ་མཛད་དོ་སྙམ་དུ་ཤེས་ནས་བཅོམ་ལྡན་འདས་ངོ་མཚར་དུ་གྱུར་ལགས་ཏེ་རྨད་དུ་བྱུང་བར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །དེའི་སླད་དུ་དེ་བཀའ་སྩལ་དུ་གསོལ་ཞེས་བྱ་བ་སྟེ་རྣམ་པ་གང་གིས་སེམས་ཅན་རྣམས་ལ་ཕན་པ་དང་རྗེས་སུ་མཐུན་པས་བཞད་པར་ གང་སྟོན་པར་མཛད་པ་དེ་བཞིན་དུ་དེ་ཉིད་ཀྱི་རྣམ་པས་དེའི་དགོངས་པ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་དུ་གསོལ་ཞེས་པའོ། །སེང་གེ་ཆེན་པོའི་སྒྲའི་སྒྲ་བསྒྲགས་པས་ཞེས་བྱ་བ་ནི་སེང་གེ་ཆེན་པོའི་སྒྲ་ཉིད་ཀྱིས་སྒྲ་སྒྲོགས་ཤིང་སྐད་འབྱིན་པའི་ངང་ཚུལ་གང་ལ་ཡོད་པ་དེ་སྐད་ཅེས་བྱ་སྟེ། དེ་ལྟ་བུའི་འཇིགས་པ་མེད་ཅིང་ཐོགས་པ་མེད་པའི་གསུངས་དེས་ཞེས་བྱ་བའི་བར་གྱིས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་དེ་ནས་དེ་མ་ཐག་ཏུ་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་ཉེ་བར་མཚོན་པའི་ཚིག་གི་འོག་མ་དང་སྦྱར་རོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ནི་ཁྱད་པར་དུ་གྱུར་ པ་སྟེ་དེ་བསྟན་པར་བྱའོ་ཞེས་བྱ་བར་སྦྱར་རོ། །ཡེ་ཤེས་ཆེན་པོ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ། །རྣམ་པར་བསྒྱིངས་པ་ནི་རྣམ་པར་རོལ་པ་སྟེ་སྔོན་གྱི་སྨོན་ལམ་གྱི་ཤུགས་སྟོབས་ཀྱིས་གང་དུ་དཀྱིལ་འཁོར་སྤྲུལ་པ་ལ་སོགས་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཡང་འདིར་སྒྱུ་འཕྲུལ་ དྲ་བ་ཞེས་ཀྱང་འདི་ཉིད་ལ་བྱའོ། །རྒྱུད་ཐམས་ཅད་ནི་འཕགས་པ་དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པ་རྩ་བའི་རྒྱུད་རྣམས་སོ། །དེའི་ཕྱི་མ་ནི་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་ལ་སོགས་པའི་རྒྱུད་དོ། །དེ་ལས་ཀྱང་རྒྱུད་ཀྱི་རྒྱལ་པོ་འདི་ཕྱི་མ་ཡིན་པས་དེ་སྐད་ཅེས་བྱའོ། །ཐབས་བདེ་ཞེས་ བྱ་བ་ནི་འདི་ལས་ཤེས་རབ་དང་ཐབས་བདེ་བ་ཉིད་ཀྱི་ཐབས་ཀྱིས་མངོན་པར་འདོད་པའི་དོན་མྱུར་དུ་ཐོབ་པ་ཉིད་སྟོན་པས་སོ། །དེ་བས་ན་འདི་ཉིད་ནི་བསྒྲུབ་པའོ། །རྡོ་རྗེ་ཡེ་ཤེས་རོལ་པས་ཞེས་བྱ་བ་ལ་སོགས་པ་ལ་རོལ་པ་ཞེས་བྱ་བ་ནི་སྒེག་པའི་གཟུགས་སོ། །དེས་རོལ་ཅིང་མཉེས་ 61-1-196a པར་བྱེད་པ་སྟེ་དེ་ཉིད་ཀྱི་ཐབས་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཁོ་ན་ཉིད་ཐམས་ཅད་ནི་འོག་ནས་བཤད་པའི་དེ་ཁོ་ན་ཉིད་བཅུ་སྟེ་དེ་རྣམས་ཀྱི་འབྱུང་གནས་ཡིན་པས་དེ་ཁོ་ན་ཉིད་ཐམས་ཅད་ཀྱི་འབྱུང་གནས་སོ། །ཅི་ཞིག་མཛད་ནས་རྒྱུད་ཀྱི་རྒྱལ་པོ་སྟོན་པར་མཛད་ཅེ་ ན། སྟང་སྟབས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་སྟང་སྟབས་ནི་ཡན་ལག་གི་རྣམ་པར་འགྱུར་བ་ཚམ་ངམ་ལ་སོགས་པ་རྣམ་པར་གཞག་པའི་མཚན་ཉིད་ཅན་ཏེ་དེས་བདུད་བཞི་ལས་རྣམ་པར་རྒྱལ་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཐབས་དང་ཤེས་རབ་དག་ནི་དམ་ཚིག་དང་ཕྱག་རྒྱ་ ཆེན་པོའི་བདག་ཉིད་དུ་བསྐྱེད་པ་སྟེ་དེའི་བདག་ཉིད་ཀྱི་བདེ་བ་ཆེན་པོའི་རྡོ་རྗེ་སེམས་དཔའ་ལ་སོགས་པ་སྟེ་དེ་ལ་དེ་སྐད་ཅེས་བྱའོ། །ཡང་ན་འདིར་ཐབས་དང་ཤེས་རབ་བདེ་བ་ཆེན་པོའི་རྡོ་རྗེ་ཞེས་བྱ་བ་དེ་ལ་དེ་སྐད་ཅེས་བཤད་དེ་དེས་བསྒྲལ་བ་ནི་ངན་སོང་གསུམ་ལ་སོགས་པར་ལྷུང་བའི་འགྲོ་བ་ རྣམས་ཀྱི་དོན་མཛད་པ་སྟེ་དེའི་དོན་རོལ་པས་བཞད་པའི་རང་བཞིན་གང་ཡིན་པའོ། །དེའི་རྣམ་པར་བསྒྱིངས་པ་ནི་རྣམ་པར་རོལ་པ་ཏིང་ངེ་འཛིན་གང་གིས་ཡིད་ལ་བྱེད་པའི་དོན་འདི་ཉིད་ཀྱི་རྗེས་སུ་འགྲོ་བའི་མིང་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ནས་སྙོམས་པར་ཞུགས་པ་ནི་ཐུགས་ལ་ མངོན་པར་མཛད་པ་སྟེ་སྒྱུ་འཕྲུལ་དྲ་བའི་རྒྱུད་སྟོན་པའི་རྣམ་པ་ལ་ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་བའི་དོན་ཏོ། །སྒྱུ་འཕྲུལ་དྲ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་དམ་ཚིག་དང་ཞེས་བྱ་བ་ལ་སོགས་པས་ནི་རྒྱུད་ཀྱི་བསྡུས་པའི་དོན་གསུངས་པ་ཡིན་ནོ། །དེ་དག་ཉིད་སྟོན་པའི་རྒྱུད་ངས་བཤད་པར་ བྱ་ཞེས་བྱ་བ་ལ་སོགས་པ་སྟེ་དེ་ནི་འདི་སྐད་དུ་བཤད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་དེའི་དཀྱིལ་འཁོར་ལ་སོགས་པ་བཤད་པར་བྱའོ་ཞེས་པའོ། །དེ་བས་ན་ཏིང་ངེ་འཛིན་མཆོག་དེ་ལ་སྙོམས་པར་ཞུགས་ལ་ཞེས་བྱ་བ་ནི་ཤིན་ཏུ་མཉམ་པར་ གཞག་པར་གྱིས་ལ་རྒྱུད་ཀྱི་རྒྱལ་པོ་ཉོན་ཅིག་ཅེས་དེ་སྐད་དུ་གསུངས་སོ་ཞེས་ཉེ་བར་སྦྱར་ཏེ་ཐམས་ཅད་དུ་ཡང་དམ་པའི་ཆོས་ཉན་པའི་ཚུལ་ཡིན་ནོ། །འདི་སྐད་སྟོན་པ་ཡིན་ཏེ། ཇི་ལྟར་འོག་མིན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་བསྐྱོད་པ་ལ་སོགས་པས་ཡོངས་ 61-1-196b སུ་བསྐོར་ཏེ་ཇི་སྐད་དུ་བཤད་པའི་གནས་སུ་བབ་པ་འདི་ནི་དང་པོའི་སྦྱོར་བ་ཞེས་བྱ་སྟེ་ཏིང་ངེ་འཛིན་དང་པོའོ། །ཡེ་ཤེས་ཀྱི་ལྷའི་འཁོར་གྱིས་བསྐོར་བ་ནི་དཀྱིལ་འཁོར་གྱི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པའོ། །ལས་ཀྱི་མཆོག་ཅེས་བྱ་བ་ནི་ཏིང་ངེ་འཛིན་གསུམ་པའོ། །རྣམ་པར་སྨིན་ པ་ལས་བྱུང་བའི་བྱམས་པ་ལ་སོགས་པ་བསྟན་པ་ནི་རྒྱུད་གཞན་དག་དང་རྗེས་སུ་མཐུན་པར་ཤེས་པར་བྱའོ། །དེ་ལྟར་འཇུག་པས་གཟུགས་དང་གཟུགས་མེད་པ་ལ་སྤྱོད་པ་རྣམས་ཀྱི་དོན་མཛད་ནས་ཇི་སྐད་དུ་གསུངས་པའི་གནས་སུ་ཏིང་ངེ་འཛིན་གསུམ་གྱིས་དཀྱིལ་འཁོར་བསྐྱེད་ཅིང་དེར་མངོན་ སུམ་དུ་འཇུག་པ་ལ་སོགས་པ་སྐལ་བ་དང་ལྡན་པའི་འདོད་པ་ལ་སྤྱོད་པ་རྣམས་ཀྱང་འཇུག་པ་ལ་སོགས་པར་བྱ་བའི་ཕྱིར་བསྐྱེད་ཅིང་དེ་བཞིན་གཤེགས་པ་ལ་སོགས་པ་མཐོང་བའི་སྐལ་བ་དང་ལྡན་པའི་སེམས་ཅན་རྣམས་ཀྱི་དོན་མཛད་པའི་ཕྱིར་རྒྱུད་གསུངས་པ་ཡིན་ནོ་ཞེས་བྱ་བ་ནི་སྤྱིའི་དོན་ ཡིན་ཏེ། དེ་དག་ཐམས་ཅད་ཀྱང་གླེང་སློང་བར་བྱེད་པའི་རྒྱུད་ཀྱི་སྡུད་པ་པོས་རང་བཟོ་སྤང་བར་བྱ་བའི་ཕྱིར་བཤད་པ་ཡིན་ལ་གདུལ་བྱ་རྣམས་ཀྱིས་ཀྱང་རྟག་ཏུ་གུས་པས་མཉམ་པ་དང་བསམ་པ་ལ་སོགས་པ་བྱའོ་ཞེས་བསྟན་པ་ཡིན་ནོ། །དེ་ལ་རེ་ཞིག་ཅེས་བྱ་བ་ནི་དེའི་འོག་ཏུ་སློབ་དཔོན་དང་ལྡན་ན་ འགྲུབ་པར་འགྱུར་གྱི་དེ་དང་བྲལ་བས་བསྒྲུབ་པ་ནི་དངོས་གྲུབ་ཏུ་མི་འགྱུར་རོ་ཞེས་པའོ། །དང་པོར་ཞེས་བྱ་བ་ནི་སློབ་དཔོན་གྱི་ཡོན་ཏན་བཤད་པ་བརྗོད་དགོས་ཏེ། འདི་ལྟར་དཀྱིལ་འཁོར་ལ་སོགས་པ་གང་ཡོན་ཏན་དང་ལྡན་པའི་སློབ་དཔོན་ལ་བསྙེན་བཀུར་བྱས་ནས་དཀྱིལ་འཁོར་བྲིས་ཏེ་ གསང་སྔགས་ཡོངས་སུ་གཟུང་བར་བྱས་ནས་ཏིང་ངེ་འཛིན་དང་ཡེ་ཤེས་ཀྱི་མན་ངག་ལ་སོགས་པ་ཡང་མནོས་ཏེ། སྒྲུབ་པ་པོས་དངོས་གྲུབ་བསྒྲུབ་པར་བྱ་བ་ཡིན་པས་ན་ཚུལ་འདིས་ནི་ལེའུའི་གོ་རིམས་ཀྱང་བསྟན་ཏོ། །ཡེ་ཤེས་སྙིང་པོ་ཁྱོད་ཉོན་ཅིག །ཅེས་བྱ་བ་ནི་ཕྱག་ན་རྡོ་རྗེ་ལ་བོས་པ་སྟེ་དེས་ གསོལ་བ་བཏབ་པའི་ཕྱིར་རོ། །བརྟན་ཞིང་ཞེས་བྱ་བ་ནི་ལུས་བསྡམས་པའོ། །དུལ་བ་ཞེས་བྱ་བ་ནི་ངག་བསྡམས་པའོ། །བློ་གྲོས་ལྡན་ཞེས་བྱ་བ་ལ་སོགས་པ་ནི་ཡིད་བསྡམས་པའོ། །གསང་སྔགས་རྒྱུད་ཀྱི་སྦྱོར་བ་ཤེས། །ཞེས་བྱ་བ་ནི་སྔགས་དང་སྨན་དག་གིས་བགེགས་བྱུང་བ་བཟློག་པར་ 61-1-197a ནུས་པའོ། །དེ་ཉིད་བཅུ་ནི་ཡོངས་ཤེས་ཤིང་། །ཞེས་བྱ་བ་ནི་འོག་ནས་འབྱུང་བའི་དེ་ཁོ་ན་ཉིད་བཅུ་ཤེས་པའོ། །ཐེག་པ་ཆེ་ལ་རྟག་དགའ་བ། །ཞེས་བྱ་བ་ནི་ཐེག་པ་ཞེས་བྱ་བའི་སྒྲ་ནི་རིགས་པའི་ཚུལ་གྱི་སྒྲུབ་པ་སྟེ། བྱང་ཆུབ་སེམས་དཔའི་ལམ་འབྲས་བུ་དང་བཅས་པ་ནི་ཐེག་ པ་ཆེན་པོའོ། །དེ་ལ་དགའ་བ་ནི་མངོན་པར་བཞུགས་པའོ། །ཉན་ཐོས་རྣམས་ཀྱི་ལམ་འགྲོ་དང་། །ཞེས་བྱ་བ་ནི་ཉན་ཐོས་ཀྱི་ཐེག་པའི་ལམ་གྱིས་འགྲོ་བ་སྟེ་ཐབས་དང་བྲལ་བ་ཞེས་བྱ་བའི་དོན་ཏོ། །ཐེག་པ་ཆེན་པོ་མི་ཤེས་དང་། །ཞེས་བྱ་བ་ནི་སྔགས་ཀྱི་མཚན་ཉིད་ཡང་དག་པར་མི་ཤེས་པའོ། ། ཁྱད་པར་ཇི་ལྟ་བུ་ཞེ་ན། གསང་བ་དེ་ཉིད་བསྡུས་པ་ཡི། །ཞེས་བྱ་བ་གསུངས་ཏེ་དོན་གྱི་སྒྲར་ནི་གསང་བ་ཤེས་པར་བྱ་སྟེ་དེ་རྣམས་གང་དུ་བསྡུས་པ་དེ་ལ་དེ་སྐད་ཅེས་བྱའོ། །བསྟན་བཅོས་རྣམས་ལ་སྨོད་པ་མིན། །ཞེས་བྱ་བ་ནི་སྔགས་ཀྱི་ཚུལ་གྱི་མཚན་ཉིད་ལ་རྣམ་པར་འཚེ་བའོ། །གོང་དུ་བསྟན་ པའི་ཞེས་བྱ་བ་ལ་སོགས་པ་ནི་བསྟན་པ་ཉིད་ལ་སོགས་པའི་མཚན་ཉིད་དང་ལྡན་པའི་སློབ་དཔོན་སྒྲུབ་པ་པོས་གཟུང་ཞིང་མཉེས་པར་བྱ་བ་འོས་པ་ཡིན་ནོ། །བླ་མ་སངས་རྒྱས་ཀུན་དང་མཉམ། །ཞེས་བྱ་བ་ལ་སོགས་པ་ནི་སློབ་དཔོན་ལ་ནན་ཏན་བྱ་བ་གསུངས་པ་སྟེ་དེ་བཞིན་གཤེགས་པ་ ལ་སོགས་པའི་རིགས་རྣམ་པ་ལྔ་ལ་ཡང་རང་གི་རིགས་ཀྱི་བདག་པོ་བཞིན་དུ་བལྟ་བར་བྱའོ་ཞེས་པ་སྟེ་སངས་རྒྱས་ཀུན་དང་མཉམ་ཞེས་བྱ་བ་ལ་སོགས་པའི་ཚིག་རྐང་ལྔ་ནི་བཤད་པའོ། །སྐྱོན་རྣམས་ཀྱིས་ནི་དངོས་གྲུབ་ཉམས། །ཞེས་བྱ་བ་ནི་གང་གི་ཕྱིར་སྐྱོན་བཟུང་བ་ནི་དངོས་གྲུབ་ཉམས་པར་ འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྨི་ལམ་དུ་ཞེས་བྱ་བ་ལ་སོགས་པ་འདིས་ནི་སློབ་དཔོན་ལ་སྨོད་པ་ཤིན་ཏུ་ཡང་ཁ་ན་མ་ཐོ་བ་ཆེ་བར་བསྟན་ཏེ་དམ་པའི་བདག་ཉིད་ནི་བརྙས་པར་བྱེད་པ་དང་གདུག་པའི་བསམ་པ་ཅན་དག་གོ། །དད་པ་ཞེས་བྱ་བ་ནི་གུས་པ་དང་ལྡན་པ་རྣམས་ཀྱིས་སོ། །སྔགས་ ཀྱི་ཚུལ་ལ་སོགས་པ་སློབ་དཔོན་དང་སློབ་མའི་འབྲེལ་པས་འཇུག་པས་ན་འཇུག་པ་སྟེ་དེ་སྟོན་པའི་གཞུང་གི་ལེའུ་ལ་ཡང་འཇུག་པའི་རིམ་པར་ཕྱེ་བའི་སྒྲར་བརྗོད་དོ། །ལེའུ་དང་པོའི་འགྲེལ་པའོ།། །།སློབ་མ་དང་སློབ་དཔོན་འབྲེལ་པར་གྱུར་ན་ནི་དཀྱིལ་འཁོར་དུ་འཇུག་པར་བྱ་དགོས་ 61-1-197b ཏེ་དེ་བས་ན་དེ་ནས་ཞེས་བྱ་བ་ལ་སོགས་པ་གཉིས་པ་དཀྱིལ་འཁོར་གྱི་ལེའུ་གསུངས་སོ། །དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་ཏུ་སྟེ་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་འཆང་ལ་བཀའ་སྩལ་པ་ཞེས་བྱ་བར་སྦྱར་རོ། །ཅི་ཞིག་མཛད་ནས་ཤེ་ན་སྒྱུ་འཕྲུལ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་སྒྱུ་འཕྲུལ་ཆེན་པོའི་ ཡེ་ཤེས་ནི་ལྷ་རྣམས་སྤྲུལ་པའི་ཡེ་ཤེས་སོ། །དེའི་རྣམ་པར་བསྒྱིངས་པ་ནི་རྣམ་པར་འཕྲུལ་པའོ། །གསང་བ་ནི་དམ་ཚིག་གི་ཕྱག་རྒྱའི་ཚུལ་ཏེ་དེ་དང་ལྷན་ཅིག་བྱིན་གྱིས་བརླབས་ཤིང་བསྐྱེད་པའི་རིམ་པའི་དཀྱིལ་འཁོར་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། ཇི་སྐད་དུ། བྷ་ག་ལ་ནི་ལིངྒ་ གཞག །ཡང་དང་ཡང་དུ་སྔགས་བཟླས་ཤིང་། །དཀྱིལ་འཁོར་དཀྱིལ་འཁོར་འདྲ་བར་ནི། །རྣལ་འབྱོར་པ་ཡིས་རྟག་ཏུ་སྤྲོ། །ཞེས་གསུངས་པས་སོ། །དེ་ཁོ་ན་ཉིད་ཀྱི་གསང་བ་སྟེ་བྱིན་གྱིས་བརླབས་པས་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་ནི་མཆོག་གི་རྡོ་རྗེ་སྟེ་ཡེ་ཤེས་དམ་པའི་གཟུགས་ ཅན་ནོ། །དེ་ལ་དམིགས་པས་ན་མིང་དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་གང་གི་ཡིན་པ་དེ་ལ་སྙོམས་པར་ཞུགས་པ་ནི་མངོན་སུམ་དུ་མཛད་པ་སྟེ། བཅོམ་ལྡན་འདས་དཀྱིལ་འཁོར་འདྲི་བ་སྟོན་པའི་རྣམ་པ་ལ་ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་བའི་དོན་ཏེ་འདི་ནི་མཚན་མ་ཐོབ་ནས་དཀྱིལ་འཁོར་བྲི་ བར་བྱའོ་ཞེས་སྟོན་པ་ཡིན་ནོ། །གོང་མའི་ཡང་གོང་མ་ཞེས་བྱ་བ་ནི་མཆོག་ཏུ་གཙོ་བོར་གྱུར་པའོ། །ཡེ་ཤེས་ཆེན་པོའི་སྙིང་པོ་འབར་བ་རྡོ་རྗེའི་སྙིང་པོའི་འབྱུང་གནས་ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་ཡེ་ཤེས་འབར་བས་སྙིང་པོར་བྱས་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བས་ན་འདི་ ཉིད་ནི་བགེགས་མེད་པའི་ཕྱིར་རྡོ་རྗེའི་སྙིང་པོ་ཞེས་བྱའོ། །དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཞིང་དུ་སངས་རྒྱས་ཉིད་ཀྱི་གྲངས་སུ་འགྲོ་བར་འགྱུར་རོ་ཞེས་བྱ་བ་ནི་སངས་རྒྱས་ཉིད་དུ་རྒྱུད་འདི་ཉིད་ཀྱིས་གྲངས་སུ་འགྲོ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རིགས་ངེས་པ་ཉིད་དུ་འགྱུར་བའི་ཕྱིར་རོ། ། རྡོ་རྗེ་རྩེ་མོའི་རྒྱུད་ལས་དེ་སྐད་དུ། ས་རྣམས་ཐོབ་ཀྱང་རྒྱལ་བའི་གཞི། །ཡིད་རྟོན་པར་མི་འགྱུར་མིན་ཏེ། །ཇི་སྲིད་སངས་རྒྱས་ལ་གནས་པར། །ཐེག་དམན་འཇིགས་པ་དེ་ལ་ཡོད། །གསང་བའི་འཁོར་ལོ་ཆེན་པོ་འདིར། །རྒྱལ་བའི་སྲས་པོ་རབ་གནས་ན། །ཐེག་པ་ཆེན་པོ་ལ་ 61-1-198a གཞོལ་བས། །ཡིད་རྟོན་པར་ནི་འགྱུར་བ་ཡིན། །ཞེས་གསུངས་པ་ཡིན་ནོ། །ལྷ་ཉིད་ཀྱི་སྟང་སྟབས་སུ་འདུག་ལ་ཞེས་བྱ་བ་ནི་ལྷ་རྣམས་ཀྱི་སྟང་སྟབས་སུ་ཡན་ལག་རྣམ་པར་བཞག་ལ་རྣལ་འབྱོར་ཆེན་པོས་གནས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། ། རྡོ་རྗེའི་འགྲོས་ཀྱིས་ཡོངས་སུ་བསྐོར་བར་བྱའོ་ཞེས་བྱ་བ་ནི་རྐང་པའི་འོག་ཏུ་ཨ་བཀོད་པ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་བསམས་ལ་དེའི་ཚུལ་དུ་བྱེད་ཅིང་ཡོངས་སུ་བསྐོར་བར་བྱའོ། །ཁྲོ་བོའི་ང་རྒྱལ་ཧཱུཾ་སྒྲོགས་ཤིང་། །ཞེས་བྱ་བ་ནི་ཁྲོ་བོ་རྡོ་རྗེ་ཧཱུཾ་མཛད་ཀྱི་སྦྱོར་བ་བྱས་ནས་ཡི་གེ་ཧཱུཾ་བརྗོད་པ་གང་ཡིན་པ་དེ་ལ་ དེ་སྐད་ཅེས་བྱའོ། །རྫོགས་པའི་བྱང་ཆུབ་རྫོགས་པར་བྱ་བ་དང་ཞེས་བྱ་བ་ནི་རྙེད་པ་དོན་དུ་གཉེར་བས་དཀྱིལ་འཁོར་འདྲི་བ་བཀག་པའོ། །དེངས་ཤིག་ཅེས་བྱ་བ་ནི་སོང་ཤིག་པའོ། །གཡས་བརྐྱང་བ་དང་ཞེས་བྱ་བ་ལ་སོགས་པ་ལ། གང་གཡས་གཤོལ་དབྱིབས་ལྟ་བུར་ནི། །གཡས་ ཀྱི་བརླ་དང་པུས་མོ་བསྲངས། །གཡོན་གྱི་བྱིན་པ་བརླར་སྦྱར་ཏེ། །ཐད་ཀར་འཇོག་པར་བྱེད་པ་དག །རྒྱ་རུ་མཐོ་ལྔར་བྱས་པ་ནི། །གཡས་བརྐྱང་བར་ནི་རབ་ཏུ་གྲགས། །དེ་ཁོ་ན་ཉིད་བཟློག་པ་ནི། །གཡོན་བརྐྱང་བར་ནི་ཤེས་པར་བྱ། །རྐང་པའི་སོར་མོ་ཕྱིར་བསྟན་ཞིང་། །པུས་མོའི་ལྷ་ང་གཉིས་ བརྐྱང་པ། །རྒྱར་ནི་ཉི་ཤུ་རྩ་དྲུག་སོར། །ས་གའི་འདུག་སྟངས་ཡིན་པར་བརྗོད། །གང་དུ་པུས་མོ་གཉིས་འཇོག་པའི། །ནང་དུ་ལག་གཉིས་བཅུག་ནས་ནི། །ངང་པའི་གཤོག་པ་ལྟར་བྱས་པ། །ཟླུམ་པོའི་འདུག་སྟངས་ཡིན་པར་གྲགས། །རྐང་མཐེབ་དང་ནི་རྟིང་པ་དག ། ཤིན་ཏུ་སྦྱར་བས་བཅེར་བ་དག །བརྟན་པ་མཐུན་པའི་རྐང་ཐབས་སུ། །དེ་ཉིད་ཤེས་པ་རྣམས་ཀྱིས་བཤད། །རུས་སྦལ་གྱི་རྐང་ཐབས་ནི་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་མཐེའུ་ཆུང་གཉིས་ལྕགས་སྒྲོག་གི་རྣམ་པ་ལྟར་བཅིངས་ཏེ་མཛུབ་མོ་གཉིས་རྩེ་སྦྱར་ནས་བཟློག་སྟེ་ཁའི་མདུན་དུ་ བཞག་ལ་རྐང་པ་གཉིས་རུས་སྦལ་གྱི་ཚུལ་དུ་ས་ལ་འཇོག་པའོ། །ལ་ལ་དག་ནི་རུས་སྦལ་གྱི་རྐང་སྟབས་ནི་འོག་ནས་བཤད་པ་ལྟ་བུའོ་ཞེས་ཟེར་རོ། །རྡོ་རྗེ་བརྡེག་པ་ནི་གཡས་བརྐྱང་བའམ་གཡོན་བརྐྱང་བ་དག་གང་ཡང་རུང་བས་གནས་ལ་རྡོ་རྗེ་བརྡེག་པ་ནས་བསམ་གཏན་གྱི་ཚུལ་ 61-1-198b གྱི་མཐར་ཐུག་པའི་བར་བཅིང་བར་བྱའོ། །ལ་ལ་དག་ནི་གཡོན་དཀུར་བརྟེན་ལ་གཡས་ཀྱིས་སྙིང་གར་རྡོ་རྗེ་བསྟོད་དེ་འཇོག་པ་ནི་རྡོ་རྗེ་བརྡེག་པའོ་ཞེས་ཟེར་རོ། །རྡོ་རྗེའི་འཇོ་ཚུལ་ནི་སྙིང་གའི་མདུན་དུ་འགྱིང་བ་དང་བཅས་པས་རྡོ་རྗེ་ཀུན་དུ་བསྐོར་བའོ། །རྐང་པ་ཡ་གཅིག་གི་སྟང་སྟབས་ནི་རྡོ་རྗེ་ཧཱུཾ་ མཛད་ཀྱི་ཕྱག་རྒྱ་ཆེན་པོ་དང་ལྡན་པས་རྐང་པ་གཡས་པ་བཏེག་སྟེ་བརླ་གཡོན་པ་ལ་བཞག་ནས་རྐང་པ་གཅིག་གིས་ཡོངས་སུ་བསྐོར་བའོ། །བུང་བའི་འཕུར་སྟབས་ནི་ལག་པ་གཉིས་ཀྱིས་གར་བྱས་ནས་པདྨའི་ཐལ་མོ་བཅིངས་ལ་སོར་མོ་ཐམས་ཅད་མཐེ་བོ་ནས་རིམ་བཞིན་བཀྲོལ་བས་ ཕྱོགས་ཐམས་ཅད་དུ་རྡོ་རྗེ་ཐལ་མོ་བྱས་པས་ཡོངས་སུ་བསྐོར་བའོ། །ལ་ལ་དག་ནི་ལག་པ་གཡས་པ་དང་གཡོན་གཉིས་ཀྱིས་རང་རང་གི་རྐང་པའི་མཐེ་བོ་བཟུང་བ་སྔོན་དུ་འགྲོ་བས་རིམ་བཞིན་དུ་ལུས་གཡས་པ་དང་གཡོན་དུ་བསྐོར་བའོ་ཞེས་ཟེར་རོ། །སེང་གེའི་སྟང་སྟབས་ནི་རང་གི་ཁ་འོག་ ཏུ་བལྟས་དེ་གདངས་ལ་ལག་པ་གཡོན་པའི་མཁྲིག་མའི་སྟེང་དུ་ལག་པ་གཡས་པ་དེ་བཞིན་དུ་སྦྱར་བའོ། །སེང་གེ་གླལ་བ་ནི་ཐམས་ཅད་མ་ལུས་པར་ལྟ་བ་སྔོན་དུ་འགྲོ་བ་ལས་དེ་ཉིད་ལྕེ་འགུལ་བ་དང་བཅས་པའོ། །རྡོ་རྗེ་སྒྲོག་ནི་རང་གི་སྙིང་གར་རྡོ་རྗེ་བཅིང་བ་སྟེ། རྡོ་རྗེ་ཁུ་ཚུར་གཉིས་བསྡམས་ལ། །མཛུབ་ མོ་བཀུག་སྟེ་བཅིངས་ནས་སུ། །བསྐོར་བའི་ཚུལ་དུ་བྱས་པ་ནི། །ལྷ་རྣམས་དགུག་པའི་དམ་པའོ། །ཞེས་བཤད་པའོ། །རྡོ་རྗེ་གསོར་བ་ནི་རྡོ་རྗེ་གསོར་བའི་ཕྱག་རྒྱ་བཅིངས་ནས་རྡོ་རྗེ་གསོར་བ་སྟེ་ལག་པ་རྡོ་རྗེའི་འོག་ཏུ་བསྐོར་ལ་སྟེང་དུ་སྒེག་དང་བཅས་པས་གསོར་བ་ཞེས་བྱ་བའི་དོན་ཏོ། ། རྡོ་རྗེའི་སྟང་སྟབས་ནི་འོག་ནས་བཤད་པའི་རྡོ་རྗེ་རྩེ་ལྔ་པ་འཕེན་པའོ། །ལ་ལ་ན་རེ་གཡོན་པ་རྡོ་རྗེ་ཁུ་ཚུར་ལ་མཛུབ་མོ་བསྒྲེང་ལ་སྡིགས་མཛུབ་ཏུ་བྱས་ནས་གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་བཟུང་ལ་བསྣུན་པའི་ཚུལ་བྱས་པ་ཡིན་པར་འདོད་དོ། །རྡོ་རྗེ་གར་ནི་རྡོ་རྗེའི་ཁུ་ཚུར་གཉིས་ཀྱིས་ཇི་ལྟ་བ་ བཞིན་དུ་མང་དུ་གར་བྱེད་པའོ། །རྡོ་རྗེ་འཇིགས་སུ་རུང་བ་ནི་འོག་ནས་བཤད་པའི་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱས་ཁ་གདངས་ལ་སྲིན་ལག་སྦྱར་ནས་མཁུར་བ་མིག་གི་ཚུལ་གྱིས་འཇིགས་པ་སྐྱེད་པ་ལྟར་བྱེད་པའོ། །རྡོ་རྗེ་རོ་ལངས་མ་ནི་འོག་ནས་བཤད་པའི་ཁྲོ་བོ་གཤིན་རྗེ་གཤེད་ 61-1-199a ཀྱི་ཕྱག་རྒྱ་བཅིངས་ལ་རོ་ཟ་བའི་ཚུལ་ལོ། །རྡོ་རྗེ་ཐོ་བ་ནི་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་ཕུར་བུ་བཟུང་སྟེ་བགེགས་གྱི་སྟེང་དུ་བཞག་ལ་གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་ཐོ་བ་བཟུང་སྟེ་བརྡུང་བའོ། །སྒོ་བཞི་བྱིན་གྱིས་བརླབ་པ་ནི་རྡོ་རྗེ་སྐྱིལ་མོ་ཀྲུང་དང་བྱང་ཆུབ་མཆོག་གི་ཕྱག་རྒྱར་ ལྡན་པས་ཡོངས་སུ་བསྐོར་ཞིང་ཤར་ལ་སོགས་པ་ཕྱོགས་བཞིར་ས་གནོན་ལ་སོགས་པའི་ཕྱག་རྒྱ་བཅིངས་ལ་སྟོང་པ་ཉིད་ལ་སོགས་པའི་རྣམ་པར་ཐར་པའི་སྒོ་བཞི་བསྒོམ་པའོ། །རྡོ་རྗེའི་གདུ་བུ་ནི་འོག་ནས་བཤད་པའི་བདུད་རྩིའི་ཐབ་སྦྱོར་གྱི་ཕྱག་རྒྱས་བགེགས་གསོད་པའི་ཚུལ་དུ་ བྱེད་པའོ། །བུད་མེད་ཀྱི་སྒྱུ་འཕྲུལ་གྱི་སྟང་སྟབས་ནི་གར་སྔོན་དུ་འགྲོ་བས་རྡོ་རྗེ་སྒེག་མོའི་ཕྱག་རྒྱ་བཅིངས་ལ་མགོ་བོ་གཡོན་དུ་ཅུང་ཟད་འདུད་པར་བྱས་པའོ། །རྡོ་རྗེ་དྲལ་བ་ནི་ལག་པ་གཡོན་པ་ན་གནས་པའི་ཁྲོ་བོའི་རྡོ་རྗེའི་ནང་ན་འདུག་པ་ཐམས་ཅད་བསམས་ལ་ལག་པ་གཡས་པར་ གནས་པའི་ཁྲོ་བོའི་རྡོ་རྗེས་བསྣུན་པའོ། །རྡོ་རྗེ་སྟོབས་པོ་ཆེའི་བརྡེག་པ་ནི་འོག་ནས་བཤད་པའི་སྟོབས་པོ་ཆེའི་བརྡེག་པས་གདུག་པ་རྣམས་སྐྲག་པར་བྱེད་པའོ། །རྡོ་རྗེ་མཆེ་བ་ནི་འོག་ནས་བཤད་པའི་འདོད་པའི་རྒྱལ་པོའི་ཕྱག་རྒྱ་དང་ལྡན་པས་ཇི་ལྟ་བ་བཞིན་དུ་གདུག་པ་ཐམས་ཅད་ཟ་ བའོ། །རྡོ་རྗེའི་གད་མོ་ནི་ཧ་ཧ་ཞེས་དགོད་པའི་ཚུལ་གྱིས་ཡི་གེ་ཧ་བཞི་བརྗོད་པའི་རྗེས་ཐོགས་ལ་སྟང་སྟབས་བྱེད་པའོ། །རྡོ་རྗེའི་སྒྲ་ནི་གཡོན་པ་ཁྲོ་བའི་ཁུ་ཚུར་གྱི་མཛུབ་མོ་སྙིང་གར་བསྒྲེང་ལ་གཡས་པའི་ཁུ་ཚུར་གྱིས་གཡས་པའི་རྣ་དྲུང་དུ་དྲིལ་བུ་འཁྲོལ་བའོ། །རལ་གྲིའི་སྟབས་ནི་འོག་ནས་ བཤད་པའི་མི་གཡོ་བའི་ཕྱག་རྒྱས་བགེགས་རྣམས་ཇི་ལྟ་བ་བཞིན་དུ་གཅོད་པའོ། །རྡོ་རྗེའི་སྟབས་ནི་གཡོན་པའི་ཁྲོ་བོའི་ཁུ་ཚུར་ལས་མཛུབ་མོ་བསྒྲེང་ལ་ལག་པ་གཡས་པ་བ་དན་གསུམ་པར་བྱས་པས་རྡོ་རྗེ་གསོར་བའི་ཚུལ་དུ་བྱེད་པའོ། །འཁོར་ལོའི་སྟབས་ནི་འོག་ནས་བཤད་པའི་འཁོར་ ལོ་འཕང་བའི་ཕྱག་རྒྱས་འཕེན་པའོ། །གཏུན་ཤིང་གི་ཐབས་ནི་རྡོ་རྗེ་བཅིངས་པས་བཟུང་བའི་གཏུན་ཤིང་གིས་བགེགས་རྣམས་བརྡུང་བའོ། །ཞགས་པའི་ཐབས་ནི་དེ་བཞིན་དུ་རྡོ་རྗེ་ཞགས་པའི་ཕྱག་རྒྱས་གཞུག་པའི་ཐབས་སུ་བྱས་པའོ། །པདྨའི་ཚུལ་ནི་འོག་ནས་བཤད་པའི་པདྨའི་ 61-1-199b སྟང་སྟབས་ཀྱི་ཚུལ་དུ་བྱེད་པའོ། །བེ་ཅོན་གྱི་ཐབས་ནི་དེ་བཞིན་དུ་དབྱིག་སྔོན་གྱི་ཕྱག་རྒྱས་མཛུབ་མོ་བསྒྲེང་བའོ། །མི་འཇིགས་པའི་ཚུལ་ནི་དོན་ཡོད་པར་གྲུབ་པའི་ཕྱག་རྒྱ་ཇི་ལྟ་བ་བཞིན་དུ་བཅིང་བའོ། །ལྕགས་ཀྱུའི་ཐབས་ནི་འོག་ནས་བཤད་པའི་ལྕགས་ཀྱུའི་ཕྱག་རྒྱས་དགུག་པའོ། །གཤོལ་ གྱི་ཐབས་ནི་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་བཟུང་བའི་གཤོལ་གྱིས་ས་འདྲལ་ཞིང་གཡས་པས་ཀྱང་རབ་ཏུ་བཟློག་པའོ། །མདུང་གི་ཐབས་ནི་རྡོ་རྗེ་ཁུ་ཚུར་གྱིས་མདུང་འཕེན་པའོ། །གཞུའི་ཐབས་ནི་ལག་པ་གཡོན་པས་གཞུ་བཟུང་ལ་གཡས་པས་རྣ་བའི་བར་དུ་གཞུ་རྒྱུད་དྲངས་ནས་འཇོག་པར་བྱེད་ པའོ། །མདའ་གཟུང་བའི་ཐབས་ནི་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་གཞུ་བཟུང་བ་ཇི་ལྟ་བ་བཞིན་དུ་གར་བྱེད་པ་སྔོན་དུ་འགྲོ་བས་ལྟེ་བར་གན་རྐྱལ་དུ་བཞག་ལ། གཡས་པའི་མཐེ་བོ་དང་མཛུབ་མོ་གཉིས་ཀྱི་བར་དུ་མདའ་གསོར་བར་བྱེད་པའོ། །མདའ་འཕང་བའི་ཐབས་ནི་དེ་བཞིན་ དུ་མདའ་འཕེན་པར་བྱེད་པའོ། །ཐག་མདུང་བསྐོར་བའི་ཐབས་ནི་གཡོན་པའི་ཁུ་ཚུར་གྱི་མཛུབ་མོ་བསྒྲེང་ལ་གཡས་པའི་ཁུ་ཚུར་གྱིས་ཐག་མདུང་ཡོངས་སུ་བསྐོར་བའོ། །མཆོག་སྦྱིན་པའི་ཚུལ་ནི་འོག་ནས་བཤད་པའི་རིན་ཆེན་འབྱུང་ལྡན་གྱི་ཕྱག་རྒྱ་བཅིང་བའོ། །མདུང་ཐུང་ གི་ཐབས་ནི་གཡོན་པ་རྡོ་རྗེ་ཁུ་ཚུར་ལས་སྙིང་གར་མཛུབ་མོ་བསྒྲེང་ལ་ལག་པ་གཡས་པས་གསོར་བ་སྔོན་དུ་འགྲོ་བས་མདུང་ཐུང་རབ་ཏུ་འཕེན་པའི་ཚུལ་ལོ། །མཚོན་རྩེ་གཅིག་པའི་ཐབས་ནི་དེ་བཞིན་དུ་མཚོན་རྩེ་གཅིག་འཕེན་པའི་ཚུལ་དུ་བྱེད་པའོ། །ཕྱག་འཚལ་བའི་ཚུལ་ནི་ བསྟོད་པར་བྱེད་པའི་ཚུལ་གྱིས་ལག་པ་ཐལ་མོ་སྦྱར་ནས་སྙིང་གར་འཇོག་པའོ། །རྡོ་རྗེའི་འདུག་སྟངས་ཀྱི་ཚུལ་ནི་འོག་ནས་བཤད་པའི་མི་བསྐྱོད་པའི་ཕྱག་རྒྱ་བཅིང་བའོ། །བསམ་གཏན་གྱི་ཚུལ་ནི་འོག་ནས་བཤད་པའི་འོད་དཔག་མེད་པའི་ཕྱག་རྒྱ་བཅིང་བ་སྟེ་རུས་སྦལ་གྱི་རྐང་ སྟབས་ནས་བསམ་གཏན་གྱི་ཚུལ་གྱི་མཐར་ཐུག་པ་ལ་གཡས་བརྒྱད་པ་དང་གཡོན་བརྐྱང་བ་དག་བཅིང་བར་བྱའོ་ཞེས་གཞན་དག་འདོད་དོ། །རྡོ་རྗེའི་སྐྱིལ་མོ་ཀྲུང་ནི་གཡས་པའི་བྱིན་པ་དང་བརླའི་བར་དུ་རྐང་པ་གཡོན་པ་ཇི་ལྟ་བ་བཞིན་དུ་བཅུག་སྟེ། དེའི་སྟེང་དུ་རྐང་པ་གཡས་ 61-1-200a པ་བཞག་པའོ། །པདྨའི་འདུག་སྟངས་ནི་དེ་བཞིན་དུ་རྐང་པ་གཡོན་པ་ཕབ་སྟེ་འོག་ཏུ་འཇོག་པའོ། །སེམས་དཔའི་སྐྱིལ་མོ་ཀྲུང་ནི་དེ་བཞིན་དུ་ཅུང་ཟད་ཙམ་གྱིས་རྐང་པ་གཡས་པ་བརླ་གཡོན་པའི་སྟེང་དུ་གཞག་པའོ། །དཔའ་བོའི་འདུག་སྟངས་ནི་རྐང་པ་གཡོན་པས་སྐྱིལ་མོ་ཀྲུང་ ཕྱེད་དུ་བཅས་ལ། དེའི་དྲུང་དུ་རྐང་པ་གཡས་པ་དྲང་པོར་གཞག་པའོ། །བཟང་པོའི་འདུག་སྟངས་ནི་རྐང་པ་གཉིས་ཀ་སྟན་གྱི་སྟེང་ནས་དྲང་པོར་ཐུར་དུ་བརྐྱང་ནས་འཇོག་པའོ། །ཙོག་པུའི་འདུག་སྟངས་ནི་རྐང་པ་གཉིས་ཀྱི་བར་མཐོ་གང་གིས་མཆོད་པ་སྟན་གྱི་སྟེང་དུ་བཞག་པ་ཙོག་ཙོག་པོར་འདུག་ པའོ། །རོལ་པའི་སྟང་སྟབས་ནི་རྐང་པ་གཡས་པ་སེམས་དཔའི་སྐྱིལ་མོ་ཀྲུང་དུ་བྱས་ལ་གཡོན་པ་འོག་ཏུ་འགྱིང་བག་ཏུ་བརྐྱང་བའོ། །མདུན་དུ་བསྣུན་པ་དང་ཕྱིར་འགྱེལ་བ་ནི་རྡོ་རྗེ་ཁུ་ཚུར་གཉིས་མདུན་དང་རྒྱབ་ཏུ་བལྟས་ལ་དེ་ཉིད་ཀྱིས་མདུན་དུ་ཕྱོགས་པ་དང་ཕྱིར་བལྟ་བའོ། །རྡོ་རྗེ་སྐྱིལ་མོ་ཀྲུང་ལ་ སོགས་པ་སྟང་སྟབས་དགུ་བཅིང་བའི་དུས་སུ་ནི་ཇི་ལྟ་བ་བཞིན་དུ་རྡོ་རྗེ་བརྡེག་པ་བྱའོ། །མཐུན་པའི་རྐང་སྟབས་ཀྱིས་གནས་པས་འདུག་ལ་ཐལ་མོ་སྤྱི་བོར་སྦྱར་ཏེ་གནས་ནས་ཤར་ཕྱོགས་སུ་ཁ་བལྟས་ཏེ། དེ་བཞིན་གཤེགས་པ་རྣམས་ལ་ཞུ་དང་བཅས་ཤིང་རྣམ་པར་རོལ་པའི་གར་གྱི་ མཆོག་རྡོ་རྗེའི་སྟང་སྟབས་དང་སྦྱར་བས་སྔགས་པས་ཕྱག་བྱས་ནས་སྔ་མའི་ཐལ་མོ་སྙིང་གར་ཕབ་སྟེ་པདྨའི་སྦྱོར་བས་ཕྱོགས་ཐམས་ཅད་དུ་བསྐོར་ནས་ཁུ་ཚུར་བཅིངས་ལ་ཕྱག་འཚལ་བ་དང་བཅས་པའི་རྡོ་རྗེ་ལྡང་བའི་ཕྱག་རྒྱ་བཅིང་བར་བྱས་ནས་ཁྲོ་བོའི་ང་རྒྱལ་དང་ལྡན་པས་སྔགས་ཟློས་ཤིང་ སྟང་སྟབས་རེ་རེ་ཞིང་གར་སྔོན་དུ་འགྲོ་བས་ཇི་སྐད་དུ་བཤད་པའི་སྟང་སྟབས་བཅིངས་ཏེ། དེ་ལས་བྱུང་བའི་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་ཁྲོ་བོ་རྣམས་ཀྱིས་བགེགས་རྣམས་གཞོམ་པ་ལ་སོགས་པ་དང་པོར་བྱས་ནས་ས་གཞི་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབས་ལ་སྔ་མ་བཞིན་དུ་གར་བྱས་ཏེ། རྐེད་པ་གཡོན་པ་ཇི་ལྟ་བ་བཞིན་བཟུར་ལ་སྟང་སྟབས་རྣམས་བསྡུ་བར་བྱའོ། །ཕུར་བུས་གནས་ལྔར་བཅིང་བ་དང་། །ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་དབུས་སུ་དང་ཤར་ལྷོ་ལ་སོགས་པའི་མཚམས་བཞིར་རོ། །དྲ་བ་དང་ར་བས་མཚམས་བཅིང་བ་དང་ཞེས་བྱ་བ་ནི་དཀྱིལ་འཁོར་ 61-1-200b མངོན་པར་འདོད་པའི་སའི་ཆ་ཀུན་ནས་རྡོ་རྗེ་རབ་ཏུ་འབར་བས་བར་མཚམས་མེད་པར་ཁྱབ་པར་བདག་གིར་བྱས་པའི་ཚུལ་ལོ། །ཕྱོགས་བཅིང་བ་ཞེས་བྱ་བ་ནི་སྔ་མ་བཞིན་དུ་ཕྱོགས་བཅུར་ཁྱབ་ཅིང་སའི་ཆ་རྣམས་བདག་གིར་བྱ་བ་སྟེར་བའི་རྩ་བའི་རྡོ་རྗེ་རྣམ་པར་བྱས་པ་ནི་དཀྱིལ་འཁོར་བཅིང་ པ་ཡང་ཡིན་པར་ཤེས་པར་བྱའོ། །བསྒོམས་ཏེ་ཞེས་བྱ་བ་ནི་བསམས་པའོ། །གཏན་ལ་དབབ་པར་བྱའོ་ཞེས་བྱ་བ་ནི་དེ་ལྟར་འདི་ཉིད་དུ་སེམས་བསྐྱེད་པའོ། །རང་གི་མིང་ནས་སྨོས་ཏེ་ཞེས་བྱ་བ་ནི་རང་གི་རྡོ་རྗེའི་མིང་གི་ཡི་གེ་ཧཱུཾ་དང་སྤེལ་བའི་སྒྲ་ནི་འདིར་དཀྱིལ་འཁོར་གྱི་སྟང་སྟབས་ཀྱི་དུས་སུ་ སྔགས་ཡིན་ལ་གསང་སྔགས་འདི་ཉིད་ནི་འཁོར་ལོ་ཐམས་ཅད་ཀྱི་བླ་ན་མེད་པར་འགྱུར་བར་གྲགས་པའོ། །འཁོར་ལོ་ཞེས་བྱ་བ་ནི་འཁོར་ལོ་ལ་གནས་པའི་ལྷ་མ་ལུས་པ་རྣམས་ལ་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་བཞུགས་གནས་སུ་གྱུར་པའོ། །འཁོར་ལོ་ནི་རང་གི་གནས་ཡིན་པར་ཤེས་ པར་བྱའོ། །མཐའ་ཀུན་དུ་ཡང་ཞེས་བྱ་བ་ནི་མཐའ་ཐོག་ཐག་ཏུའོ། །ཚམས་ནས་སྨོས་ཏེ་ཞེས་བྱ་བ་ནི་སྔགས་གདོན་པས་སོ། །སྤྱན་དྲངས་ཏེ་ཞེས་བྱ་བ་ལ་སོགས་པ་ནི་དཀྱིལ་འཁོར་གྱི་ལྷ་རྣམས་སྤྱན་དྲངས་ལ་ཇི་ལྟ་བ་བཞིན་དུ་རྒྱས་བཏབ་སྟེ་མཆོད་པ་ལ་སོགས་པ་བྱའོ། །དེ་ནས་ཞེས་ བྱ་བ་ལ་སོགས་པ་ནི་སློབ་མ་ལྷག་པར་གནས་པར་བྱས་ལ་ཆོས་ཀྱང་བསྟན་པར་བྱ་ཞེས་འོག་མ་དང་སྦྱར་རོ། །ཇི་ལྟར་སྟ་གོན་དུ་གནས་པར་བྱ་ཞེ་ན་སྤོས་ཆུས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྤོས་ཆུས་བསངས་ཏེ་ལག་པ་གཡས་པས་སྤྱི་བོ་དང་སྙིང་གར་གཏུག་པ་བྱས་ནས་སྙིང་གར་རྡོ་རྗེ་རྩེ་ ལྔ་པ་འབར་བ་དང་། སྤྱི་བོར་ཐམས་ཅད་བྱེད་པ་སྣ་ཚོགས་རྡོ་རྗེ་བསམས་ནས་དཔུང་པ་གཡོན་པ་སྲུང་སྐུད་ཀྱིས་བཅིང་བར་བྱས་ལ། ལག་པ་གཡས་པར་སོ་ཤིང་དང་ཀུ་ཤ་ཇི་ལྟ་བ་བཞིན་དུ་བྱིན་ཏེ་འདུག་པ་ལ་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་འཛིན་དུ་གཞུག་གོ། །སངས་རྒྱས་བྱང་ ཆུབ་ཡིད་ཀྱིས་གཟུང་། །ཞེས་བསྟན་པ་འདིས་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡིན་ལ་དེས་ན་བདག་དབུལ་བར་བྱས་པ་ཡིན་པས་ལོགས་ཤིག་ཏུ་མ་གསུངས་པར་ཤེས་པར་བྱ་སྟེ། གང་གིས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེས་ནི་ཐམས་ཅད་ཡོངས་སུ་བཏང་བ་ཡིན་ནོ་ཞེས་གསུངས་པའི་ཕྱིར་ 61-1-201a རོ། །ཅི་ནུས་ཀྱིས་ཞེས་བྱ་བ་ལ་སོགས་པ་ནི་ལམ་མཆོག་འདི་ནི་ཞེས་བྱ་བ་ལ་སོགས་པ་ཟབ་ཅིང་རྒྱ་ཆེ་བའི་ཆོས་བཟང་པོ་ཅི་ནུས་པ་དང་ཅི་འདོད་པ་བཤད་པར་བྱའོ། །སྔར་བསྟན་པའི་བྱ་བས་སླར་གཤེགས་སུ་གསོལ་ཞེས་བྱ་བ་ནི་རྩ་བའི་རྒྱུད་ལས་བསྟན་པའི་སླར་ཡང་གཤེགས་སུ་ གསོལ་བའི་སྦྱོར་བས་སླར་གཤེགས་སུ་གསོལ་ལོ་ཞེས་བྱ་བའི་དོན་ཏོ། །སླར་གཤེགས་སུ་གསོལ་བ་འདི་ནི་བསྙེན་པའི་ཞག་དང་དཀྱིལ་འཁོར་ཉེ་བར་སྡུད་པའི་དུས་སུ་ཡང་བྱའོ། །མཆོད་པ་ལ་སོགས་པ་ནི་མཆོད་པའི་ཆོ་ག་འོག་ནས་བཤད་པའི་མཚན་ཉིད་དང་ལྡན་པས་བྱ་ཞིང་རྗེས་སུ་མཉེས་ པ་ལེགས་པར་བྱའོ། །འདི་ལ་དོན་ལ་ལ་ནི་འདི་ཉིད་ནས་དངོས་སུ་གསལ་བར་བསྟན་ལ། ལ་ལ་ནི་དོན་གྱི་དབང་གིས་གཞན་ལས་འབྱུང་བ་དང་སྦྱར་བའི་དོན་འགའ་ཞིག་ཀྱང་ཡོད་དེ་མན་ངག་ཇི་ལྟར་བསྟན་པ་བཞིན་དུ་གཞུང་བསྲངས་ཏེ་ཆོ་ག་ཐམས་ཅད་ཀྱིས་དཀྱིལ་འཁོར་བྲི་བ་ལ་སྦྱར་བར་བྱའོ། ། དེས་ན་རྒྱུད་ལ་མ་ཚང་བ་དང་ལྷག་པ་ཡོད་དུ་ཟིན་ཀྱང་སོམ་ཉི་མི་བྱ་སྟེ་དོན་གྱི་དབང་གིས་ཅི་རིགས་པར་སྦྱར་བར་བྱའོ། །འདིའི་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པ་ནི་ལོགས་ན་ཡོད་པས་སྐབས་འདིར་ཚིག་གི་དོན་ཉིད་ཙམ་ལས་མ་བྲིས་སོ། །དཀྱིལ་འཁོར་གྱི་ས་གཞིར་གློ་གཡས་པས་ཉལ་ཏེ་ཞེས་ བྱ་བ་ནི་དཀྱིལ་འཁོར་གྱི་སའི་མཐར་སློབ་མའི་མཆོག་ལ་སོགས་པ་དང་ལྷན་ཅིག་ཏུ་མཉམ་པར་གཞག་པ་དང་ལྡན་པའི་ཡིད་ཀྱིས་ཉལ་བར་བྱའོ། །རྨི་ལམ་ཞེས་བྱ་བ་ལ་སོགས་པ་ལ། རྨི་ལམ་སངས་རྒྱས་མཐོང་བ་ནི། །ཡོན་ཏན་རྒྱ་མཚོ་མངོན་སུམ་བཞིན། །མཆོད་རྟེན་དང་ནི་སྐུ་ གཟུགས་དང་། །དེ་ལ་མཆོད་པ་རྩོམ་པ་དང་། །ཞེས་བྱ་བ་ལ་སོགས་པ་ནི་རྨི་ལམ་བཟང་པོའོ། །དེ་ལས་བཟློག་པ་ནི་རྨི་ལམ་ངན་པ་སྟེ་དེ་མཐོང་བ་ནི་དེ་ལ་ཞི་བར་བྱེད་པ་ཤེས་པར་བྱའོ། །ཉི་མ་གཉིས་པ་ཞེས་བྱ་བ་ནི་སྟ་གོན་ལ་གནས་པའི་ཞག་ལ་ལྟོས་པ་སྟེ་ས་ཡོངས་སུ་གཟུང་བ་ལས་ ལྟོས་ན་ནི། ནུབ་གསུམ་པ་ནི་འཇུག་པ་ཡིན། །ཞེས་གསུངས་པ་ཡིན་ནོ། །ཚོན་དང་ཐིག་ལ་སངས་རྒྱས་ལྔའི། །ཞེས་བྱ་བ་ལ་སོགས་པ་ལ་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་ལྔར་སྔགས་དང་ཕྱག་རྒྱས་བསྒོམ་ཞིང་ལྷག་པའི་བསམ་པས་སྤྲུལ་ནས་ 61-1-201b བསྐྱེད་པའི་ཚོན་དང་ཐིག་གི་བྱ་བའོ། །འདི་ནི་ཆོས་དབྱིངས་དག་པ་སྟེ། །ཞེས་བྱ་བ་ལ་སོགས་པ་ལ་ལྷག་པར་མོས་པའི་ཚུལ་འདི་ནི་ཚོན་སེར་པོའི་ཡིན་ཏེ་ལྷག་པ་རྣམས་ལ་ཡང་རིམ་པ་འདིས་རང་དང་རྗེས་སུ་མཐུན་པ་ལྷག་པར་མོས་པར་བྱ་བར་ཤེས་པར་བྱའོ། །ཀུན་དུ་ཞེས་བྱ་བ་ནི་དབང་ལྡན་ གྱི་ཕྱོགས་ནས་བརྩམས་ཏེ་གཡས་སུ་བསྐོར་བའི་རིམ་གྱིས་སོ། །དང་པོ་ས་གཞི་ཞེས་བྱ་བ་ལ་སོགས་པ་ནི་གྲུབ་པ་མདོར་བསྡུས་པའི་དབང་བསྐུར་བའི་དཀྱིལ་འཁོར་ལ་ངེས་པ་འདི་ཡིན་པར་བསྟན་གྱི་ཐམས་ཅད་ཀྱི་ནི་མ་ཡིན་ཏེ། གཞན་དག་ནས་ཟླ་བ་ཉ་ནས་ཕྱི་མའི་ཟླ་བའི་ཉའི་བར་དུ་བྱའོ་ཞེས་ བྱ་བ་ལ་སོགས་པ་དཀྱིལ་འཁོར་གྱི་ལས་རྒྱ་ཆེར་སྟོན་པའི་ཕྱིར་རོ། །ཡང་ན། ཁྲུ་ལྔའམ་ཁྲུ་དོ་བ། ཁྲུ་གང་བ་ཡི་ཞེས་བྱ་བ་ནི་ཁྲུ་ལྔ་ལ་སོགས་པའི་ཚད་དུ་བྱས་པའི་དཀྱིལ་འཁོར་ལ་དེ་སྐད་ཅེས་གསུངས་པ་ནི་ཕྱོགས་ཙམ་སྟེ་གྲངས་མེད་པའི་གྲངས་ལ་འཇུག་པར་བྱའོ་ཞེས་གསུངས་ པ་ཡིན་ནོ། །བར་དུའོ་ཞེས་བྱ་བ་ནི་བརྒྱད་ཅུ་དང་ལྔ་བཅུ་ལ་སོགས་པ་ཡོངས་སུ་གཟུང་ངོ་། །གྲུ་བཞི་པ་ལ་ཞེས་བྱ་བ་ལ་ཕྱོགས་བཞིའི་ཐིག་གིས་མཉམ་པར་བྱས་པའོ། །རྡོ་རྗེའི་ཤུགས་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ་ཨོཾ་བཛྲ་བེ་ག་ཀྲ་མ་ཧཱུཾ་ཞེས་བྱ་བ་བརྗོད་པ་སྟེ། འཇུག་པའམ་ནི་འབྱུང་བ་ ན། །སྲད་བུ་ཡིད་ཀྱིས་བཏེག་པ་ནི། །རྡོ་རྗེ་ཤུགས་ཞེས་གྲགས་པ་སྟེ། །དེ་ནས་རི་མོ་བགོམ་པར་བྱ། །ཞེས་གསུངས་པའི་ལྷའི་ང་རྒྱལ་གྱི་རོལ་པས་བྱ་བའོ། །གྲྭ་རྣམས་སུ་ནི་ཞེས་བྱ་བ་ནི་ཕྱིའི་དཀྱིལ་འཁོར་གྱི་མཚམས་སུའོ། །སྒོའི་ནང་ལོགས་ཞེས་བྱ་བ་ནི་སྒོ་ཁྱུད་ཀྱི་མཚམས་རྣམས་ སུའོ། །དཀར་པོས་བྱ་ཞེས་བྱ་བ་ལ་སོགས་པ་ལ་འདི་སྐད་ཅེས་གསུངས་མོད་ཀྱི་འོན་ཀྱང་ཚོན་གྱི་རིམ་པ་ནི་སེར་པོ་དང་དཀར་པོ་དང་སྔོན་པོའམ་སྔོན་པོ་དང་དཀར་པོ་དང་སེར་པོ་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་རྩ་བའི་དཀྱིལ་འཁོར་གྱི་ཕྱེད་དུའོ། །དེ་ལ་མངོན་དུ་ཕྱོགས་པར་ཁྲུ་དོས་ ཆོད་པར་དབང་བསྐུར་བའི་དཀྱིལ་འཁོར་ཚོན་དཀར་པོ་གཅིག་པུའམ་ཚོན་སྣ་ལྔས་བྲིས་ཏེ་དེའི་དབུས་སུ་དཀར་པོའམ་ཚོན་སྣ་ལྔས་དེའི་ཕྱེད་ཀྱི་ཚད་ལས་པདྨ་འདབ་མ་བརྒྱད་པ་བྱའོ། །རིན་ཆེན་ཞེས་བྱ་བ་ལ་སོགས་པ་ལ་རིན་པོ་ཆེ་ནི་བྱི་རུ་དང་། གསེར་དང་དངུལ་དང་མུ་ཏིག་དང་ནོར་བུར་གྲགས་ 61-1-202a པའོ། །སྨན་ནི་བྲྀ་ཧ་ཏི་དང་། ཀཎྜ་ཀ་རི་དང་། ས་ཧ་དང་། དཎྜ་ཨུཏྤལ་དང་། ཤྲེ་ཏ་ཨ་པ་ར་ཛི་ཏེ་ཞེས་བྱའོ། །འབྲུ་ནི་འབྲས་དང་ནས་དང་གྲོ་དང་ཏིལ་དང་མ་ཤའོ། །སྤོས་ཆུ་ནི་ཙནྡན་དཀར་པོ་ལ་སོགས་པ་དང་ལྡན་པའི་ཆུ་སྟེ་དེ་སྤོས་ཀྱིས་ཡོངས་སུ་བདུགས་པའོ། །ལས་ཀུན་བྱེད་པས་ ཞེས་བྱ་བ་ནི་ལས་ཐམས་ཅད་བྱེད་པ་བདུད་རྩི་ཐབ་སྦྱོར་གྱི་གསང་སྔགས་བཟླས་པ་ལ་དེ་སྐད་ཅེས་བྱའོ། །སེམས་ཅན་ཀུན་ལ་བསང་གཏོར་བྱ། །ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ལ་བསང་གཏོར་བྱ་བའི་ཕྱིར་གཞག་པ་ཡིན་པར་ཤེས་པར་བྱའོ། །ཇི་ལྟར་བསང་གཏོར་བྱ་ཞེ་ན། ཡང་ན་ཀུ་ཤའི་ཆུན་ པོས་བྱ། །ཞེས་གསུངས་ཏེ་ཀུ་ཤའི་ཆུན་པོའམ་ཨ་མྲའི་འདབ་མ་ལ་སོགས་པས་བྱ། ལྷ་བཤོས་ཞེས་བྱ་བ་ནི་དཀྱིལ་འཁོར་གྱིའོ། །གཏོར་མ་ཕུལ་ལ་ཞེས་བྱ་བ་ནི་འདིར་གཏོར་མ་ནི་ཕྱོགས་ཀྱི་གཏོར་མ་བསྟན་པ་ཡིན་ནོ། །སྤྱན་དྲང་བར་བྱའོ་ཞེས་བྱ་བ་ནི་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང་སྔགས་དག་ གིས་དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པ་བསྡུ་བར་བྱེད་པའོ། །གསལ་བར་བྱས་ཏེ་ཞེས་བྱ་བ་ནི་རྡོ་རྗེ་གནོད་སྦྱིན་ནམ་བདུད་རྩི་ཐབ་སྦྱོར་གྱིས་སོ། །གཞུག་པ་དང་ཞེས་བྱ་བ་ནི་རྡོ་རྗེ་ཞགས་པས་སོ། །བསྡམས་པ་དང་དབང་དུ་བྱས་ཏེ་ཞེས་བྱ་བ་ནི་ལྕགས་སྒྲོག་དང་འབེབས་པ་དག་གིས་སོ། །ཕུར་ བུ་དང་ཞེས་བྱ་བ་ལ་སོགས་པ་ལ་སྔར་བཤད་པའི་གསང་སྔགས་ཕྱག་རྒྱ་དང་བཅས་པས་ཅི་རིགས་པར་ཕུར་བུ་ལ་སོགས་པ་བྱའོ། །རོལ་མོའི་ཁྱད་པར་དཔག་ཏུ་མེད་པ་རྣམས་ཀྱིས་ཀྱང་ཞེས་བྱ་བ་ནི་རོལ་མོའི་རྣམ་པ་འདི་ལྟ་སྟེ་གླིང་བུ་དང་པི་ཝང་དང་རྫ་རྔ་དང་མུ་ཀུཎྜ་དང་ཆ་ལང་དང་། རྔ་བོ་ཆེ་དང་རྫ་རྔ་ ཆེན་པོ་དང་། རྔ་རིངས་དང་ཀུན་ཛ་ཏ་དང་ཏི་མི་ལ་ལ་སོགས་པ་རོལ་མོའི་སིལ་སྙན་བཅུ་པོ་སྟོང་ཕྲག་གིས་སོ། །བསྟོད་པར་བྱའོ་ཞེས་བྱ་བ་ནི་མཆོད་པའོ། །བཟོད་པར་གསོལ་ཏེ་ཞེས་བྱ་བ་ལ་སོགས་པ་ལ་མ་ཚང་བ་དང་ལྷག་པ་ཉེ་བར་གཟུང་བའི་ཕྱིར་འདི་ཡོ་བྱད་མ་ཚང་དང་ཉམས་པ་ལས་བྱུང་བ་ གང་དག་ཡོད་པ་དེ་དག་ཐམས་ཅད་བཟོད་པར་མཛོད་ཅིག་ཅེས་བརྗོད་ལ། དངོས་གྲུབ་ཐམས་ཅད་ཀྱི་ཕྱིར། ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་དང་། །ཞེས་བྱ་བ་ལ་སོགས་པས་གསོལ་བ་གདབ་བོ། །སློབ་མ་ཞེས་བྱ་བ་ནི་ཇི་སྐད་དུ་བསྟན་པའི་དཀྱིལ་འཁོར་བྲི་བར་རོ། །ཅི་ཞིག་བྱས་ནས་གཞུག་ 61-1-202b པར་བྱ་ཞེ་ན་སྙིང་པོ་འདི་དང་ཕྱག་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་སྙིང་ག་དང་དཔུང་མགོ་གཉིས་དང་ལྐོག་མ་དང་སྤྱི་བོར་ཛི་ན་ཛིཀ་ཅེས་བྱ་བ་ལ་སོགས་པའི་སྙིང་པོ་གསུམ་དགོད་ཅིང་སྐུ་རྡོ་རྗེ་ལ་སོགས་པའི་ཕྱག་རྒྱས་བསྲུངས་ལ་རྡོ་རྗེ་སྲུང་བའི་སྔགས་དང་ཕྱག་རྒྱས་གོ་བགོ་བར་བྱས་ལ་གཞུག་པར་ བྱའོ། །དོར་བར་བྱ་སྟེ་ཞེས་པ་ནི་འཕང་བའོ། །གདོང་གཡོགས་དགྲོལ་ཞེས་བྱ་བ་ནི་འདི་སྐད་ཅེས་བརྗོད་དོ་ཞེས་ཚིག་འོག་མ་དང་སྦྱར་རོ། །དངོས་གྲུབ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་དངོས་གྲུབ་ཐམས་ཅད་ཀྱི་ཕུན་སུམ་ཚོགས་པ་ནི་འདའ་བར་མི་བྱ་བའི་ངོ་བོ་ཉིད་དུ་འགྱུར་བའོ། །བ་ཤྱ་ བཛྲ་ཞེས་བྱ་བ་ནི་དེ་སྐད་ཅེས་བརྗོད་པར་བྱའོ་ཞེས་ཤེས་པར་བྱའོ། །དེ་ནས་དབང་བསྐུར་བ་སྦྱིན་པར་བྱའོ། །རིག་པའི་དབང་བསྐུར་བའོ། །དྲི་དང་མེ་ཏོག་ཅེས་བྱ་བ་ལ་སོགས་པས་དབང་བསྐུར་རོ་ཞེས་འོག་ནས་བཤད་པ་དང་སྦྱར་རོ། །སྟེང་དུ་བླ་རེ་བྲེ་བར་བྱ། །ཞེས་བྱ་བ་ནི་སློབ་མའི་ཞེས་བྱ་བར་སྦྱར་རོ། ། གང་དག་ཅེ་ན་གདུགས་དང་རྒྱལ་མཚན་ལ་སོགས་པ་སྟེ་བཀྲ་ཤིས་པར་འགྱུར་བ་དེ་དག་གིས་བཀླུབས་ཤིང་ཉེ་བར་བརྒྱན་པར་བྱའོ། །རྣམ་རྒྱལ་བུམ་པ་ཡིས་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་བདག་པོའི་བུམ་པས་སོ། །ལྷ་མོ་བཞི་རྣམས་དང་ཞེས་བྱ་བ་ནི་རེ་རེ་ཞིང་ཏིང་ངེ་འཛིན་གྱི་བདག་པོ་དང་ལྷ་མོ་ གསུམ་གསུམ་ཡོངས་སུ་བཟླས་པའི་བུམ་པ་བཞིས་སོ། །ལྷ་རྣམས་ཀུན་གྱི་བཞི་པོ་ཡིས། །ཞེས་བྱ་བ་ནི་རེ་རེ་ཞིང་གཤིན་རྗེ་གཤེད་ལ་སོགས་པ་ཁྲོ་བོ་གཉིས་གཉིས་ཡོངས་སུ་བཟླས་པའི་བུམ་པ་བཞི་རྣམས་ཀྱིས་སོ། །འདི་ནི་བུམ་པའི་གྲངས་ངེས་པ་ཡིན་ཏེ། འབྱོར་ན་ནི་དཀྱིལ་འཁོར་ གྱི་ལྷ་རྣམས་རེ་རེའི་དང་བུམ་པ་གང་བ་བྱས་ཏེ། བུམ་པ་གང་བས་ནི་མཆོད་པར་བྱའོ་ཞེས་གསུངས་པའི་ཕྱིར་རོ། །འདི་སྐད་སྟོན་པ་ཡིན་ཏེ། དང་པོ་རྣམ་པར་སྣང་མཛད་ཀྱི་སྔགས་ཀྱིས་སོ། །དེ་ནས་མི་བསྐྱོད་པ་དང་སྤྱན་མ་དང་རྡོ་རྗེ་སེམས་མ་དང་སྐུལ་བྱེད་མ་དང་མི་གཡོ་མ་དང་གཤིན་རྗེ་གཤེད་ ལ་སོགས་པའི་གསང་སྔགས་བཞིས་དབང་བསྐུར་བར་བྱའོ། །ཕྱིར་མི་ལྡོག་པའི་དབང་ནི་སློབ་དཔོན་དག་རྒྱུད་གཞན་གྱི་རྗེས་སུ་འབྲངས་ནས་ཇི་སྐད་དུ་བཤད་པ་ལས་གཞན་འཆད་དེ། ཡི་གེའི་དོན་དང་མན་ངག་ལས་ཤེས་པར་བྱའོ། །འདིས་ནི་སློབ་དཔོན་གྱི་དབང་བསྐུར་བ་བསྟན་པ་ 61-1-203a ཡིན་ནོ། །ཏིལ་གྱི་གང་བུ་ཞེས་བྱ་བ་ལ་སོགས་པས་ནི་རྗེས་སུ་གནང་བའི་དབང་བསྐུར་བ་གསུངས་པ་ཡིན་ཏེ། དེ་ཉིད་ལ་ནི་དབང་བསྐུར་བ། །ཞེས་བྱ་བ་ལ་སོགས་པ་ལ་རྟག་པ་ཁོ་ནར་བདག་ཉིད་དབང་བསྐུར་བ་སྟེར་བ་དེའི་ཚེ་ཇི་སྐད་དུ་གསུངས་པའི་རྒྱལ་བ་འདི་རྣམས་ཀྱིས་དབང་བསྐུར་བ་ སྩོལ་བར་མཛད་དོ་ཞེས་དེ་ལྟ་བུའི་ངོ་བོ་ཉིད་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ཤེས་པས་བསམ་པར་བྱའོ། །ཆོས་ཀྱི་མཚན་ཉིད་བསྟན་པར་བྱ། །ཞེས་བྱ་བ་ནི། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །ཞེས་བྱ་བ་ལ་སོགས་པའོ། །མི་ཤེས་རབ་རིབ་ལ་སོགས་པ། །ཞེས་བྱ་བ་ལ་སོགས་པའི་སྒྲ་ནི་ མི་དགེ་བའི་བག་ཆགས་ལ་སོགས་པ་ཡོངས་སུ་གཟུང་ངོ་། །གཟུགས་བརྙན་ཕྱག་རྒྱ་བསྟན་པར་བྱ། །ཞེས་བྱ་བའི་ཐུར་མ་ལ་སོགས་པ་སྟོན་པའི་ལག་པའི་ཕྱག་རྒྱ་བཅིངས་ལ་བསྟན་ནོ་ཞེས་བྱ་བའི་དོན་ཏོ། །རུས་པ་ལ་བབ་ཀྱང་ཞེས་བྱ་བ་ནི་གཤིས་འཇིགས་པར་གྱུར་པས་ཀྱང་ངོ་། །ལུས་ ཀྱང་ཞེས་བྱ་བ་ལུས་ཀྱང་ཞེས་བའི་སྒྲ་ནི་ལུས་ལ་ཡང་མི་བལྟ་བའོ། །འདི་སྐད་སྟོན་ཏེ་ལུས་བྱིན་པས་ཀྱང་སློབ་མས་བླ་མ་འདི་ཅི་ནས་མགུ་བ་དེ་ལྟར་བྱའོ་ཞེས་པའོ། །བསླང་སྟེ་ཞེས་བྱ་བ་ནི་བསླང་ལ་རྗེས་སུ་གནང་བ་དེ་ཉིད་བསྟན་པའོ། །ཆོ་ག་མཐོང་བས་ཞེས་བྱ་བ་ནི་འོག་ནས་གནས་བཤད་པའི་ ཆོ་གས་སོ། །དེ་བཞིན་དུ་བསྒོམ་པའི་རིམ་པའི་ཚུལ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་དང་གསང་བའི་དབྱེ་བས་ཞི་བ་དང་རྒྱས་པའི་རིམ་གྱིས་དཀྱིལ་འཁོར་གྱི་ལྷ་རྣམས་ལེགས་པར་མཆོད་ལ་ཇི་སྐད་དུ་བཤད་པ་བཞིན་གཤེགས་སུ་གསོལ་ལོ་ཞེས་བྱ་བར་སྦྱར་རོ། །སྤྲུལ་པ་ནི་རང་གི་སྙིང་གར་ཉེ་བར་ བསྡུ་བར་ཤེས་པར་བྱའོ། །ཚོན་རྩི་བསྡུ་བ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དཀྱིལ་འཁོར་བྲི་བའི་ཆོ་ག་སྟོན་པའི་གཞུང་གི་ལེའུ་ལ་དཀྱིལ་འཁོར་རིམ་པར་ཕྱེ་བ་ཞེས་བྱ་བའི་སྒྲར་བརྗོད་དོ། །ལེའུ་གཉིས་པའི་འགྲེལ་པའོ།། །།དཀྱིལ་འཁོར་དུ་ཞུགས་པས་ནི་སྔགས་ཡོངས་སུ་ གཟུང་བར་བྱ་དགོས་པས་དེ་ནས་ཞེས་བྱ་བ་ལ་སོགས་པས་ལེའུ་གསུམ་པ་གསུངས་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་ཉེ་བར་མཚོན་པའི་ཚིག་གི་འོག་མ་དང་སྦྱར་རོ། །ཅི་ཞིག་མཛད་ནས་ཤེ་ན་གསང་སྔགས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ་གསང་སྔགས་ཉིད་ནི་ 61-1-203b འཁོར་ལོ་སྟེ། ཡང་དང་ཡང་དུ་བཟླས་པས་ན་འཁོར་ལོ་བཞིན་དུ་འཁོར་བའམ། འཁོར་ལོ་བསྐྱེད་པའི་ཕྱིར་འཁོར་ལོའོ། །དེ་རྣམས་བསྐོར་བ་ནི་གསུངས་པ་སྟེ། དེའི་དོན་གྱི་རྡོ་རྗེའི་ཡེ་ཤེས་ལ་དམིགས་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལ་སྙོམས་པར་ཞུགས་པ་ ནི་མངོན་སུམ་དུ་མཛད་པ་སྟེ། སྔགས་སྟོན་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་བ་ནི་དོན་ཏོ། །གསང་སྔགས་ཀྱི་སྙིང་པོའི་ཡི་གེ་རྣམས་ཞེས་བྱ་བ་ནི་འདིར་བཤད་ཀྱིས་ཞེས་ཉེ་བར་སྦྱར་ཏེ། བཅོམ་ལྡན་འདས་ནི་རྟག་ཏུ་མཉམ་པར་གཞག་པ་ཡིན་དུ་ཟིན་ཀྱང་ཏིང་ངེ་འཛིན་ལ་དམིགས་པ་ སྔོན་དུ་འགྲོ་བས་སྔགས་སྟོན་པར་མཛད་པ་འདིས་ནི་འདི་སྐད་སྟོན་ཏེ། རྣལ་འབྱོར་པས་ཀྱང་ཆོས་བདག་མེད་པ་བསྒོམ་པ་དང་རྗེས་སུ་འབྲེལ་པའི་རང་གི་ལྷ་ལ་དམིགས་པ་སྔོན་དུ་འགྲོ་བས་སྔགས་སྟོན་པར་མཛད་པ་འདིས་ནི་འདིའོ། །རྣམ་པར་སྣང་མཛད་དོ་ཞེས་བྱ་བ་འདིས་ནི་གསང་སྔགས་དང་ རིག་པའི་སྐྱེས་བུ་གཉིས་ཐ་མི་དད་པར་གསུངས་པ་ཡིན་ཏེ། གཞན་དུ་ན་རྣམ་པར་སྣང་མཛད་ལས་གཞན་པའོ་ཞེས་ཐ་དད་པར་སྟོན་པར་འགྱུར་རོ། །དེ་ཡང་འདི་ཉིད་ནས་སྤྱན་ལ་སོགས་པའི་གསང་སྔགས་གསུངས་པའི་འོག་ཏུ། དེ་ནས་འདི་ནི་གསུངས་ཙམ་གྱིས། །ཞེས་བྱ་བ་ལ་སོགས་ པ་བཤད་དེ། དེ་བས་ན་འདི་གཉིས་ནི་ཐ་མི་དད་པ་ཡིན་ནོ། །ཀུན་དུ་བཟང་པོའོ་ཞེས་གསུངས་པ་འདི་ནི་བྱམས་པ་ལ་སོགས་པ་ལ་མ་གཏོགས་པར་བཤད་པ་ཡིན་པས། བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བཅུ་དྲུག་ལེའུ་གཉིས་པར་བསྟན་པ་གང་ཡིན་པ་དེ་ནི་ཉེ་བར་ མཚོན་པ་ཙམ་དུ་ཟད་དོ། །དེ་བས་ན་འདིར་ནོར་བཟངས་དག་ཀྱང་དགོད་པར་བྱ་སྟེ། དེས་ན་ཅི་རིགས་པར་བཞིས་མ་ཚང་བའི་བྱང་ཆུབ་སེམས་དཔའ་སྟོང་བྲི་བའམ་བསྒོམ་མོ་ཞེས་པ་འདིར་རིག་པ་ཁོ་ན་ཡིན་ནོ། །འདིར་མ་བཤད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱིའི་སྔགས་ནི། ཨོཾ་སརྦ་ སཾ་སྐཱ་ར་པ་རི་ཤུདྷཿདྷརྨཱ་ཏེ་མ་ཧཱ་ཡ་ན་པ་རི་བཱ་རེ་སྭཱ་ཧཱ། ཞེས་བྱ་བའོ། །སྔགས་ཀྱི་རྗེས་སུ་འབྲངས་ནས་གཤིན་རྗེ་གཤེད་ལ་སོགས་པའི་ཁྲོ་བོ་བཞིས་གཤིན་རྗེ་དང་། ཁྱབ་འཇུག་དང་། ཚངས་པ་དང་། ལོག་འདྲེན་ཆུང་མ་དང་བཅས་པ་གནོན་པར་ཤེས་པར་བྱའོ། །འདི་དག་ནི་དཀྱིལ་ 61-1-204a འཁོར་དུ་དགོད་པའི་གསང་སྔགས་ཀྱི་ཡི་གེ་རྣམས་ཏེ་ཞེས་བྱ་བ་ནི་དཀྱིལ་འཁོར་དུ་ལྷ་རྣམས་དགོད་པ་ལ་ཇི་སྐད་དུ་བཤད་པའི་གསང་སྔགས་ཀྱི་ཡི་གེ་རྣམས་ཡང་དག་པར་སྦྱར་བར་བྱའོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །དཀྱིལ་འཁོར་དུ་ཞེས་བྱ་བའི་ཉེ་བར་མཚོན་པ་ལས་ནི་ལྷའི་རྣལ་འབྱོར་ ལ་སོགས་པ་ཡང་ཤེས་པར་བྱའོ། །དེ་དག་ལ་ཞེས་བྱ་བ་ལ་སོགས་པ་ནི་བཤད་མ་ཐག་པའི་གསང་སྔགས་ཀྱི་ཚོགས་དེ་དག་གོ། །བརྟེན་ནས་ཞེས་བྱ་བ་ནི་མཚན་གཞིར་བྱས་ནས་འདི་ཉིད་ཀྱི་འཁོར་གྱི་དོན་དུ་རིགས་དང་རྟོག་པ་ལ་སོགས་པའི་བྱེ་བྲག་གིས་གསང་སྔགས་བྱེ་བ་ཕྲག་དུ་མ་གསུངས་ པ་ཡིན་ནོ། །གཞན་དག་ནི་དེ་ལ་བརྟེན་ཤིང་ཐོབ་ནས་ངས་གསང་སྔགས་བྱེ་བ་ཕྲག་དུ་མ་གསུངས་སོ་ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཡིན་གྱི་འདི་ནི་གསང་སྔགས་ཀྱི་ཚོགས་མ་ཡིན་ཏེ་ཆོས་རྣམས་ཀྱི་ཆོས་ཉིད་ནི་གནས་པ་སྟེ། འདི་ལྟ་སྟེ་སྔགས་ཀྱི་ཆོས་ཉིད་ཀྱང་དེ་ནི་མི་རིགས་ཏེ་སྔགས་ གསུངས་པ་ཉིད་མ་ཡིན་གྱི་སྔ་མ་ཁོ་ན་རིགས་པར་ཤེས་སོ། །གཏན་ཚིགས་དང་ཡང་མི་འགལ་ཏེ་དོན་དམ་པར་སྟོང་པ་ཉིད་དུ་ཡང་མེད་པ་ཡིན་ནོ། །ཏིང་ངེ་འཛིན་གྱི་བྱེ་བྲག་ལས་བྱུང་བ་ཞེས་བྱ་བ་ནི་ཏིང་ངེ་འཛིན་ཕུལ་དུ་བྱུང་བ་དང་རིག་པའི་སྐྱེས་བུར་ལྡན་པས་སོ། །ལྕགས་ཀྱུས་ཞེས་བྱ་བ་ ལ་སོགས་པ་ནི་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་ཕྱག་རྒྱ་ནི་འདི་ཉིད་ནས་འབྱུང་བས་མ་བྲིས་སོ། །དེ་དག་ལ་སོགས་པ་ནི་སྤྱན་དྲང་བའི་སྦྱོར་བའོ་ཞེས་བྱ་བ་ནི་རྡོ་རྗེ་བསྡུ་བ་ལ་སོགས་པའི་སྦྱོར་བའོ། །དེ་དག་སྔགས་དེ་རྣམས་ཀྱི་གོ་རིམས་ནི་རྣམ་པར་སྣང་མཛད་ཀྱི་ངོ་བོ་ཉིད་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ ནི་ཐུན་མོང་གི་མཚན་ཉིད་དེ། དེ་ལས་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་བཞི་བྱུང་ངོ་། །དེ་བས་ན་ཡེ་ཤེས་དེའི་བདག་ཉིད་མི་བསྐྱོད་པ་ལ་སོགས་པ་བཞིར་བསྟན་ཏོ། །དེ་ལྟ་ན་ཡང་སྒོམ་པར་བྱེད་པའི་རྣལ་འབྱོར་པའི་རྒྱུད་ལ། ཇི་སྲིད་དུ་ཀུན་དུ་འགྲོ་བའི་སྟོང་པ་ཉིད་ཀྱི་མཚན་ཉིད་ ཅན་བྱང་ཆུབ་སེམས་དཔའི་ས་དང་པོ་མངོན་དུ་བྱས་ནས། ཆོས་ཀྱི་དབྱིངས་ལས་བརྩམས་ནས་ཇི་སྲིད་ཀྱི་བར་གྱི་མཐར་ཐུག་པ་ལས་འཇུག་པའི་དགའ་བ་ཉེ་བར་མི་འབྱུང་བ་དེ་སྲིད་ཀྱི་བར་དུ་སྐྱེ་བར་མི་འགྱུར་རོ། །དེ་བས་ན་ཡེ་ཤེས་བཞི་ཐོབ་པའི་རྒྱུར་གྱུར་པས་དགའ་བ་བཞིའི་བདག་ཉིད་ཅན་ནི་ 61-1-204b སྤྱན་ལ་སོགས་པ་བཞིའོ། །དེ་ཡང་ཇི་སྲིད་དུ་བྱང་ཆུབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་བཞི་ཡོངས་སུ་དག་པར་མི་འགྱུར་བ་དེ་སྲིད་དུ་འབྱུང་བར་མི་འགྱུར་རོ། །དེ་བས་ན་བྱང་ཆུབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་བདག་ཉིད་ཅན་ནི་རྡོ་རྗེ་སེམས་པ་ལ་སོགས་པ་བཞི་ཡིན་ནོ། །དེ་ཡང་ཕ་རོལ་ ཏུ་ཕྱིན་པ་བཞི་དང་བྲལ་བས་ནི་འབྱུང་བར་མི་འགྱུར་རོ། །དེ་བས་ན་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་ཅན་ནི་སྐུལ་བྱེད་མ་ལ་སོགས་པ་བཞིའོ། །དེ་ཡང་ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་སྟོབས་ཀྱི་བདག་ཉིད་ཅན་ངེས་པར་འབྱེད་པའི་ཆ་བཞི་དང་ བྲལ་བས་ནི་འབྱུང་བར་མི་འགྱུར་རོ། །དེ་བས་ན་ངེས་པར་འབྱེད་པའི་ཆ་བཞིའི་བདག་ཉིད་ཅན་ནི་གཤིན་རྗེའི་གཤེད་ལ་སོགས་པ་བཞིའོ། །དེ་ཡང་ལུས་དང་ཚོར་བ་དང་སེམས་དང་། ཆོས་དྲན་པ་ཉེ་བར་གཞག་པ་མེད་ན་འབྱུང་བར་མི་འགྱུར་རོ། །དེ་བས་ན་དེའི་བདག་ཉིད་ཅན་མི་གཡོ་བ་ལ་ སོགས་པ་བཞི་བསྟན་ཏོ། །གོ་རིམས་ཇི་སྐད་དུ་བཤད་པའི་ནང་དུ་བྱམས་པ་ལ་སོགས་པ་ནི་མི་གཏོགས་ཏེ་རྣམ་པར་སྨིན་པ་ལས་བྱུང་བའི་སེམས་དཔའ་ཡིན་པའི་ཕྱིར་རོ། །སྔགས་རབ་ཏུ་སྟོན་པའི་གཞུང་གི་ལེའུ་ལ་ནི་གསང་སྔགས་རིམ་པར་ཕྱེ་བ་ཞེས་བྱ་བའི་སྒྲར་བརྗོད་དོ། །རིམ་ པར་ཕྱེ་བ་གསུམ་པའི་འགྲེལ་པའོ།། །།སྔགས་ཡོངས་སུ་བཟུང་བས་ན་ཏིང་ངེ་འཛིན་ཡོངས་སུ་ཤེས་པར་བྱ་དགོས་པས་དེ་ནས་ཞེས་བྱ་བ་ལ་སོགས་པ་ལེའུ་བཞི་པ་གསུངས་ཏེ། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བར་སྦྱར་རོ། །ཅི་ཞིག་མཛད་ནས་ཤེ་ན་ཡེ་ཤེས་ ཆེན་པོའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡེ་ཤེས་ཆེན་པོ་ནི་ཆོས་ཀྱི་དབྱིངས་ལ་སོགས་པ་ཡེ་ཤེས་རྣམ་པ་ལྔའོ། །དེ་ཡི་སྟོབས་ནི་ནུས་པ་སྟེ་ཐོགས་པ་མེད་པའོ། །དེའི་རྣམ་པར་འཕྲུལ་པ་ནི་སངས་རྒྱས་ལ་སོགས་པའི་སྤྲུལ་པས་རྣམ་པར་སྤྱོད་པའོ། །དེ་ཉིད་རྡོ་རྗེ་སྟེ་འབྲས་བུ་ ལེན་པའི་ཕྱིར་དོན་ཡོད་པའི་ནུས་པ་ཅན་ཡིན་ལ་དེ་ལ་དམིགས་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་ཡང་དེ་སྐད་ཅེས་བྱའོ། །དེ་ལ་སྙོམས་པར་ཞུགས་པ་ནི་མངོན་སུམ་དུ་མཛད་པ་སྟེ། ཏིང་ངེ་འཛིན་སྟོན་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་དེ་ཞེས་བྱ་བའི་དོན་ཏོ། །ཏིང་ངེ་འཛིན་ལ་ 61-1-205a དམིགས་པས་ནི་འདི་སྐད་སྟོན་པ་ཡིན་ཏེ་དངོས་གྲུབ་ཀྱི་ཕྱིར་ལྷའི་གཟུགས་བསྒོམ་པ་ནི་རྡོ་རྗེ་ཕྲ་མོ་བསྒོམ་པའི་སེམས་བརྟན་པར་བྱས་ནས་བསྒོམ་པར་བྱའོ་ཞེས་པའོ། །གཟུགས་བརྙན་ཞེས་བྱ་བ་ལ་སོགས་པ་ལ་གཟུགས་བརྙན་བསྐྱེད་པའི་ཕྱིར་རས་དང་རྩིག་པ་དང་། ཤིང་ ལེབ་ལ་སོགས་པ་ལ་སངས་རྒྱས་ལ་སོགས་པའི་བར་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །འདི་ནི་གཉིས་སུ་སྦྱོར་བ་ཡིན་ཏེ་སེམས་ཡོངས་སུ་དག་པའི་དབང་དུ་མཛད་པའི་དམིགས་པ་བསྟན་པའོ། །རྒྱུད་ཡོངས་སུ་དག་པ་ནི་གཉིས་སུ་སྦྱོར་བ་ལ་མངོན་པར་ཞེན་པར་མི་བྱེད་དེ། ཇི་སྐད་དུ། རྣལ་འབྱོར་ཡང་དག་མ་ཡིན་སེམས། །ལྷ་ལ་དམིགས་པར་བྱེད་པ་དག །རྣལ་འབྱོར་གཟུགས་བརྙན་རང་བཞིན་ཏེ། །ལུགས་མ་ལ་སོགས་རྣལ་འབྱོར་སྐྱེ། །ཡང་དག་མཆོག་སེམས་རྣལ་འབྱོར་པ། །ལྷ་ལ་དམིགས་པར་བྱེད་པ་དག །རང་གི་དམ་ཚིག་བདག་ སྦྱོར་བས། །མི་འགྱུར་དམ་པ་འགྲུབ་པར་འགྱུར། །ཞེས་གསུངས་པས་སོ། །གསང་སྔགས་འཆང་རྣམས་ཀྱི་ཞེས་བྱ་བ་ནི་སྔགས་པ་རྣམས་ཀྱིའོ། །ཏིང་ངེ་འཛིན་གསང་ཆེན་ཞེས་བྱ་བ་ནི་རིགས་དང་དམ་ཚིག་དང་ཕྱག་རྒྱ་མཆོག་དང་ལྷན་ཅིག་སྦྱོར་བའོ། །རྣལ་འབྱོར་དག་པ་འདི་ནི་གཙོ་ བོའི་དབང་དུ་མཛད་པ་བསྟན་པ་ཡིན་པས་འདི་སྐད་གསུངས་པ་ཡིན་ཏེ། ཏིང་ངེ་འཛིན་ལ་སོགས་པ་བསྟན་པས་གནས་སྐབས་ཇི་ལྟ་བ་བཞིན་དུ་དེ་ཁོ་ན་ཉིད་དང་གསང་སྔགས་དང་གསང་ཆེན་གྱི་རྣལ་འབྱོར་དུ་འགྱུར་རོ། །འདིས་ནི་འདི་སྐད་སྟོན་པ་ཡིན་ཏེ། མོས་པ་ཇི་ལྟ་བས་རྣལ་འབྱོར་ གསུམ་ལས་གང་ཡང་རུང་བ་བསྒོམས་ནས་མངོན་པར་འདོད་པའི་དངོས་གྲུབ་ཀྱི་སྐལ་བ་ཅན་དུ་འགྱུར་རོ། །དོན་འདི་ཉིད་གཞན་དག་ལས་ཀྱང་རིགས་ཀྱི་བུ་སེམས་འདི་ནི་རང་བཞིན་གྱིས་འོད་གསལ་བ་སྟེ། འདི་ལྟ་སྟེ་ཇི་ལྟ་ཇི་ལྟར་སེམས་ཡོངས་སུ་སྦྱངས་པ་དེ་ལྟ་དེ་ལྟར་འགྱུར་རོ་ཞེས་ གསུངས་པ་ཡིན་ནོ། །ཨོཾ་གྱི་ཡེ་ཤེས་ལས་བསྒྲུབ་པ། །ཞེས་བྱ་བ་ནི་ཡེ་ཤེས་ནི་ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་དོ། །དེ་ཉིད་ཡི་གེ་ཨོཾ་ཡིན་པས་ན་ཨོཾ་གྱི་ཡེ་ཤེས་ཏེ་དེས་བསྒྲུབས་པའི་རྡོ་རྗེ་བསྒོམ་པར་བྱའོ་ཞེས་བྱ་བར་སྦྱར་རོ། །རྫོགས་པའི་གོ་རིམས་ཀྱང་བྱང་ཆུབ་ཀྱི་སེམས་ 61-1-205b ཀྱི་ལེའུའི་རིམ་པས་སོ། །ཤེས་རབ་ཡེ་ཤེས་རབ་རྒྱས་པ། །ཞེས་བྱ་བ་ནི་ཆོས་བདག་མེད་པའི་ཡེ་ཤེས་ཀྱིས་བློ་རྒྱས་པར་བྱས་པའོ། །ཞལ་གསུམ་གྱིས་ནི་ཞེས་བྱ་བ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམ་པར་དག་པར་སྟོན་པར་བྱེད་པས་རྣམ་པར་ཐར་པའི་སྒོ་གསུམ་གྱི་ངོ་བོ་སྟེ་ ཁ་དོག་ནི་གཅིག་པའོ། །ལ་ལ་ནི་མན་ངག་ལས་ཞལ་གསུམ་གྱི་མདོག་ནི་འདུས་པ་ལྟར་གསུམ་དུ་བྱའོ་ཞེས་ཟེར་རོ། །སྤྱན་གསུམ་ནི་ཞལ་དང་པོའམ་རེ་རེ་ཞིང་གསུམ་སྟེ་ཐམས་ཅད་དུ་ཡང་དེ་བཞིན་ནོ། །དང་པོ་བསམ་གཏན་ཕྱག་རྒྱ་ཅན། །ཞེས་བྱ་བ་ནི་ཕྱག་རྒྱ་དང་པོའི་གཡས་དང་ གཡོན་ནི་ཏིང་ངེ་འཛིན་གྱི་ཕྱག་རྒྱར་བྱས་པའོ། །བགྲང་ཕྲེང་ལྡན་ཞེས་བྱ་བ་ནི་སྔགས་ཀྱི་ནོར་བུ་དང་བཅས་པའོ། །ནུ་མ་འཛིན་ཞེས་བྱ་བ་ནི་ནུ་མ་བཟུང་བ་སྟེ། ལྷ་མོ་ཡང་ཕྱག་གཉིས་པ་སྐུ་མདོག་སེར་མོ་ལག་པ་གཉིས་ཀྱིས་བཅོམ་ལྡན་འདས་ལ་འཁྱུད་པར་བྱེད་པ་སྟེ། གཤིན་རྗེ་གཤེད་ཀྱི་ ལྷ་མོ་གཉིས་ཕྱག་གཉིས་མངའ་བར་བཤད་པ་འདིས་ཉེ་བར་མཚོན་པ་ཡིན་པའི་ཕྱིར་རོ། །ལ་ལ་ན་རེ་རང་གི་བདག་པོ་དང་འདྲ་བར་ཐམས་ཅད་བསམ་མོ་ཞེས་ཟེར་ཏེ་འདིས་ནི་གསང་བའི་རྣལ་འབྱོར་བཤད་དོ། །མཆོད་པའི་དུས་སུ་ནི་ནུ་མ་འཛིན་པ་མེད་པར་བྱའོ། །འཇིགས་ཤིང་སྐྲག་མཛད་ པ་ཞེས་བྱ་བ་ནི་འདིར་དེ་ནས་ཞེས་ཉེ་བར་མཚོན་པའི་ཚིག་གི་བསྒོམ་པར་གྱིས་ཞེས་བྱ་བ་འདི་དང་སྦྱར་རོ། །དེ་བཞིན་དུ་རིགས་ལས་ཀྱང་འདི་ཉིད་ཀྱི་འོག་ནས་སྟོན་ཏོ། །སྤྲིན་ཞེས་བྱ་བ་ནི་ཚད་མེད་པའོ། །ཡང་དག་འབྱུང་ཞིང་ལེགས་འཁྱུད་པ། །ཞེས་བྱ་བ་ནི་གལ་ཏེ་རྙེད་ན་གཞན་དང་མི་ འགྲོ་བ་ཉིད་ལ་སོགས་པའི་མཚན་ཉིད་དང་ལྡན་པའི་རིག་མ་བཞི་ལ་མངོན་པར་སྦྱོར་བར་བྱས་ལ་དེས་ཇི་ལྟ་བ་བཞིན་དུ་མཆོད་པར་བྱེད་པ་ནི་རྣལ་འབྱོར་པ་དེས་དེ་བཞིན་གཤེགས་པ་ཐམས་ཅད་རང་གི་དམ་ཚིག་གིས་འཁྱུད་པའི་སྐུ་སྨོ་བར་བསྒོམ་པར་བྱ་སྟེ། འདིས་ནི་གསང་བའི་རྣལ་འབྱོར་བཤད་པ་ ཡིན་ནོ། །ནང་གི་གསང་སྔགས་བཟླས་བརྗོད་ཅིང་། །ཞེས་བྱ་བ་ནི་ནང་གི་བཟླས་པས་སོ། །དེ་ཉིད་སྤྱོད་ཡུལ་བ་ཞེས་བྱ་བ་ནི་རང་གི་ལྷའི་རྣལ་འབྱོར་གྱི་ཡུལ་ཏེ་འདིས་ནི་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་གསུངས་པ་ཡིན་ནོ། །རྣལ་འབྱོར་འདི་ལ་ནི་ནུ་མ་འཛིན་པ་མེད་པས་སྡིགས་མཛུབ་ལ་སོགས་ 61-1-206a པ་ཅི་རིགས་པར་གཟུང་ངོ་། །འདིར་ཡང་ལམ་གྱི་སྒྲས་ནི་ཕྱོགས་གཞན་སྟོན་པར་བྱེད་པ་ཡིན་པར་ཤེས་པར་བྱ་སྟེ། སྒོམ་པ་པོ་གཅིག་གིས་གསུམ་ཆར་བྱ་བར་མི་རིགས་པས་སྒྲུབ་པ་པོ་གཅིག་གིས་དེ་ཁོ་ན་ཉིད་དང་། གསང་བ་དང་གསང་བ་ཆེན་པོ་རྣམས་རིམ་བཞིན་དུ་བསྒོམ་ པར་བྱའོ་ཞེས་ཤེས་པར་བྱ་བའི་ཕྱིར་ཏིང་ངེ་འཛིན་གསུམ་ཉེ་བར་བཀོད་དེ། ཏིང་ངེ་འཛིན་འདིའི་རིམ་པ་ནི་འོག་ནས་བཤད་པའི་ཏིང་ངེ་འཛིན་རྣམས་ལ་ཡང་འདི་བཞིན་ཤེས་པར་བྱ་སྟེ། ལ་ལར་དེ་ཁོ་ན་ཉིད་ལ་སོགས་པར་སྟོན་པའི་ཕྱིར་རོ། །དེ་ཡང་ཉེ་བར་མཚོན་པ་ནི་ཏིང་ངེ་འཛིན་ཐམས་ཅད་ ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཏིང་ངེ་འཛིན་ཐམས་ཅད་ཀྱི་ཞེས་པ་ལྷ་ཐམས་ཅད་ལ་དམིགས་པའི་བདག་ཉིད་ཅན་གྱི་སྟོབས་ཏེ་ཐོགས་པ་མེད་པའི་ནུས་པ་རྫོགས་པར་བྱེད་པའི་ཡེ་ཤེས་ནི་ཆོས་ཀྱི་དབྱིངས་ཤེས་པར་བྱ་བ་སྟེ། དེ་འགེངས་ཤིང་རྫོགས་པར་བྱེད་པའི་བཅོམ་ལྡན་འདས་ ནི་དེའི་ངོ་བོས་རྣལ་འབྱོར་པའི་སེམས་ལ་སྐྱེད་པར་མཛད་པ་རྣམ་པར་སྣང་མཛད་གང་ཡིན་པ་དེ་ལ་དེ་སྐད་བྱ་སྟེ། དེ་ཉིད་ལ་དམིགས་པའི་དོན་འདིས་འགྲོ་བའི་དོན་བྱེད་པའི་ཕྱིར་ཏིང་ངེ་འཛིན་བསྟན་ཏོ། །རྡོ་རྗེ་སེམས་དཔའ་ལ་སོགས་པ་བཤད་པར་སྐུ་གསུང་ཐུགས་ཀྱི་རིམ་པ་དང་རྗེས་སུ་ མཐུན་པར་འཇིག་རྟེན་དབང་ཕྱུག་གི་ཏིང་ངེ་འཛིན་གསུངས་ཏེ། ཨོཾ་ཞེས་བྱ་བ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཉིད་ཡི་གེ་ཨ་ཞེས་བྱ་བར་ཤེས་པར་བྱ་སྟེ། ཐམས་ཅད་དུ་ཡང་ཡེ་ཤེས་ཇི་ལྟ་བ་ཉིད་གསང་སྔགས་ཀྱི་ཡི་གེ་ཡིན་ནོ་ཞེས་བྱ་བའི་ཚུལ་གྱིས་སོ། །ཚིག་གི་ལམ་ཞེས་བྱ་བ་ནི་ལུང་གི་ ཆོས་མ་ལུས་པའི་ངོ་བོ་ཉིད་དུ། དབུ་རྒྱན་ཐམས་ཅད་མཁྱེན་པས་བྱས། །ཞེས་བྱ་བ་ལ་ཐམས་ཅད་མཁྱེན་པ་ནི་འོད་དཔག་ཏུ་མེད་པ་སྟེ། དེས་དབུ་རྒྱན་བྱས་པ་ནི་གཙོ་བོའི་རིན་པོ་ཆེའི་དབུ་རྒྱན་གང་ལ་མངའ་བ་དེ་ལ་དེ་སྐད་ཅེས་བྱའོ། །གདན་ནི་བཞི་དང་ལྡན་ཞེས་བྱ་བ་ལ་ཟླ་བའི་ གདན་ཏེ་ཉེ་བར་མཚོན་པ་འདིས་ནི་གཞན་དག་གི་ཡང་གདན་དུ་ཟླ་བ་འབྱུང་བ་ཡིན་ནོ། །ལ་ལ་ནི་ལྷ་མོ་བཞི་དང་གདན་གཅིག་པས་གདན་ནི་བཞི་དང་ལྡན་ཞེས་བྱ་བའོ་ཞེས་ཟེར་རོ། །ཕྱག་གཉིས་པདྨ་རྣམ་པར་འབྱེད། །ཅེས་བྱ་བ་ནི་གཡོན་པའི་པདྨའི་ཁུ་ཚུར་གྱིས་པདྨའི་སྡོང་བུ་ 61-1-206b གཡོན་པའི་སྟ་ཟུར་གྱི་གནས་སུ་འཛིན་ལ། གཡས་ཀྱི་པདྨ་ཁུ་ཚུར་གྱིས་རང་གི་སྙིང་གར་པདྨའི་འདབ་མ་བྱེད་པ་ལ་བརྩོན་པ་སྟེ་འདིར་དེ་ལ་བལྟ་ཞིང་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །ཡང་ཚིག་གི་ལམ་ཞེས་བྱ་བ་ནི་རྟོགས་པའི་ཆོས་མ་ལུས་པའི་ངོ་བོའོ། །རྣམ་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ ལ་རྣམ་པ་ཐམས་ཅད་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པའོ། །མཆོག་ནི་ཕུལ་དུ་བྱུང་བའོ། །རྒྱ་ཆེ་བ་ནི་ཡུལ་ན་གནས་པ་དང་གསལ་བ་དང་རྫོགས་པ་ཉིད་དང་ལྡན་པའོ། །ཆོས་ཀྱི་རྒྱལ་པོ་ནི་ཆོས་གཉིས་ཀའི་བདག་པོ་བཅོམ་ལྡན་འདས་འཇིག་རྟེན་ དབང་ཕྱུག་སྟེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། །ཧཱུཾ་ཞེས་བྱ་བ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཡི་གེ་ཧཱུཾ་ངོ་། །མཐིང་ཤུན་བཟང་པོ་ཞེས་བྱ་བ་ནི་སྐུ་མདོག་མཐིང་ཤུན་ལྟ་བུའོ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་མི་འཁྲུགས་ཅོད་པན་ཅན། །ཞེས་བྱ་བ་ནི་མི་བསྐྱོད་པ་ཅོད་ པན་ལ་བཞུགས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། འདིས་ནི་ཤར་དུ་མི་བསྐྱོད་པ་བྲི་བར་བྱའོ་ཞེས་གང་བཤད་པ་དེར་རྡོ་རྗེ་སེམས་དཔའ་བྲི་བར་རིགས་པ་ཡིན་ནོ། །དབུ་རྒྱན་ཐམས་ཅད་མཁྱེན་པས་བྱས། །ཞེས་བྱ་བ་འདིས་ནི་འོད་དཔག་མེད་ཀྱི་གནས་སུ་ཡང་འཇིག་རྟེན་དབང་ཕྱུག་གོ། །འདི་དག་ གི་རྗེས་སུ་འབྲངས་པས་རིན་ཆེན་འབྱུང་ལྡན་དང་དོན་ཡོད་གྲུབ་པའི་གནས་སུ་ཡང་རང་གི་དེ་བཞིན་གཤེགས་པས་དབང་བསྐུར་བ་དང་། ཤིན་ཏུ་འབྲེལ་པའི་འཁོར་ལོས་སྒྱུར་བ་གཉིས་བྲི་སྟེ། རྡོ་རྗེ་སེམས་དཔའ་མི་བསྐྱོད་པ། །རྡོ་རྗེ་རིན་ཆེན་དགོས་འདོད་འབྱུང་། །རྡོ་རྗེ་ཆོས་ནི་འཇིག་རྟེན་དབང་། ། རྡོ་རྗེ་ལས་ནི་རབ་སྒྲུབ་སྩོལ། །ཞེས་གསུངས་པས་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཉིད་མི་བསྐྱོད་པ་ལ་སོགས་པའི་སྒྲར་བཤད་པ་ལ་ཉེས་པ་མེད་དོ། །རོལ་པའི་སྟབས་སུ་ལེགས་པར་བཞུགས། །ཞེས་བྱ་བ་ནི་སྟན་གྱི་ནང་དུ་མཐོ་གང་གིས་མཆོད་པར་རྐང་པ་བཞག་ནས་ཕྱོགས་གཉིས་ སུ་བརྐྱང་སྟེ། གཡོན་ཕྱོགས་ཅུང་ཟད་དབབ་པར་བྱའོ་ཞེས་བྱ་བའི་མཚན་ཉིད་ཅན་ཏེ་དེས་གནས་པའོ། །ལ་ལ་ན་རེ་གང་རྣལ་འབྱོར་དང་རྗེས་སུ་མཐུན་པའི་གནས་པས་འདུག་པར་བྱའོ་ཞེས་ཟེར་རོ། །དེ་ལྟར་ཀུན་དུ་ཁྱབ་པ་ཉིད། །ཅེས་བྱ་བ་འདིར་དེ་དག་གིས་ཞེས་ཉེ་བར་སྦྱར་བར་བྱའོ། ། 61-1-207a དེ་བཞིན་དུ་རིགས་ལ་སོགས་པ་རྣམས་ལ་ཡང་དེ་ལྟར་ཤེས་པར་བྱའོ། །རྒ་ཤི་རྣམས་ཀྱི་ཕ་རོལ་འགྲོ། །ཞེས་བྱ་བ་ནི་དེ་དང་བྲལ་བའི་དོན་ཏོ། །སེམས་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ་སེམས་ཆེན་པོ་ནི་གཉིས་ཀྱིས་དབེན་པའོ། །དེའི་རྫོགས་པར་བྱེད་པ་ནི་གདུལ་བྱ་ རྣམས་ཀྱི་སེམས་རང་བཞིན་གྱིས་རྣམ་པར་བྱང་བ་ཉིད་དུ་གནས་པའི་མི་བདེན་པའི་ཀུན་དུ་རྟོག་པ་བསལ་བ་དེ་ལྟར་རྫོགས་ཤིང་དོན་དེ་ཀུན་ནས་མཐར་ཕྱིན་པར་བྱེད་པ་དེའི་སྟོབས་ཏེ་ནུས་པ་གང་ཡིན་པ་དེ་ཉིད་མཐའ་ཡས་པའི་ཏིང་ངེ་འཛིན་རྡོ་རྗེའི་རྒྱལ་པོ་ལ་སོགས་པའི་ངོ་བོ་ཉིད་ནི་རྒྱལ་པོ་སྟེ། གཙོ་བོར་ གྱུར་པ་བཅོམ་ལྡན་འདས་ཐུགས་རྡོ་རྗེ་དེ་སྟོན་པའི་ཕྱིར་རོ། །དེ་ཉིད་ནི་རྡོ་རྗེ་ཐུགས་ཏེ་སེམས་ཅན་གྱི་དོན་བྱ་བ་ལ་འཇུག་པ་ལ་ཐོགས་པ་མེད་པའི་ཕ་རོལ་གནོན་པ་དང་ལྡན་པའི་ཕྱིར་རོ། །དེ་ལ་དམིགས་པས་ན་ཏིང་ངེ་འཛིན་དེ་ལ་མིང་དེ་སྐད་ཅེས་བྱའོ། །ཏྲཾ་གི་ཡེ་ཤེས་ལས་བསྒྲུབས་པ། །ཞེས་ བྱ་བ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཉིད་ཡི་གེ་ཏྲཾ་སྟེ། དེ་ལས་བསྒྲུབས་པ་ནི་དེ་བཞིན་དུ་གཞན་དག་གིས་ཇི་ལྟ་བ་བཞིན་དུ་འདི་ཉིད་བསྒོམས་པས་འཚང་རྒྱ་བ་ཉིད་ཐོབ་པའོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་ཐམས་ཅད་ལ་ཡང་འབྲས་བུ་ཉེ་བར་ལེན་པའི་གཞིར་གྱུར་པས་ན་ལྷ་རྣམས་དང་རྗེས་སུ་མཐུན་ པའི་གཟུགས་སུ་གདགས་ཏེ། གདུལ་བྱ་རྣམས་འབྲས་བུ་ལ་གཞོལ་བས་འཇུག་པའོ། །རིན་ཆེན་ཞེས་བྱ་བ་ལ་སོགས་པ་ལ་རིན་ཆེན་ནི་རིན་པོ་ཆེའི་རིགས་སོ། །རིན་ཆེན་མངོན་པར་མཐོ་བ་ཞེས་བྱ་བ་ནི་གདུལ་བྱའི་སྐྱེ་བོ་རྣམས་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པ་ཉིད་དུ་འབྱུང་ངོ་། ། དེའི་ཡེ་ཤེས་ནི་དེས་བསྐྱེད་པ་སྟེ་ཡེ་ཤེས་ཀྱི་ཚོགས་ཀྱི་འབྲས་བུ་སྩོལ་བས་རིན་ཆེན་འབྱུང་ལྡན་ཏེ། ཏིང་ངེ་འཛིན་དེ་ལ་ཡང་མིང་དེ་སྐད་ཅེས་བྱའོ། །དེ་ལ་དམིགས་པ་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །ཁཾ་གི་ཡེ་ཤེས་ལས་བསྒྲུབས་པ། །ཞེས་བྱ་བ་ལ་ཡེ་ཤེས་ནི་བྱ་བ་ནན་ཏན་ སྒྲུབ་པ་སྟེ་དེ་ཉིད་ཡི་གེ་ཁཾ་ཡིན་ནོ། །ཁཾ་གི་ཡེ་ཤེས་ལས་བསྒྲུབས་པ་ནི་ངེས་པར་འབྱུང་བའོ། །ཏིང་འཛིན་ཕྱག་རྒྱས་ལེགས་ཞུགས་པ། །ཞེས་བྱ་བ་ནི་ཇི་སྲིད་དུ་བཤད་པའི་མཚན་ཉིད་ཅན་གྱི་བསམ་གཏན་གྱི་ཕྱག་རྒྱས་ཤིན་ཏུ་ལེགས་པར་ཞུགས་པའོ། །མརྐཏ་སྟེ་ཡི་འོད་ 61-1-207b ལྟར་འབར། །ཞེས་བྱ་བ་ནི་སྐུ་མདོག་མ་ར་ཀ་ཏའི་འོད་འབར་བ་སྟེ་ལྗང་གུ་ཞེས་བྱ་བའི་དོན་ཏོ། །ལ་ལ་དག་ནི་འོད་ཀྱི་དཀྱིལ་འཁོར་མ་ར་ཀ་ཏ་ལྟ་བུའོ་ཞེས་ཟེར་མོད་ཀྱི་དེ་ནི་མི་རིགས་ཏེ་བཅོམ་ལྡན་འདས་ཀྱི་སྐུ་མདོག་འཆད་པའི་སྐབས་ཡིན་གྱི་འོད་ནི་མ་ཡིན་ནོ། །ལེགས་པར་འགྲུབ་ཕྱིར་སླར་ཡང་ སྡུད། །ཅེས་བྱ་བ་ནི་སེམས་དབང་དུ་གྱུར་པ་ལེགས་པར་འགྲུབ་པའི་ཕྱིར་སྤྲོས་པ་རྣམས་སླར་ཉེ་བར་སྡུད་པ་སྟེ། འདི་ཡང་རྣལ་འབྱོར་པའི་རིམ་པ་བསྟན་པའི་ཕྱིར་བཤད་པ་ཡིན་ཏེ། འདིའི་འོག་མ་རྣམས་ལ་ཡང་འདི་བཞིན་ཁོང་དུ་ཆུད་པར་བྱའོ། །འོད་ཟེར་ཆེན་པོས་རབ་གསལ་ཞིང་། ། ཞེས་བྱ་བ་ལ་འོད་ཟེར་ཆེན་པོ་ནི་ཡེ་ཤེས་ཀྱི་སྣང་བའི་ངོ་བོ་ཉིད་དུ་གྱུར་པའི་ཕྱིར་བཅོམ་ལྡན་འདས་དོན་ཡོད་གྲུབ་པའི་ཆོས་ཀྱི་སྐུའོ། །དེ་དང་འདྲ་བ་ནི་དེའི་རྒྱུ་མཐུན་པ་ལས་བྱུང་བ་ལོངས་སྤྱོད་རྫོགས་པའི་སྐུའི་ཚུལ་འཛིན་པ་ཞེས་བྱ་བའི་དོན་ཏོ། །ནམ་མཁའི་སྙིང་པོ་ནི་ནམ་མཁའི་སྐྱེ་གནས་ཅན་ནོ། ། ནམ་མཁའ་དང་མཉམ་པ་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པ་ཉིད་དང་། ཁྱབ་པ་ཉིད་དང་། ཐམས་ཅད་ཀྱི་གནས་སུ་གྱུར་པ་ཉིད་ལ་སོགས་པས་མཉམ་པས་ན་ནམ་མཁའ་དང་མཉམ་པའོ། །གཏན་ཚིགས་དེ་ཉིད་ཀྱིས་ན་འདུ་བྱེད་ཐམས་ཅད་སྤངས་པའི་ཞེས་བྱའོ། །ནམ་མཁའ་ཞེས་བྱ་ བ་ལ་སོགས་པ་ལ་ནམ་མཁའ་དང་མཉམ་པར་འདུ་བྱེད་ཐམས་ཅད་ཀྱི་གོ་འབྱེད་པ་གང་ཡིན་པ་སྟེ། དེ་ཉིད་ནི་བྱ་བ་སྒྲུབ་པའི་ཡེ་ཤེས་ཡོངས་སུ་གྱུར་པ་ལས་བྱུང་བས། ཡེ་ཤེས་ཀྱི་རྡོ་རྗེ་ནི་བཅོམ་ལྡན་འདས་དོན་ཡོད་གྲུབ་པའོ། །དེ་ལ་དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ ཟིན་ཏོ། །རྣམ་པར་སྣང་མཛད་ལ་སོགས་པའི་ཡེ་ཤེས་ཀྱི་རྗེས་སུ་འབྲངས་ནས་འདིར་རིགས་ཀྱིས་བསྡུས་པའི་ཡེ་ཤེས་ཀྱི་ཆ་རྣམས་ཡིན་པར་ཤེས་པར་བྱའོ། །རྒྱན་ཞེས་བྱ་བ་ནི་དམ་ཚིག་གི་ཕྱག་རྒྱའི་ཚུལ་གྱིས་མཉེས་པར་བྱེད་པའོ། །འོད་དམར་འོད་ཟེར་ཕྲེང་བ་ཅན། །ཞེས་བྱ་བ་ནི་ འོད་དམར་པོ་དང་འོད་ཀྱི་ཕྲེང་བ་དམར་པོ་གང་ལ་ཡོད་པའོ། །དེ་བས་ན་དེ་ནི་ལྷ་རྣམས་འཇིགས་པས་སེམས་མྱོས་ཏེ་ཞེས་བྱ་བ་སྟེ། གང་གིས་ལྷ་རྣམས་ནི་ལག་པ་ཐལ་མོ་སྦྱར་བར་བྱེད་ཅེས་བྱ་བ་སྟེ་ལག་པ་གཉིས་ཀྱི་སོར་མོ་ཐམས་ཅད་ཀུན་ནས་ཐལ་མོ་སྦྱར་བ་བྱས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་ 61-1-208a བྱའོ། །བྱང་ཆུབ་ཡན་ལག་འབྲས་བརྒྱན་པའི། །ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཡན་ལག་ནི་སྦྱིན་པ་ལ་སོགས་པའམ་བྱང་ཆུབ་ཀྱི་ཡན་ལག་བདུན་ནོ། །དེའི་འབྲས་བུ་ནི་འཚང་རྒྱའོ། །དེ་ཉིད་ནི་རྒྱན་ཏེ་སྙིང་པོ་ཡིན་ལ་དེ་རྟོག་པའི་སྦྱོར་བ་ལས་ཡང་དག་པར་འབྱུང་བ་གང་ཡིན་པ་དེ་ལ་དེ་སྐད་ ཅེས་བྱ་སྟེ་དེ་བས་ན་དེ་བསྒོམ་པར་བྱའོ། །ཡེ་ཤེས་ཀྱི་ཞེས་བྱ་བ་ལ་སོགས་པ་ལ་ཡེ་ཤེས་ནི་ཆོས་བདག་མེད་པའི་མཚན་ཉིད་ཅན་ནོ། །སྤྱན་ནི་ཆོས་རྣམས་གཉིས་སུ་མེད་པ་དང་དབེན་པར་རྟོག་པའི་མཚན་ཉིད་ཅན་གྱིས་སྣང་བར་བྱེད་པ་ནི་སོ་སོར་སྣང་བའི་ཡེ་ཤེས་ཏེ། དེ་ཉིད་གཟུང་བ་དང་འཛིན་པའི་ རྣམ་པར་རྟོག་པས་མི་ཤིགས་པས་ན་རྡོ་རྗེའོ། །དེའི་འཇོ་ཚུལ་ནི་རྣམ་པར་རོལ་པ་སྟེ། སེམས་ཅན་རྣམས་ལ་ཕན་པའི་ཕྱིར་སྔོན་གྱི་འཛིན་ཤུགས་ཀྱི་སྦྱོར་བས་མཛད་པ་གང་ཡིན་པ་སྟེ། བཅོམ་ལྡན་འདས་ཡུམ་སངས་རྒྱས་སྤྱན་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལ་དམིགས་པ་ཞེས་བྱ་བ་ལ་སོགས་ པ་ནི་བཤད་ཟིན་ཏོ། །རྡོ་རྗེའི་གདན་ཅན་ཞེས་བྱ་བ་ནི་རྡོ་རྗེའི་གདན་ལ་བཞུགས་པ་སྟེ། རྣམ་པར་མི་གཡོ་བའི་གདན་བརྙེས་པའི་དོན་ཏོ། །ལ་ལ་དག་ན་རེ་རང་གི་དམ་ཚིག་གི་ཕྱག་རྡོ་རྗེ་ལ་སྐྱེས་བུའི་ཚུལ་གྱིས་ཉེ་བར་གནས་པས་བཞུགས་པའོ། །ཉེ་བར་མཚོན་པ་འདིས་ནི་ལྷ་མོ་ཐམས་ ཅད་ཀྱང་ཚུལ་འདི་ཉིད་དོ་ཞེས་ཟེར་རོ། །དགོད་ཅིང་ཞེས་བྱ་བ་ནི་དབུས་དང་གཡས་ཀྱི་ཞལ་ལོ། །ཞལ་རས་ཁྲོ་བག་བཅས་ཞེས་བྱ་བ་ནི་ཞལ་དབུས་མའི་གཡོན་པའི་ཆ་ཁྲོ་བག་ཏུ་བཅས་ལ་ཞལ་གྱི་ཆའི་ཕྱེད་ནི་དགོད་བག་ཏུ་གནས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཤིན་ཏུ་གདུག་པའི་ ཅིག་ཤོས་རྣམས་ཚར་གཅོད་པ་དང་རྗེས་སུ་གཟུང་བའི་ཚུལ་གྱིས་བཞུགས་སོ་ཞེས་བྱ་བའི་དོན་ཏོ། །གཡོན་པ་བསྡིགས་པའི་མཛུབ་མོ་སྟེ། །ཞེས་བྱ་བ་ནི་ཕྱག་རྒྱ་གཡོན་པའི་རྡོ་རྗེ་ཁུ་ཚུར་ལས་བྱུང་བའི་ཁྲོ་བོའི་སྡིགས་མཛུབ་མཛད་པས་གནས་ཤིང་དེ་ཁོ་ན་ཉིད་ལ་གནས་པས་དེ་གཟིགས་ ཞེས་བྱ་བའི་དོན་ཏོ། །དངོས་མེད་དངོས་པོའི་མཚན་ཉིད་ཅན། །ཞེས་བྱ་བ་ནི་དངོས་པོ་རྣམས་མེད་ཅིང་མིག་ཡོར་ལྟ་བུའི་ཚུལ་གྱིས་གཟུགས་ཆེན་པོའི་དངོས་པོའི་མཚན་ཉིད་ཅན་ཁམས་གསུམ་ལྟ་བུའི་རྣམ་པར་འཇུག་པའི་སེམས་དང་སེམས་ལས་བྱུང་བའི་བདག་ཉིད་ཅན་གང་ཡིན་ 61-1-208b པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དོན་དམ་པར་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །བསྒོམ་པར་བྱ་ཞེས་བྱ་བ་ནི་མོས་ཤིང་དད་པའི་རྗེས་སུ་འགྲོ་བའི་སེམས་ཀྱིས་སོ། །སྒྱུ་འཕྲུལ་ཞེས་བྱ་བ་ལ་སོགས་པ་ལ་སྒྱུ་འཕྲུལ་ནི་སངས་རྒྱས་ལ་སོགས་པའི་སྤྲུལ་པའི་བདག་ཉིད་ ཅན་ནོ། །དེའི་འབྱུང་བ་ནི་གདུལ་བྱ་རྣམས་ཀྱི་སྐལ་བ་ཇི་ལྟ་བ་བཞིན་དུ་བསྟན་པའོ། །དེའི་རྒྱུ་སྟོབས་ཀྱི་ཡེ་ཤེས་ནི་ཡེ་ཤེས་བཅུའི་སྟོབས་ཏེ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ནུས་པའོ། །དེ་དང་ལྡན་པ་ཉིད་ནི་བཅོམ་ལྡན་འདས་ཡུམ་མཱ་མ་ཀཱིའོ། །ཟབ་མོ་ནི་འཕགས་པ་མ་ཡིན་པས་ངོ་བོ་ཉིད་མི་རྟོགས་པའོ། ། དེ་ལ་དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །མི་འཇིགས་སྦྱིན་མཛད་མ་ཞེས་བྱ་བ་ནི་ཕྱག་དང་པོས་སོ། །སངས་རྒྱས་ཀྱི་སྐུ་རྣམས་འབྱུང་བ་བསྒོམ་པར་གྱིས་ཞེས་བྱ་བ་ནི་སངས་རྒྱས་ཀྱི་སྐུ་རྣམས་འབྱུང་བ་ཉིད་དེ་དེ་ལྟ་བུའི་ལུས་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། སྤྲུལ་པ་རྣམས་ སྤྲུལ་པར་མཛད་ཅེས་བྱ་བའི་དོན་ཏོ། །རིན་ཆེན་སྐུར་ནི་ཞེས་བྱ་བ་ནི་རང་གི་ལུས་རིན་པོ་ཆེ་སྟེ་འདི་ནི་གཉིས་སུ་མེད་པའི་སྦྱོར་བ་གསུངས་པ་ཡིན་ནོ། །གཉིས་སུ་སྦྱོར་བའི་མིང་ཡང་འདི་ཉིད་ལས་ཉེ་བར་མཚོན་པར་བྱའོ། །པདྨའི་ཞེས་བྱ་བ་ལ་སོགས་པ་ལ་པདྨའི་གཟུགས་ཀྱིས་ནི། ཇི་ལྟར་པདྨ་ རབ་དམར་ཡང་། །ཞེས་བྱ་བའི་དཔེས་བསྟན་པས་ན། འདོད་ཆགས་ལ་སོགས་པ་རྣམ་པར་ཐར་པའི་སྒོའི་ངོ་བོ་ཉིད་ཀྱིས་སོ། །རྣམ་པར་རོལ་པ་ནི་སེམས་ཅན་གྱི་དོན་གྱི་ཕྱིར་རྣམ་པར་བརྩེ་བའོ། །དེས་སངས་རྒྱས་རྣམས་ཀྱིས་སམ་སངས་རྒྱས་རྣམས་བཞིན་དུ་རྒྱལ་མཚན་ཉིད་ཅན་ཐོབ་ཅིང་བརྙེས་པ་ སྟེ་ཡུམ་གོས་དཀར་མོ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་ནི་མི་ཕྱེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་པས་ན་ཡེ་ཤེས་རྡོ་རྗེའོ། །དེ་ལ་དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །སྒེག་པའི་ཆ་ལུགས་ལ་གནས་པ། །ཞེས་བྱ་བ་ནི་ཅུང་ཟད་བཞད་པའི་ཚུལ་ཅན་ནོ། །མ་ར་ཀ་ཏའི་ འོད་དང་ལྡན། །ཞེས་བྱ་བ་ནི་མ་ར་ཀ་ཏ་ལྟ་བུའི་འོད་ཟེར་གྱི་མདངས་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། སྐུ་མདོག་ལྗང་གུ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་སྤྲོ་བ་ཀུན་དུ་འཁྲུག །ཅེས་བྱ་བ་ནི་སངས་རྒྱས་ཀྱང་ཡིན་ལ་སྤྲོ་བར་མཛད་པ་ཡིན་པས་ན་དེ་ལ་དེ་སྐད་ཅེས་བྱ་སྟེ་དེ་རྣམས་ཀྱི་སྐུ་ལ་ཁྱབ་པའོ། ། 61-1-209a སེམས་ཅན་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་སེམས་ཅན་ཐམས་ཅད་དབང་དུ་བྱས་པ་དེ་ལ་རག་ལས་པ་ཉིད་ཀྱི་ཐུགས་རྗེ་ཆེན་པོའི་སྟོབས་ཀྱིས་བཞུད་ཅིང་འགྲོ་བས་ན་དེ་ལ་དེ་སྐད་ཅེས་བྱ་ལ། ངོ་བོ་ཉིད་དེ་ལ་མངོན་པར་དགའ་བའི་རྣལ་འབྱོར་པའི་སེམས་ཅན་རྣམས་སྨིན་ཅིང་དགའ་བར་བྱེད་ པ་སྟེ་དེ་ཉིད་ནི་ཡེ་ཤེས་ཀྱི་རྡོ་རྗེའོ། །དམིགས་པ་ཞེས་བྱ་བའི་དོན་ནི་བཤད་ཟིན་ཏོ། །སེམས་མ་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་སེམས་མ་དང་། རྡོ་རྗེ་རིན་ཆེན་མ་དང་རྡོ་རྗེ་ཆོས་མ་དང་རྡོ་རྗེ་ལས་མའོ་ཞེས་བྱ་བ་ནི་མཚན་དེ་སྐད་ཅེས་བྱའོ། །རོལ་པས་རྗེས་སུ་མཉེས་མཛད་མ། །ཞེས་བྱ་བ་ནི་སྒེག་པ་དང་རྗེས་སུ་ མཐུན་པས་རོལ་པར་མཛད་པའོ། །ཇི་ལྟར་རིགས་པ་ཞེས་བྱ་བ་ནི་རང་གི་བདག་པོའི་ས་བོན་ལས་བསྒྲུབ་པ་སྟེ། ཁ་དོག་དང་གཟུགས་དང་ཕྱག་མཚན་ཡང་དེ་དང་འདྲ་བ་འཆང་ལས་རྡོ་རྗེ་སེམས་མ་དང་། རྡོ་རྗེ་ཆོས་ལ་ནུ་མ་འཛིན་པ་མེད་པ་དེའི་ཕྱག་གཉིས་པས་སྡིགས་མཛུབ་དང་ཞགས་པ་འཛིན་ པར་བྱའོ། །འཕགས་པའི་བདེན་པ་བཞི་ཞེས་བྱ་བ་ལ་སོགས་པ་ལ་འཕགས་པའི་བདེན་པ་བཞི་ནི་མི་བསྐྱོད་པ་ལ་སོགས་པ་སྟེ་དེ་ཐབས་དང་ཤེས་རབ་ཀྱི་བདེན་པས་དགའ་ཞིང་མཉེས་པར་བྱེད་པས་ན་དེ་སྐད་ཅེས་བྱའོ། །དེ་ལ་དམིགས་པ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །སྐུ་གསུམ་རྒྱལ་བ་བྱེ་ བ་ཕྲག་བདུན་གྱིས་ཞེས་བྱ་བ་ནི་ཆོས་དང་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུའི་བདག་ཉིད་ཅན་གྱི་རྒྱལ་བ་བྱེ་བ་ཕྲག་བདུན་གྱིས་ཡང་དག་པར་སྟོན་པའོ། །གསང་སྔགས་གླུ་ཡིས་ཞེས་བྱ་བ་ལ་ནི་གསང་སྔགས་གསུངས་པས་སོ། །བསྟོད་ཅེས་བྱ་བ་ནི་རྣམ་པར་མཁྱེན་ཞིང་བསྔགས་པར་ མཛད་པའོ། །ཡི་གེ་དགུ་པ་ཞེས་བྱ་བ་ནི་ཨོཾ་ཞེས་བྱ་བ་ལ་སོགས་པའི་གསང་སྔགས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཐབས་དགུ་ཅན་ཞེས་བྱ་བ་ནི། སྒེག་པ་དཔའ་བ་མི་སྡུག་པ། །དགོད་དང་ཁྲོ་དང་འཇིགས་རུང་དང་། །སྙིང་རྗེ་རྔམ་དང་ཞི་བ་ནི། །གར་ཐབས་དགུ་རུ་ཤེས་པར་བྱ། །ཞེས་བྱ་བ་སྟེ་ དེ་རྣམས་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། གདུལ་བྱ་རྣམས་ཀྱི་བསམ་པའི་བྱེ་བྲག་གིས་དེ་དག་དང་ལྡན་པས་དེ་སྐད་གསུངས་པ་ཡིན་ནོ། །ལྷ་དགུ་ཡིས་ནི་གནས་སུ་མཛད། །ཅེས་བྱ་བ་ནི་ལྷ་དགུས་བཞིར་མཛད་པའི་རྒྱལ་བའི་གནས་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དོན་གྱིས་ 61-1-209b ནི་འདི་སྐད་སྟོན་པ་ཡིན་ཏེ། ཨོཾ་ལས་སྤྱི་བོར་རྣམ་པར་སྣང་མཛད་དེ་སེར་པོ། ཙ་ལས་མིག་ཏུ་འཁོར་ལོས་སྒྱུར་བ་སྟེ་སེར་པོ། ལེ་ལས་མགྲིན་པར་མི་གཡོ་བ་སྟེ་ནག་པོ། ཙུ་ལས་སྙིང་གར་བཙུག་ན་ནོར་བུ་སྟེ་དམར་པོ། ལེ་ལས་དཔུང་མགོར་དོན་ཡོད་པའི་ཞགས་པ་སྟེ་ནག་པོ། ཙུ་ལས་ལྟ་བར་སྐུལ་བྱེད་མ་སྟེ་ དམར་པོ། དེ་ལས་བརླ་གཉིས་སུ་རྡོ་རྗེ་འཆང་བ་སྟེ་ནག་པོ། སྭཱ་ལས་བྱིན་པ་གཉིས་སུ་རལ་པ་གཅིག་མ་སྟེ་ནག་པོ། ཧཱ་ལས་རྐང་པ་གཉིས་ཀྱི་སྟེང་དུ་རྡོ་རྗེ་སེན་མོ་ཅན་དཀར་པོ་སྟེ་དེ་དག་བཞུགས་པའོ། །སྟོན་ཀའི་འདམ་བུའི་མདོག་ཅེས་བྱ་བ་ནི་སྐུ་མདོག་སྟོན་ཀའི་འདམ་བུའོ་ཞེས་བྱ་བའི་དོན་ཏོ། །ན་ ཆུང་སྐལ་ལྡན་དར་ལ་བབ། །ཅེས་བྱ་བ་ནི་ན་ཚོད་གཞོན་ཞིང་དར་ལ་བབ་པ་དང་ལྡན་པའོ། །རིག་སྔགས་ཐམས་ཅད་སྒྲོལ་མཛད་མ། །ཞེས་བྱ་བ་ནི་ལྷ་མོ་ཐམས་ཅད་ཀྱི་ནང་ན་ཡུམ་འདི་ནི་ཤིན་ཏུ་ཡང་སེམས་ཅན་རྣམས་སྒྲོལ་བར་མཛད་དོ་ཞེས་བྱ་བའི་དོན་ཏོ། །ཞལ་དང་པོ་ནི་སྐུ་མདོག་དང་མཐུན་ ལ་གཡས་གཡོན་ན་གནས་པའི་ཞལ་གཉིས་ཀྱི་སྐུ་མདོག་བསྟན་པ་ནི་ཞལ་དབུས་མ་ནི་སྐུའི་མདོག་ཅན་ཉིད་ཡིན་ཏེ་ཐམས་ཅད་དུ་ཡང་དེ་བཞིན་ནོ། །མཆེ་བ་ཟླ་བ་ཚེས་པ་འདྲ། །ཞེས་བྱ་བ་ནི་ཚེས་གཅིག་གི་ཟླ་བ་ལྟ་བུའོ། །ལྗགས་ནི་གློག་བཞིན་སྐྱོད་པར་མཛད། །ཅེས་བྱ་བ་ནི་ལྕེ་གློག་ལྟར་ གཡོ་བའོ། །ཚེམས་ཀྱིས་སྒྲོས་གནོན་རྣམ་པར་གདངས། །ཞེས་བྱ་བ་ནི་མ་མཆུའི་སྒྲོས་ཚེམས་ཀྱིས་མནན་པས་རྣམ་པར་གདངས་པ་ནི་ཅུང་ཟད་གདངས་པའོ། །རྩ་བའི་ཕྱག་རྒྱ་ཞེས་བྱ་བ་ནི་འོག་ནས་བཤད་པས་སོ། །སེ་གོལ་གཏོགས་ཞེས་བྱ་བ་ནི་བ་དན་གསུམ་པའི་ཕྱག་གིས་སེ་ གོལ་གཏོགས་པའི་ཚུལ་ལོ། །སྟོད་གཡོགས་པང་པར་རྣམ་པར་བཅིངས། །ཞེས་བྱ་བ་ནི་སྟེང་ནས་བླ་གོས་གྱོན་པ་པང་པར་བཅིངས་ཞེས་བྱ་བའི་དོན་ཏོ། །ཆོ་འཕྲུལ་རྣམ་པ་སྣ་ཚོགས་དང་། །ཞེས་བྱ་བ་ནི་ཀུན་བརྗོད་པ་ལ་སོགས་པའི་ཆོ་འཕྲུལ་རྣམ་པ་སྣ་ཚོགས་པ་གང་ཡིན་པ་དེ་དང་ ངོ་། །ཐལ་མོ་སྦྱོར་བར་བྱེད་ལ་རྩོན། །ཞེས་བྱ་བ་ནི་ཐལ་མོ་སྦྱོར་བའོ། །ལ་ལ་ན་རེ་ལག་པ་སྦྱར་བ་བྱས་པའོ། །ཞེས་ཟེར་རོ། །རྒྱལ་བ་མཐའ་ཡས་པ་ཞེས་བྱ་བ་ལ་སོགས་པ་ལ། རྒྱལ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། །མཐའ་ཡས་པ་ནི་ཚད་མེད་པའོ། ། 61-1-210a དེ་རྣམས་ཀྱི་ཡེ་ཤེས་ནི་ཆོས་ཀྱི་དབྱིངས་ལ་སོགས་པའི་ཡེ་ཤེས་ལྔ་སྟེ། དེ་ལས་བྱུང་བའི་བཅོམ་ལྡན་འདས་ཡུམ་སྐུལ་བྱེད་མ་ལ་ཡང་དེ་སྐད་ཅེས་བྱའོ། །དེ་ཉིད་ནི་སྟོབས་ཏེ་དེས་ལྷ་དགུའི་ཚོགས་ཀྱི་རྡོ་རྗེ་གདུག་པ་རྣམས་ལས་རྣམ་པར་རྒྱལ་བས་ན་དེ་སྐད་ཅེས་བྱ་སྟེ་དེ་ལ་དམིགས་ པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །གསེར་གྱི་མདོག་དང་ལྡན་ཞེས་བྱ་བ་ནི་སེར་པོའོ། །རོལ་སྟང་སྟབས་ཀྱིས་གནས་པས་གནོན། །ཞེས་བྱ་བ་ནི་རོལ་པའི་སྟང་སྟབས་ཀྱི་མཚན་ཉིད་ནི་སྔར་བཤད་པ་སྟེ་དེ་ཉིད་ནི་གཞིར་གྱུར་པས་གནས་ཏེ། དེས་གནོན་ཅིང་བདག་གིས་མཛད་པ་གང་ཡིན་ པ་དེ་ལ་དེ་སྐད་ཅེས་བྱ་སྟེ། རོལ་པའི་སྟང་སྟབས་ཀྱིས་བཞུགས་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་སྤྲིན་སྤྲོས་ཐོབ་པར་མཛད། །ཅེས་བྱ་བ་ནི་སངས་རྒྱས་ཀྱི་སྤྲིན་སྤྲོས་པས་ཐོབ་པར་མཛད་ཅེས་བྱ་བ་གདུལ་བྱའི་སྐྱེ་བོ་རྣམས་ཀྱི་ཡེ་ཤེས་སྐྱེད་པར་མཛད་པས་དེ་སྐད་ཅེས་བྱའོ། །ཆོས་མཛོད་ཅེས་བྱ་བ་ ནི་ཡེ་ཤེས་རིན་པོ་ཆེའི་འབྱུང་གནས་སུ་གྱུར་ཅེས་བྱ་བའི་དོན་ཏོ། །སངས་རྒྱས་རིན་ཆེན་ཞེས་བྱ་བ་ལ་སོགས་པ་ལ་སངས་རྒྱས་རྣམས་ཀྱི་སྤྲིན་ནི་ཚོགས་སོ། །སངས་རྒྱས་ཀྱི་སྤྲིན་དེའི་ཡེ་ཤེས་ཇི་སྐད་དུ་བཤད་པ་ནི་རྙེད་པར་དཀའ་བས་ན་རིན་པོ་ཆེ་སྟེ། སངས་རྒྱས་ཀྱི་སྤྲིན་ཡེ་ཤེས་དེ་ཉིད་ལ་དེ་སྐད་ ཅེས་བྱའོ། །དེས་སྔོན་གྱི་སྨོན་ལམ་ཉེ་བར་བསགས་པས་སྣང་བར་གྱུར་ཅིང་འགྲོ་བ་མ་ལུས་པའི་ཡིད་ལ་འདོད་པའི་དོན་རྫོགས་པར་མཛད་པ་ཉིད་དུ་སོ་སོར་སྣང་བར་བྱེད་པ་སྟེ་རིན་ཆེན་སྒྲོལ་མ་ལ་དེ་སྐད་ཅེས་བྱའོ། །དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །སྟོན་ཀའི་ཟླ་བའི་ འོད་དང་མཚུངས། །ཞེས་བྱ་བ་ནི་དཀར་བའོ། །པདྨ་ལ་བཞུགས་པ་ཞེས་བྱ་བ་ནི་པདྨ་དེ་ལ་བཞུགས་པའོ། །གལ་ཏེ་དེ་སྐད་བཤད་མོད་ཀྱི་འོན་ཀྱང་པདྨའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ཏེ་བསྐྱེད་པའི་རིམ་པ་ལས་བྱུང་བ་ཡིན་པའི་ཕྱིར་རོ། །རོལ་པའི་སྟང་སྟབས་བརྩོན་པ་སྟེ། །ཞེས་བྱ་བ་ནི་ རོལ་པའི་སྟང་སྟབས་ཀྱིས་དེ་ལ་བཞུགས་ནས་གདུག་པ་རྣམས་ཟློག་པར་མཛད་པ་ལ་རབ་ཏུ་འབད་པས་བརྩོན་པར་མཛད་པའོ། །རྣམ་པར་བལྟ་བ་ཞེས་བྱ་བ་ནི་ཕྱོགས་ཐམས་ཅད་དུ་གཟིགས་པའོ། །ཉལ་དང་ཞེས་བྱ་བ་ལ་འདིར་ནི་འཁོར་ལོའི་སྔགས་རྣམས་ཡིན་པར་ཤེས་པར་བྱ་སྟེ། 61-1-210b འདིས་ནི་མཉམ་པར་མ་གཞག་པའི་རྣལ་འབྱོར་གསུངས་པ་ཡིན་ནོ། །འཇིགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་སེར་སྣ་ཉེ་བར་བསགས་པས་རང་གི་སེམས་ཉིད་ཕྱི་དང་ནང་གི་བགེགས་རྣམས་སུ་སྣང་སྟེ་དེ་ལ་འཇིགས་པའོ། །དེ་འཇིགས་པ་ནི་ཉེ་བར་ཞི་བ་སྟེ། དེ་འཇིགས་པར་ནུས་པ་ནི་བདག་ དང་བདག་གིར་གཉིས་སུ་རྟོག་པ་ལ་ཀུན་དུ་སྤྱོད་པ་ལ་འདུག་པའི་སེར་སྣ་སྤོང་བར་ནུས་པའི་ཡེ་ཤེས་གང་ཡིན་པ་དེ་ཉིད་ནི་རྡོ་རྗེ་སྟེ། དེའི་ངོ་བོ་ཉིད་དུ་གྱུར་པ་ཉིད་དང་དེ་ཐོབ་པའི་ཐབས་ཀྱི་བདག་ཉིད་ཅན་དུ་གྱུར་པས་བཅོམ་ལྡན་འདས་ཡུམ་ཁྲོ་གཉེར་ཅན་ལ་ཡང་དེ་སྐད་ཅེས་བྱའོ། །དེ་ལ་དམིགས་ པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །ཐམས་ཅད་བཅིང་བ་བསྐྱེད་པས་ཏེ། །ཞེས་བྱ་བ་ནི་གདུག་པ་ཐམས་ཅད་ཀྱི་བཅིང་བ་སྟེ་བགེགས་བྱེད་པའི་ནུས་པ་མེད་པའོ། །དེ་སྐྱེད་པར་མཛད་པས་ན་དེ་སྐད་ཅེས་བྱའོ། །དེ་ཉིད་ཀྱིས་ན། སེམས་ཅན་མ་ལུས་དེས་འདུལ་བྱེད། ། ཅེས་བྱ་བ་གསུངས་ཏེ་འདི་ཡང་རོལ་པའི་སྟང་སྟབས་ཀྱིས་བཞུགས་པའོ། །རྡོ་རྗེ་ཞེས་བྱ་བ་ལ་སོགས་པའི་རྡོ་རྗེ་སྒྲོག་ནི་མི་ཤེས་པའི་མཚན་ཉིད་ཅན་ནོ། །དེའི་འགྲོ་བ་ནི་ཇི་ལྟར་བཅིངས་པ་འདི་རྣམ་པར་མི་ཤིགས་པར་འགྱུར་ཞེས་རྟོག་པ་སྟེ། བཅོམ་ལྡན་འདས་ཡུམ་རྡོ་རྗེ་ལུ་གུ་རྒྱུད་ལ་དེ་ སྐད་ཅེས་བྱ་སྟེ། དེ་ཉིད་ཡེ་ཤེས་རྡོ་རྗེའོ། །དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །ཐུབ་པ་སྐྱེས་མཆོག་ཅེས་བྱ་བ་ནི་བར་ཆད་མེད་པར་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་སྟེ། དེས་ན་དེ་བཞིན་གཤེགས་པ་རྣམས་ཀྱི་མཆོག་ཏུ་གྱུར་པའོ། །སེམས་ དཔའི་སྐྱིལ་མོ་ཀྲུང་དུ་བཞུགས། །ཞེས་བྱ་བ་ནི་སེམས་དཔའི་སྐྱིལ་མོ་ཀྲུང་གིས་གནས་པའོ། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི། །སྤྲིན་རྣམས་དེ་བཞིན་འཕྲོ་བར་མཛད། །ཅེས་བྱ་བ་ནི་སངས་རྒྱས་ཀྱི་རྣམ་པའི་སྤྲིན་རྣམས་ཀྱིས་ཁམས་གསུམ་ཁྱབ་པར་མཛད་པ་དང་དེ་བཞིན་དུ་ བྱང་ཆུབ་སེམས་དཔའི་སྤྲིན་རྣམས་ཀྱང་འཕྲོ་བར་མཛད་དོ་ཞེས་བྱ་བར་སྦྱར་ཏེ་བསྒོམ་པར་བྱའོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །བྱམས་པའི་ཞེས་བྱ་བ་ལ་སོགས་པ་ལ་བྱམས་པའི་སྟོབས་མངའ་བས་ན་བྱམས་པའི་སྟོབས་ཏེ་འཕགས་པ་བྱམས་པའོ། །ཡེ་ཤེས་ཉིད་ཀྱིས་བདུད་བཞི་ལས་ 61-1-211a རྒྱལ་བའི་མཚན་ཉིད་ཅན་ཡིན་པས་ན་རྣམ་པར་རྒྱལ་བ་སྟེ་དེ་ཉིད་ནི་རྡོ་རྗེའོ། །དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །ཤེས་རབ་ཡེ་ཤེས་མཆོག་ཐོབ་པ། །ཞེས་བྱ་བ་ནི་ཤེས་རབ་ཀྱི་མཆོག་ནི་ཆོས་བདག་མེད་པའི་མཚན་ཉིད་ཅན་ནོ། །ཟབ་མོའི་ཚུལ་ནི་སྟོན་པ་པོ། ། ཞེས་བྱ་བ་ནི་དངོས་པོ་རྣམས་གཉིས་སུ་མེད་པར་སྟོན་པའོ། །ཟུར་ཕུད་གསུམ་ཞེས་བྱ་བ་ནི་ཟུར་ཕུད་གསུམ་དང་ལྡན་པས་ན་དེ་སྐད་ཅེས་གསུངས་སོ། །འཇོ་སྒེག་ཐབས་ཀྱིས་རོལ་པ་སྟེ། །ཞེས་བྱ་བ་ནི་ཤས་ཆེར་སྒེག་པའི་སྟང་སྟབས་དང་ལྡན་པའོ། །ཤེས་རབ་འཆང་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པའི་གླེགས་བམ་བསྣམས་པའོ། །ཤེས་རབ་ཡོན་ཏན་མཆོག་གིས་བཀླུབས། །ཞེས་བྱ་བ་ནི་སྒྲུབ་པ་པོ་འཕགས་པ་འཇམ་དཔལ་ལྷའི་ང་རྒྱལ་གྱིས་བརྒྱན་པར་བྱས་པའོ། །སངས་རྒྱས་འདོད་པས་ཞེས་བྱ་བ་ནི་འཚང་རྒྱ་བར་ཡིད་ལ་འདོད་པས་སོ། །འཇམ་པའི་རབ་མཆོག་གི་ཞེས་བྱ་བ་ལ་སོགས་ པ་ལ་འཇམ་པ་ནི་བྱིས་པའི་ཆ་ལུགས་འཆང་བའོ། །དེ་ཉིད་ཕུལ་དུ་བྱུང་བས་ན་རབ་བོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངེས་པར་འབྱེད་པའི་ཤེས་རབ་དང་ཡེ་ཤེས་ཀྱི་ངོ་བོ་ཉིད་དུ་གྱུར་པས་ན་མཆོག་གོ། །ཤེས་རབ་དང་ཡེ་ཤེས་ནི་གཉིས་ཀྱིས་རྣམ་པར་དབེན་པའི་ཤེས་རབ་དང་ཡེ་ཤེས་སོ། ། རྣམ་པར་རྟོག་པ་ཐམས་ཅད་འཇིག་པས་ན་རྡོ་རྗེ་སྟེ་དེ་རྟོགས་པའི་ཚུལ་གྱིས་སྣང་ཞིང་རབ་ཏུ་གསལ་བས་ན་བྱང་ཆུབ་སེམས་དཔའ་འཇམ་དཔལ་དེ་ལ་དེ་སྐད་ཅེས་བྱའོ། །དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །དེ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་འདིས་ནི་བྱང་ཆུབ་སེམས་ དཔའ་ལྷག་མ་རྣམས་བསྟན་པ་ཡིན་ནོ། །གྲངས་མེད་པ་ཞེས་བྱ་བ་ནི་ཚིག་འདི་གྲངས་མེད་པ་ཉིད་སྟོན་པ་ནི་མ་ཡིན་གྱི་འོན་ཀྱང་མང་པོ་སྟོན་པ་སྟེ། དེ་རྣམས་ནི་བཞིས་མ་ཚང་བའི་བྱང་ཆུབ་སེམས་དཔའ་སྟོང་ཡོད་པར་ཤེས་པར་བྱའོ། །ས་བོན་ཡིག་འབྲུ་རྣམས་ལས་འཁྲུངས། །ཞེས་བྱ་བ་ནི་ མིང་གི་ཡི་གེའི་དང་པོ་ལས་བྱུང་བའོ། །ཡེ་ཤེས་ཕྱག་རྒྱའི་སྦྱོར་བ་ཅན། །ཞེས་བྱ་བ་ནི་ཟླ་བ་དང་རྡོ་རྗེ་ལ་སོགས་པ་བསྒོམ་པའི་རིམ་པ་དང་ལྡན་པའོ། །སྣ་ཚོགས་ཉམས་ཀྱིས་དགའ་བར་མཛད། །ཅེས་བྱ་བ་ནི་སྒེག་པ་ལ་སོགས་པའི་གར་གྱི་ཉམས་ཀྱིས་དེ་ལ་མངོན་པར་ཞེན་པ་ 61-1-211b རྣམས་གར་སྟབས་ཀྱིས་ཉམས་དེ་དང་དེས་དགའ་བ་སྐྱེད་པར་མཛད་ཅེས་བྱ་བའི་དོན་ཏོ། །གསང་སྔགས་ཟློས་པས་བསྒོམ་པར་བྱ། །ཞེས་བྱ་བ་ནི་འདིར་བྱེད་པའི་ཚིག་མེད་པར་བྱས་ནས་མཚམས་སྦྱར་ཏེ། ས་བོན་ཡིག་འབྲུ་རྣམས་ལས་འཁྲུངས། །ཞེས་བྱ་བ་དང་། སངས་རྒྱས་ལ་ སོགས་པ་སྤྲོས་ཏེ། །སོ་སོའི་སྔགས་བརྗོད་པ་ནི་ཡི་གེ་དེ་ལས་སྤྲོ་བ་དང་བསྡུ་བ་དང་གནས་དང་བརྟན་པར་གྱུར་པར་རྣལ་འབྱོར་པ་རྣམས་ཀྱིས་རྟག་ཏུ་དྲན་ཞིང་བསྒོམ་པར་བྱའོ། །འདིར་བསྒྲེས་ཏེ་བསྟན་པའི་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་ཕྱག་དང་པོ་གཉིས་ནི་བསམ་གཏན་གྱི་ཕྱག་ རྒྱར་བྱའོ། །གཡས་ཀྱི་གཉིས་པས་ནི་མཆོག་སྦྱིན་པའོ། །གཡོན་གྱི་གཉིས་པས་ནི་རང་གི་ཕྱག་རྒྱ་རྒྱལ་མཚན་འཛིན་པར་བྱའོ་ཞེས་བྱ་བ་ནི་མན་ངག་གོ། །འཇམ་པའི་དབྱངས་ཀྱི་ཞེས་བྱ་བ་ནི་དེ་དང་འབྲེལ་པའོ། །གཟི་བརྗིད་དང་ལྡན་ཞེས་བྱ་བ་ནི་འབར་མ་སྟེ་ཞེས་བྱ་བ་དང་སྦྱར་ཏེ། ཉི་མའི་དཀྱིལ་ འཁོར་གྱི་འོད་དང་གདན་དུ་ལྡན་པས་ན་དེ་སྐད་ཅེས་གསུངས་སོ། །མདོག་ནི་དབྱར་གྱི་ཆར་སྤྲིན་འདྲ། །ཞེས་བྱ་བ་ནི་སྐུ་མདོག་སྔོ་ནག་གོ། །སྦྲུལ་གྱི་རྒྱན་གྱིས་བརྒྱན་པ་སྟེ། །ཞེས་བྱ་བ་ནི་མཐའ་ཡས་དང་རིག་ལྡན་ནག་པོས་དབུ་སྐྲ་བཅིངས་པ་འཇོག་པོ་གསེར་མདོག་དང་ལྡན་པས་ནི་རྣ་རྒྱན་ བྱས་པ། པདྨ་ཆེན་པོ་གསེར་བཙོ་མའི་མདོག་དང་ལྡན་པས་ནི་ལག་གདུབ་བྱས་པ། ཀརྐོ་ཊ་མདོག་དཀར་བས་ནི་སེ་རལ་ཁར་བྱས་པ། ནོར་ཅན་མདོག་པདྨ་དམར་པོ་ལྟ་བུས་ནི་སྐ་རགས་བྱས་ལ། དུང་སྐྱོང་དང་པདྨ་མདོག་དཀར་བ་དང་དམར་བས་རྐང་གདུབ་བྱས་པ་སྟེ་དེ་དག་ཐམས་ཅད་ཀྱང་ གདེངས་ཀ་བསྐྱིལ་པ་དང་ནོར་བུ་དང་ལྡན་པའོ། །རོལ་པའི་སྟང་སྟབས་ཅན་ཞེས་བྱ་བ་ནི་རོལ་པའི་སྟང་སྟབས་དང་ལྡན་པས་ན་དེ་སྐད་ཅེས་བྱའོ། །མ་ཧེ་ཆིབས་ཞེས་བྱ་བ་ནི་འདི་སྐད་གསུངས་སུ་ཟིན་ཀྱང་རྒྱུད་ཆེན་པོའི་རྗེས་སུ་འབྲངས་ནས་མ་ཧེས་ཉེ་བར་མཚོན་པ་གཤིན་རྗེ་ཆུང་མ་དང་བཅས་པ་ཡིན་ པར་ཤེས་པར་བྱའོ། །དེའི་ཞེས་བྱ་བ་ནི་མ་ཧེས་ཉེ་བར་མཚོན་པས་གཤིན་རྗེའོ། །དབུ་ཡི་སྟེང་ན་མི་འཁྲུགས་བཞུགས། །ཞེས་བྱ་བ་ནི་མི་བསྐྱོད་པའི་དབུའི་སྟེང་ན་བཞུགས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །སྟེང་ན་སྐུ་གསུམ་ཞེས་བྱ་བ་ལ་སོགས་པ་ནི་སྟེང་གི་ཆར་སྐུ་གསུམ་གྱི་བདག་ 61-1-212a ཉིད་དུ་གནས་པ་འཇམ་དཔལ་གྱིས་ལེགས་པར་བརྒྱན་པར་བྱས་པ་ལ་དེའི་འོག་ཏུ་མི་བསྐྱོད་པའོ། །མདའ་ཡང་གསོར་ཞེས་བྱ་བ་ནི་མདའ་གསོར་བར་མཛད་པའོ། །གཡོན་པ་སྡིགས་མཛུབ་ཞགས་པ་ཅན། །ཞེས་བྱ་བ་ནི་གཡོན་པ་རྡོ་རྗེ་ཁུ་ཚུར་ལ་མཛུབ་མོ་བསྒྲེང་བས་ཞགས་པ་འཛིན་ པའོ། །ལྷ་མོ་ཡིས་ནི་གཡས་ནས་འཁྱུད། །ཅེས་བྱ་བ་ལ་སོགས་པ་ལ་གཡས་ལོགས་ན་གནས་པའི་ལྷ་མོ་མདོག་དེ་ཉིད་དང་འདྲ་བས་གཡོན་གྱིས་འཁྱུད་པའོ། །ལྷ་མོ་དེའི་གཡས་ན་ཨུཏྤལ་སྔོན་པོ་འཛིན་པའོ། །གཡོན་པ་ཞེས་བྱ་བ་ལ་སོགས་པ་ལ་གཡོན་ལོགས་ན་གནས་པའི་ལྷ་མོས་ གཡས་ཀྱིས་འཁྱུད་ལ་དེའི་གཡོན་ནི་པདྨ་དཀར་པོ་ཐོགས་པའོ། །སྡར་མ་བྱེད་ནས་ཕྱག་ཀྱང་འཚལ། །ཞེས་བྱ་བ་ནི་འཇིགས་ཤིང་བྲེད་ནས་ཕྱག་འཚལ་ཞིང་མགོ་བཏུད་པ་སྟེ། དེ་ཉིད་ཀྱིས་ན་སྡར་མ་སྟེ་མྱོས་པར་གྱུར་པའོ། །འོད་ཟེར་དམར་པོ་འབར་དང་བཅས། །ཞེས་བྱ་བ་ནི་འོད་ཟེར་དམར་བ་སྟེ་ དེ་ཉིད་ཀྱིས་ན་འབར་བ་དང་བཅས་པའི་འོད་ཀྱི་དཀྱིལ་འཁོར་གྱིས་བསྐོར་བའོ། །སངས་རྒྱས་སྤྲིན་འཕྲོས་ཐོབ་པར་མཛད། །ཅེས་བྱ་བ་ནི་སངས་རྒྱས་ཀྱི་སྤྲིན་རྣམས་འཕྲོ་བས་མངོན་པར་འདོད་པའི་དོན་གདུལ་བྱའི་སྐྱེ་བོ་རྣམས་ཀྱིས་ཀུན་ནས་ཐོབ་ཅིང་རྙེད་པར་མཛད་པས་ན་སངས་རྒྱས་སྤྲིན་འཕྲོས་ཐོབ་པར་ མཛད་དེ་སྤྲུལ་པའི་སྤྲིན་གྱིས་སེམས་ཅན་དོན་མཛད་ཅེས་བྱ་བའི་དོན་ཏོ། །བསྒོམས་ནས་སུ་ཞེས་བྱ་བ་ནི་འདིར་ཇི་སྐད་དུ་གསུངས་པའི་མཚན་ཉིད་དང་ལྡན་པར་བསྒོམས་པ་འདི་བདག་པོར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །ཉལ་ལམ་ཞེས་བྱ་བ་ནི་ཡང་གི་སྒྲས་ནི་བསྡད་པའམ་སྡོད་པར་ཤེས་པར་བྱའོ། ། ཀུན་དུ་ཟོས་ཤིང་ཞེས་བྱ་བ་འདིས་ནི་བཟའ་བར་བྱ་བའི་དམ་ཚིག་བསྟན་ཏོ། །ལེགས་པར་བསམས་ཏེ་ཞེས་བྱ་བ་ནི་གདུག་པ་རྣམས་ཚར་གཅོད་ཅིང་འཇིག་པའོ། །འདོད་པ་ལྔའི་ཞེས་བྱ་བ་ལ་སོགས་པ་ལ་རྣམ་པར་སྣང་མཛད་དང་རིན་ཆེན་འབྱུང་ལྡན་དང་། །སྣང་བ་མཐའ་ཡས་དང་དོན་ཡོད་ གྲུབ་པ་དང་། མི་བསྐྱོད་པའི་བདག་ཉིད་ཅན་གྱི་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱའི་མཚན་ཉིད་ཅན་གྱི་འདོད་པའི་བདག་ཉིད་སྒྱུ་མའི་སྐྱེས་བུ་ལྟ་བུའམ་མ་སྐྱེས་པར་མོས་པ་སྔོན་དུ་འགྲོ་བས་དེ་བཞིན་གཤེགས་པ་ལ་སོགས་པ་མཆོད་པའི་ཡིད་ལ་བྱེད་པས་ཉེ་བར་ལོངས་སྤྱོད་ན་གོས་པ་མེད་ཅིང་ 61-1-212b སྡིག་པའི་སྣོད་དུ་མི་འགྱུར་རོ། །དེ་བས་ན་ཆོས་ཐམས་ཅད་ལ་བརྟེན་པ་མེད་པས་ན་ནམ་མཁའ་ལྟ་བུར་ཞེས་གསུངས་པ་ཡིན་ནོ། །དེ་སྐད་དུ་གཞན་དག་ལས་ཀྱང་། ཆགས་པ་ཡེ་ཤེས་འདོད་པ་ཡིས། །རྟག་ཏུ་འདོད་པའི་ཡོན་ཏན་བསྟེན། །བྱང་ཆུབ་སེམས་དཔའ་མཉེས་པར་བྱ། །བྱང་ཆུབ་དཔའ་བོ་ ཆགས་པས་བྱ། །གཟུགས་ལ་རྣམ་གསུམ་ཤེས་བྱས་ནས། །མཆོད་པ་བྱེད་པས་མཆོད་པར་བྱ། །བཅོམ་ལྡན་དེ་ཉིད་སྣ་ཚོགས་པ། །སངས་རྒྱས་རྣམ་པར་སྣང་མཛད་བཞི། །སྒྲ་ལ་རྣམ་གསུམ་ཤེས་བྱས་ནས། །ལྷ་རྣམས་ལ་ནི་དབུལ་བར་བྱ། །དེ་ཉིད་བཅོམ་ལྡན་སྣ་ཚོགས་པ། །སངས་ རྒྱས་རིན་ཆེན་འབྱུང་གནས་གཙོ། །དྲི་ལ་རྣམ་གསུམ་ཤེས་བྱས་ནས། །སངས་རྒྱས་ལ་སོགས་དབུལ་བར་བྱ། །དེ་ཉིད་བཅོམ་ལྡན་སྣ་ཚོགས་པ། །འདོད་ཆགས་ཆོས་ཀྱི་འབྱུང་གནས་གཙོ། །རོ་ལ་རྣམ་གསུམ་ཤེས་བྱས་ནས། །ལྷ་རྣམས་ལ་ནི་དབུལ་བར་བྱ། །དེ་ཉིད་སངས་རྒྱས་སྣ་ ཚོགས་པ། །སངས་རྒྱས་ཐོགས་མེད་རྡོ་རྗེ་འཛིན། །རེག་ལ་རྣམ་གསུམ་ཤེས་བྱས་ནས། །བདག་གི་རིགས་ལ་དབུལ་བར་བྱ། །དེ་ཉིད་བཅོམ་ལྡན་རྡོ་རྗེ་ཅན། །མི་བསྐྱོད་པ་ཡི་ཚུལ་བརྙེས་པའོ། །གཟུགས་དང་སྒྲ་དང་རོ་ལ་སོགས། །རྟག་ཏུ་སེམས་ནི་སྦྱར་བར་བྱ། །འདི་ནི་སངས་རྒྱས་ ཐམས་ཅད་ཀྱི། །གསང་བ་སྙིང་པོ་བསྡུས་པའོ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གཤེད་བྱེད་ཅེས་བྱ་བ་ལ་སོགས་པ་ལ་གཤེད་བྱེད་ནི་འཕྲོག་པའི་བདག་ཉིད་དོ། །དེ་ཉིད་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་བྱེད་པའམ། གདུག་པ་རྣམས་འཇོམས་པའི་ཕྱིར་སློང་བར་ བྱེད་པས་ན་གཤེད་བྱེད་ཐམས་ཅད་སློང་བར་བྱེད་པའོ། །དེ་ཉིད་ནི་ཐོགས་པ་མེད་པའི་ཕྱིར་ཡེ་ཤེས་ཀྱང་ཡིན་ལ་རྡོ་རྗེ་ཡང་ཡིན་པས་དེ་སྐད་ཅེས་བྱའོ། །ཡང་ན་གཤེད་བྱེད་ཐམས་ཅད་སློང་བར་བྱེད་ཅིང་སྐྱེད་པར་བྱེད་པའི་ཡེ་ཤེས་རྡོ་རྗེ་ཡིན་པས་དེ་སྐད་ཅེས་བྱའོ། །བཅོམ་ལྡན་འདས་དེ་ཉིད་ཀྱིས་ གཤིན་རྗེར་འཇིག་རྟེན་དུ་གྲགས་པ་གསོད་པ་ནི་ཟློག་པར་མཛད་པ་སྟེ། འདུལ་བའི་ཐབས་དང་བཅས་པས་ཉོན་མོངས་པའི་གནས་ལས་བཟློག་སྟེ། དེ་བཞིན་གཤེགས་པའི་ལམ་ལ་འཇུག་པར་མཛད་པས་དེ་སྐད་ཅེས་བྱའོ། །དེ་ལ་དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། ། 61-1-213a མིའུ་ཐུང་ཞེས་བྱ་བ་ནི་མི་ཐུང་གི་ཁྱད་པར་དང་ལྡན་པའོ། །འོད་ཟེར་དམར་པོའི་དཀྱིལ་འཁོར་ཏེ་ཉི་མའི་དཀྱིལ་འཁོར་རོ། །དེའི་འོད་ཟེར་དེ་ལ་མངའ་བས་ན་དེ་སྐད་ཅེས་བྱ་སྟེ། འོད་ཀྱི་དཀྱིལ་འཁོར་དམར་པོ་རབ་འཕྲོ་བ། །ཞེས་བྱ་བའི་དོན་ཏོ། །རོལ་པའི་སྟབས་ཀྱིས་པདྨར་བཞུགས་ ཞེས་བྱ་བ་ལ་རོལ་པའི་སྟང་སྟབས་ཀྱིས་པདྨའི་གདན་ལ་བཞུགས་པས་དེ་སྐད་ཅེས་བྱའོ། །ཤེས་རབ་མཐར་བྱེད་ཅེས་བྱ་བའི་དོན་གྱིས་ན་པདྨའི་སྟེང་ན་ཁྱབ་འཇུག་ཆུང་མ་དང་བཅས་པ་དེའི་སྟེང་ན་བཅོམ་ལྡན་འདས་ཇི་ལྟ་བ་བཞིན་དུ་བཞུགས་པའོ། །རྣམ་པར་འགྱུར་ཞེས་བྱ་བ་ནི་ཞལ་གྱི་མཆེ་བ་གཙིགས་པའོ། ། ཚེམས་ཀྱིས་སྒྲོས་ཀྱང་མནན་ཞེས་བྱ་བ་ནི་མཆེ་བས་མ་མཆུའི་སྒྲོས་གནོན་པར་མཛད་པ་སྟེ། ཞལ་གསུམ་ལས་གཡོན་གྱི་ཞལ་སྟེང་གི་ཚེམས་ཀྱིས་སྒྲོས་མནན་པའོ། །སྣ་ཚོགས་རྒྱན་གྱིས་འབར་བ་སྟེ། །ཞེས་བྱ་བ་ནི་སྣ་ཚོགས་པ་ནི་སྒེག་པ་ལ་སོགས་པས་ཡན་ལག་འགྱུར་བར་བྱེད་པའི་གར་སྟབས་རྣམས་དང་ ལྡན་པས་འབར་བའོ། །སྤྱི་བོའི་སྟེང་ནི་སྤྱི་གཙུག་གོ། །དངོས་པོ་བསྒོམ་བྱས་ན་ཞེས་བྱ་བ་ནི་རབ་ཏུ་དང་ཞིང་མོས་པའི་རྗེས་སུ་འགྲོ་བའི་བསམ་པས་བསྒོམ་པའོ། །གཞན་གྱིས་མི་ཐུབ་པ་ཞེས་བྱ་བ་ལ་སོགས་པ་ལ་གདུག་པ་ཐམས་ཅད་ཟིལ་གྱིས་མནན་པ་གང་གིས་ཀྱང་མི་ཐུབ་པས་གཞན་གྱིས་མི་ ཐུབ་པ་སྟེ། དེ་ཉིད་ཡེ་ཤེས་ཀྱི་རྡོ་རྗེའོ། །དམིགས་པ་ཞེས་བྱ་བ་ནི་སོགས་པའི་དོན་ནི་བཤད་ཟིན་ཏོ། །སྤྱན་གསུམ་པ་ཞེས་བྱ་བ་འདིར་ལྡན་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །རོལ་པའི་སྟབས་ཀྱིས་པདྨར་ཞུགས། །ཞེས་བྱ་བ་ནི་བཤད་ཟིན་ཏོ། །དེ་ལྟ་མོད་ཀྱི་པདྨ་མཐར་བྱེད་ཅེས་བྱ་བའི་ དོན་གྱི་རྗེས་སུ་འབྲངས་ནས་པདྨའི་སྟེང་ན་ཚངས་པ་ཆུང་མ་དང་བཅས་པ་དེའི་སྟེང་ན་བཅོམ་ལྡན་འདས་ཇི་ལྟ་བ་བཞིན་དུ་བཞུགས་པའོ། །ཁྲོ་བོའི་ལྟ་བས་རྟོག་པར་མཛད། །ཅེས་བྱ་བ་ནི། ཁྲོ་གཉེར་བསྙེར་བས་རབ་ཏུ་འཇིགས། །ཁྲོ་བོའི་ལྟ་བས་རབ་ཏུ་འཛུམ། །ཁྲོ་བོའི་ལྟ་བས་མཉམ་ གཞག་ན། །ཁམས་གསུམ་དག་ཀྱང་འཇིགས་པར་བྱེད། །ཅེས་བཤད་པ་ནི་ཁྲོ་བོའི་ལྟ་བའི་མཚན་ཉིད་དེ་དེས་གཟིགས་པར་མཛད་པས་ན། ཁྲོ་བོའི་ལྟ་བས་རྟོག་མཛད་པ། །ཞེས་བྱའོ། །ལྗགས་ནི་བསྐྱོད་མཛད་ལ་ཞེས་བྱ་བ་ནི་ལྗགས་སྐྱོད་པར་མཛད་ཅིང་འཇིགས་པས་ན་ལྗགས་ནི་སྐྱོད་པར་ 61-1-213b མཛད་པའོ། །སངས་རྒྱས་གཟུགས་ནི་མང་པོ་དག །ཅེས་བྱ་བ་ནི་སངས་རྒྱས་ཀྱི་སྐུ་དུ་མ་དག་འཕྲོ་བར་བྱེད་པ་ལ་སོགས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །འཕྲོ་ཞིང་འདུ་བར་ཞེས་བྱ་བ། །ཉེ་བར་མཚོན་པས་ན་འཕྲོ་བ་དང་བསྡུ་བ་དང་གནས་པ་དང་བརྟན་པར་བྱའོ། །བསྒོམས་བྱས་ནས་ཞེས་ བྱ་བ་ནི་འདིར་ཐུན་གསུམ་དུ་གོམས་པར་བྱའོ་ཞེས་སྦྱར་བར་བྱའོ། །རྟ་མཆོག་ཅེས་བྱ་བ་ལ་སོགས་པ་ལ་རབ་མཆོག་ཏུ་གྱུར་པའི་རྟ་མཆོག་ཐམས་ཅད་འཇོམས་པར་བྱེད་པའི་ངོ་བོ་ཉིད་དུ་དབུ་གསུམ་གྱི་སྟེང་དུ་འཇོག་པར་མཛད་པས་ན་རྟ་མཆོག་སྟེ་དེ་ཉིད་ནི་ཡེ་ཤེས་ཀྱི་རྡོ་རྗེའོ། །དམིགས་པ་ཞེས་བྱ་བ་ལ་ སོགས་པའི་དོན་ནི་བཤད་ཟིན་ཏོ། །བགེགས་ཀྱི་གཤེད་ཅེས་བྱ་བ་ནི་དངོས་གྲུབ་མ་ལུས་པའི་བགེགས་སུ་གྱུར་པ་འཇོམས་པའོ། །མེ་ཡི་དཀྱིལ་འཁོར་བཞུགས་ཞེས་བྱ་བ་ནི་འབར་བའི་དཀྱིལ་འཁོར་གྱིས་བསྐོར་བའོ། །ཨུཏྤལ་སྔོན་པོའི་འདབ་མའི་མདོག །ཅེས་བྱ་བ་ནི་ཨུཏྤལ་སྔོན་པོའི་འདབ་མ་ ལྟ་བུའི་མདོག་དང་གཟི་མདངས་ཡོད་པས་ན་དེ་སྐད་ཅེས་བྱ་བ་སྟེ་སྐུ་མདོག་སྔོན་པོ་ཞེས་བྱ་བའི་དོན་ཏོ། །ཞབས་ཀྱིས་བགེགས་ནི་མནན་པ་སྟེ། །ཞེས་བྱ་བ་ནི་ཞབས་གཡོན་པས་པདྨའི་སྟེང་ན་ཚོགས་ཀྱི་བདག་པོ་གནས་པ་གནོན་པར་མཛད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །གཉིས་པ་པདྨའི་སྟེང་ན་ བཞུགས། །ཞེས་བྱ་བ་ནི་བཅོམ་ལྡན་འདས་དེ་ཉིད་ཀྱི་གཉིས་པ་སྟེ་ཞབས་གཡས་པ་པདྨ་ལ་འཇོག་པར་མཛད་པས་ན་བཅོམ་ལྡན་འདས་འདི་ཡང་རོལ་པའི་སྟབས་ཀྱིས་པདྨ་ལ་བཞུགས་པར་བསྒོམ་པར་བྱའོ་ཞེས་འདིར་ཡང་སྔ་མ་བཞིན་ནོ། །ཡེ་ཤེས་མཁས་པས་ཞེས་བྱ་བ་ནི་བསྒོམ་པའི་ཡེ་ཤེས་ལ་ མཁས་པའོ། །བགེགས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་བགེགས་ཐམས་ཅད་རྣམ་པར་གཞོམ་པ་ནི་རྣམ་པར་འཇིག་པ་སྟེ། དེས་རྣམ་པར་རྒྱལ་བ་མངའ་བས་ན་དེ་སྐད་ཅེས་བྱ་སྟེ་དེ་ཉིད་ནི་ཡེ་ཤེས་རྡོ་རྗེའོ། །དེ་ལ་དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །མིག་གཡོན་ཞེས་ བྱ་བ་ནི་གཡོན་པ་ཡོ་བའོ། །ཧཱུཾ་གིས་སྙིང་གའི་ཕྱོགས་ཀྱང་བཀང་། །ཞེས་བྱ་བ་ནི་སྙིང་གའི་ཕྱོགས་ན་གནས་པའི་ཡི་གེ་ཧཱུཾ་གི་སྒྲས་ལུས་ཁྱབ་པའོ། །མཐིང་ཤུན་གྱི་ནི་མདོག་ཅན་ཏེ། །ཞེས་བྱ་བ་ནི་ཁ་དོག་གཞན་དང་ཤིན་ཏུ་མ་འདྲེས་པའི་མཐིང་གི་མདོག་ཅན་ནོ། །ཐུབ་པ་ནི་མི་དགེ་ 61-1-214a བ་རྣམས་རྣམ་པ་ཐམས་ཅད་དུ་སྡོམ་པའི་བདག་ཉིད་དུ་གྱུར་པའི་ཕྱིར་རོ། །བགེགས་ཀྱི་ཆུ་མཛིངས་ཞེས་བྱ་བ་ལ་སོགས་པ་ལམ་རིག་པའི་མུན་པས་ཉེ་བར་བསགས་པའི་སེམས་ཀྱི་རྒྱུན་རྣམ་པར་སྦྱོང་བར་མཛད་པས་བགེགས་ཀྱི་ཆུ་བོའི་མཛིངས་འཇོམས་པའོ། །སྤྱན་གཡོ་བ་ནི་ཕྱོགས་ ཐམས་ཅད་དུ་ལེགས་པར་གཟིགས་པ་ལ་བརྩོན་པའོ། །དེ་ཉིད་ཉི་མའི་དཀྱིལ་འཁོར་དང་ལྡན་པས་ན་འབར་བའོ། །ཆད་པས་བཟུང་སྟེ་བལྟ་བ་དང་། །ཞེས་པ་ནི་ཁུ་ཚུར་དམ་དུ་བཅས་པས་དམ་དུ་བཟུང་བའོ། །སྣ་ཚོགས་ཞེས་བྱ་བ་ལ་སོགས་པ་ལ་དུས་ཐམས་ཅད་པའི་མེ་ཏོག་སྣ་ཚོགས་པ་ ཆུ་ལས་སྐྱེས་པ་དང་ཐང་ལས་སྐྱེས་པའི་མཆོག་རྣམས་ཁྱད་པར་དུ་སྤེལ་ཞིང་བཀོད་པས་བཅིངས་ཤིང་དཀྲིས་པ་སྟེ། དེས་རྩ་བར་བཅིངས་པའི་ཅོད་པན་གྱི་དབུ་རྒྱན་རིན་པོ་ཆེ་ལས་བྱས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་ལ། དེ་མངའ་བས་ནི་བཅོམ་ལྡན་འདས་མི་གཡོ་མགོན་ལ་ཡང་དེ་སྐད་ཅེས་བྱ་སྟེ། དབུའི་སྟེང་དུ་དུས་ཐམས་ཅད་པའི་མེ་ཏོག་གི་ཕྲེང་བས་དབུ་རྒྱན་བྱས་པའོ། །ཆོ་འཕྲུལ་ཆེན་པོ་དུ་མ་འཕྲོ། །ཞེས་བྱ་བ་ནི་གདུལ་བྱ་རྣམས་མོས་པར་བྱེད་པའི་ཕྱིར་རྫུ་འཕྲུལ་ལ་སོགས་པ་དང་ལྡན་པའོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །དེ་ལྟར་ཞེས་བྱ་བ་ནི་དེ་བཞིན་དུའོ། །རྟག་ཏུ་ཞེས་བྱ་བ་ ནི་རྣལ་འབྱོར་པ་གང་དུས་ཐམས་ཅད་དུ་སྤྱོད་ལམ་རྣམ་བཞིར་བསྒོམ་མོ་ཞེས་བྱ་བའི་བར་རོ། །སྒོམ་པར་བྱེད་ཅེས་བྱ་བ་ནི་འདིར་འདི་ལྟར་རོ། །བླ་ན་མེད་པའི་ཞེས་བྱ་བ་ལ་སོགས་པ་ལ་ཆོས་ཐམས་ཅད་ཕྱིན་ཅི་མ་ལོགས་པར་ཁོང་དུ་ཆུད་པ་ནི་བྱང་ཆུབ་པའོ། །དེ་ལས་ཁྱད་པར་དུ་གྱུར་པ་གཞན་མེད་ པས་དེ་ཉིད་ནི་བླ་ན་མེད་པའོ། །ཐེམ་སྐས་ལ་ནི་འཛེག་པར་འགྱུར། །ཞེས་བྱ་བ་ནི་སེམས་ཀྱི་རྒྱུན་འཕགས་པའི་ལམ་ལ་འཛེགས་པས་གནས་པ་སྟེ། འདི་དག་གིས་ནི་བྱང་ཆུབ་རབ་ཏུ་འབད་པས་བསྒྲུབ་པར་བྱའོ་ཞེས་བསྟན་ཏོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ཐམས་ ཅད་ཀྱི་བཀའ་བཞིན་བྱེད་པ་ནི་སྒྲུབ་པ་པོ་མ་ལུས་པའི་མངོན་པར་འདོད་པའི་དངོས་གྲུབ་སྩོལ་བའི་ཕྱིར་སད་པར་མཛད་པའོ། །དེ་ལ་མི་གཡོ་བ་ནི་མི་འགུལ་བའོ། །ཡེ་ཤེས་ནི་དེ་བཞིན་གཤེགས་པའི་གང་ཡིན་པ་དེ་ལ་དེས་རྣམ་པར་བསྒྱིངས་པ་ནི་སེམས་ཅན་མ་ལུས་པའི་དོན་རྫོགས་པར་མཛད་པའོ། ། 61-1-214b དེ་རྣམ་པར་རོལ་པ་མངའ་བས་ན་བཅོམ་ལྡན་འདས་མི་གཡོ་བ་ལ་དེ་སྐད་ཅེས་བྱ་སྟེ་དེ་ཉིད་རྡོ་རྗེའོ། །དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །མིང་ནི་འདོད་པའི་དབང་ཕྱུག་སྟེ། །ཞེས་བྱ་བ་ནི། ཊཀྐིའི་འདོད་པ་ཡིན་པར་གྲགས། །ཞེས་གསུངས་པས་ན་འདོད་པ་མ་ལུས་པའི་བདག་པོར་གྱུར་ པས་ན་མཚན་དེ་ལྟར་བསྒྲགས་ཞེས་ཚིག་འོག་མ་དང་སྦྱར་རོ། །དབུ་རྒྱན་སངས་རྒྱས་ཀྱིས་བརྒྱན་པའི། །ཞེས་བྱ་བ་ནི་སངས་རྒྱས་མི་བསྐྱོད་པའི་དབུ་རྒྱན་གྱི་ཅོད་པན་དང་ལྡན་པ་སྟེ་གཙོ་བོའི་རིན་པོ་ཆེའི་དབུ་རྒྱན་གྱིས་བརྒྱན་པའོ། །དཔྲལ་བར་ཁྲོ་གཉེར་བསྡུས་མཛད་པ། །ཞེས་བྱ་བ་ནི་དཔྲལ་བ་ནི་ སྨིན་མའི་བར་དུ་ཁྲོ་གཉེར་བསྡུས་པར་མཛད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །འབར་བ་སྟེ་ཞེས་བྱ་བ་ནི་དངོས་པོ་ཁྱད་པར་ཅན་དང་ལྡན་པས་དེ་སྐད་ཅེས་བྱའོ། །དཀྱིལ་འཁོར་དམར་པོ་ཞེས་བྱ་བ་ནི་ཉི་མའི་དཀྱིལ་འཁོར་རོ། །འདོད་པའི་རྒྱལ་པོའི་ཕྱག་རྒྱ་ནི་འོག་ནས་ཆད་དོ། །རོལ་པའི་སྟབས་ནི་ རོལ་པའི་སྟང་སྟབས་མཛད་པའོ། །འོག་གི་བགེགས་ལ་སྡང་བར་མཛད། །ཅེས་བྱ་བ་ནི་འོག་གི་བགེགས་རྣམས་སྐྲག་པར་མཛད་པའོ། །སངས་རྒྱས་སྤྲོས་པས་ཀུན་དུ་ཁྱབ། །ཅེས་བྱ་བ་ནི་སངས་རྒྱས་རྣམས་ཀྱི་ཁྲོ་བས་ཀུན་དུ་འཁྲིགས་པས་ལུས་ལ་ཁྱབ་པའོ། །བླ་མེད་ཡེ་ཤེས་ཐོབ་བྱའི་ཕྱིར། ། ཞེས་བྱ་བ་ནི་ཐམས་ཅད་ལ་མཆོག་ཏུ་གྱུར་པའི་ཡེ་ཤེས་ཐོབ་པའི་དོན་དུའོ། །ཏིང་ངེ་འཛིན་བཟང་པོ་ཞེས་བྱ་བ་ནི་སེམས་མཆོག་ཏུ་རྩེ་གཅིག་པ་ཐོབ་པས་སོ། །སྙིང་པོ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་སངས་རྒྱས་དང་རྡོ་རྗེ་འཛིན་པ་ལ་སོགས་ཐམས་ཅད་ཀྱི་སྙིང་པོ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། ། དེ་ཐམས་ཅད་ནས་འགུགས་པ་ནི་འདྲེན་པའོ། །དེ་རྣམ་པར་རྒྱལ་བ་སྟེ་གདུག་པ་རྣམས་ཟིལ་གྱིས་གནོན་པའི་མཚན་ཉིད་མངའ་བས་ན་དེ་སྐད་ཅེས་བྱའོ། །དེ་ཉིད་ཡེ་ཤེས་རྡོ་རྗེ་སྟེ། །དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །སྐུ་ནི་སྤྲིན་སྔོན་འདྲ་བ་སྟེ། །ཞེས་བྱ་བ་ནི་ སྐུ་སྤྲིན་སྔོན་པོ་དང་འདྲ་བར་སྔོ་བ་མངའ་བས་ན་དེ་སྐད་ཅེས་བྱའོ། །དབུ་རྒྱན་ལ་ནི་སངས་རྒྱས་བཞུགས། །ཞེས་བྱ་བ་ནི་ཅོད་པན་ལ་མི་བསྐྱོད་པ་འཇོག་པའོ། །རོལ་སྟབས་མཛད་ཅེས་བྱ་བ་ནི་རོལ་པའི་སྟང་སྟབས་མཛད་པའོ། །དཀྱིལ་འཁོར་ཞེས་བྱ་བ་ནི་ཉི་མའི་དཀྱིལ་འཁོར་རོ། ། 61-1-215a སྦྱོར་བའི་ཡེ་ཤེས་ཀྱིས་བསྐུལ་བའི། །ཞེས་བྱ་བ་ནི་དམ་ཚིག་གི་ཕྱག་རྒྱ་དང་སྦྱོར་བའོ། །དེའི་ཡེ་ཤེས་ནི་འཁྱུད་པ་ལ་སོགས་པ་སྟེ་གནས་སྐབས་དེར་ཅི་རིགས་པར་རིགས་ལྔར་བཞུགས་པའི་ལྷ་ཐམས་ཅད་ཀྱི་རབ་ཏུ་དགའ་བ་རྣམ་པར་དག་པ་ཉིད་དེ། དེས་བསྐུལ་བར་སོ་སོར་རིག་ པས་རབ་ཏུ་དགའ་བའི་བདག་ཉིད་ཅན་བདག་གིར་མཛད་ཅེས་བྱ་བའི་བར་དུའོ། །གཞན་དག་ནི་ལྷ་དང་གཉིས་སུ་མེད་པའི་ང་རྒྱལ་གྱི་བདག་ཉིད་ཅན་གྱི་སྦྱོར་བ་བསྒོམ་པ་ནི་ཡེ་ཤེས་ཀྱིས་བསྐུལ་བའོ་ཞེས་འདོད་དོ། །བསྒོམ་པར་བྱའོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །དབང་བདག་བརྡེག་ པའི་ཞེས་བྱ་བ་ལ་སོགས་པ་ལ་དབང་བདག་ནི་ལྷ་ཆེན་པོའོ། །དེ་ལ་བརྡེག་པ་སྟོན་པར་གྱུར་པ་ལ་སོགས་པའི་མངོན་པའི་ང་རྒྱལ་གསལ་བར་མཛད་པ་སྟེ། དེའི་ཡེ་ཤེས་གང་ཡིན་པ་དེ་རྣམ་པར་རྒྱལ་བ་འདི་ལ་མངའ་བས་དབྱིག་སྔོན་ལ་དེ་སྐད་ཅེས་བྱ་སྟེ་དེ་ཉིད་རྡོ་རྗེའོ། །དམིགས་པ་ ཞེས་བྱ་བ་ལ་སོགས་པའི་དོན་བཤད་ཟིན་ཏོ། །མིག་དམར་སྐྲ་འབར་གྱེན་དུ་བརྫེས། །ཞེས་པ་ནི་མིག་དམར་པོ་མངའ་བས་ན་མིག་དམར་རོ། །ཡང་དེ་ཉིད་ནི་དབུ་སྐྲ་འབར་ཞིང་འོད་དང་ལྡན་པས་གྱེན་དུ་བརྫེས་པ་གང་ལ་མངའ་བ་དེ་ལ་དེ་སྐད་ཅེས་བྱའོ། །པདྨ་ལ་བཞུགས་ འགྱིང་བག་ཅན། །ཞེས་བྱ་བ་ནི་པདྨའི་གདན་གྱི་སྟེང་ན་ཁྲོ་བོའི་ང་རྒྱལ་གྱིས་སྟང་སྟབས་དང་བཅས་པས་བཞུགས་པའོ། །དྲག་པོ་ནི་དྲག་པོའི་ལས་མཛད་པའི་ཕྱིར་རོ། །ཚམ་ངམ་བཅས་པས་གཏོར་ཞེས་བྱ་བ་ནི་ཚམ་ངམ་དང་བཅས་ཤིང་རོལ་པའི་སྟང་སྟབས་ཞེས་བྱ་བ་དང་ ཁྲོ་བོའི་ང་རྒྱལ་གྱིས་བཞུགས་པས་ཚམ་ངམ་བཅས་ཞེས་བྱ་སྟེ་སྟང་སྟབས་དེས་བགེགས་རྣམ་འཐོར་ཞིང་སྐྲོད་པར་བྱེད་པ་བསྐྱེད་པས་དེ་སྐད་ཅེས་བྱའོ། །ཕྱོགས་བཅུའི་ཞེས་བྱ་བ་ནི་རང་རང་གི་ཕྱོགས་སུའོ། །འབར་བ་རྣམས་ཀྱིས་ཡོངས་སུ་བསྐོར། །ཞེས་བྱ་བ་ནི་ཉི་མའི་འོད་ཀྱི་ དཀྱིལ་འཁོར་དང་ལྡན་པས་དེ་སྐད་ཅེས་བྱའོ། །སྤྲིན་ཞེས་བྱ་བ་ནི་འདིར་ལྡན་པའི་ཚིག་ཏུ་ཤེས་པར་བྱའོ། །སྒོམ་པའི་མཆོག་གིས་ཞེས་བྱ་བ་སྒོམ་པའི་མཆོག་ཐོབ་པས་སོ། །བསྒོམ་པར་བྱ་ཞེས་བྱ་བ་ནི་འདིར་དེ་བཞིན་དུ་བསྒོམ་པའོ། །འཆོལ་བ་ཞེས་བྱ་བ་ལ་འཆོལ་ 61-1-215b བའི་རྒྱུད་ལས་བཤད་པའི་ཀུན་དུ་སྤྱོད་པ་ལ་ནི་འཆོལ་བ་ཞེས་བྱ་བའི་སྒྲར་བརྗོད་དོ། །དེའི་ཡེ་ཤེས་ནི་རང་བཞིན་གྱིས་འོད་གསལ་བར་རྟོགས་པའོ། །དེའི་སྟོབས་ནི་ཐོགས་པ་མེད་པའི་ནུས་པའོ། །དེས་རྣམ་པར་རྒྱལ་བ་ནི་དེ་དང་འདྲ་བས་རྗེས་སུ་འགྲོ་བའི་སེམས་ཅན་མེད་པས་ན་ཁྲོ་བོ་སྟོབས་པོ་ཆེ་ལ་དེ་ སྐད་ཅེས་བྱ་སྟེ་དེ་ཉིད་རྡོ་རྗེའོ། །དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །སྐུ་གསུམ་ལྡན་པ་ཞེས་བྱ་བ་ནི་སྐུ་གསུམ་གྱི་བདག་ཉིད་ཅན་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་ངོ་བོ་ཉིད་དུ་གྱུར་པས་དེ་སྐད་ཅེས་བྱ་སྟེ། ཐམས་ཅད་ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །འོད་བཟང་བ་ ཞེས་བྱ་བ་ནི་འོད་དམར་པོའོ། །འདོམ་གང་འོད་ཀྱིས་རྣམ་པར་བརྒྱན། །ཞེས་བྱ་བ་ནི་ཀུན་ནས་འོད་ཟེར་མདོག་གང་གིས་སྐུ་རབ་ཏུ་མཛེས་པའོ། །ངོས་ན་ལྷ་མོ་རབ་བཞུགས་པ། །ཞེས་བྱ་བ་ནི་ངོས་གཉིས་ན་གསང་བ་ཆེན་པོའི་དེ་ཁོ་ན་ཉིད་ལྔའི་ཚུལ་གྱིས་གནས་པའོ། །རིགས་ཀྱི་ཡུམ་ནི་བཞི་ པོ་རྣམས། །ཞེས་བྱ་བ་ནི་ལ་ལ་ནི་རྡོ་རྗེ་སེམས་མ་ལ་སོགས་པ་ཡིན་པར་འདོད་ལ། གཞན་དག་ནི་སྤྱན་ལ་སོགས་པ་ཡིན་ནོ་ཞེས་ཟེར་མོད་ཀྱི་དེ་གཉིས་ལས་ཕྱོགས་སྔ་མ་ནི་མི་རིགས་སོ། །དེ་དང་ལྡན་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །ཕྱག་རྒྱ་འདི་དག་ཀྱང་གང་གི་ཕྱིར་སྔར་བཤད་མོད་ ཀྱི་འོན་ཀྱང་བསྐྱེད་པའི་རིམ་པ་ལ་དགོངས་པ་ཉིད་ཀྱིས་ན་གཙོ་བོ་ཉིད་དུ་བསྟན་པའི་ཕྱིར་ཡང་ཕྱག་རྒྱ་འདི་དག་ཉེ་བར་དགོད་པ་མཛད་པ་ཡིན་ནོ། །རྗེས་ཆགས་ཞེས་བྱ་བ་ནི་རྗེས་སུ་དགྱེས་པའི་བདག་ཉིད་ཅན་ཡིན་པས་སོ། །སྤྲོས་བཅས་དགའ་སྟོན་ཡིན་ཞེས་བྱ་བ་ནི་འཁོར་ལོས་སྒྱུར་བའི་སྤྲོ་བ་དང་ བཅས་པའི་དགའ་སྟོན་ཏེ། ཀུན་དུ་དགའ་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །འདིར་ལྷ་མོ་རྣམས་ནི་ཕྱག་གཉིས་པའོ། །གཙུག་ཏོར་འོད་ཟེར་ལྔ་པ་ཅན། །ཞེས་བྱ་བ་ནི་འདིར་དེ་ཉིད་ཡིན་པར་ཤེས་པར་བྱའོ། །ཀུན་དུ་འཁོར་ལོའི་ཕྲེང་བར་ལྡན། །ཞེས་བྱ་བ་ནི་འོད་ཀྱི་དཀྱིལ་འཁོར་ གྱི་ཕྱི་རོལ་དུའོ། །འཁོར་ལོའི་བར་ན་རྡོ་རྗེ་གནས། །འོད་ཟེར་ཕྲེང་བས་རྣམ་པར་བརྒྱན། །ཞེས་བྱ་བ་ནི་རྡོ་རྗེ་ཕྲེང་བའི་ནང་དུ་འོད་ཀྱི་དཀྱིལ་འཁོར་བྱས་པས་རྗེས་སུ་འབྲེལ་བའི་རྡོ་རྗེ་ཕྲེང་བའི་འོད་ཟེར་གྱི་རྣམ་པ་ཅན་པས་བརྒྱན་པ་སྟེ། ཉེ་བར་མཚོན་པ་འདིས་ན་དེའི་ནང་དུ་རིན་པོ་ཆེ་དང 61-1-216a པདྨ་དང་། ཨུཏྤལའི་ཕྲེང་བས་ཀྱང་བརྒྱན་པར་ཤེས་པར་བྱའོ། །བྱང་ཆུབ་སྙིང་པོ་དོན་གཉེར་བ། །ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སྙིང་པོ་མངོན་པར་འདོད་པས་སོ། །འདོད་པ་ཐོབ་ཅེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་བྱེད་དོ། །བྱང་ཆུབ་སྙིང་པོ་ཞེས་ བྱ་བ་ལ་སོགས་པ་ལ་བྱང་ཆུབ་ཀྱི་སྙིང་པོ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་སོ། །དེས་གདུལ་བྱའི་སྐྱེ་བོའི་བསམ་པ་རྣམ་པ་ཐམས་ཅད་དུ་རྫོགས་པར་བྱེད་ཅིང་བརྒྱན་པ་དང་སྤུད་པར་མཛད་པས་ན་བྱང་ཆུབ་ཀྱི་སྙིང་པོ་ཐམས་ཅད་ཀྱིས་བརྒྱན་པ་སྟེ་འཁོར་ལོས་སྒྱུར་བའོ། །དེ་ཉིད་ཀྱི་ཡེ་ཤེས་ནི་འཁོར་ ལོའི་ངོ་བོ་ཉིད་ཡིན་པས་ན་ཡེ་ཤེས་འཁོར་ལོའི་རྡོ་རྗེའོ། །དམིགས་པ་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །གོང་དུ་དེ་དག་ལ་བརྟེན་ནས་ཏིང་ངེ་འཛིན་གྱི་ཁྱད་པར་ལས་ངེས་པར་འབྱུང་བའི་གསང་སྔགས་བྱེ་བ་ཕྲག་དུ་མ་གསུངས་སོ་ཞེས་བྱ་བའི་དོན་དེ་ཉིད་རིམ་བཞིན་དུ་བསྟན་པ་ཡིན་ཏེ་ གསང་སྔགས་དམ་པའི་ཚོགས་དང་ལྷ་རྣམས་ཐ་མི་དད་པར་གཞག་པ་ཡིན་པས་ཅི་རིགས་པར་བསྒྲུབ་པའི་ཕྱིར་འཁོར་ལོས་སྒྱུར་བ་དང་པོར་ཉེ་བར་བཀོད་པ་ཡིན་ནོ། །སྐུ་གསུམ་ཞེས་བྱ་བ་ནི་རང་དང་རྗེས་སུ་མཐུན་པའི་སྐུ་གསུམ་དང་ལྡན་པས་ན་དེ་སྐད་ཅེས་གསུངས་སོ། །བཱི་ཛ་པཱུ་ར་ནེའུ་ ལེ་ཅན། །ཞེས་བྱ་བ་ནི་ལག་པ་གཡས་པ་ན་བཱི་ཛ་པཱུ་རའོ། །གཡོན་པ་ན་ནེའུ་ལེའོ། །ངོས་ལ་རྒྱན་རྣམས་ཐམས་ཅད་ཀྱིས། །བརྒྱན་པའི་གནོད་སྦྱིན་མོ་བཞི་དག །ཅེས་བྱ་བ་ནི་སྔ་མ་བཞིན་ནོ། །གཞན་དག་ནི་འདི་དག་ཕྱོགས་རྣམ་པ་བཞི་ན་གནས་སོ་ཞེས་ཟེར་རོ། །རྡོ་རྗེ་ བདུད་རྩི་ལག་གནས་པས། །ཞེས་བྱ་བ་ནི། ཨཱཿདང་ཧཱུཾ་ལས་བྱུང་བ་ཡི། །ཟླ་བ་རྡོ་རྗེ་ལག་པར་བསམ། །ཡི་གེ་ཨོཾ་ལས་གདུ་བུ་ནི། །སེར་པོ་མཁྲིག་མར་བསམ་པར་བྱ། །བཾ་ནི་ཟླ་བའི་མདོག་འདྲ་བ། །དེ་ལས་བདུད་རྩིའི་ཆར་རབ་འབབ། །དྲི་མེད་སེར་མོར་མངོན་ཕྱོགས་པ། ། མཁས་པས་བུམ་པ་བཞིན་དུ་བལྟ། །མཛུབ་མོ་ལ་ནི་ནོར་བུ་བཟང་། །རྫོགས་བཟངས་ཞེས་བྱ་གུང་མོ་ལ། །སྲིན་ལག་ལ་ནི་ནོར་སྦྱིན་ཏེ། །ནོར་སྦྱིན་ཆེན་པོ་མཐེའུ་ཆུང་ལ། །མཐེ་བོར་པི་ཙི་ཀུཎྜ་ལི། །ཀི་ལི་མ་ལི་མཁྲིག་མར་ཏེ། །སྒོ་དབང་སྤྱོད་པའི་དབང་པོ་དག །ལག་ 61-1-216b པའི་ངོས་ལ་རྣམ་པར་བསམ། །སྔགས་པས་གནོད་གནས་ཆུ་དབང་ནི། །ལག་པའི་དབུས་སུ་རྣམ་པར་བསམ། །དྲིས་བསྒོས་ལག་པའི་དབུས་སུ་ནི། །རང་རང་སྔགས་ཀྱིས་རིམ་བཞིན་བསམ། །དང་པོར་ཡི་གེ་ཨོཾ་དང་ནི། །རཏྣ་བཛྲེ་རང་མིང་དང་། །བཞི་ཡི་མཐའ་དང་དེ་འོག་ཏུ། །སྭཱ་ཧཱར་བཅས་པ་ སྔགས་སུ་བསྒྲགས། །རྡོ་རྗེ་བདུད་རྩི་ལག་པར་བསམ། །འདི་ལྟར་སྤྱི་བོར་ཆོ་ག་བཞིན། །མཁས་པས་ཆུ་ཡི་སྦྱིན་བླུགས་བརྒྱ། །ཉིན་རེ་ཞིང་ནི་ལེགས་པར་དབུལ། །རིན་པོ་ཆེ་ཞེས་བྱ་བ་ལ་སོགས་པ་ལ་རིན་པོ་ཆེ་ནི་ཡིད་བཞིན་གྱི་ནོར་བུ་ལ་སོགས་པའོ། །སྦྱིན་པ་ནི་སེམས་ཅན་ཐམས་ཅད་ ལ་སྟོབས་པ་སྟེ་དེ་ལྟ་བུའི་རིན་པོ་ཆེའི་ཆར་འབེབས་པས་ན་དེ་སྐད་ཅེས་བྱའོ། །དེ་ཉིད་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་ཀྱི་སྤྲིན་དང་ལྡན་པས་ན། སྣོན་གནས་པ་ལ་ཡེ་ཤེས་ཀྱི་སྤྲིན་ཞེས་བྱ་སྟེ་དེ་ཉིད་རྡོ་རྗེའོ། །དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །རྟ་བདུན་ ལྡན་པའི་ཤིང་རྟར་ཞུགས། །ཞེས་བྱ་བ་ནི་རྟ་བདུན་གཤིབས་པའི་ཤིང་རྟ་ལ་གནས་པའོ། །འབར་བའི་དཀྱིལ་འཁོར་སྣང་མཛད་པ། །ཞེས་བྱ་བ་ནི་ཉི་མའི་དཀྱིལ་འཁོར་ལས་བྱུང་བའི་འོད་ཟེར་འབར་བའི་འོད་ཀྱི་དཀྱིལ་འཁོར་ཡོངས་སུ་རྒྱས་པའི་བདག་ཉིད་ཅན་ནོ། །ཕྱོགས་བཅུ་ བསྲུང་བར་བརྩོན་པ་སྟེ། །ཞེས་བྱ་བ་ནི་ཕྱོགས་བཅུ་ན་གནས་པའི་གདུག་པ་རྣམས་ལས་བསྲུང་བའི་ཕྱིར་བརྩོན་ཞིང་རབ་ཏུ་འབད་པར་མཛད་པའོ། །མིག་དང་ཁ་ནི་འདྲུབ་པར་བྱེད། །ཅེས་བྱ་བ་ནི་གདུག་པ་རྣམས་ཀྱི་མིག་དང་ཁ་འདྲུབ་པར་མཛད་པར་བསྒོམ་པར་བྱ་སྟེ་སྔ་མ་བཞིན་ནོ། ། ཉེ་བར་སྤྱོད་པ་རྣམ་སྤངས་ཏེ། །ཞེས་བྱ་བ་ནི་མི་བདེན་པའི་རྣམ་པར་རྟོག་པ་བསལ་ལ་རྣམ་པ་ཐམས་ཅད་དུ་ལྷ་མོ་བསྒོམ་པས་གནས་པར་བྱའོ། །ཧཱུཾ་མཛད་ཅེས་བྱ་བ་ནི་ཡི་གེ་ཧཱུཾ་གི་སྒྲ་ལེགས་པར་སྒྲོགས་པ་ལ་བརྩོན་པའོ། །འདི་ནི་ཞེས་བྱ་བ་ནི་འོད་ཟེར་ཅན་གྱི་ཏིང་ངེ་འཛིན་གྱིས་སོ། །དབང་དུ་ ཞེས་བྱ་བ་ནི་རྣལ་འབྱོར་པ་དེ་ཉིད་ཀྱིས་སོ། །སྡང་བ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་སྡང་བ་ཐམས་ཅད་ཀྱིས་མི་ཚུགས་པར་བྱེད་པ་ནི་གདུག་པ་ཐམས་ཅད་བཟློག་པ་སྟེ་ལྷ་མོ་འོད་ཟེར་ཅན་ནོ། །དེ་ཉིད་ནི་ཐོགས་པ་མེད་ཅིང་མཆོག་ཏུ་གྱུར་པའི་ཡེ་ཤེས་དང་ལྡན་པས་ན་ཡེ་ཤེས་ཀྱི་རྡོ་རྗེ་མཆོག་ 61-1-217a རབ་ཅེས་བྱའོ། །དམིགས་པ་ཞེས་པ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །དེ་སྟེང་ཁ་དོག་ལྔ་པོ་དག །རབ་ཏུ་འདྲེས་པའི་སངས་རྒྱས་བཞུགས། །ཞེས་བྱ་བ་ནི་སྔ་མ་བཞིན་ཏེ་ཁ་དོག་སེར་པོ་ལ་སོགས་པའོ། །སླར་ཡང་དེ་ལ་ཁ་དོག་ལྔའི། །སངས་རྒྱས་བདུད་རྩིའི་ ཆར་འབེབས་མཛད། །ཅེས་བྱ་བ་ནི་ཁྲོ་བོའི་འོད་འབར་བས་གདོན་བསལ་བའི་སེམས་ཅན་ལ་རྡོ་རྗེ་བདུད་རྩིའི་ཆུའི་བུམ་པ་ཕྱག་གཉིས་ཀྱིས་འཛིན་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བར་བསམ་མོ་ཞེས་སྦྱར་རོ། །ནད་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་ནད་ཐམས་ཅད་ནི་ རིམས་ལ་སོགས་པའོ། །ཉེ་བར་ཞི་བ་ནི་བསལ་བ་སྟེ་དེ་ནུས་པའི་ཡེ་ཤེས་ཐོགས་པ་མེད་པ་གང་ཡིན་པ་སྟེ་དེའི་ངོ་བོ་ཉིད་དུ་གྱུར་པས་ན་རི་ཁྲོད་ཀྱི་ཤིང་ལོ་ཅན་ལ་ཡང་དེ་སྐད་ཅེས་བྱའོ། །དེ་ཉིད་ནི་རྡོ་རྗེ་འབར་བའི་གཟུགས་ཅན་ཏེ་མི་བཟད་པའི་སྲུང་བའོ། །དེ་ལ་དམིགས་པ་ཞེས་བྱ་བ་ ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །སྦྲུལ་མགོ་བདུན་གྱི་གདེངས་ཀ་རྒྱས། །ཞེས་བྱ་ནི་སྦྲུལ་མགོ་བདུན་གྱི་གདེངས་ཀ་ཅོད་པན་གྱི་སྟེང་དུ་འཇོག་པས་རྒྱས་ཤིང་ཁྱད་པར་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་ནི་ནོར་བུ་འབར་བས་བརྒྱན་པ་སྟེ་ཞེས་བྱ་བ་ནི་སྦྲུལ་མགོ་རྣམས་ཀྱི་སྟེང་ ན་འོད་འབར་བ་དེའི་དབུས་ན་གནས་པའི་ནོར་བུ་ལས་བྱུང་བའི་འོད་ཟེར་མཛེས་པས་འབར་བའི་ནོར་བུས་རྣམ་པར་བརྒྱན་པའོ། །འོད་ནི་དམར་པོའི་དཀྱིལ་འཁོར་ཅན། །ཞེས་བྱ་བ་ནི་འོད་ཀྱི་དཀྱིལ་འཁོར་དམར་པོ་འབར་བའོ། །འཇའ་རྣམས་འཕྲོ་བས་བསྐོར་བ་སྟེ། །ཞེས་བྱ་བ་ནི་རབ་ཏུ་ འཕྲོ་བའི་འཇའ་འདྲ་བའི་ཡེ་ཤེས་ཀྱི་ཕྲེང་བ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཀུན་ནས་འབར་བ་རྣམས་ཀྱིས་ཁེབས། །ཞེས་བྱ་བ་ནི་འབར་བའི་ཚོགས་ཀྱིས་ཁེབས་པའོ། །སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་གྱུར་པའི་སངས་རྒྱས་ཀྱི་སྐུའི་གཟུགས་བརྙན་འཕྲོ་བ་ཕྱག་གི་ པདྨ་གཉིས་ཀྱིས་ཡི་གེ་བཾ་ལས་བྱུང་བའི་བུམ་པ་བདུད་རྩིའི་ཆུས་ཡོངས་སུ་གང་བའི་ཟླ་བའི་མདོག་ལྟར་དཀར་བ་ཐོགས་པར་བསྒོམ་མོ་ཞེས་བྱ་བར་སྦྱར་རོ། །ཁ་ནི་ཛ་ཡིས་རྣམ་བརྒྱན་པ། །ཞེས་བྱ་བ་ནི་བུམ་པ་དེ་ཡི་གེ་ཛས་ཁ་ཉེ་བར་མཛེས་པར་བྱས་པར་བསྒོམ་མོ་ཞེས་སྦྱར་རོ། ། 61-1-217b ལ་ལ་ནི་དུག་གིས་བརྒྱལ་བར་བྱའོ་ཞེས་ཟེར་རོ། །དུག་གིས་ཕོག་པ་རྣམས་ལ་ལྡུགས། །ཞེས་བྱ་བ་ནི་སངས་རྒྱས་དེ་རྣམས་འདོད་ཆགས་ལ་སོགས་པའི་དུག་གིས་བརྒྱལ་བའི་སེམས་ཅན་རྣམས་ལ་ལྡུགས་པར་མཛད་པར་བསྒོམ་པར་བྱའོ། །དུག་གིས་ཕོག་པ་རྣམས་ལ་ཞེས་བྱ་བ་ནི་ དུག་མེད་པར་བྱ་བའི་ཕྱིར་རོ། །དེ་ལྟར་བསྒོམ་པ་ཞེས་བྱ་བ་ནི་དུག་སེལ་མའི་ཏིང་ངེ་འཛིན་ཏོ། །ཉོན་མོངས་པ་ཞེས་བྱ་བ་ལ་སོགས་པ་ལ་ཉོན་མོངས་པ་ཐམས་ཅད་ནི་འདོད་ཆགས་ལ་སོགས་པའོ། །དེ་དག་ཉིད་ཐབས་མེད་པར་བསྟེན་ན་འབྲས་བུ་ཡིད་དུ་མི་འོང་བ་འབྱིན་པས་ན་དུག་སྟེ་དེ་ཉེ་བར་འཇོམས་ པར་མཛད་པས་ན་དུག་སེལ་མ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་གདེངས་ཀའི་དབང་པོ་སྟེ་ཀླུ་རྣམས་ཀྱི་བདག་པོར་གྱུར་པའོ། །དེ་ཉིད་གཞིག་པར་མི་ནུས་པ་དང་མི་ལྡོག་པའི་ཕྱིར་རྡོ་རྗེ་ཡེ་ཤེས་སོ། །དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །ཐོར་ཚུགས་རྒྱལ་བའི་སྐུ་ གཟུགས་བཞུགས། །ཞེས་བྱ་བ་ནི་འོད་དཔག་ཏུ་མེད་པའི་སྐུ་ནི་རྒྱལ་བའི་སྐུ་སྟེ་དེ་ཐོར་ཚུགས་ཀྱི་དབུས་ན་བཞུགས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །པདྨ་དཀར་པོ་ལྟ་བུར་སྣང་། །ཞེས་བྱ་བ་ནི་པདྨ་དག་པ་དང་འདྲ་བའོ། །ཉམས་སེམས་སྟོབས་ལྡན་ཞེས་བྱ་བ་ནི་གར་སྟབས་ཀྱི་རོའི་ ཉམས་དང་ཉེ་བར་ལྡན་པའོ། །བགྲང་ནོར་ཕྲེང་བ་ཅན་ཞེས་བྱ་བ་ནི་བགྲང་ཕྲེང་དང་ལྡན་པའོ། །རོལ་པའི་སྟང་སྟབས་ཞེས་བྱ་བ་ནི་རོལ་པ་དང་བཅས་པས་སོ། །རིན་ཆེན་རི་ཕུག་ནང་བཞུགས་པ། །ཞེས་བྱ་བ་ནི་རིན་པོ་ཆེའི་རི་ཕུག་གི་དབུས་ན་བཞུགས་པའོ། །རྣལ་འབྱོར་སེམས་ པས་ཞེས་བྱ་བ་ནི་ཧ་ལ་ཧ་ལའི་ཐབས་དང་ཤེས་རབ་སྒོམ་པར་བྱེད་པས་སོ། །རྣམ་པར་མི་རྟོག་ཏིང་འཛིན་གྱིས། །ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཇི་ལྟ་བ་བཞིན་དུ་གནས་པ་ལ་ལྷག་པར་མོས་པས་ཡང་དག་མ་ཡིན་པའི་ཀུན་དུ་རྟོག་པ་བསལ་བའི་ཏིང་ངེ་འཛིན་གྱིས་སོ། །ནང་གི་བཟླས་པ་ ཞེས་བྱ་བ་ལ་སོགས་པ་ལ་བསམ་གཏན་གྱི་བཟླས་པས་སྔགས་ཟློས་པ་སྟེ། གཅིག་དང་གཉིས་དང་གསུམ་ལ་སོགས་པའི་གཟུགས་འཕྲོ་བས་བསྒོམ་པ་ནི་མ་ཡིན་ནོ། །འདོད་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་འདོད་པ་ཐམས་ཅད་ནི་ཡོངས་སུ་དག་པའི་གཟུགས་ལ་སོགས་པའོ། །དེ་ 61-1-218a རབ་ཏུ་བསྒྲུབ་པ་ནི་སྒྲུབ་པ་པོའི་རྒྱུད་ལ་རྫོགས་པར་མཛད་པས་ན་འདོད་པ་ཐམས་ཅད་རབ་ཏུ་སྒྲུབ་པའོ། །དེ་ཉིད་ནི་ཧ་ལ་ཧ་ལ་འདི་ཡིན་པས་ནི་དེ་སྐད་ཅེས་བྱའོ། །དེ་ཉིད་ནི་གདུལ་བྱའི་སྐྱེ་བོ་མ་ལུས་པའི་འདོད་ཆགས་ལ་སོགས་པའི་དུག་འཇོམས་པ་ཉིད་ཀྱིས་ཐོགས་པ་མེད་པའི་ཤིན་ཏུ་སིམ་ པའི་ཡེ་ཤེས་དང་ལྡན་པས་ན་ཡོངས་སུ་མཉེས་པར་བྱེད་པ་ཡེ་ཤེས་རྡོ་རྗེའོ། །དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །སྲིན་མོ་ཞེས་བྱ་བ་ནི་དེ་ལྟ་བུའི་གཟུགས་འཛིན་པའི་ཕྱིར་རོ། །ཐོར་ཚུགས་ཞེས་བྱ་བ་ལ་སོགས་པ་ལ་ཐོར་ཚུགས་དང་ཅོད་པན་གྱིས་བརྒྱན་པའི་སྤྱི་ བོ་དེ་ཉིད་ལ་མི་བསྐྱོད་པ་བཞུགས་པ་ཞེས་བྱ་བ་ནི་དེ་ཉིད་ཀྱི་མགོ་ལ་མི་བསྐྱོད་པ་བཞུགས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ལག་ན་ཁྲག་གིས་བཀང་བའི་ཐོད་པ་ཐོགས་པ་ཞེས་བྱ་བ་ནི་མིའི་ཁྲག་གིས་ཡོངས་སུ་བཀང་བའི་མིའི་ཐོད་པ་ལག་པ་གཡས་ཀྱི་དང་པོ་ལ་ཐོགས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་ བྱའོ། །གཡོན་པ་གཅིག་གིས་ནི་སྡིགས་མཛུབ་བྱེད་པ་ཞེས་བྱ་བའོ། །རོལ་པའི་སྟབས་ཀྱིས་ཞེས་བྱ་བ་ནི་རོལ་པའི་སྟང་སྟབས་ཀྱིས་བཞུགས་པའོ། །འདི་ལྟ་བུ་ཞེས་བྱ་བ་ལ་སོགས་པ་ལ་བཤད་མ་ཐག་པའི་བཟླས་པ་དང་སྒོམ་པ་འདི་ལྟ་བུ་དང་ལྡན་པས་སོ། །ཧཱུཾ་གིས་ཧཱུཾ་མཛད་པ་ཞེས་ བྱ་བ་ནི་ཁྲོ་བོ་ལ་ཞེན་པའི་ཧཱུཾ་སྒྲ་སྒྲོགས་པར་བརྩོན་པའོ། །སེམས་ཅན་ཀུན་དོན་ཕུན་ཚོགས་པའི། །ཞེས་བྱ་བ་ནི་སྦྱིན་པ་ལ་སོགས་པས་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བའི་ཕྱིར་ཉེ་བར་བསགས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཕུན་སུམ་ཚོགས་པའི་རྒྱུ་དང་ཡང་དག་པར་ལྡན་ པས་སོ། །སེམས་ཅན་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་སེམས་ཅན་ཐམས་ཅད་དེ། གདུག་པ་རྣམས་གསོད་པའི་མཆོག་ཡིན་ལ། དེ་ཉིད་ཀྱིས་ན་རབ་སྟེ་པད་དཀར་མའོ། །དེ་ཉིད་ནི་བྱང་ཆུབ་ཀྱི་སྙིང་པོར་བདུད་བཞི་ལས་རྣམ་པར་རྒྱལ་བའི་ཕྱིར་བཅོམ་ལྡན་འདས་ཀྱི་སྟོབས་ བཅུའི་ངོ་བོ་ཉིད་དུ་གྱུར་པས་ན་བྱང་ཆུབ་ཀྱི་སྙིང་པོ་རྣམ་པར་རྒྱལ་བའི་སྟོབས་ཞེས་བྱའོ། །དམིགས་པ་ཞེས་པ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །ཕྱེད་ཟུར་པ་ནི་རྣམ་པར་རོལ། །ཅེས་བྱ་བ་ནི་གཡོན་ལོགས་དཔག་བསམ་གྱི་ཤིང་ལ་བརྟེན་པས་རྟེན་པ་དང་བཅས་པའོ། །འཇམ་ 61-1-218b པའི་ཁྲོ་བོ་རྡོ་རྗེ་ཡིས། །ཞེས་བྱ་བ་ནི་གཤིན་རྗེ་གཤེད་ཀྱིས་སོ། །དེ་ཡིས་མགོ་ནི་མནན་ནས་བཞུགས། །ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་བདག་པོ་འཇམ་དཔལ་གྱི་སྦྱོར་བས་བཞུགས་པའོ། །གནོད་སྦྱིན་མོ་ཞེས་བྱ་བ་ལ་སོགས་པ་ལ་གནོད་སྦྱིན་མོ་ཐམས་ཅད་ཀྱི་སྒྲུབ་པ་ནི་རང་དབང་དུ་ བྱ་བ་ཉིད་རྫོགས་པར་བྱེད་པ་སྟེ། དེ་ལ་མཆོག་ཏུ་གྱུར་པ་ནི་འཇམ་དཔལ་རང་གི་ཁྲོ་བོ་དང་བཅས་པའོ། །དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །ཡི་གེ་གསུམ་པ་མིག་གསུམ་གཟུགས། །ཞེས་བྱ་བ་ནི་བཤད་མ་ཐག་པའི་ཡི་གེ་གསུམ་གྱི་གཟུགས་ཅན་ནོ། །དེ་ཉིད་ གསུམ་པ་ནི། ཁྱབ་འཇུག་ལྷ་ཆེན་མེས་པོ་ཆེ། །ཞེས་བྱ་བ་སྟེ་ཁྱབ་འཇུག་ནི་ནོར་ལྷའོ། །ལྷ་ཆེན་པོ་ནི་བདེ་བྱེད་དོ། །མེས་པོ་ཆེན་པོ་ནི་ཚངས་པའོ། །རང་གི་མཚོན་ཐོགས་ལ་ཞེས་བྱ་བ་ནི་མཚོན་ཆ་ཐོགས་པ་ནི་ཉེ་བར་མཚོན་པ་ཙམ་སྟེ་དེ་ལ་ཁྱབ་འཇུག་ནི་མདོག་སྔོན་པོ་ལག་པ་བཞི་པ། གཡས་ དང་གཡོན་ན་དབྱུག་པ་དང་རྡོ་རྗེ་དང་། དུང་དང་འཁོར་ལོ་འཛིན་པ་ནམ་མཁའ་ལྡིང་ལ་ཞོན་པའོ། །ལྷ་ཆེན་པོ་ནི་ཤེལ་གྱི་མདོག་ཅན་མགྲིན་པ་སྔོ་བ། མིག་གསུམ་པ། སྟག་གི་པགས་པ་བྱོན་པ། མཚན་མ་འགྲེང་བ། ལག་པ་དྲུག་པ། གཡས་ན་མདུང་རྩེ་གསུམ་པ་དང་རྡོ་རྗེ་དང་ཌ་མ་རུ་ཐོགས་ པ། གཡོན་གཉིས་ན་ཁ་ཊྭཱཾ་ག་དང་ཐོད་པ་ཁྲག་གིས་བཀང་བ་ཐོགས་པ་ཅིག་གིས་ཨུ་མ་ལ་འཁྱུད་པ་ཁྱུ་མཆོག་ལ་ཞོན་པའོ། །ཚངས་པ་ནི་མདོག་སེར་པོ་ལག་པ་བཞི་པ་གཡས་ན་རྡོ་རྗེ་དང་ཕྲེང་བ་དང་གཡོན་ན་དབྱིག་པ་དང་སྤྱི་བླུགས་འཛིན་པ་དང་ངང་པ་ལ་ཞོན་པ་སྟེ་དེ་དག་ཀྱང་རིན་པོ་ཆེའི་ ཅོད་པན་ཅན་ནོ། །རྡོ་རྗེའི་ཏིང་འཛིན་བསྒོམ་ནས་ནི། །ཞེས་བྱ་བ་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་ཏིང་ངེ་འཛིན་བསྒོམ་པས་སོ། །རྡོ་རྗེ་ཧཱུཾ་མཛད་ཀྱིས་བསྐུལ་ན། །ཞེས་བྱ་བ་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་པས་འདོད་པའི་རྒྱལ་པོས་ལྷ་ཆེན་པོ་ལ་སོགས་པ་གང་ཡང་རུང་བ་བཀུག་ནས་ཁྲོ་བོ་ཏི་རཱིནྟི་རིའི་ ཕྱག་རྒྱ་བཅིངས་ཏེ། རྡོ་རྗེ་འདི་ནི་རྡོ་རྗེ་ཆེ། །ཞེས་བྱ་བ་ལ་སོགས་པའི་སྤྱིའི་དམ་ཚིག་བསྒོམ་ཞིང་ཁྱད་པར་གྱི་དམ་ཚིག་ཇི་ལྟ་བ་ཡང་བསྟན་ནས་མངོན་པར་འདོད་པའི་ལས་གྲུབ་པར་གྱིས་ཤིག་ཅེས་བསྐུལ་བ་བྱས་ལ། །རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱས་ཀྱང་སྡིགས་མཛུབ་བྱས་ནས་བསྒྲུབས་ན་ 61-1-219a འཇིགས་པས་དངོས་གྲུབ་སྟེར་བར་འགྱུར་རོ། །འཇིག་རྟེན་ཞེས་བྱ་བ་ལ་སོགས་པ་ལ་འཇིག་རྟེན་ཐམས་ཅད་ཀྱི་ལྷ་རྣམས་སྒྲུབ་པར་བྱེད་པས་སྤུན་གསུམ་ལ་འདི་སྐད་ཅེས་བྱའོ། །དེ་ཉིད་ཀྱིས་ན་མིག་གསུམ་པ། །ཞེས་བྱ་བ་ལ་ལྷ་ཆེན་པོའི་བདག་ཉིད་ཀྱི་རྣམ་པར་རོལ་པ་ ནི་རྣམ་པར་བརྩེ་བའོ། །ཡེ་ཤེས་རྡོ་རྗེ་ཞེས་བྱ་བ་ནི་འཇིག་རྟེན་པའི་ཐོགས་པ་མེད་པར་ཤེས་པའི་ཚུལ་ལོ། །དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །དཀྱིལ་འཁོར་ལ་མ་གཏོགས་པའི་ལྷ་ཅུང་ཟད་ཙམ་ཞིག་བསྟན་ནས། ད་ནི་འདིར་མ་གཏོགས་པ་གཞན་དག་ཀྱང་ བསྟན་པའི་ཕྱིར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གསང་སྔགས་ཞེས་བྱ་བ་ནི་གསང་སྔགས་ཀྱི་སྐྱེས་བུ་སྟེ། འདི་ནི་མངོན་པར་འདོད་པའི་སྔགས། །ས་བོན་གང་ཡིན་པ་སྦྱར་བྱས་ཏེ་ཞེས་བྱ་བ་གསུངས་སོ། །རྡོ་རྗེའི་ཡིག་འབྲུ་རྣམས་བསྒོམས་པས། །ཞེས་བྱ་བ་ནི་ རྒྱུད་ཀྱི་ནང་ན་རབ་ཏུ་གྲགས་པས་རང་རང་གི་ས་བོན་གྱི་ཡི་གེའམ་མིང་གི་དང་པོའི་ཡི་གེ་དང་དེ་བཞིན་དུ་རྗེས་སུ་སྦྱར་བའོ། །འཕྲོག་མ་ཞེས་བྱ་བ་ལ་སོགས་པ་ལ་འཕྲོག་མ་ནི་ཡི་གེ་ཧ་ལས་སྐྱེས་པ་བུ་ལྔ་བརྒྱས་ཡོངས་སུ་བསྐོར་བ་རྣམ་པར་བསམས་ན་འགྲུབ་པར་འགྱུར་རོ། །དཔའ་ཅན་ ཡང་ཞེས་བྱ་བ་ནི་དཔའ་ཅན་ལ་སོགས་པ་གནོད་སྦྱིན་མོ་ལྔ་བརྒྱས་ཡོངས་སུ་བསྐོར་བའོ། །ཏིང་ངེ་འཛིན་རབ་ཏུ་སྟོན་པའི་གཞུང་གི་ལེའུ་ལ་ཏིང་ངེ་འཛིན་རིམ་པར་ཕྱེ་བ་ཞེས་བྱ་བའི་སྒྲར་གསུངས་སོ། །ལེའུ་བཞི་པའི་འགྲེལ་པའོ།། །།ཏིང་ངེ་འཛིན་ཡོངས་སུ་ཤེས་པས་རང་གི་བསྟན་པ་ལ་ ཞུགས་པའི་སེམས་ཅན་རྣམས་ལ་ཕན་པའི་གསང་སྔགས་ཀྱི་མཐུ་བསྟན་པར་བྱ་དགོས་པས་ན་དེ་ནས་ཞེས་བྱ་བ་ལ་སོགས་པས་ལེའུ་ལྔ་པ་གསང་སྔགས་ཀྱི་ཡེ་ཤེས་རྣམ་པར་བསྒྱིངས་པའི་རིམ་པར་ཕྱེ་བ་གསུངས་ཏེ། བཅོམ་ལྡན་འདས་ཀྱིས་ཕྱུང་ངོ་ཞེས་བྱ་བར་སྦྱར་རོ། །ཅི་ཞིག་མཛད་ནས་ ཤེ་ན། ཞི་ལ་རྡུལ་དང་བྲལ་བའི་མཆོག །ཅེས་བྱ་བ་གསུངས་ཏེ་འདོད་ཆགས་ལ་སོགས་པ་ཉེ་བར་ཞི་བས་ན་ཞི་བའོ། །དེས་རྡུལ་དང་བྲལ་བ་ནི་རྙོག་པ་དང་བྲལ་བ་སྟེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་དོ། །དེའི་མཆོག་ནི་དམ་ཚིག་གི་ཕྱག་རྒྱར་གྱུར་པ་ཉིད་དེ་ཡུམ་སངས་ 61-1-219b རྒྱས་སྤྱན་ནོ། །དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །དེ་ལ་སྙོམས་པར་ཞུགས་པ་ནི་མངོན་སུམ་དུ་མཛད་པ་སྟེ་སྤྱན་གྱི་གསང་སྔགས་སྟོན་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་བའི་དོན་ཏོ། །གསང་སྔགས་སྟོན་པའི་ཏིང་ངེ་འཛིན་ཐམས་ཅད་ལ་ཡང་ལྷ་དེའི་ གསང་སྔགས་སྟོན་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་པར་ཤེས་པར་བྱའོ། །ཏིང་ངེ་འཛིན་ལ་དམིགས་པར་མཛད་པས་ནི་འདི་སྐད་སྟོན་ཏེ། མཚན་མ་ཐོབ་པ་ཉིད་ཀྱིས་ཞི་བ་ལ་སོགས་པའི་ལས་ལ་གསང་སྔགས་རབ་ཏུ་སྦྱར་བར་བྱའོ་ཞེས་སྟོན་པ་ཡིན་ནོ། །དེ་བཞིན་གཤེགས་པ་ ཐམས་ཅད་ཀྱི་ཡུམ་ཞེས་བྱ་བ་ནི་རིགས་དེའི་ཡུམ་དུ་གྱུར་པའི་ཕྱིར་རོ། །ཡེ་ཤེས་སྐྱེད་པར་མཛད་པས་སྣ་ཚོགས་པའི་ལས་ཀྱི་བྱ་བ་མཛད་པ་ཞེས་བྱ་བ་ནི་ཡེ་ཤེས་སྐྱེད་པར་མཛད་པས་སེམས་ཅན་གྱི་ཁམས་སྣ་ཚོགས་ཤིང་མ་ལུས་པའི་ལས་མཛད་པ་ཉིད་ཀྱིས་ན་མངོན་པར་འདོད་པའི་བྱ་བ་ རྫོགས་པར་མཛད་པའི་རྒྱུར་གྱུར་པའོ། །ལས་ཀུན་རབ་ཏུ་རྫོགས་མཛད་པས། །ཞེས་བྱ་བ་ནི་ཞི་བ་ལ་སོགས་པའི་ལས་རྣམས་སྒྲུབ་པར་མཛད་པས་སོ། །དགྱེས་པ་ནི་སེམས་ཅན་གྱི་ཁམས་ཐམས་ཅད་བདེ་བར་བྱས་པར་གཟིགས་པས་དགྱེས་པའོ། །བདུད་ཀྱི་དཔུང་རྣམས་འདིར་ གྱུར་ཏེ། །ཞེས་བྱ་བ་ནི་སེམས་ཅན་རྣམས་འཇོམས་པར་བྱེད་པའི་བདུད་ཀྱི་སྡེ་རྣམས་གཡོས་པའོ། །སངས་རྒྱས་རྡོ་རྗེ་རྗེས་དྲན་བྱེད། །ཅེས་བྱ་བ་ནི་རང་ཉིད་ལ་ཡོངས་སུ་སྐྱོབ་པའི་ཕྱིར་རྣམ་པར་སྣང་མཛད་རྗེས་སུ་དྲན་པར་གྱུར་པའོ། །འདིའི་འོག་མ་རྣམས་ལ་ཡང་སོ་སོར་ སྔགས་བརྗོད་པ་ན་རྣམ་པར་སྣང་མཛད་ལ་སོགས་པ་རྗེས་སུ་དྲན་པ་ཇི་ལྟ་བ་བཞིན་དུ་དོན་འདི་ཉིད་ཀྱིས་བསྒྲེ་བར་བྱའོ། །འདིས་ནི་འདི་སྐད་སྟོན་པ་ཡིན་ནོ། །རིགས་ཀྱི་བདག་པོས་བྱས་པའི་འཚེ་བ་ཉེ་བར་ཞི་བར་བྱ་བ་ལ་ནི་རིགས་ཀྱི་ཡུམ་གྱི་གསང་སྔགས་དྲན་པར་བྱ་ཞིང་བསྒོམ་མོ་ཞེས་ ཤེས་པར་བྱའོ། །སངས་རྒྱས་རྣམས་ཀྱི་ཞི་བསྐྱེད་ཡུམ། །ཞེས་བྱ་བ་ནི་སངས་རྒྱས་རྣམས་དང་འབྲེལ་བའི་གདུལ་བྱ་རྣམས་ཀྱི་ཞི་བ་བསྐྱེད་པའམ། ཡང་ན་གལ་ཏེ་སྒྲུབ་པ་པོ་ཞི་བ་བྱེད་ཀྱང་སྔགས་པ་གཞན་གྱིས་ཕུར་བུས་བཏབ་པས་སྒྲུབ་པ་པོ་ལ་བྱ་བའི་དངོས་གྲུབ་མི་སྩོལ་ 61-1-220a ན། དེའི་ཚེ་ཤེས་པར་བྱས་ནས་དེ་རྣམས་ཀྱི་གཟུགས་བརྙན་བྱས་ལ་ཕུར་བུས་བཏབ་སྟེ། སླར་ཕྱུང་ནས་སངས་རྒྱས་སྤྱན་གྱི་གསང་སྔགས་བཟླས་པའི་འོ་མས་བཀྲུས་ན་དེའི་ཚེ་དེ་རྣམས་ཞི་བར་འགྱུར་རོ། །དེ་ནས་དེའི་མངོན་པར་འདོད་པའི་དངོས་གྲུབ་སྩོལ་བར་འགྱུར་བས་ན་ འདི་ལ་ནི། སངས་རྒྱས་རྣམས་ཀྱི་ཞི་བསྐྱེད་ཡུམ། །ཞེས་བྱའོ། །འདི་དག་ཀྱང་ངེས་པར་ཤེས་པར་བྱ་བ་ནི་གཞན་གྱིས་བཀྲིར་མི་རུང་བ་ལ་སོགས་པའི་སྒྲུབ་པ་པོའི་དབང་དུ་བྱས་པ་ཡིན་ཏེ། ཏིང་ངེ་འཛིན་ཐོབ་པས་དགུག་པ་ལ་སོགས་པ་ལ་འཇོག་པའི་ཚུལ་དང་འདྲ་བར་ཤེས་པར་བྱའོ། །རྡོ་རྗེ་ དམ་ཚིག་གིས་བསྐུལ་ན། །ཞེས་བྱ་བ་ནི་ངེས་པར་བསྐུལ་བའོ། །མ་གྲུབ་རྣམས་ལ་གྲུབ་པར་སྩོལ། །ཞེས་བྱ་བ་ནི་དངོས་གྲུབ་མ་གྲུབ་པ་རྣམས་ལ་དངོས་གྲུབ་སྩོལ་བར་མཛད་པའོ། །འདི་སྐད་སྟོན་པ་ཡིན་ཏེ། གང་དེ་བཞིན་གཤེགས་པའི་རིགས་ལས་བྱུང་བའི་གསང་སྔགས་ རྣམས་དངོས་གྲུབ་མི་སྩོལ་ན་དེ་སྤྱན་གྱི་གསང་སྔགས་དང་སྤེལ་ནས་བཟླས་ན་དངོས་གྲུབ་སྩོལ་བར་འགྱུར་རོ་ཞེས་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །སྐུ་གསུམ་འབར་བའི་མཆོག་གི་དམ་ཚིག་ཅེས་བྱ་བ་ལ་སྐུ་གསུམ་གྱི་བདག་ཉིད་ཅན་མི་བསྐྱོད་པའོ། ། དེ་ཉིད་ནི་ཐབས་དང་ཤེས་རབ་ཀྱི་ངོ་བོས་ཁྲོ་བོའི་གཟུགས་སུ་གྱུར་པས་ན་འབར་བའོ། །དེ་ཉིད་ཀྱིས་ན་འཇིགས་བྱེད་ལ་སོགས་པའི་ཁྲོ་བོ་རྣམས་ཀྱི་མཆོག་གོ། །དེའི་དམ་ཚིག་ནི་ཡུམ་མཱ་མ་ཀཱིའོ། །དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །རྡོ་རྗེ་འཆང་བའི་ མཆོག་ཐམས་ཅད་ཀྱི་ཡུམ་ཞེས་བྱ་བ་ནི་རིགས་དེའི་ཡུམ་དུ་གྱུར་པས་སོ། །རྡོ་རྗེའི་དཀྱིལ་འཁོར་བསྐྱེད་པ་ཞེས་བྱ་བ་ནི་རྡོ་རྗེའི་རིགས་ཀྱི་ཡེ་ཤེས་སྐྱེད་པར་མཛད་པས་སོ། །དངོས་གྲུབ་ཐམས་ཅད་རབ་ཏུ་སྩོལ་བར་མཛད་པ་ཞེས་བྱ་བ་ནི་སངས་རྒྱས་སྤྱན་དང་འདྲ་བའོ། །ཐམས་ཅད་ ཅེས་བྱ་བ་ནི་སངས་རྒྱས་ལ་སོགས་པའོ། །རྗེས་དྲན་གྱུར་ཞེས་བྱ་བ་ནི་རྗེས་སུ་དྲན་པ་སྟེ། དགྱེས་པས་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །དངོས་གྲུབ་ཐམས་ཅད་སྲུང་མཛད་མ། །ཞེས་བྱ་བ་ནི་དངོས་གྲུབ་ཐམས་ཅད་ཀྱི་སྲུང་བ་འདིས་བྱའོ་ཞེས་བྱ་བའི་དོན་ཏོ། །འདི་ནི་སྤྱིའི་ 61-1-220b སྲུང་བའི་ཆོ་གའོ། །དེ་བཞིན་ལས་རྣམས་འགྲུབ་པ་ཡིན། །ཞེས་བྱ་བ་ནི་ཇི་ལྟར་ཇི་ལྟ་བ་ལ་སོགས་པའི་ལས་རྣམས་གྲུབ་པའི་རྒྱུར་གྱུར་པས་སྤྱན་ལ་སོགས་པར་སྤྲུལ་པར་མཛད་པ་དེ་བཞིན་དུ་སྤྲུལ་པའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །འདོད་ཆགས་ཆེན་པོ་ ཞེས་བྱ་བ་ལ་རང་བཞིན་གྱིས་རྣམ་པར་དག་པའི་སྙིང་རྗེ་ཆེན་པོའི་ངོ་བོ་ཉིད་ནི་འདོད་ཆགས་ཆེན་པོ་སྟེ་དེས་ཆགས་པ་ནི་དམར་བའོ། །པདྨ་ནི་པདྨའི་རིགས་སོ། །དེའི་གར་གྱིས་གར་བྱེད་པའི་ཚུལ་གྱིས་རྣམ་པར་འཕྲུལ་པས་འཐོར་ཞིང་ནམ་མཁའི་ཁམས་མ་ལུས་པར་ཁྱབ་པ་སྟེ་བཅོམ་ལྡན་ འདས་འོད་དཔག་མེད་ལ་དེ་སྐད་ཅེས་བྱའོ། །དེའི་རྣམ་པར་འཕྲུལ་པ་ནི་ཤིན་ཏུ་དགའ་བའི་སྐུས་རྣམ་པར་རོལ་པའོ། །དེའི་དོན་དམ་ཚིག་གི་རྡོ་རྗེ་ནི་དམ་ཚིག་གི་ཕྱག་རྒྱ་སྟེ་གོས་དཀར་མོའོ། །དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །ཆོས་ཐམས་ཅད་འཛིན་ པ་མཆོག་གི་ཡུམ་ཞེས་བྱ་བ་ནི་རིགས་དེའི་ཡུམ་དུ་གྱུར་པས་སོ། །ཐམས་ཅད་དབང་དུ་བྱས་པ་ལ། །ཞེས་བྱ་བ་ལ་སོགས་པ་ལ་སངས་རྒྱས་ལ་སོགས་པ་ཐམས་ཅད་དབང་དུ་བྱ་བ་ནི་མི་འདའ་བར་བྱས་པའོ། །དེའི་ཁོང་དུ་ཆུད་པ་ནི་རྣལ་འབྱོར་པ་རྣམས་ཀྱིས་རྟོགས་པར་བྱེད་པ་སྟེ། བཅོམ་ ལྡན་འདས་དོན་ཡོད་གྲུབ་པ་ལ་དེ་སྐད་ཅེས་བྱའོ། །དེའི་རྡོ་རྗེ་གསུམ་མཉམ་པ་ཉིད་ཀྱིས་དགའ་བར་བྱེད་པ་ནི་སྐུ་གསུམ་རྡོ་རྗེ་སྐྱེ་བ་མེད་པར་མཛད་པ་སྟེ་ཡུམ་སྒྲོལ་མའོ། །སྣ་ཚོགས་ཐམས་ཅད་འཆང་བའི་ཡུམ་གྱི་མཆོག །ཅེས་བྱ་བ་ནི་རིགས་དེའི་ཡུམ་དུ་གྱུར་པས་སོ། །དེ་ བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་ལ་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ལ་འཇུག་པས་ན་ཡེ་ཤེས་ལ་འཇུག་པ་སྟེ་ཁྲོ་བོའི་ཐབས་དང་ཤེས་རབ་ནི་ཁྲོ་བོའི་ཡེ་ཤེས་སོ། །དེས་སྒྲོལ་བ་ནི་སེམས་ཅན་གདུག་པ་ངན་འགྲོར་ལྟུང་བ་རྣམས་ སྒྲོལ་བས་གཤིན་རྗེ་གཤེད་ལ་ཡང་དེ་སྐད་ཅེས་བྱའོ། །དེ་ལ་དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །འཇིགས་པ་སྐྱེས་གྱུར་ན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་དང་བཅས་པ་ཐམས་ཅད་འཇིགས་པ་སྐྱེས་པའོ། །འདིར་ལ་ལ་ 61-1-221a དག་ནི་དེ་རྣམས་ལ་འཇིགས་པ་མི་མངའ་བས་འདི་ནི་མི་འཇིགས་སོ་ཞེ་ན་དེ་མ་ཡིན་ཏེ། གང་གི་ཕྱིར་རང་གིས་དམ་བཅས་པ་ནི་འཇིགས་པ་སྟེ་དེ་རྣམས་གདུལ་བའི་དབང་དུ་མཛད་ནས་དམ་བཅས་པ་འདི་ལ་འཇིགས་པ་རྣམ་པར་འཇོག་པར་མཛད་དེ། གལ་ཏེ་ཇི་སྐད་དུ་བཤད་པའི་ ཚུལ་གྱིས་སྒྲུབ་པ་ལ་ལན་བདུན་བཞུགས་པའི་སྔགས་པས་གྲུབ་པར་མ་གྱུར་ན་དེའི་ཚེ་འཕགས་པ་གཤིན་རྗེ་གཤེད་ལ་སོགས་པས་ཕུར་བུས་བཏབ་སྟེ། ཁོ་བོ་ཅག་བསྒྲུབ་པར་བྱ་བ་ཡིན་པས་བཅོམ་ལྡན་འདས་ནི་གཏུམ་པོའོ་སྙམ་ནས་འདིར་སྔགས་པས་ཕུར་བུས་འདེབས་པར་འགྱུར་རོ། ། ཞེས་འཇིགས་པ་ཀུན་དུ་སྐྱེས་པས་དངོས་གྲུབ་སྩོལ་བར་མཛད་པར་འགྱུར་ཏེ་ཇི་སྐད་དུ། རྡོ་རྗེ་ཧཱུཾ་མཛད་ཕྱག་རྒྱ་ཡིས། །ཇི་ལྟ་དེ་ལྟ་དེ་རྣམས་ཁྲོས། །སངས་རྒྱས་ཐམས་ཅད་གཟིར་ན་ནི། །འཇིགས་པས་དངོས་གྲུབ་སྩོལ་བར་འགྱུར། །ཞེས་གསུངས་པས་སོ། །རྡོ་རྗེ་རབ་འདྲ་བའི་ཞེས་བྱ་བ་ ནི་བཅོམ་ལྡན་འདས་ཀྱི་གཟི་བྱིན་བཟོད་པར་དཀའ་བས་རྡོ་རྗེ་ར་བ་དང་འདྲ་བས་གོ་མནན་པས་ན་ཡེ་ཤེས་སྣ་ཚོགས་ཅན་ལ་གཟིགས་པ་སྟེ། འདིས་ནི་བཅོམ་ལྡན་འདས་དེ་བསྙེན་པར་དཀའ་བ་བསྟན་ཏོ། །སྲུབས་ཅིག་པའམ་ཞེས་བྱ་བ་ནི་དུམ་བུ་གཅིག་པའོ། །སྲུབས་གཉིས་པ་ཞེས་ བྱ་བ་ནི་དུམ་བུ་གཉིས་པ་ཞེས་བྱ་བའི་དོན་ཏོ། །ལྷ་མོ་བཞི་ཡི་སྦྱོར་བ་དང་། །སངས་རྒྱས་ལྔ་ཡིས་བྱིན་བརླབས་ཏེ། །ཞེས་བྱ་བ་ནི་ཇི་སྐད་དུ་གསུངས་པའི་ཐོད་པའི་དབུས་སུ་ཁྲག་གིས་ཐོད་པ་ལ་པདྨ་འདབ་བརྒྱད་བྲིས་ཏེ། དེའི་དབུས་དང་ཤར་ལ་སོགས་པའི་འདབ་མ་བཞིར་རྣམ་ པར་སྣང་མཛད་ལ་སོགས་པ་ལྔ་དང་ཤར་ལྷོ་ལ་སོགས་པ་མཚམས་ཀྱི་འདབ་མ་བཞི་ལ་སྤྱན་ལ་སོགས་པ་བཞི་དགོད་པ་ནི་སངས་རྒྱས་ཀྱི་བྱིན་གྱིས་བརླབས་པ་དང་། ལྷ་མོ་བཞིའི་སྦྱོར་བ་དང་དེ་ལྡན་པར་འགྱུར་རོ། །རྐང་རྗེས་ས་ཡི་ཆོ་ག་ལ། །ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་རྐང་རྗེས་ ཀྱི་ས་དང་ཆུ་བོའི་ངོགས་གཉིས་ཀྱི་ས་ལས་གཟུགས་བརྙན་བྱས་ཏེ། དེའི་སྙིང་གར་བསྒྲུབ་པར་བྱ་བའི་མིང་དང་སྤེལ་བའི་གཤིན་རྗེ་གཤེད་ཀྱི་སྔགས་ཏཱ་ལ་ལ་སོགས་པ་ལ་བྲིས་ཏེ་བཅུག་ནས་གཡོགས་པ་སྟེ་འདི་ནི་རྐང་རྗེས་ཀྱི་སའི་ཆོ་གའོ། །རྐང་པས་མནན་ཏེ་དེ་ལ་བཟླས། །ཞེས་ 61-1-221b བྱ་བ་ནི་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པས་དེའི་དཀྱིལ་འཁོར་གྱི་དབུས་སུ་འདུག་ལ་བསྒྲུབ་པར་བྱ་བ་རྡོ་རྗེ་རླུང་གི་དཀྱིལ་འཁོར་ལ་བསྐྱོན་ཏེ། རྣམ་པར་སྣང་མཛད་ལ་སོགས་པས་རང་གི་ཞགས་པ་དང་ལྕགས་ཀྱུས་བཅིངས་ཏེ། དྲངས་པར་གྱུར་པར་བསམས་ལ་རྐང་པ་གཡོན་པའི་མཐིལ་དུ་ ཟླ་བའི་དཀྱིལ་འཁོར་ལ་གནས་པའི་རྡོ་རྗེ་ལྕགས་ཀྱུ་ཁ་ཐུར་དུ་བལྟས་པས་ཐོད་པའི་ནང་དུ་གཟུགས་བརྙན་བཅུག་པ་མནན་ལ་དགུག་པའི་ཚུལ་གྱིས་རྐང་པ་བསྐྱོད་ཅིང་གཤིན་རྗེ་གཤེད་ཀྱི་གསང་སྔགས་བསྒྲུབ་པར་བྱ་བ་དགུག་པའི་མིང་དང་སྤེལ་ཏེ་བཟླས་པར་བྱའོ་ཞེས་བྱ་བ་ནི་བསྡུས་པའི་ དོན་ཏོ། །སྤྲིན་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ་སྐལ་བ་ཇི་ལྟ་བ་བཞིན་དུ་དམ་པའི་ཆོས་ཀྱི་ཆུ་རྒྱུན་རྣམས་ཀྱིས་འགྲོ་བའི་དོན་མཛད་པས་སྤྲིན་ཆེན་པོ་དང་འདྲ་བས་ན་སྤྲིན་ཆེན་པོ་སྟེ་སངས་རྒྱས་བཅོམ་ལྡན་འདས་སོ། །དེ་རྣམས་ཀྱི་ཡེ་ཤེས་ཀྱི་རྡོ་རྗེ་མཆོག་ནི་གདུག་པ་འདུལ་བའི་ ཐབས་ཀྱི་ཡེ་ཤེས་སོ། །དེ་ལས་བྱུང་བས་ན་དམ་པ་རྡོ་རྗེ་བདུད་རྩི་ཁྲོ་བོ་སྟེ་བདུད་རྩིའི་ཐབ་སྦྱོར་རོ། །དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་སྔ་མ་བཞིན་ནོ། །ཁྲོ་བོའི་འཁོར་ལོ་སྤེལ་ནས་སུ། །ཞེས་བྱ་བ་ནི་འཁྱམ་ཞིང་སྨེལ་ཞིང་འཁྱམས་པའི་ཏཱ་ལའི་ལོ་མ་ལ་དུག་ལ་སོགས་ པས་འཁོར་ལོ་རྩིབས་བརྒྱད་པ་བྲིས་ལ་ལྟེ་བར་ཧཱུཾ་ལྷ་སྦྱིན་ཨུཙྪ་ཊ་ཡ་ཕཊ་ཅེས་བྱ་བ་དང་། རྩིབས་བརྒྱད་ལའང་དེ་བཞིན་དུ་དགོད་དོ། །མུ་ཁྱུད་ལ་བསྒྲུབ་པར་བྱ་བའི་མིང་སྐྲོད་པ་དང་སྤེལ་ཏེ་ཕྲེང་བའི་སྔགས་བྲིའོ། །ཚོགས་བདག་རྐང་པའི་དྲུང་དུ་གཞག །ཅེས་བྱ་བ་ནི་ ཚོགས་ཀྱི་བདག་པོའི་རྐང་པའི་འོག་ཏུ་བསྒྲུབ་པར་བྱ་བ་གཟུགས་བརྙན་གཞག་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཧཱུཾ་དང་ཕཊ་ཀྱིས་བསྐུལ་ནས་སུ། །ཞེས་བྱ་བ་ནི་ཧཱུཾ་ཆེ་གེ་མོ་ཨུ་ཙྪ་ཊ་ཡ་ཕཊ་ཅེས་ཚོགས་ཀྱི་བདག་པོ་བསྐུལ་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །འདི་ སྐད་སྟོན་པ་ཡིན་ཏེ་བསྒྲུབ་པར་བྱ་བའི་སྲུང་བ་བསལ་བ་སྔོན་དུ་འགྲོ་བས་གཟུགས་བརྙན་གྱི་སྙིང་གར་འཁོར་ལོ་བཅུག་ལ་བདུད་རྩི་ཐབ་སྦྱོར་གྱི་སྦྱོར་བ་དང་ལྡན་པས་ཚོགས་ཀྱི་བདག་པོ་ཇི་ལྟ་བ་བཞིན་བཀུག་ལ་དམ་ཚིག་བྱིན་པ་དེའི་རྐང་པའི་འོག་ཏུ་གཟུགས་བརྙན་སྦས་ནས་ཧཱུཾ་ 61-1-222a ཆེ་གེ་མོ་ཨུ་ཙྪ་ཊ་ཡ་ཕཊ་ཅེས་བརྗོད་ཅིང་དེ་ལ་བཀའ་བསྒོ་བས་བསྒྲུབ་པར་བྱ་བ་གཅེར་བུ་ཏིལ་མར་གྱིས་བསྐུས་པ་རྔ་མོ་ལ་བསྐྱོན་དེ་རྡོ་རྗེ་རླུང་གི་དཀྱིལ་འཁོར་གྱིས་བཏེག་ནས་ལྷོ་ཕྱོགས་སུ་ཁྱེར་བར་བསམ་ཞིང་དེའི་ཁྱིམ་ཡང་རྔ་མོ་གཅིག་གིས་ཡོངས་སུ་ཁྱེར་བར་བསམས་ ལ་ཁྲོས་པས་ཉི་མ་ཕྱེད་དང་། མཚན་ཕྱེད་ལ་ཉིན་ཞག་བདུན་གྱི་བར་དུ་བརྒྱ་རྩ་བརྒྱད་བཟླས་ན་ངེས་པར་སྐྲོད་པར་འགྱུར་རོ། །རིན་པོ་ཆེ་བརྩོན་པ་ཞེས་བྱ་བ་ལ་སོགས་པ་ལ་རིན་པོ་ཆེ་ནི་རིན་པོ་ཆེའི་རིགས་སོ། །བརྩོན་པ་ནི་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་མཛད་པས་རབ་ཏུ་ འབད་པའི་ཁྱད་པར་རོ། །དེས་སྤྲོས་པས་ན་ཁྲོ་བོ་གཞན་གྱིས་མི་ཐུབ་པ་དེ་ལ་དེ་སྐད་ཅེས་བྱ་སྟེ་དེ་ཉིད་ཡེ་ཤེས་ཀྱི་རྡོ་རྗེའོ། །དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་བཤད་ཟིན་ཏོ། །སྐེམས་བྱེད་ཀྱི་གདོན་ཞེས་བྱ་བ་ནི་བྱིས་པའི་གདོན་ནོ། །རྡོ་རྗེ་གཟིར་བའི་སྦྱོར་བ་ཡིས། །ཞེས་བྱ་བ་ནི་ སྲིན་པོ་ལ་སོགས་པའི་གདོན་རིག་པ་མཆོག་གི་རྒྱུད་ཀྱི་ཆོ་ག་ལས་མཚན་མ་ཤེས་པར་བྱས་ལ་དེ་ཇི་ལྟ་བ་བཞིན་དུ་བཀུག་ལ་བསྒྲུབ་པར་བྱ་བའི་ལུས་ལ་གཞུག་ཅིང་བཅིངས་ལ་ར་བ་ལ་སོགས་པ་བྱས་ཏེ། ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་གཉིས་ཀྱིས་གཟིར་བར་བསམས་ལ་ཧཱུཾ་འབར་བ་ལས་བྱུང་ བའི་རྡོ་རྗེ་ལྟ་བུའི་ཡུངས་ཀར་གྱིས་སྲིན་པོ་ལ་སོགས་པ་རྣམས་སོལ་ཅིག་ཅེས་བསྐུལ་བའི་ཚིག་དང་བཅས་པར་གསང་སྔགས་བཟླས་ལ་བརྡེག་ཅིང་བསལ་བ་ལ་སོགས་པའི་ལས་རྣམས་བྱས་ཏེ། འདི་ནི་རྡོ་རྗེ་གཟིར་བའི་སྦྱོར་བའོ། །ཡོན་ཏན་རིན་པོ་ཆེ་ཞེས་བྱ་བ་ལ་སོགས་པ་ལ་ཡོན་ཏན་ རིན་པོ་ཆེ་ལྟ་བུའི་ཡོན་ཏན་དེ་ལུང་དང་རྟོགས་པའི་བདག་ཉིད་ཅན་ནོ། །དཔག་ཏུ་མེད་པ་ནི་ཚད་མེད་པ་སྟེ་དེ་ཀུན་ནས་བསགས་པ་ཁྲོ་བོ་རྟ་མགྲིན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ་དེ་ཉིད་རྡོ་རྗེའོ། །དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །ལག་པ་ལ་ཞེས་བྱ་བ་ལ་ སོགས་པ་ནི་གོ་སླའོ། །འདི་སྐད་སྟོན་པ་ཡིན་ཏེ། མཚན་མ་ཇི་ལྟ་བ་བཞིན་དུ་ཤེས་པར་བྱས་ནས་ལག་པ་གཡོན་པ་ལ་ཟླ་བ་རྡོ་རྗེ་དེའི་དབུས་སུ་པདྨ་འདབ་མ་བརྒྱད་པ་དཀར་པོ། དེའི་དབུས་སུ་ཡི་གེ་ཧ་ཟླ་བའི་མདོག་ཅན་བསམས་ལ་དུག་གིས་ཟིན་པའི་མདུན་དུ་རྟ་མགྲིན་གྱི་ 61-1-222b ཕྲེང་བའི་སྔགས་ཉི་ཤུ་རྩ་གཅིག་བཟླས་ཏེ་བསྒྲུབ་པར་བྱ་བ་གོས་ཀྱིས་བཀབ་སྟེ་ནུབ་ཕྱོགས་སུ་ཁ་བསྟན་ལ་བཞག་ནས་དེའི་ལུས་ལ་ཕྲེང་བའི་སྔགས་ཇི་ལྟ་བ་བཞིན་བཀོད་ལ། ཞི་བར་མཛད་པའི་རྟ་མགྲིན་དུ་གསོལ་ཅིག་ཅེས་བསྐུལ་བའི་ཚིག་དང་བཅས་པར་སྔགས་བཟླས་པར་བཅོམ་ལྡན་ འདས་ཀྱིས་བསྒྲུབ་པར་བྱ་བ་སྟེ། བདུད་རྩིའི་རྒྱུན་གྱིས་ཡོངས་སུ་འགེངས་པར་བསམས་ལ་གོས་དྲང་ཞིང་རྟ་མགྲིན་གྱི་ང་རྒྱལ་དུ་བྱས་པས་དུག་བསལ་བར་བྱའོ། །གལ་ཏེ་མྱུར་བར་ལྡང་སྟེ་འཛིན་པར་འདོད་ན་དེས་དེའི་སྙིང་གར་པདྨ་དཀར་པོའི་ལྟེ་བར་ཡི་གེ་ཧ་བསམ་པར་ཡང་ཤེས་པར་ བྱའོ། །ཁྲོ་རྒྱལ་ཏིང་འཛིན་ལ་གནས་ནས། །རྡོ་རྗེ་གསུམ་གྱི་ཡི་གེས་མཛེས། །ཞེས་བྱ་བ་ནི་ཁྲོ་བོ་རྟ་མགྲིན་གྱི་ཏིང་ངེ་འཛིན་ལ་གནས་ནས། ཨོཾ་ཨཱཿཧཱུཾ་ཞེས་བྱ་བས་ཉེ་བར་མཛེས་པའི་ལུས་ཀྱིས་སོ། །ཁམས་གསུམ་དག་ཀྱང་ཞེས་བྱ་བ་ནི་ཁམས་གསུམ་པོ་རྣམས་ ཀྱང་ངོ་། །དོན་ཡོད་པར་འབྱུང་བ་ཞེས་བྱ་བ་ལ་སོགས་པ་ལ་དོན་ཡོད་ཅིང་དོན་དང་ལྡན་པས་ཐོགས་པ་མེད་པའི་དངོས་གྲུབ་སྩོལ་བ་འབྱུང་ཞིང་བསྐྱེད་པ་སྟེ། ཁྲོ་བོ་བེ་ཅོན་སྔོན་པོ་ཅན་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་ནི་རྒྱལ་མཚན་གྱི་མཆོག་ནོར་བུའི་རྡོ་རྗེ་སྟེ་རྡོ་རྗེས་མཚན་ཞིང་ ཡིད་བཞིན་གྱི་ནོར་བུ་ལྟར་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྟོད་པ་ཉིད་ཡིན་པས་ན་རྒྱལ་མཚན་གྱི་མཆོག་ནོར་བུ་རྡོ་རྗེ་ཞེས་བྱའོ། །དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་གོ་སླའོ། །སངས་རྒྱས་ཐམས་ཅད་ཅེས་ བྱ་བ་ནི་དེ་དང་འབྲེལ་པས་ན་བཅོམ་ལྡན་འདས་དབྱུག་སྔོན་ཅན་ནོ། །སྦྱོར་བའི་ཆོ་གས་བསྐུལ་ནས་ཞེས་བྱ་བ་ནི་གདུག་པ་རྣམས་གསོད་པའི་བར་དུ་སྦྱོར་བས་སོ། །དེ་ལ་སྦྱོར་བའི་ཆོ་ག་ནི་འདི་ཡིན་ཏེ་ཐུགས་རྡོ་རྗེའི་རྣལ་འབྱོར་པས་བསྒྲུབ་པར་བྱ་བའི་རྡོ་རྗེ་པདྨོའི་སྦྱོར་བ་ཇི་ལྟ་བ་བཞིན་དུ་ཞུགས་ ལ། དེའི་སྙིང་ག་ན་གནས་པའི་བྱང་ཆུབ་ཀྱི་སེམས་ཇི་ལྟ་བ་བཞིན་དུ་འཐུངས་ཏེ་དེ་ཉིད་ལས་བྱུང་བའི་ཁྲོ་བོ་དབྱུག་སྔོན་ཅན་གྱི་ང་རྒྱལ་ཅན་དུ་བྱས་ལ། རང་གི་དཀྱིལ་འཁོར་ལ་གནས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཁྲོས་པ་དང་། བསྒྲུབ་པར་བྱ་བ་ཡང་དཀོན་མཆོག་ 61-1-223a གསུམ་ལ་སོགས་པ་རྣམ་པར་འཇིག་པར་བསྒོམས་ལ། སངས་རྒྱས་དང་རྡོ་རྗེ་འཛིན་པ་ལ་སོགས་པ་རང་གི་དམ་ཚིག་གིས་བཟློག་པར་བྱ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འདི་ནི་དཀོན་མཆོག་གསུམ་ལ་སོགས་པ་ལ་གནོད་པར་བྱེད་པ་དེ་འདིའི་དམ་ཚིག་སྦྱིན་པ་ ལ་སོགས་པ་མི་ལེན་ཏེ། སེམས་ཅན་དེ་ནི་བྱང་ཆུབ་ཀྱི་སེམས་དང་བྲལ་བ་ཡིན་ལ་ཁྱེད་རྣམས་ནི་བྱང་ཆུབ་ཀྱི་སེམས་དང་རབ་ཏུ་འབྲེལ་བ་ཡིན་པས། དེས་ན་འདིའི་སྙིང་སྤང་བར་མཛད་དུ་གསོལ་ཞེས་བརྗོད་ལ། དེའི་སྙིང་སྤངས་ནས་དེ་བཞིན་གཤེགས་པར་རྣམ་པར་བསམ་མོ། །ཡང་སྦྱོར་བ་ གཞན་དག་གིས་སྲུང་བ་ལ་སོགས་པ་བསམས་ནས་ཁྲག་གིས་གཤེར་བའི་གོས་བགོས་པའམ་གཅེར་བུས་ཆུ་བོའི་ངོགས་གཉིས་ཀྱི་ས་ལ་སོགས་པ་ལས་བསྒྲུབ་བྱའི་གཟུགས་བརྙན་བྱས་ལ་རྐང་པ་གཡོན་པས་མནན་ཏེ་བསྒྲུབ་པར་བྱ་བ་ཡང་དེར་དགུག་པ་དང་གཞུག་པ་དང་བཅིང་བ་བྱས་ལ་ཁྲོས་པས། ཇི་ལྟ་བ་བཞིན་དུ་མངོན་སྤྱོད་ཀྱི་ཆོ་ག་རྫོགས་པ་ལ་བརྩོན་པར་བྱ་ཞིང་བེ་ཅོན་སྔོན་པོ་ཅན་ཟློས་པས་དེ་གསོད་པ་ལ་བརྩོན་པའི་རྡོ་རྗེ་བེ་ཅོན་སྔོན་པོ་ལ་སོགས་པ་དཔག་ཏུ་མེད་པ་སྤྲོ་བར་བྱའོ། །ཀུན་དུ་ཞེས་བྱ་བ་ལ་སོགས་པ་ལ་ཀུན་ནས་ཐམས་ཅད་དུ་སངས་རྒྱས་ལ་སོགས་པ་རྣམ་པར་འཕྲོ་བ་སྟེ། དེའི་བཀོད་པའི་ཚོགས་ཡོད་པས་ཁྲོ་བོ་སྟོབས་པོ་ཆེ་ལ་དེ་སྐད་ཅེས་བྱ་སྟེ་དེ་ཉིད་རྡོ་རྗེའོ། །དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །ལས་ཀུན་རབ་ཏུ་སྒྲུབ་པར་བྱེད། །ཅེས་བྱ་བ་ནི་རྣལ་འབྱོར་པ་མོས་པའི་སྟོབས་ཀྱིས་གསང་སྔགས་འདི་ཉིད་ཀྱིས་ཞི་བ་ལ་སོགས་ པའི་ལས་རྣམས་ཀྱང་འགྲུབ་པར་འགྱུར་བས་དེ་སྐད་ཅེས་བྱའོ། །ཆར་པ་ཆེ་ན་གཅོད་འགྱུར་ལ། །ཞེས་བྱ་བ་ནི་ཁྲོ་བོ་སྟོབས་པོ་ཆེའི་རྣལ་འབྱོར་གྱིས་ནམ་མཁའ་ལ་གནས་པའི་ཆུའི་ཚོགས་རྣམས་འཐུངས་པར་ལྷག་པར་མོས་ནས་མཚོན་ཆ་ཕྱག་རྒྱས་སྤྲིན་རྣམས་གཏུབ་པར་ བྱའོ། །ཆར་པ་ཆུང་ན་རབ་ཏུ་འབེབས། །ཞེས་བྱ་བ་ཡང་སྦྱོར་བ་འདི་ཉིད་ནས་བཤད་དོ། །ཀུན་དུ་ཞེས་བྱ་བ་ལ་སོགས་པ་ལ་ཀུན་ནས་ཐམས་ཅད་དུ་འབར་བས་སྙིང་པོར་བྱས་པས་བཅོམ་ལྡན་འདས་འདོད་པའི་རྒྱལ་པོ་ལ་དེ་སྐད་ཅེས་བྱ་སྟེ་དེ་ལ་དམིགས་པས་ན་དེ་སྐད་ཅེས་བྱའོ། ། 61-1-223b རྐང་གཡས་ཞེས་བྱ་བ་ལ་སོགས་པ་ལ་རྐང་པ་གཡས་པའི་མཐིལ་དུ་ཟླ་བའི་དཀྱིལ་འཁོར་གྱི་འོག་ཏུ་ཡི་གེ་ཨ་ལས་སྣ་ཚོགས་རྡོ་རྗེ་དེའི་ཡང་འོག་ཏུ་ཡི་གེ་ཛཿལས་རྡོ་རྗེ་ལྕགས་ཀྱུ་ཁ་ཐུར་དུ་ལྟས་པ་རྣམ་པར་བསམས་ལ་མཚན་དེ་བསྒྲུབ་པར་བྱ་བའི་གཟུགས་བརྙན་མནན་ནོ་ཞེས་བྱ་ བར་སྦྱར་རོ། །སྐུ་གསུམ་ཡེ་ཤེས་སྟོབས་ལྡན་པས། །ཞེས་བྱ་བ་ནི་སྐུ་གསུམ་གྱི་ཡེ་ཤེས་བྱིན་གྱིས་བརླབས་ལ་ཁྲོ་བ་དང་བཅས་པས་གཡོན་ཕྱོགས་སུ་ལུས་ཅུང་ཟད་འདུད་པར་བྱའོ། །ཁྲོ་གཉེར་རིམ་པར་བསྙེར་བྱས་ཏེ། །ཞེས་བྱ་བ་ལ་སོགས་པ་ནི་དཔྲལ་བ་བསྐུལ་བ་ བྱས་སོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་ལྟར་རབ་ཏུ་འབར་བའི་ཡེ་ཤེས་ནི་གདུག་པ་རྣམས་འདུལ་བའི་ཐབས་ཀྱི་ཡེ་ཤེས་ཏེ་དེས་རབ་ཏུ་འབར་བས་གཏུམ་པོར་གྱུར་པ་སྟེ་ཁྲོ་བོ་མི་གཡོ་བའོ། །དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། ། གཙོ་བོ་ཞེས་བྱ་བ་ནི་འདིར་དྲན་ཞེས་བྱ་བ་དང་རྗེས་སུ་སྦྱར་རོ། །དགུག་བྱེད་ཅིང་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །སྐུ་གསུམ་གྱི་ཞེས་བྱ་བ་ལ་སོགས་པ་ལ་འདི་ནི་རྟག་ཏུ་སྐུ་གསུང་ཐུགས་མི་ཟད་པའི་ཡེ་ཤེས་ཀྱི་མཐར་ཐུག་པ་ཡིན་པས་ན་སྐུ་གསུམ་རྡོ་རྗེའི་ཡེ་ཤེས་སོ། །དེ་ཉིད་ཧཱུཾ་བཞིས་ བསྙེན་པར་དཀའ་བའི་ངོ་བོ་ཉིད་པས་ན་འབར་བའོ། །དེ་ཉིད་དེ་བཞིན་གཤེགས་པ་རྣམས་ཀྱིས་ཐབས་དང་ཤེས་རབ་ཀྱི་ཁྲོ་བོའི་གཟུགས་ཀྱིས་སྲིད་པ་གསུམ་པོ་མ་ལུས་པའི་བདག་པོར་གྱུར་ཅིང་མི་ཤེས་པའི་བུད་ཤིང་རྣམས་བསྲེགས་པས་ན་འབར་བའི་རྡོ་རྗེའོ། །དེ་ཉིད་བགེགས་རྣམས་ འཇིག་ཅིང་རྙོག་པར་བྱེད་པས་ན་འཇིགས་པ་ཆེན་པོ་སྟེ། བཅོམ་ལྡན་འདས་གནོད་མཛེས་ལ་དེ་སྐད་ཅེས་བྱའོ། །དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །བཅོམ་ལྡན་འདས་འདི་ནི་སྐུ་མདོག་ནག་པོ་ཞལ་གཡས་དཀར་གཡོན་དམར་བ་ཕྱག་གཉིས་འཇིག་རྟེན་ གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་བཅིང་བ། གཡས་གཉིས་ན་རྡོ་རྗེ་དང་འཁོར་ལོ་བསྣམས་པ་གཡོན་གཉིས་ན་ལྕགས་ཀྱུ་དང་ཞགས་པ་བསྣམས་པ། མི་བསྐྱོད་པའི་ཅོད་པན་ཅན་གཡོན་བརྐྱང་བས་བཞུགས་པ་ཡི་གེ་ཧཱུཾ་ལས་བྱུང་བར་ཤེས་པར་བྱའོ། །སྐུ་གསུང་ 61-1-224a རྡོ་རྗེ་མཆོག་མངའ་བའི། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཅེས་བྱ་བ་དང་སྦྱར་རོ། །ཡེ་ཤེས་ཀྱིས་འཇོམས་ཞེས་བྱ་བ་ནི་རང་གི་ཏིང་ངེ་འཛིན་གྱི་ཡེ་ཤེས་དང་བྲལ་བའོ། །ལྕགས་ཀྱུ་ཡིས་ནི་རྣམ་དྲལ་ཏེ། །ཞེས་བྱ་བ་ནི་སྙིང་གར་རོ། །རྡོ་རྗེ་ཞགས་པས་བཅིངས་ནས་སུ། ། ཞེས་པས་ནི་མགུལ་དུའོ། །འདི་སྐད་སྟོན་པ་ཡིན་ཏེ། གནོད་མཛེས་ཀྱི་རྣལ་འབྱོར་པས་རང་གི་དཀྱིལ་འཁོར་གྱི་དབུས་སུ་འདུག་སྟེ། ནམ་མཁའི་དབྱིངས་ན་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལྕགས་ཀྱུ་དང་ཞགས་པ་ཇི་ལྟ་བ་བཞིན་དུ་བསྣམས་པའི་གནོད་མཛེས་ཀྱི་སྦྱོར་ བ་ལ་ཞུགས་པས་བསྒྲུབ་པར་བྱ་བ་རྡོ་རྗེ་རླུང་གི་དཀྱིལ་འཁོར་ལ་བསྐྱོན་ལ་དམ་ཚིག་གི་ཕྱག་རྒྱའི་གཟུགས་སུ་བསྐྱེད་ལ་བུ་མོ་འགུགས་པ་ལ་བརྩོན་པར་བསམས་ནས་མིང་དང་སྤེལ་བའི་སྦྱོར་བས་སྔགས་བཟླས་པ་བྱ་ཞིང་དགུག་པར་བྱའོ། །དགུག་ཅེས་བྱ་བ་ལ། རབ་ཏུ་མྱུར་བར་གཡོ་བའི་ མིག །མིག་གི་རྫི་མ་འདྲེན་པ་ནི། །འབར་བའི་ལྟ་བ་ཞེས་གྲགས་ཏེ། །འགྲོ་བ་ཐམས་ཅད་དགུག་པར་གསུངས། །ཞེས་གསུངས་པའི་འབར་བའི་ལྟ་བའང་དགུག་པའི་ལས་ཐམས་ཅད་ལ་སྦྱར་བར་བྱའོ། །རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྔར་བཤད་པའི་གསང་ སྔགས་ཀྱིས་ཀྱང་མངོན་པར་འདོད་པའི་ལས་བསྒྲུབ་ཏུ་རུང་སྟེ་གང་འདིའི་གདུལ་བྱའི་སྐྱེ་བོ་རྣམས་ལ་རབ་ཏུ་སྣང་བའི་དབང་དུ་མཛད་ནས་སྤྱན་ལ་སོགས་པའི་ལས་སོ་སོར་ངེས་པར་བཤད་ཀྱི་འོན་ཀྱང་རྣལ་འབྱོར་པའི་མོས་པའི་དབང་གིས་དེ་དག་ཐམས་ཅད་ཀྱང་ལས་ཐམས་ཅད་མཛད་པ་ཡིན་ནོ། ། ད་ནི་ཐམས་ཅད་ཀྱི་སྤྱིའི་ལས་ཀྱི་ཚིག་རྣམས་ཀྱི་དོན་གསུངས་པ་ཡིན་ཏེ། ཡེ་ཤེས་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ་ཡེ་ཤེས་ཆེན་པོ་ནི་ལྷ་རྣམས་སྤྲུལ་པའི་ཡེ་ཤེས་སོ། །དེའི་རྣམ་པར་བསྒྱིངས་པ་ནི་རྣམ་པར་རོལ་པ་སྟེ་སངས་རྒྱས་ལ་སོགས་པ་འགུགས་པའོ། །དེའི་དགའ་ སྟོན་ནི་དེས་དགའ་སྟོན་མཛད་པ་སྟེ་རྣལ་འབྱོར་པ་རྣམས་ཀྱིས་མངོན་པར་འདོད་པའི་དངོས་གྲུབ་ཐོབ་པར་མཛད་པའོ། །དེ་ལ་དམིགས་པས་ན་ཏིང་ངེ་འཛིན་དེ་ལ་ཡང་མིང་དེ་སྐད་ཅེས་བྱ་སྟེ། ལས་ཀྱི་ཚོགས་བསྐྱེད་པའི་རྣམ་པ་ལ་ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་བའི་དོན་ཏོ། ། 61-1-224b སྐུ་གསུམ་གྱི་མཆོག་རྡོ་རྗེ་འཆང་སྐྱེད་པར་མཛད་པ་ཞེས་བྱ་བ་ནི་སྐུ་གསུམ་གྱི་བདག་ཉིད་ཅན་རྡོ་རྗེ་འཛིན་པ་བསྐྱེད་པའོ། །དེ་ཉིད་ནི་སངས་རྒྱས་བྱང་ཆུབ་སྟེ་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཀྱི་བདག་པོའི་ངོ་བོ་ཉིད་ཡིན་པས་སོ། །འབྱིན་ཞེས་བྱ་བ་ནི་ཕྱུང་བ་སྟེ་ལས་ཀྱི་ཚོགས་རྣམས་ཤེས་པར་བྱ་སྟེ། རྡོ་རྗེ་ འཛིན་པའི་རྗེས་སུ་དྲན་ནས་ལས་ཀྱི་ཚོགས་རྣམས་བཤད་དོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་འདི་སྐད་སྟོན་པ་ཡིན་ཏེ་ལས་འདི་དག་ཐམས་ཅད་ལ་དེ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་དེ་བསྐུལ་བ་བྱ་སྟེ་དངོས་གྲུབ་ཐམས་ཅད་ནི་དེ་ལ་རག་ལས་པ་ཡིན་པའི་ཕྱིར་རོ། །དེ་བས་ན་འདི་ཉིད་ ཀྱི་འོག་ནས། རྒྱལ་པོ་ཀུན་གྱི་གནས་ལ་བཞུགས། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །ཀུན་གྱི་སེམས་རབ་རྫོགས་མཛད་པ། །ཡང་དང་ཡང་དུ་རབ་བསྐུལ་བར། །ཞེས་གསུངས་པའི་ཕྱིར་རོ། །བྱང་ཆུབ་ཆེན་པོ་རྡོ་རྗེ་འཆང་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཉིད་དེ། དེ་དྲན་པ་སྔོན་དུ་ འགྲོ་བས་ལས་ཀྱི་ཚོགས་རྣམས་བཤད་པ་ཡིན་ནོ། །དེས་ནི་འདི་སྐད་སྟོན་པར་འགྱུར་ཏེ་བྱང་ཆུབ་ཀྱི་སེམས་བསྒོམ་པ་བརྟན་པར་གྱུར་པས་ཁམས་གསུམ་པོ་སེམས་ཙམ་དུ་ཤེས་ནས་ལས་རྣམས་བྱས་ན་འགྲུབ་པར་འགྱུར་རོ་ཞེས་པའོ། །འཁོར་ལོ་ཆེ་ལ་རྣམ་གནས་ནས། །ཞེས་བྱ་ བ་ནི་དཀྱིལ་འཁོར་ཆེན་པོ་ལ་འདུག་པས་སོ། །འདི་སྐད་སྟོན་པ་ཡིན་ཏེ། གནོད་མཛེས་ཀྱི་དཀྱིལ་འཁོར་ལ་གནས་པ་སྟེ། དཀྱིལ་འཁོར་དེ་ལ་གནས་པའི་རྣལ་འབྱོར་པས་དེའི་སྔགས་བཟླས་ཤིང་སངས་རྒྱས་ཀྱི་སྤྲིན་གནོད་མཛེས་ཀྱི་སྦྱོར་བས་ཞུགས་པ་ལྕགས་ཀྱུ་དང་ཞགས་པ་བསྣམས་པ་ སྤྲོས་པས་འགུགས་པར་བྱེད་པའོ། །སངས་རྒྱས་རྣམས་ཀྱི་སྤྲིན་ནི་དེ་བཞིན་གཤེགས་པ་ཐམས་ཅད་དོ། །རྡོ་རྗེ་འཆང་བའི་སྤྲིན་ནི་རྡོ་རྗེ་སེམས་དཔའི་སྤྲིན་ནོ། །གཞན་དག་ལ་ཡང་དེ་བཞིན་ནོ། །དགུག་པར་གསུངས་པ་འདི་ནི་གཙོ་བོ་མ་ཡིན་གྱི། སྔ་མ་ཉིད་དུས་དང་པོ་བྱ་ བར་ཡང་ཤེས་པར་བྱའོ། །དེ་བས་ན་གཞན་དག་ལས་ཀྱང་། སྔགས་ཀྱི་སེམས་དཔས་བྱ་བ་ནི། །རྡོ་རྗེ་གསང་བ་རྨད་པོ་ཆེ། །ཁྲོ་བོ་རྒྱལ་པོ་བཀུག་ནས་ནི། །སངས་རྒྱས་ཐམས་ཅད་རབ་ཏུ་མཆོད། །ཅེས་གསུངས་པ་ཡིན་ནོ། །ད་ནི་རྣལ་འབྱོར་ཐམས་ཅད་ཀྱི་མངོན་པར་འདོད་ 61-1-225a པའི་བུ་མོ་ལ་སོགས་པ་དགུག་པ་ཡིན་ཏེ། ཀུན་མཁྱེན་ཡེ་ཤེས་རང་བཞིན་གཙོ། །ཞེས་བྱ་བ་ནི་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཉིད་དོ། །རང་སྔགས་སྐྱེས་བུར་བདག་བསྒོམས་ན། །ཞེས་བྱ་བ་ནི་གཤིན་རྗེ་གཤེད་ལ་སོགས་པ་གང་ཡང་རུང་བའི་རང་གི་ལྷའི་སྐུར་རང་ གི་སྔགས་ཀྱི་བདག་ཉིད་རྣམ་པར་བསམས་པའོ། །རླུང་ལ་རྐང་པ་བཞག་ནས་སུ། །ཞེས་བྱ་བ་ལ་སོགས་པ་ནི་རྐང་པའི་འོག་ཏུ་རླུང་གི་དཀྱིལ་འཁོར་གཞག་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། རླུང་གི་དཀྱིལ་འཁོར་ལ་བསྐྱོན་ཞེས་བྱ་བའི་དོན་ཏོ། །ལྕགས་ཀྱུས་སྙིང་ནས་དྲངས་ནས་ནི། ། ཞེས་བྱ་བ་ནི་ལྕགས་ཀྱུས་སྙིང་དྲངས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །འདི་སྐད་སྟོན་པ་ཡིན་ཏེ། རྣལ་འབྱོར་པ་རང་གི་ལྷའི་ཕྱག་རྒྱ་ཆེན་པོ་དང་ལྡན་པས་དེའི་དཀྱིལ་འཁོར་གྱི་དབུས་སུ་འདུག་སྟེ། མངོན་པར་འདོད་པའི་བུ་མོ་དམ་ཚིག་གི་ཕྱག་རྒྱའི་གཟུགས་སུ་བསྐྱེད་ལ་རླུང་གི་དཀྱིལ་འཁོར་ ལ་བསྐྱོན་ཏེ་དེ་ལ་མངོན་པར་ཕྱོགས་པར་དྲངས་ཤིང་། རང་གི་ལྷའི་གཟུགས་ཀྱིས་ལྕགས་ཀྱུ་དང་ཞགས་པ་ཐོགས་ཏེ། གནས་ཇི་ལྟ་བ་བཞིན་དུ་བཅིངས་ལ་དྲངས་ནས་ཁྱེར་ཏེ་འོངས་པར་བསམ་པ་དང་དཀྱིལ་འཁོར་པ་རྣམས་ཀྱང་དེ་འགུགས་པར་བརྩོན་པར་བསམ་ཞིང་བདག་ཉིད་ཀྱང་མིང་དང་ སྤེལ་བའི་སྦྱོར་བས་གསང་སྔགས་ཟློས་ཤིང་དགུག་པར་བྱའོ། །སྐྱེས་པ་དགུག་པ་ལ་ནི་སྦྱོར་བ་འདི་ཉིད་གོ་བཟློག་པ་ཡིན་པར་ཤེས་པར་བྱའོ། །ཐག་རིང་པོ་ནས་དགུག་ན་བསྒྲུབ་པར་བྱ་བ་གལ་ཏེ་ཡོངས་སུ་བསྐམས་པར་འགྱུར་བ་ཡང་སྲིད་པས། དེ་ལྟར་མི་འགྱུར་བར་བྱ་བའི་ཕྱིར། རྡོ་རྗེ་རྣམ་ པར་སྣང་མཛད་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་བསམས་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་མགོ་བོ་ལའོ། །དེ་ནི་ཞེས་བྱ་བ་ནི་བསྒྲུབ་པར་བྱའོ། །འདི་སྐད་སྟོན་པ་ཡིན་ཏེ་རླུང་གི་དཀྱིལ་འཁོར་ལ་བསྐྱོན་ཏེ་ཐག་རིང་པོ་ནས་དགུག་ན་བསྒྲུབ་པར་བྱ་བའི་མགོ་ལ་ཟླ་བའི་སྟེང་ན་བཅོམ་ ལྡན་འདས་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་བདུད་རྩི་འབབ་པ་བསམས་ལ་དགུག་པར་བྱའོ་ཞེས་པའོ། །རྡོ་རྗེ་དཀྱིལ་འཁོར་ལས་བྱུང་བ། །ཞེས་བྱ་བ་ནི་རྡོ་རྗེ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྣམ་པར་བཞུགས་པར་བསྒོམ་མོ་ཞེས་ཤུགས་ཀྱིས་སྦྱར་རོ། །རྡོ་རྗེ་ལྕགས་ཀྱུ་སྐུ་ཆེན་ 61-1-225b པོ། །ཞེས་བྱ་བ་ནི་ཡི་གེ་ཛཿལས་བྱུང་བའི་ལྕགས་ཀྱུ་འབར་བ་ཕྱག་ན་བསྣམས་པའི་རང་གི་ལྷའོ། །འདི་ནི་བུ་མོ་དགུག་པའི་སྦྱོར་བའི་ཁྱད་པར་རོ། །གཞན་དག་ན་རེ། རྡོ་རྗེ་དཀྱིལ་འཁོར་ལས་བྱུང་བ། །རྡོ་རྗེ་ལྕགས་ཀྱུ་སྐུ་ཆེན་པོ། །ཞེས་བྱ་བ་རྡོ་རྗེ་རླུང་གི་དཀྱིལ་འཁོར་གྱི་གཟུགས་སུ་ ཡོངས་སུ་གྱུར་པར་བསྒོམས་ལ་དེ་ལ་བསྐྱོན་ནས་བུ་མོ་དགུག་པར་བྱའོ་ཞེས་ཟེར་རོ། །རྡོ་རྗེ་གསུམ་གསུངས་ཁྲོ་བོ་ནི། །ཞེས་བྱ་བ་ནི་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་ཡི་གེ་ལས་བྱུང་བ་ལ་གསུམ་པ་མི་བསྐྱོད་པའི་གཙུག་གི་ནོར་བུ་ཅན། སྐུ་མདོག་སྔོ་བ་རོལ་པའི་སྟང་སྟབས་ཀྱིས་བཞུགས་ པར་ཁྲོ་བོ་རྡོ་རྗེ་ས་འོག་བསྒོམ་མོ་ཞེས་བྱ་བ་ནི་ལྷག་མའོ། །གསལ་ཤིང་རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཡིས། །ཞེས་བྱ་བ་ནི་གསལ་ཤིང་དང་ཞགས་པ་ལ་སོགས་པ་དང་ལྡན་པས་འདི་སྐད་ཅེས་བྱའོ། །དེ་ཡང་ཕྱག་གཡས་པ་གཉིས་ན་གསལ་ཤིང་དང་ལྕགས་ཀྱུ་བསྣམས་པ། གཡོན་ གཉིས་ན་རྡོ་རྗེ་དང་ཞགས་པ་བསྣམས་པ་ཡིན་པར་རིགས་སོ། །ཉེ་བར་མཚན་པ་འདིས་ན་གཡས་ཀྱི་ཅིག་ཤོས་ལ་ནི་རལ་གྲི། གཡོན་ན་དགྲ་སྟ་བསྣམས་པར་ལ་ལ་འདོད་དོ། །དྲངས་ན་ཞེས་བྱ་བ་ནི་ལྕགས་ཀྱུས་དྲངས་ནས་ཞགས་པས་བཅིངས་ལ་བསྒྱེལ་བའི་ཚུལ་དུ་བྱས་པའོ། །འདི་ སྐད་སྟོན་པ་ཡིན་ཏེ་རྣལ་འབྱོར་པ་ཇི་སྐད་དུ་བཤད་པའི་རྡོ་རྗེས་འོག་ནི་རྣལ་འབྱོར་པས་དེའི་དཀྱིལ་འཁོར་གྱི་སྦྱོར་བས་འདུག་སྟེ། དེ་ཉིད་ཀྱིས་སྔ་མ་བཞིན་དུ་ལྷ་མ་ཡིན་གྱི་བུ་མོ་འགུགས་བཞིན་པར་བསམས་ལ་མིང་དང་སྤེལ་ནས་དེའི་སྔགས་བཟླས་པའི་སྦྱོར་བས་དགུག་པར་བྱ་སྟེ། ལྷ་མ་ ཡིན་གྱི་བུ་མོ་དགུག་པའི་ཁྱད་པར་གྱི་སྦྱོར་བའོ། །གཟས་ཟིན་ཚེ་ན་ཁར་བཅུག་སྟེ། །རྫས་རྒྱལ་རྡོ་རྗེ་ལྕགས་ཀྱུས་བསྒྲུབ། །ཅེས་བྱ་བ་ནི་གཟས་ཟིན་པའི་ཚེ་ན་རྫས་ཁར་བཅུག་ལ་རྡོ་རྗེ་ལྕགས་ཀྱུས་དགུག་པའི་སྦྱོར་བས་ནམ་མཁའི་ཁམས་ཐམས་ཅད་ན་གནས་པའི་འཕགས་པ་གཤིན་ རྗེ་གཤེད་ལ་སོགས་པ་འགུགས་པ་ལ་བརྩོན་པ་རྣམས་དགུག་པ་ལ་སོགས་པ་བྱས་ཏེ་བསྒྲུབ་པར་བྱའོ། །འདི་སྐད་སྟོན་པ་ཡིན་ཏེ། རྣལ་འབྱོར་པས་གཤིན་རྗེ་གཤེད་ལ་སོགས་པའི་རང་གི་དཀྱིལ་འཁོར་གྱི་དབུས་སུ་འདུག་སྟེ། གཟས་ཟིན་པའི་ཚེ་རྫས་ཁར་བཅུག་ལ་དེར་འཕགས་ 61-1-226a པ་གཤིན་རྗེ་གཤེད་ལ་སོགས་པ་ཇི་ལྟ་བ་བཞིན་དུ་དགུག་པ་ལ་སོགས་པ་བྱས་ལ་ཟླ་བའམ་ཉི་མ་གཟས་ཟིན་པ་ལ་བལྟ་བཞིན་དུ་ཇི་སྲིད་གཟས་མ་བཏང་གི་བར་དུ་བཟླས་པར་བྱའོ། །དེ་ནས་བསྲུང་བ་བྱས་པ་དེ་ལྟར་བསྒྲུབས་པའི་རྫས་ཀྱི་རྒྱལ་པོ་འདི་ཉིད་ཀྱིས་དྲག་པོ་ལ་སོགས་ པ་གང་ཡང་རུང་བའི་མིང་བྲིས་ལ་རྐང་པ་གཡོན་པས་མནན་ཏེ་བསྒྲུབ་པར་བྱ་བ་ཡང་རྡོ་རྗེ་རླུང་གི་དཀྱིལ་འཁོར་ལ་བསྐྱོན་ཏེ། གཤིན་རྗེ་གཤེད་ལ་སོགས་པ་རྣམས་ཀྱིས་ལྕགས་ཀྱུས་དྲང་ཞིང་ཞགས་པས་བཅིངས་ནས་འགུགས་བཞིན་པར་བསམས་ལ། དེ་བཞིན་དུ་མིང་སྤེལ་བའི་སྦྱོར་ བས་གསང་སྔགས་བཟླས་ན་ཁུགས་པར་འགྱུར་རོ། །བུད་མེད་དགུག་པ་ལ་ནི་རྐང་པ་གཡས་པས་མནན་ནོ། །སངས་རྒྱས་འཁོར་ལོ་ལེགས་བསམས་ཏེ། འཇམ་པའི་རྡོ་རྗེ་རྣམ་པར་བསྒོམ། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་གྱི་དབུས་སུ་ཇི་སྐད་བཤད་པའི་འཇམ་ དཔལ་གྱི་སྐུར་བདག་ཉིད་བསྒོམ་པར་བྱའོ། །ལག་ན་རྡོ་རྗེ་ལྕགས་ཀྱུ་ཐོགས། །ཞེས་བྱ་བ་ནི་ཕྱག་གཉིས་ན་རྡོ་རྗེ་དང་ལྕགས་ཀྱུ་བསྣམས་པ་སྟེ། སྙིང་གར་འདི་ཉིད་བསྒོམ་ཞེས་བྱ་བ་ནི་ཁྱད་པར་རོ། །འདི་སྐད་སྟོན་པ་ཡིན་ཏེ་འཇམ་དཔལ་གྱི་རྣལ་འབྱོར་པ་རང་གི་དཀྱིལ་འཁོར་གྱི་ དབུས་སུ་འདུག་སྟེ། རང་གི་སྙིང་གར་ཉི་མའི་དཀྱིལ་འཁོར་ལ་ཇི་སྐད་དུ་གསུངས་པའི་གཤིན་རྗེ་གཤེད་ཀྱི་སྐུར་དེའི་གསང་སྔགས་ཀྱིས་བསྒོམས་ལ་སྔ་མ་བཞིན་དུ་ལེགས་པར་སྤྲོས་ཏེ། མངོན་པར་འདོད་པའི་གནོད་སྦྱིན་མོའི་སྙིང་གར་ཞུགས་པ་དང་། དེ་བསྐལ་པའི་མེ་བཞིན་དུ་ སྲེག་པར་འགྱུར་ལ་རང་གི་མདུན་ན་བསིལ་བར་གྱུར་པའི་ལམ་ཡོད་པ་ལ་ཨཱ་གཙྪ་ཨཱ་གཙྪ་ཞེས་བྱ་བའི་སྔགས་ཀྱིས་འཇམ་དཔལ་རྡོ་རྗེ་ལ་སྐྱབས་སུ་འགྲོ་བར་མངོན་པར་འདོད་པར་བསམས་ལ་གཤིན་རྗེ་གཤེད་ཀྱི་གསང་སྔགས་ཡི་གེ་ཀྵི་དང་སྤེལ་བས་སྔགས་བཟླས་ལ་དགུག་པར་བྱའོ། ། ཕྱག་རྒྱ་གསང་སྔགས་སྦྱོར་བ་དང་། །ཞེས་བྱ་བ་ལ་སོགས་པ་ལ་གཤིན་རྗེ་གཤེད་ལ་སོགས་པའི་རྣལ་འབྱོར་པས་རང་གི་དཀྱིལ་འཁོར་གྱི་དབུས་སུ་འདུག་སྟེ། རང་གི་ཕྱག་རྒྱ་དང་གསང་སྔགས་ལས་བྱུང་བའི་གཤིན་རྗེ་གཤེད་ལ་སོགས་པ་གྲངས་མེད་པས་ནམ་མཁའ་ཀུན་དུ་ 61-1-226b བཀང་སྟེ། འཁོར་ལོ་དང་རྡོ་རྗེ་ལ་སོགས་པ་རང་གི་མཚན་མ་དང་ལྕགས་ཀྱུ་ཕྱག་ན་བསྣམས་པས་བསྒྲུབ་པར་བྱ་བ་དགུགས་པར་གྱུར་པར་བསམ་ཞིང་ཁྱད་པར་གྱི་སྦྱོར་བས་དགུག་པར་བྱའོ། །དེ་ནི་དགུག་པ་སྤྱིའི་ཡིན་པས། །དགུག་པར་བྱ་བའི་གནས་སུ་གསུངས། །ཞེས་བྱ་ བ་ཡིན་ཏེ་དགུག་པ་ཐམས་ཅད་ཀྱི་གཞིར་གྱུར་པ་ཡིན་ནོ། །གཞན་དུ་བྱས་ན་འགྲུབ་མི་འགྱུར། །ཞེས་བྱ་བ་ནི་གལ་ཏེ་སྤྱི་དང་ཁྱད་པར་གྱི་སྦྱོར་བ་དག་གིས་འགུགས་པ་ལ་སོགས་པ་མི་བྱེད་ན་དེའི་ཚེ་དེ་འགྲུབ་པར་མི་འགྱུར་རོ། །དེ་བས་ན་གཉིས་ཀས་ཀྱང་བྱའོ་ཞེས་བྱ་བར་གནས་སོ། ། རྒྱལ་པོའི་ཞབས་དྲུང་ན་གནས་པས། །ཞེས་བྱ་བ་ནི་རྒྱལ་པོ་ནི་སྔགས་ཐམས་ཅད་ཀྱིའོ། །ཀུན་གྱི་གནས་ལ་བཞུགས་ཞེས་བྱ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཉིད་ཀྱིས་ལྷ་ཐམས་ཅད་སྐུ་ལ་རྣམ་པར་བཞུགས་པའོ། །ཡང་དང་ཡང་དུ་བསྐུལ་བར་བྱ། །ཞེས་བྱ་བ་ནི་བཅོམ་ལྡན་ འདས་བདག་ལ་དངོས་གྲུབ་སྩལ་དུ་གསོལ་ཞེས་སྐད་ཅིག་རེ་རེ་ཞིང་བསྐུལ་བར་བྱ་སྟེ། ཅིའི་ཕྱིར་ཞེ་ན་རྒྱལ་པོ་ཀུན་གྱི་གནས་ལ་བཞུགས་པས་བྱ་བ་ཡིན་པའི་ཕྱིར་རོ། །གཞན་དག་ནི་དགུག་པའི་ལས་རྣམས་ལ་བཅོམ་ལྡན་འདས་གནོད་མཛེས་ཉིད་བསྐུལ་བར་བྱའོ་ཞེས་ཟེར་རོ། །ཡེ་ཤེས་ ཀྱིས་ཞེས་བྱ་བ་སོགས་པ་ལ་ཡེ་ཤེས་ཀྱིས་རྣམ་པར་རྒྱལ་བ་ནི་གདུག་པའི་རང་བཞིན་ཟིལ་གྱིས་གནོན་པ་སྟེ་ཟིལ་གྱིས་གནོན་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། རལ་པ་གཅིག་མའོ། །དེ་ཉིད་རྡོ་རྗེ་སྟེ་དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །གསང་སྔགས་བཟླས་ བརྗོད་བྱས་པ་ཡིས། །ཞེས་བྱ་བ་ལ་སོགས་པ་ནི་རལ་པ་གཅིག་མའི་རྣལ་འབྱོར་པས་དེའི་དཀྱིལ་འཁོར་གྱི་དབུས་སུ་འདུག་ལ་སྔ་མ་བཞིན་དུ་ཀླུའི་བུ་མོ་འགུགས་པར་བྱེད་པར་བསམས་ལ། བསྒྲུབ་པར་བྱ་བའི་མིང་དང་མདུང་ཅན་མའི་སྔགས་སྤེལ་ཞིང་བཟླའོ། །འདོད་པའི་ཡོན་ཏན་ལྔས་ ཆགས་པའི། །ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ལ་རྗེས་སུ་ཆགས་པས་བདག་ཉིད་ཀྱིས་ཏེ། བཅོམ་ལྡན་འདས་མ་འདི་ཡང་སྐུ་མདོག་སྔོ་བ་ཅོད་པན་ལ་མི་བསྐྱོད་པས་བརྒྱན་པ། རལ་གྲི་དང་ལྕགས་ཀྱུ་དང་རྡོ་རྗེ་དང་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་ཁྲག་གིས་ཡོངས་སུ་གང་ 61-1-227a བའི་ཐོད་པ་དང་དགྲ་སྟ་ཕྱག་ན་བསྣམས་པ། རོལ་པའི་སྟང་སྟབས་ཀྱིས་ལེགས་པར་བཞུགས་པ། ཡི་གེ་ཧཱུཾ་ལས་བྱུང་བ་མཆོག་ཏུ་ཀླུའི་བུ་མོ་འགུགས་པར་ཤེས་པར་བྱའོ། །ནམ་མཁའ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ་ནམ་མཁའ་ནི་གོ་འབྱེད་དོ། །ཆེན་པོ་ནི་ཐམས་ཅད་ དུ་ཁྱབ་པ་སྟེ། སེམས་ཅན་གྱི་དོན་མཛད་པའི་ཕྱིར་མགྱོགས་པའི་ཤུགས་དང་ལྡན་པའི་སེམས་ཀྱིས་ཁྱབ་པར་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་བ་སྟེ། དེས་ན་འཇུག་པར་དཀའ་བའི་ཕྱིར་རྒྱ་མཚོ་དང་ཆོས་མཐུན་པར་གནས་པ་ན་སྐུལ་བྱེད་མ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་འདའ་བར་མི་བྱ་བས་ན་དམ་ ཚིག་གོ། །དེ་ལ་དམིགས་པ་ནི་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །སྦྱོར་བ་ཡིས་ཞེས་བྱ་བ་ནི་སྤྱི་བོར་རྣམ་པར་སྣང་མཛད་དགོད་པ་ལ་སོགས་པའོ། །འདི་སྐད་སྟོན་ཏེ། སྐུལ་བྱེད་མའི་རྣལ་འབྱོར་པས་དེའི་དཀྱིལ་འཁོར་གྱི་དབུས་སུ་འདུག་ལ། ཀླུའི་བུ་མོ་ལ་སོགས་པ་རྡོ་རྗེ་རླུང་གི་ དཀྱིལ་འཁོར་ལ་བསྐྱོན་ཏེ། འཕགས་མ་ཙུན་དེའི་སྐུ་ནམ་མཁའ་ཁྱབ་པ་རྣམས་ཀྱིས་འགུགས་པར་བྱེད་པར་བསམས་ལ། དེ་བཞིན་གསང་སྔགས་བཟླས་ནས་བཀུག་སྟེ་ཉེ་བར་ལོངས་སྤྱད་པར་བྱའོ། །ནམ་མཁའ་ཞེས་བྱ་བ་ལ་སོགས་པ་ལ་ཐམས་ཅད་ཁྱབ་པས་ནམ་མཁའ་སྟེ། རང་ བཞིན་གྱིས་རྣམ་པར་དག་པ་ཆོས་ཉིད་ཀྱི་ཡེ་ཤེས་སོ། །དེ་ཉིད་མི་ཕྱེད་པས་ན་རྡོ་རྗེའོ། །དེས་རྣམ་པར་རྒྱལ་བ་ནི་གདུག་པ་རྣམས་ཟིལ་གྱིས་གནོན་པ་ལ་བརྩོན་པ་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ་ཁྲོ་གཉེར་ཅན་ནོ། །དེ་ཉིད་མཆོག་སྟེ་དེ་ལ་དམིགས་པ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། ། ཆོས་ཞེས་བྱ་བ་ལ་སོགས་པ་ལ་ཆོས་ཆེན་པོ་ལུང་དང་རྟོགས་པའི་མཚན་ཉིད་དོ། །དེ་ཉིད་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་འདྲེན་པས་ན་བདུད་རྩིའོ། །དེ་ཉིད་ནི་དམ་ཚིག་སྟེ་རྒྱུ་རྫོགས་པ་གང་ཡིན་པ་སྟེ། དེ་ཡང་འདིར་རྡོ་རྗེ་ཁྲོ་གཉེར་ཅན་གྱི་རྩལ་འབྱོར་པས་དེའི་དཀྱིལ་འཁོར་ལ་ གནས་ཏེ་ཉེ་བར་ལོངས་སྤྱད་པར་བྱའོ། །ཡང་ན་ཞེས་བྱ་བ་ལ་ཡང་སྨོས་པས་ནི་འགོག་པའི་རྡོ་རྗེ་བཟླས་པ་ལ་སོགས་པས་སམ། རྡོ་རྗེ་ཕྲ་མོ་ལ་སོགས་པ་བསྒོམས་པས་སེམས་རྩེ་གཅིག་པ་ཐོབ་པའོ། །སྐྱེ་བོ་མེད་པའི་ཞེས་བྱ་བ་ནི་གཙུག་ལག་ཁང་ལ་སོགས་པར་རོ། །གསང་སྔགས་ 61-1-227b བྱེ་བ་བཟླས་ནས་སུ། །ཞེས་བྱ་བ་ནི་ཡི་གེའི་ཕྲེང་བ་བཟླས་པས་སོ། །ལས་རྣམས་ཐམས་ཅད་བྱ་བར་གསུངས། །ཞེས་བྱ་བ་ནི་སྔགས་དེ་ཡིས་སོ། །འདི་སྐད་སྟོན་པ་ཡིན་ཏེ་ལྷའི་བུ་མོ་མཆོག་དགུག་པ་ལ་སོགས་པ་ཇི་སྐད་དུ་གསུངས་པའི་ཆོ་ག་གང་དག་ཡོད་པ་དེ་དག་ཐམས་ཅད་ལ་རྡོ་རྗེ་ཕྲ་མོ་ལ་སོགས་པ་ བསྒོམས་པས་སེམས་རྩེ་གཅིག་པ་ཐོབ་པའམ་བཟླས་བརྗོད་བྱེ་བ་བྱས་ནས་བྱའོ། །བསྐྲད་པ་ལ་སོགས་པ་ནི་བཟླས་བརྗོད་བྱེ་བ་མ་བྱས་པའམ། སེམས་རྩེ་གཅིག་པ་མ་ཐོབ་པས་ཀྱང་དད་པ་བརྟན་པོར་བྱས་པས་ལ་ལ་བྱར་རུང་བ་ཡོད་དོ། །གཞན་དག་སློབ་དཔོན་སྨོད་པ་དང་། །ཞེས་བྱ་བ་ལ་སོགས་པ་ནི་མངོན་ སྤྱོད་ཀྱི་ཡུལ་གསུངས་པ་ཡིན་ནོ། །ཉེ་བར་མཚོན་པ་འདིས་ནི་དཀོན་མཆོག་གསུམ་ལ་གནོད་པར་བྱེད་པ་ལ་སོགས་པའང་བསྡུའོ། །བྱང་ཆུབ་དངོས་གྲུབ་ལེགས་པར་ཐོབ། །ཅེས་བྱ་བ་ནི་མངོན་སྤྱོད་ཡན་ལག་འདིས་མངོན་སྤྱོད་བྱ་བར་འོས་པ་ལ་ལས་བྱས་ལ་སེམས་ཅན་ཐམས་ཅད་འདུལ་ བའི་ཐབས་ཀྱི་བདག་ཉིད་ཅན་གྱི་བྱང་ཆུབ་རྟོགས་པར་འགྱུར་རོ། །སྐུ་གསུམ་ཡེ་ཤེས་ལས་བྱུང་བ། །ཞེས་བྱ་བ་ལ་སྐུ་དང་གསུང་དང་ཐུགས་ལས་བྱུང་བའི་གསོད་པའོ། །དགྲ་ལ་ཡང་ཞེས་བྱ་བ་ལ་ཡང་རྒྱུད་གཞན་དག་ལས། ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱི། །ལུས་དང་ ངག་སེམས་བསད་པར་ནི། །ཁྱད་པར་དག་ཏུ་བསྒོམ་པར་བྱ། །དགྲ་རྣམས་ལ་ནི་གདོན་མི་ཟ། །ཞེས་གསུངས་པས་འདིར་སོམ་ཉི་མི་བྱ་སྟེ་འདི་ཉིད་ཀྱི་ས་ནི་གཅིག་ཏུ་བྱ་བ་བདག་གི་ངོ་བོ་ཉིད་བསྟན་པ་ཡིན་ནོ། །འདི་སྟོན་པ་ཡིན་ཏེ་སེམས་ཅན་ཐམས་ཅད་གསོད་དང་གཙུག་ལག་ཁང་ལ་ སོགས་པ་རྣམ་པར་འཇིག་པ་དང་། སློབ་དཔོན་ལ་གནོད་པར་བྱེད་པ་ལ་སོགས་མངོན་སྤྱོད་ཀྱི་ཡན་ལག་བྱ་བར་འོས་པ་ལ་ལྷའི་བསྲུང་བ་དང་བྲལ་བར་བྱ་སྟེ། བསྐལ་པ་དུ་མར་དམྱལ་བ་ལ་སོགས་པར་གནས་པར་འགྱུར་རོ་ཞེས་སྙིང་རྗེའི་སེམས་བསྐྱེད་ལ་མི་བསྐྱོད་པ་ལ་སོགས་པའི་སངས་རྒྱས་ཀྱི་ ཞིང་དུ་བསྐྱོད་པར་བྱའོ་ཞེས་བསམས་ནས་མེད་པར་བྱ་བའམ། བསད་པའི་དངོས་པོ་དམིགས་ལ་གཤིན་རྗེ་གཤེད་ལ་སོགས་པའི་རྣལ་འབྱོར་པས་མངོན་སྤྱོད་ཀྱིས་བྱ་བའི་ལས་བྱའོ། །ཁྲག་གམ་ཆུ་ཡིས་ཞེས་བྱ་བ་ལ་སོགས་པ་ནི་ཆོ་ག་གསུངས་པ་ཡིན་ཏེ། མཚན་མ་ཞེས་བྱ་བ་ནི་བསྲུབ་ 61-1-228a པར་བྱ་བའི་གཟུགས་བརྙན་ནོ། །ཁྲོ་བོའི་རྒྱལ་པོ་ཞེས་བྱ་བ་ནི་གཤིན་རྗེ་གཤེད་ལ་སོགས་པའོ། །གསང་སྔགས་བརྒྱ་རྩ་བརྒྱད་བཟླས་ན། །ཞེས་བྱ་བ་ནི་བཟླས་བརྗོད་བརྒྱ་རྩ་བརྒྱད་བྱས་པས་སོ། །སངས་རྒྱས་ཀྱང་ནི་ངེས་པར་འཇིག །ཅེས་བྱ་བ་ནི་སྦྱོར་བ་ཕུལ་དུ་བྱུང་ བར་གསུངས་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན་འདི་ལྟར་དེ་རྣམས་ལ་ནི་འཆི་བར་འགྱུར་བ་ནི་མི་སྲིད་ལ། འདིར་དེ་དག་གིས་མངོན་སྤྱོད་བྱ་བའི་ཕུར་བུ་བཤད་པ་ལ་ཡང་མ་ཡིན་ན་ཅིའི་ཕྱིར་གསུངས་ཤེ་ན། དེ་ནི་བདེན་ཏེ་དེ་དག་འཆི་བར་འགྱུར་བ་མི་སྲིད་པ་ཉིད་ཡིན་མོད་ཀྱི། འོན་ཀྱང་སྦྱོར་བ་འདི་ཉིད་ ལ་དངོས་གྲུབ་མཆོག་སྩོལ་བ་ལས་མི་ལྡོག་པ་ལ་བྱའོ། །རྒྱུད་གཞན་དག་ལས། འགའ་ཞིག་སྦྱོར་བ་མ་ཐོབ་པས། །སངས་རྒྱས་གསོད་པའི་བདག་ཉིད་ཅན། །དེ་ལ་ཕན་པར་བྱ་བའི་ཕྱིར། །དངོས་གྲུབ་མྱུར་བར་རབ་ཏུ་བསྒོམ། །ཞེས་གསུངས་པས་སོ། །ཆུས་བརླན་པའི་ཞེས་བྱ་བ་ལ་ སོགས་པ་ནི་བཤད་མ་ཐག་པའི་དོན་ཉིད་གསལ་བར་བསྟན་པས་སོ། །ཁྲོ་བོའི་མདུན་དུ་བཅིངས་ནས་སུ། །ཞེས་བྱ་བ་ནི་ཁྲོ་བོའི་ང་རྒྱལ་དྲག་པོས་བྱའོ། །ཁྲོ་བོ་འཁྲུགས་པ་ཡིས་ཞེས་བྱ་བ་ནི་ཐམས་ཅད་དུ་ཁྲོ་བོའི་ལུས་འབར་བས་ཁྱབ་པའི་ཚུལ་གྱིས་སོ། །ཁ་བཞིན་རྣམ་པར་བསྒྱུར་བྱས་ཏེ། ། ཞེས་བྱ་བ་ནི་ཁ་བཞིན་རྣམ་པར་བསྒྱུར་བ་ནི་འཇིགས་པར་བྱེད་པའི་གཟུགས་ཅན་ཏེ་རྣམ་པར་བསྒྱུར་བ་དེས་དུ་མར་རྣམ་པར་བསྒྱུར་བ་སྟེ། རང་གི་ལས་ཀྱི་རྗེས་སུ་མཐུན་པའི་སྟོབས་དང་ལྡན་པ་དེ་ལ་དེ་སྐད་ཅེས་བྱའོ། །ནམ་མཁའི་ཁམས་ཀྱང་འཇིག་པར་འགྱུར། །ཞེས་པ་འདིས་ནི་ཆེ་བའི་ བདག་ཉིད་བསྟན་པ་ཡིན་ནོ། །མ་མོའི་གནས་ཞེས་བྱ་བ་ལ་སོགས་པ་ནི་མངོན་སྤྱོད་ཀྱི་གནས་ཀྱི་ངེས་པ་གསུངས་པ་སྟེ། གང་ན་མ་མོ་བདུན་པོ་གནས་པ་ནི་མ་མོའི་གནས་སོ། །ཤིང་གཅིག་ཏུ་ཞེས་བྱ་བ་ནི་ཤིང་གཞན་གྱི་གྲིབ་མས་མནོན་པ་ཞེས་བྱ་བའི་དོན་ཏོ། །དེའི་རྐང་ རྗེས་ལ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་རྐང་པ་རྗེས་ཀྱི་སའོ། །ཡང་ཞེས་བྱ་བའི་སྒྲས་ནི་ཆུ་བོའི་དོགས་གཉིས་ཀྱི་ས་ལ་སོགས་པ་ཡང་བསྡུས་ཏེ་དེ་དག་གིས་གཟུགས་བརྙན་བྱའོ་ཞེས་བྱ་བ་ནི་ལྷག་མའོ། །མི་རུས་ལས་བྱས་ཕུར་བུ་དག །ཅེས་བྱ་བ་ནི་མིའི་རུས་པ་ལས་བྱས་ 61-1-228b པའི་ཕུར་བུས་སོ། །ཕུར་བུ་ཡིས་ནི་ཞེས་བྱ་བ་ནི་ལྟེ་བ་ཡན་ཆད་སྟོད་བདུད་རྩི་འཁྱིལ་པའི་གཟུགས་ཅན་ལ་སྨད་རྡོ་རྗེ་རྩེ་གཅིག་པའི་དབྱིབས་སུ་བྱས་པའོ། །འདི་སྐད་སྟོན་པ་ཡིན་ཏེ། གཤིན་རྗེ་གཤེད་ལ་སོགས་པ་ཡང་རུང་བའི་སྦྱོར་བ་བྱས་ལ། ཇི་སྐད་དུ་བཤད་པའི་ཕུར་བུ་ བླངས་ནས་ངོས་བཞིར་ཡི་གེ་ཧཱུཾ་བཞི་སྤྱི་བོར་གཅིག་བཀོད་ལ་དེ་ཉིད་ཀྱིས་དུར་ཁྲོད་དུ་སྣ་ཚོགས་རྡོ་རྗེ་བྲིས་ལ་རྐང་རྗེས་ཀྱི་ས་དང་དུག་ལ་སོགས་པ་རྣམས་ཀྱིས་དེའི་གཟུགས་བརྙན་བྱས་ཏེ། དུག་ལ་སོགས་པ་སྨེས་པར་བྱས་པའི་ཏ་ལའི་འདབ་མ་ལ་སོགས་པར་དེའི་མིང་དང་སྤེལ་ཏེ་གསང་སྔགས་བྲིས་ལ་ དེའི་ཁོང་དུ་བཅུག་སྟེ་ས་ལ་སོགས་པས་ཀྱང་བཀབ་ལ། ཡི་གེ་ཨའི་ས་བོན་ལས་སྔར་བྲིས་པའི་སྣ་ཚོགས་རྡོ་རྗེའི་སྟེང་དུ་ལྷོ་ཕྱོགས་སུ་མངོན་དུ་ཕྱོགས་པར་བཞག་ལ་གནོད་མཛེས་ཀྱིས་བསྒྲུབ་པར་བྱ་བའི་སྙིང་དྲངས་ནས་གཞུག་པ་དང་བཅིང་བ་བྱས་ལ། འོག་ནས་བཤད་པའི་ཕུར་བུའི་གསང་སྔགས་ བརྒྱ་རྩ་བརྒྱད་བཟླས་པའི་ཕུར་བུས་སྙིང་གར་བཏབ་ལ་ནང་གི་ཡི་གེ་ཨས་མཚན་པའི་སྣ་ཚོགས་རྡོ་རྗེ་བྲིས་པའི་ཁམ་ཕོར་གྱིས་བཀབ་སྟེ། དེ་ཡང་སས་བཀབ་ལ་དེའི་སྟེང་དུ་རྐང་པ་གཡོན་པས་མནན་ཏེ་ཉི་མ་ཕྱེད་དམ་མཚན་ཕྱེད་ན་གསང་སྔགས་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱའོ། །གདོན་ གྱི་ལས་ཐམས་ཅད་ལ་ཕུབ་མ་དང་རྡོ་བ་དང་ནིམ་པའི་ལོ་མ་དང་སྐྱུར་རྩབས་དང་། སྐེ་ཚེ་ལ་སོགས་པ་དང་ལྡན་པའི་འབྲས་ཆན་དམར་པོ་རང་ཉིད་ཁྲོ་བོའི་ང་རྒྱལ་དང་ལྡན་པས་ནང་གི་སྦྱིན་སྲེག་གི་ཆོ་ག་ཇི་ལྟ་བ་བཞིན་དུ་བཟའ་བར་བྱའོ། །དགྲའི་ཁྱིམ་སྒོར་ཞེས་ཚིག་མང་པོ་སྨོས་པས་ནི་གྲོང་རྡལ་ལ་ སོགས་པ་ཡང་བཟུང་སྟེ་ཕུར་བུ་ཞེས་བྱ་བར་རྗེས་སུ་སྦྱར་བར་བྱའོ། །སྦྱོར་བ་འདི་དག་ལ་ཡང་བརྐོས་ཏེ་གཞུག་ཅེས་བྱ་བར་སྦྱར་རོ། །ཤེས་དང་མི་ཤེས་རྣམ་སྤངས་པ། །ཞེས་བྱ་བ་ནི་ཤེས་པ་དང་མི་ཤེས་པའི་རྣམ་པར་རྟོག་པ་དང་བྲལ་བའམ་ཡང་ན་གཉིས་སུ་མེད་པའི་རྣམ་པར་འཇུག་ པའི་ཡེ་ཤེས་ནི་ཤེས་པའོ། །མི་ཤེས་པ་ནི་དེ་ཉིད་མི་ཤེས་པ་སྟེ་དེ་དང་བྲལ་བས་ན་མི་ཤེས་སྤངས་པ་སྟེ་སྤངས་པ་ནི་དོར་བའོ། །འདི་སྐད་སྟོན་པ་ཡིན་ཏེ་འདི་དག་ཐམས་ཅད་ནི་སེམས་ཙམ་མོ་ཞེས་ངེས་པར་བསམས་ལ་གཤིན་རྗེ་གཤེད་ལ་སོགས་པ་གང་ཡང་རུང་བའི་ང་རྒྱལ་གྱིས་ཇི་སྐད་གསུངས་ 61-1-229a པའི་ཕུར་བུས་བླངས་ལ། ལས་ཀྱི་རྗེས་སུ་མཐུན་པའི་བསྐུལ་ཚིག་དང་སྤེལ་བའི་གསང་སྔགས་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ལ། དགྲའི་ཁྱིམ་སྒོ་ལ་སོགས་པར་བརྐོས་ཏེ་གཞུག་པར་བྱའོ། །ཐོད་པ་ཡོངས་སུ་རྫོགས་པ་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་མཚན་ཉིད་ཐམས་ ཅད་དང་ལྡན་པའོ། །འམ་གྱི་སྒྲ་ནི་མ་རྙེད་ན་གཞན་དག་ཀྱང་རུང་བའོ། །རྡོ་རྗེའི་ཚིག་གིས་ཞེས་བྱ་བ་ནི་རྡོ་རྗེའི་ཚིག་གིས་བྱིན་གྱིས་བརླབས་པས་ན་རྡོ་རྗེའི་ཚིག་གོ། །འདི་སྐད་སྟོན་པ་ཡིན་ཏེ། ཆེ་གེ་མོ་སྐྲོད་ཅེས་བྱ་བ་དང་སྤེལ་བ་གཤིན་རྗེ་གཤེད་ལ་སོགས་པ་གང་ཡང་རུང་བའི་གསང་སྔགས་ཇི་སྐད་དུ་བཤད་ པའི་ཐོད་པ་ལ་དུག་ལ་སོགས་པ་རྣམས་ཀྱིས་ལེགས་པར་བྲིས་ལ། རྡོ་རྗེའི་ཚིག་གིས་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་ཏེ་དགྲའི་སྒོ་ཁང་ལ་སོགས་པར་སྦས་ན་གྲོང་ལ་སོགས་པ་སྐྲོད་པར་འགྱུར་རོ། །འཆི་བའམ་བསྐམས་པར་འགྱུར་ཞེས་བྱ་བ་ནི་སོད་ཅིག་པའམ་སྐོམས་ཤིག་ཅེས་བྱ་བ་སྤེལ་བའི་གསང་ སྔགས་བྲིས་པས་སོ། །ཉེ་བར་མཚོན་པ་འདིས་ན་སྐྲོད་ཅིག་ཅེས་པ་ལ་སོགས་པ་ཡང་ཡོངས་སུ་བསྡུའོ། །འདི་སྐད་སྟོན་པ་ཡིན་ཏེ་ཁྲོ་བོ་གང་ཡང་རུང་བའི་ང་རྒྱལ་དུ་བྱས་ནས། ལྷ་ཆེན་པོ་གཅེར་བུ་སྐྲ་བཤིག་པ་ལྷོ་ཕྱོགས་ན་གནས་པ་འདོད་པའི་རྒྱལ་པོའི་སྔགས་དང་ཕྱག་རྒྱས་དེ་བཀུག་ ལ། རྡོ་རྗེ་འདི་ན་རྡོ་རྗེ་ཆེ། །སངས་རྒྱས་ཀུན་གྱིས་བྱིན་བརླབས་པ། །དམ་ཚིག་འདས་ན་མྱུར་བར་ནི། །རིགས་རྒྱུད་བཅས་པ་ཐལ་བར་བྱེད། །ཨོཾ་ཧ་ན་ས་མ་ཡ་ཧཱུཾ་ཕཊ་ཅེས་བརྗོད་ལ་སྔར་བཤད་པའི་ཁྲོ་བོ་ཏི་རཱིནྟི་རིའི་དམ་ཚིག་བྱིན་ལ་ཁ་ཞིང་ཚ་བའི་བཀྲ་མི་ཤིས་པའི་མེ་ཏོག་རྣམས་ཀྱིས་ མཆོད་ལ་དེ་བླངས་ནས་དེ་ཡང་རང་གི་ལས་བྱ་བར་བསྒོ་སྟེ་སླར་བཏང་ན་གྲོང་ངམ་གྲོང་ཁྱེར་གྱི་ལྷོ་ཕྱོགས་ཀྱི་འབུས་ཟོས་པའི་ཏ་ལའི་འདབ་མ་ལ་སོགས་པ་ལ་བདག་ཉིད་མངོན་པར་འདོད་པའི་ལས་དང་རྗེས་སུ་མཐུན་པར་བསྒྲུབ་པར་བྱ་བའི་མིང་དང་སྤེལ་བའི་སྦྱོར་བས་གཤིན་རྗེ་གཤེད་ལ་སོགས་པ་ གང་ཡང་རུང་བའི་གསང་སྔགས་མི་རུས་ལ་སོགས་པ་ཕྱག་རྒྱས་གཏོར་བའི་ཚུལ་གྱིས་སམ་ཡི་གེ་ཕྱིན་ཕྱོགས་སུ་བྲིས་ལ་དུག་ལ་སོགས་པ་དང་ནིམ་པའི་ལོ་མ་ལ་སོགས་པ་དང་མི་གཙང་བས་བསྐུས་ཏེ་གསང་སྔགས་བརྒྱ་རྩ་བརྒྱད་བཟླས་ལ་མེ་ཏོག་དེ་ལན་བདུན་མངོན་པར་བཟླས་པ་བྱས་ནས། དེའི་ 61-1-229b འོག་ཏུ་ཏ་ལའི་འདབ་མར་སྦྱར་ཏེ་མེ་ཏོག་ལྷག་མ་རྣམས་ཀྱིས་དཀྲིའོ། །དེ་ནས་དགྲའི་སྒོ་ཁར་ཅོག་པུས་དོང་བྱས་ལ་ཉི་མ་ཕྱེད་དམ་མཚན་ཕྱེད་ན་སྦ་བར་བྱའོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཇི་སྐད་དུ་བཤད་པའི་སྒྲུབ་པའི་ཐབས་ཀྱི་ རིམ་པས་སྒྲུབ་པ་ལ་ལན་བདུན་ཞུགས་པའི་སྒྲུབ་པ་པོ་ལ་དངོས་གྲུབ་མི་སྩོལ་ན་ཕུར་བུས་གདབ་པ་འདི་མངོན་པར་འདོད་དོ། །དེ་རྣམས་ཀྱི་སྐུ་གསུམ་ནི་སྐུ་དང་གསུང་དང་ཐུགས་ཏེ་ངོ་བོ་ཉིད་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུའོ། །དེ་རྣམས་ཀྱི་ཕུར་བུས་གདབ་པའི་ཕྱིར་ རྡོ་རྗེ་ཕུར་བུས་ཏེ་བདུད་རྩི་ཐབ་སྦྱོར་ལ་སོགས་པའི་གཟུགས་སོ། །དེ་ཉིད་ཡེ་ཤེས་རྡོ་རྗེ་སྟེ་དེ་ལ་དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཕུར་བུས་གདབ་ལ་ཐོགས་པ་མེད་པའི་གསང་སྔགས་གསུང་བའི་རྣམ་པར་ཐུགས་རྩེ་ གཅིག་ཏུ་མཛད་ཅེས་བྱ་བའི་དོན་ཏོ། །ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་ཁམས་གསུམ་པོ་ཐམས་ཅད་ཀྱི་སྟེ་ཁམས་གསུམ་བྱུང་བའི་དེ་བཞིན་གཤེགས་པ་ལ་སོགས་པའི་ཡེ་ཤེས་ནི་ཡེ་ཤེས་ཀྱི་བདག་ཉིད་ཅན་ཏེ་སྐུ་གསུང་ཐུགས་སོ། །དེ་རྣམས་ཕུར་བུས་འདེབས་པར་བྱེད་ པའི་སྙིང་པོ་གང་ཡིན་པ་དེ་ཉིད་ནི་རྡོ་རྗེ་སྟེ་མིང་དེ་སྐད་ཅེས་བྱའོ། །ཕུར་བུ་སྤྱིའི་སྔགས་ལ་ནི་སརྦ་དུཥྚཱན་སརྦ་པཱ་པཾ་ཞེས་བྱ་བ་བཏོན་ལ་བསྒྲུབ་པར་བྱ་བའི་མིང་གཞུག་པར་བྱའོ། །ཨཱ་ཛྙཱ་པ་ཡ་ཏི་ཞེས་བྱ་བ་ལ་འོག་ཏུ་ལྷ་སྦྱིན་གྱི་ཞེས་བྱ་བ་ལ་ཡང་གཞུག་གོ། །རྡོ་རྗེ་སེམས་དཔའ་མཉམ་ གཞག་སྟེ། །ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་བཅིངས་པའོ། །སྐུ་གསུམ་རྡོ་རྗེའི་མཐར་ཐུག་པ། །ཞེས་བྱ་བ་ནི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་མཐར་ཐུག་པ་སྟེ་བསྒྲུབ་པར་བྱ་བའི་ཞལ་གསུམ་ཞེས་བྱ་བ་ནི་ལྷག་མའོ། །སྦྱར་ཞེས་བྱ་བ་ནི་མི་རུས་ལ་སོགས་པ་ལས་ བྱས་པའི་ཕུར་བུའི་དབང་དུ་བྱས་ནས་གདབ་བོ་ཞེས་བྱ་བའི་དོན་ཏོ། །ཁྲོ་བོ་ནས་འབྲས་ཉིད་དུ་ནི། །ཞེས་བྱ་བ་ནི་ཡི་གེ་ཧཱུཾ་ལས་བྱུང་བ་ཞལ་གསུམ་པ་ཕྱག་དྲུག་པ་སྐུ་མདོག་ནག་པོ་རོལ་པའི་སྟང་སྟབས་ཀྱིས་བཞུགས་པ། མི་བསྐྱོད་པའི་གཙུག་གི་ནོར་བུ་ཅན། ཕྱག་ན་རལ་གྲི་དང་ལྕགས་ 61-1-230a ཀྱུ་དང་། འཁོར་ལོ་དང་། ཞགས་པ་དང་། དགྲ་སྟ་དང་། རྩེ་གསུམ་པ་སྣམས་པའོ། །རྡོ་རྗེ་གསུམ་གྱི་ཕུར་བུ་བསམ། །ཞེས་བྱ་བ་ནི་སྐུ་གསུང་ཐུགས་ཀྱི་ཕུར་བུའོ། །བདག་ཉིད་ཆེན་པོ་སྟོབས་པོ་ཆེ། །ཞེས་བྱ་བ་ནི་སྟོབས་པོ་ཆེའམ་རྡོ་རྗེ་ཧཱུཾ་མཛད་ཆེན་པོ་ལ་སོགས་པས་ སོ། །བདུད་རྩི་ཐབ་སྦྱོར་རྡོ་རྗེ་དང་། །ཞེས་བྱ་བ་ལ་སོགས་བདུད་རྩི་ཐབ་སྦྱོར་གྱི་གཟུགས་ཅན་གྱི་ཕུར་བུས་སོ། །རྡོ་རྗེའི་རྣལ་འབྱོར་གྱིས་ཞེས་བྱ་བ་ནི་ཁྲོ་བོའི་སྦྱོར་བ་དང་ལྡན་པས་འདི་ལ་ཕུར་བུས་གདབ་པར་བྱའོ་ཞེས་བྱ་བའི་བསམ་པ་བརྟན་པོས་སོ། །སྟེང་དུའང་དམ་ཚིག་དེ་ཉིད་ནི། །ཞེས་ བྱ་བ་ནི་ཐུགས་ཀ་ནས་བརྩམས་ཏེ་ཇི་སྲིད་དབུའི་བར་རྡོ་རྗེ་ཕུར་བུ་དེ་ཉིད་བསམ་པར་བྱའོ། །དམ་ཚིག་ནི་ངེས་པར་བསྒོམ་པར་བྱ་བ་ཡིན་པའི་ཕྱིར་རོ། །འདི་སྐད་སྟོན་པ་ཡིན་ཏེ་གང་གི་ཚེ་རྣལ་འབྱོར་པས་བསྒྲུབ་པ་བདུན་གྱིས་ཀྱང་མ་གྲུབ་ན། རྡོ་རྗེ་སེམས་དཔའ་འམ་གང་ཡང་རུང་བའི་ང་རྒྱལ་དུ་ཇི་ལྟ་ བ་བཞིན་དུ་བྱས་ལ་སྔ་མ་ལྟར་མི་རུས་ལ་སོགས་པ་ལས་བྱས་པའི་ཕུར་བུ་ཐོགས་ཏེ་ས་ལ་སོགས་པ་ལས་བྱས་པའི་རང་གི་ལྷ་མདུན་དུ་བཞག་སྟེ། དེར་གཉིས་པ་ཡང་དགུག་ཅིང་གཞུག་ལ་བཅིངས་ནས་ཕུར་བུས་ཡང་དག་པར་བཏབ་སྟེ་དེས་ཀྱང་དབུ་ནས་བརྩམས་ཏེ། ཇི་སྲིད་ཞབས་ ཀྱི་མཐར་ཐུག་གི་བར་དུ་ཕུག་པར་བསམས་ལ་སྡིགས་མཛུབ་བྱ་བ་ལ་སོགས་པ་འོག་ནས་བཤད་པའི་སྦྱོར་བ་རྣམས་ཀྱིས་བསྒྲུབ་པར་བྱའོ། །བསམ་གཏན་རྡོ་རྗེའི་སྦྱོར་བ་ཡིས། །ཞེས་བྱ་བ་དེས་ནི་བསམ་གཏན་གྱི་ཕུར་བུ་ཉིད་གསུངས་པའོ། །རྒྱལ་ཆེན་རྡོ་རྗེ་སེམས་དཔའ་དང་། ། ཞེས་བྱ་བ་ལ་ནི་ཐུགས་རྗེའི་རྣལ་འབྱོར་པ་དེ་ལ་དེ་སྐད་ཅེས་བྱའོ། །སངས་རྒྱས་ཀུན་ཀྱང་ཕུར་བུས་འདེབས། །ཞེས་བྱ་བ་ནི་སངས་རྒྱས་ཀྱང་དེའི་ཕུར་བུས་འདེབས་ཞེས་བྱ་བ་སྔ་མ་དང་སྦྱར་རོ། །སྤྱིའི་གསང་སྔགས་ཀྱིས་དེ་བཞིན་གཤེགས་པ་ཕུར་བུས་འདེབས་པ་ནི་བཅོམ་ལྡན་འདས་ ཉིད་གཙོ་བོ་ཉིད་དེ་ཕུར་བུས་གདབ་པ་དེ་ལ་ནི་དེ་བཞིན་གཤེགས་པ་རྣམས་ཡིན་ནོ། །ལྷ་ལྷག་མ་རྣམས་ཕུར་བུ་གདབ་པ་ལ་ནི་རང་གི་བདག་པོ་རྣམས་ཀྱིས་བྱའོ། །ཁྱད་པར་གྱི་གསང་སྔགས་ཀྱིས་ཐམས་ཅད་ཀྱི་ཕུར་བུ་གདབ་པ་ལ་ནི་སྐུ་རྡོ་རྗེ་ལ་སོགས་པ་ཉིད་ཀྱིས་སོ། །མྱུར་དུ་འཆི་ 61-1-230b བའམ་བསྐམས་པར་འགྱུར། །ཞེས་བྱ་བ་ནི་སངས་རྒྱས་ཀྱང་ཞེས་བྱ་བ་ནི་སྔ་མ་དང་སྦྱར་རོ། །འདི་སྐད་སྟོན་པ་ཡིན་ཏེ་སྐུ་རྡོ་རྗེའི་རྣལ་འབྱོར་པས་རང་གི་བསྒྲུབ་པར་བྱ་བའི་དེ་བཞིན་གཤེགས་པ་མདུན་དུ་བསམས་ལ་དེ་ལ་གཉིས་པ་ཡང་དགུག་ཅིང་གཞུག་ལ་བཅིངས་ནས་དེའི་སྟེང་དུ་ཧཱུཾ་ལས་ ཕུར་བུ་ཇི་ལྟ་བ་བཞིན་དུ་བསམས་ལ་ཁྲོས་པས་དེ་ལ་བཀའ་བསྒོ་བའི་ཚུལ་གྱིས་ཕུར་བུས་གདབ་པའི་གསང་སྔགས་ཇི་ལྟ་བ་བཞིན་དུ་ཟློས་ཤིང་ཕུར་བུས་འདེབས་པར་བསམས་ལ། ཕྱག་རྒྱ་དང་ཚམ་ངམ་གྱིས་ཕུར་བུས་གདབ་པར་བྱའོ། །སྐུ་ལ་སོགས་པའི་ཕུར་བུས་གདབ་པ་ནི་ཁྱད་པར་གྱི་ གསང་སྔགས་གསུངས་པ་ལ། སྐུའི་ཡེ་ཤེས་ནི་རྣམ་པར་སྣང་མཛད་ཀྱི་ཡེ་ཤེས་སོ། །དེའི་རྣམ་པར་བསྒྱིངས་པ་ནི་དེ་བཞིན་གཤེགས་པ་ལ་སོགས་པའི་སྐུའི་ཕུར་བུས་སེམས་ཅན་གྱི་དོན་མཛད་པའོ། །དེ་ཉིད་ནི་རྡོ་རྗེ་སྟེ་དམིགས་པ་ཞེས་བྱ་བའི་དོན་ནི་བཤད་ཟིན་ཏོ། །དེ་བཞིན་ གཤེགས་པ་ལ་སོགས་པའི་སྐུའི་ཕུར་བུའི་གསང་སྔགས་གསུངས་པའི་རྣམ་པ་ལ་ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་བའི་དོན་ཏོ། །རྡོ་རྗེའི་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེའི་སྐུ་ནི་རྣམ་པར་སྣང་མཛད་དེ་དེ་ཉིད་དམ་ཚིག་གོ། །གཉིས་སུ་མེད་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྒྱུ་མཐུན་པ་ ལས་བྱུང་བ་དེའི་ཕུར་བུ་ཡིན་ལ་དེའི་དོན་གསང་སྔགས་འབྱུང་ཞེས་བྱ་བར་སྦྱར་རོ། །སྟང་སྟབས་ཀྱི་ཕྱག་རྒྱ་གསུངས་པ་ནི་ཕན་ཚུན་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཕན་ཚུན་དཀྲི་བའི་ཚུལ་དུ་བྱ་བ་ནི་ལག་པ་གཡོན་པ་སྦུབས་ལ་དེའི་སྟེང་དུ་གཡས་པ་བཞག་སྟེ། གཡོན་པའི་མཐེའུ་ཆུང་ ལ་སོགས་པས་གཡས་པའི་མཐེའུ་ཆུང་ལ་སོགས་པ་བཟུང་སྟེ། ཕན་ཚུན་དཀྲི་བ་ལྟ་བུར་བྱས་ལ་གཡོན་པའི་མཐེ་བོ་གཡས་པའི་ལག་མཐིལ་གྱི་དབུས་སུ་བཀུག་ལ་བཞག་སྟེ། མཐེ་བོ་དང་སྦྱར་བ་ནི་མཐེ་བོ་སྦྱོར་བ་སྟེ་དེས་རྡོ་རྗེ་ཕུར་བུ་གདབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །སྣང་ མཛད་ཞབས་ཀྱིས་མནན་ནས་སུ། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་སྦྱོར་བས་བཟུང་བའོ། །བཏབ་པ་ཙམ་གྱིས་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་ལའོ། །སྐུ་གསུང་ཡེ་ཤེས་ལས་བྱུང་བའི། །ཞེས་བྱ་བ་ནི་སྐུ་དང་གསུང་དང་ཐུགས་ལས་བྱུང་བའི་བཅོམ་ལྡན་འདས་རྣམ་པར་སྣང་ 61-1-231a མཛད་དོ། །དམ་ཚིག་མཆོག་གི་བཞེངས་པར་མཛད། །ཅེས་བྱ་བ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་རྡོ་རྗེ་ཕུར་བུའི་རྣམ་པར་ཡོངས་སུ་གྱུར་པར་བསྒོམ་པ་ནི་དམ་ཚིག་སྟེ་དེ་ཉིད་མཆོག་གིས་འབྱུང་བར་འགྱུར་བའོ། །གཞན་དུ་བྱས་ན་བརླག་པར་འགྱུར། ། ཞེས་བྱ་བ་ནི་གལ་ཏེ་རྡོ་རྗེ་ཕུར་བུ་འབྱུང་བ་མ་བསྒོམས་པར་སྔགས་དང་ཕྱག་རྒྱ་འབའ་ཞིག་རབ་ཏུ་སྦྱར་ན་དེའི་ཚེ་མངོན་པར་འདོད་པའི་དངོས་གྲུབ་ཉམས་པར་འགྱུར་རོ། །འདི་སྐད་སྟོན་པ་ཡིན་ཏེ་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས་ཁྲོས་པས་རང་གིས་བསྒྲུབ་པར་བྱ་བ་མདུན་དུ་ཇི་ལྟ་བ་བཞིན་ དུ་བསམས་ཏེ་ཚམ་ངམ་གྱི་ཕྱག་རྒྱ་བཅིངས་ཏེ། དེའི་འོག་ཏུ་ཕྱག་རྒྱ་བཅིངས་པ་ལས་བྱུང་བའི་འཁོར་ལོ་འབར་བ་ཡོངས་སུ་གྱུར་པའི་རྡོ་རྗེའི་ཕུར་བུ་བསྒྲུབ་པར་བྱ་བ་ལ་སོགས་པའི་མགོ་ནས་བརྩམས་ཏེ་རྐང་པའི་མཐར་ཐུག་གི་བར་དུ་གཟུགས་བརྙན་གྱི་ཚུལ་དུ་ཕུར་བུས་བཏབ་པར་ བསམ་མོ། །ཡང་ན་བཏབ་པ་ཙམ་གྱིས་སེམས་དཔའ་ཆེ། །ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །སྐུ་གསུང་ཡེ་ཤེས་ལས་བྱུང་བ། །ཞེས་བྱ་བ་ནི་ཕུར་བུའི་གཟུགས་ཅན་གྱི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དོ། །དམ་ཚིག་གིས་ཞེས་བྱ་བ་ལ་ནི་བཅོམ་ལྡན་འདས་དེ་ཉིད་ ཚམ་ངམ་གྱི་ཕྱག་རྒྱས་སླར་ཡང་བསྡུ་བའི་སྦྱོར་བ་མཆོག་གིས་ཆོ་ག་བཞིན་དུ་གནས་ཇི་ལྟ་བར་སླར་བསྡུའོ་ཞེས་བསྟན་ཏོ། །བཞེངས་པར་མཛད་ཅེས་བྱ་བ་ནི་བསྒྲུབ་པར་བྱ་བ་ལ་བཏབ་ནས་གྱེན་དུ་བཞུད་པའོ། །གཞན་དུ་བྱས་ན་བརླག་པར་འགྱུར། །ཞེས་བྱ་བ་ནི་སྟང་སྟབས་རྗེས་སུ་ མ་བསྡུས་པའི་ཉེས་པས་སྲིན་པོ་ལ་སོགས་པ་རྣམས་ཀྱིས་ཉེ་བར་གནོད་པ་བྱེད་པའི་གླགས་རྙེད་པར་འགྱུར་བས་གནོད་པར་འགྱུར་བའི་དོན་ཏོ། །དེ་ཡང་། སྔགས་པས་གང་ཡང་རུང་བཟུང་ནས། །དེ་ལའང་བྱམས་པ་ཉིད་དུ་བྱ། །རྡོ་རྗེ་གར་ལ་གནས་ནས་ཀྱང་། །དེ་ནས་ཕྱག་ རྒྱ་ལེགས་པར་བསྡུ། །ལས་ཀྱི་ཆོ་ག་མཐོང་བ་ཡིས། །རྡོ་རྗེ་གནས་སུ་གཞག་པར་བྱ། །གཞན་དུ་གསང་བ་པ་ཀུན་དང་། །སྲིན་པོ་རྣམས་ནི་གནོད་བྱེད་དེ། །གླགས་སྐབས་ཚོལ་བར་བྱེད་པ་ཡིས། །གནོད་བྱེད་རྣམས་ནི་འཚེ་བྱེད་ཅིང་། །གླགས་ཚོལ་རྗེས་མཐུན་ཤེས་ 61-1-231b ནས་ནི། །སྔགས་པ་ལ་ནི་རབ་གནོད་བྱེད། །དེ་བས་རྣམ་པ་ཐམས་ཅད་དུ། །སྒྲུབ་པ་པོ་ནི་བློ་ལྡན་པས། །རྡོ་རྗེའི་གནས་ནི་ཤེས་བྱས་ལ། །སྟང་སྟབས་བསྡུ་ལ་སྦྱར་བར་བྱ། །ཞེས་གསུངས་པ་ཡིན་ནོ། །འདི་ཡང་མཚམས་སྦྱར་བ་བསྟན་པ་ལས་ཤེས་པར་བྱའོ། །འདི་སྐད་སྟོན་པ་ ཡིན་ཏེ། སྔ་མ་བཞིན་དུ་སྟང་སྟབས་བྱ་བ་དག་བྱས་ནས། དེ་བཞིན་དུ་བསྒྲུབ་པར་བྱ་བ་ཕུར་བུས་བཏབ་པར་རྣམ་པར་བསམས་ལ། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ཇི་ལྟ་བ་བཞིན་གར་བྱས་ནས་ཆོ་ག་བཞིན་དུ་རྐེད་པ་གཡོན་པའི་གནས་སུ་བསྡུ་བར་བྱའོ། །རྡོ་རྗེ་ཐུགས་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ་ རྡོ་རྗེ་ཐུགས་ཀྱི་ཡེ་ཤེས་ཆེན་པོ་ནི་ཐུགས་རྡོ་རྗེའི་ཡེ་ཤེས་སོ། །དེའི་རྣམ་པར་སྣང་མཛད་བསྒྱིངས་པ་ནི་དེ་བཞིན་གཤེགས་པ་ལ་སོགས་པའི་ཐུགས་ཀྱི་ཕུར་བུས་རྣལ་འབྱོར་པའི་མངོན་པར་འདོད་པའི་དོན་རྫོགས་པར་མཛད་པ་སྟེ་དེ་ཉིད་རྡོ་རྗེའོ། །དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ ཏོ། །དམ་ཚིག་ཆེན་པོ་ཡིས་ཞེས་བྱ་བ་ལ་སོགས་པ་ལ་ཆེན་པོ་ནི་སངས་རྒྱས་ལ་སོགས་པ་སྟེ། དེ་རྣམས་ཀྱི་དམ་ཚིག་ནི་འོག་ནས་བཤད་པའི་སྟང་སྟབས་སོ། །དེས་ཕུར་བུས་འདེབས་པས་དེའི་དོན་དུ་གསང་སྔགས་བྱུང་ངོ་ཞེས་བྱ་བར་སྦྱར་རོ། །རྩེ་མོ་ལྔ་པ་བཅིངས་ནས་སུ། །ཞེས་བྱ་ བ་ལ་སོགས་པ་ལ། །རྡོ་རྗེ་བསྡམས་པ་བཅིངས་ནས་སྲིན་ལག་གཉིས་པོ་གོ་བཟློག་སྟེ་གུང་མོའི་ནང་དུ་གཞུག །མཐེ་བོ་དང་མཐེའུ་ཆུང་དག་སྦྱར་གུང་མོ་དག་ཀྱང་སྦྱར་བར་བྱས་ལ་གུང་མོ་གཉིས་དམ་པོར་སྦྱར་བའི་ཚིགས་གསུམ་པའི་གནས་སུ་མཛུབ་མོ་བཀུག་ནས་རྡོ་རྗེ་དང་འདྲ་བར་ནས་གང་ཙམ་ གྱིས་མ་རེག་པར་བཞག་ན་རྩེ་མོ་ལྔ་པ་བཅིངས་པ་འགྱུར་ཏེ། དེས་རྡོ་རྗེའི་ཕུར་བུ་གདབ་པར་བྱས་པར་འགྱུར་བས་རྡོ་རྗེ་ཕུར་བུ་གདབ་པར་བྱ་བའི་དོན་ཏོ། །རྡོ་རྗེ་ཐུགས་ཀྱི་ཞབས་ཀྱིས་མནན། །ཞེས་བྱ་བ་ནི་ཐུགས་རྡོ་རྗེའི་སྦྱར་བས་གཟུང་བའོ། །སྐུ་གསུམ་ཡེ་ཤེས་ལས་བྱུང་བའི། །ཞེས་བྱ་བ་ ནི་ཐུགས་རྡོ་རྗེ་ཕུར་བུའི་གཟུགས་སུའོ། །དམ་ཚིག་མཆོག་གིས་ཞེས་བྱ་བ་ལ་སོགས་པའི་ཡན་ལག་དང་སྤྱིའི་དོན་བཤད་ཟིན་ཏོ། །འཇིག་རྟེན་དབང་ཕྱུག་ཅེས་བྱ་བ་ལ་སོགས་པ་ལ་འཇིག་རྟེན་དབང་ཕྱུག་ཉིད་ནི་གསུང་གི་ངོ་བོའོ། །དེ་ཉིད་དམ་ཚིག་སྟེ་དེའི་རྣམ་པར་བསྒྱིངས་པ་ནི་ 61-1-232a དེ་བཞིན་གཤེགས་པ་ལ་སོགས་པའི་གསུང་གི་ཕུར་བུས་སེམས་ཅན་གྱི་དོན་མཛད་པ་སྟེ་དེ་ཉིད་རྡོ་རྗེའོ། །དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །གསུང་གི་ཞེས་བྱ་བ་ལ་སོགས་པ་ལ་གསུང་གི་དམ་ཚིག་ནི་འཇིག་རྟེན་དབང་ཕྱུག་གོ། །དེའི་སྟང་སྟབས་ནི་འོག་ ནས་བཤད་པའོ། །དེས་ཕུར་བུ་འདེབས་པས་ན་དེའི་དོན་དུ་གསང་སྔགས་ཕྱུང་ངོ་ཞེས་བྱ་བར་སྦྱོར་རོ། །རྡོ་རྗེ་སོར་མོ་བཅུམ་པ་ཡི། །ཞེས་བྱ་བ་ལ་སོགས་པ་ལ་ཐལ་མོ་ཁོང་སྟོང་སྦྱར་བ་བཅིངས་ལ་པདྨ་ཁ་བྱེ་བ་ལྟ་བུར་རྡོ་རྗེའི་སོར་མོ་གཞག་པ་ནི་པདྨ་ཁ་བྱེ་འབར་བ་སྟེ་དེས་རྡོ་རྗེའི་ཕུར་བུ་གདབ་པར་ བྱའོ་ཞེས་སྦྱར་རོ། །འདོད་ཆགས་རྡོ་རྗེའི་ཞབས་ཀྱིས་མནན། །ཞེས་བྱ་བ་ནི་འཇིག་རྟེན་དབང་ཕྱུག་གིས་སྦྱོར་བས་གཟུང་བའོ། །སྐུ་གསུམ་ཡེ་ཤེས་ལས་བྱུང་བ། །ཞེས་བྱ་བ་ནི་འཇིག་རྟེན་དབང་ཕྱུག་ཕུར་བུའི་གཟུགས་ཅན་ནོ། །དམ་ཚིག་མཆོག་གིས་ཞེས་བྱ་བ་ལ་སོགས་པའི་ཡན་ལག་གི་དོན་དང་སྤྱིའི་ དོན་ནི་སྔ་མ་བཞིན་ནོ། །སྐུ་གསུང་ཐུགས་ཀྱི་ཆགས་པ་ཡི། །ཞེས་བྱ་བ་ནི་རང་གི་ལྷའི་སྐུ་གསུང་ཐུགས་བསྒོམ་པ་གཙོ་བོ་ལས་བྱུང་བའི་ཡིད་བདེ་བའི་ཁྱད་པར་དང་ལྡན་པའི་གསང་སྔགས་ལ་སོགས་པས་ཕུར་བུ་གདབ་བོ། །ཆོ་ག་བཟང་པོ་ཙམ་གྱིས་ནི། །ཞེས་བྱ་བ་ནི་བཤད་མ་ཐག་པའི་ཆོ་གའི་རྣམ་ པས་སོ། །མནན་གྱུར་འདི་ལ་ཐེ་ཚོམ་མེད། །ཅེས་བྱ་བ་འདིས་ནི་བསམ་གཏན་གྱི་ཕུར་བུ་བསྒོམ་པ་གཙོ་བོར་བསྟན་ཏོ། །མཉེས་ཤིང་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ལ་སོགས་པའི་ཕུར་བུས་རྣལ་འབྱོར་པའི་མངོན་པར་འདོད་པའི་དངོས་གྲུབ་གཟིགས་པའོ། །དེ་ཉིད་ཀྱིས་ན་མགུ་བ་མཉེས་ པའོ། །རྡོ་རྗེ་དབྱངས་ནི་འདི་སྐད་གསུངས། །ཞེས་བྱ་བ་ནི་ཐོགས་པ་མེད་པའི་སྒྲས་གསུངས་པའོ། །ཨེ་མའོ་གསང་བའི་ཚིག་གི་མཆོག །ཅེས་བྱ་བ་ནི་སྤྱིའི་ཕུར་བུའོ། །ཨེ་མའོ་སྙིང་པོ་ཀུན་འདུས་པ། །ཞེས་བྱ་བ་ནི་སྐུའི་ཕུར་བུའོ། །ཨེ་མའོ་ཞི་བ་ཆོས་ཀྱི་ཚིག །ཅེས་བྱ་བ་ནི་གསུང་གི་ཕུར་ བུའོ། །ཨེ་མའོ་ཡེ་ཤེས་ཕུར་བུ་གདབ། །ཅེས་བྱ་བ་ནི་ཐུགས་ཀྱི་ཕུར་བུའོ། །གསང་སྔགས་ཀྱི་ཕུར་བུ་ཞེས་བྱ་བ་ནི་གང་འདིར་བཤད་མ་ཐག་པའི་གསང་སྔགས་དེ་ཐམས་ཅད་ཀྱི་ཕུར་བུའོ། །བདེ་གཤེགས་བཀའ་ཡི་རྗེས་སུ་བྱེད། །ཅེས་བྱ་བ་ནི་གང་དེ་བཞིན་གཤེགས་པའི་བཀའ་རྗེས་སུ་ 61-1-232b བྱད་པའི་དོན་གྱིས་ན་འདི་སྐད་སྟོན་ཏེ། གསང་སྔགས་ཀྱི་ཕུར་བུ་གདབ་པ་ལ་སོགས་པ་ནི་དོན་དམ་པར་མི་སྲིད་མོད་ཀྱི་འོན་ཀྱང་དེ་བཞིན་གཤེགས་པས་དམ་ཚིག་མཆོག་མཁྱེན་པས་ཕུར་བུས་གདབ་པ་ལ་སོགས་པ་གསུངས་པ་ཡིན་ནོ། །འདི་དག་ཅེས་བྱ་བ་ལ་སོགས་པ་ལ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྒྱུ་ མཐུན་པ་ཉིད་ཡིན་པས་ཕུར་བུ་ནི་དེ་ཁོ་ན་ཉིད་ལས་བྱུང་བའོ། །ད་ནི་དཀྱིལ་འཁོར་གྱི་ལྷ་རྣམས་ལ་མ་གཏོགས་པའི་འོད་ཟེར་ཅན་ལ་སོགས་པའི་གསང་སྔགས་དང་ལས་རྣམས་ཀྱང་གསུངས་པ་ནི་ཆོམ་རྐུན་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ཡིན་ཏེ། ཆོམ་རྐུན་ཐམས་ཅད་འཆིང་ཞིང་ལྡོངས་པར་བྱེད་པའི་ རྡོ་རྗེ་ནི་འོད་ཟེར་ཅན་ནོ། །དེ་ལ་དམིགས་པ་ཞེས་བྱ་བའི་དོན་ནི་བཤད་ཟིན་ཏོ། །ཐུགས་ནི་དགྱེས་ཤིང་མགུ་བར་གྱུར། །ཞེས་བྱ་བ་ནི་གདུག་པ་མ་ལུས་པ་ལྡོངས་པར་བྱེད་པའི་རིག་སྔགས་འདིས་སེམས་ཅན་གྱི་ཁམས་བདེ་བར་བྱས་པར་གཟིགས་པས་རབ་ཏུ་དགྱེས་པ་བརྙེས་པའོ། །སྦྱོར་བ་ ཞེས་བྱ་བ་ནི་ཉེ་བར་མཚོན་པ་ཙམ་སྟེ་དེས་ན་བསྒོམ་པ་ལ་སོགས་པ་ཡང་མངོན་པར་བརྩོན་པའོ། །དེའི་རབ་ཏུ་སྦྱོར་བ་ཡང་འདི་ཡིན་ཏེ་རྟ་བདུན་གྱི་ཉེ་བར་མཛེས་པར་བྱས་པའི་ཤིང་རྟ་ལ་གནས་པའི་གཞལ་ཡས་ཁང་གི་ནང་དུ་ལྷ་མོ་འོད་ཟེར་ཅན་གྱི་ང་རྒྱལ་ཇི་ལྟ་བ་བཞིན་དུ་བྱས་ཏེ། དེའི་དཀྱིལ་འཁོར་གྱི་ དབུས་ཀྱི་ངོས་ཐམས་ཅད་ལ་དེའི་གྲོགས་རྣམས་དེར་གནས་པར་བསམས་ལ། ཉི་མའི་དཀྱིལ་འཁོར་གཉིས་ཀྱིས་གཞལ་ཡས་ཁང་ཁ་སྦྱར་བྱས་ཏེ། དེ་ལས་བྱུང་བའི་འོད་ཟེར་དམར་པོ་རྣམས་ལྷ་མོ་འོད་ཟེར་ཅན་གྱི་སྐུར་ཡོངས་སུ་གྱུར་པ་ཁབ་དང་སྐུད་པ་ཐོགས་པས་གདུག་པ་རྣམས་ཀྱི་ཁ་དང་ མིག་འཚེམ་པར་བསམས་ལ། ལག་པ་གཡོན་པར་ཟླ་བ་རྡོ་རྗེ་ཟླ་བ་ལ་ཡང་འཁོར་ལོ་རྩིབས་བརྒྱད་པ་དེའི་ལྟེ་བར་འོད་ཟེར་ཅན་གྱི་སྔགས་ཉིད་བརྟག་གོ། །སྔགས་དེའི་ལོགས་ཀྱི་རྩིབས་རྣམས་ལ་གྲོགས་ཀྱི་མིང་བཀོད་ལ། དབུགས་མི་འབྱིན་པར་དེའི་སྔགས་ལན་བདུན་བརྗོད་ལ། ཨོཾ་ཨཱཿཧཱུཾ་ཞེས་ བརྗོད་ནས། རྡོ་རྗེ་ཁུ་ཚུར་གྱིས་གོས་ཀྱིས་གཡོགས་པར་བྱས་ལ། དེ་མ་བཀྲོལ་བར་འོད་ཟེར་ཅན་གྱི་གསང་སྔགས་ཟློས་ཤིང་མི་སྨྲ་བར་དོགས་པ་མེད་ཅིང་བློ་བརྟན་པས་འགྲོ་བར་བྱའོ། །གདོན་པར་བྱེད་པ་ཞེས་བྱ་བ་ལ་སོགས་པ་ལ་གནོད་པར་བྱེད་པ་ཐམས་ཅད་ནི་སེམས་ཅན་མང་པོ་ལ་འཁུ་ 61-1-233a བར་བྱེད་པ་ལ་སོགས་པའོ། །དེ་རྣམས་འདུལ་བ་ནི་རང་གི་ཉེས་པ་ལས་བཟློག་པ་སྟེ་དེ་ནི་རྡོ་རྗེ་པདྨ་དཀར་པོའོ། །དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །དུར་ཁྲོད་ཀྱི་རས་ལ་སྲིན་མོ་བཙག་གིས་བྲིས་ནས་ཞེས་བྱ་བ་ནི་དུར་ཁྲོད་ཀྱི་རས་ཉིད་ལ་བྲི་བའོ། ། ལེགས་པར་སྦས་ཏེ་ཞེས་བྱ་བ་ལ་དབེན་པར་གཞག་པར་བྱའོ་ཞེས་བྱ་བ་ནི་ལྷག་མའོ། །རིག་སྔགས་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ལ་ཞེས་བྱ་བ་ནི་རྗེས་སུ་མཐུན་པར་བསྒྲུབ་པར་བྱ་བའི་མིང་བསྐུལ་ཚིག་དང་བཅས་པའོ། །མིང་ནས་སྨོས་ཤིང་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་མིང་བརྗོད་པའོ། །ཕྱིར་ རྒོལ་བ་དང་དགྲ་ཐམས་ཅད་ཅེས་བྱ་བ་ནི་རྫས་གཅིག་མངོན་པར་འདོད་པ་ལས་བྱུང་བའི་དགྲ་བོ་ནི་ཕྱིར་རྒོལ་བའོ། །མི་མཛའ་བའི་ཕྱོགས་སུ་ལྷུང་བ་ནི་དགྲ་བོའོ། །བཅིང་བ་ཞེས་བྱ་ནི་ཅི་ཡང་མི་བྱེད་པ་ཉིད་དུ་བྱེད་དོ། །དེ་ཉིད་ནི་འོག་མས་བསྟན་པ་ནི་མནན་པ་དང་ཞེས་བྱ་བ་ལ་སོགས་ ཏེ་མི་འགུལ་བར་བྱས་པ་ནི་མནན་པའོ། །ཚིག་དང་བྲལ་བར་བྱས་པ་ནི་རྨོངས་པའོ། །འདི་སྐད་སྟོན་པ་ཡིན་ཏེ་རིན་ལ་མི་བརྩེག་ར་ཉེས་པའམ་འབད་པ་མེད་ལས་བྱུང་བའི་དུར་ཁྲོད་ཀྱི་རས་ལ་བཅོམ་ལྡན་འདས་ཇི་ལྟ་བ་བཞིན་དུ་བྲིས་ལ་དབེན་པར་བཞག་སྟེ། དགུག་པ་ལ་སོགས་པ་ བྱས་ནས་གུ་གུལ་གྱིས་བདུག་པ་བསྲེག་ལ་ཉིན་ཞག་བདུན་གྱི་བར་དུ་ཐུན་བཞིར་མེ་ཏོག་དམར་པོ་ལ་སོགས་པ་མཆོད་པ་རྣམ་པ་ལྔས་ལེགས་པར་མཆོད་ལ། ལྷ་སྦྱིན་སྟམྦྷ་ཡ་ཞེའམ། ཛམྦྷ་ཡ་ཞེས་བསྐུལ་བའི་ཚིག་དང་བཅས་པར་རིག་པ་ལ་ལན་བརྒྱ་རྩ་བརྒྱད་བཟླས་ལ་རས་རིས་བླངས་ ཏེ་ཉི་མའི་གུང་ངམ་མཚན་ཕྱེད་དུ་དུར་ཁྲོད་དུ་སོང་སྟེ་དེར་ཙོག་པུས་དོང་བྱས་ལ། ཐོད་པ་གཉིས་ཀྱི་བར་དུ་རས་རིས་བཅུག་ལ་སས་བཀབ་སྟེ་ཡུངས་ཀར་དཀར་པོ་ལ་རིག་སྔགས་ལྷ་སྦྱིན་སྟམྦྷ་ཡ་ཞེས་བསྐུལ་བའི་ཚིག་དང་ལྡན་པར་བརྒྱ་རྩ་བརྒྱད་བཟླས་ལ། དེའི་སྟེང་དུ་གཏོར་ལ་ལས་གྲུབ་ནས་ བཅོམ་ལྡན་འདས་མ་སྤྱན་དྲངས་ལ་ཇི་ལྟ་བ་བཞིན་མཆོད་དེ་སླར་གཤེགས་སུ་གསོལ་ལོ། །ནད་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ་ནད་ཆེན་པོ་ཐམས་ཅད་ནི་རིམས་ལ་སོགས་པའོ། །དེ་སེལ་བ་ནི་མེད་པར་བསལ་དེས་ན་རྣམ་པར་རྒྱལ་བ་ཞེས་བྱ་སྟེ་རི་ཁྲོད་ཀྱི་ལོ་མ་ཅན་ལ་དེ་སྐད་ཅེས་བྱའོ། ། 61-1-233b དེ་ཉིད་ནི་ཡེ་ཤེས་ཀྱི་རྡོ་རྗེའོ། །དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །ཡམ་ཤིང་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །འདི་སྐད་སྟོན་པ་ཡིན་ཏེ་ཞི་བའི་ཚོགས་ཐབ་ཁུང་གི་དབུས་སུ་བཅོམ་ལྡན་འདས་ཡུམ་ཇི་ལྟ་བ་བཞིན་དུ་བསྐྱེད་ལ། དེའི་ཞལ་དུ་ཏིལ་ལ་སོགས་པ་མར་ལ་ སོགས་དང་བསྲེས་པ་དབུལ་ཞིང་སྲེག་བླུགས་རེ་རེའི་རྗེས་ཐོགས་ལ་ཡང་དེའི་སྐུ་ལས་བྱུང་བའི་བདུད་རྩིའི་ཆུས་ཡོངས་སུ་གང་བའི་བུམ་པ་འཛིན་པའི་རི་ཁྲོད་ཀྱི་ལོ་མ་ཅན་གྱི་ལྷ་མོ་ནམ་མཁའ་ཁྱབ་པ་རྣམས་ཀྱིས་བསྒྲུབ་པར་བྱ་བའི་དབང་བསྐུར་བར་གྱུར་པས་རིམས་ལ་སོགས་པའི་ནད་ཐམས་ཅད་སེལ་བར་ བསམ་པར་བྱའོ། །སྡང་བ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་སྡང་བ་ཐམས་ཅད་རྣམ་པར་འཇོམས་པ་ནི་ནུས་པ་མེད་པར་བྱས་པའོ། །དེས་སེམས་ཅན་རྣམས་གདུག་པའི་འཇིགས་པ་ལས་སྒྲོལ་ཞིང་ཐར་བར་བྱེད་པས་ན་སྡང་བ་ཐམས་ཅད་རྣམ་པར་སེལ་བ་ཞེས་བྱ་སྟེ། སྟོང་ཆེན་མོ་ རབ་ཏུ་འཇོམས་མ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་ཡེ་ཤེས་ཆེན་པོའི་སྟོབས་ཀྱིས་རྣམ་པར་རྒྱལ་བ་ཞེས་བྱ་སྟེ། ཡེ་ཤེས་ཆེན་པོའི་སྟོབས་ཀྱིས་རྣམ་པར་རྒྱལ་བས་སོ། །དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །གྱུར་ཅེས་བྱ་བ་ནི་དེ་ལྟར་གྱུར་པའོ། །གཙོ་བོ་ཞེས་བྱ་ བ་དེ་ལྟར་ཤེས་ནས་འདི་སྐད་སྨྲས་སོ་ཞེས་བྱ་བ་ནི་ལྷག་མའོ། །ཕྱག་སྟོང་ལྡན་ཞིང་ཞལ་སྟོང་ལ། །ཞེས་བྱ་བ་ནི་སྤྲུལ་པ་ཉིད་ཀྱིས་སོ། །གང་ཕྱིར། བརྩོན་འགྲུས་ཆེན་མོ་ཕྱག་བརྒྱད་པ། །ཞེས་བྱ་བ་དང་། ཞལ་རས་ཉི་མ་བཞི་པ་སྟེ། །ཞེས་བྱ་བ་གསུངས་པའི་ཕྱིར་རོ། །ཁྲོ་དང་སྒེག་པའི་ ཉམས་དང་ལྡན། །ཞེས་བྱ་བ་ནི་སྒེག་པའི་ཉམས་དང་བཅས་པ་དང་ལྡན་པའོ་ཞེས་བྱ་བའི་བར་དུའོ། །ཕྱག་གཡོན་པདྨ་རྡོ་རྗེ་ནོར། །ཞེས་བྱ་བ་ནི་ཕྱག་གཡོན་པ་ལ་དང་པོ་ན་པདྨའི་སྟེང་ན་རྡོ་རྗེས་མཚན་པའི་ཡིད་བཞིན་གྱི་ནོར་བུ་བསྣམས་པའོ། །མདོག་དམར་ཞེས་བྱ་བ་ནི་ཉི་མའི་འོད་ཀྱི་ དཀྱིལ་འཁོར་ཅན་ནོ། །རང་གི་རྣལ་འབྱོར་ལ་བརྩོན་པ། །ཞེས་བྱ་བ་ནི་རང་གི་ང་རྒྱལ་དུ་བྱས་པ་ལ་རབ་ཏུ་འབད་པས་སོ། །འབར་ཕྲེང་ཅན་ཞེས་བྱ་བ་ལ་འདིར་བསྒོམ་མོ་ཞེས་བྱ་བ་ནི་ལྷག་མའོ། །དེའི་ལས་ཀྱིས་བསྐུལ་བའི་ཞེས་བྱ་བ་ནི་རྒྱུད་གཞན་གྱི་དཔུང་རྣམ་པར་བཟློག་ཤིག་ཅེས་བྱ་ 61-1-234a བ་ལ་སོགས་པའི་ཚིག་དང་ལྡན་པས་བསྐུལ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །རྣལ་འབྱོར་དབང་ཕྱུག་ལས་འདོད་པས། །ཞེས་བྱ་བ་ནི་སྔགས་པས་བློའི་ཡུལ་དུ་བྱས་པའོ། །འདི་ཞེས་བྱ་བ་ནི་རབ་ཏུ་སྦྱོར་བས་སོ། །དཔུང་ཆེན་པོ་ཞེས་བྱ་བ་ནི་ཡན་ལག་བཞི་པའི་མཚན་ཉིད་དོ། ། རྣམ་པར་ལྟ་བ་ནི་བདག་ལ་སོགས་པ་བསྲུང་བའི་ཕྱིར་ངེས་པར་རྟོག་པའོ། །གང་ཐམས་ཅད་བསྲུང་བ་དེ་ནི་སྟོབས་ཀྱི་མཆོག་སྟེ་ཤིན་ཏུ་སྟོབས་དང་ལྡན་པའོ། །སྟོང་ཆེན་མོ་རབ་ཏུ་འཇོམས་མ་ནི་ཤིན་ཏུ་ངོ་མཚར་དུ་གྱུར་པ་ལ་འཇུག་པས་ཏེ་སྟོང་གིས་ལན་སྟོང་དུ་རྣམ་པར་འཇོམས་པས་ན་བཅོམ་ལྡན་འདས་ཡུམ་དེ་ལ་ དེ་སྐད་ཅེས་བྱའོ། །དེ་ཉིད་ཡེ་ཤེས་ཀྱིས་རྣམ་པར་རྒྱལ་བའི་རྡོ་རྗེའོ། །དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ནོ། །འདིས་ནི་འདི་སྐད་སྟོན་པ་ཡིན་ཏེ། འགའ་ཞིག་བདག་ཉིད་སྲུང་ཞིང་གཞན་གྱི་དཔུང་རྣམ་པར་འཇིག་པ་ལ་ཇི་སྐད་བཤད་པའི་བཅོམ་ལྡན་འདས་ཡུམ་འདི་དང་སྦྱར་བར་ བྱའོ། །བརྒྱ་བྱིན་ཞེས་བྱ་བ་ལ་སོགས་པ་ལ་བརྒྱ་བྱིན་གྱི་མངོན་པར་མཐོ་བ་ནི་བསྒྲེང་བའོ། །འདིའི་དོན་གྱི་སྟོབས་ནི་ནུས་པའི་ཁྱད་པར་དེ་ཡང་དག་པར་བསྐྱེད་པའི་རྒྱལ་མཚན་མཆོག་གི་དཔུང་རྒྱན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་ཀྱང་ལྷ་མ་ཡིན་རྣམ་པར་འཇོམས་པས་ན་དེ་སྐད་ ཅེས་གསུངས་པ་ཡིན་ཏེ་དེ་ཉིད་ནི་རྒྱལ་བའི་རྡོ་རྗེའོ། །དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །ཕྱོགས་བསྡིགས་པ་ཡི་ཕྱག་རྒྱ་ཅན། །ཞེས་བྱ་བ་ལ་རང་རང་གི་ཕྱོགས་ན་འདུག་པའི་གདུག་པ་རྣམས་ལ་བསྡིགས་པའི་མཛུབ་མོའི་ཕྱག་རྒྱ་དང་ལྡན་པའོ་ཞེས་བྱ་བ་ནི་ལྷག་ མའོ། །བསྡིགས་པ་སྟེ་ཞེས་བྱ་བ་ནི་བསྲུང་བའི་བདག་ཉིད་ཅན་ནོ། །རྡོ་རྗེ་རོ་ལངས་ཕྱུང་བ་ཡིས། །ཞེས་བྱ་བ་ནི་འབྱིན་པའོ། །དཔུང་རྣམས་བཅོམ་ཞིང་གཏོང་བར་བལྟ། །ཞེས་བྱ་བ་ནི་བཅོམ་ལྡན་འདས་མ་དེ་བསྒོམ་ཞིང་དེ་ལས་བྱུང་བའི་རོ་ལངས་རྣམས་ཀྱིས་གཞན་གྱི་དཔུང་རྣམ་པར་འཇོམས་ པར་བལྟ་བ་དང་། བསྒོམ་པར་བྱའོ་ཞེས་འདིར་གཉི་ག་སྦྱར་རོ། །འདི་སྐད་སྟོན་པ་ཡིན་ཏེ་སྔར་བསྙེན་པ་བྱས་ལ་རས་རིན་ལ་མི་བརྩེག་པར་ཉོས་ཏེ་དེའི་སྔགས་ཟློས་པ་ལ་བརྩོན་ཞིང་གསོ་སྦྱོང་དང་ལྡན་པའི་བཟོ་བོ་མཁས་པས་བཅོམ་ལྡན་འདས་མ་ཇི་ལྟ་བ་བཞིན་དུ་བྲིས་ལ། དེས་དགུག་པ་ལ་སོགས་ 61-1-234b པ་བྱས་ཏེ་དུས་ཅུང་ཟད་དུ་ཡང་བཟླས་ལ་གཡུལ་འགྱེད་པའི་ས་ཕྱོགས་སུ་སོང་སྟེ་གླང་པོ་ཆེའི་རྒྱབ་ཏུ་གཞན་གྱི་དཔུང་ལ་མངོན་པར་ཕྱོགས་པར་རས་རིས་བསྒྲེངས་ལ་དེས་དགུག་པ་ལ་སོགས་པ་བྱས་ཏེ་རས་དཀར་པོ་མ་སྤྱད་པས་གཡོགས་ནས་མཚོན་ཆ་འབབ་པ་ལ་མངོན་པར་ཕྱོགས་པའི་དུས་སུ་གླང་ པོའི་མདུན་དུ་བརྟན་ཞིང་མི་དར་ལ་བབ་པའི་སྐྱེས་བུ་མཚོན་ཆ་སྟོང་ཐོགས་པས་གཤིན་རྗེ་གཤེད་ལ་སོགས་པའི་ཁྲོ་བོའི་ང་རྒྱལ་དུ་བྱས་ལ་རིག་པ་མིག་གཡོ་བའི་དར་དཔྱངས་བཅིངས་ཏེ་བསྟན་པ་ལ་སོགས་པ་བསྲུང་བའི་དོན་དུ་རྒྱལ་བར་གྱུར་ཅིག་པའི་སྒྲ་དབྱངས་དང་དུང་གི་སྒྲ་དང་ཅ་ཅོ་གདོན་པར་བྱ་ཞིང་ང་ རྒྱལ་བསྐྱེད་ལ་མྱུར་བར་རས་རིས་ཕྱི་ནས་དེ་ལས་བྱུང་བའི་རོ་ལངས་རྣམས་ཀྱིས་གཞན་གྱི་དཔུང་འཇོམས་པར་འགྱུར་བཞིན་པར་བལྟས་ལ། རྒྱལ་བར་གྱུར་ཅིག་རྒྱལ་བར་གྱུར་ཅིག་ཅེས་བརྗོད་ཅིང་གསང་སྔགས་གདོན་པར་བྱའོ། །འཇིག་རྟེན་གསུམ་ལ་ཞེས་བྱ་བ་ལ་སོགས་པ་ལ་འཇིག་རྟེན་གསུམ་ནི་གནས་ ཏེ་དེ་ལ་གནས་པའི་གདུག་པ་རྣམ་པར་འཇིག་པར་ནུས་ཤིང་བསལ་བའོ། །དེ་ལ་མཁས་པ་ནི་ལེགས་པར་བྱང་བ་སྟེ་རྒྱལ་མཚན་མཆོག་གི་དཔུང་རྒྱན་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་ནི་མཆོག་སྟེ་སངས་རྒྱས་རྣམས་ཀྱི་རྩེ་མོ་ཡིན་ལ་དེ་ཉིད་རྡོ་རྗེའོ། །དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་ བཤད་ཟིན་ཏོ། །མངལ་ཞེས་བྱ་བ་ལ་སོགས་པ་ལ་བུད་མེད་ཐམས་ཅད་ཀྱི་མངལ་ཡང་དག་པར་བསྐྱེད་པ་ནི་མངལ་ཆགས་པ་སྟེ། དོན་དེ་སྤྲོས་པར་མཛད་པས་ན་སོ་སོར་འབྲང་མ་ཆེན་མོ་ལ་དེ་སྐད་ཅེས་བྱ་སྟེ་དེ་ཉིད་རྡོ་རྗེའོ། །དེ་ལ་དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། ། འཇིགས་པ་དང་ནི་སྐྲག་པ་ཡིས། །ཞེས་བྱ་བ་ནི་རྗེས་སུ་ཉེ་བར་གྱུར་པར་ཤེས་པར་བྱའོ། །སྐུ་གསུམ་འཕྲོ་བ་དང་ལྡན་པ། །ཞེས་བྱ་བ་ནི་སྐུ་དང་གསུང་དང་ཐུགས་ཏེ་གསུམ་གྱི་ཚུལ་སྤྲོ་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ་བསྒོམ་པ་ཞེས་བྱ་བ་ནི་ལྷག་མའོ། །བུམ་པའི་མཚོ་དང་ཞེས་བྱ་བ་ལ་སོགས་པ་ ནི་སྦྱོར་བ་གསུངས་པ་སྟེ། མངལ་འཛག་པ་དང་བུ་མི་འཚོ་བ་དང་། མངལ་མི་ཆགས་པ་དང་། མངལ་ཉམས་པ་རྣམས་སོ་སོ་འབྲང་མ་ཆེན་མོའི་དཀྱིལ་འཁོར་འདིར་བཅུག་ལ་དེ་ཞེས་བྱ་བ་འདིས་བསམ་མོ་ཞེས་བྱ་བ་ནི་ལྷག་མའོ། །སྐལ་ངན་ནི་ཞེས་བྱ་བ་ནི་སྡིག་པའི་ལུས་བྱུང་བའོ། །སྡིག་པ་ 61-1-235a དྲལ་བས་དྲལ་ནས་ཀྱང་། །ཞེས་བྱ་བ་ནི་སྡིག་པ་དྲལ་བའི་སྔགས་ཕྱག་རྒྱ་དང་བཅས་པས་སོ། །དེ་ལ་འདི་ནི་སྔགས་དང་ཕྱག་རྒྱའོ། །རྡོ་རྗེ་བཅིང་བ་དམ་བྱས་ཏེ། །གུང་མོ་གཉི་ག་སྦྱར་ནས་སུ། །ཐ་མ་བཞི་ནི་རྩེ་མོ་སྦྱར། །སྡིག་པ་འཇོམས་པར་གྲགས་པ་ཡིན། །ཞེས་གསུང་བ་ ནི་སྡིག་པ་དྲལ་བའི་ཕྱག་རྒྱའོ། །ཨོཾ་བཛྲ་པཱ་ཎི་བི་སྥོ་ཊ་ཡ་སརྦ་ཨ་པཱ་བནྡྷ་ནཱ་ནི་པྲ་མཀྵ་ཡ་ག་ཏི་བྷྱ་སརྦ་སཏྭཱ་མཾ། སརྦ་ཏ་ཐཱ་ག་ཏཱ་བཛྲ་ས་མ་ཡ་ཏྲཊ། ཅེས་བྱ་བ་ནི་སྔགས་སོ། །འདི་སྐད་སྟོན་པ་ཡིན་ཏེ། སོ་སོ་འབྲང་མ་ཆེན་མོའི་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་བྲིས་ལ། བུད་མེད་བུ་མི་འཚོ་བའམ་ མངལ་ཉམས་པ་དཀྱིལ་འཁོར་དུ་བཅུག་ལ་རིག་པའི་དབང་བསྐུར་བ་བྱིན་ལ་དབང་བསྐུར་བའི་དཀྱིལ་འཁོར་དུ་བཀུག་སྟེ་བཞག་ནས། ཇི་སྐད་དུ་བཤད་པའི་སྡིག་པ་རྡོ་རྗེ་ཞགས་པའི་ཕྱག་རྒྱ་དང་སྔགས་ཀྱིས་ཕྱུང་ལ་སྡིག་པ་དྲལ་བའི་ཕྱག་རྒྱ་དང་སྔགས་ཀྱིས་ཡང་དག་པར་དྲལ་ཏེ། སོ་སོ་འབྲང་མ་ཆེན་ མོའི་སྐུར་རྣལ་འབྱོར་མ་ཆེན་མོ་བསམས་ལ་སངས་རྒྱས་དང་རྡོ་རྗེ་འཛིན་པ་ལ་སོགས་པ་དེའི་ལུས་ལ་འཇམ་པའི་གཟུགས་ཅན་དུ་བཞུགས་པར་བསམས་ལ་དབང་བསྐུར་བའི་ཆོ་གས་བུམ་པའི་ཆུས་དབང་བསྐུར་བར་བྱའོ། །མངལ་ཐམས་ཅད་ཅེས་བྱ་བ་ལ་བུད་མེད་ཐམས་ཅད་ཀྱི་མངལ་དེས་རྣམ་ པར་གཟིགས་པས་བརྟན་པར་བྱེད་པའི་ཡེ་ཤེས་གང་ཡིན་པ་དེ་སོ་སོ་འབྲང་ཞིང་ཚོར་བར་བྱེད་པས་བཅོམ་ལྡན་འདས་མ་དེ་ལ་དེ་སྐད་ཅེས་བྱ་སྟེ་དེ་ཉིད་རྣམ་པར་རྒྱལ་བའི་རྡོ་རྗེའོ། །དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །ནོར་གྱི་རྒྱུན་ཞེས་བྱ་བ་ལ་སོགས་པ་ལ་ནོར་གྱི་རྒྱུན་ ནི་མངོན་པར་འདོད་པའི་རིན་པོ་ཆེའི་རྒྱུན་ཡང་དག་པར་འཛིན་ཅིང་སེམས་ཅན་སོ་སོའི་རྒྱུད་ལ་མི་གཡོ་བར་བྱེད་པས་ནོར་གྱི་རྒྱུན་ལ་དེ་སྐད་ཅེས་བྱ་སྟེ་དེ་ཉིད་ཡེ་ཤེས་རྡོ་རྗེའོ། །དམིགས་པ་ཞེས་བྱ་བ་ལ་སོགས་པའི་ནི་སྔ་མ་བཞིན་ནོ། །བཅོམ་ལྡན་འདས་ནོར་གྱི་རྒྱུན་ཞེས་བྱ་བ་ལ་ཞེས་བྱ་བའི་སྒྲ་ནི་སོགས་ པའི་སྒྲ་སྟེ་དེ་བས་ན་དབུལ་བ་རྣམ་པར་འཇིག་པ་ཞེས་བྱ་བ་ལ་སོགས་པ་ཡོངས་སུ་གཟུང་ངོ་། །དེ་བས་ན་འདི་ལྟར་མཚན་རྣམས་ཞེས་བྱ་བ་ཚིག་མང་པོ་ལ་སྨོས་པ་ཡིན་ནོ། །བའི་ཞེས་བྱ་བ་ནི་ཡི་གེ་བ་ལས་བསམ་པར་བྱ་སྟེ་བཤད་མ་ཐག་པའི་མན་ངག་གཞུག་པར་གྱུར་པ་ཇི་ལྟ་བ་བཞིན་དུ་ 61-1-235b བསམས་ལ་རིན་པོ་ཆེ་སྤྲོ་བར་བྱའོ་ཞེས་སྦྱར་བར་བྱའོ། །དེ་ལ་ཁྱིམ་གྱི་ཕྱོགས་དབེན་པ་ཞིག་ཏུ་བཅོམ་ལྡན་འདས་མ་རས་རིས་ལ་སོགས་པར་སྤྱན་དྲང་བ་ལ་སོགས་པའི་ཆོ་ག་ཐམས་ཅད་ཇི་ལྟ་བ་བཞིན་དུ་རྫོགས་པར་བྱས་ལ་ཁྱིམ་དེར་ཚུལ་ཁྲིམས་རྣམ་པར་དག་ཅིང་དགེ་བ་ཕུན་སུམ་ཚོགས་པའི་བུད་མེད་ གཙོ་མོ་མཆོད་པ་ལ་སོགས་པ་བྱེད་དུ་བཅུག་ནི་ཁྱིམ་ཡང་དག་པར་འབྱོར་པར་འགྱུར་བར་ཤེས་པར་བྱའོ། །ནོར་གྱི་རྒྱུན་ཞེས་བྱ་བ་ལ་སོགས་པ་ལ་ནོར་གྱི་རྒྱུན་རབ་ཏུ་འབེབས་ཤིང་དེར་རྒྱ་ཆེ་བའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དུ་གྱུར་པས་བཅོམ་ལྡན་འདས་ཡུམ་ལ་དེ་སྐད་ཅེས་བྱ་སྟེ་དེ་ཉིད་རྡོ་རྗེའོ། ། དམིགས་པ་ཞེས་བྱ་བ་ལ་སོགས་པ་ནི་སྔར་བཤད་ཟིན་ཏོ། །འཕྲོག་མའི་ཞེས་བྱ་བ་ལ་འཕྲོག་མའི་དགའ་སྟོན་ནི་སྤྲོ་བ་སྟེ་དེས་གནོད་སྦྱིན་མའི་ཚོགས་དགའ་བར་བྱེད་ཅིང་ཡིད་བདེ་བ་བསྐྱེད་པའོ། །དེས་དངོས་གྲུབ་ཏུ་གྱུར་པ་སྟེ་དོན་དེ་ནི་རྡོ་རྗེའོ། །དམིགས་པ་ཞེས་བྱ་བ་ལ་སོགས་པ་ནི་རིགས་དང་ ལྡན་པའི་མིང་སྟེ་གནོད་སྦྱིན་མའི་ཚོགས་དགའ་བར་བྱེད་པ་འཕྲོག་མའི་གསང་སྔགས་གསུངས་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛོད་ཅེས་བྱ་བའི་དོན་ཏོ། །དངོས་གྲུབ་ཕྱིར་ནི་མངོན་ཕྱོགས་ནས། །ཞེས་བྱ་བ་ནི་དངོས་གྲུབ་སྩོལ་བའི་ཕྱིར་མངོན་དུ་ཕྱོགས་པར་གྱུར་པའོ། །ཁྲོ་བོའི་འཁོར་ ལོ་གནོད་སྦྱིན་མ་བརྒྱད་ཀྱི་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་ཕྱིའི་དཀྱིལ་འཁོར་དུ་ཕྱོགས་བརྒྱད་ལ་ཁྲོ་བོ་བརྒྱད་ཡོད་པའི་ཁྲོ་བོའི་འཁོར་ལོ་དེར་ཐུགས་རྡོ་རྗེ་ལ་སོགས་པའི་གནས་སུ་རྫོགས་བཟང་ལ་སོགས་པའི་དམ་ཚིག་གི་ཕྱག་རྒྱའོ། །གནོད་སྦྱིན་མོ་བརྒྱད་པོ་ནི་གནོད་སྦྱིན་གྱི་མདོག་ཅན་ ནོ། །དབུས་ན་འཕྲོག་མས་བརྒྱན་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་གནས་སུ་འཕྲོག་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །ལྕགས་ཀྱུའི་འབྲས་བུ་ནེའུ་ལེ་ཅན། །ཞེས་བྱ་བ་ནི་གནོད་སྦྱིན་དང་གནོད་སྦྱིན་མོ་རྣམས་ཀྱི་ལག་པ་གཡས་པ་གཉིས་ན་འབྲས་བུ་བཱི་ཛ་པཱུ་ར་དང་ལྕགས་ ཀྱུ་ཐོགས་པ། ལག་པ་གཡོན་གྱི་དང་པོས་ནེའུ་ལེ་འཛིན་པ་གཉིས་པས་སྟན་ལ་བསྙེས་ཏེ་འཛིན་པའོ། །གནོད་སྦྱིན་བརྒྱད་ཀྱིས་བརྒྱན་ནས་སུ། །གནོད་སྦྱིན་མ་ཀུན་བསྒྲུབ་པར་བྱ། །ཞེས་བྱ་བ་ནི་རིམ་པ་གཉིས་པ་ལ་ཤར་ལ་སོགས་པའི་ཕྱོགས་རྣམས་སུ་གང་བ་བཟང་པོ་དང་། རྣམ་ཐོས་ 61-1-236a སྲས་དང་ནོར་སྦྱིན་དང་ནོར་བུ་བཟང་པོ་ཞེས་བྱ་བའི་གནོད་སྦྱིན་བཞི་པོ་སྔོན་པོ་དང་སེར་པོ་དང་དམར་པོ་དང་སེར་པོའོ། །མེ་ལ་སོགས་པའི་མཚམས་རྣམས་སུ་བི་ཙི་ཀུཎྜ་ལི་དང་ཀི་ལི་མ་ལི་དང་སྒོའི་དབང་མོ་དང་། སྤྱོད་པའི་དབང་མོ་དམར་མོ་དང་ལྗང་གུ་དང་སེར་པོ་དང་གསེར་གྱི་མདོག་ སྟེ་དེ་རྣམས་ཀྱིས་བཀླུབས་ཤིང་བརྒྱན་པ་གཤིན་རྗེ་གཤེད་ལ་སོགས་པའི་སྦྱོར་བས་ཇི་ལྟ་བ་བཞིན་དུ་བསྒྲུབ་པར་བྱའོ། །འཕྲོག་མ་ཡང་གཡོན་གྱི་གཉིས་པས་དགའ་བྱེད་ནུ་མ་ལྡུད་ཅིང་འཛིན་པའོ། །གསང་སྔགས་རྣམས་ཀྱི་ཡེ་ཤེས་ནི་དེའི་རྣམ་པར་བསྒྱིངས་པས་རྣལ་འབྱོར་པའི་མངོན་པར་འདོད་པའི་ལས་ བསྐྱེད་པར་ནུས་པ་ཡིན་ལ། དེ་རབ་ཏུ་སྟོན་པར་བྱེད་པའི་གཞུང་ནི་རིམ་པར་ཕྱེ་བ་སྟེ། དེས་ན་གསང་སྔགས་ཀྱི་ཡེ་ཤེས་བསྒྱིངས་པའི་རིམ་པར་ཕྱེ་བའི་སྒྲར་གསུངས་སོ། །ལེའུ་ལྔ་པའི་འགྲེལ་པའོ།། །།གསང་སྔགས་མཐུ་ནི་རང་གི་ཕྱག་རྒྱ་དང་མཆོད་པའི་ཆོ་ག་མེད་པར་ཕུན་སུམ་ཚོགས་པར་མི་འགྱུར་ བས། དེ་ནས་ཞེས་བྱ་བ་ལ་སོགས་པ་དྲུག་པ་ཕྱག་རྒྱ་དང་མཆོད་པའི་ལེའུ་གསུངས་སོ། །སྐུ་གསུམ་གྱི་ཡེ་ཤེས་ཀྱི་རྡོ་རྗེ་ལས་ཡང་དག་པར་བྱུང་བ་ཞེས་བྱ་བ་ནི་སྐུ་རྡོ་རྗེ་ལ་སོགས་པའི་ཡེ་ཤེས་ལས་བྱུང་བའོ། །ཐ་དད་པ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་དབྱེ་བས་སོ་སོ་བ་ཡིན་གྱི་རྡོ་རྗེ་ཁུ་ ཚུར་གཉིས་ཀྱིས་ཕྱི་རོལ་དང་ནང་དུ་རྡོ་རྗེ་བཅིངས་པས་ཀྱང་ཕྱག་རྒྱའི་དོན་སྟོན་པ་ནི་མ་ཡིན་ནོ། །འདི་ན་ལུས་ནི་བྱིན་བརླབས་ཏེ། །རང་གི་གཟུགས་སུ་རྣམ་སྒོམས་ན། །ཞེས་བྱ་བ་ནི་ཕྱག་རྒྱ་རིམ་པར་ཕྱེ་བ་འདི་ན་དམ་ཚིག་གི་ཕྱག་རྒྱ་ནི་ལུས་ཏེ་སྐུ་བྱིན་གྱིས་བརླབ་པའི་ལག་པའི་ཕྱག་རྒྱ་བཅིངས་པ་ ཡིན་པར་ཤེས་པར་བྱའོ། །སྒོམ་པར་བྱེད་པ་ན་ཡང་རང་གི་ངོ་བོ་ཉིད་ཇི་ལྟ་བ་བཞིན་གྱི་སྦྱོར་བས་ལྷ་དང་ལྷ་མོའི་སྐུས་ཐ་དད་པའི་ཕྱག་རྒྱ་སོ་སོ་ལ་ལྟོས་པས་རྣམ་བསྒོམས་ན་ཞེས་ཚིག་དཔང་པོར་བྱས་པ་ཡིན་ནོ། །ལག་པ་གཉིས་ཁུ་ཚུར་བཅིངས་པ་ལས་ཞེས་བྱ་བ་ནི་ལག་པ་གཉིས་ཀྱིས་རྡོ་ རྗེའི་བཅིང་བ་ནང་དུ་བཅིངས་པའི་ཁུ་ཚུར་བྱས་པའོ། །དེ་ཉིད་ལས་ཞེས་བྱ་བ་ནི་བཤད་མ་ཐག་པའི་ཕྱག་རྒྱ་བཅིངས་པ་སྟེ་ཕྱག་རྒྱ་གསུམ་པོ་དེ་དག་སྔགས་དང་བཅས་པ་ནི་ལྷ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་བྱིན་གྱིས་རློབ་པར་བྱེད་པ་ཡིན་ནོ། །ལག་པ་གཉིས་ཞེས་བྱ་བ་ལ་སོགས་པ་ནི་ 61-1-236b ལས་ཀྱི་ཕྱག་རྒྱ་གསུངས་པ་ཡིན་ཏེ་གོ་སླའོ། །གཟུང་བ་ཞེས་བྱ་བ་ནི་གཡོན་པའི་མཛུབ་མོ་བསྒྲེང་བའོ་ཞེས་སྔ་མ་དང་སྦྱོར་རོ། །མཐེ་བོང་གཉིས་ནི་བསྣོལ་བྱས་ལ། །མཛུབ་མོའི་རྩེ་མོ་བཀུག་ནས་ནི། །གུང་མོ་བསྙམས་པའི་ཚིགས་སུ་སྦྱར། །རྡོ་རྗེ་དབྱིངས་ཀྱི་དབང་མོར་བཤད། །ཅེས་ གསུངས་པ་དང་དེ་ལ་བཤད་མ་ཐག་པའི་མཚན་ཉིད་ཅན་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་དམ་ཚིག་གི་ཕྱག་རྒྱ་ཡིན་པར་ཤེས་པར་བྱའོ། །ལག་པ་གཡོན་པ་ཞེས་བྱ་བ་ནི་པང་པར་བཀན་ཏེ་གཞག་པའོ། །གཡས་པ་ཞེས་བྱ་བ་ནི་ཁ་ཐུར་དུ་བལྟས་པར་བྱའོ། །དེ་བཞིན་དུ་ཞེས་བྱ་ བ་ནི་ལག་པ་གཡོན་པའོ། །མཆོག་སྦྱིན་པར་མཛད་པ་ཞེས་བྱ་བ་ནི་མཆོག་སྦྱིན་པའི་ཚུལ་དུའོ། །དེ་ཉིད་ཅེས་བྱ་བ་ནི་ལག་པ་བཀན་པའི་ཚུལ་གྱིས་སོ། །བསམ་གཏན་གྱི་ཚུལ་དུ་ཞེས་བྱ་བ་ནི་བསམ་གཏན་གྱི་ཐབས་ཀྱིས་སོ། །དེ་ཉིད་ལས་ཞེས་བྱ་བ་ནི་ལག་པ་གཡོན་པ་བཀན་པའོ། ། མི་འཇིགས་པར་སྦྱིན་པར་བྱས་ལ་ཞེས་བྱ་བ་ནི་ལག་པ་གཡོན་པ་བ་དན་གསུམ་པར་བདག་དང་ཉེ་བར་གཞག་པ་སྟེ་དེས་མི་འཇིགས་པ་སྦྱིན་པའི་ཚུལ་དང་ལྡན་པའོ། །རྡོ་རྗེ་སེམས་མ་ལ་སོགས་པའི་དམ་ཚིག་གི་ཕྱག་རྒྱ་ནི་མི་བསྐྱོད་པ་ལ་སོགས་པའི་ཡང་ཤེས་པར་བྱའོ། །རྡོ་རྗེ་བཅིང་བ་ ཞེས་བྱ་བ་ནི་རྡོ་རྗེ་བཅིང་བ་ཕྱི་རོལ་དུ་བཅིངས་པའོ། །དེ་ཉིད་ལས་ཞེས་བྱ་བ་ནི་སྔ་མ་དང་འདྲའོ། །དེ་ཉིད་ཅེས་བྱ་བ་ནི་བཤད་མ་ཐག་པའི་ཕྱག་རྒྱ་དང་འདྲའོ། །དེ་ཉིད་ལས་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་བསྡམས་པ་ཕྱི་རོལ་དུ་བཅིངས་པ་ལ་གུང་མོ་གཉིས་ནང་དུ་བཅུག་སྟེ་ཕན་ཚུན་ལྟོ་ སྦྱར་ལ་གཞག་པའོ། །ལ་ལ་དག་ནི་མཐེ་བོང་དང་མཐེའུ་ཆུང་གཉིས་རྡོ་རྗེ་ལྟར་བྱས་ལ་རྩེ་སྤྲད་པར་བྱའོ་ཞེས་མན་ངག་ལས་བཤད་དོ་ཞེས་ཟེར་རོ། །མི་བསྐྱོད་པ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་ནི་རང་རང་གི་ཇི་ལྟར་རྡོ་རྗེ་སེམས་མ་ལ་སོགས་པའི་ཡང་ཡིན་པར་ཤེས་པར་བྱའོ། །བཞག་ལ་ ཞེས་བྱ་བ་ནི་ཚིགས་གསུམ་པར་བཞག་སྟེ་ནས་གང་ཙམ་གྱིས་མ་རེག་པར་བྱ་བར་བལྟ་བར་བྱའོ། །པདྨ་ཁ་མ་ཕྱེ་བའི་ཚུལ་དུ་བྱས་པ་ནི་པདྨ་ཁ་མ་ཕྱེ་བ་དང་འདྲ་བའོ། །མཛུབ་མོ་གཉིས་ཞེས་བྱ་བ་ལ་སོགས་པ་ལ་མཛུབ་མོ་གཉིས་ཀྱིས་གུང་མོའི་སེན་མོ་བཀུག་ནས་མནན་པ་གང་ཡིན་ 61-1-237a པ་དེ་ལ་དེ་སྐད་ཅེས་བྱ་སྟེ། མཐེ་བོ་གཉིས་དང་མཛུབ་མོ་གཉིས་ཀྱི་བར་དུ་གུང་མོ་བཅུག་ལ་བཙིར་ནས་གནས་པའོ། །ཐལ་མོ་སྦྱར་ཞེས་བྱ་བ་ནི་ཐལ་མོ་ཁོང་སྟོང་དུ་བྱས་པའོ། །ཚིགས་དབུ་མར་ཞེས་བྱ་བ་ནི་ཚིགས་བར་མ་དང་མཛུབ་མོར་སྦྱར་བའོ། །མཛུབ་མོ་ གཉིས་མཐེ་བོའི་རྩེ་མོར་བཀུག་པ་ཞེས་བྱ་བ་ནི་མཛུབ་མོ་གཉིས་རྩེ་སྤྲད་ལ་མཐེ་བོང་གཉིས་ཀྱི་སྟེང་དུ་རིན་པོ་ཆེ་འདྲ་བར་བཀུག་ནས་སྦྱར་ལ་གཞག་ཅེས་བྱ་བའི་དོན་ཏོ། །མཐེའུ་ཆུང་གི་སེན་མོ་མནན་ནས་ཞེས་བྱ་བ་ནི་རང་རང་གི་མཐེའུ་ཆུང་གི་སེན་མོ་ལུ་གུ་རྒྱུད་འདྲ་བ་ལ་ལྷག་མ་རྡོ་རྗེའི་མཚན་ ཉིད་དུ་བྱས་པས་སྦྱོར་བར་བྱའོ། །ལ་ལ་ན་རེ་ཡང་ན་སྟང་སྟབས་ཀྱི་སྦྱོར་བ་ཇི་ལྟ་བ་བཞིན་དུ་བྱའོ་ཞེས་ཟེར་རོ། །མཛུབ་མོ་དང་མཐེའུ་ཆུང་གཉིས་ལུ་གུ་རྒྱུད་ལྟར་བཅིང་ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གཉིས་རྒྱབ་སྦྱར་བ་བྱས་ལ་ལག་པ་གཉིས་ཀྱི་མཛུབ་མོ་དང་མཐེའུ་ཆུང་ལུ་གུ་རྒྱུད་ལྟར་བྱས་ཏེ་ མདུད་པ་བྱས་པའོ། །ལག་པ་གཉིས་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་བསྡམས་པ་བཅིངས་པས་ཁུ་ཚུར་ནང་དུ་བཅིངས་ཏེ་གུང་མོ་སྦྱར་ལ་རྩེ་མོའི་ཚུལ་དུ་བཞག སྲིན་ལག་གཉིས་གུང་མོའི་རྒྱབ་ཏུ་བཅར་ཏེ་བཟློག་པའི་ཚུལ་གྱིས་གཞག མཛུབ་མོ་གཉིས་གུང་མོའི་ཚིགས་གསུམ་ པའི་གནས་སུ་གདུ་བུའི་ཚུལ་དུ་གཞག མཐེ་བོང་གཉིས་གུང་མོ་ལ་ཕྱོགས་པར་བཞག་ལ་ཅུང་ཟད་རྡོ་རྗེ་འདྲ་བར་དགུག་གོ། །ལ་ལ་ནི་མཐེའུ་ཆུང་སྦྱར་བར་བྱས་ལ་གུང་མོའི་བར་དུ་གཞག་གོ་ཞེས་ཟེར་རོ། །བཟློག་པ་དཔྲལ་བར་གཞག་ཅེས་བྱ་བ་ནི་བཟློག་སྟེ་ཁུ་ཚུར་དུ་བསྟན་ལ་དཔྲལ་བར་ གཞག་པའོ། །སེན་མོ་མནན་ནས་ཞེས་བྱ་བ་ནི་མནན་པའོ། །རལ་གྲི་ཤུབས་ནས་ཕྱུང་བ་ཞེས་བྱ་བ་ལ་སོགས་པ་ནི་ལག་པ་གཡོན་པའི་མཐེ་བོས་སྲིན་ལག་དང་མཐེའུ་ཆུང་མནན་ཏེ་གཞག་པ་ལ་ལག་པ་གཡས་པས་ཀྱང་རང་གི་སྲིན་ལག་དང་མཐེའུ་ཆུང་གི་སེན་མོ་མནན་ལ་གུང་མོ་དང་མཛུབ་ མོ་གཉིས་ཅི་བདེར་བཅུག་ནས་རལ་གྲི་ལྟར་དྲངས་ཏེ་དེའི་ཚུལ་དུ་བྱས་ལ་ལག་པ་གཡོན་པ་སྙིང་གར་ཇི་ལྟ་བ་བཞིན་དུ་གཞག་གོ། །ཁྲོ་བོའི་སོར་མོ་ཞེས་བྱ་བ་ནི་ལག་པ་གཡོན་པའི་མཛུབ་མོ་བསྒྲེང་བའོ། །རྡོ་རྗེ་ཁུ་ཚུར་ཞེས་བྱ་བ་ནི་གཡོན་པ་རྡོ་རྗེ་ཁུ་ཚུར་དུ་བྱས་པའོ། །མེ་ཏོག་གི་ཚུལ་ 61-1-237b དུ་ཞེས་བྱ་བ་ནི་ནཱ་ག་གེ་སར་འདྲ་བའོ། །གཡོན་པ་ཞེས་བྱ་བ་ནི་གཡོན་པ་རྡོ་རྗེ་ཁུ་ཚུར་དུ་བྱས་པའོ། །གླང་པོ་ཆེའི་སྣ་ལྟར་ཞེས་བྱ་བ་ནི་སྣའི་མདུན་དུ་ལག་པ་གཡས་པའི་རྡོ་རྗེ་ཁུ་ཚུར་གླང་པོ་ཆེའི་སྣའི་ཚུལ་དུ་གཞག་པའོ། །བསྒྲེང་ལ་ཞེས་བྱ་བ་ནི་འདིར་གཡས་ཀྱི་ཆ་ཡིན་པར་ཤེས་པར་བྱའོ། །གཡས་ ཞེས་བྱ་བ་ལ་སོགས་པ་ལ་གཡས་པའི་ཆས་ནམ་མཁའ་ལ་བཏེག་ལ། གཡོན་པའི་རྡོ་རྗེ་ཁུ་ཚུར་དུ་གནས་པས་གཡས་པའི་ལག་མཐིལ་ན་བ་དན་གསུམ་པ་ཇི་ལྟ་བར་བྱའོ། །ཆུ་རླབས་ལྟར་དྲང་བ་ཞེས་བྱ་བ་ནི་ཆུ་རླབས་འདྲེན་པ་ལྟར་བྱས་པའོ། །གཡོན་པ་ཟླ་བའི་ཚུལ་དུ་བྱས། །ཞེས་བྱ་བ་ནི་གཡོན་པ་ རྡོ་རྗེ་ཁུ་ཚུར་བཅིངས་ལ་མཐེ་བོང་དང་མཛུབ་མོ་གཉིས་ཟླ་བ་ཕྱེད་པའི་ཚུལ་དུ་བྱས་པའོ། །གཡོན་པ་རྡོ་རྗེ་ཁུ་ཚུར་ཞེས་བྱ་བ་ནི་གཡོན་པ་རྡོ་རྗེ་ཁུ་ཚུར་འགྱིང་བའི་ཚུལ་གྱིས་གཡོན་པའི་སྟ་ཟུར་དུ་གཞག་པའོ། །འདོད་ཆགས་ཀྱི་དུག་ཐམས་ཅད་སེལ་བ་ཞེས་བྱ་བ་འདིས་ནི་རྣམ་པར་སྣང་མཛད་ལ་ སོགས་པ་གང་ཡང་རུང་བའི་སྦྱོར་བས་རྣལ་འབྱོར་པས་དུག་བསལ་བའི་ལས་བྱེད་པས་ན་ཕྱག་རྒྱ་འདིས་ཇི་ལྟ་བ་བཞིན་དུ་བྱའོ་ཞེས་བསྟན་ཏོ། །མཛུབ་མོ་བསྒྲེང་ལ་ཞེས་བྱ་བ་ནི་མཛུབ་མོ་གཉིས་སྡིགས་མཛུབ་ཀྱི་ཚུལ་དུ་བསྒྲེང་བའོ། །འདིས་ནི་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་འདྲེན་ན་ཞེས་བྱ་ བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ནི་ལྕགས་ཀྱུས་སྤྱན་དྲང་ངོ་ཞེས་གང་གསུངས་པ་དེ་འདིས་དྲང་བར་བྱས་ཏེ། ཨོཾ་བཛྲ་ཨངྐུ་ཤ་ཨཱ་ཀཪྵ་ཡ་ཧཱུཾ་ཞེས་བྱ་བའི་སྔགས་དང་ཕྱག་རྒྱ་འདི་སྦྱར་བར་བྱའོ། །འགྲམ་པ་གཉིས་སུ་གཞག་པ་ཞེས་བྱ་བ་ནི་འགྲམ་པ་གཉིས་སུའོ། །ཁྲོ་བོ་རྣམས་ནི་ཞལ་གྱི་ ཕྱག་རྒྱས་སོ་ཞེས་བྱ་བ་ནི་རྡོ་རྗེ་མཆེ་བའི་ཕྱག་རྒྱས་སོ། །བྱང་ཆུབ་སེམས་དཔའ་རྣམས་ནི་རྡོ་རྗེའི་ཕྱག་རྒྱས་སོ་ཞེས་བྱ་བ་ནི་རྩེ་མོ་ལྔ་པ་བཅིངས་ལ་ཞེས་བྱ་བ་ལ་སོགས་པའི་མཚན་ཉིད་ཅན་གྱི་རྡོ་རྗེའི་ཕྱག་རྒྱས་སོ། །རིག་མའི་ལྷ་མོ་རྣམས་ནི་རིགས་ཀྱི་ཡུམ་རྣམས་ཀྱིས་སོ་ཞེས་བྱ་བ་ནི་རྡོ་ རྗེ་སེམས་མ་དང་སྐུལ་བྱེད་མ་ལ་སོགས་པ་ནི་ཅི་རིགས་པར་སངས་རྒྱས་སྤྱན་ལ་སོགས་པའི་ཕྱག་རྒྱས་ཏེ་རིགས་ཀྱི་ཡུམ་རྣམས་ཀྱི་ཕྱག་རྒྱས་སོ། །བྲན་རྣམས་ནི་ཞགས་པའི་ཕྱག་རྒྱས་སོ་ཞེས་བྱ་བ་ལ་འོག་ནས་བཤད་པའི་རྡོ་རྗེ་ཞགས་པའི་ཕྱག་རྒྱས་སོ། །ཕོ་ཉ་རྣམས་ནི་ལྕགས་ཀྱུའི་ཕྱག་ 61-1-238a རྒྱས་སོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་སྤྱན་འདྲེན་པའི་ཕྱག་རྒྱ་ཉིད་དོ། །ཕྱག་རྒྱའི་རྣམ་པར་དབྱེ་བ་འདི་ནི་སྤྱན་དྲང་བ་ཡིན་ནོ། །གཞུག་པ་ལ་སོགས་པ་ལ་ནི་ཐམས་ཅད་ཀྱང་རྡོ་རྗེའི་ཞགས་པ་དང་། ལྕགས་སྒྲོག་དང་འབེབས་པའི་ཕྱག་རྒྱས་བྱའོ། །དྲག་པོའི་ལས་ལ་ནི་ རྡོ་རྗེ་མཁའ་འགྲོ་མའི་ཕྱག་རྒྱ་དང་ཨོཾ་བཛྲ་ཌཱ་ཀི་ནི་ཆེ་གེ་མོའི་ར་ཀ་ཏ་མཱ་ཀཪྵཱ་ཡ་ཨ་ཀྲྀ་ཥུ་ཙ་ཤ་ཡ་ཧཱུཾ་ཕཊ་ཅེས་བྱ་བ་དང་སྦྱར་རོ། །རྡོ་རྗེ་ཁུ་ཚུར་ཞེས་བྱ་བ་ནི་སོ་སོའིའོ། །དཀྱིལ་འཁོར་ཕྱག་རྒྱ་ཞེས་བྱ་བ་ནི་དཀྱིལ་འཁོར་གདེག་པའི་ཕྱག་རྒྱ་སྟེ། འདི་ཡང་ཨོཾ་བཛྲ་ཏིཥྛ་ཞེས་བྱ་བ་འདི་དཀྱིལ་འཁོར་གྱི་ བདག་པོའི་སྙིང་པོ་དང་བཅས་པས་སྔ་མ་བཞིན་དུ་སྦྱར་བར་བྱའོ། །མཁྲིག་མ་གཉིས་བསྣོལ་ཏེ་ཞེས་བྱ་བ་ནི་མཛུབ་མོ་གཉིས་བསྣོལ་ནས་མཁྲིག་མ་གཉིས་ཀྱི་དབུས་སུ་གཟུགས་ཏེ། ཁ་ཐུར་དུ་བལྟས་པས་ངོས་ལ་བཅར་ལ་གདེག་པར་བྱའོ། །སྒོ་དབྱེ་བའི་ཕྱག་རྒྱ་ཡང་ཨོཾ་བཛྲོད་གྷ་ཌ་ ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱི་སྒྲ་བསྒྲགས་ལ། ཨོཾ་བཛྲོད་གྷ་ཌ་ཡ་ས་མ་ཡ་པྲ་བེ་ཤཱ་ཡ་ཧཱུཾ་ཞེས་བྱ་བའི་གསང་སྔགས་དང་སྦྱར་བར་བྱའོ། །གདོན་ཐམས་ཅད་སྐྲག་པར་བྱེད་པའི་ཕྱག་རྒྱ་ནི་ཨོཾ་ཧཱུཾ་བཛྲ་རཀྵ་ས་མ་ཡ་ཕཊ་ཅེས་བྱ་བ་འདི་དང་ཇི་ལྟ་བ་བཞིན་དུ་སྦྱར་རོ། །ལྷ་མ་ཡིན་གྱི་བུ་མོ་ཀུན་ སྨྲར་གཞུག་པའི་ཕྱག་རྒྱས་ཞེས་བྱ་བ་ནི་མཚན་མ་ཐོབ་པས་ལྷ་མ་ཡིན་གྱི་ཕུག་ཏུ་འཇུག་པ་ན་དེའི་སྒོའི་འཁྲུལ་འཁོར་ལ་བལྟས་ལ། རྡོ་རྗེས་འོག་གི་སྦྱོར་བས་རོལ་པའི་སྟང་སྟབས་ཀྱིས་འདུག་ནས་ཇི་སྐད་དུ་གསུངས་པའི་ཕྱག་རྒྱ་བཅིངས་ཏེ་ང་རྒྱལ་དང་བཅས་པས་གསང་སྔགས་བརྗོད་ ལ། ཕྱག་རྒྱ་དེ་བཅིངས་པ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པ་འབར་བས་འཁྲུལ་འཁོར་རྣམ་པར་གཞོམ་པར་བྱ་བ་ནི་སྦྱོར་བའོ། །དེ་བས་ན་ལྷ་མ་ཡིན་གྱི་སྒྱུ་མའི་འཁྲུལ་འཁོར་གཞིག་པ་ཞེས་གསུངས་ཏེ། གང་གི་ཚེ་ལྷ་མ་ཡིན་གྱི་བུ་མོ་ལེགས་པར་འོངས་སོ་ཞེས་བྱ་བ་ལ་སོགས་ པའི་ཚིག་མི་སྨྲ་ན་དེའི་ཚེ་ཆོ་ག་འདི་ཉིད་དང་ཕྱག་རྒྱ་འདི་ཉིད་དྲན་པར་བྱའོ། །དེ་བས་ན་ལྷ་མ་ཡིན་གྱི་བུ་མོ་སྨྲར་གཞུག་པ་ཞེས་གསུངས་པ་ཡིན་ནོ། །སྟང་སྟབས་དང་བཅས་པར་ཧཱུཾ་ཞེས་སྒྲོགས་པ་ཞེས་བྱ་བ་ནི་རོལ་པའི་སྟང་སྟབས་དང་བཅས་པས་ཡི་གེ་ཧཱུཾ་བརྗོད་པའོ། །རྡོ་རྗེ་ནག་ 61-1-238b མོའི་ཕྱག་རྒྱ་ལ་དཔུང་པ་གཡས་པ་བཏེག་ལ་རྡོ་རྗེ་ཁུ་ཚུར་བརྡེག་པའི་ཚུལ་དུ་བྱ་བ་སྟེ་འདི་ཡང་མངོན་སྤྱོད་ཀྱི་ལས་རྣམས་ལ། ཨོཾ་བཛྲ་ཀཱ་ལི་ཏརྫཱ་ཡ་ཧཱུཾ་ཞེས་བྱ་བ་འདི་དང་སྦྱར་རོ། །རྡོ་རྗེའི་ཕུར་བུའི་ཕྱག་རྒྱ་དེ་བཞིན་གཤེགས་པ་ལ་སོགས་པ་གཞན་དག་ལ་འབེབས་པའི་ཚེ་ནི། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ ཧཱུཾ་ཞེས་བྱ་བ་འདི་དང་སྦྱར་རོ། །དེ་བཞིན་གཤེགས་པ་ལ་སོགས་པའི་ཕུར་བུའི་སྔགས་དང་ཕྱག་རྒྱའི་དབྱེ་བ་ཉེ་བར་མ་བསྟན་པའི་ཕྱིར་རོ། །རྡོ་རྗེ་ཁུ་ཚུར་ཞེས་བྱ་བ་ནི་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་སེང་ལྡེང་ལ་སོགས་པའི་ཕུར་བུ་བཟུང་ལ་བསྒྲུབ་པར་བྱ་བའི་མགོ་ལ་བཞག་སྟེ། གཡས་པའི་ རྡོ་རྗེ་ཁུ་ཚུར་གྱིས་བརྡུང་བ་ནི་རྡོ་རྗེ་ཐོ་བའི་ཕྱག་རྒྱ་སྟེ། ཨོཾ་བཛྲ་མུངྒ་ར་ཨཱ་ཀོ་ཊ་ཡ་ཧཱུཾ་ཞེས་བྱ་བའི་སྔགས་དང་སྦྱར་རོ། །འདི་ནི་སྤྱིར་ཕུར་བུས་འདེབས་པ་ལ་ཚུལ་འདི་ཡིན་ཏེ། བསམ་གཏན་དང་ཕྱག་རྒྱས་ཕུར་བུ་འདེབས་པ་ལ་ནི་ཕྱག་རྒྱ་ཉིད་ཀྱིས་ཕུར་བུ་གཞག་པར་བསམས་ལ་དེ་བཞིན་དུ་བརྡུང་ ངོ་། །ལག་པ་གཉིས་ཞེས་བྱ་བ་ལ་སོགས་པ་ལ་ལག་པ་གཉིས་ཀྱི་རྡོ་རྗེ་ཁུ་ཚུར་ཕན་ཚུན་རྒྱབ་སྦྱར་ལ་མཐེའུ་ཆུང་གཉིས་མདུད་དེ་མཛུབ་མོ་གཉིས་སོ་སོར་ཕྱེ་ནས་ལྕགས་སྒྲོག་ལྟར་བཅིང་བར་བྱའོ། །ཕྱག་རྒྱ་འདི་ཡང་ཨོཾ་བཛྲ་སྥོ་ཊ་བནྡྷ་ཡ་ཧཱུཾ་ཞེས་བྱ་བའི་སྔགས་འདི་དང་སྦྱར་རོ། །བཅིང་བའི་ འོག་ཏུ་མཉེས་པར་བྱ་བར་རིགས་པ་ཡིན་པས་རྒྱུད་གཞན་དག་ལས་བསྟན་པའི་སྔགས་དང་ཕྱག་རྒྱས་བཟུང་སྟེ་བཤད་མ་ཐག་པའི་ཕྱག་རྒྱ་དེ་ཉིད་དྲིལ་བུ་ལྟར་སྙིང་གར་བསྐྱོད་པ་ནི་རྡོ་རྗེ་འབེབས་པའི་ཕྱག་རྒྱ་སྟེ། ཨོཾ་བཛྲ་ཨཱ་བེ་ཤ་ཧཱུཾ་ཞེས་བྱ་བ་འདི་དང་སྦྱར་རོ། །བཅིང་བ་ནི་གཞུག་པའི་འོག་ཏུ་འབྱུང་ བས་རྡོ་རྗེ་ཞགས་པའི་ཕྱག་རྒྱ་འབའ་ཞིག་ཀྱང་སྟོན་པར་ཤེས་པར་བྱ་སྟེ། རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱ་བཅིང་བ་ལས་མཛུབ་མོ་གཉིས་ཞགས་པར་བྱ་བ་ནི་རྡོ་རྗེ་ཞགས་པའི་ཕྱག་རྒྱ་སྟེ་ཨོཾ་བཛྲ་པཱ་ཤ་པྲ་བེ་ཤ་ཡ་ཧཱུཾ་ཞེས་བྱ་བ་འདི་དང་སྦྱར་རོ། །རྡོ་རྗེ་སོགས་ལེའི་ཕྱག་རྒྱ་ནི་གཤིན་རྗེ་གཤེད་ལ་སོགས་པ་ གང་ཡང་རུང་བའི་སྦྱོར་བ་དང་དེའི་གསང་སྔགས་ཀྱིས་རྣམ་པར་དག་པར་བྱའོ་ཞེས་བསྐུལ་བའི་ཚིག་དང་བཅས་པས་བསྒྲུབ་པར་བྱ་བའི་མགོ་བོ་ནས་བརྩམས་ཏེ་རྣམ་པར་དག་པ་ནི་མངོན་སྤྱོད་ཀྱི་ལས་ཀྱི་སྦྱོར་བའོ། །རྡོ་རྗེ་སྲིན་མོའི་ཕྱག་རྒྱ་དང་ཨ་ལ་ལ་ཞེས་བརྗོད་ལ་འཕགས་པ་གཤིན་རྗེ་གཤེད་ལ་སོགས་ 61-1-239a པ་གང་ཡང་རུང་བའི་སྦྱོར་བས་བསྒྲུབ་པར་བྱ་བའི་སྲུང་བ་འཕྲོགས་ལ་མདུན་དུ་རྡོ་རྗེ་སྲིན་པོ་ལ་སོགས་པ་རྣམས་ཀྱིས་རྣམ་པར་ཟ་བར་བསམས་ལ་ཨོཾ་བཛྲ་རཱཀྵ་ས་བྷཀྵ་ཡ་ཐ་ཕཊ་ཅེས་བྱ་བ་འདི་དང་སྦྱར་རོ། །མཐེ་བོང་ཞེས་བྱ་བ་ནི་མཐེ་བོ་དང་གུང་མོ་ཆན་པའི་ཕྱག་རྒྱ་དང་སྟོབས་པོ་ཆེའི་སྦྱོར་ བས་སོ། །ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ། ཀ་ར་ཀ་ར། ཙྪིནྡ་ཙྪིནྡ་ཧཱུཾ་ཕཊ་ཅེས་བྱ་བ་འདིས་སྤྲིན་གཏུབ་པའི་ལྟ་བ་དང་སྦྱར་རོ། །དེ་བས་ན་ཚར་གཅོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །སྐམ་པའི་ཕྱག་རྒྱ་དང་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་གང་ཡང་རུང་བའི་སྦྱོར་བ་དང་། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་ བཛྲ་དྷ་ར་ཨཛྙཱ་ཡ། བུདྡྷ་ས་ཏྱེན་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཅེས་བྱ་བའི་གསང་སྔགས་འདིས་འཁྲུལ་འཁོར་ཐམས་ཅད་དབྱུང་བ་ལ་སྦྱར་རོ། །གསང་སྔགས་འདི་ལ་ཡང་སརྦ་བིགྷྣཱན་ཞེས་བྱ་བ་བོར་ལ་བསྒྲུབ་པར་བྱ་བའི་མིང་གཞུག་གོ། །རྡོ་རྗེ་ནམ་མཁའ་ལྡིང་གི་ཕྱག་རྒྱ་ནི་རྟ་མགྲིན་ལ་སོགས་པ་གང་ཡང་རུང་ བའི་ཁྲོ་བོ་ཡོངས་སུ་གྱུར་པའི་རྡོ་རྗེ་ནམ་མཁའ་ལྡིང་གི་གཟུགས་ཀྱིས་དུག་ལ་སོགས་པས་ཕོག་པའི་བསྒྲུབ་པར་བྱ་བའི་མགོ་བོར་རྡོ་རྗེ་ནམ་མཁའ་ལྡིང་གི་བདུད་རྩིའི་རྒྱུན་ཡོངས་སུ་ལྡུགས་པར་བསམས་ལ། རྣལ་འབྱོར་པས་ཀྱང་དེའི་ཚུལ་དུ་བྱ་ཞིང་ཨོཾ་བཛྲ་མཱ་རཱ་ཡ་ན་བི་ཥ་མེ་པ་མཱ་ཡ་ཨ་མྲྀ་ཏ་ ཨམྦུ་མེ་གྷཻ་ཧཱུཾ་ཞེས་བརྗོད་ཅིང་ཇི་ལྟ་བ་བཞིན་དུ་སྦྱར་རོ། །རྡོ་རྗེ་མདའི་ཕྱག་རྒྱས་ཕ་རོལ་གྱི་དཔུང་བཤིག་པའི་སྦྱོར་བ་ནི་འདི་ཡིན་ཏེ། ཁྲོ་བོ་གང་ཡང་རུང་བའི་ང་རྒྱལ་དུ་བྱས་ལ་ཡི་གེ་པ་ལས་གཞུ། ཨ་ལས་བྱུང་བའི་གཞུ་རྒྱུད་དང་བཅས་པ་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་བཟུང་ལ། གཡས་པའི་རྡོ་རྗེ་ཁུ་ཚུར་ལ་སོགས་པས་ཧཱུཾ་ལས་བྱུང་བའི་མདའི་ཆར་ཧཱུཾ་དང་ཕཊ་ཀྱི་མདེའུ་དང་བཅས་པ་ཧཱུཾ་གི་མདའ་མེ་འབར་བ་དང་འདྲ་བ་ལག་པས་དྲངས་ནས་གཞུ་ལག་པར་བཞག་ལ་ཁྲོས་པས་ཕྱོགས་བཞིར་ཧཱུཾ་ཕཊ་ཅེས་བརྗོད་ལ་འཕངས་ཏེ་དེས་ཀྱང་ཕ་རོལ་གྱི་དཔུང་ཐལ་བར་བྱས་པར་བསམ་ མོ། །འདོད་པའི་རྒྱལ་པོ་ལ་སོགས་པའི་ཁྲོ་བོ་གང་ཡང་རུང་བའི་སྐུ་སེའུའི་མེ་ཏོག་ལྟར་དམར་བའི་ཨུཏྤལ་དམར་པོས་རྣ་རྒྱན་བྱས་པར་བདག་ཉིད་བསམས་ལ་སྔ་མ་བཞིན་དུ་གཞུ་བླངས་ཏེ་ཕཊ་ལས་མདའ་དེའི་ལྟོང་གི་ཕྱོགས་སུ་འདོད་པའི་རྒྱལ་པོ་དབུས་སུ་རྡོ་རྗེ་དབང་། རྡོ་རྗེ་རྩེ་གཅིག་པ་འདྲ་ 61-1-239b བའི་མདེའུའི་རྩ་བར་རྡོ་རྗེ་ཆགས་པ་མདེའུའི་རྩེ་མོར་རྣམ་པར་རྒྱལ་བའི་རྡོ་རྗེ་ལྟོང་དུ་མི་བསྐྱོད་པ་བཀོད་ལ་བདག་ཉིད་ཀྱི་སྙིང་གའི་ཟླ་བ་ལ་ཡི་གེ་ཀྵྨཾ་བསམ། ཡི་གེ་ཀ་ལས་བསྒྲུབ་པར་བྱ་བ་མདུན་དུ་བསམས་ལ། བཛྲ་དྲྀཥྚི་མ་ཊ་ཞེས་བྱ་བ་མིག་ཏུ་བཀོད་ལ། རྡོ་རྗེ་ལྟ་བ་ཀུན་ཆགས་པས། །རབ་ཏུ་དགའ་ཞིང་ གདངས་པའི་མིག །དེ་ཡིས་བུད་མེད་བལྟས་ན་ནི། །རྟག་ཏུ་དབང་དུ་གྱུར་པ་ཡིན། །ཞེས་བྱ་བ་འདིས་རྡོ་རྗེ་བལྟ་བར་བྱས་ལ་འདོད་པ་ནི་བདག་གོ་ཞེས་བསྒོམ་ཞིང་། ཨོཾ་ཊཀྐི་ཧོ་ཆེ་གེ་མོ་བ་ཤཾ་མཱ་ན་ཡ་ཧཱུཾ་ཛཿཞེས་བརྗོད་ལ་སྙིང་གར་ལྕགས་ཀྱུ་དམར་པོ་གསང་བར་ནག་པོ་ནུ་མ་གཡས་དང་གཡོན་དུ་ དཀར་པོ་སྙིང་གར་ལྗང་གུའི་རྣམ་པས་བརྡེག་པར་བྱའོ། །མདའ་རེ་རེས་ཕུག་པའི་འོག་ཏུ་ཡང་མདའ་ལས་བྱུང་བའི་རྣམ་པར་རྒྱལ་བའི་རྡོ་རྗེ་ལ་སོགས་པའི་གངས་ཇི་ལྟ་བ་བཞིན་དུ་དེའི་ལུས་ལ་ཞུགས་ནས་དབང་དུ་བྱས་པར་གྱུར་པར་བསམས་ལ། མུན་པ་སེལ་བའི་འོད་ཟེར་དམར་པོས་ནང་གི་ ལུས་ཐམས་ཅད་དང་། དེ་ཉིད་ཀྱིས་ཕྱི་དང་ནང་དུ་བཅས་པའི་ལུས་ལ་ཁྱབ་པ་དང་ཉེ་དུ་དང་མཛའ་བཤེས་ཀྱི་ཚོགས་རྣམས་ཀྱིས་ས་ལ་འགྱེལ་བ་ལས་སློང་བར་བྱེད་བཞིན་པར་གནས་ལ་འདུ་ཤེས་མེད་ཅིང་ཁྲག་རབ་ཏུ་སྐྱུག་པ་ལ་ཐུག་པར་བསམས་ལ། རང་གི་དམ་ཚིག་གི་ལྷ་མོ་རང་གི་ལུས་ལས་ ཕྱུང་བས་བཀུག་ནས་རྐང་མཐིལ་གྱི་འོག་ཏུ་གཞག་ལ་སྒྲུབ་པ་པོས་བཤད་མ་ཐག་པའི་ཆོ་གས་ཇི་ལྟ་བ་བཞིན་དུ་སྲུང་བ་བྱའོ། །མཉེས་པར་བྱེད་པའི་རྡོ་རྗེ་མདའི་ཕྱག་རྒྱའི་སྦྱོར་བའོ། །ཁུ་ཚུར་གཉིས་ནི་ཞེས་བྱ་བ་ནི་ལག་པ་གཉིས་ཀྱིས་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་པར་བྱས་པའི་ཁུ་ཚུར་ གྱིས་ཡུལ་གཞིག་པས་གླང་པོ་ཆེའི་རྒྱབ་ཏུ་ཞོན་ཏེ་འཁོར་ལོས་སྒྱུར་བ་ཇི་ལྟ་བ་བཞིན་དུ་ང་རྒྱལ་བྱས་ལ་འཁོར་ལོས་སྒྱུར་བའི་ཕྱག་རྒྱ་གོས་ཀྱིས་བཀབ་པ་བཅིངས་ཏེ་དེ་ལས་བྱུང་བའི་འཁོར་ལོས་སྒྱུར་བའི་ཚོགས་ཀྱིས་ཕ་རོལ་གྱི་དཔུང་རྣམ་པར་གཏོར་བར་བསམས་ལ་ཕྱག་རྒྱ་འཕང་ཚུལ་དུ་བྱ་སྟེ་འཁོར་ ལོ་ཅན་གྱི་ཕྱག་རྒྱ་འདིས་གཡུལ་ལས་སྒྲོལ་བར་བྱེད་དོ། །ཁུ་ཚུར་གཉིས་ཀྱིས་མཐེའུ་ཆུང་གཉིས་དཀྲིས་ལ་ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གཉིས་མཐེའུ་ཆུང་གཉིས་ཀྱིས་ལུ་གུ་རྒྱུད་ཀྱི་ཚུལ་དུ་དཀྲིས་ལ། གཤིན་རྗེ་གཤེད་ལ་སོགས་པ་གང་ཡང་རུང་བའི་སྦྱོར་བ་བྱ་སྟེ། ཧེ་རུ་ཀའི་རྡོ་རྗེའི་ཕྱག་རྒྱ་ 61-1-240a བཅིངས་ལ། ཨོཾ་ཧེ་རུ་ཀ་བཛྲ་སརྦ་དུཥྚ་མ་ཡུ་མུད་དྷ་བར་བ་ན་ཛ་ཀ་ཧཱུཾ་ཕཊ་ཅེས་བརྗོད་ལ་བྱིན་གྱིས་བརླབ་པ་དང་དབང་བསྐུར་བ་བྱས་ཏེ། དཔྲལ་བར་བཞག་ལ་གསང་སྔགས་འདི་ཉིད་ལན་བདུན་བཟླས་ཏེ་དུར་ཁྲོད་དུ་འཇུག་པ་ལ་སོགས་པ་བྱའོ་ཞེས་བསྟན་ཏོ། །དུར་ཁྲོད་དུ་ཞེས་བྱ་བ་ལ་ སོགས་པ་ལ་གར་བྱེད་པ་སྟེ་ལྷ་ཆེན་པོའི་གཟུགས་ཇི་ལྟ་བ་བཞིན་དུ་བསྒོམས་ལ་གར་བྱེད་ཅིང་དེའི་ཕྱག་རྒྱ་བཅིང་ངོ་ཞེས་བྱ་བའི་དོན་ཏོ། །མ་མོ་རྣམས་ཀྱི་ཞེས་བྱ་བ་ནི་ཁྱབ་འཇུག་མ་ལ་སོགས་པ་སྟེ་དེ་རྣམས་ཕྱག་རྒྱས་བྱིན་གྱིས་བརླབ་པ་ལ་འདི་ཉིད་སྦྱར་རོ། །ལྷ་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱ་བསྟན་ པ་ལ་ནི་རང་གི་བདག་པོའི་དམ་ཚིག་གི་ཕྱག་རྒྱ་ལག་པ་གཉིས་ཀྱིས་བཅིངས་པ་ཡིན་ཞེས་བསྟན་ཏོ། །ཐམས་ཅད་ཀྱི་རང་གི་ས་བོན་གྱི་ཡི་གེ་རྣམས་ནི་ཆོས་ཀྱི་ཕྱག་རྒྱའོ། །སོ་སོའི་ལས་ཀྱི་ཕྱག་རྒྱ་མ་གསུངས་པ་དག་གི་ཡང་ཕྱག་རྒྱ་དང་པོའི་གཡས་དང་གཡོན་གཉི་གར་བྱས་པ་ལས་བྱུང་བའི་རྡོ་རྗེ་ ཁུ་ཚུར་གྱི་ཏིང་ངེ་འཛིན་གྱི་ལེའུ་ལས་གསུངས་པའི་རང་གི་མཚན་མ་འཛིན་པའི་ཚུལ་དུ་ནི་ལས་ཀྱི་ཕྱག་རྒྱའོ། །ཕྱག་རྒྱ་ཆེན་པོ་མ་གསུངས་པ་ཡང་ལས་ཀྱི་ཕྱག་རྒྱ་ཉིད་རང་གི་མཚན་མ་དང་བཅས་པ་ནི་ཕྱག་རྒྱ་ཆེན་པོའོ། །ལ་ལར་ནི་དྲག་པོའི་སྒྲུབ་པར་བསྟན་པ་ལ་ནི་ཕྱག་རྒྱ་བཞིས་རྒྱས་བཏབ་ པའི་མན་ངག་ཇི་སྐད་དུ་བསྟན་པ་བཞིན་དུ་བྱའོ། །ལས་ཀྱི་ཚོགས་ལྷག་མ་རྣམས་ལ་ནི་དེ་ལྷག་མ་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ནི་སྒྲ་ཇི་བཞིན་པར་བྱའོ་ཞེས་ཟེར་རོ། །རྡོ་རྗེ་སེམས་མ་ལ་སོགས་པས། །རིན་ཆེན་ཅོད་པན་ཕྲེང་དབང་བསྐུར། །ཞེས་བྱ་བ་ནི་དམ་ཚིག་དང་ཆོས་དང་ ལས་དང་ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་ཅི་རིགས་པས་རྒྱས་བཏབ་ནས་རྣམ་པར་སྣང་མཛད་དང་བྱམས་པ་ལ་ནི་རྡོ་རྗེ་རིན་ཆེན་མའི་སྔགས་དང་ཕྱག་རྒྱ་འཁོར་ལོ་དང་རིན་པོ་ཆེའི་ཅོད་པན་གྱིས་དབང་བསྐུར་བར་གསུངས་པས་དབང་བསྐུར་རོ། །རྡོ་རྗེ་སེམས་དཔའ་ལ་སོགས་པ་ལ་ནི་སེམས་མ་རྡོ་རྗེ་ལ་སོགས་ པའི་སྔགས་དང་ཕྱག་རྒྱས་སོ། །ཇི་སྐད་དུ་བཤད་པའི་དེ་བཞིན་གཤེགས་པ་རྣམས་དང་སྤྱན་ལ་སོགས་པའི་དབང་བསྐུར་བ་དང་། ལྷག་མ་དབང་བསྐུར་བ་མ་གསུངས་པ་ལ་ནི་རང་གི་བདག་པོ་དང་རྗེས་སུ་མཐུན་པར་དབང་བསྐུར་བས་དབང་བསྐུར་ལ་དར་དཔྱངས་དང་ཕྲེང་བས་དབང་བསྐུར་ 61-1-240b བ་ནི་ཐམས་ཅད་ལ་སྦྱར་བར་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ནི། །རྒྱབ་ཏུ་མདུད་པ་ལྟར་དོར་བྱ། །ཞེས་བྱ་བ་ནི་དབང་བསྐུར་བའི་འོག་ཏུ་བཛྲ་ཏུ་ཥྱ་ཧོ་ཞེས་བྱ་བ་དང་ཐལ་མོ་བརྡབས་པས་མཉེས་པར་བྱས་ལ་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་རྣམ་པར་སྣང་མཛད་ལ་སོགས་པའི་དབུ་རྒྱན་ཅོད་ པན་གྱི་རྩེ་མོའི་ཆ་ལ་བཛྲ་རཀྵ་ཧཾ་ཞེས་བྱ་བ་བཀོད་ལ་དེ་ལས་བྱུང་བའི་འོད་ཟེར་ལྗང་གུས་གོ་བགོས་པར་བསམས་ནས། གོ་ཆའི་ཚུལ་དུ་དེས་བདག་ཉིད་གོ་བགོས་ལ་ཇི་ལྟ་བ་བཞིན་དུ་བགྱིང་བ་དང་བཅས་པས་རྣ་བ་གཉིས་ཀྱི་མཐའ་མ་ལ་སོགས་པ་ནས་དགྲོལ་ཞིང་དར་དཔྱངས་དཔྱངས་པ་ལ་སོགས་ པའི་ཚུལ་དུ་བྱའོ། །འཁོར་ལོར་ཞེས་བྱ་བ་ལ་སོགས་པ་ལ་དེའི་འོག་ཏུ་ཏིང་ངེ་འཛིན་རིམ་པར་ཕྱེ་བ་ལས་གསུངས་པའི་རིགས་ཀྱིས་རང་གི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་ཡང་དག་པར་ཞུགས་པར་བསམ་མོ། །དེ་ནས་མཆོད་ཡོན་ཕུལ་ལ་བཞིན་ འཛུམ་པས་རྡོ་རྗེ་གར་ལས་བྱུང་བའི་སྒེག་ཅིང་དགའ་བའི་རྡོ་རྗེ་སྙིང་གར་གནས་པས་ཞེས་དང་བཅས་ཤིང་འཛུམ་པའི་མིག་གིས་ཕྱག་བྱ་བས་ཕྱག་བྱས་ལ། འདོད་ཆགས་ཆེན་པོ་བདེ་བ་ཆེ། །རྡོ་རྗེ་ཆེན་པོ་ལས་ཆེ་བ། །རྡོ་རྗེ་སེམས་དཔའ་དེང་བདག་གྲུབ། །ཅེས་དེ་ཁོ་ན་ཉིད་ཀྱིས་ཡང་ དག་པར་བསྐུལ་བར་བྱའོ། །སངས་རྒྱས་ས་རབ་ཅེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་སྒེག་མོ་ལ་སོགས་པས་མཆོད་པ་བཞིན་ཡེ་ཤེས་ལྔའི་བདག་ཉིད་ཅན་རྡོ་རྗེ་འཛིན་པའི་ས་རབ་ཏུ་རྫོགས་པར་བྱེད་ཅིང་མཐར་ཕྱིན་པར་བྱེད་པ་སྟེ། ཕྱིའི་མཆོད་པ་རྣམས་ཀྱང་བྱའོ་ཞེས་བྱ་བ་ནི་ལྷག་མའོ། ། སངས་རྒྱས་ནི་འདིར་སངས་རྒྱས་རྡོ་རྗེ་འཛིན་པར་བརྗོད་ཅེས་གསུངས་པས་རྡོ་རྗེ་འཆང་བ་ཉིད་ཡིན་པར་བཟུང་སྟེ། ཕན་ཡོན་དང་བཅས་པས་བརྗོད་པའི་དབང་དུ་བྱས་ནས་ཐམས་ཅད་ལས་མཆོག་ཏུ་གྱུར་པའི་དོན་སྟོན་པའི་ཕྱིར་རོ། །གསང་བའི་མཆོད་པ་ཉིད་བསྟན་པའི་ཕྱིར། ཅུང་ ཟད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་འགྱིང་བག་བྱས་ནས་གཡོན་ཕྱོགས་སུ་སྒེག་པས་མགོ་ཅུང་ཟད་བཏུང་བ་ནི་སྒེག་མོའི་ཕྱག་རྒྱའོ། །ཧཱུཾ་ཞེས་བྱ་བས་ཞེས་བྱ་བ་ལ་སོགས་པ་ལ་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་མཛུབ་མོ་བསྒྲེངས་ལ་འོག་ཏུ་གཞག གཡས་ 61-1-241a པའི་མཛུབ་མོ་གར་གྱི་རྣམ་པས་གླུ་ལེན་ཅིང་པི་ཝང་བསྒྲེང་བ་ལྟ་བུར་བྱས་ལ་སྒེག་པས་ལུས་ཅུང་ཟད་བསྐྱོད་པ་ནི་གླུ་མའི་ཕྱག་རྒྱ་སྟེ་ཕྲེང་བ་མའི་འོག་ཏུ་ཤེས་པར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་རིན་པོ་ཆེའི་ཁུ་ཚུར་དག་གིས་མགོ་བོ་ལ་རིན་པོ་ཆེའི་ཕྲེང་བ་བཅིང་བའི་ ཚུལ་དུ་བྱ་བ་ནི་ཕྲེང་བ་མའི་ཕྱག་རྒྱའོ། །ཕྲེང་བ་ཡིས་ཞེས་བྱ་བ་ནི་ཕྲེང་བ་མའིའོ། །ལྷ་རྣམས་ཀུན་ལ་ཞེས་བྱ་བ་ནི་ལྷ་ཐམས་ཅད་ལ་སྟེ་ཕྲེང་བ་མ་ནི་སྒེག་མོའི་འོག་ཏུ་ཤེས་པར་བྱའོ། །ལག་པ་གཉིས་ཞེས་བྱ་བ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་གར་བྱ་བ་ནི་གར་མཁན་མའི་ཕྱག་རྒྱའོ། ། ཕྱིའི་མཆོད་པ་བསྟན་པའི་ཕྱིར་མེ་ཏོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་གར་བྱས་པ་ལས་བྱུང་བའི་རྡོ་རྗེ་ཐལ་མོ་སྤྱི་བོར་བཞག་ལ་ཕབ་སྟེ་སྙིང་གར་མེ་ཏོག་འབུལ་བའི་ཚུལ་དུ་བྱ་བ་ནི་མེ་ཏོག་མའི་ཕྱག་རྒྱའོ། །བདུག་སྤོས་རྩེ་མོའི་ཞེས་བྱ་བ་ལ་སོགས་ པ་ལ་དེ་བཞིན་དུ་རྡོ་རྗེ་བཅིང་བ་བྱས་ལ་བཟློག་སྟེ། བསྒྲེངས་ནས་གུང་མོ་བདུག་སྤོས་ཀྱི་རྩེ་མོའི་ཚུལ་དུ་བྱས་ནས་གར་གྱིས་འོག་ཏུ་བདུག་སྤོས་དབུལ་བའི་ཚུལ་དུ་བྱ་ཞིང་ལག་པ་རྣམ་གྲངས་བསྐོར་བ་ནི་བདུག་པ་མའི་ཕྱག་རྒྱའོ། །མཐེ་བོ་གཉིས་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་ དུ་རྡོ་རྗེ་བཅིང་བ་ལས་བྱུང་བའི་གཡས་གཡོན་གྱི་མཐེ་བོང་གཉིས་བསྒྲེངས་ལ་མར་མེ་འབུལ་བའི་ཚུལ་དུ་ལག་པ་སྐོར་བ་ནི་མར་མེའི་ཕྱག་རྒྱའོ། །དུང་གི་ཚུལ་དུ་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་དུ་རྡོ་རྗེའི་ཐལ་མོ་དུང་འདྲ་བར་བྱས་པ་ཡོངས་སུ་བསྐོར་ནས་དུང་ཕོར་ཉིད་དང་མཆོད་ཡོན་འབུལ་ བའི་ཚུལ་དུ་བྱས་ལ་ཡང་སླར་བཟློག་ནས་དེ་ཉིད་དང་གར་བྱ་བའི་སྦྱོར་བས་བྱུག་པས་བྱུག་པའི་ཚུལ་གྱིས་ལྷ་ཐམས་ཅད་ལ་བྱུག་པ་ནི་བྱུག་པ་མའི་ཕྱག་རྒྱའོ། །འདི་རྣམས་ཀྱི་སྙིང་པོ་ནི། ཧོ་བཛྲ་ལཱ་སྱེ། ཏྲཊ་བཛྲ་མཱ་ལེ། གྲི་བཛྲ་གཱི་ཏེ། ཀྲིཊ་བཛྲ་ནྲི་ཏྱེ། ཏྲ་བཛྲ་པུཥྤེ། ཨོཾ་བཛྲ་དྷཱུ་པེ། ཁ་ བཛྲ་ཨཱ་ལོ་ཀེ། ཊ་བ་བཛྲ་གནྡྷེ་ཞེས་བྱ་བ་དང་རིམ་བཞིན་སྦྱར་རོ། །འདི་སྐད་སྟོན་པ་ཡིན་ཏེ། སྙིང་གར་སྣ་ཚོགས་རྡོ་རྗེ་བསམས་ལ་དེའི་འོག་ཏུ་སྒེག་མོའི་ས་བོན་གྱི་ཡི་གེ་བསམས་ཏེ། དེའི་ཕྲེང་བ་ལས་བདག་ཉིད་རྡོ་རྗེ་སྒེག་མོའི་གཟུགས་སུ་ཡོངས་སུ་གྱུར་པར་བསམས་ལ། བཤད་ 61-1-241b མ་ཐག་པའི་དེའི་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། དེའི་ཚེ་དེ་ཉིད་ཀྱི་གསང་སྔགས་འདོན་ཅིང་སྤྲོ་བ་དང་བསྡུ་བ་ཐམས་ཅད་བྱས་ནས། ལྷ་མོ་སྒེག་མོའི་གཟུགས་ཀྱིས་འདོད་པ་དང་དགའ་བའི་མཆོད་པ་རྣམས་ཀྱིས་དཀྱིལ་འཁོར་གྱི་ལྷ་རྣམས་ལ་མཆོད་པར་བྱའོ། །དེ་ནས་བསྡུས་ལ་རང་གི་ལུས་ཀྱི་ ནང་དུ་ཆུད་པའི་སྣ་ཚོགས་རྡོ་རྗེ་ལ་ཡང་དག་པར་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱས་ལ་བཞག་སྟེ་ཡིད་ཀྱིས་ཛཿཧཱུཾ་བཾ་ཧོཿཞེས་བརྗོད་དོ། །དེ་བཞིན་དུ་དྲིའི་བར་གྱི་མཆོད་པ་རྣམས་ལ་ཡང་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ཡི་གེ་ཨོཾ་འདོན་ཅིང་རྡོ་རྗེའི་ཁུ་ཚུར་ གཉིས་ཀྱིས་རྫ་རྔ་ལ་སོགས་པ་སིལ་སྙན་བརྡུང་བའི་ཚུལ་བྱའོ། །དེ་བཞིན་དུ་རྔ་ཡབ་གཡོབ་པའི་ཚུལ་དང་ཉི་མ་འཛིན་པའི་ཚུལ་དང་། ལག་པ་གཡས་གཡོན་གཉིས་བརྐྱང་ལ་སྲིན་ལག་གི་ཚིགས་དབུ་མ་བཀུག་ནས་བ་དན་གསུམ་པའི་ཚུལ་དུ་བསྒྲེངས་ནས་ལག་པ་གཉིས་བརྐྱང་ལ་ སྟེང་དུ་བཏེག་པ་ལྟར་གཞག་པ་དང་། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་རིན་པོ་ཆེའི་ཕྱེ་མ་འགྱེད་པ་ལྟར་བྱའོ། །ལྷ་བཤོས་དབུལ་བ་ནི་གོ་སླའོ། །དེ་བཞིན་དུ་རྡོ་རྗེ་ཐལ་མོ་གཉིས་བརྐྱང་བས་ན་བཟའ་དབུལ་བ་དང་། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ན་བཟའ་བསྐོན་པའི་ཚུལ་དུ་བྱ་བ་དང་། ལག་ པ་གཡོན་པས་ཚད་མེད་པ་ལྟ་བུ་ནི་ལྷ་ཐམས་ཅད་ཀྱི་གཞལ་ཡས་ཁང་ངོ་། །མཁྲིག་མའི་སྟེང་དུ་གདུ་བུ་འདོགས་པའི་ཚུལ་དུ་བྱས་པས་གདུ་བུ་དབུལ་བ་དང་དོ་ཤལ་འདོགས་པའི་ཚུལ་གྱིས་དོ་ཤལ་དབུལ་བ་དང་། ཞབས་ལ་རྐང་གདུབ་དབུལ་བའི་ཚུལ་གྱིས་རྐང་རྒྱན་བྱ་བ་དང་སྙན་ལ་ སྙན་རྒྱན་བྱ་བ་དང་། དེ་བཞིན་དུ་མགུལ་རྒྱན་བྱ་བ་དང་། དཔུང་པའི་རྩ་བའི་འོག་ཏུ་དཔུང་རྒྱན་བྱ་བའི་ཚུལ་དང་། དེ་ནས་སོར་བཞིའི་འོག་ཏུ་སྲུང་སྐུད་ཀྱི་ཚུལ་གྱིས་སྲུང་སྐུད་བྱ་བ་དང་མེ་ཁ་ལའི་ཚུལ་དུ་སྐེད་པར་སྐ་རགས་བྱ་བ་སྟེ། དེ་དག་དང་གཞན་དག་ཀྱང་ཤེས་པར་བྱའོ། །གཡོན་ པ་དེ་བཞིན་གཤེགས་པའི་ཁུ་ཚུར་དུ་བྱས་པའི་མཐེ་བོའི་སྟེང་དུ་ལག་པ་གཡས་པ་ཁ་ཐུར་དུ་བསྟན་ལ་བརྐྱང་བའི་གདུགས་ཀྱི་ཚུལ་གྱིས་གདུགས་དབུལ་བ་དང་ལག་པ་གཡོན་པ་པང་པར་བསམ་གཏན་བྱ་བ་ལྟར་བཞག་ལ་ལག་པ་གཡས་པ་ཁ་ཐུར་དུ་བསྟན་ཏེ་བླ་རེ་བསྐྱེད་པའི་བསམ་ 61-1-242a པས་ནམ་མཁའ་ལ་ཡོངས་སུ་བསྐོར་རོ། །རྡོ་རྗེ་དྲིལ་བུ་ཞེས་བྱ་བ་ལ་སོགས་པ་ནི་སྒོ་དབྱེ་བའི་ཡིན་པར་ཤེས་པར་བྱའོ་ཞེས་ལ་ལ་དག་ཟེར་རོ། །གཞན་དག་ནི་མཆོད་པའི་དབང་དུ་བྱས་པའི་བདག་ཉིད་ཡིན་གྱི་རང་བཞིན་གྱི་མཆོད་པའི་འབྲས་བུ་ལ་མི་དད་པ་དང་མི་ཤེས་ པའི་སྒོ་འཕང་འབྱེད་པའི་དྲིལ་བུའི་སྒྲས་རང་གི་ལྷག་པར་མོས་པས་བསྒོམ་པའི་དོན་གྱི་འབྲས་བུ་སྟེར་བའི་ནུས་པས་དྲིལ་བུ་ཉིད་གསང་སྔགས་དཀྲོལ་བས་དབྱེ་བ་བྱའོ་ཞེས་ཟེར་རོ། །འདིས་ནི་འདི་སྐད་སྟོན་ཏེ། དྲིལ་བུ་དཀྲོལ་བས་ཡིད་ཀྱིས་རང་བཞིན་གྱི་མཆོད་པའི་ཚོགས་ཀྱི་འབྲས་བུ་ ཕྱིན་ཅི་མ་ལོག་པ་སྩོལ་བར་བྱིན་གྱིས་རློབས་པར་འགྱུར་བ་ཡིན་ནོ། །དེ་བས་ན་གཞན་དག་ལས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པར་བྱས་ནས་སམ། ལྷ་རྣམས་རབ་ཏུ་བསྒྲུབས་ནས་དྲིལ་བུ་དཀྲོལ་ལོ་ཞེས་གསུངས་ཏེ། བཤད་པ་འདི་དག་ཀྱང་དྲིལ་བུ་དཀྲོལ་ལོ། །མཆོད་ པའི་མཐའ་ཞེས་བྱ་བ་ལ་སོགས་པ་ལ་བཛྲ་སཏྭ་སུ་སཾ་གྲ་ཧཱ་ཏ་ཞེས་བྱ་བ་ལ་སོགས་པའི་གསང་བའི་སྙིང་པོ་གླུ་བླང་བསྒེག་པ་ལ་སོགས་པའི་ཉམས་དང་རྗེས་སུ་མཐུན་པའི་གླུ་ལེན་ཅིང་བསྟོད་པའི་མཆོད་པ་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ལྷ་རྣམས་རང་གི་བདེ་བའི་བདག་ཉིད་ཅན་སེམས་ སོ་སོར་རྟོགས་པའི་རྣམ་པར་བསྒོམས་ལ་སྒེག་མོ་ལ་སོགས་པའི་རིག་པའི་ལྷ་མོ་རྣམས་ཀྱིས་བདག་གོ་ཞེས་ལུས་ཀྱི་ངོ་བོ་ཉིད་ཀྱི་མཆོད་པའི་དགའ་སྟོབས་རྣམས་ཀྱིས་འགྲོ་བ་མ་ལུས་པར་བཀང་ལ་དེ་དང་ཐ་མི་དད་པའི་ང་རྒྱལ་དང་གླུ་བླང་སྟེ། སྟོང་པ་ཤིན་ཏུ་རྣལ་འབྱོར་ཡོད་མེད་མཐུས། །ནམ་ མཁའ་ཉིད་དུ་དམ་ཚིག་ཉེ་བར་གཤེགས། །བདེ་གཤེགས་བདེ་བར་གཤེགས་པ་བཞེངས་སུ་གསོལ། །རྡོ་རྗེ་སེམས་དཔའ་དཔལ་བཟང་སྐལ་ཁྱོད་བདག །ཅེས་བྱ་བས་བླང་བར་བྱའོ། །དེ་ནས་དེ་ལྟར་བླངས་ནས་ཀྱང་། །ཨོཾ་ས་གསུམ་གྱིས་ནི་ཕྱག་བྱས་པ། །ཨོཾ་ས་ གསུམ་གྱི་ནི་སྟོན་པ་པོ། །ས་གསུམ་ལ་ནི་འབྱོར་སྩོལ་པ། །ས་གསུམ་བདག་ནི་གྲུབ་པར་མཛོད། །ཅེས་བྱ་བ་འདིས་མཆོད་ཅིང་བསྟོད་པར་བྱའོ། །དེ་ནས་རང་གི་དངོས་གྲུབ་ཀྱི་ཕྱིར་གསོལ་བ་གདབ་པར་བྱ་སྟེ། རྗེས་སུ་ཆགས་པའི་རྣམ་དག་དགའ་བའི་པདྨོ་རྣམ་དག་པའི། ། 61-1-242b མཆོད་པས་མཆོད་པ་གསལ་བར་རྗེས་སུ་མཆོད་བྱས་ན། །མཆོག་ཏུ་རྟག་པའི་རྣལ་འབྱོར་བདེ་བས་བདེ་བ་གྲུབ་པར་མཛོད། །ཀྱེ་མཆོག་ཏུ་བདེ་བའི་དམ་ཚིག་ངོ་བོ་ཉིད། །མཆོག་ཏུ་བདེ་བ་ཤིན་ཏུ་རྣལ་འབྱོར་སྐལ་བཟང་མཆོག་དགྱེས་པ། །རང་གི་དམ་ཚིག་སྐྱོན་མེད་རྟག་པར་རོལ་ཅིག་རོལ་ ཅིག་ཧོ། །ཀྱེ་མཆོག་ཏུ་གསང་བའི་བདག་པོ་རང་གི་དམ་ཚིག་ཡིན་པའི་ཕྱིར། །རབ་ཏུ་གསང་བའི་ལྷ་མོ་མཆོག་རྣམས་སོ། །ཞེས་བྱའོ། །དེ་ནས་དཀྱིལ་འཁོར་བྱིན་གྱིས་བརླབ་པའི་ཕྱིར་གསོལ་བ་གདབ་པར་བྱ་སྟེ། འགྲོ་བའི་རྒྱུ་ནི་རྣམ་པ་སྣ་ཚོགས་འདུལ་བ་གསལ་བར་མཁྱེན། །དམ་ ཚིག་ཐམས་ཅད་དངོས་པོ་བརྟན་གཡོ་ཀུན་གྱི་ངོ་བོར་གྱུར། །རྒྱལ་བ་ཀུན་གྱི་བདག་ཉིད་རྣལ་འབྱོར་བདེ་བ་མཁའ་འགྲོ་སྒྱུ་མ་ཧོ། །ཀྱེ་དམ་པ་རྟག་པའི་དངོས་གྲུབ་ཆེན་པོ་རབ་ཏུ་སྒྲུབ་ལ་སྟོན། །ཛཿཧཱུཾ་བཾ་ཧོཿ། ཨེ་མ་ཧོ་བདེ་མཆོག་བདེ་བ་དྲོངས། །རྣམ་པར་སྤྲུལ་ཧཱུཾ་སྣང་བར་མཛད། །ཨ་ལ་ལ་ཧོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །མཁའ་འགྲོ་སྒྱུ་མ་སྣ་ཚོགས་ཀྱིས། །སློབ་མ་གཞུག་ཏུ་གསོལ་ཞེས་བྱའོ། །དེ་ནས་དཀྱིལ་འཁོར་འདི་དག་ཐམས་ཅད་དེའི་གསང་སྔགས་བརྗོད་ནས་རང་གི་སྙིང་གའི་དམ་ཚིག་གི་ཕྱག་རྒྱར་བཅུག་སྟེ། དཀྱིལ་འཁོར་གྱི་བདག་པོའི་དམ་ཚིག་གི་ ཕྱག་རྒྱ་བཅིངས་ལ། དེའི་གསང་སྔགས་བརྒྱ་རྩ་བརྒྱད་བཟླའོ། །ལྷག་མ་རྣམས་ཀྱི་གསང་སྔགས་ནི་ལན་བདུན་བཟླས་བརྗོད་བྱའོ། །དེ་ནས་གྲུབ་པའི་དཀྱིལ་འཁོར་གཙུག་ཏོར་ལ་སོགས་པ་ལས་བྱུང་ལ། རང་གི་གནས་སུ་བཞག་སྟེ། དྲྀ་ཌྷ་བཛྲ་ཏིཥྛ་ཞེས་བྱ་བས་བརྟན་པར་བྱའོ། ། ཨོཾ་བ་བཛྲ་མུཥྚི་བཾ་ཞེས་བྱ་བས་དམ་ཚིག་གི་ཕྱག་རྒྱས་བྱིན་གྱིས་བརླབ་པར་བྱ་བ་ཡང་ཤེས་པར་བྱའོ། །རྡོ་རྗེ་ཐེག་པ་ཞེས་བྱ་བ་ལ་སོགས་པ་ལ་ཇི་སྐད་བཤད་པའི་ཡིད་ཀྱི་མཆོད་པ་ནི་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པ་ལས་བྱུང་བའི་ཕྱིར་དོན་དམ་པའི་མཆོད་པ་ཡོད་པས་དེ་ཉིད་ཀྱིས་ན་ འདི་ནི་རྡོ་རྗེ་ཐེག་པ་མཉེས་པར་བྱེད་པ་སྟེ་རྡོ་རྗེ་ཐེག་པ་བསྡུས་པ་རྣམ་པར་སྣང་མཛད་ལ་སོགས་པ་མཉེས་པར་བྱེད་པ་ཡིན་ཏེ། དེ་རྣམས་ཀྱིས་དགྱེས་པའི་ངོ་བོ་ཉིད་དུ་གྱུར་པས་སོ། །གང་གིས་རྣམ་རྟོག་རྣམ་སྤངས་ཏེ། །ཞེས་བྱ་བ་ནི་མི་བདེན་པའི་ཕྱིའི་དོན་གྱི་རྣམ་པར་རྟོག་པ་ 61-1-243a སྤངས་པའོ། །བྱང་ཆུབ་སེམས་ནི་རྣམ་བསྒོམ་པས། །ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ལེའུའི་རིམ་པས་ཆོས་བདག་མེད་པ་སྒོམ་པར་བྱེད་པའོ། །ལུས་དང་སེམས་ནི་རྣམ་དག་པས། །ཞེས་བྱ་བ་ནི། དེ་ཉིད་ཚོལ་ལ་ཐོག་མར་ནི། །ཐམས་ཅད་ཡོད་ཅེས་བརྗོད་ པར་བྱ། །དོན་རྣམས་རྟོགས་ཤིང་ཆགས་མེད་པས། །དེ་ཡི་འོག་ཏུ་དབེན་པའོ། །ཞེས་བྱ་བའི་ཚུལ་གྱིས་སོ། །རྣམ་པར་སྣང་མཛད་ལ་སོགས་པ་ཀུན་རྫོབ་ཀྱི་བདེན་པ་ལས་མི་འདའ་བའི་ཚུལ་མངོན་པར་ཡིད་ཆེས་པའི་རྒྱུས་དད་པ་གང་ཡིན་པའི་ཞེས་བྱེད་པའི་ཚིག་མི་མངོན་པར་མཚམས་ སྦྱར་ཏེ། དེ་རྣམས་ཀྱི་མཆོད་པ་ནི་བླ་ན་མེད་པའོ། །སེམས་ཅན་གང་གིས་ཞེས་བྱ་བ་ལ་སོགས་པ་ལ་གང་དངོས་པོ་ལ་མངོན་པར་ཞེན་པ་དང་། མངོན་པར་མ་ཞེན་པའི་མཚན་ཉིད་ནི་མཐའ་གཉིས་ཏེ་དེ་ལས་དབེན་པ་ཆོས་བདག་མེད་པའི་ཡེ་ཤེས་ནི་དབུ་མའི་ཐེག་པ་སྟེ་དེ་བསྒོམས་ལ་དབྱེར་མི་ཕྱེད་ པ་དང་ལྡན་པའི་རྒྱུན་ལ་གནས་པ་དག་གི་ཡིན་གྱི་ཐེག་པ་དམན་པ་ལ་ལྷག་པར་མོས་ཤིང་མངོན་པར་ཞེན་པའི་མཐར་ལྟུང་བ་དེ་རྣམས་ཀྱི་མཆོད་པ་ནི་ཀུན་རྫོབ་པའོ། །དེའི་ཞེས་བྱ་བའི་སྒྲ་ནི་ཐ་དད་པའི་རིམ་པ་དང་ངེས་པ་གཟུང་བ་ཡིན་པར་བལྟ་བར་བྱའོ་ཞེས་བྱ་བའི་ཚུལ་གྱིས་སོ། ། མངོན་པར་ཞེན་པ་དང་མཐར་ལྟུང་བ་རྣམས་ཀྱིས་ནི་མཆོད་པ་ཉིད་མེད་པར་ཤེས་པར་བྱའོ། །མཐའ་གཉིས་སུ་རྟོག་པ་སྤངས་པ་ནི་ཡིད་ཀྱི་མཆོད་པ་འབའ་ཞིག་ཏུ་མ་ཟད་ཀྱི་མེ་ཏོག་ལ་སོགས་པའི་དངོས་སུ་འབྱོར་པའི་མཆོད་པ་རྣམས་ཀྱང་མི་གཡོར་ལྟ་བུར་མངོན་པར་འདུས་བྱས་པས་དེ་ལ་ ཡང་མངོན་པར་ཞེན་པ་མེད་དེ། སྒྱུ་མའི་སྐྱེས་བུ་བཞིན་དུ་སྤྱད་པར་བྱའོ་ཞེས་བྱ་བའི་ཚུལ་དུ་ཤེས་པར་བྱའོ། །དེ་བས་ན། བུམ་པ་གང་བ་ཇི་སྙེད་པ། །མེ་ཏོག་ལ་སོགས་རྣམས་ཀྱིས་མཆོད། །ཅེས་བྱ་བའི་རིམ་པ་འདིས་གཞག་པར་བྱའོ། །དེ་ལ་རེ་ཞིག་རྣམ་པར་རྒྱལ་ བའི་བུམ་པ་ཇི་སྐད་བཤད་པ་ལ་ཨོཾ་མ་ཧཱ་སུ་ཁ་བཛྲ་ཨ་མོ་གྷ་ས་མ་ཡོ་ད་ཀ་སིདྡྷྱ་ཨ་བྷི་ཥིཉྩ་སརྦ་སུ་ཀ་སོ་མ་ན་སྱ་ཨ་དྷྱ་ཀུ་རུ་ཀུ་རུ་ཛཿཧཱུཾ་བཾ་ཧོཿཨ་ཞེས་བྱ་བས་དཀྱིལ་འཁོར་གྱི་བདག་པོའི་དམ་ཚིག་གི་ཕྱག་རྒྱས་གཟུང་བའི་འཁོར་ལོ་དང་། མེ་ཏོག་གི་ལྕུག་མ་ལ་ཉི་ཤུ་རྩ་གཅིག་ 61-1-243b བཟླས་ཏེ། དེའི་གསང་སྔགས་ཀྱིས་དེའི་མདུན་དུ་གཞག་གོ། །བུམ་པ་གཞན་རྣམས་ནི་འབྲུ་ལྔ་ལ་སོགས་པ་དང་ལྡན་ཞིང་མི་བསྐྱོད་པ་ལ་སོགས་པའི་མཚན་མས་མཚན་པ་ལ། ཨོཾ་བཛྲོད་ཀ་ཧཱུཾ་ཞེས་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱ་སྟེ་མི་བསྐྱོད་པ་ལ་སོགས་པའི་གསང་སྔགས་ལན་བདུན་བཟླས་ལ་ དེ་རྣམས་ཀྱི་དེ་ཉིད་ཀྱིས་གཞག་པར་བྱའོ། །དེ་བཞིན་དུ་བུམ་པ་གང་བ་ལ་ཨ་མྲའི་ལོ་མ་ལ་སོགས་པས་ཁ་དག་བཅིང་རྡོ་རྗེའི་ཆུའི་སྔགས་ཀྱིས་ལན་བདུན་བཟླས་པ་བྱས་ལ་ལྷ་ཐམས་ཅད་ལ་དབུལ་བར་བྱའོ། །དེ་ནས་ཡི་གེ་ཨོཾ་ལ་མངོན་པར་བསྐྱོད་ལ་རྡོ་རྗེའི་རྩེ་མོས་བཟླས་པའི་ཆུས་ བསང་གཏོར་བྱ་ཞིང་། རྡོ་རྗེ་མེའི་ཕྱག་རྒྱ་དང་སྔགས་ཀྱིས་བཏབ་པ་དང་། རྡོ་རྗེ་མེ་ཏོག་ལ་སོགས་པའི་ཕྱག་རྒྱ་དང་། སྔགས་ཡོངས་སུ་བཟླས་པའི་མེ་ཏོག་དང་སྤོས་དང་མར་མེ་དང་བྱུག་པ་སོ་སོའི་གསང་སྔགས་བརྗོད་ཅིང་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ལ་མཆོད་པར་བྱའོ། །དེ་ནས་རྡོ་རྗེ་ བཅིང་བ་བྱས་ནས་རལ་གྲི་འཕྱར་བའི་ཚུལ་གྱིས་ཕྱག་རྒྱ་དང་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཱཏ་ཅེས་བྱ་བ་འདིས་ཡོངས་སུ་བཟླ་ཞིང་ལས་ཐམས་ཅད་པའི་ཆུས་བསང་བའི་བཟའ་བ་དང་བཅའ་བ་དང་མྱང་བ་དང་བལྡག་པ་རྣམ་པ་སྣ་ཚོགས་པ་རྣམས་སོ་སོའི་གསང་སྔགས་ བརྗོད་ནས་དབུལ་བར་བྱའོ། །དེ་ནས་ལྷ་མོ་སོ་སོ་ལ་རེ་རེའམ་སྤྱིར་རས་ཟུང་ཅིག ཨོཾ་སརྦ་བིད་པཱུ་ར་པཱུ་ར་ཨཱ་བརྟ་ཨཱ་བརྟ་ཧོ་ཞེས་མངོན་པར་བསྔགས་ལ་རང་གི་གསང་སྔགས་ཀྱིས་ཀྱང་འབྱོར་པ་ཅི་ཡོད་པས་དབུལ་བར་བྱའོ། །དེ་ནས་ཐལ་མོ་སྦྱར་བ་སྤྱི་བོར་བཞག་ལ། ཨོཾ་ ལས་བྱུང་བའི་དཔག་བསམ་གྱི་ཤིང་ལ་སོགས་པས་ནམ་མཁའི་ཁམས་ཐམས་ཅད་གང་བར་བྱས་ལ་ཡིད་ཀྱིས་དབུལ་བར་བྱའོ། །ཨོཾ་ཨ་ནུཏྟ་ར་སརྦ་པཱུ་ཛ་ཞེས་བྱ་བ་ལ་སོགས་པ་འོག་ནས་བཤད་པའི་གསང་སྔགས་ལན་གསུམ་བརྗོད་པས་བྱིན་གྱིས་བརླབས། དེ་ནས་ དྲིལ་བུ་དཀྲོལ་ཏེ་ཡི་གེ་བརྒྱ་པ་ལན་བདུན་བཟླས་པས་དཀྱིལ་འཁོར་བརྟན་པར་བྱའོ། །དེ་ནས་རྡོ་རྗེ་ཧཱུཾ་མཛད་ཀྱི་སྦྱོར་བ་དང་ལྡན་པས་ཕྱི་རོལ་དུ་བྱུང་ལ་བཅོམ་ལྡན་འདས་དང་ལྷན་ཅིག་ཕྱོགས་བཅུ་ནས་འོངས་པའི་སེམས་ཅན་མི་སྣང་བ་ཐམས་ཅད་ལ་ཕྱོགས་ཀྱི་གཏོར་ 61-1-244a མ་ཇི་ལྟ་བ་བཞིན་བྱིན་ཏེ་ཉེ་རེག་བྱས་ནས་སླར་ཞུགས་ལ་སྦྱིན་སྲེག་བྱས་ཏེ་ཕྱག་རྒྱ་དང་ཕྱག་རྒྱའི་ལན་དག་གིས་མཆོད་པ་ཡང་བྱ་བར་ཤེས་པར་བྱའོ། །མཆོད་པ་དེ་དག་ཅེས་བྱ་བ་ལ་སོགས་པ་ལ་གོང་དུ་བཤད་མ་ཐག་པའི་མཆོད་པ་ཐབས་ཀྱི་བདག་ཉིད་ཅན་དེ་དག་གསན་ པ་དང་སེམས་ཅན་གྱི་དོན་དུ་འགྱུར་བར་གཟིགས་པས་ངོ་མཚར་དུ་གྱུར་པའི་སྤྱན་ཕྱེ་ནས་ལེགས་སོ་ཞེས་བྱ་བ་རབ་ཏུ་གསུང་བ་སྟེ། མཆོག་ཏུ་དགྱེས་པར་མཛད་པའོ། །ཨེ་མའོ་ཞེས་བྱ་བ་ལ་སོགས་པ་ལ་ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ། །སུ་ཞིག་ཅེ་ན་སངས་རྒྱས་ ཐམས་ཅད་ཀྱིའོ། །ཅི་ཞིག་ངོ་མཚར་དུ་གྱུར་ཞེ་ན་ཐབས་ཞེས་བྱ་སྟེ། ཐབས་ཞེས་བྱ་བ་ནི་དོན་དམ་པའི་མཆོད་པའི་ཚོགས་གསུངས་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན་སངས་རྒྱས་བྱང་ཆུབ་ཐོབ་པའི་ཞེས་གསུངས་པ་སྟེ་དེ་ཐོབ་པའི་ཕྱིར་རོ། །གང་གིས་ཤེ་ན་རྡོ་རྗེ་བསྒོམས་པས་ཞེས་བྱ་བ་ སྟེ། རྡོ་རྗེ་བསྒོམ་པ་ནི་རྣམ་པར་སྣང་མཛད་ལ་སོགས་པ་བསྒོམ་པ་སྟེ། སྒྲུབ་པ་པོས་ཞེས་བྱ་བ་ནི་ལྷག་མའོ། །དེའི་ཁྱད་པར་ཇི་ལྟ་བུ་ཞེ་ན། དཀའ་བ་མེད་པས་ཞེས་བྱ་བ་གསུངས་ཏེ། དཀའ་བ་མེད་པ་ཉོན་མོངས་པ་ཐམས་ཅད་དང་བྲལ་བའི་ཐབས་གང་ཡིན་པ་དེས་བྱང་ཆུབ་ སྟེ་ཆོས་ཐམས་ཅད་ཕྱིན་ཅི་མ་ལོག་པར་ཁོང་དུ་ཆུད་པ་ཐོབ་ཅིང་མངོན་སུམ་དུ་བྱེད་པའོ། །རྡོ་རྗེ་ཐེག་ཆེན་ཞེས་བྱ་བ་ལ་སོགས་པ་ལ་གང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་རྡོ་རྗེའི་ཐེག་པ་བླ་ན་མེད་པ་སྟེ། ཐེག་པ་ཆེན་པོ་མངོན་སུམ་དུ་མཛད་པ་དེ་ནི་རྣམ་པར་རྟོག་པའི་དྲི་མ་ཐམས་ ཅད་དང་བྲལ་བའི་ཕྱིར་ལེགས་སོ་ཞེས་བྱ་བའོ། །ཇི་ལྟར་ཐུགས་སུ་ཆུད་པའི་ངོ་བོ་ཉིད་དེ་སྟོན་པ་དེ་ཡང་ཆོས་དང་གང་ཟག་ལ་བདག་མེད་པ་རབ་ཏུ་སྟོན་པ་ལགས་སོ། །དེ་ཡང་རྟོག་གེ་ཐམས་ཅད་ཀྱིས་རྟོག་པར་མི་ནུས་པས་ཟབ་པ་ཉིད་དང་བརྟན་པ་ཉིད་ཤེས་བྱའི་དཀྱིལ་འཁོར་མ་ལུས་པར་ ཁྱབ་པར་བྱེད་པ་ཡིན་པས་ན་རྒྱ་ཆེ་བ་སྟེ་དེ་ཡང་སྨྲ་བ་པོའི་གདུལ་བྱ་མ་ལུས་པར་ཟིལ་གྱིས་མནན་ཏེ་གནས་པས་ལེགས་སོ། །དེ་ལའང་ཐོགས་པ་མེད་པའི་དེ་བཞིན་གཤེགས་པ་ལ་སོགས་པའི་རིན་པོ་ཆེའི་བསྡུས་པ་གང་ཡིན་པ་འདུས་པ་དེའང་སྐྱེས་བུ་དམ་པའི་དོན་སྒྲུབ་པ་ 61-1-244b དང་ཉེ་བར་འཚམ་པའི་མཐར་ཐུག་པ་ཡིན་པའི་ཕྱིར་ལེགས་སོ་ཞེས་པའོ། །ཡེ་ཤེས་སྐུ་གསུམ་ལས་བྱུང་བའི། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་ཡེ་ཤེས་ལས་བྱུང་བའོ། །བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི་བྱམས་པ་ལ་སོགས་པའོ། །སངས་རྒྱས་ཐམས་ཅད་ ཀྱིས་རྡོ་རྗེ་ཐེག་པའི་བསྔགས་པ་ཞེས་བྱ་བ་ནི་དེ་བྱས་པའི་ཕན་ཡོན་ལ་དགྱེས་པས་གསུངས་པའོ། །དགའ་བ་ཞེས་བྱ་བ་ནི་སྔོན་བྱུང་བའི་ཆོས་ཐོས་པས་ཡིད་བདེ་བ་ཐོབ་པར་གྱུར་པ་ཡིན་ལ་དུས་ཕྱིས་སྔོན་ཆོས་འདིས་བདག་ཅག་བསླུས་སོ་ཞེས་སེམས་ཤིང་ཡིད་བདེ་བ་ཐོབ་པས་མཆི་མ་ འབྱིན་ཅིང་རབ་ཏུ་ངུ་བར་གྱུར་པ་ཡིན་གྱི། བྱང་ཆུབ་སེམས་དཔའ་རྣམས་ལ་ནི་ཡིད་མི་བདེ་བ་ཉིད་མི་འབྱུང་ངོ་ཞེས་ལ་ལ་འདོད་དོ། །གཞན་དག་ན་རེ་དེ་དག་ཀྱང་ནམ་ཞིག་བདག་མངོན་པར་རྫོགས་པར་སངས་རྒྱས་ནས་འགྲོ་བ་མ་ལུས་པའི་མངོན་པར་འདོད་པའི་དོན་རྫོགས་པར་བྱེད་པའི་ ཆོས་ཀྱི་འཁོར་ལོ་བསྐོར་བར་བྱ་ཞེས་དེ་ལྟར་རྟག་ཏུ་དགའ་ཞིང་འདོད་པ་ཉིད་ཡིན་གྱི། དེ་རྣམས་ཀྱི་ནང་དུ་འདི་ཡོངས་སུ་མི་ཤེས་པའི་བྱང་ཆུབ་སེམས་དཔའ་མི་སྲིད་དོ་ཞེས་ཟེར་རོ། །དེ་ལ་འདི་ནི་གསང་བ་འདུས་པའི་རྒྱུད་ཕྱི་མ་ལྟ་བུ་ཡིན་པས་འདི་ཉིད་བསྐལ་པ་གཞན་ལ་བསྟན་པའི་ཕྱིར། དེའི་ཚེ་བྱུང་བའི་བྱམས་པ་ལ་སོགས་པ་རྣམས་ནི་མདོ་སྡེའི་སྤྱོད་པར་བྱེད་པ་བྱུང་སྟེ། དེ་ཡང་གསང་བ་འདུས་པའི་རྒྱུད་ལས་དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་དེ་བཞིན་གཤེགས་པ་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་དེ་དག་ལ་བོས་ཏེ་གསུངས་པ་བཅོམ་ ལྡན་འདས་དེ་བཞིན་གཤེགས་པ་རྣམས་སྔོན་བྱུང་བ་ན་བརྗོད་ཀྱིས་མི་ལང་བའི་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་དང་མཉམ་པའི་བསྐལ་པ་ཡང་འདས། གང་བཅོམ་ལྡན་འདས་མར་མེ་མཛད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱང་འདས། འོད་ སྲུངས་ཐུབ་པ་ཆེན་པོ་མངོན་པར་སངས་རྒྱས་པས་ཀྱང་མ་གསུངས་ཏེ། ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་གསང་བ་ཆེན་པོའི་དོན་བཤད་པ་དེའི་ཚེ་དེའི་དུས་ན་སེམས་ཅན་རྣམས་སྐལ་བ་མེད་པའི་ཕྱིར་རོ་ཞེས་ཆེ་བའི་བདག་ཉིད་བསྟན་པའི་ཕྱིར་གསུངས་ཏེ། དེ་ནི་སྒྲ་ཇི་བཞིན་ཡིན་པར་ཤེས་ 61-1-245a པར་བྱའོ་ཞེས་ཟེར་རོ། །གཙོ་བོ་ཞེས་བྱ་བ་ལ་སོགས་པ་ལ་སྔོན་ཆད་མ་རྙེད་པ་ལ་སོགས་པའི་ཆོས་ཐོས་པས་མགུ་བ་སྟེ་ཡིད་དགའ་བར་གྱུར་པའོ། །མཐའ་རྣམས་མེད་པ་ནི་མངོན་པར་ཞེན་པའི་མཐའ་གཉིས་དང་བྲལ་བའོ། །སྐྱེ་བ་མེད་པ་ནི་ཇི་ལྟར་ཡོངས་སུ་བརྟགས་ པའི་སྐྱེ་བའི་ངོ་བོ་ཉིད་མེད་པའོ། །ཡི་གེ་མེད་པ་ནི་ངག་གི་སྤྱོད་ཡུལ་ཐམས་ཅད་ལས་འདས་པའི་རང་བཞིན་ཅན་ཡིན་པས་སོ། །གནས་པ་མེད་པ་ནི་སོ་སོར་ངེས་པའི་གནས་མེད་པས་སོ། །རྣམ་པ་དེ་དག་གིས་ནམ་མཁའ་འདྲའོ། །དེ་ཉིད་ཀྱིས་རྣམ་པར་རྟོག་པའི་དྲི་མ་ཐམས་ ཅད་དང་བྲལ་བས་རྣམ་རྟོག་ལས་གྲོལ་བ་ཞེས་བྱའོ། །རྟོག་པ་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ་གདུལ་བྱའི་སྐྱེ་བོ་རྣམས་ཀྱིས་བཅོམ་ལྡན་འདས་དེ་རྣམ་པར་རྟོག་པ་མི་མངའ་ཡང་ཡིད་བཞིན་གྱི་ནོར་བུ་ལྟ་བུར་རང་ཉིད་སོ་སོར་སྣང་བའི་ཚུལ་གྱིས་སྔགས་ལ་སོགས་པ་སྟོན་པར། རྣམ་པར་ བརྟགས་པས་རྟག་པས་བརྟགས། །ཞེས་བྱ་བ་ལ་རྟོགས་པའི་ཐབས་སུ་བརྟགས་པ་གང་གིས་ཡེ་ཤེས་ཀྱི་སྲས་པོ་ཀུན་ཞེས་བྱ་བ་ལ་ཡེ་ཤེས་རྟོག་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཐམས་ཅད་སངས་རྒྱས་ཀྱི་ས་ཐོབ་ཅིང་རྟོགས་པར་གྱུར་པའོ། །བདེ་བ་ལས་འཁྲུངས་ཞེས་བྱ་བ་ལ་ སོགས་པ་ལ་བདེ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་བདག་ཉིད་ཅན་ནོ། །དེ་ལས་འཁྲུངས་པ་ནི་དོན་གྱི་དངོས་པོའི་རྣམ་པ་གཉིས་སུ་མེད་པར་བསྒོམས་པ་སྟེ་དེ་ལས་བྱུང་བའི་ཕྱིར་རོ། །རྡོ་རྗེ་འཆང་བ་ནི་གཉིས་སུ་མེད་པའི་སེམས་ཀྱི་ངོ་བོ་ཉིད་དུ་རྟག་ཏུ་བྱུང་བའོ། །དངོས་པོ་ནི་ཡོད་པ་ངོ་བོ་སྟེ། དེ་ གཉིས་སུ་མེད་པའི་རྣམ་པ་ནི་དངོས་པོ་མེད་པ་སྟེ། དེའི་འབྱུང་གནས་སོ། །གང་དུ་ཞེས་པ་ནི་རྒྱུད་གང་དུ་རྡོ་རྗེ་འཆང་བ་དེ་ཉིད་དང་པོར་རྣམ་པར་སྣང་མཛད་དུ་ཡི་གེ་ཨོཾ་གྱིས་སྟོན་པ་སྟེ། དག་པའི་གདུལ་བྱ་རྣམས་རྣམ་པར་དག་པར་བྱ་བའི་ཕྱིར་གང་གིས་སངས་རྒྱས་རྣམ་པར་སྣང་མཛད་ དུ་སྤྲུལ་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་བའོ། །གཟུགས་མེད་ཚུལ་གྱིས་ཞེས་བྱ་བ་ནི་སངས་རྒྱས་ཀྱི་རྣམ་པར་བཀོད་པས་གདུལ་བྱ་རྣམས་དཀའ་བར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ལ་སོགས་པའི་སྤྲུལ་པའི་ཕྲེང་བ་གང་གིས་བསྐོར་བ་དེ་ལ་དེ་སྐད་ཅེས་བྱའོ། །སྒྱུ་འཕྲུལ་དྲ་བ་ 61-1-245b ཁྱོད་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་ནི་རྒྱུད་ལ་ཕྱག་བྱས་པས་བཅོམ་ལྡན་འདས་ལ་ཕྱག་བྱས་པ་ཡིན་ནོ། །གསུང་སྙན་ཞེས་བྱ་བ་ལ་སོགས་པ་ལ་སྤྲོས་པ་མེད་པའི་གསུང་དུ་བཞུགས་པ་ནི་འཇིག་རྟེན་དབང་ཕྱུག་སྟེ། ཡི་གེ་ཐམས་ཅད་ཀྱིས་ཁྱབ་པར་བྱས་པའི་ཚོགས་དང་ལྡན་པའི་རྒྱུད་གང་ ཡིན་པ་དེ་ལ་ཕྱག་འཚལ་ལོ་ཞེས་བྱ་བར་སྦྱོར་རོ། །མིག་གསུམ་པ་ནི་ལྷ་ཆེན་པོའོ། །འདུལ་བར་མཛད་པ་ནི་ཆུང་མ་དང་བཅས་པ་རྣམ་པར་དུལ་བར་བྱས་པ་སྟེ། དེས་ན་གང་གི་སྒྱུ་འཕྲུལ་གྱི་ཚུལ་དུ་མ་དང་ལྡན་པའི་མཁས་པས་ནི་དེ་ལས་གཞན་པ་མེད་པའོ། །ཡང་རྒྱུད་གང་དུ་རྗེས་སུ་ཆགས་ པའི་ངོ་བོ་ཉིད་དུ་གྱུར་པ་རྡོ་རྗེ་འཆང་དེ་ལ་ཕྱག་འཚལ་ལོ་ཞེས་སྔ་མ་དང་སྦྱར་རོ། །ཁྱད་པར་ཇི་ལྟ་བུ་ཞེ་ན། ལྷ་མོ་དག་ཅེས་བྱ་བ་སོགས་པ་གསུངས་ཏེ། ལྷན་ཅིག་སྐྱེས་པའི་གནས་པ་དང་། སྒེག་པ་དང་བཅས་པའི་དགོངས་པས་ཕྱག་གཡས་ཀྱིས་རྡོ་རྗེ་བསྟོད་ནས་གསོར་ཞིང་ཕྱག་ གཡོན་གྱིས་དྲིལ་བུ་ལེགས་པར་བསྣམས་ཏེ་དཀྲོལ་བ་རིགས་ལྔ་མ་ལུས་པ་ཡང་དག་པར་བསྡུས་པའི་ལྷ་མོ་དང་བཙུན་མོའི་ཚུལ་གྱིས་འདུས་པར་མཛད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དམ་ཚིག་ཐོབ་ཅིང་བྱ་བ་བྱས་པས་ཙུན་མོའི་དོན་འདི་ཉིད་གསལ་བར་གསང་བ་ལྔའི་སེམས་ དཔའ་ཆེན་པོའི་རིམ་པ་ལས་གསུངས་པ་ནི་གཅིག་གི་སྟེ། ཀཱི་ལི་ཀཱི་ལས་རྡོ་རྗེ་སེམས་དཔའ་ཕྱག་གིས་ཀུན་ནས་འཁྱུད་པ་ལ་བརྩོན་པ་དང་། གཉིས་པ་སྟེ་རྡོ་རྗེ་ཆགས་མས་རྗེས་སུ་ཆགས་ཤིང་རབ་ཏུ་དགའ་བར་ནུས་པ་དང་། གསུམ་པ་སྟེ་རྡོ་རྗེ་སྙེམས་མ་ཁྲོ་བོའི་ཚུལ་གྱིས་མེ་ཏོག་གི་ཕྲེང་བ་ ཅུང་ཟད་འཕེན་པར་ཤེས་པར་བྱའོ། །དེ་ལ་བཞི་པ་ནི་རྡོ་རྗེ་མཚོན་ཆ་མོ་སྟེ། རབ་ཏུ་དགའ་མའི་མདའ་འཕེན་ཅིང་འབིགས་པར་བྱེད་དོ། །དེ་ལྟར་ལྷ་མོ་ཐམས་ཅད་འདུས་པས་བཙུན་མོའི་གཟུགས་བྱེད་པར་ཁོང་དུ་ཆུད་པར་བྱའོ། །འདིས་ནི་འདི་སྐད་སྟོན་ཏེ། བཅོམ་ལྡན་འདས་ རྡོ་རྗེ་འཆང་འདིར་གསང་བ་ལྔའི་དེ་ཁོ་ན་ཉིད་ཀྱི་རིམ་པས་ཀྱང་བསྒོམ་པར་བྱའོ་ཞེས་པའོ། །གླུ་དེ་དག་གིས་བསྡུས་པའི་དོན་རྣལ་འབྱོར་པས་བསྒོམས་ན་རབ་ཏུ་དགའ་བའི་རྡོ་རྗེ་མཉམ་པ་ཉིད་དེས་ཐོབ་པར་འགྱུར་རོ། །ཕྱག་རྒྱ་དང་མཆོད་པའི་ཆོ་ག་རབ་ཏུ་སྟོན་པའི་གཞུང་གི་ལེའུ་ལ་ནི་ཕྱག་ 61-1-246a རྒྱ་དང་མཆོད་པ་རིམ་པར་ཕྱེ་བའི་སྒྲར་བརྗོད་དོ། །ལེའུ་དྲུག་པའི་འགྲེལ་པའོ།། །།ཕྱག་རྒྱ་དང་མཆོད་པ་ཡང་ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པ་དང་བྲལ་བས་སེམས་ཅན་རྣམས་ལ་ཁྱད་པར་གྱི་མཐུ་སྟེར་བར་མི་འགྱུར་བས། དེ་ནས་ཞེས་བྱ་བ་ལ་སོགས་ པ་བདུན་པ་བྱང་ཆུབ་ཀྱི་སེམས་བསྒོམ་པའི་ཡེ་ཤེས་བསྐྱེད་པའི་ལེའུ་གསུངས་པ་ཡིན་ནོ། །དེ་ལ་འཁོར་ན་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་ལ་གཟིགས་ནས་དེ་བཞིན་གཤེགས་པ་རྣམས་གསོལ་བ་འདེབས་པར་མཛད་ཀྱི་མི་མཁྱེན་པ་ནི་མ་ཡིན་པར་ཤེས་པར་བྱ་སྟེ། ཚོགས་ དང་ཆོས་ཀྱི་སྐུ་དང་ནི། །འགྲོ་བའི་དོན་ནི་སྤྱོད་པ་ཡིས། །སངས་རྒྱས་ཐམས་ཅད་མཉམ་པ་སྟེ། །སྐུ་ཚེ་རིགས་དང་ཚད་ཀྱིས་མིན། །ཞེས་བྱ་བའི་གྲུབ་པའི་མཐའི་རྗེས་སུ་འབྲངས་ན་དེ་མི་སྲིད་པས། དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་སུ་ཆུད་ནས་བྱང་ཆུབ་ཀྱི་སེམས་རྣམས་ཡོངས་ སུ་མཁྱེན་པའི་ཕྱིར་ནི་མ་ཡིན་ནོ། །ཚིག་མཐུན་པར་དབྱངས་ཀྱི་སྒྲ་སྐད་གཅིག་གིས་ཞེས་བྱ་བ་ལ་དབྱངས་ནི་ལྟེ་བ་ནས་བྱུང་ནས་དུང་གི་སྒྲར་གྱུར་ཅིང་སྙིང་གི་པདྨའི་ཐིག་ལེ་ལས་བྱུང་བའི་ཚིག་གིས་ཆ་ཤས་ལྐོག་མའི་གནས་སུ་ཡོངས་སུ་གྱུར་པའོ། །དེ་ནས་ལྕེའི་རྩ་བ་ལས་བྱུང་བ་ནི་སྒྲ་ཞེས་ བྱའོ། །དེ་ནས་ཡི་གེའི་མིང་ཅན་གྱིས་སྒྲ་དབྱངས་ལྕེ་ལ་གནས་པའི་ཚིག་ནི་འདི་སྐད་དེ་ཇི་སྐད་དུ། དུང་གི་སྒྲ་ནི་གསལ་བ་དབྱངས། །པདྨའི་ཁམས་ལ་ཡང་དག་གནས། །པདྨའི་གེ་སར་ཐིག་ལེ་ལས། །ཚིགས་རྣམས་ཀྱི་ནི་ཆ་ཤས་ཏེ། །ལྐོག་མར་ཕྱིན་ནས་དབྱངས་སུ་འགྱུར། ། དབྱངས་ལས་ལྷག་པའི་སྒྲ་ཡིན་ལ། །སླར་ཡང་ལྕེ་རུ་ཕྱིན་པ་ནི། །དམ་པའི་ཡི་གེ་བཟང་པོའོ། །ཞེས་བཤད་པ་ཡིན་ནོ། །དགོངས་པ་གཅིག་པས་ནི་འདི་ཉིད་གཅིག་པ་ཉིད་དེ་དེ་ལྟ་བུའི་ཚིག་མཐུན་པའི་སྒྲ་དབྱངས་དེས་བཤད་པར་གསོལ་བ་འདེབས་པའོ། །ལ་ལ་ནི་རྣམ་གྲངས་ ཡིན་པར་འདོད་དོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་ཐུགས་སུ་ཆུད་པར་བྱ་བའི་ངོ་བོ་ཉིད་ཡིན་པས་ན་དེ་བཞིན་གཤེགས་པ་ཀུན་གྱིའོ། །གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་པས་ན་ཡེ་ཤེས་སོ། །གསུང་རབ་ཐམས་ཅད་ཀྱི་ 61-1-246b སྙིང་པོ་ཡིན་པས་ན་སྙིང་པོའོ། །རང་བཞིན་གྱིས་འོད་གསལ་བར་གྱུར་པས་ན་མཆོག་ཏུ་དྲི་མ་མེད་པའོ། །བྱང་ཆུབ་ཀྱི་བདག་ཉིད་ཅན་གྱི་སེམས་ནི་བྱང་ཆུབ་ཀྱི་སེམས་ཏེ་དོན་དམ་པའོ། །དེ་ལས་ལྷག་པར་གྱུར་པ་མེད་པས་ན་བླ་ན་མེད་པ་སྟེ་འདིས་ནི་ཆོས་ཀྱི་སྐུའི་ངོ་བོ་ཉིད་དུ་བསྟན་པ་ཡིན་ནོ། །རྣམ་ པར་སྣང་མཛད་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ངོ་བོ་ཉིད་དུ་གྱུར་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིའོ། །ཇི་སྐད་དུ་གསུངས་པའི་ཡེ་ཤེས་ཡོངས་སུ་གྱུར་པ་ཡིན་པས་ན་ཡེ་ཤེས་སོ། །གཟོད་མ་ནས་མ་སྐྱེས་པར་ལྷག་པར་མོས་པས་རྣམ་པར་བསྒོམས་པར་གྱུར་པས་ན་སྙིང་ པོའོ། །རྣལ་འབྱོར་ཆེན་པོའི་རྣམ་པར་དགོད་པ་ལ་བཞུགས་པའི་ལྷ་འཁོར་ལོར་སྟོན་པས་ན་མཆོག་ཏུ་དྲི་མ་མེད་པའོ། །བྱང་ཆུབ་ཐོབ་པའི་ཐབས་ཀྱི་མཆོག་གི་ངོ་བོ་ཉིད་དུ་གྱུར་པས་བྱང་ཆུབ་ཀྱི་སེམས་ཏེ་ཀུན་རྫོབ་བོ། །ཐབས་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པས་བླ་ན་མེད་པ་སྟེ། འདིས་ནི་ ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོ་ཉིད་དུ་བསྟན་པ་ཡིན་ཏེ་འབྲེལ་པས་བསྟན་པ་ལས་འདི་ལྟར་ཡང་ཤེས་པར་བྱའོ། །བྱང་ཆུབ་ཀྱི་སེམས་གཉིས་པོ་ཉིད་བཤད་པའི་ཕྱིར་གསོལ་བ་བཏབ་པའི་ཕྱིར་དང་། ཇི་ལྟ་བ་ཉིད་སྐབས་ལ་བབ་པར་གཟིགས་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་འདི་ སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་སྟེ། བྱང་ཆུབ་ཀྱི་སེམས་བརྟན་པས་དེ་དག་ཉིད་ཀྱིས་དོན་དུ་འགྱུར་བའི་ཕྱིར་དེ་རྣམས་ལ་འདི་སྐད་གསུངས་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཡང་ཇི་སྐད་གསུངས་པའི་བཤད་པ་རིགས་པ་མ་ཡིན་ཏེ་བྱང་ཆུབ་ཀྱི་སེམས་སྐྱེད་ཅིག་ཅེས་བྱ་བ་ནི་ལྷག་ མའོ། །དེ་ལ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་དབང་དུ་མཛད་ནས་གནས་པ་ནི་སེམས་ལུས་ལྟ་བུ་དང་ཞེས་བྱ་བ་སྟེ་དེ་བཞིན་གཤེགས་པ་ལ་སོགས་པའི་སྐུ་ནི་དོན་དམ་པར་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པས་མིག་ཡོར་ཙམ་ཡིན་པས་ན་དེ་ལྟ་བུ་སྟེ་དེ་དང་འདྲ་བར་སེམས་གཉིས་ སུ་མེད་པའི་རྣམ་པར་འཇུག་པས་བསྐྱེད་པར་བྱའོ་ཞེས་ཉེ་བར་བསྟན་པའི་ཚིག་གིས་སྔ་མ་དང་སྦྱར་རོ། །ལུས་སེམས་ལྟ་བུ་དང་ཞེས་བྱ་བ་ནི་ཇི་ལྟར་སེམས་དོན་དམ་པར་གཟུང་བ་དང་འཛིན་པ་པོ་མེད་པས་གཉིས་ཀྱིས་རྣམ་པར་དབེན་པ་ཡིན་ལ་ལུས་ཀྱང་དེ་དང་འདྲའོ་ཞེས་བྱ་བ་ 61-1-247a ནི་སྔ་མ་བཞིན་ནོ། །སེམས་ཀྱང་ཚིག་ཏུ་རབ་ཏུ་བརྗོད་པ་ལྟ་བུ་ཡིན་ནོ་ཞེས་བྱ་བ་ནི་ཇི་ལྟ་བ་ཚིག་ཏུ་བརྗོད་པ་ནི་སྐྱེད་པར་བྱེད་པའི་རྒྱུ་མེད་པས་སྒྲ་བརྙན་དང་མཚུངས་པའི་ངོ་བོ་ཉིད་ཡིན་ལ་སེམས་ཀྱང་དེ་དང་འདྲའོ་ཞེས་བྱ་བ་ནི་སྔ་མ་བཞིན་ཏེ་ལུས་ཀྱང་ཚིག་ཏུ་རབ་ཏུ་བརྗོད་པ་ལྟ་བུའོ་ ཞེས་ཤེས་པར་བྱའོ། །ལུས་དང་སེམས་དག་ནི་དངོས་པོ་མེད་པ་ངོ་བོ་ཉིད་ཡིན་པས་ནུས་པ་མེད་པར་བསྟན་ཞིང་སྐྱེ་བ་མེད་པའི་རང་བཞིན་དག་གི་དོན་གྱིས་རྒྱ་ཆེར་དངོས་པོ་མེད་པར་གྱུར་པས་དེ་སོ་སོར་སྤྲས་ནས་བསྟན་པ་ནི་མ་ཡིན་ནོ། །འདི་སྐད་སྟོན་པ་ཡིན་ཏེ། ཇི་སྐད་དུ་བཤད་པའི་ལུས་ དང་ངག་དང་སེམས་ནི་ཆོས་བདག་མེད་པ་མཉམ་པས་ངོ་བོ་ཉིད་གཅིག་པ་སྟེ། འདི་ནི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་སོ། །འབྲེལ་པར་བསྟན་པ་ལས། འདི་ལྟར་ཡང་ཤེས་པར་བྱ་སྟེ། ལུས་དང་ངག་དང་སེམས་རྡོ་རྗེ་ལྟ་བུར་ཇི་ལྟ་བ་བཞིན་བསྒོམས་པའི་སེམས་སྐྱེད་ཅིག་ཅེས་ བྱའོ། །ཕྱོགས་འདི་ལ་ནི་ལུས་ལ་བརྟེན་པའི་ཕྱིར་སེམས་ལ་ལུས་ཞེས་བྱ་སྟེ། འདི་ནི་ཐབས་ཀྱི་ངོ་བོ་སྟེ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ལྟ་བུར་ཇི་སྐད་དུ་བཤད་པའི་དོན་དམ་པ་ ཀུན་རྫོབ་ཀྱི་ཐབས་ཀྱི་ངོ་བོས་བྱང་ཆུབ་ཀྱི་སེམས་གཉིས་སུ་མེད་པས་གཅིག་ཏུ་སྦྱོར་བ་བྱས་པས་བདག་ཉིད་ཀྱི་ལུས་དང་ངག་དང་སེམས་དངོས་པོ་མེད་པར་བྱས་ནས་ཇི་སྐད་དུ་བཤད་པ་རྟོགས་པ་སྟེ་དགའ་བས་རང་དགའི་ཚིག་ཏུ་སྨྲ་བའི་ཆེད་དུ་བརྗོད་པ་ནི། ཨེ་མའོ་ཞེས་བྱ་བ་ལ་སོགས་པའོ། ། ཨེ་མའོ་ནི་ངོ་མཚར་དུ་གྱུར་པའོ། །ཀུན་དུ་བཟང་པོ་ནི་རྣམ་པར་སྣང་མཛད་ཆེན་པོའོ། །འདོད་ཆགས་ལ་སོགས་པའི་སྤྱོད་པ་རྣམ་པར་དག་པ་སྟོན་པར་མཛད་པའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །ཞེས་པ་ནི་རྣམ་པར་སྣང་མཛད་ཀྱི་ཐབས་ཀྱི་ངོ་བོའོ། །ཅི་ཞིག་ངོ་མཚར་ཆེ་ཞེ་ན། ཆོས་ རྣམས་སྐྱེ་བ་མེད་པ་སྟེ། །ཞེས་བྱ་བ་ལ་སོགས་པ་སྟེ། སྐྱེ་བ་མེད་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་ནོ། །འགྱུར་བ་མེད་པ་ནི་ཆོས་རྣམས་ཡི་གེ་མེད་པས་ངོ་བོ་ཉིད་ལས་མི་འཕྲོ་བའི་ཆོས་ཉིད་ཅན་ནོ། །གནས་པ་མེད་པ་ནི་སོ་སོར་ངེས་པའི་གནས་ལ་མི་ 61-1-247b བརྟེན་པའོ། །རྟོག་དང་སྨྲ་བ་རྣམས་སྤངས་པ། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ལ་སོགས་པར་རྟོག་ཅིང་སྨྲ་བ་དང་བྲལ་བའོ། །བསྐྱེད་པར་བྱ་ཞེས་རབ་ཏུ་གསུངས། །ཞེས་པ་ནི་དོན་དམ་པར་སྐྱེ་བ་མེད་ཀྱང་གདུལ་བྱ་རྣམས་ལ་རྗེས་སུ་བརྩེ་བས་སྐྱེ་བ་མེད་པ་ལ་སོགས་པ་ལས་བཟློག་ པ་ནས། གང་འདི་རྣམ་པར་སྣང་མཛད་ལ་སོགས་པ་བསྐྱེད་པར་རབ་ཏུ་གསུངས་ཤིང་སྒྲ་སྒྲོགས་པ་འདི་ནི་ངོ་མཚར་ཆེ་སྟེ། དེ་བཞིན་གཤེགས་པ་གཅིག་པུ་ཉིད་གདུལ་བྱ་རྣམས་ཀྱི་མོས་པའི་དབང་གིས་རྣམ་པ་ལྔར་གྱུར་ཏེ་ཇི་སྐད་དུ། འཇིག་རྟེན་ཁམས་ནི་སྟོང་དག་ཏུ། །ངས་ནི་མདོ་སྡེ་གང་ བཤད་པ། །ཚིག་འབྲུ་ཐ་དད་དོན་གཅིག་སྟེ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་དེ་ཐབས་ཀྱི་ངོ་བོས་གཅིག་ལས་ཀྱང་གདུལ་བྱའི་སྐྱེ་བའི་དབང་གིས་རྣམ་པ་ལྔར་སོ་སོར་སྣང་ངོ་། །དེ་ཡང་འདི་ནི་རང་བྱུང་བཅོམ་ལྡན་འདས། །གཅིག་པུ་རབ་ཏུ་ཆེ་བའི་ལྷ། །སངས་རྒྱས་རྡོ་རྗེ་འཛིན་ ལ་སོགས། །གདུལ་བྱ་རྣམས་ལ་བཅོས་མར་བཤད། །ཅེས་གསུངས་པས་སོ། །དེ་ལྟར་དེ་བཞིན་གཤེགས་པའི་རིགས་ཀྱི་སེམས་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་པ་བསྟན་ནས། ད་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ་ཉིད་མི་བསྐྱོད་པ་ལ་སོགས་པའི་སྐུའི་ཚུལ་ དེ་ལ་མོས་པའི་སྐྱེ་བོ་རྣམས་ལ་རྗེས་སུ་བརྩེ་བའི་ཕྱིར་དེའི་རིགས་ཀྱི་བྱང་ཆུབ་ཀྱི་སེམས་གསུངས་པས་འདིར་དེ་ཉིད་ལ་གསོལ་བ་བཏབ་པ་ལ་སོམ་ཉི་མི་བྱའོ། །དེ་བཞིན་དུ་ཐམས་ཅད་ལ་ཡང་བཀའ་སྩལ་པ། ཀུན་ལ་དང་པོ་ཉིད་ཡིན་པར་ཤེས་པར་བྱའོ། །ལ་ལ་ནི་སྒྲ་ཇི་བཞིན་པ་ ཉིད་ལ་ཞུགས་ཏེ། དེས་ནི་ཡང་དག་པར་གསུངས་པས་རྟོགས་ཤིང་ཁོང་དུ་ཆུད་པ་མ་ཡིན་ནོ་ཞེས་ཤེས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ་ཞེས་བྱ་བར་སྦྱར་རོ། །ཅི་ཞིག་མཛད་ནས་ཤེ་ན་གསུང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསུང་ གིས་སྤྲོས་པ་ནི་གསུང་གི་རྣམ་པར་རྟོག་པས་བྱང་ཆུབ་ཀྱི་སེམས་རབ་ཏུ་སྟོན་པའི་མཚན་ཉིད་ཅན་ནོ། །འདི་ཉིད་ནི་མི་སླུ་བའི་དོན་སྐྱེད་པས་རྡོ་རྗེའོ། །དེ་ལ་དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །རང་གི་བྱང་ཆུབ་སེམས་ཀྱི་སེམས་སྟོན་པའི་རྣམ་པ་ལ་ 61-1-248a ཐུགས་རྩེ་གཅིག་ཏུ་མཛད་ནས་ཞེས་བྱ་བའི་དོན་ཏོ། །ཏིང་ངེ་འཛིན་འོག་ནས་འབྱུང་བ་རྣམས་ཀྱི་དོན་ཡང་འདི་བཞིན་དུ་བཤད་པར་བྱའོ། །དངོས་པོ་འདི་དག་ཅེས་བྱ་བ་ལ་སོགས་པ་ལ་བྱང་ཆུབ་སེམས་ལ་སོགས་པའི་བདག་ཉིད་ཅན་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་དང་། ཕུང་པོ་ལ་སོགས་པ་ནི་དངོས་པོ་སྟེ། དེ་རྣམས་ལ་ནི་གཉིས་སུ་རྣམ་པར་རྟོག་པས་དངོས་པོར་བརྟགས་པས་ན་དངོས་པོ་སྟེ་དེ་ནི་སྐྱེ་བ་མེད་པའོ། །ཅིའི་ཕྱིར་ཞེ་ན། ཆོས་རྣམས་མེད་ཅིང་ཆོས་ཅན་མེད། །ཅེས་བྱ་བ་གསུངས་ཏེ་དོན་དམ་པ་གཉིས་སུ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །འདི་ནི་ དོན་དམ་པ་བྱང་ཆུབ་ཀྱི་སེམས་སོ། །རྡོ་རྗེ་རིགས་ཇི་ལྟར་འབྱུང་བ་ཡིན་ཞེ་ན། ནམ་མཁའ་བཞིན་དུ་དམིགས་པ་མེད་པའི་ཞེས་བྱ་བ་གསུངས་ཏེ། ཇི་ལྟར་ནམ་མཁའ་ནི་རྫས་ཐམས་ཅད་དུ་མེད་ཅིང་དམིགས་པ་ལས་འདས་པ་ཡིན་ཡང་རྟོག་པ་གྲག་པའི་བློས་དམིགས་པར་བྱེད་དེ། རྡོ་རྗེའི་རིགས་ ཀྱང་དེ་དང་འདྲ་བར་བལྟ་བར་བྱའོ། །འདི་ནི་ཀུན་རྫོབ་པ་བྱང་ཆུབ་ཀྱི་སེམས་སོ། །བྱང་ཆུབ་སེམས་འདི་བརྟན་པ་ཡིན་ཞེ་ན་བྱ་བ་ལ་བརྟན་པ་ཡིན་ཞེ་ན་བྱ་བ་ནི་གང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་སུ་བཤད་པ་དེ་ནི་རྣམ་པར་རྟོག་པས་མི་ཕྱེད་ཅིང་དེ་འཇིག་པར་བྱེད་པ་མ་ཡིན་ལ། ཀུན་རྫོབ་བྱང་ ཆུབ་ཀྱི་སེམས་གང་ཡིན་པ་དེ་ལའང་འཁོར་བར་སེམས་ཅན་གྱི་དོན་བྱེད་པ་དེ་ནི་སྐྱོ་བར་མི་འགྱུར་བས་བརྟན་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ནི་ཐམས་ཅད་གཟུགས་ཀྱི་སྐུའི་ངོ་བོའོ། །དེ་རྣམས་དམིགས་སུ་མེད་ པ་ནི་དོན་དམ་པར་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་པས་སོ། །དངོས་པོ་འདི་དག་ཅེས་བྱ་བ་ལ་སོགས་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་ཅན་རིན་པོ་ཆེའི་རིགས་ཀྱི་བསྡུས་པ་རྡོ་རྗེ་རིན་ཆེན་ལ་སོགས་པ་དང་ཕུང་པོ་ལ་སོགས་པ་ནི་དངོས་པོ་སྟེ་ཇི་ལྟར་ཡོངས་སུ་སྣང་བ་ འདི་དག་ནི་དངོས་པོ་མེད་པ་ཉིད་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཆོས་ཀྱི་མཚན་ཉིད་སྤངས་པ་ཡིན། །ཞེས་གསུངས་པ་སྟེ་ཆོས་ནི་ཇི་སྐད་དུ་བཤད་པའི་གཟུགས་ལ་སོགས་པའི་ངོ་བོ་ཉིད་དོ། །དེ་རྣམས་ཀྱི་མཚན་ཉིད་ནི་གཟུགས་ལ་སོགས་པ་དེ་དག་ཉིད་སྐྱེ་བ་དང་མི་རྟག་པ་ལ་ 61-1-248b སོགས་པའོ། །དེ་རྣམས་སྤངས་པ་ནི་བྲལ་བ་སྟེ་སྐྱེ་བ་མེད་པ་ལ་སོགས་པ་གཟུགས་ལ་སོགས་པའི་ངོ་བོར་བརྟག་པ་མེད་པའི་ཕྱིར་འདི་ནི་དོན་དམ་པའོ། །དེ་ལྟར་ན་རྡོ་རྗེ་རིན་ཆེན་ལ་སོགས་པ་ཇི་ལྟར་འབྱུང་ཞེ་ན། བདག་མེད་ཆོས་ལས་ཡང་དག་འབྱུང་། །ཞེས་བྱ་བ་གསུངས་ ཏེ། བདག་མེད་པའི་ཆོས་ནི་ཇི་སྐད་དུ་བཤད་པ་སྟེ། དེ་བས་ན་གལ་ཏེ་བདག་སངས་རྒྱས་སུ་གྱུར་ན་འགྲོ་བ་མ་ལུས་པའི་འདོད་པའི་དོན་མ་ལུས་པ་རྫོགས་པར་བྱའོ་ཞེས་དེ་ལྟ་བུའི་མཚན་ཉིད་ཅན་གྱི་སྨོན་ལམ་གྱི་ཤུགས་ཀྱི་སྟོབས་ཀྱིས་གདུལ་བྱ་རྣམས་ལ་མིག་ཡོར་ཙམ་དུ་སོ་སོར་འབྱུང་ བ་ནི་ཡང་དག་པར་འབྱུང་བ་སྟེ་འདི་ནི་ཀུན་རྫོབ་བོ། །དེ་ཡང་། རྟག་ཏུ་དྲི་མེད་ཐུགས་རྗེའི་ཤུགས་ལས་བྱུང་། །སྨོན་ལམ་གྲུབ་པ་མི་འགག་ཆོས་ཉིད་ཅན། །འགྲོ་བའི་དོན་གྲུབ་ལྷུར་མཛད་མཐའ་ཡས་པ། །ཐུགས་རྗེའི་བདག་ཉིད་རྟག་ཏུ་རྣམ་པར་སྣང་། །ཞེས་བྱ་བ་ལ་སོགས་ པ་གསུངས་པ་ཡིན་ནོ། །བྱང་ཆུབ་སེམས་ནི་བརྟན་པ་ཡིན། །ཞེས་བྱ་བའི་དོན་ནི་སྔ་མ་བཞིན་ནོ། །མེ་ལྕེ་འབར་བ་ཞེས་བྱ་བ་ལ་སོགས་པ་ལ་འབར་བ་དང་བཅས་པའི་མེ་ལྟ་བུའི་རྡོ་རྗེ་འབར་བ་ཉོན་མོངས་པའི་མུན་ནག་ཐམས་ཅད་དང་བྲལ་བ་སོ་སོར་རྟོག་པའི་ཡེ་ཤེས་ཏེ། དེ་ལ་ དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་སྔ་མ་བཞིན་ནོ། །དངོས་པོ་ཞེས་བྱ་བ་ལ་སོགས་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་ཅན་ཆོས་ཀྱི་རིགས་ཀྱིས་བསྡུས་པ་རྡོ་རྗེ་ཆོས་ལ་སོགས་པ་དང་ཕུང་པོ་ལ་སོགས་པ་ནི་དངོས་པོ་སྟེ་དེ་སྐྱེ་བ་མེད་པ་ནི་སྔ་མ་བཞིན་ནོ། །དེ་བས་ན། སྐྱེ་བ་ མེད་པའི་དངོས་པོ་དེ་རྣམས་ལ། །དངོས་པོ་མེད་ཅིང་བསྒོམ་པ་མེད། །ཅེས་བྱ་སྟེ་དེ་རྣམས་ལ་དངོས་པོ་མེད་པས་ཚུལ་གང་གིས་སྤྱིའི་མཚན་ཉིད་བསྒོམ་པའི་ཚུལ་དེ་མེད་པས་ན་སྒོམ་པ་ཡང་མེད་དེ་འདི་ནི་དོན་དམ་པའོ། །འོ་ན་རྡོ་རྗེ་ཆོས་ཇི་ལྟར་འབྱུང་ཞེ་ན། ནམ་མཁའ་ཡི་ནི་གནས་ཐོབ་ པར། །དེ་ལྟར་དངོས་རྣམས་རབ་ཏུ་བརྗོད། །ཅེས་བྱ་བ་གསུངས་ཏེ། ནམ་མཁའ་ཉིད་གནས་སུ་གྱུར་པ་ཇི་སྐད་དུ་བཤད་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་གནས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཐོབ་པ་ནི་ཆོས་ཐམས་ཅད་ནམ་མཁའ་དང་མཉམ་པར་གནས་པའི་སེམས་ 61-1-249a བརྟན་པ་ཐོབ་ནས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་རྗེས་ལ་ཡང་དག་པར་འཇིག་རྟེན་པའི་ཡེ་ཤེས་བསྒོམས་པས་རྡོ་རྗེ་ཆོས་ལ་སོགས་པའི་མཚན་ཉིད་མཇལ་ཞིང་ཡུལ་དུ་བྱས་པ་སྟེ་འདི་ནི་ཀུན་རྫོབ་བོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་དེ་བཞིན་ གཤེགས་པ་ཐམས་ཅད་ནི་གཟུགས་ཀྱི་སྐུའི་ངོ་བོ་ཉིད་དོ། །དེ་ཉིད་ནི་བླ་མ་ཡིན་ལ་དེ་རྣམས་ཀྱི་ཡང་བླ་མ་ནི་ངོ་བོ་ཉིད་ཀྱི་སྐུ་སྟེ་དེ་ཉིད་རྡོ་རྗེའོ། །ཆོས་རྣམས་རང་བཞིན་འོད་གསལ་བ། །ཞེས་བྱ་བ་ལ་སོགས་པ་ལ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་བདག་ཉིད་ཅན་ལས་ཀྱི་རིགས་ ཀྱིས་བསྡུས་པའི་རྡོ་རྗེ་ལ་སོགས་པ་དང་ཕུང་པོ་ལ་སོགས་པ་ནི་ཆོས་རྣམས་ཏེ་དེ་རྣམས་ནི་རང་བཞིན་ཏེ་ངོ་བོ་ཉིད་ཀྱིས་འོད་གསལ་བ་སྟེ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྣང་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་དག་ཀྱང་ཅིའི་ཕྱིར་ཞེ་ན། གཟོད་ནས་དག་ཅིང་ཞེས་བྱ་བ་གསུངས་ཏེ། སྐྱེ་བ་ལ་སོགས་པའི་ ཉེས་པ་རྣམས་མ་སྐྱེས་པས་གཟོད་ནས་དག་པའོ། །དེ་དག་ཀྱང་ཅིའི་ཕྱིར་ཞེ་ན། རྙོག་པ་མེད་ཅེས་བྱ་བ་གསུངས་ཏེ་དོན་དམ་པར་རྣམ་པར་རྟོག་པའི་རྙོག་པ་ཐམས་ཅད་དང་བྲལ་བས་ན་རྙོག་པ་མེད་པའོ། །དེ་ཉིད་ཀྱིས་ན། སེམས་ཅན་མེད་ཅིང་སྲོག་ཀྱང་མེད། །ཅེས་བྱ་བ་གསུངས་ཏེ། ཐོག་པ་མེད་ཅིང་མཉམ་མེད་ལ། །བསམ་གྱིས་མི་ཁྱབ་བྱང་ཆུབ་འདི། །སྐྱེ་དང་འགག་པ་སྟོང་པས་ན། །རི་བོང་རྭ་བཞིན་བདག་མེད་དོ། །ཞེས་བཤད་པས་སེམས་ཅན་ལ་སོགས་པའི་རྣམ་པར་རྟོག་པ་ཐག་རིང་དུ་སྤངས་པ་ཡིན་པས་ན་མེད་པ་ཞེས་བྱའོ། །སངས་རྒྱས་ཉིད་མེད་བྱང་ཆུབ་ མེད། །ཅེས་བྱ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་རྟོགས་པའི་གནས་སྐབས་ན་སངས་རྒྱས་ཉིད་དང་བྱང་ཆུབ་ཅེས་བྱ་བ་མངོན་པར་རྟོགས་པའི་ངོ་བོ་འདི་ནི་རྣམ་པར་རྟོག་པ་ལ་སྤྱོད་པ་སྟེ་སངས་རྒྱས་ཉིད་དང་བྱང་ཆུབ་པ་མེད་དོ། །དེ་བས་ན། དངོས་དང་དངོས་མེད་ཡོངས་ཚེལ་བ། །ཟག་མེད་མྱ་ ངན་འདས་ཞེས་བརྗོད། །ཅེས་བཤད་པ་ཡིན་གྱི་དེ་བཞིན་གཤེགས་པ་ཐམས་ཅད་མེད་པ་ཉིད་ནི་མ་ཡིན་ནོ། །གཞན་ཡང་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་གཉིས་སུ་མེད་པར་རིག་པའི་སེམས་དང་སེམས་ལས་བྱུང་བའི་ངོ་བོ་ཉིད་གཉིས་སུ་མེད་པའི་རྣམ་པར་སྣང་མཛད་ནི་ངོ་བོ་ཉིད་མེད་པས་མེད་ 61-1-249b ཅེས་བཤད་པ་ཡིན་ཏེ་འདི་ནི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་སོ། །འོ་ན་རྡོ་རྗེ་ལ་སོགས་པར་ཇི་ལྟར་སོ་སོར་སྣང་ཞེ་ན། རྨི་ལམ་སྒྱུ་མ་ལྟར་སྣང་བའི། །ཞེས་བྱ་བ་གསུངས་ཏེ་ཇི་ལྟར་རྨི་ལམ་ལ་སོགས་པར་རབ་ཏུ་སྣང་བས་གཉིས་སུ་རྣམ་པར་རྟོག་པ་རྩད་ནས་འབྱིན་པར་བརྟགས་པ་དེ་བཞིན་ དུ་རྡོ་རྗེ་ལ་སོགས་པ་ཡང་སྣང་སྟེ་འདི་ནི་ཀུན་རྫོབ་བོ། །བྱང་ཆུབ་སེམས་འདི་བརྟན་པ་ཡིན། །ཞེས་བྱ་བའི་དོན་ནི་བཤད་ཟིན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱིའོ། །བྱང་ ཆུབ་ཀྱི་སེམས་རྣམ་པར་དག་པ་ཐོབ་ནས་ཞེས་བྱ་བ་ནི་བཤད་མ་ཐག་པའི་བྱང་ཆུབ་ཀྱི་སེམས་དམ་པའོ། །ཨེ་མའོ་ཞེས་བྱ་བ་ལ་སོགས་པ་ལ། ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ། །ཆོས་ཀྱི་སྐུའི་ངོ་བོ་ཉིད་དུ་གྱུར་པས་ན་སངས་རྒྱས་སོ། །རྣམ་པར་རྟོག་པ་ཐམས་ཅད་དང་ བྲལ་བས་ན་དག་པའོ། །དེ་ཉིད་འདི་ལྟ་བུའི་མངོན་པར་འདོད་པའི་དོན་རྫོགས་པར་བྱེད་པའི་ཆོས་སྟོན་པ་ལ་ཉེ་བར་དམིགས་པར་མཛད་པ་དེ་ཡང་ལེགས་སོ་ཞེས་པའོ། །བདག་མེད་ཆོས་ལས་ལེགས་བྱུང་བ། །ཞེས་བྱ་བ་ནི་ཆོས་བདག་མེད་པ་རྣམ་པ་ལས་ཡང་དག་པར་བྱུང་ཞིང་སྐྱེས་པའི་དོན་ དམ་པའི་བྱང་ཆུབ་སེམས་དེ་ལ་ཕྱག་འཚལ་ལོ་ཞེས་དོན་དམ་པ་ལ་སྟོན་པའོ། །བྱང་ཆུབ་ཚོགས་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་ཚོགས་ཀྱིས་བསྒོམ་པ་ཡིས། །ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་སྐྱེད་པར་བྱེད་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སྨོན་ལམ་གྱིས་བསྒོས་པར་ གྱུར་པས་སོ། །མི་གཡོ་ཡི་གེ་ལས་བྱུང་བ། །ཞེས་བྱ་བ་ནི་མི་འགྱུར་བས་ན་མི་གཡོ་བ་སྟེ། དོན་དམ་པའི་སེམས་སོ། །དེའི་ངོ་བོ་ཉིད་ནི་ཨོཾ་ལ་སོགས་པའི་ཡི་གེ་ལ་ཡང་ཉེ་བར་འདོགས་པས་དེ་སྐད་ཅེས་བྱ་སྟེ། ཡི་གེའི་རྣམ་པ་མངོན་པར་འདུ་བྱས་པའི་གནས་སྐབས་དེ་ ལས་སྐྱེས་པ་ན་བྱུང་བའོ། །རྨི་ལམ་སོགས་ལྟར་དེ་ལས་སྐྱེས། །ཞེས་བྱ་བ་ནི་རྨི་ལམ་ལ་སོགས་པ་ལྟར་སོ་སོར་སྣང་བ་ཙམ་དུ་སྐྱེ་བར་ཟད་དེ་དེ་ལྟར་ན་དེ་ཉིད་ནི་གདོད་མ་ནས་མ་སྐྱེས་པའི་ངོ་བོ་ཉིད་དུ་གྱུར་པའི་ཐུགས་རྡོ་རྗེ་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ་ཞེས་བྱ་བ་སྟེ་ཀུན་རྫོབ་ 61-1-250a ཏུ་སྟོན་པའོ། །ཐབས་ཀྱི་ངོ་བོ་ཉིད་ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་སུ་བསྟན་པ་དེ་ཇི་ལྟར་བསྒོམ་པར་བྱ་ཞེ་ན། གནས་དང་སྟན་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གནས་དང་སྟན་ནི་རྣམ་བསམས་ཏེ། །སེམས་དཔའི་སྐྱིལ་མོ་ཀྲུང་བཅས་ནས། །ཞེས་བྱ་བ་ནི་ཇི་སྐད་དུ་བཤད་ པའི་གནས་རྣམ་པར་བསམ་ཞིང་བསྐྱེད་ནས་དེར་ཡང་པདྨ་ལ་སོགས་པར་བྱའོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །ཇི་ཞིག་བྱས་ནས་ཤེ་ན། དང་པོར་རང་བཞིན་དག་པའོ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་ཞེས་པའི་སྒྲ་ནི་དོན་ལྷག་མ་རྣམས་ཉེ་བར་མཚོན་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་ ཥཾ་སི་ཏ། སརྦ་སཏྭ་ནཾ་ཙ་སརྦ་སིདྡྷ་ཡ་སཾ་པརྱནྟཾ་སརྦ་ཏ་ཐཱ་ག་ཏཤྩ་ཨ་དྷིཥྛཱ་ན་ཏཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ་ཞེས་བརྗོད་ལ། རང་བཞིན་གྱིས་དག་པར་ལྷག་པར་མོས་པས་དག་པའི་ཆོས་ཀྱི་ཚུལ་ལ་གནས་པར་འགྱུར་རོ། །རྡོ་རྗེ་སེམས་མ་ནི་ཉེ་བར་མཚོན་པ་ཙམ་སྟེ། དེས་ ན་རང་གི་རིགས་ཏེ་ཡུམ་ལྔའི་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་ཀྱང་བྱ་བར་ཤེས་པར་བྱའོ། །བྱིན་གྱིས་བརླབ་ཅེས་བྱ་བ་ནི་ཉེ་བར་མཚོན་པ་ཙམ་སྟེ། དེས་ན་དབང་བསྐུར་བ་དང་ཏིང་ངེ་འཛིན་དང་མཆོད་པ་ཡང་བྱའོ་ཞེས་གསུངས་པ་ཡིན་ནོ། །ཡིད་ཀྱིས་ཧཱུཾ་ལས་རྡོ་རྗེ་ཅན། །ཞེས་བྱ་བ་ ནི་ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་ཅན་ཏེ་རྡོ་རྗེ་འཆང་བར་རང་གི་ལུས་ཡིད་ཀྱིས་རྣམ་པར་བསམས་ལ་བྱིན་གྱིས་བརླབ་པ་དང་དབང་བསྐུར་བར་བསྒོམས་ནས་ཡང་དག་པར་མཆོད་དེ་རང་གི་ང་རྒྱལ་བསྐྱེད་ལ་གནས་དང་སྟན་བསྐྱེད་པར་བྱའོ་ཞེས་པ་ནི་རིམ་པའོ། །ལྕགས་ཀྱུ་ནི་ཞེས་བྱ་བ་ལ་ སོགས་པ་ལ་མདུན་དུ་གཞལ་ཡས་ཁང་དང་དཀྱིལ་འཁོར་རྣམ་པར་བསམས་པའི་སྟེང་དུ་དཀྱིལ་འཁོར་གཉིས་པ་ཡང་སྤྱན་དྲང་ཞིང་ལེགས་པར་བསྟོད་ལ་ལག་པ་སྟེང་དུ་བསྟོད་ནས་བསྐོར་བའི་རྡོ་རྗེ་ལྕགས་ཀྱུས་དགུག་པར་བྱའོ། །འདི་ནི་ཉེ་བར་མཚོན་པ་ཙམ་སྟེ། གཞུག་པ་ དང་བཅིང་བ་དང་དབང་དུའང་བྱ་བར་ཤེས་པར་བྱའོ། །བྱེད་ནས་དང་པོར་ཕྱོགས་བཅིངས་ཏེ། །ཞེས་བྱ་བ་ལ་སོགས་པ་ལ་ཕྱོགས་བཅིངས་པའི་རྗེས་ལ་དམ་ཚིག་ཅེས་བྱ་བའི་ཉེ་བར་མཚོན་པས་ན་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་རྒྱས་གདབ་པར་བྱའོ་ཞེས་བྱ་བར་ཡང་ 61-1-250b རིགས་པ་ཡིན་ནོ། །ལ་ལ་ནི་སྒྲ་ཇི་བཞིན་པ་ཉིད་དུ་སྨྲའོ། །སྦྱོར་བ་བྱ་ཞེས་བྱ་བ་ནི་སྔགས་དང་ཕྱག་རྒྱ་དག་གིས་སོ། །འདི་ནི་བྱ་བའི་རྒྱུད་ཀྱི་དབང་དུ་བྱས་པའོ། །དེའི་རིམ་པ་ནི་འདི་ཡིན་ཏེ་མཆོད་ཡོན་དང་ཞབས་བཀྲུ་བ་དང་ཞལ་བསིལ་རྣམས་ཕུལ་ལ་གདན་ཇི་ལྟ་བ་བཞིན་དུ་བསྟབས་ ཏེ་ཐལ་མོ་སྦྱར་ནས། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །ཚུར་གཤེགས་འདིར་ནི་བཞུགས་སུ་གསོལ། །བདག་ལས་མཆོད་པ་བཞེས་ནས་ནི། །བདག་ཀྱང་བློ་དང་ལྡན་པར་མཛོད། །ཅེས་བྱ་བ་བརྗོད་ལ་བཅོམ་ལྡན་འདས་ཇི་སྲིད་འདིར་མཆོད་པ་བགྱིད་པ་དེ་སྲིད་དུ་བདེན་ པ་དམ་པས་བཞུགས་སུ་གསོལ་ཞེས་གསོལ་བ་བཏབ་སྟེ། ཕུར་བུ་དང་ཕྱོགས་དང་དཀྱིལ་འཁོར་བཅིང་བ་དང་རབ་དང་དྲ་བ་བྱས་ལ་ཡང་མཆོད་པ་ཕུལ་ཏེ། དམ་ཚིག་ལ་སོགས་པ་ཕྱག་རྒྱ་བཞིས་རྒྱས་གདབ་པར་བྱའོ། །དབང་བསྐུར་བ་ཞེས་བྱ་བ་ནི་རྗེས་སུ་མཐུན་པའི་དབང་བསྐུར་བ་ བརྟན་པར་བྱའོ་ཞེས་སྔ་མ་དང་སྦྱར་རོ། །མཚོན་ཆ་གོ་ཆ་ལ་སོགས་ཞེས་བྱ་བ་ནི་སོགས་པའི་སྒྲས་དབུ་དང་སྤྱི་གཙུག་ཏུ་མཚོན་ཆ་དང་གོ་ཆ་བྱ་བ་མ་ལུས་པ་ཡོངས་སུ་གཟུང་ངོ་། །སིལ་སྙན་མཆོད་སོགས་བསྒོམ་པར་བྱ། །ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་ཕྱག་རྒྱ་དང་མཆོད་པའི་ ཆོ་ག་བྱ་བའི་རིམ་གྱིས་སོ། །རྣམ་པ་ཀུན་གྱིས་མཉེས་བྱ་བ་ནི་སྔར་བཤད་མ་ཐག་པའི་ཕྱི་དང་གསང་བའི་མཆོད་པ་ལ་སོགས་པའི་ཁྱད་པར་གྱིས་སོ། །རྣལ་འབྱོར་བདག་ཉིད་ཅན་གྱིས་བརྟག །ཅེས་བྱ་བ་ནི་ཡང་དེ་བཞིན་དུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་མགོ་དང་གཙུག་ལ་ སོགས་པས་བདག་ཉིད་ཀྱི་སྦྱོར་བ་བྱས་ལ། རྡོ་རྗེ་ལ་སོགས་པ་བླངས་ནས་བཟླས་པ་དང་བསྒོམ་པ་དག་བྱའོ། །འདི་སྐད་སྟོན་པ་ཡིན་ཏེ་ཇི་སྐད་དུ་བཤད་པའི་ཕྱིའི་ཁྲུས་བྱ་བའི་ཆོ་གས་ཁྲུས་བྱ་བའམ། ནང་གི་ཁྲུས་བྱས་ནས་ལྷའི་ཁང་པ་ཇི་ལྟ་བ་བཞིན་དུ་ཞུགས་ལ་འདུག་སྟེ། དེ་ནས་ཨོཾ་སྭ་བྷཱ་བ་ ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ་ཞེས་བརྗོད་ལ། ཐལ་མོ་གསུམ་གྱིས་བགེགས་བསལ་ནས། རང་གི་ལུས་ལྷའི་སྐུར་སྐད་ཅིག་གིས་བསམས་ཏེ། ལྐོག་མའི་ཕྱོགས་སུ་ཡི་གེ་ཧྲཱིཿལས་པདྨ་འདབ་མ་བརྒྱད་པ་ལས་པདྨའི་འདབ་མ་གཅིག་ལྕེར་གྱུར་པ་ལ་ཨ་ལས་ཟླ་བར་གྱུར་པའི་ 61-1-251a སྟེང་དུ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་དཀར་པོ་བསམས་ལ། ཨོཾ་བཛྲ་ཛི་ཧྭ་ཞེས་བྱ་བས་བྱིན་གྱིས་བརླབ་བོ། །དེ་ནས་ལག་པ་གཉིས་ལ་ཨ་གཉིས་ལས་ཟླ་བ་བསམས་ལ། དེར་ཡི་གེ་ཧཱུཾ་ལས་རྡོ་རྗེ་གཉིས་བསམ་པ་དང་ཡི་གེ་ཧཱུཾ་ཉིད་ལས་སོར་མོ་རྣམས་རྡོ་རྗེ་རྩེ་གཅིག་པའི་རྣམ་ པར་བསམས་ལ་གུང་མོ་དང་མཛུབ་མོ་དང་སྲིན་ལག་དང་མཐེའུ་ཆུང་དང་མཐེ་བོ་རྣམས་སུ་གྲངས་ཇི་ལྟ་བ་བཞིན་དུ། ཨོཾ་ཧཱུཾ་ཏྲཾ་ཨ་ཁཾ་ཞེས་བྱ་བའི་ཡི་གེ་ལྔ་བཀོད་ལ། དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པ་རང་གི་ལྷའི་གཟུགས་ཀྱི་གཟུགས་བརྙན་དུ་སྣང་བས་བདག་ཉིད་ནི་རྒྱལ་པོའི་ བཀའ་མངོན་སུམ་པ་ལྟར་འདའ་བར་དཀའ་བར་བསྒོམས་ནས་ཕྱག་རྒྱ་ཕན་ཚུན་བཅིངས་ཏེ། ཐལ་མོ་མདུན་དུ་ཕྱོགས་པས་མཉམ་པར་བྱས་ལ་ཨ་ནྱོ་ནྱཱ་ནུ་ག་ཏ་སརྦ་དྷརྨཱ་ཞེས་བརྗོད་དོ། །དེ་ནས་སོར་མོ་རྣམས་ཕན་ཚུན་རྩེ་མོ་བསྣོལ་བ་བྱས་ལ་ཨ་ཏྱནྟཱ་ནུ་པྲ་བིཥྛ་སརྦ་དྷརྨཱ་ཧཱུཾ་བཛྲ་ཨཉྫ་ལི་ཞེས་བརྗོད་དོ། ། དེ་ནས་རྡོ་རྗེ་བསྡམས་པ་ལེགས་པར་བཅིངས་ལ། ཨ་ཏྱནྟཱ་ནུ་པྲ་བིཥྛ་སརྦ་དྷརྨཱ་ཞེས་བརྗོད་དེ་རྡོ་རྗེ་བསྡམས་པ་བཅིངས་པ་དེས་མཐར་ཐུག་པ་མེད་པའི་ནམ་མཁའི་ཁམས་ན་བཞུགས་པའི་སངས་རྒྱས་ཀྱི་ཡོན་ཏན་བསྡུས་ལ་ཧཱུཾ་བཛྲ་བནྡྷ་ཞེས་བརྗོད་དོ། །དེ་ནས་རང་གི་སྙིང་གའི་ཟླ་བ་ལ་རྡོ་རྗེ་ཡོངས་ སུ་གྱུར་པ་ལས་རྡོ་རྗེའི་འཁོར་ལོ་རྩིབས་བརྒྱད་པ་དེའི་དབུས་སུའང་ཡི་གེ་ཨོཾ་བསམས་ལ་བཛྲ་བནྡྷ་ཏྲཊ་ཅེས་བརྗོད་ལ། རྡོ་རྗེ་བསྡམས་པ་རང་གི་སྙིང་གར་དཀྲོལ་བར་དེ་ན་བཞུགས་པའི་སངས་རྒྱས་ཀྱི་ཡོན་ཏན་རྡོ་རྗེ་འཁོར་ལོ་ལ་རབ་ཏུ་བཞུགས་པར་བསམ་མོ། །དེ་ནས་རྣམ་པར་སྣང་ མཛད་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། ཨོཾ་ཛི་ན་ཛི་ཀ་ཨ་ཞེས་བྱ་བ་འདིས་ཕྱག་རྒྱ་བཅིང་བ་བྱས་ལ་དཀྱིལ་འཁོར་ཆེན་པོའི་ཕྱག་རྒྱ་བཅིང་བ་ཡང་དེ་བཞིན་བྱའོ། །དེ་ནས་རྡོ་རྗེ་འབེབས་པའི་ཕྱག་རྒྱ་བཅིངས་ལ་བཛྲ་ཨཱ་བེ་ཤ་ཨ་ཞེས་ལན་གསུམ་བརྗོད་ལ་མཉེས་པར་བྱའོ། ། རྡོ་རྗེ་བསྡམས་པ་བཅིངས་ལ་མཐེའུ་ཆུང་དང་སྲིན་ལག་གི་རྩ་བའི་ནང་དུ་མཐེ་བོ་བཅུག་ལ་སྙིང་གར་ཅུང་ཟད་བསྐྱོད་པ་ནི་རྡོ་རྗེ་འབེབས་པའི་དམ་ཚིག་གི་ཕྱག་རྒྱའོ། །དེ་ནས་ཏིཥྛ་བཛྲ་དྲྀ་ཌྷོ་མེ་བྷ་བ། ཧྲྀ་ད་ཡཾ་མེ་ཨ་དྷི་ཏིཥྛ་སརྦ་སིདྡྷི་མྨ་མེ་པྲ་ཡཙྪ་ཧཱུཾ་ཧ་ཧ་ཧ་ཧ་ཧོཿཞེས་བྱ་བ་འདིས་དབབ་པ་ཉེ་བར་ 61-1-251b བསྡུ་བར་བྱས་ལ་བཛྲ་སནྡྷི་ཞེས་བྱ་བའི་སྔགས་ཀྱིས་དམ་ཚིག་གི་ཁུ་ཚུར་བཅིང་ཞིང་། ཨོཾ་བཛྲ་མུཥྚི་པཾ་ཞེས་བྱ་བའི་སྔགས་འདིས་བརྟན་པར་བྱའོ། །རྡོ་རྗེ་འབེབས་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་མཛུབ་མོ་བཀུག་ཅིང་ཚིགས་གསུམ་པའི་རྒྱབ་ཏུ་བཅིངས་པ་འདི་ནི་དམ་ཚིག་གི་རྡོ་རྗེའི་ཁུ་ ཚུར་རོ། །དེ་ནས་སྔར་བཤད་པའི་རིམ་པས་བགེགས་ལ་སོགས་པ་གཞོམ་པ་ནས་མེ་ཏོག་ལ་སོགས་པ་མཆོད་པ་ལྔ་བསྐྱེད་པའི་མཐར་ཐུག་པའི་ཆོ་ག་བྱས་ལ། རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་བཅིངས་ཏེ་ཁར་བཞག་ནས་ཨོཾ་བཛྲ་ཙཀྲ་ཧཱུཾ་ཞེས་བརྒྱ་རྩ་བརྒྱད་བརྗོད་ལ་མདུན་དུ་དཀྱིལ་འཁོར་ བསམ་པར་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་མཛུབ་མོ་དང་མཐེའུ་ཆུང་ལྕགས་ཀྱུ་ལྟར་མདུད་པ་བྱས་པ་ནི་འདིའི་ཕྱག་རྒྱའི་མཚན་ཉིད་དོ། །དེ་ནས་ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཱཀ་ཙིཏྟ་བཛྲ་པྲ་ཎཱ་མེ་བཛྲ་བནྡྷ་ནཾ་ཀ་རོ་མི་ཞེས་བརྗོད་ལ་ཡན་ལག་ལྔས་ཕྱག་རྒྱའོ། །གལ་ཏེ་འབྱོར་ན་ བདུག་སྤོས་ལ་སོགས་པ་ཕྱིའི་མཆོད་པ་ལྔ་དང་། ཡང་མཆོད་པ་རྣམ་པ་བརྒྱད་ཀྱིས་ཡང་དག་པར་མཆོད་ནས་མཆོད་པ་ཉི་ཤུའི་བར་དུ་ཇི་ལྟ་བ་བཞིན་དུ་བྱས་ལ། རང་གི་སྙིང་ག་དང་དཔྲལ་བ་དང་ལྕེ་དང་སྤྱི་གཙུག་ཏུ་ཨ་ལས་ཟླ་བའི་དཀྱིལ་འཁོར་བསམ་ཞིང་དེར་ཡང་རྡོ་རྗེ་དང་རིན་པོ་ ཆེ་དང་། པདྨ་དང་རལ་གྲི་ཧཱུཾ་ཏྲཾ་ཨ་ཁཾ་ཞེས་བྱ་བ་ལས་བསྐྱེད་ལ་སྙིང་ག་དང་དཔྲལ་བ་དང་ཁ་དང་སྤྱི་བོར་གནས་པའི་རྡོ་རྗེ་ཐལ་མོ་བརྐྱང་ནས་ལུས་ཐམས་ཅད་ས་ལ་ཕབ་སྟེ། ཤར་དང་ལྷོ་དང་ནུབ་དང་བྱང་གི་ཕྱོགས་སུ་གྲངས་ཅི་ལྟ་བ་བཞིན་སྙིང་པོ་འདིས་ཕྱག་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ པཱུ་ཛ་ཨུ་པསྠ་ནཱ་ཡ་ཨཱཏྨ་ནཱཾ་ནིརྱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་སཏྭ་ཨ་དྷི་ཏིཥྛ་སྭ་མཱཾ། སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨ་བྷི་ཥེ་ཀཱ་ཡ་ཨཱཏྨ་ནཱཾ་ནི་རྱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་རཏྣ་ཨ་བྷི་ཥིཉྩ་མཱཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་པྲ་བརྟ་ནཱ་ཡཱ་ཨཱཏྨ་ནཱཾ་ནིརྱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་དྷརྨཱ་པྲ་བརྟཱ་ཡ་ མཱཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛི་ཀརྨ་ཎེ་ཨཱཏྨ་ནཱཾ་ནིརྱཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་ཀརྨ་ཀུ་རུ་མཱཾ། དེ་ནས་མདུན་དུ་འདུག་ལ་ཇི་ལྟ་བ་བཞིན་དུ་སྡིག་པ་བཤགས་པ་ལ་སོགས་པའི་རིམ་གྱིས་སྡོམ་པ་བླངས་ལ་སྨོན་ལམ་བྱ་སྟེ། ཆོས་བདག་མེད་པའི་མཉམ་པ་ཉིད་ཀྱིས་རང་གི་སྙིང་གར་ 61-1-252a དཀྱིལ་འཁོར་བཅུག་ལ་རྡོ་རྗེ་གནོད་སྦྱིན་དང་རྡོ་རྗེ་ཧཱུཾ་མཛད་ཀྱི་སྔགས་དང་ཕྱག་རྒྱ་དག་གིས་ཇི་ལྟ་བ་བཞིན་དུ་སྡིག་པ་བསལ་བར་བྱའོ། །དེ་ནས་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་བཅིངས་ལ། ཧཱུཾ་ཊཀྐི་སྥོ་ཊ་ཡ་མ་ཧཱ་བི་དཱ་ག་བཛྲ་བཛྲ་དྷ་ར་སནྟྱེ་ན་ཐ་ཞེས་བྱ་བའི་སྔགས་ཀྱི་མཐར་དེ་བཞིན་ གཤེགས་པ་ཐམས་ཅད་ལ་སོགས་པའི་འདོད་ཆགས་དང་བྲལ་བས་དྲལ་བར་བྱའོ། །རྡོ་རྗེ་བསྡམས་པ་དམ་བཅིངས་ཏེ། །མཐེ་བོ་མཐེའུ་ཆུང་སྦྱར་ནས་ནི། །ལྷག་མ་རྣམས་ནི་འཁོར་ལོར་བྱ། །ཆོས་ཀྱི་འཁོར་ལོ་ཞེས་བྱར་གྲགས། །ཞེས་བྱ་བ་ནི་ཆོས་ཀྱི་འཁོར་ལོའི་ ཕྱག་རྒྱའོ། །དེ་ནས་རབ་ཏུ་དགའ་བའི་རྡོ་རྗེའི་ཕྱག་རྒྱ་བཅིངས་ལ། །ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཡ་སརྦ་ས་ཏྭེ་བྷྱོ། ཛཿཧཱུཾ་བཾ་ཧོཿཞེས་བྱ་བའམ་མ་ཧྱཾ་ཞེས་བྱ་བའི་སྔགས་ལན་བདུན་བརྗོད་པར་བྱའོ། །རྡོ་རྗེ་བསྡམས་པ་དམ་བཅིངས་ལ། །གཡོན་པའི་མཐེའུ་ཆུང་མངལ་དུ་ནི། །གཡས་པ་ཡིས་ནི་ མཐེ་བོ་མཚན། །བཅུག་ལ་བསྐྱོད་ཅིང་ཅུང་ཟད་བཙིར། །ཞེས་བྱ་བ་འདི་ནི་རབ་ཏུ་དགའ་བའི་རྡོ་རྗེའི་ཕྱག་རྒྱའོ། །དེ་ནས་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་འཁོར་ལོའི་དབུས་སུ་གནས་པའི་ཡི་གེ་ཨོཾ་བསམས་ལ། དེའི་འོད་ཟེར་གྱིས་རེག་པ་ལས་བདག་ཉིད་སྡིག་པ་ཐམས་ ཅད་དང་བྲལ་ཞིང་བསོད་ནམས་ཐམས་ཅད་དང་ལྡན་པར་བསམས་ལ། རེག་པ་དེ་ཉིད་ཀྱིས་རྣམ་པར་སྣང་མཛད་ཀྱི་སྐུར་ངེས་པར་བསམས་ལ་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབས་པའི་ཕྱག་རྒྱ་རྣམས་ཀྱིས་མ་གོ་དང་སྙིང་ག་དང་ལྐོག་མར་བྱིན་གྱིས་བརླབ་སྟེ་སྙིང་ག་དང་དཔྲལ་བ་དང་། མགོ་ དང་ལྐོག་མ་དང་སྤྱི་བོ་རྣམས་སུ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་རྡོ་རྗེ་ལ་སོགས་པའི་ཡི་གེ་ཧཱུཾ་ལ་སོགས་པས་མཚན་པར་བསམ་མོ། །དེ་ནས་སྙིང་གར་རྡོ་རྗེ་སེམས་དཔའི་ཕྱག་རྒྱས་ཨོཾ་སཏྭ་བཛྲི་ཎི་ཧཱུཾ། ཨ་དྷི་ཏིཥྛ་མཱཾ་ཞེས་བྱ་བས་བྱིན་གྱིས་བརླབ་བོ། །དེ་བཞིན་དུ་རྣམ་པར་སྣང་མཛད་ ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་གཡས་སུ་བསྐོར་བའི་བར་གྱི་སྦྱོར་བས་ལུས་ཐམས་ཅད་ཡོངས་སུ་བསྐོར་ལ་སྙིང་གར་བཞག་ནས། ཨོཾ་བཛྲ་དྷཱ་ཏྭཱི་ཤྭ་རི་ཧཱུཾ་བཛྲ་ཎི་ཨ་དྷི་ཏིཥྛ་མཱཾ་ཞེས་བྱ་བས་བྱིན་གྱིས་བརླབ་བོ། །དེ་ནས་དེ་བཞིན་གཤེགས་པ་ལྔའི་ས་བོན་གྱི་ཡི་གེ་བྱིན་གྱིས་བརླབས་ 61-1-252b པའི་གཙོ་བོ་ལྔ་དང་ལྡན་པའི་རིན་པོ་ཆེའི་ཅོད་པན་མགོ་ལ་བསམས་ལ། རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་དཔྲལ་བར་བཞག་སྟེ། ཨོཾ་བཛྲ་རཏྣ་ཨ་བྷིཉྩ་མཱཾ་ཞེས་པས་དབང་བསྐུར་རོ། །དེ་ནས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་རང་གི་ལྷའི་གཟུགས་སུ་རྣམ་པར་བསམ་མོ། །དེ་ནས་ཇི་ལྟ་ བ་བཞིན་དུ་མཆོད་པ་བྱས་ལ་རྡོ་རྗེ་དབྱིངས་ནི་བདག་གོ་ཞེས་ང་རྒྱལ་བྱའོ། །དེ་ནས་ཐལ་མོ་སྦྱར་བ་བྱས་ལ། ཨོཾ་བི་མ་ལ་ལོ་ད་དྷི་ཧཱུཾ་ཞེས་བྱ་བས་རྒྱ་མཚོ་ཆེན་པོ་དེའི་སྟེང་དུ་ཨོཾ་ཨ་ཙ་ལ་བྷི་ར་ཧཱུཾ་སྭཱ་ཧཱ་ཞེས་བྱ་བས་ས་གཞི་གསེར་གྱི་རང་བཞིན་ཅན། དེའི་སྟེང་དུ་ཨོཾ་ཨ་ཙ་ལ་ཧཱུཾ་ཞེས་བྱ་བས་རིན་པོ་ ཆེ་སྣ་བཞིའི་རང་བཞིན་གྱི་རིའི་རྒྱལ་པོ་རི་རབ་བྱིན་གྱིས་བརླབ་བོ། །དེ་ནས་གཞན་འཕྲུལ་དབང་བྱེད་ཀྱི་དབང་སྒྱུར་གྱི་རྒྱལ་པོའི་གནས་ཇི་ལྟ་བ་བཞིན་དུ་བསྐྱེད་ལ། དེའི་སྟེང་དུ་ཡི་གེ་བྷྲཱུཾ་ལས་ཟུར་བཞི་ལ་སོགས་པ་དང་ལྡན་པའི་ཁང་པ་བརྩེགས་མ་རྣམ་པར་བསམས་ལ་དེའི་ཕྱོགས་ གཅིག་ཏུ་པདྨ་བསམ་སྟེ། དེར་འདུག་ནས་མདུན་དུ་རྣམ་པར་སྣང་མཛད་ཀྱི་དམ་ཚིག་གི་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་རྣམ་པར་བསམས་ལ་རྡོ་རྗེ་དང་དྲིལ་བུ་འཛིན་པས་རང་གི་གནས་ལ་བཞུགས་པའི་དཀྱིལ་འཁོར་གྱི་ལྷ་རྣམས་བསྒོམས་ཏེ། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའི་ ཕྱག་རྒྱ་རྣམས་ཀྱིས་བྱིན་གྱིས་བརླབ་པ་དང་། རྡོ་རྗེ་སྲུང་བས་གོ་བགོས་ལ་མཆོད་ཡོན་ཕུལ་ཏེ་ཇི་ལྟ་བ་བཞིན་དུ་སྤྱན་དྲངས་ལ་ཁང་པ་བརྩེགས་མའི་ནང་དུ་གནས་པ་ལ་རང་གི་ལྷའི་ང་རྒྱལ་དུ་བྱས་ནས་རྡོ་རྗེ་ཐལ་མོ་བསྐོར་བ་སྙིང་གར་བཞག་ནས་མགོ་ཅུང་ཟད་བཏུད་དེ་བསྟོད་པ་བྱའོ། ། དེ་ནས་དགུག་པ་ལ་སོགས་པ་བྱ་བ་སྟེ། དེ་བཞིན་དུ་སྒོ་བཅིང་བ་དང་སྲུང་བ་ཐམས་ཅད་ཀྱིས་ལེགས་པར་བསྲུངས་ལ། དམ་ཚིག་ལ་སོགས་པའི་ཕྱག་རྒྱ་བཞིས་རྒྱས་གདབ་བོ། །དེ་ནས་རང་དང་རྗེས་སུ་མཐུན་པའི་དབང་བསྐུར་བས་དབང་བསྐུར་ལ་སྙིང་གར་སྙིང་པོ་བཀོད་དེ། དེ་ ཉིད་ལ་ཉེ་བའི་སྙིང་པོ་ལ་སོགས་པ་ལྷག་པར་མོས་པས་སྙིང་གའི་ཕྱོགས་སུ་དབུ་དང་གཙུག་ཕུད་དང་ནུ་མ་གཉིས་དང་ལག་པ་གཡས་པའི་རྩ་བ་དང་གཡོན་པའི་རྩ་བ་དང་ལུས་ཐམས་ཅད་ལ་དགོད་དོ། །དེ་ནས་བདུག་སྤོས་ལ་སོགས་པའི་མཆོད་པ་བརྒྱད་བྱས་ལ། དཔག་ 61-1-253a བསམ་གྱི་ཤིང་ལ་སོགས་པ་ཡང་ཕུལ་ནས་དྲིལ་བུ་བླངས་ཏེ་བསྟོད་པས་མཉེས་པར་བྱས་ལ་ཕྱག་བཞི་བྱའོ། །དེ་ནས་རང་གི་དམ་ཚིག་གི་ཕྱག་རྒྱས་བདག་ཉིད་བྱིན་གྱིས་བརླབས་ལ་སྤོས་ཆུས་དབང་བསྐུར་ཏེ་དེ་བཞིན་དུ་སྙིང་པོ་དགོད་པ་བྱས་ན་སྤོས་ཆུས་རྡོ་རྗེ་རིན་ཆེན་གྱི་དབང་ བསྐུར་བས་དབང་བསྐུར་ལ། མདུན་དུ་དཀྱིལ་འཁོར་བསྒོམས་ནས་བདག་ཉིད་ཀྱང་རང་གི་ལྷའི་ངོ་བོ་ལ་རྡོ་རྗེ་དང་དྲིལ་བུ་ཐོགས་པར་གྱུར་པས་ལྷའི་ཐུགས་ཀའི་ཟླ་བ་ལས་བཟླ་བར་བྱ་བའི་སྙིང་པོ་རྣམ་པར་བཀོད་ནས་ཇི་ཙམ་འདོད་ཀྱི་བར་དུ་བཟླས་པ་དང་བསྒོམ་པ་བྱའོ། །ཕྱག་རྒྱ་དང་ བྱིན་གྱིས་བརླབ་པ་ལྷོད་པར་གྱུར་པའམ། བདག་ཉིད་གཏོང་བར་འདོད་ན་ཡི་གེ་བརྒྱ་པ་བཟླས་པར་བྱའོ། །དེ་ནས་བཟླས་བརྗོད་ཇི་ལྟ་བ་བཞིན་དུ་ཕུལ་ལ། མངོན་པར་འདོད་པའི་དངོས་གྲུབ་ཀྱི་ཕྱིར་གསོལ་བ་བྱས་ནས་སྦྱིན་སྲེག་བྱས་ཏེ་བདུག་སྤོས་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་ མཆོད་ལ་མཚན་བརྒྱ་རྩ་བརྒྱད་ཀྱིས་བསྟོད་དེ། དཀྱིལ་འཁོར་གཤེགས་སུ་གསོལ་བའི་རིམ་པས་ལྷ་རྣམས་གཤེགས་སུ་གསོལ་ལ། བདག་ཉིད་དབང་བསྐུར་བ་དང་གོ་བགོ་བ་བྱས་ནས་ལངས་ལ། མཆོད་རྟེན་གྱི་ལས་ལ་སོགས་པ་ཉིན་རེ་བཞིན་ཐུན་བཞིར་བྱ་སྟེ་འདི་བྱིན་གྱིས་བརླབ་པ་ཞེས་བྱ་ བའི་རྣལ་འབྱོར་རོ། །གཟུགས་ཉིད་ཅེས་བྱ་བ་ནི་རང་གི་ལུས་རང་གི་ལྷའི་མཚན་ཉིད་དུ་སྦྱོར་རོ། །བྱིན་གྱིས་བརླབ་པ་ཞེས་བྱ་བ་ལ་སོགས་པ་ནི་རྣལ་འབྱོར་གསུམ་གྱི་མཚན་ཉིད་ཅེས་བྱ་བ་སྟེ། བྱིན་གྱིས་བརླབ་པ་ཞེས་བྱ་བ་ནི་སྔགས་དང་ཕྱག་རྒྱས་སོ། །བྱང་ཆུབ་སེམས་ནི་དག་པ་ དང་། །ཞེས་བྱ་བ་ནི་དོན་དམ་པར་བྱང་ཆུབ་ཀྱི་སེམས་བསྒོམས་པས་བློ་ཤིན་ཏུ་རྣམ་པར་དག་པའོ། །གསང་སྔགས་ས་བོན་སྐྱེ་བ་ཆེ། །ཞེས་བྱ་བ་ནི་དེའི་རྗེས་ལས་ཐོབ་པའི་དག་པའི་འཇིག་རྟེན་པའི་སེམས་སོ། །ཕྱག་རྒྱའི་ཚོགས་སུ་བརྟག་པ་ཡིས། །རིམ་གྱིས་གཟུགས་ ནི་རྫོགས་བྱས་པ། །ཞེས་བྱ་བ་ནི། དེ་བཞིན་ཉིད་སྣང་སྒྱུ་ལས་བྱུང་། །གསལ་དང་གྲིབ་མ་ལས་ཀྱང་འདས། །འཕགས་པའི་རིགས་ཀྱི་སྔགས་ལས་སྐྱེས། །གཉིས་གྱུར་འཇིག་པ་ལ་རབ་བརྩོན། །ཞེས་བྱ་བའི་རིམ་གྱིས་སོ། །ཡོངས་སུ་རྫོགས་པའི་རྣལ་འབྱོར་ 61-1-253b ནི་གོ་སླ་བས་འདིར་སྨོས་སོ། །དང་པོ་དམ་ཚིག་བྱིན་བརླབ་པ། །ཞེས་བྱ་བ་ནི་དང་པོ་བྱིན་གྱིས་བརླབ་པའི་རྣལ་འབྱོར་རོ། །དམ་ཚིག་ནི་དམ་ཚིག་ལ་མངོན་པར་ཞེན་པའི་ཕྱི་རོལ་གྱི་དོན་ཡོད་པར་སྨྲ་བ་རྣམས་ཀྱི་ཕྱིར་ཡིན་པར་ཤེས་པར་བྱའོ། །རྣལ་འབྱོར་སྤྱོད་པའི་ཞེས་བྱ་བ་ལ་ རྣལ་འབྱོར་སྤྱོད་པའི་རྣམ་པར་ཤེས་པ་ཙམ་དུ་སྨྲས་སོ། །དབུ་མའི་ཞེས་བྱ་བ་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པར་སྨྲ་བའོ། །འདི་ནི་རྣལ་འབྱོར་ཆོ་གར་བཤད། །ཅེས་བྱ་བ་ནི་རྣལ་འབྱོར་གྱི་ཆོ་གའི་དབྱེ་བའི་རྣམ་པ་གསུམ་མོ། །རྟག་པའི་རྣལ་འབྱོར་གསལ་བར་བསྟན་པའི་ཕྱིར་ ཉོན་མོངས་དྲི་མར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་ཀྱི་དག་པ་ནི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་སོ། །དེ་ནི་རང་བཞིན་ཞེས་བྱ་བ་ལ་སོགས་པ་ལ། ཐལ་མོ་གསུམ་གྱིས་སྦྱར་ཞེས་བྱ་བ་ནི་ལྷའི་ཁང་པར་ཞུགས་པའི་འོག་ཏུ་དེར་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ ཝ་ཤུདྡྷོ྅ཧཾ་ཞེས་བརྗོད་ལ། བགེགས་རྣམ་པར་བསལ་ཏེ་བྱང་ཆུབ་ཀྱི་སེམས་ཇི་ལྟ་བས་སེམས་སྦྱང་བར་བྱའོ་ཞེས་ལ་ལ་འདོད་དོ། །གཞན་དག་ན་རེ་ཐལ་མོ་གསུམ་གདབ་པ་ཙམ་གྱིས་སེམས་ཀྱི་ངོ་བོ་ཉིད་རྟོགས་པར་བྱས་པའི་འོག་ཏུ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བ་ངོ་བོ་ ཉིད་དག་པ་ཡོངས་སུ་སྟོན་པར་བྱེད་པའི་ཚིག་འདིས་རབ་ཏུ་སད་པ་དང་བྱིན་གྱིས་བརླབ་པར་བྱའོ་ཞེས་ཟེར་རོ། །སེམས་ལ་སོ་སོར་བརྟག་པར་བྱ། །ཞེས་བྱ་བ་ནི་ཇི་སྐད་བཤད་པ་བཞིན་དུ་བསམས་པའི་དཀྱིལ་འཁོར་གྱི་དབུས་སུ་རྣམ་པར་སྣང་མཛད་ཀྱི་རང་གི་དམ་ཚིག་གིས་སྐུ་ལ་འཁྱུད་པར་ རྣམ་པར་བསམས་ལ། ཨ་ལི་ཙམ་གྱི་གཟུགས་ཅན། ཨོཾ་ཙིཏྟ་བརྟི་བེ་དྷཾ་ཀ་རོ་མི་ཞེས་བརྗོད་པས་དེའི་ཞལ་དུ་ཞུགས་ནས་དམ་ཚིག་གི་ཕྱག་རྒྱའི་པདྨའི་གནས་སུ་སོང་བ་སྟེ། འདིས་ནི་སེམས་ཀྱི་སོ་སོར་རྟོག་པ་ཞུགས་ཤིང་འཕངས་པར་བྱས་པར་འགྱུར་རོ། །ཕྱི་རོལ་རང་བཞིན་ སྟོང་པར་བྱ། །ཞེས་བྱ་བ་ནི་ཕྱི་རོལ་ངོ་བོ་ཉིད་ཀྱི་རང་བཞིན་སྟོང་པ་ཡིན་པར་བསམ་མོ་ཞེས་བྱ་བ་ནི་ལྷག་མའོ། །སེམས་ཙམ་ལ་ནི་གནས་ནས་སུ། །བྱང་ཆུབ་ཚོགས་ཀྱི་བག་ཆགས་དེས། །ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་རྣམ་པར་སྣང་མཛད་བྱང་ཆུབ་ཀྱི་སེམས་ཀྱི་གཟུགས་ 61-1-254a སུ་ཡོངས་སུ་གྱུར་པ་ལ་དེར་ཡང་དཀྱིལ་འཁོར་ལྷ་རྣམས་རབ་ཏུ་ཞུགས་པར་བསམས་ལ། དེའི་འོག་ཏུ་བདག་ཉིད་མཉམ་པར་བཞག་སྟེ། སེམས་དཔའི་གཟུགས་གསལ་བ་ལ་ཆོས་ཀྱི་རི་མོས་དབུགས་སུ་ཕུག་ལ་སྙིང་ག་དང་འོད་དང་སྟོན་ཟླ་བའི་རྣམ་པ་དང་བཅས་པ་ མཆོག་ཏུ་མྱ་ངན་ལས་འདས་པའི་བདེ་བ་ཆེན་པོའི་ངོ་བོ་རྣམ་པར་སྣང་མཛད་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པའི་བདག་ཉིད་ཅན་ལ། བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱང་དེ་ཉིད་དུ་དྲངས་ལ་བརྒྱལ་བར་གྱུར་པ་ལ། ཨ་ལ་ སོགས་པའི་སངས་རྒྱས་ཀྱི་ཡོན་ཏན་གྱི་ངོ་བོ་ཞུགས་པར་བསམ་ཞིང་ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བས་བྱིན་གྱིས་བརླབ་བོ། །དེས་སྒོ་བྱས་པའི་ཞེས་བྱ་བ་ལ་སོགས་པ་ལ་སྙིང་ག་ལ་སོགས་པར་ཨ་བཀོད་ལ་ཨོཾ་བོ་དྷི་ཙིཏྟ་ཨུ་པཱ་ད་ཡཱ་མི། ཞེས་བརྗོད་ལ་ཐབས་དང་ཤེས་རབ་ཀྱི་ཡེ་ ཤེས་སྒོམ་པར་བྱེད་པས་བདག་ཉིད་བསྒོམས་ཤིང་གཅིག་ཏུ་གྱུར་པར་བསྒོམས་ལ་སྤྱན་ལ་སོགས་པས་ཇི་ལྟ་བ་བཞིན་དུ་བསླངས་ནས་ཀུན་དུ་བཟང་པོའི་གཟུགས་སུ་རྣམ་པར་བསམས་ལ་ཡི་གེ་ཀ་ལ་སོགས་པ་ཞུགས་པར་བྱས་ནས་སྙིང་ག་ལ་སོགས་པའི་ཟླ་བའི་གཟུགས་ཀྱི་སྟེང་དུ་བརྟག་པར་ བྱའོ། །དེ་ནས་རྒྱུད་གཞན་གྱི་ནང་ནས་གསུངས་པའི་རིམ་པས་དམ་ཚིག་དང་ཆོས་དང་ལས་ཀྱི་ཕྱག་རྒྱ་བསམས་ལ། ཐུགས་ཀའི་ཟླ་བ་ལ་ཡི་གེ་ཨོཾ་བཀོད་ནས་རྣམ་པར་སྣང་མཛད་ཇི་ལྟ་བ་བཞིན་དུ་བསམ་པར་བྱའོ། །པདྨ་ལ་གནས་པ་ཞེས་བྱ་བ་ནི་འོག་ཏུ་པཾ་ལས་བྱུང་བའི་པདྨ་བསམས་ པའི་སྟེང་དུ་བདག་ཉིད་མཚན་ཐམས་ཅད་དང་ལྡན་པར་བསྒོམ་མོ། །དེ་བཞིན་དུ། ཨོཾ་གྱི་མྱུ་གུས་བཀྲུན་པ་ཡི། །ཡན་ལག་ཀུན་གྱི་མཚན་ཉིད་གཟུགས། །རྡོ་རྗེ་སྐུ་ནི་བསྒོམ་པར་བྱ། །ཞེས་བྱ་བ་འདིས་ཏིང་ངེ་འཛིན་རྣམ་པར་ཕྱེ་བ་གསུམ་པའི་དོན་དང་སྦྱར་རོ། །དེ་ནས་སྐུ་ མ་ལུས་པའི་ངོ་བོར་གྱུར་པའི་ཡི་གེ་ཨོཾ་ནི་སྤྱི་གཙུག་ཏུ་བསམ། གསུང་མ་ལུས་པའི་ངོ་བོ་ཡི་གེ་ཨཱཿལྐོག་མར་བསམ། ཐུགས་མ་ལུས་པའི་ངོ་བོ་ཡི་གེ་ཧཱུཾ་སྙིང་གར་བསམ་མོ་ཞེས་བྱ་བ་ནི་ལྷག་མ་སྟེ། དེ་དག་གིས་ནི་རྒྱུད་ཀྱི་བདག་པོའི་རྣལ་འབྱོར་གསུངས་པ་ཡིན་ནོ། །ཡི་གེ་ 61-1-254b གསུམ་གྱིས་ཞེས་བྱ་བ་ལ་སོགས་པས་ནི་ཐུགས་རྡོ་རྗེ་ལ་སོགས་པའི་རྣལ་འབྱོར་གསུངས་པ་ཡིན་ཏེ་ཏིང་ངེ་འཛིན་རིམ་པར་ཕྱེ་བ་ལས་གསུངས་པའི་རང་གི་ས་བོན་གྱི་ཡི་གེ་དེ་རྣམ་པར་བཀོད་པའི་འོག་ཏུ་རྡོ་རྗེ་སེམས་དཔའ་རང་གི་ལྷའི་སྐུ་མདོག་དང་བཞུགས་ཚུལ་དང་གདན་དང་འོད་དང་ཕྱག་མཚན་རྣམས་ ལྷག་པར་བསྒོམས་ཏེ། མདོག་གཟུགས་འོད་དང་འདྲ་བར་བསམ། །ཞེས་བྱ་བའི་ཉེ་བར་མཚོན་པས་སོ། །ང་རྒྱལ་བསྐྱེད་ཅེས་བྱ་བ་ལ་སོགས་པས་ནི་ཐ་མལ་པ་མ་ཡིན་པ་ཉིད་དུ་གསུངས་པའོ། །དེ་ནས། རྡོ་རྗེའི་བདག་ཉིད་བདག་ཡིན་བརྗོད། །ཅེས་བྱ་བའི་ཉེ་བར་མཚོན་པས་རྣམ་པར་ སྣང་མཛད་ཀྱི་ལུས་ལ། ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ། ཨོཾ་སྭ་བྷཱ་ཝ་ཤུནྡྷོ྅ཧཾ། ཨོཾ་ས་ར་ས་མོ྅ཧཾ་ཞེས་ང་རྒྱལ་གསུངས་པ་བརྗོད་པར་བྱ་བ་ཡིན་ཏེ། དེ་དག་ནི་རྣལ་འབྱོར་ཆེན་པོ་བསྐྱེད་པར་བྱ་བའི་འོག་ཏུ་ཤེས་པར་བྱའོ། །ཆ་ཤས་ཀྱི་དྲ་བ་ཅན་ཞེས་བྱ་བ་ནི་སྤྱན་ལ་སོགས་པའི་དྲ་བ་རང་གི་ལུས་ ལ་རྣམ་པར་དགོད་པའོ། །ཡེ་ཤེས་སེམས་དཔའ་རྫོགས་པར་བརྟག །ཅེས་བྱ་བ་མདུན་དུ་ཡེ་ཤེས་སེམས་དཔའ་ཇི་ལྟ་བ་བཞིན་དུ་བསྒོམས་ལ་དགུག་པ་ལ་སོགས་པས་རང་གི་ལུས་ལ་བསྐྱེད་པར་བྱའོ། །དེར་བསྐྱེད་ནས་དེའི་འོག་ཏུ་ལག་པའི་ཕྱག་རྒྱས་གོ་ཆ་དང་མཚོན་ཆ་ལ་སོགས་ པ་བརྟག་གོ་ཞེས་བྱ་བར་སྦྱར་རོ། །ཡེ་ཤེས་སེམས་དཔའ་བསྒྲུབ་པའི་སྔོན་དུ་འདི་བྱའོ་ཞེས་ཟེར་རོ། །ལ་ལ་ནི་ཇི་སྐད་དུ་བཤད་པ་བཞིན་རིགས་པ་ཡིན་ནོ་ཞེས་ཟེར་རོ། །དེ་འོག་ལག་པའི་ཕྱག་རྒྱ་ཡིས། །ཞེས་བྱ་བ་ནི་གསོལ་བ་འདེབས་པ་སྔོན་དུ་འགྲོ་བས་བྱིན་གྱིས་བརླབ་པ་བྱས་ནས། དེའི་ འོག་ཏུ་ལག་པའི་ཕྱག་རྒྱ་བྱིན་གྱིས་བརླབ་པ་མངོན་དུ་བྱའོ། །གོ་ཆ་མཚོན་ཆ་ལ་སོགས་བྱ། །ཞེས་བྱ་བ་ནི་ཕྱག་རྒྱ་རྣམས་ཀྱིས་དབང་བསྐུར་བའི་འོག་ཏུ་བྱ་བ་ཁོང་དུ་ཆུད་པར་བྱའོ། །རྫོགས་སངས་རྒྱས་ལྔས་དབང་བསྐུར་ཏེ། །ཞེས་བྱ་བ་ནི་ཆོ་གའི་ཚུལ་ཉིད་ནི་མ་ཡིན་གྱི་སྲིད་ པའི་དབང་དུ་མཛད་ནས་གསུངས་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཐམས་ཅད་ལ་ནི་སངས་རྒྱས་ལྔའི་ཅོད་པན་དུ་བྱས་པར་མི་འདོད་དོ། །བྱང་ཆུབ་སེམས་ནི་ཞེས་བྱ་འདིས། །ཅོད་པན་ཕྲེང་བ་རྣམས་ཀྱིས་བརྒྱན། །ཞེས་བྱ་བའི་བར་གྱི་གཞུང་གིས་ནི་དང་པོའི་སྦྱོར་བའི་ཏིང་ངེ་ 61-1-255a འཛིན་གསུངས་པ་ཡིན་ནོ། །དེ་ནས་དེ་འོག་ཅེས་བྱ་བ་ལ་སོགས་པ་ལ། ཇི་ལྟ་བ་བཞིན་དུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཐུགས་རྡོ་རྗེ་ལ་སོགས་པ་བཞི་སྤྲུལ་པའི་ཕྱིར་དེ་དང་ལྷན་ཅིག་ཏུ་ཇི་སྐད་དུ་བཤད་པའི་གནས་སུ་བབས་ནས། སྤྱན་ལ་སོགས་པའི་ལྷ་མོ་ སངས་རྒྱས་ཀྱི་སྤྲུལ་པ་མཛད་པའི་སྒྱུ་མ་སྤྲོ་བར་བྱའོ། །ཕྱོགས་བཅུར་ཁྲོ་བོ་བཅུ་དང་ཞེས་བྱ་བ་ནི་ཤར་ལ་སོགས་པ་ཕྱོགས་བཅུའི་མཐར་ཐུག་པར་གཤིན་རྗེ་གཤེད་ལ་སོགས་པའི་ཁྲོ་བོ་བཅུ་སྤྲོ་ཞེས་བྱ་བར་སྦྱར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དཀྱིལ་འཁོར་བྲི་བའི་དུས་སུ་ གཙུག་ཏོར་འཁོར་ལོས་སྒྱུར་བ་ཆེན་པོ་དང་། གནོད་མཛེས་དག་སྟེང་དང་འོག་དང་བླ་གབ་དང་ཕུར་བུའི་ཚུལ་དུ་བསམ་པར་བྱའོ་ཞེས་ཤེས་པར་བྱའོ། །དཀྱིལ་འཁོར་གྱི་རིམ་པར་ཕྱེ་བ་ལས་ཁྲོ་བོ་བརྒྱད་བསྟན་པ་ནི་ཉེ་བར་མཚོན་པ་ཙམ་ཡིན་ནོ། །ཇི་ལྟ་བུ་ཞིག་ཅེ་ན། ཡན་ལག་ ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡན་ལག་བཞི་ཡི་དཔུང་དང་ལྡན། །ཞེས་བྱ་བ་ནི་ལྷ་མོ་བཞིའི་ཚོགས་དང་ལྡན་པའོ། །ཡན་ལག་བཞི་ཡི་དཔུང་དང་ལྡན། །ཞེས་གསུངས་པའི་དོན་དེ་ཉིད་བསྟན་པའི་ཕྱིར། བསྙེམས་མ་དང་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ བསྙེམས་མ་ཞེས་བྱ་བའི་སྒྲས་ནི་ཀི་ལི་ཀི་ལ་ཡོངས་སུ་གཟུང་ངོ་། །མེ་ཏོག་ལྡན་མ་ནི་རྡོ་རྗེ་ཆགས་མའོ། །མཚོན་ཆ་མ་ནི་རྡོ་རྗེ་མཚོན་ཆ་མའོ། །རྩེ་མོ་ཅན་ནི་དུས་ཐམས་ཅད་པའི་མེ་ཏོག་གི་ཕྲེང་བས་བརྡེགས་པས་ན། ཕྱག་རྒྱའི་ཉེ་བར་མཚོན་པ་ནི་རྡོ་རྗེ་བསྙེམས་མ་ཡིན་ནོ། ། རྡོ་རྗེ་མཚོན་ཆ་མ་ལ་སོགས་པ་བཞི་ནི། སྤྱན་ལ་སོགས་བཞིའི་ངོ་བོ་ཉིད་ཡིན་ནོ། །སྒྱུ་མའི་ཆ་བྱད་རྣམ་མང་པོའི། །ཞེས་བྱ་བ་ནི་གདུལ་བྱའི་ཡིད་མགུ་བར་བྱེད་པའི་སྒྱུ་མའི་རྣམ་པའི་ཆ་བྱད་སྣ་ཚོགས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །རྣམ་པར་རོལ་པས་བྱིན་གྱིས་བརླབ། །ཅེས་བྱ་ བ་ནི་རྣམ་པར་རོལ་པ་སྟེ་རྡོ་རྗེ་དང་པདྨའི་རྩེ་འཛིན་བྱིན་གྱིས་བརླབ་ཅིང་རྫོགས་པར་མཛད་པའོ། །དེ་ཉིད་ཆེན་པོའི་བདག་ཉིད་ལྔས། །ཞེས་བྱ་བ་ནི་དེ་ཉིད་ཆེན་པོ་ནི་ལྷ་མོ་ལྔའི་བདག་ཉིད་དོ། །བདག་ཉིད་ལྔས་ཞེས་པ་ཡེ་ཤེས་ལྔའི་བདག་ཉིད་ཅན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། ། 61-1-255b ཕྱོགས་བཞིར་འཁོར་ལོ་གནས་བྱས་ཏེ། །ཞེས་བྱ་བ་ནི་སྔར་བཤད་པའི་ལྷ་མོ་དེ་རྣམས་ཕྱོགས་བཞིར་འཁོར་ལོ་སྟེ་དཀྱིལ་འཁོར་གྱི་ཚུལ་གྱིས་གནས་པར་བྱས་ཤིང་འཇོག་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེས་ན་རང་གི་དམ་ཚིག་གིས་སྐུ་ལ་འཁྱུད་པའོ། །འཕགས་མ་བཞི་ཡི་དགའ་བ་ ནི། །ཞེས་བྱ་བ་ནི་སྤྱན་ལ་སོགས་པའམ། རྡོ་རྗེ་མཚོན་ཆ་མ་ལ་སོགས་པ་འཕགས་མ་བཞི་པོ་དགའ་བ་དེ་ཡང་དག་པར་སྐྱེད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དགའ་བས་ཞེས་བྱ་བ་ནི་རང་གི་དམ་ཚིག་གི་ཕྱག་རྒྱའི་དགའ་བ་ལས་བྱུང་བའི་སོ་སོ་རང་གིས་རིག་པའི་བདེ་བའི་ངོ་བོ་སྟེ། དེའི་ རྗེས་ལ་ཇི་སྐད་དུ་བཤད་པའི་ཁྲོ་བོ་རྣམས་སྤྲོ་བར་བྱའོ་ཞེས་བྱ་བར་སྦྱར་རོ། །དེ་ལྟར་སྤྲོ་བ་བསྟན་ནས། ད་ནི་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་བསྡུ་བ་གསུངས་པ་ཡིན་ཏེ། ཇི་སྐད་དུ་གསུངས་པའི་སྤྲོ་བ་སྣ་ཚོགས་པས་ཁྱབ་པར་བྱས་ནས་བཀུག་སྟེ་དཀྱིལ་འཁོར་གྱི་སྦྱོར་བར་བཞག་ ལ། དེའི་དབུས་སུ་སྣ་ཚོགས་པ་གནས་པར་བྱའོ་ཞེས་བྱ་བ་ནི་ལྷག་མ་སྟེ། འདི་དག་གིས་ནི་དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །ལས་ཀྱི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་པ་སྟེ་གསང་བའི་ཚོགས་མཐོན་པོ་ལ་སོགས་ པའི་རྗེས་སུ་འབྲངས་ནས་ཤེས་པར་བྱའོ། །ཏིང་ངེ་འཛིན་གསུམ་བསྐྱེད་ནས་ད་ནི་བཟླས་པ་དང་བསྒོམ་པར་བྱའོ་ཞེས་བསྟན་པའི་ཕྱིར། རབ་དགའི་ལོངས་སྤྱོད་ལོངས་སྤྱོད་པ། །ཞེས་བྱ་བ་གསུངས་ཏེ་ཤེས་རབ་དང་ཐབས་ལས་བྱུང་བའི་ཁྱད་པར་ནི་རབ་ཏུ་དགའ་བའོ། །དེ་ལ་སོགས་ པའི་དོན་ནི་བཤད་ཟིན་ཏོ།། །།ཏིང་འཛིན་ཀུན་གྱིས་འཁོར་ལོ་བལྟ། །ཞེས་བྱ་བ་ལ་སོགས་པས་ནི་སླར་ཡང་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ཤིང་བསྟོད་པ་ལ་སོགས་པ་བྱས་ནས་ཅི་རིགས་པ་དཀྱིལ་འཁོར་གྱི་འཁོར་ལོ་དམ་ཚིག་གི་ཕྱག་རྒྱས་ཏིང་ངེ་འཛིན་ལ་སྙོམས་པར་ ཞུགས་པར་བལྟ་ཞིང་བསམ་པ་ཉིད་དང་བདག་ཉིད་ཀྱང་རྗེས་སུ་མཉེས་པ་ཐོབ་པར་བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བས་བྱིན་གྱིས་བརླབས་ཏེ། རྡོ་རྗེའི་གཟུགས་དམ་ཚིག་གི་ཕྱག་རྒྱའི་པདྨ་དེས་སྒེག་པ་ལ་སོགས་པའི་ཚུལ་གྱིས་རོལ་པ་ཉིད་ཀྱི་རབ་ཏུ་ 61-1-256a གཞུག་པར་བྱ་ཞེས་བྱ་བར་སྦྱར་རོ། །དེ་ནས་ཅི་ཞིག་བྱ་ཞེ་ན། པདྨའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དམ་ཚིག་གི་ལྷ་མོའི་པདྨའི་གཟུགས་ཀྱིས་གཟུགས་རྣམས་རབ་ཏུ་དགའ་བ་གང་ཡིན་པ་དེ་ལས་སངས་རྒྱས་དང་རྡོ་རྗེ་འཆང་ལ་སོགས་པ་སྤྲོ་ཞེས་བྱ་ནི་ལྷག་མའོ། ། ཡང་ན་བལྟ་ཞེས་བྱ་བ་སྔ་མ་དང་སྦྱར་རོ། །ཏིང་འཛིན་ཀུན་གྱིས་དཀྱིལ་འཁོར་བལྟ། །ཞེས་ཇི་སྐད་དུ་གསུངས་པ་དེ་ཉིད་ཀྱི་ཁྱད་པར་ནི་མ་ལུས་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། འང་ཞེས་བྱ་བའི་སྒྲའི་དོན་ལྷག་མ་མ་ལུས་པའི་ལྷ་རྣམས་ཀྱི་འཁོར་ལོ་རྣམས་ཀྱང་ཞེས་བྱ་བའི་དོན་ཏོ། །མདོག་ ལྡན་ཞེས་བྱ་བ་ནི་རིགས་དང་རྗེས་སུ་མཐུན་པ་དང་ལས་དང་རྗེས་སུ་མཐུན་པ་དང་ལྡན་པའི་བདག་ཉིད་ཅན་གྱི་གཟུགས་ནི་མདོག་ལྡན་བདག་ཉིད་ཅན་གཟུགས་སོ། །མདོག་དང་ལྡན་པའི་བདག་ཉིད་ཅན་གྱི་གཟུགས་ཀྱང་ཡིན་ལ་སྤྲོ་བ་ཡང་ཡིན་པས་དེ་སྐད་ཅེས་བྱའོ། །དེ་ཡང་ཇི་སྐད་དུ་བཤད་ པའི་ཡི་གེ་ཨེ་དང་ཨ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་སྐ་རགས་ཀྱིས་ཉེ་བར་མཛེས་པ། ཡི་གེ་ཏྲཾ་ལས་བྱུང་བའི་རིན་པོ་ཆེ་ཟུར་གསུམ་གྱི་ནང་དུ་ཆུད་པ། ཡི་གེ་ཧྲི་ལས་བྱུང་བའི་པདྨའི་དབུས་ན་གནས་པ་ལས། མདོག་དང་ལྡན་པའི་བདག་ཉིད་ཅན་གྱི་གཟུགས་སུ་སྤྲོ་བའི་ལྷ་མོའི་འཁོར་ལོ་གང་ ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ་དེ་ལྟར་ཡང་བལྟའོ་ཞེས་བྱ་བ་སྔ་མ་དང་སྦྱར་རོ། །རྡོ་རྗེ་གཞུག་པར་བྱའོ་ཞེས་གསུངས་པ་ཇི་ལྟར་བསམ་ཞེ་ན། རྒྱུད་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུད་གཞན་དག་ལས་བྱུང་བའི་མཚན་ཉིད་དང་ལྡན་པ་དངོས་སུའམ། བསམ་གཏན་ལས་ བདག་ཉིད་ཅན་བྱུང་བ་རང་གི་བསམ་གཏན་ལ་གནས་པར་བསམ་མོ། །སྒེག་མོ་གླུ་དང་གར་རྣམས་དང་། །ཞེས་བྱ་བ་ལ་སོགས་པ་ལ་སྐུ་རྡོ་རྗེ་ལ་སོགས་པའི་མཆོད་པའི་ཚུལ་གྱིས་པདྨར་རྡོ་རྗེ་བཅུག་སྟེ། ཨོཾ་སརྦ་ཏྭ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་བརྗོད་ལ་མཆོད་ པ་བྱའོ། །སྒེག་མོ་ཞེས་བྱ་བ་ལ་སོགས་པ་སྨོས་མོད་ཀྱི་ཕྲེང་བ་མས་ཀྱང་མཆོད་པར་བྱ་ཞེས་བྱའོ། །ཕྱིའི་མཆོད་པ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །གང་འདི་ལྟར་གསུངས་མོད་ཀྱི་འོན་ཀྱང་ཕྱིའི་མཆོད་པ་དང་སྒེག་མོ་ལ་སོགས་པའི་མཆོད་པ་ལ་སྙོམས་པར་འཇུག་པའི་ 61-1-256b མཆོད་པའི་རིམ་གྱིས་ཕྱི་དང་གསང་བའི་མཆོད་པ་བྱའོ་ཞེས་སྟོན་པ་ཡིན་ནོ། །བསྒོམ་པས་ཞེས་བྱ་བ་ནི་རྣལ་འབྱོར་བསྒོམ་པས་སོ། །མྱུར་ཆེས་པ་དང་བུལ་ཆེས་དང་ཞེས་བྱ་བའི་སྒྲ་ནི་ཤས་ཆེར་འདི་ལྟར་མི་བྱའོ། །གུག་སྐྱེད་ཉམས་མིན་པར་ཞེས་བྱ་བ་འདི་དག་མ་ཚང་བར་མི་བྱའོ། ། རྟོག་པ་ངན་པ་སྤངས་ཏེ་ཞེས་བྱ་བ་ནི་རྟག་པ་དང་ཆད་པ་ལ་སོགས་པའི་རྟོག་པ་དང་བྲལ་བས་སོ། །བ་དན་ཚུལ་དུ་བྱ་བས་ཞེས་བྱ་བ་ནི་སྔར་བཤད་པའི་མཆོད་པ་ཉི་ཤུ་ཉེ་བར་མཚོན་པ་ཡིན་ནོ། །མཆོད་ཅེས་བྱ་བ་ལ་བྱའོ་ཞེས་བྱ་བ་ནི་ལྷག་མའོ། །གཤེགས་སུ་གསོལ་ཞེས་བྱ་བ་ནི་སླར་ གཤེགས་སུ་གསོལ་བ་སྟེ། སྤྲུལ་པ་རྣམས་ནི་རང་གི་ལུས་ཉིད་ལ་ཉེ་བར་བསྡུ་བར་བྱའོ། །སྐུ་དང་ཞེས་བྱ་བ་ལ་སོགས་པས་ནི་མཉམ་པར་གཞག་པའི་རྣལ་འབྱོར་གསུངས་པ་ཡིན་ནོ། །བར་ཆད་བྱེད་པ་རྣམས་ལ་ནི། །ཞེས་བྱ་བ་ནི་བགེགས་ཀྱིས་གཙེས་པར་གྱུར་པའོ། །རྡོ་རྗེ་ཐེག་ པ་རབ་རྫོགས་པ། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱིའོ། །སྣ་ཚོགས་ལས་རྣམས་སྟོན་པ་པོ། །ཞེས་བྱ་བ་ནི་དོན་ཡོད་པར་གྲུབ་པའོ། །རིན་ཆེན་ཞེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་ནོ། །འདོད་ཆགས་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ནི་འོད་དཔག་ཏུ་མེད་པའོ། །དཔལ་ལྡན་ ཞེས་བྱ་བ་ལ་སོགས་པ་ནི་མི་བསྐྱོད་པའོ། །འདིས་ནི་འདི་སྐད་སྟོན་ཏེ། དེ་བཞིན་གཤེགས་པ་ལྔའི་ཕུལ་དུ་བྱེད་པའོ། །དེའི་ཡེ་ཤེས་བྱུང་བའི་ཡོན་ཏན་ཐོབ་ནས་བདག་ཉིད་དེ་བཞིན་གཤེགས་པར་གྱུར་པའོ། །འདིར་རྣལ་འབྱོར་རྣམས་ཀྱིས་རིམ་པ་དང་། ལྷ་བསྒོམ་ པའི་ཚུལ་རྒྱ་ཆེར་ནི་དེ་ཁོ་ན་ཉིད་བསྡུས་པ་དང་། གསང་བ་འདུས་པ་ལ་སོགས་པ་ལས་བྱུང་བ་དེ་བཞིན་དུ་ཤེས་པར་བྱའོ། །སྒྲུབ་པའི་ཐབས་ལོགས་ན་ཡོད་པས་འདིར་མ་བྲིས་སོ། །ཡོངས་སུ་རྟོག་པའི་རྣལ་འབྱོར་མང་དུ་ཡོད་མོད་ཀྱི་འདིར་མ་བསྟན་ནོ། །བྱང་ཆུབ་ཀྱི་ སེམས་ནི་ཇི་སྐད་དུ་བཤད་པའི་རྣམ་པ་གཉིས་སོ། །བསྒོམ་པ་ནི་ཡང་དང་ཡང་དུ་མངོན་དུ་བྱེད་པའོ། །དེའི་ཡེ་ཤེས་སྒྲུབ་པ་ནི་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་མངོན་པར་རྟོགས་པའི་ཚུལ་དུས་ངེས་པར་སོ་སོར་བསྒྲུབ་པ་སྟེ། དེ་སྟོན་པའི་གཞུང་གི་ལེའུ་ལ་རིམ་པར་ཕྱེ་ 61-1-257a བའི་སྒྲར་བརྗོད་དོ། །ལེའུ་བདུན་པའི་འགྲེལ་པའོ།། །།བྱང་ཆུབ་ཀྱི་སེམས་བསྒོམ་པ་རྫོགས་སུ་ཟིན་ཀྱང་སྦྱོར་བའི་ཐབས་མེད་པར་ཕུན་སུམ་ཚོགས་པར་མི་འགྱུར་བས། དེ་ནས་ཞེས་བྱ་བ་ལ་སོགས་པས་བརྒྱད་པ་སྦྱོར་བའི་ཐབས་ཀྱི་སྒྲུབ་པའི་རིམ་པར་ཕྱེ་བ་གསུངས་ པ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ་ཞེས་བྱ་བར་སྦྱར་རོ། །ཅི་ཞིག་མཛད་ནས་ཤེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་དེ་རྣམ་པར་སྣང་མཛད་ལ་སོགས་པའི་བཀའ་ནི་ཞི་བ་ལ་ སོགས་པའི་ལས་སྐྱེད་པའོ། །དེ་ལ་བསྐྱེད་པའི་དོན་གྱི་འཁོར་ལོ་ནི་དཀྱིལ་འཁོར་ཏེ་དེ་རབ་ཏུ་བསྒྲུབ་ཅིང་བསྐྱེད་པས་དེའི་དོན་དུ་ཡེ་ཤེས་ཀྱི་རྡོ་རྗེ་ལ་དམིགས་པ་གང་ཡིན་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཞི་བ་ལ་ སོགས་པའི་ལས་བྱེད་པའི་དཀྱིལ་འཁོར་སྟོན་པའི་རྣམ་པ་ལ་ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་བའི་དོན་ཏོ། །འཁོར་ལོ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་འཁོར་ལོ་ཐམས་ཅད་ལ་རང་གི་མིང་ལས་བྱུང་བའི་དཀྱིལ་འཁོར་ཐམས་ཅད་རབ་ཏུ་བསྒྲུབས་ཏེ། ཞི་བ་ལ་སོགས་ པ་ལ་རབ་ཏུ་སྦྱོར་བའི་ལས་གང་ཡིན་པ་དེའི་ཚོགས་ནི་མང་པོའོ། །དེའི་ཕྱི་དང་ནང་གི་བདག་ཉིད་ཅན་གྱི་ཆོ་ག་བཀའ་སྩལ་ཏོ་ཞེས་པ་སྟེ་གསུངས་པའོ། །ལྷ་ནི་ཞེས་བྱ་བ་ལ་སོགས་པ་ལ་རྣམ་པར་སྣང་མཛད་ལ་སོགས་པའི་ལྷ་གང་ཡང་རུང་བ་ཞིག་དཀྱིལ་འཁོར་གྱི་དབུས་སུ་ བཀོད་ན་དཀྱིལ་འཁོར་དེ་དེ་ཉིད་ཡིན་ཏེ། རྣམ་པར་སྣང་མཛད་འབྱུང་བ་རྡོ་རྗེ་ཞེས་མཁས་པ་རྣམས་ཀྱིས་བརྗོད་དོ། །འདི་ལྟར་སྟོན་པ་ཡིན་ཏེ། རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ནི་སྔར་བཤད་པ་ཉིད་དོ། །གང་གི་ཚེ་མི་བསྐྱོད་པ་ལ་སོགས་པ་བཞིའི་དཀྱིལ་འཁོར་ བྱེད་པ་དེའི་ཚེ་དབུས་སུ་གང་བྲིས་པའི་གནས་སུ་རྣམ་པར་སྣང་མཛད་བྲིའོ་ཞེས་ཁ་ཅིག་ཟེར་རོ། །གཞན་དག་ནི་མི་བསྐྱོད་པའི་དཀྱིལ་འཁོར་ལ་རྣམ་པར་སྣང་མཛད་ནི་མི་བསྐྱོད་པའི་གནས་སུའོ། །དེའི་གནས་སུ་ནི་མི་བསྐྱོད་པ་བྲིའོ། །རིན་ཆེན་འབྱུང་ལྡན་གྱི་དཀྱིལ་ 61-1-257b འཁོར་ལ་ནི་རྣམ་པར་སྣང་མཛད་ནི་མི་བསྐྱོད་པའི་གནས་སུ་མི་བསྐྱོད་པ་ནི་རིན་ཆེན་འབྱུང་ལྡན་གྱི་གནས་སུ་རིན་ཆེན་འབྱུང་ལྡན་ནི་རྣམ་པར་སྣང་མཛད་ཀྱི་གནས་སུ་བྲིའོ་ཞེས་ཟེར་རོ། །འོད་དཔག་ཏུ་མེད་པ་དང་དོན་ཡོད་གྲུབ་པའི་དཀྱིལ་འཁོར་ལ་ཡང་འདི་ཉིད་ཀྱི་རྗེས་སུ་འབྲངས་ནས་ ཤེས་པར་བྱའོ། །སྤྱན་ལ་སོགས་པའི་དཀྱིལ་འཁོར་ལ་ཡང་རྣམ་པར་སྣང་མཛད་ཉིད་སྤྱན་ལ་སོགས་པའི་གཟུགས་ཇི་ལྟ་བར་བསམས་ལ། སྤྱན་ལ་སོགས་པ་ཡང་རང་ཉིད་ཀྱི་གནས་སུ་བཞུགས་པར་བསྒོམ་མོ། །འོད་ཟེར་ཅན་ལ་སོགས་པའི་དཀྱིལ་འཁོར་གྱི་ལྷ་ལམ་ གཏོགས་པའི་ལྷ་རྣམས་ཀྱི་དཀྱིལ་འཁོར་ལ་ནི་བྱང་ཆུབ་ཀྱི་སེམས་རིམ་པར་ཕྱེ་བའི་རིམ་པ་ཉིད་ཀྱིས་རྣམ་པར་སྣང་མཛད་ལ་སོགས་པའི་སྐུ་ཡོངས་སུ་གྱུར་པ་ཉིད་འོད་ཟེར་ཅན་ལ་སོགས་པའི་ལྷ་རྣམས་ཀྱི་གཟུགས་སུ་གྱུར་ནས་རང་གི་གནས་སུ་བཞུགས་ལ། ལྷ་ལྷག་མ་རྣམས་ཀྱི་ ཚུལ་ནི་དེ་བཞིན་དུ་བསམ་པར་བྱའོ། །འཕྲོག་མའི་དྲག་པོ་སྒྲུབ་པའི་དཀྱིལ་འཁོར་དུ་ནི། ཇི་སྐད་དུ་བཤད་པ་ལས་དེའི་རིམ་པ་གཞན་ཡིན་ཏེ། དེ་ཡང་། ཁྲོ་བོའི་འཁོར་ལོར་གནོད་སྦྱིན་མོ། །བརྒྱད་ཀྱི་དབུས་ན་འཕྲོག་མས་བརྒྱན། །གནོད་སྦྱིན་བརྒྱད་ཀྱིས་རྣམ་ པར་བརྒྱན། །གནོད་སྦྱིན་མོ་ཀུན་བསྒྲུབ་པར་བྱ། །ཞེས་བཤད་པ་ཡིན་ནོ། །དེ་ལ་མ་གཏོགས་པར་བཤད་པའི་གནོད་སྦྱིན་དང་། གནོད་སྦྱིན་མོ་གཞན་དག་སྒྲུབ་པ་ལ་ནི་ཚུལ་འདི་ཉིད་ཡིན་ཏེ། གནོད་སྦྱིན་མོ་གང་སྒྲུབ་པ་དེ་དབུས་སུ་བཀོད་པ་ལ་དབུས་སུ་ནི་ འཕྲོག་མའོ། །གནོད་སྦྱིན་དང་གནོད་སྦྱིན་མོར་བཤད་པ་ལ་མ་གཏོགས་པ་རིགས་གཞན་དག་སྒྲུབ་པ་ལ་ཐམས་ཅད་དུ་འཕྲོག་མ་མེད་པར་དེའི་གནས་སུ་བསྒྲུབ་པར་བྱ་བའི་གནོད་སྦྱིན་ནམ་གནོད་སྦྱིན་མོ་བསམ་པར་བྱའོ། །ལ་ལ་ནི་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ བཏོན་ནས་དེའི་གནས་སུ་བཤད་པ་དང་། མ་བཤད་པའི་གནོད་སྦྱིན་དང་གནོད་སྦྱིན་མོ་བཀོད་ལ་སྔོན་དུ་འགྲོ་བས་བསྒྲུབ་པར་བྱའོ་ཞེས་ཟེར་ཏེ། དེས་ནི་དྲག་པོའི་སྒྲུབ་པའི་གཞུང་གི་དོན་ཡང་དག་པར་རྟོགས་པར་ཤེས་མོད་ཀྱི་སྔར་བཤད་པའི་དོན་དེ་ཉིད་གཞུང་དང་རྗེས་སུ་མཐུན་ 61-1-258a པར་མཐོང་ངོ་། །ལྷ་ཆེན་པོ་ལ་སོགས་པའི་དཀྱིལ་འཁོར་ལ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་གནས་སུ་ཁྲོ་བོའི་རྡོ་རྗེ་དང་། སྒྱུ་མའི་རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་དང་མི་སྨྲ་བའི་རྡོ་རྗེ་དང་རྡོ་རྗེ་མཚོན་ཆ་གྲངས་ཇི་ལྟ་བ་བཞིན་དུ་དགོད་པར་ཤེས་པར་བྱ་སྟེ། དེ་ལ་རྡོ་རྗེ་དྲིལ་བུ་ནི་མདོག་ དམར་བ་གདོང་དྲུག་པ་ལག་བཞི་པ་གཡས་ན་མདུང་ཐུང་དང་དྲིལ་བུ་ཐོགས་པ། གཡོན་ན་ཁྱིམ་བྱ་དང་དྲིལ་བུ་འཛིན་པ་རྨ་བྱ་ལ་ཞོན་པའོ། །རྡོ་རྗེ་མཚོན་ཆ་ནི་མདོག་སེར་སྐྱ་ལག་པ་བཞི་པ། གཡས་ན་རྡོ་རྗེ་དང་ལྕགས་ཀྱུ་ཐོགས་པ། གཡོན་གྱི་གཅིག་གིས་ནི་སྟན་ལ་བསྙེམས་ཐབས་སུ་འདུག་ལ། གཉིས་པས་ནི་རང་གི་རྡོ་རྗེ་འཛིན་པ་གླང་པོ་ཆེ་དཀར་པོ་ལ་ཞོན་པའོ། །སྤྱན་མ་ལ་སོགས་པའི་གནས་སུ་ནི་འཇིགས་བྱེད་མ་ལ་སོགས་པ་ལྷ་མོ་བཞི་སྟེ། དེ་ལ་འཇིགས་བྱེད་མ་ནི་མདོག་ལྗང་གུ་གཡས་ཀྱིས་རྡོ་རྗེ་འཛིན་པ། གཡོན་གྱིས་རལ་ཕུབ་ཐོགས་པའོ། །དཔལ་མོ་ནི་མདོག་སེར་བ་ གཡས་ན་རྡོ་རྗེ་གཡོན་ན་པདྨ་ཐོགས་པའོ། །དབྱངས་ཅན་མ་ནི་མདོག་ལྗང་གུ་གཡས་གཡོན་གཉིས་ན་རྡོ་རྗེ་དང་པི་ཝང་ཐོགས་པའོ། །དཀའ་ཐུབ་ཟློག་མ་ནི་མདོག་ལྗང་གུ་གཡས་ཀྱི་ལག་པ་གཉིས་ན་རྡོ་རྗེ་དང་འཁོར་ལོ་ཐོགས་པ། གཡོན་གཉིས་ན་དུང་དང་པོ་ཏི་ཐོགས་པ་སེང་ གེ་ཞོན་པའོ། །རྡོ་རྗེ་སེམས་མ་ལ་སོགས་པའི་གནས་སུ་ནི་དྲག་མོ་དང་ཚངས་མ་དང་ཁྱབ་འཇུག་མ་དང་གཞོན་ནུ་མ་དང་། ནག་མོ་དང་། ནག་མོ་ཆེན་མོ་དང་། གནོད་སྦྱིན་མོ་དང་། སྲིན་མོ་རྣམས་དགོད་པར་བྱའོ། །དེ་ལ་འདི་རྣམས་ཀྱི་ལག་པ་ལ་ལག་ཆ་ནི་མདུང་རྩེ་གསུམ་ པ་དང་། ཕྲེང་བ་དང་འཁོར་ལོ་དང་དྲིལ་བུ་དང་། གྲི་དང་ཆུ་གྲི་དང་མཆེ་བ་དང་ཁ་ཊྭཱཾ་ག་རིམ་བཞིན་ཐོགས་པ་གཡོན་གྱི་སྡིགས་མཛུབ་བསྒྲེང་བའོ། །ཕྱིའི་དཀྱིལ་འཁོར་དུ་གཤིན་རྗེ་གཤེད་ལ་སོགས་པ་དགོད་པ་ཡང་དེ་བཞིན་ཏེ། འདི་ནི་ཁྲོ་བོ་རྡོ་རྗེ་དྲག་པོ་སྒྲུབ་པའི་དཀྱིལ་འཁོར་རོ། ། ཁྲོ་བོ་རྡོ་རྗེ་མ་གཏོགས་པའི་ལྷ་གཞན་སྒྲུབ་པ་ལ་ནི་རྣམ་པར་སྣང་མཛད་ལ་སོགས་པ་ཉིད་དགོད་པར་བྱའོ། །འདིར་མ་བཤད་པའི་སྒྲུབ་ཐབས་ལ། རྡོ་རྗེའི་རིགས་པ་མཆོག་བཏོན་ལ། དེའི་གནས་སུ་རང་གི་བསྒྲུབ་པར་བྱ་བའི་ཏིང་ངེ་འཛིན་འཇིག་རྟེན་པའི་ལྷ་གང་ཡང་རུང་བ་དགོད་པར་ 61-1-258b བྱའོ་ཞེས་ཁོང་དུ་ཆུད་པར་བྱའོ། །འདི་ཡང་ལ་ལ་དག་ནི་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་དུ་དེ་བཏོན་ལ། ལྷ་ཆེན་པོ་ལ་སོགས་པ་གང་ཡང་རུང་བ་དགོད་པ་སྔོན་དུ་འགྲོ་བས་བསྒྲུབ་པ་ནི་ཤིན་ཏུ་འབྲེལ་པ་མེད་པར་སྨྲ་བ་ཡིན་པས་དེའི་གཞུང་ནི་མ་བྲིས་ཏེ། ཇི་སྐད་དུ་བཤད་པ་འདི་ཉིད་ཤིན་ ཏུ་རིགས་པ་ཁོ་ནར་མཐོང་ངོ་། །དེ་ཡང་། རྡོ་རྗེའི་ཏིང་འཛིན་བསྒོམས་ནས་ནི། །རྡོ་རྗེ་ཧཱུཾ་མཛད་ཀྱིས་བསྐུལ་ན། །མོད་ལ་དངོས་གྲུབ་ཐོབ་པར་འགྱུར། །ཞེས་སྔར་བཤད་པ་ཡིན་ནོ། །ཞི་དང་ཞེས་བྱ་བ་ལ་སོགས་པ་ལ། རང་གི་དཀྱིལ་འཁོར་གྱི་བདག་པོའི་སྦྱོར་བས་དཀྱིལ་ འཁོར་གྱི་ལྷ་རྣམས་བསྒོམས་ཏེ་ལས་དང་རྗེས་སུ་མཐུན་པར་ལྷ་རྣམས་སྤྲུལ་ལ། ཆེ་གེ་མོའི་ཞི་བར་མཛོད་ཅིག་ཅེས་བྱ་བ་ལ་སོགས་པ་བསྐུལ་བའི་ཚིག་དང་ལྡན་པས་གསང་སྔགས་བཟླས་ནས་ཞི་བ་ལ་སོགས་པའི་ལས་རྣམས་ལ་ལྷའི་འཁོར་ལོ་ངེས་པར་སྦྱར་བས་ལས་དེ་རྣམས་བྱའོ། །དེ་ ལྟར་བསྟན་ནས་ད་ནི་ཞི་བ་སྤྱན་དང་ཞེས་བྱ་བ་ལ་སོགས་པ་ལྷ་རྣམས་ཀྱི་སོ་སོར་ངེས་པ་ལས་དེ་ཉིད་དུ་གསུངས་པ་ཡིན་ཏེ་ཐམས་ཅད་དུ་ཡང་། གསུམ་པའི་མཐའ་ཅན་དག་གིས་བྱ། །ཞེས་འོག་ནས་བཤད་པ་དང་སྦྱར་རོ། །འོད་ཟེར་ཅན་དང་རི་ཁྲོད་མ། །ཞེས་བྱ་བ་འདིར་སྦྱར་བར་བྱ་ཞེས་ བྱ་བ་ནི་ལྷག་མའོ། །ཆགས་པའི་རྡོ་རྗེས་ཞེས་བྱ་བ་ནི་སྙིང་རྗེ་ཆེན་པོའི་ཆགས་པའོ། །གསང་སྔགས་དེ་ཉིད་ཀྱིས་བསྐུལ་ན། །ཞེས་བྱ་བ་ནི་གསང་སྔགས་ལ་ལས་དང་རྗེས་སུ་མཐུན་པར་བསྐུལ་བའི་ཚིག་བཅུག་པས་ཡང་དག་པར་བསྐུལ་བའོ། །ལྷ་རྣམས་ཀྱི་སོ་སོའི་ངེས་པ་ བསྟན་ནས་ད་ནི་སྤྱན་དང་ཞེས་བྱ་བ་ལ་སོགས་པས་ལས་ཀྱི་སྦྱོར་བ་ངེས་པར་གསུངས་ཏེ། རིལ་བ་སྤྱི་བླུགས་ཀྱིས་བརྒྱན་པ། །ཞེས་བྱ་བ་ནི་ཕྲེང་བ་དང་རིལ་བ་སྤྱི་བླུགས་ཀྱིས་མཛེས་པར་བྱས་པའོ། །དང་པོ་ཏིང་འཛིན་གྱིས་སྤྲུལ་ནས། །ཞེས་བྱ་བ་ནི་དང་པོ་སྟེ་ཐོག་མར་ཏིང་ངེ་ འཛིན་དེ་བསམ་གཏན་གྱིས་སྤྲུལ་ཅིང་བསྐྱེད་ནས། བདག་ཉིད་རྣམ་པར་སྣང་མཛད་ཀྱི་སྐུར་བསམ་པ་ཡིན་པར་ཤེས་པར་བྱའོ། །དེ་ཉིད་ཀྱི་ཕྱིར། རྣམ་པར་སྣང་མཛད་གནས་འདུག་སྟེ། །ཞེས་བྱ་བ་གསུངས་པ་ཡིན་ནོ། །བུམ་པ་ཟླ་བའི་མདངས་ལྡན་པ། །ཞེས་བྱ་བ་ནི་ཟླ་བའི་ 61-1-259a འོད་འདྲ་བའི་བུམ་པ་དེ་ལ་དེ་སྐད་ཅེས་བྱའོ། །བདུད་རྩི་འོ་མས་རབ་བཀང་སྟེ། །ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ཆུས་བཀང་བ་ལག་པ་གཉིས་ཀྱིས་འཛིན་པར་བསམ་མོ་ཞེས་བྱ་བར་སྦྱར་རོ། །ལག་གཉིས་པད་རྩ་དཀར་མཆོག་གི། །ཞེས་བྱ་བ་ནི་ལག་པ་པདྨའི་རྩ་ བའི་མདོག་ལྟར་དཀར་བའི་མཆོག་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །འདི་སྐད་སྟོན་ཏེ། དཀྱིལ་འཁོར་གྱི་དབུས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྣམ་པར་སྣང་མཛད་དབང་པོ་ཞི་ཞིང་སྐུ་མདོག་དཀར་བར་བདག་ཉིད་བསྒོམས་ལ་རང་གི་སྙིང་གར་ནད་པ་བསམ་སྟེ། རང་གི་དམ་ཚིག་གི་ ཕྱག་རྒྱ་དང་ཡང་དག་པར་སྦྱོར་བའི་བྱང་ཆུབ་ཀྱི་སེམས་ལས་སྤྱན་དང་སྐུལ་བྱེད་མའི་ངོ་བོར་རྣམ་པར་བསམས་ལ། ཕྱག་གཉིས་ཀྱིས་ཇི་སྐད་དུ་བཤད་པའི་བུམ་པ་བསྣམས་ཤིང་། ཕྱག་གཞན་ཕྲེང་བ་དང་རིལ་བ་སྤྱི་བླུགས་ཀྱིས་བརྒྱན་པ་སྤྲུལ་ལ། དེ་རྣམས་ཀྱིས་ནམ་མཁའ་ བཀང་སྟེ་སྔགས་བརྗོད་པ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་རྣམས་ཀྱིས་བསྐུལ་ལ་བསྒྲུབ་པར་བྱ་བ་ལ་དབང་བསྐུར་ཏེ་དེར་རབ་ཏུ་ཞུགས་ནས་ཡང་དེ་རྣམས་ཀྱི་བ་སྤུའི་བུ་ག་རྣམས་ལས་རྣམ་པར་སྣང་མཛད་ཁ་སྦྱར་གྱི་སྦྱོར་བས་ཕྱུང་བ་ལས་ཡང་དག་པར་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་ཆུའི་རྒྱུན་ རྣམས་ཀྱིས་དེ་ལ་དབང་བསྐུར་བར་བྱའོ། །དེ་ནས་དེ་རྣམས་ཀྱང་དེ་ཉིད་དུ་རབ་ཏུ་ཞུགས་པར་ཡང་ཤེས་པར་བྱའོ། །སྦྱོར་བ་འདི་དག་དང་འབྲེལ་པ་གཞན་དག་ལས་ཀྱང་། བ་སྤུའི་བུ་ག་རྣམས་ལས་ནི། །སངས་རྒྱས་སྤྲིན་ནི་རྣམ་པར་སྤྲོ། །ཞེས་བྱ་བ་ལ་སོགས་པས་སྟོན་པ་ཡིན་ནོ། ། དེ་ནས་དེས་བླ་ན་མེད་པའི་ཞི་བ་ཐོབ་པར་རྣམ་པར་བསམ་མོ། །རིན་ཆེན་མ་ཞེས་བྱ་བ་ལ་སོགས་པ་ལ་རིན་ཆེན་འབྱུང་ལྡན་གྱི་ཏིང་ངེ་འཛིན་དུ་དང་པོར་སྤྲུལ་ཅིང་བསམ་མོ་ཞེས་བྱ་བ་ནི་ལྷག་མའོ། །རིན་ཆེན་མ་ཞེས་བྱ་བ་ལ་སོགས་པ་ནི་རིན་ཆེན་སྒྲོལ་མའོ། །ཕྱག་ན་རིན་ཆེན་པདྨ་ ཅན། །ཞེས་བྱ་བ་ནི་ཕྱག་གཉིས་ཀྱིས་པདྨ་དང་རིན་པོ་ཆེ་བསྣམས་ལ། ཅིག་ཤོས་གཉིས་ཀྱིས་ནི་ཇི་སྐད་དུ་བཤད་པའི་བུམ་པ་བསྣམས་པའོ། །བདུད་རྩིས་རབ་ཏུ་གང་བ་དང་། །ཞེས་བྱ་བ་ནི་བསམ་མོ་ཞེས་སྔ་མ་དང་སྦྱར་རོ། །འདི་སྐད་སྟོན་ཏེ། དཀྱིལ་འཁོར་གྱི་ 61-1-259b དབུས་སུ་ཟླ་བའི་དཀྱིལ་འཁོར་སེར་པོའི་སྟེང་དུ་བདག་ཉིད་རིན་ཆེན་འབྱུང་ལྡན་སྐུ་མདོག་སེར་པོར་བསམས་ལ། རང་གི་སྙིང་གའི་ཟླ་བའི་དཀྱིལ་འཁོར་ལ་བསྒྲུབ་བྱ་བསམས་ནས་སྔ་མ་བཞིན་དུ་རིན་ཆེན་སྒྲོལ་མ་དང་གོས་དཀར་མོའི་གཟུགས་ལ་ཕྱག་གཉིས་ན་བུམ་པ་ཐོགས་ཤིང་། དེ་ ལས་གཞན་པའི་ཕྱག་གིས་པདྨ་དང་རིན་པོ་ཆེ་བསྣམས་པ་སྤྲུལ་ལ། དེ་རྣམས་ཀྱིས་ནམ་མཁའ་མ་ལུས་པར་བཀང་སྟེ། དེ་བཞིན་དུ་བཀུག་ནས་བསྒྲུབ་པར་བྱ་བ་ལ་དབང་བསྐུར་ལ་དེ་རྣམས་དེར་རབ་ཏུ་གཞུག་གོ། །དེ་ནས་ཡང་དེའི་བ་སྤུའི་བུ་ག་རྣམས་ལས་རིན་ཆེན་འབྱུང་ལྡན་མ་བཞིན་དུ་ ཕྱུང་ལ། དེ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་ཆུའི་རྒྱུན་གྱིས་མངོན་པར་དབང་བསྐུར་ལ། དེ་ཡང་དེར་གཞུག་པར་བྱ་བར་ཤེས་པར་བྱ་སྟེ། བ་སྤུའི་བུ་ག་རྣམས་ལས་ནི། །རིན་ཆེན་སྤྲིན་ནི་སྤྲོ་བར་བྱ། །ཞེས་བྱ་བ་ལ་སོགས་པས་སྟོན་པ་ཡིན་ནོ། །དེ་རྣམས་ཀྱིས་བླ་ན་མེད་པའི་ སངས་རྒྱས་ཐོབ་པར་གྱུར་པར་བསམ་མོ། །ལྷ་མོ་སྐུ་ཆེན་ཞེས་བྱ་བ་ལ་སོགས་པ་ལ། འོད་དཔག་ཏུ་མེད་པ་སྐུ་མདོག་དམར་པོར་བསམ་ཞེས་བྱ་བ་ལ་ནི་ལྷག་མའོ། །སྒྲོལ་མ་དེ་བཞིན་ལུ་གུ་རྒྱུད། །ཅེས་བྱ་བ་ནི་སྒྲོལ་མ་དང་ལུ་གུ་རྒྱུད་དང་བཅས་པར་བསམ་པར་བྱ་སྟེ། ཕྱག་གཉིས་ ན་ནི་ཞགས་པ་དང་ལྕགས་ཀྱུ་འཛིན་པ། ཕྱག་ཅིག་ཤོས་གཉིས་ན་ནི་མེ་ཏོག་ཅན་གྱི་མདའ་དང་གཞུ་བསྣམས་པའོ། །དེ་ནས་དེ་དག་བསམ་པ་ནི། བཀུག་སྟེ་མདའ་ཡིས་བསྣུན་ན་ནི། །ཞེས་བྱ་བ་སྟེ། ལྕགས་ཀྱུས་བཀུག་ལ་མདའ་བསྣུན་པའོ། །ཉེ་བར་མཚོན་པ་འདིས་ནི་ཞགས་ པས་བཅིངས་པས་ཀྱང་དབང་དུ་མཛད་པའོ། །འདི་སྐད་སྟོན་ཏེ་རང་གི་དཀྱིལ་འཁོར་གྱི་དབུས་སུ་ཟླ་བའི་དཀྱིལ་འཁོར་པདྨ་དམར་པོའི་མདོག་ཅན། དེའི་སྟེང་དུ་བདག་ཉིད་འོད་དཔག་ཏུ་མེད་པ་མདོག་དམར་བ་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་པདྨ་དམར་པོའི་མདོག་ཅན་ལ་བསྒྲུབ་ པར་བྱ་བ་བསམས་ནས་སྔ་མ་བཞིན་དུ་སྒྲོལ་མ་དང་ལུ་གུ་རྒྱུད་ཀྱི་གཟུགས་ཅན་མ་ཇི་སྐད་དུ་བཤད་པའི་མཚོན་ཆ་ཐོགས་པ་སྤྲུལ་ནས། དེས་ནམ་མཁའ་མ་ལུས་པར་བཀང་བས་བསྒྲུབ་པར་བྱ་བ་བཅིངས་ནས་བཀུག་སྟེ། རང་གི་སྙིང་གར་བཅུག་ནས། སྔ་མ་བཞིན་དུ་མདའི་སྦྱོར་ 61-1-260a བས་བསྣུན་པས་དེ་རྣམས་དེར་གཞུག་གོ། །དེ་ནས་ཡང་དེའི་བ་སྤུའི་བུ་ག་རྣམས་ལས་འོད་དཔག་ཏུ་མེད་པ་ཇི་ལྟ་བ་བཞིན་དུ་ཕྱུང་ལ། དེ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་ཆུའི་རྒྱུན་གྱིས་དེ་དབང་བསྐུར་ནས་དེའང་དེར་གཞུག་གོ་ཞེས་སྔ་མ་བཞིན་དུ་ཤེས་ པར་བྱའོ། །དེ་ནས་དེ་བླ་ན་མེད་པའི་དབང་དུ་འགྱུར་བ་ཐོབ་པར་བསམ་པར་བྱའོ། །ཡམས་དང་ཞེས་བྱ་བ་ལ་སོགས་པ་ལ་ཡམས་ནི་ནད་འགོ་བའི་འཆི་བས་འཆི་བ་དང་། ཁྱིམ་ལ་སོགས་པར་སྲིན་པོ་ལ་སོགས་པ་མཐོང་བ་སྟེ་དེས་བྱས་པའི་ཉེ་བར་འཚེ་བ་ནི་གནོད་པ་སྟེ། ཉེ་བར་ འཚེ་བ་དེ་རྣམས་གཞིག་ཅིང་བསྐྱབ་པའི་ཕྱིར་འོད་ཟེར་ཅན་དང་རི་ཁྲོད་ཅན་གྱི་ཤིང་ལོ་མ་རབ་ཏུ་སྦྱར་བར་བྱའོ་ཞེས་ཤེས་པར་བྱའོ། །ཇི་ལྟར་ཞེ་ན་སྐུ་ཆེན་གྱིས་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔར་བཤད་པའི་ཚུལ་དུ་ཞེས་བྱ་བ་ནི་ཏིང་ངེ་འཛིན་རིམ་པར་ཕྱེ་བ་ལས་གསུངས་པའི་ཚུལ་ དུ་མཚོན་ཆ་ལ་སོགས་པ་བསྣམས་པར་བསམ་པར་བྱའོ། །ཅི་ཞིག་བྱས་ནས་ཤེ་ན། བདུད་རྩི་ཡིས་ཀྱང་རྣམ་པར་བཟློག །ཅེས་བྱ་བ་གསུངས་ཏེ། བདུད་རྩིའི་ཆར་འབེབས་པའི་རྒྱུར་གྱུར་པས་ཡམས་དང་གནོད་པའི་རྣམ་པ་བཟློག་པར་བྱའོ་ཞེས་ཤེས་པར་བྱའོ། །འདི་སྐད་སྟོན་ཏེ། རང་གི་དཀྱིལ་འཁོར་གྱི་དབུས་སུ་ཟླ་བའི་དཀྱིལ་འཁོར་ལྗང་གུ་དེའི་སྟེང་དུ་བདག་ཉིད་དོན་ཡོད་པར་གྲུབ་པ་སྐུ་མདོག་མརྒད་ལྟ་བུའི་མདོག་ཅན་གྱི་རང་གི་སྙིང་གའི་ཟླ་བའི་དཀྱིལ་འཁོར་མདོག་ལྗང་གུ་ལ་བསྒྲུབ་པར་བྱ་བ་བསམས་ཏེ། འོད་ཟེར་ཅན་དང་རི་ཁྲོད་ཀྱི་ལོ་མ་ཅན་གྱི་གཟུགས་ལ་ཁྲོ་ བོ་ཇི་ལྟ་བ་བཞིན་སྐུར་སྤྲུལ་པ་དེ་རྣམས་ཀྱིས་ནམ་མཁའ་མ་ལུས་པར་བཀང་སྟེ། དེའི་ལུས་ལས་བྱུང་བའི་ཁྲོ་བོ་འབར་བ་རྣམས་ཀྱིས་གདུག་པ་རྣམས་ཀྱི་མིག་དང་ཁ་ཚེམས་ཤིང་ཐལ་བར་བྱས་པར་རྣམ་པར་བསམས་ལ། འོད་ཟེར་ཅན་ལ་སོགས་པའི་ལྷ་མོའི་ཚུལ་གྱིས་ཞི་བའི་ གཟུགས་སུ་ཡོངས་སུ་གྱུར་ནས་བུམ་པ་ཐོགས་པ་བཀུག་ནས་དབང་བསྐུར་ཏེ་དེ་རྣམས་དེར་གཞུག་གོ། །དེ་ནས་ཡང་དེའི་བ་སྤུའི་བུ་ག་རྣམས་ནས་དོན་ཡོད་པར་གྲུབ་པ་ཇི་ལྟ་བ་སྤྲུལ་ལ། དེ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་ཆུའི་རྒྱུན་གྱིས་དབང་བསྐུར་ཏེ། དེ་ཡང་དེར་རབ་ཏུ་ 61-1-260b ཞུགས་པ་ནི་སྔ་མ་བཞིན་དུ་ཤེས་པར་བྱའོ། །དེ་ནས་དེ་ཉེ་བར་འཚེ་བ་དང་བྲལ་བ་རྣམ་པར་བསམ་མོ། །མརྒད་ལྟ་བུའི་མདོག་ཅན་ལ། །ཞེས་བྱ་བ་ནི་དོན་ཡོད་པར་གྲུབ་པ་སྐུ་མདོག་ལྗང་གུའི་རྣམ་པར་བསམས་ལ་བཤད་མ་ཐག་པའི་སྦྱོར་བ་བྱའོ་ཞེས་སྟོན་པ་ཡིན་ནོ། །ལ་ལ་དག་ནི་མི་བསྐྱོད་པ་མརྒད་ཀྱི་མདོག་ ལྟ་བུའོ་ཞེས་ཟེར་ཏེ། དེ་ནི་མདོག་དང་རྗེས་སུ་མི་མཐུན་པས་མི་རིགས་སོ། །ཧཱུཾ་ཞེས་བྱ་བའི་སྒྲ་སྒྲོགས་པ། །ཞེས་བྱ་བ་ནི་ཡི་གེ་ཧཱུཾ་འདོན་པ་སྟེ། མི་བསྐྱོད་པ་སྐུ་མདོག་ཨིནྡྲ་ནཱི་ལ་ལྟ་བུར་བསམ་མོ་ཞེས་བྱ་བ་ནི་ལྷག་མའོ། །རྡོ་རྗེས་བསྡིགས་པར་བརྩོན་པ་ཡིས། །ཞེས་བྱ་བ་ནི་ཉེ་བར་མཚོན་པ་འདིས་ནི་ཏིང་ངེ་འཛིན་རིམ་པར་ཕྱེ་བ་ ལས་གསུངས་པའི་མཚོན་ཆ་བསྣམས་པ་ཡིན་པར་རིགས་སོ། །འདི་སྐད་སྟོན་ཏེ་རང་གི་དཀྱིལ་འཁོར་གྱི་དབུས་སུ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་བདག་ཉིད་མི་བསྐྱོད་པ་སྐུ་མདོག་སྔོན་པོར་བསམས་ལ། རང་གི་སྙིང་གར་ཉི་མའི་དཀྱིལ་འཁོར་ལ་བསྒྲུབ་པར་བྱ་བ་སྲུང་བ་དང་བྲལ་ཞིང་ ལྷས་སྤངས་པར་བསམས་ལ་སྔ་མ་བཞིན་དུ་ཁྲོ་གཉེར་ཅན་དང་མཱ་མ་ཀཱིའི་གཟུགས་ཀྱི་སྤྲུལ་པས་ནམ་མཁའ་མ་ལུས་པ་ཀུན་བཀང་སྟེ། དེ་བཞིན་དུ་བཀུག་ནས་རྡོ་རྗེ་མེའི་ཆར་གྱིས་བསྲེགས་ལ་དེ་རྣམས་དེར་གཞུག་གོ། །ཡང་དེའི་བ་སྤུའི་བུ་ག་རྣམས་ལས་མི་བསྐྱོད་པ་ཇི་ལྟ་བ་ བཞིན་དུ་སྤྲུལ་ལ། དེ་བཞིན་དུ་རྡོ་རྗེ་མེའི་ཆར་འབེབས་པར་བྱ་སྟེ། དེའི་ལུས་ལ་དེ་ཞུགས་པས་བསྐམས་ཤིང་ཤི་བར་བསམ་མོ། །ཡན་ལག་གཞིག་པ་ལ་ཡང་ཆོ་ག་འདི་ཉིད་བྱའོ། །འདི་ནི་ནང་གི་ཞི་བ་ལ་སོགས་པའི་ཆོ་ག་སྟེ། བསྒྲུབ་པར་བྱ་བ་མདུན་དུ་བསམས་ ལ་ལས་ལྔ་པོ་བྱ་བ་ནི་ཕྱིའི་ཆོ་གའོ། །བྱིན་བརླབས་ཞེས་བྱ་བ་ལ་སོགས་པ་ལ་བྱིན་གྱིས་བརླབས་པའི་ངོ་བོ་ཉིད་ནི་རྡོ་རྗེ་སེམས་མའོ། །དམ་ཚིག་དང་དབང་བསྐུར་བའི་ངོ་བོ་ཉིད་ནི་རིན་ཆེན་སེམས་མའོ། །དེ་ཉིད་འོག་ནས་གསུངས་པ་ནི། རྡོ་རྗེ་སེམས་མ་རིན་ཆེན་འཆང་། །ཞེས་ བྱ་བ་ཡིན་ནོ། །ཆོས་དང་རྡོ་རྗེ་ལས་ཆོས་མ། །ཞེས་བྱ་བ་ནི་ཆོས་ཀྱི་སེམས་མ་དང་ལས་ཀྱི་སེམས་མ་སྟེ། དེ་ལྟར་ན་ལྷ་མོ་བཞི་པོའི་འདི་ཉིད་སྦྱར་རོ། །ཇི་ལྟར་ཞེ་ན། སྦྱོར་བ་ཞེས་བྱ་བ་གསུངས་ཏེ། བཤད་མ་ཐག་པའི་ཞི་བ་ལ་སོགས་པའི་ལས་བཞིའི་ཚིག་སྦྱར་རོ། ། 61-1-261a ཞེས་སྟོན་ཏོ། །བཅུ་དྲུག་ཅེས་བྱ་བ་ནི་ཉེ་བར་མཚོན་པ་འདིས་ནི་ཚད་གསུངས་པ་ཡིན་ཏེ། ཆོས་དང་བྱམས་པ་ལ་སོགས་པ་གཟུང་ངོ་། །རང་གི་ཕྱོགས་ཞེས་བྱ་བ་ལ་སོགས་པ་ལ་ཤར་ལ་སོགས་པའི་ཕྱོགས་ན་གནས་པའི་བྱམས་པ་ལ་སོགས་པས་ཞི་བ་དང་རྒྱས་པ་དང་དབང་དང་ ཡམས་དང་གནོད་པ་ཉེ་བར་ཞི་བའི་ལས་ངེས་པར་བྱེད་པའོ། །འབྲས་བུ་དོན་ཡོད་སྦྱིན་བྱེད་པའི། །ཁྲོ་བོའི་ལུས་ལ་ལེགས་གནས་ཏེ། །ཞེས་བྱ་བ་ལ་སོགས་པས་ནི་དོན་ཆེན་པོ་ཉིད་ཡིན་པའི་ཕྱིར་བསྟན་པའི་དོན་དུ་སླར་ཡང་མངོན་སྤྱོད་ཀྱི་ལས་བྱ་བ་གསུངས་པ་ཡིན་ཏེ། ཁྲོ་བོའི་ལུས་ལ་ ཞེས་བྱ་བ་ནི་གཤིན་རྗེ་གཤེད་ལ་སོགས་པའི་སྐུར་ལེགས་པར་གནས་པར་བྱས་ལ། ཁྲོ་བོའི་རྒྱལ་པོ་ལས་ལ་ངེས་པར་སྦྱར་བར་བྱའོ། །ཇི་ལྟར་ཞེ་ན་དམ་ཚིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དམ་ཚིག་ལ་སོགས་པ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་བསྒྲུབ་པར་བྱ་བའི་ལུས་ ལ་གནས་ཤིང་སྐུ་གསུང་ཐུགས་སྒོམ་པས་རྣམ་པར་བསྒོམ་པའོ། །བསྐུལ་བ་ནི་བཅོམ་ལྡན་འདས་འདི་ནི་དཀོན་མཆོག་གསུམ་ལ་གནོད་པ་བྱེད་པའོ་ཞེས་བྱ་བ་ལ་སོགས་པའི་བསྐུལ་བ་རྣམས་ཀྱིས་ཕྱུང་སྟེ་ཞེས་བྱ་བའི་དོན་ཏོ། །དེའི་རས་ཞེས་བྱ་བ་ནི་དུར་ཁྲོད་ཀྱི་རས་སོ། །དེའི་ གཟུགས་བརྙན་བཅིང་བར་བྱ། །ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་ལུས་ཀྱི་རྣམ་པ་དང་འདྲ་བར་བྱས་ལ་བྱའོ། །ཕུར་བུ་ཞེས་བྱ་བ་ནི་སྔ་མ་བཞིན་དུ་མངོན་པར་འདུས་བྱས་པས་སོ། །མེ་འབར་བ་ལ་ཞེས་བྱ་བ་ནི་འབར་བའི་མེ་ལ་སྟེ་བསྐམས་པ་དང་བཅད་པ་ནི་སྔ་མ་བཞིན་ཏེ། གོང་ ནས་གོང་དུ་ཕུལ་དུ་བྱུང་བའི་སྦྱོར་བས་སོ། །རུས་སྦལ་གྱི་ནི་རྐང་སྟབས་སྦྱར། །ཞེས་བྱ་བ་ནི་ཙོག་ཙོག་པོར་འདུག་སྟེ་རྐང་པ་གཡོན་པའི་སྟེང་དུ་རྐང་པ་གཡས་པ་གཞག་པར་བྱ་བ་ནི་རུས་སྦལ་གྱི་རྐང་སྟབས་ཀྱི་མཚན་ཉིད་དོ། །ལས་འདི་ཞེས་བྱ་བ་ནི་ལས་རྣམས་སོ། །འདི་ སྐད་བསྟན་པ་ཡིན་ཏེ། རང་གི་དཀྱིལ་འཁོར་གྱི་དབུས་སུ་གཤིན་རྗེ་གཤེད་ལ་སོགས་པ་གང་ཡང་རུང་བའི་སྦྱོར་བས་འདུག་ལ། དཀོན་མཆོག་གསུམ་ལ་གནོད་པ་བྱེད་པའི་བསྒྲུབ་བྱ་མདུན་དུ་བསམས་ཏེ། དེའི་སྙིང་གར་དེ་རང་གི་ལྷ་འདོད་པའི་རྒྱལ་པོས་བཀུག་ལ་དེའི་མགོ་ 61-1-261b འཁོར་ལོའམ་པདྨའམ་རྡོ་རྗེ་འབར་བ་ཀུན་དུ་འཁྲུགས་པ་རྣམ་པར་བསམས་ལ། བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པས་ཇི་ལྟ་བ་བཞིན་དུ་བཟློག་ལ་བསྒྲུབ་པར་བྱ་བའི་སྙིང་གའི་ཟླ་བ་ལ་དེའི་མིང་བྲིས་ལ། ཨོཾ་མ་ཎི་རི་ཏི་ན་ར་པ་ཏི་ར་ཛཱ་ཡོ་གི་ནི་ཛ་སྭཱ་ཧཱ། ཞེས་བྱ་བ་ཁ་དོག་ ལྔ་པའི་འོད་ཟེར་གྱི་ཚོགས་ཀྱིས་མིང་དྲངས་ནས་བཀུག་པའི་ཚུལ་དུ་རིག་སྔགས་དང་སྤེལ་བས་རང་གི་རྐང་པའི་འོག་ཏུ་གཞག་གོ། །དེ་ནས་བྱང་ཆུབ་སེམས་ཀྱི་ཇི་ལྟ་བ་བཞིན་དུ་དཔྲལ་བ་སྔོན་འགྲོ་བས། མགོ་དང་སྤྱི་གཙུག་ལ་སོགས་པའི་སྲུང་བ་བསལ་ལ། ཇི་སྐད་དུ་བཤད་པའི་ ཚུལ་གྱིས་དེའི་གཟུགས་བརྙན་བསྐྱེད་དེ་རྣམ་པར་ཤེས་པ་རླུང་དང་འདྲ་ཞིང་སྲིན་བུ་མེ་ཁྱེར་ལྟ་བུར་ལྕགས་ཀྱུས་བཀུག་ནས། ཞགས་པས་གཞུག་ཅིང་ལྕགས་སྒྲོག་གིས་བཅིངས་ཏེ་གཟིར་བ་འདི་ལྟ་བུ་ཞག་བདུན་གྱི་བར་དུའོ། །དེ་ནས་རྐང་པས་མནན་ལ་དུས་དེ་སྲིད་ཀྱི་བར་དུ་བཟླས་ བརྗོད་བྱའོ། །དེ་ནས་པོ་སོན་ཆའི་ཚེར་མས་ཕུག་ལ་དུས་དེ་སྲིད་ཀྱི་བར་དུ་བཟླའོ། །དེ་ནས་ཕུར་བུས་བཏབ་ལ་དེ་བཞིན་དུ་བཟླའོ། །དེ་ནས་མེས་གདུང་བར་བྱའོ། །དེ་ནས་གཅད་དོ། །དེ་ནས་སྦྱིན་སྲེག་བྱེད་ཅིང་ཞག་བདུན་བཟླའོ། །དེ་ལྟར་ཉིན་ཞག་བདུན་ ཁྲོ་བོའི་ང་རྒྱལ་བྱས་ལ་འབར་བའི་ལུས་ཀྱིས་ལས་བྱས་ན་ངེས་པར་འཇིག་པར་འགྱུར་བར་གདོན་མི་ཟའོ། །ཆོ་ག་བཞིན་དུ་དགུག་པར་བྱ། །ཞེས་བྱ་བ་ནི་སྔར་བཤད་པའི་ཆོ་གས་སོ། །རྡོ་རྗེ་གཞན་གྱིས་ཞེས་པ་ནི་གཤིན་རྗེ་གཤེད་ལ་སོགས་པའི་ཁྲོ་བོའོ། །བསྣུན་པར་བྱེད་ པ་ཞེས་བྱ་བ་ནི་བརྡེག་བཞིན་པའོ། །གཏུབ་པ་དང་ཞེས་བྱ་བ་ནི་རྣམ་པར་གཞིག་པའོ། །རྒྱུ་མ་ལང་ལོང་ནར་བར་བསམ། །ཞེས་བྱ་བ་ནི་རྒྱུ་མ་དང་ཡན་ལག་ཀུན་དབྲལ་ཞིང་ནར་ལ་བསྒྲུབ་པར་བྱ་བ་འཇིག་པས་རྣམ་པར་མྱོས་པར་བསམ་པར་བྱའོ་ཞེས་སྔ་མ་དང་སྦྱར་རོ། །འདི་སྐད་ སྟོན་ཏེ་རང་གི་དཀྱིལ་འཁོར་གྱི་དབུས་སུ་གཤིན་རྗེ་གཤེད་ལ་སོགས་པ་གང་ཡང་རུང་བའི་སྦྱོར་བས་འདུག་ལ་བསྒྲུབ་པར་བྱ་བ་མདུན་དུ་བསམས་ཏེ། སྲུང་བ་ལ་སོགས་པ་དང་ཕྲལ་ལ། ཇི་སྐད་དུ་བཤད་པའི་ཁྲོ་བོ་སྤྲུལ་ནས། ལ་ལས་ནི་ཞགས་པས་བཅིངས་ནས་ལྷོ་ཕྱོགས་སུ་ཁྲིད་ 61-1-262a པར་གྱུར་པ་དང་། ལ་ལས་ནི་རྡོ་རྗེས་བརྡེག་བཞིན་པ་དང་ལ་ལས་ནི་གཏུན་ཤིང་གིས་བརྡུང་བཞིན་པ་དང་ལ་ལས་ནི་འཁོར་ལོས་གཅོད་བཞིན་པ་དང་། ལ་ལས་ནི་ལྕགས་ཀྱུ་ལ་སོགས་པས་འདྲེན་བཞིན་པ་དང་། ལ་ལས་ནི་ཟ་བཞིན་པར་རྣམ་པར་བསམས་ལ། སྔར་བཤད་པའི་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱས་བཅིངས་ཏེ་འབར་བའི་ཚུལ་གྱིས་ཇི་སྐད་དུ་བཤད་པའི་གསང་སྔགས་བཟླས་ནས། དཀྱིལ་འཁོར་གྱི་ལྷ་རྣམས་དེ་གསོད་པར་བརྩོན་པར་བསམ་པར་བྱའོ། །མིང་ནས་བསྐུལ་བར་བྱ་བ་ནི་ཆེ་གེ་མོ་ཟོ་ཤིག་ཅེས་བྱ་བ་ལ་སོགས་པས་བསྐུལ་བ་ སྟེ། སྔར་བཤད་པའི་བསྐུལ་བའི་སྦྱོར་བ་འདི་དང་སྦྱར་རོ། །རླུང་གི་ཞེས་བྱ་བ་ལ་སོགས་པས་ནི་སྦྱོར་བ་གཞན་གསུངས་པའོ། །རྡོ་རྗེ་ཁྲོ་བོས་ཞེས་བྱ་བ་ནི་དབྱུག་སྔོན་ལ་སོགས་པའོ། །དཀྲི་བར་བྱ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་ལ་བསམ་ཞེས་བྱ་བ་ནི་ལྷག་མ་སྟེ། འདི་ནི་ བསམ་གཏན་གྱིས་སྐྲོད་པའོ། །འདི་སྐད་སྟོན་ཏེ་ཁྲོ་བོ་གང་ཡང་རུང་བའི་སྦྱོར་བས་རང་གི་དཀྱིལ་འཁོར་གྱི་དབུས་སུ་འདུག་ལ། བསྒྲུབ་པར་བྱ་བ་དེ་བཞིན་དུ་མགོ་དང་གཙུག་ལ་སོགས་པའི་སྲུང་བ་བསལ་ལ། ཡཾ་ལས་རླུང་གི་དཀྱིལ་འཁོར་བསྐྱེད་པ་ལ་བསྐྱོན་ཏེ་རྡོ་རྗེ་རྔ་མོའི་རྒྱབ་ཏུ་ བསྐྱོན་ཏེ། གཅེར་བུ་སྤྱི་གཙུག་སྐྲ་གྲོལ་བ་ཏིལ་མར་གྱིས་ལུས་བསྐུས་ལ། བསྒྲུབ་པར་བྱ་བའི་ཁ་དང་གདོང་དང་། ལག་པ་གཉིས་དང་། སྙིང་ག་དང་། ལྐོག་མར་ཡི་གེ་ཡཾ་དུ་བའི་མདོག་ཅན་བསམས་ལ། དབྱུག་སྔོན་གྱི་རྡོ་རྗེས་མཚན་པའི་དབྱུག་པས་རྡོ་རྗེ་རྔ་མོ་བརྡབ་ པས་ལྷོ་ཕྱོགས་སུ་ཁྱེར་ཞིང་རྔ་མོའི་གཅིན་གྱིས་དེའི་ལུས་ཡོངས་སུ་གཡེངས་པར་གྱུར་པར་བསམས་ཏེ། དེ་ཉིད་དང་ལྷན་ཅིག་ཏུ་ཡུལ་གཞན་དུ་ཕྱིན་པར་བསམ་པར་བྱ་ཞིང་ཁ་གདོང་མ་བཀྲུས་ཤིང་ཇི་སྲིད་དུ་བྱ་རོག་མ་ལངས་པ་དེ་སྲིད་དུ། ཨོཾ་བྷེ་རི་བྷེ་རི་གནྡྷ་རི་ཙཎྜ་ལཱི་མ་ཏཾ་གི་སྭཱ་ཧཱ་ཞེས་ བརྗོད་ལ་ཁའི་དབུགས་ཀྱིས་བསྒྲུབ་པར་བྱ་བ་བཏེག་ན་ངེས་པར་སྐྲོད་པར་གྱུར་རོ། །དེའི་རྐང་རྗེས་ས་ཞེས་བྱ་བ་ལ་སོགས་པའི་སྦྱོར་བའི་དོན་ནི་བཤད་ཟིན་ཏོ། །དེ་ལྟར་ན་དེའི་སྦྱོར་བའི་ལས་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་ཆོ་གས་བསྟན་པའི་གསང་སྔགས་བྲི་བ་ལ་སོགས་པའི་ལས་ 61-1-262b ཀྱིས་བསྐྲད་པར་འགྱུར་ཞེས་ཀྱང་སྦྱར་རོ། །བསྒོམ་ཞིང་ཆོ་ག་བཞིན་བྱས་ན། །ཞེས་བྱ་བ་ནི་རང་གི་སྦྱོར་བས་དེ་བཞིན་དུ་འདུག་པ་ལ་བསམ་གཏན་གྱིས་བསྐྲད་པའི་སྦྱོར་བ་བསྒོམས་པས་སྐྲོད་པར་འགྱུར་རོ་ཞེས་འོག་ནས་སྨོས་པ་དང་སྦྱོར་རོ། །དེའི་མིང་གསང་སྔགས་དང་སྤེལ་ཞིང་ཞེས་ བྱ་བ་ནི་བསྒྲུབ་པར་བྱ་བའི་མིང་དང་སྔགས་སུ་སྤེལ་བ་སྟེ། འདིས་ཀྱང་ཕྱི་དང་ནང་གི་རྣམ་པའི་བྱེ་བྲག་ཅན་གྱི་སྦྱོར་བ་མ་ལུས་པ་གསུངས་པ་ཡིན་ནོ། །འདི་སྐད་སྟོན་ཏེ། དེ་བཞིན་དུ་ཁྲོ་བོ་གང་ཡང་རུང་བའི་སྦྱོར་བས་རང་གི་དཀྱིལ་འཁོར་གྱི་དབུས་སུ་འདུག་ལ་སྲུང་བ་ལ་སོགས་པ་ བསལ་ཏེ། ཏ་ལའི་ལོ་མ་ལ་སོགས་པ་ཕྱག་རྒྱ་གཏོར་བའི་ཚུལ་ལམ་ཡི་གེ་གོ་བཟློག་པའི་ཚུལ་གྱིས་བདུད་རྩི་འཁྱིལ་པ་ལ་སོགས་པ་གང་ཡང་རུང་བའི་སྔགས་ཆེ་གེ་མོ་སྐྲོད་ཅིག་ཅེས་བྱ་བའི་ཚིག་དང་སྤེལ་བའི་སྦྱོར་བས་དུག་ལ་སོགས་པས་བྲིས་ལ་ནིམ་པའི་ལོ་མ་སྨེ་བར་བྱས་པ་ དང་། ཁྲག་ལ་སོགས་པ་བསྐུས་ལ། ཏ་ལའི་ལོ་མ་དེ་འུག་པའི་སྒྲོས་སམ་དགེ་སྦྱོང་གི་སྐྲས་དཀྲི་ཤིང་སྤེལ་བ་བྱས་ལ། ཉི་མ་ཕྱེད་དམ་མཚན་ཕྱེད་ལ་ཁྱིམ་གྱི་དབུས་ལ་སོགས་པར་བརྐོས་ནས་ཇི་སྐད་བཤད་པའི་བསམ་གཏན་གྱིས་བཀོད་པའི་སྦྱོར་བས་བསྒོམ་པར་བྱའོ། །འཐབ་ མོ་འགྱེད་པ་ཞེས་བྱ་བ་ནི་ལྷའི་གཟུགས་སུ་བསྒོམས་པས་གནས་ལ་འཐབ་བཞིན་པར་ཡོངས་སུ་བསམ་མོ་ཞེས་སྦྱར་རོ། །འདི་སྐད་སྟོན་ཏེ་དེ་བཞིན་དུ་གཤིན་རྗེ་གཤེད་ལ་སོགས་པའི་རང་གི་དཀྱིལ་འཁོར་གྱི་དབུས་སུ་འདུག་ལ་བསྒྲུབ་པར་བྱ་བའི་སྲུང་ལ་སོགས་པ་བསལ་ཏེ། དེའི་ གནས་དང་ཉེ་བར་གཤིན་རྗེ་གཤེད་ལ་སོགས་པའི་ཁྲོ་བོ་གཉིས་བསམས་ལ། དེའི་སྙིང་གར་ཡི་གེ་ཧཱུཾ་དམར་པོ་དང་ནག་པོ་བསམས་ལ་བསྒྲུབ་པར་བྱ་བའི་དཔྲལ་བར་ཡང་བཀོད་ནས། ཁྲོ་བོ་གཉིས་འཐབ་བཞིན་པར་བསྒྲུབ་པར་བྱ་བ་དབྱེ་ཞིང་འགྲས་པར་བསམ་མོ། །རང་གི་ལག་ པའི་སེན་མོ་ལ་དེའི་མིང་གི་ཡི་གེའི་ཕྲེང་བ་ཕྱིན་ཅི་ལོག་ཏུ་བཀོད་ལ། ཕན་ཚུན་བདར་ནས་ཆེ་གེ་མོ་འགྲས་པར་གྱུར་ཅིག་ཅེས་བསྐུལ་ལ་ཁྲོས་པས་རང་གིས་གསང་སྔགས་བཟླ་བར་བྱའོ། །ཧཱུཾ་ཞེས་བྱ་བས་གང་བའི་ཞེས་བྱ་བ་ནི་ཡི་གེ་ཧཱུཾ་བརྗོད་པས་སོ། །རྡོ་རྗེ་ཕྲ་མོ་བསྒོམས 61-1-263a བྱས་ནས། །ཞེས་བྱ་བ་ནི་ཧཱུཾ་ལས་བྱུང་བའི་ནས་འབྲུ་ཙམ་གྱི་རྡོ་རྗེ་རྩེ་མོ་ལྔ་པ་འབར་བར་བསམས་ལ་དགང་བར་བྱའོ་ཞེས་འོག་མ་དང་སྦྱར་རོ། །གང་དུ་ཞེ་ན། སྣ་ཡི་རྩེ་མོ་ནས་བཏོན་ཏེ། །ཞེས་བྱ་བ་གསུངས་ཏེ། མན་ངག་ཇི་ལྟ་བ་བཞིན་དུ་སྣའི་རྩེ་མོར་བསྒོམ་པས། རྡོ་རྗེ་ཕྲ་མོ་བསྐྱེད་ནས་དེས་དུས་ཕྱིས་དགང་བར་བྱའོ། །སྣ་ཚོགས་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ནི་རེ་རེ་ཞིང་རྩེ་མོ་ལྔ་པ་ལ་ཁ་བཞི་པའི་རྡོ་རྗེའོ། །ཡང་ན་རེ་རེ་ཞིང་རྩེ་གསུམ་པ་ཁ་བཞི་པའི་རྡོ་རྗེ་ནི་སྣ་ཚོགས་རྡོ་རྗེའོ། །བཅིངས་ནས་སུ་ཞེས་བྱ་བ་ནི་ལག་པའི་དབུས་ལ་སོགས་ པའོ། །རྡོ་རྗེ་འབར་བ་ལ་ཞེས་བྱ་བ་ལ་སོགས་པ་ཇི་སྐད་དུ་བཤད་པའི་རྡོ་རྗེ་འབར་བས་བསྒྲུབ་པར་བྱ་བའི་ལུས་སྐེམས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །འདི་སྐད་སྟོན་པ་ཡིན་ཏེ། མན་ངག་ཇི་ལྟ་བ་བཞིན་དུ་རྡོ་རྗེ་ཕྲ་མོ་བསྒོམ་པས་བསྐྱེད་ལ། དེ་བཞིན་དུ་ཁྲོ་བོ་ གང་ཡང་རུང་བའི་སྦྱོར་བས་རང་དཀྱིལ་འཁོར་གྱི་དབུས་སུ་འདུག་སྟེ་བསྒྲུབ་པར་བྱ་བ་མདུན་དུ་བསམས་ལ་སྲུང་བ་ལ་སོགས་པ་བསལ་ནས། ཧཱུཾ་ཞེས་བརྗོད་ལ་སྣའི་དབུགས་ཀྱིས་ཇི་སྐད་དུ་བཤད་པའི་རྡོ་རྗེ་དྲངས་ཏེ། དེ་བསྒྲུབ་པར་བྱ་བའི་རྐང་པ་ལ་སོགས་པའི་གནས་སུ་སྣ་ཚོགས་རྡོ་རྗེ་ རྣམ་པར་སྤྲོས་ལ་བསྒྲུབ་པར་བྱ་བ་འདིའི་གཤེར་བའི་རྫས་རྣམས་རྡོ་རྗེ་མཁའ་འགྲོ་མས་གཞིབས་པར་བསམས་ལ་ཇི་སྐད་བཤད་པའི་འདོད་པའི་རྒྱལ་པོའི་ཕྱག་རྒྱ་བཅིངས་ནས་ཁྲོ་བོ་ཞེས་པས། ཨོཾ་ཞེས་བྱ་བ་ལ་སོགས་པར་བསྟན་པའི་གསང་སྔགས་དེས་བསད་པ་ལ་སོགས་པའི་སྦྱོར་ བས་འདོན་པར་བྱོའོ། །མཁས་པས་ཞེས་བྱ་བ་ནི་མཁས་པས་ཞེས་བྱའོ་ཞེས་སྔ་མ་དང་སྦྱར་བའམ་དེ་ནས་མཁས་པས་དགབ་ཀྱི་འོག་མ་དང་སྦྱར་རོ། །རླུང་གི་ཕྱོགས་སོང་སྟེ་ཞེས་བྱ་བ་ནི་རླུང་གི་ཕྱོགས་ཀྱི་ཆ་སྟེ་རླུང་ལྷས་ཕྱེ་བའི་མཚམས་སོ། །དེ་དག་ཅེས་བྱ་བ་ནི་ ཐིག་ལེའོ། །དེ་ནི་ཞེས་བྱ་བ་ནི་ཁམ་ཕོར་དེ་བསམ་མོ་ཞེས་སྦྱར་ཏེ། དེ་ནི་ཞེས་བྱ་བ་རི་རབ་ཀྱིས་མནན་པར་བསྒོམ་མོ་ཞེས་ཤེས་པར་བྱའོ། །ཡཾ་ཞེས་བྱ་བ་ལ་སོགས་པ་ལ་ཡཾ་ལས་བྱུང་བའི་རླུང་བདུན་འོག་གི་ཆར་གནས་པ་རྣམས་ཀྱིས་ཡོངས་སུ་གཡོ་བ་དང་རི་རབ་དེ་ 61-1-263b ཞེས་བྱ་བ་ནི་སྔ་མ་བཞིན་དུ་རླུང་མནན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ནང་དུ་རླུང་རྣམས་ངེས་པར་ཆུད་པར་བྱ་ཞེས་བྱ་བ་ནི་བྱ་བའི་ཁྱད་པར་གྱིས་ནི་གཉིས་པ་ཡིན་ཏེ། ནང་སྟེ་དབུས་སུ་རླུང་རྣམས་ཆུད་ཅིང་སྦས་པ་སྟེ་རླུང་ཚོགས་རི་རབ་ཀྱིས་གཡོགས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །གཞན་ཡང་ དེ་ཉིད་ཁྱད་པར་ནི། ལཾ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཡི་གེ་ལཾ་ལས་མཚན་པའི་དབང་ཆེན་གྱི་དཀྱིལ་འཁོར་གང་ཡིན་པ་དེར་རོ། །འདི་སྐད་སྟོན་ཏེ་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས་ཇི་སྐད་དུ་བཤད་པའི་ཕྱོགས་སུ་སོང་ལ། དེའི་དཀྱིལ་འཁོར་གྲུ་བཞི་པ་བྱས་ཏེ། དེར་འཁོར་ལོའི་སྦྱོར་བས་མཐའ་མར་དྲུག་དབུས་སུ་གཅིག་བྱས་ཏེ་དེ་རྣམས་ལ་ཡང་ཡཾ་བཀོད་ལ། དེ་ཡོངས་སུ་གྱུར་པ་ལས། རླུང་ལྷ་རྣམས་སུ་བསམས་ཏེ་འདོད་པའི་རྒྱལ་པོས་གཉིས་པ་ཡང་བཀུག་ནས་གཞུག་པ་དང་བཅིང་བ་དང་དམ་ཚིག་དང་། བཀའ་བསྒོ་བ་ཇི་ལྟ་བ་བཞིན་དུ་བྱས་ཏེ། ཧཱུཾ་ཧཱུཾ་སུཾ་ཧཱུཾ་ཞེས་བྱ་བ་ལས་བསྐྱེད་པའི་ཁམ་ཕོར་ལས་རིའི་རྒྱལ་པོ་རི་རབ་ཁ་ཐུར་དུ་བལྟས་པ་ལ་ཡི་གེ་ཧཾ་བཟླས་ལ་རབ་ཏུ་བཀབ་སྟེ། དེའི་སྟེང་དུ་ཡི་གེ་ལཾ་ལས་དབང་ཆེན་གྱི་དཀྱིལ་འཁོར་ཟུར་བཞི་པ་ཁ་དོག་སེར་པོ་བསམས་ལ། དབང་ཆེན་གྱི་དཀྱིལ་འཁོར་དེ་ཡང་ཁྲོ་བོའི་རྡོ་རྗེ་ཆེན་པོ་རྩེ་ ལྔ་པས་མནན་པར་རྣམ་པར་བསམས་ལ་དེའི་སྟེང་དུ་རྐང་པ་གཡོན་པ་བཞག་ནས། འཕགས་པ་མི་གཡོ་མགོན་གྱི་གསང་སྔགས་ལ་རྗེས་སུ་མཐུན་པའི་བསྐུལ་ཚིག་དང་བཅས་པ་བརྒྱ་རྩ་བརྒྱད་བཟླས་པར་བྱའོ་ཞེས་བསྟན་པ་འདི་ནི་དེ་གཙོ་བོར་བསྟན་པ་ཡིན་གྱི་སྦྱོར་བ་གཞན་གྱི་བྱ་བ་ལ་ ཡང་ཉེས་པ་མེད་དོ། །ཀླུ་བརྒྱད་དགོད་དབུས་ཞེས་བྱ་བ་ནི་ཤར་གྱི་འདབ་མ་ནས་བརྩམས་ཏེ་སྔར་བཤད་པའི་ཀླུ་བརྒྱད་དགོད་པའོ། །རྡོ་རྗེ་ཁྲོ་བོའི་སྐུ་ཞེས་བྱ་བ་ནི་གཙོ་བོར་ཁྲོ་བོ་སྟོབས་པོ་ཆེའི་སྐུས་སོ། །གཟིར་ནས་སུ་ཞེས་བྱ་བ་ནི་གཟིར་བར་བསམ་མོ་ཞེས་བྱ་བ་ཚིག་གི་ལྷག་མའོ། ། འདི་སྐད་སྟོན་ཏེ་དེ་བཞིན་དུ་རང་གི་དཀྱིལ་འཁོར་གྱི་དབུས་སུ་སྟོབས་པོ་ཆེའི་སྦྱོར་བས་འདུག་ལ་མདུན་དུ་སྤང་ལེབ་ལ་སོགས་པའི་གཞི་ལ་མེའི་དཀྱིལ་འཁོར་དེའི་འོག་ཏུ་རླུང་དེར་ཡང་ཆུའི་དབུས་སུ་ཇི་སྐད་དུ་བཤད་པའི་པདྨ་བྲིས་ལ། དེའི་འདབ་མ་བརྒྱད་ལ་ཇི་སྐད་དུ་བཤད་པའི་ཀླུ་བརྒྱད་ 61-1-264a ཡི་གེ་ན་ཧཱུཾ་གཉིས་ཀྱི་བར་དུ་བཅུག་པའི་རྣམ་པར་དགོད་ལ། དེར་ཡང་སྟོབས་པོ་ཆེས་ཀླུ་དགུག་པ་ལ་སོགས་པ་བྱས་ཏེ། རྟིང་པས་བཏེག་པར་བསམས་ལ། ཧཱུཾ་གིས་རབ་ཏུ་གཟིར་བར་གྱུར་པས་ཀླུའི་བདག་པོ་སྐྱུགས་པར་གྱུར་པ་རྣམ་པར་བསམས་ལ་ཆར་ཕོབ་ཤིག་ཅེས་ པའི་བསྐུལ་ཚིག་དང་བཅས་པར་སྔགས་བཟླའོ། །དབུས་ཞེས་བྱ་བ་ནི་ལྟེ་བ་ལའོ། །ཀླུ་རྣམས་ཀྱི་སྙིང་པོ་ཡོངས་སུ་བཅུག་ཅེས་བྱ་བ་ནི་ཀླུའི་ས་བོན་གྱི་ཡི་གེ་ཧཱུཾ་གཉིས་དང་སྤེལ་བ་ཉིད་ཀྱིས་ཡོངས་སུ་བསྐོར་རོ། །ཧཱུཾ་ཞེས་བྱ་བ་བཟླས་བརྗོད་བྱས་ན་ནི། །ཞེས་བྱ་བ་ནི་ཡི་གེ་ཧཱུཾ་དང་སྤེལ་ ལ་ཡི་གེ་ན་བཟླས་ཤིང་བསམས་ན་ཀླུའི་ཚོགས་རྣམས་ཀྱིས་ཆར་འབེབས་སོ། །བཤད་མ་ཐག་པའི་སྦྱོར་བ་འདི་ནི་བཙུན་པ་མར་མེ་མཛད་སེང་གེས་ཀྱང་དེ་སྐད་དུ་བཤད་དོ། །འདི་སྐད་སྟོན་ཏེ། གལ་ཏེ་སྔར་བཤད་པའི་སྦྱོར་བས་ཆར་མི་འབབ་ན་ཐམས་ཅད་དེ་བཞིན་དུ་བསྐྱེད་ནས་དབུས་ཀྱི་ ནའི་ནང་དུ་བརྒྱད་ཅར་བཅུག་ལ་ཧཱུཾ་ན་ཧཱུཾ་ཞེས་བྱ་བ་བཟླ། སྟོབས་པོ་ཆེ་བསྒོམས་ལ་རང་ཉིད་ཀྱིས་བཟླས་པ་བྱའོ། །བཀུག་ནས་ཞེས་བྱ་བ་ནི་བཀུག་པའོ། །འབྱུང་བ་ཞེས་བྱ་བ་ནི་རྣམ་པར་འབྱིན་པའོ། །འདི་སྐད་སྟོན་ཏེ་དེ་བཞིན་དུ་རླུང་གི་དཀྱིལ་འཁོར་དབུས་སུ་རྟ་མགྲིན་གྱི་གཟུགས་ཁམས་ གསུམ་པའི་ཚད་ཙམ་གྱིས་གནས་ལ། ལྕེའི་དབུས་སུ་ཡི་གེ་ཧཱུཾ་འབར་བའི་ཕྲེང་བས་ཁྱབ་པར་བཀོད་ལ། ཇི་སྐད་དུ་བཤད་པའི་ཁ་དོག་ཅན་གྱི་ཁ་གདངས་པའི་དབུགས་རྔུབ་པའི་རླུང་སྒྲ་དང་བཅས་པས་མནྡར་ལ་སོགས་པ་ཇི་སྐད་བཤད་པའི་སྤྲིན་རྣམས་བཀུག་ལ་དབུགས་དབྱུང་བའི་རླུང་ གིས་ཤིང་བལ་བཞིན་གཏོར་ལ་རང་གི་ཕྲེང་བའི་སྔགས་བཟླས་ཏེ། སྦྱོར་བ་འདི་ལ་གཙོར་ནི་རྟ་མགྲིན་སྦྱར་རོ། །བཅད་གཏུབ་སྟེ་ཞེས་བྱ་བ་ནི་སྤྲིན་རྣམས་བཏུབ་བོ། །འདི་སྐད་སྟོན་ཏོ། །དེ་བཞིན་དུ་དཀྱིལ་འཁོར་གྱི་དབུས་སུ་བདུད་རྩི་ཐབ་སྦྱོར་གྱི་སྦྱོར་བས་འདུག་ལ་ཉི་མའི་དཀྱིལ་ འཁོར་ལ་དེའི་མདོག་ཅན་གྱི་ཡི་གེ་ཧཱུཾ་བཀོད་ལ་སྡིགས་མཛུབ་བྱ་བའི་ཚུལ་གྱིས་རང་གི་གསང་སྔགས་བཟླས་པས། ཧཱུཾ་ལས་བྱུང་བའི་རྡོ་རྗེ་ལ་སོགས་པས་སྤྲིན་རྣམས་བཏུབ་པར་བསམས་ཏེ། སྦྱོར་བ་འདི་ལ་གཙོར་ནི་བདུད་རྩི་ཐབ་སྦྱོར་སྦྱར་རོ། །རྣམ་པར་སྣང་མཛད་ཀྱི་ཞེས་བྱ་བ་ནི་ 61-1-264b རྣམ་པར་སྣང་མཛད་ཀྱི་སྦྱོར་བས་གནས་པར་བསམ་པའོ། །མདའ་གཞུ་ཞེས་བྱ་བ་ལ་སོགས་པ་ལ། མདའ་གཞུ་ལ་སོགས་པ་ཐོགས་ནས་དེ་དང་དེས་འཕེན་ཅིང་དྲག་པོའི་ཆར་རབ་ཏུ་འབེབས་པའོ། །དེ་ཉིད་ཀྱིས་ནི་བདུད་ལས་རྣམ་པར་རྒྱལ་བ་སྟེ་ཕྱག་དྲུག་ཅེས་གསུངས་པས་ནི་གཡོན་གྱི་ གཅིག་གིས་ནི་སྡིགས་མཛུབ་མཛད་པར་ཡང་ཤེས་པར་བྱའོ། །སྐྲག་པར་མཛད་ཅེས་བྱ་བ་ནི་འཇིགས་པར་མཛད་པའོ། །དེ་ལྟ་བུར་བསམས་ནས་ཅི་ཞིག་བྱེད་ཅེ་ན་འཇིགས་ཤིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་སྔར་བཤད་པའི་གདུག་པ་རྣམས་ཡིན་པར་ཤེས་པར་བྱའོ། །འདི་སྐད་སྟོན་ཏེ་དེ་ བཞིན་དུ་རྣམ་པར་སྣང་མཛད་ཀྱི་སྦྱོར་བས་འདུག་ལ། ཡི་གེ་ཧཾ་ལས་དཔྲལ་བ་ལས་མི་གཡོ་བ་བྱུང་སྟེ་ཡི་གེ་ཧཱུཾ་ལས་སྒྲ་སྒྲོགས་པ་ལས་བྱུང་བའི་མེའི་དཀྱིལ་འཁོར་གྱིས་བསྐོར་ཏེ་བཞུགས་པ་དེའི་ཕྱག་ཏུ་ཡི་གེ་ཁ་ལས་རལ་གྲིར་ཡོངས་སུ་བརྟགས་པ་དང་། ཀྵྨཱིཾ་ལས་ཞགས་པ། ཧཱུཾ་དང་ སྤེལ་བའི་དྷཱི་ལས་གཞུ། ཧོ་སྔ་མ་བཞིན་སྤེལ་བ་ལས་མདའ། ཧཱུཾ་ལས་རྡོ་རྗེ་བྱུང་བར་བསམས་པ་ལ་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱིས་ཀྱང་ཡོངས་སུ་བསྐོར་བར་བསྒོམས་ནས། ཞགས་པས་བཀུག་ནས་བགེགས་རྣམས་ཀུན་ནས་རལ་གྲི་ལ་སོགས་པས་གཏུབ་པར་བསམས་ཏེ་གསང་ སྔགས་བཟླས་བརྗོད་བྱའོ། །ཕུར་བུ་ཞེས་བྱ་བ་ནི་ཕུར་བུས་གདབ་པ་བྱས་པའོ། །འོད་ཟེར་ཅན་གྱི་གསང་སྔགས་བཟླས་པ་ཡིས། །ཞེས་བྱ་བ་ནི་འོད་ཟེར་ཅན་གྱི་གསང་སྔགས་འདོན་པས་ལན་ཉི་ཤུ་རྩ་གཅིག་པས་མངོན་པར་སྔགས་པའི་ཕུར་བུ་སྟེ་དེས་མིག་ཏུ་གདབ་པ་ཞེས་སྦྱར་རོ། ། ཕྱི་བཞིན་རྡོ་རྗེ་གཏུན་ཤིང་དག་གིས་བརྡུངས། །ཞེས་བྱ་བ་ནི་རྡོ་རྗེ་གཏུན་ཤིང་ཐོགས་པའི་ཁྲོ་བོས་རྒྱབ་ནས་བརྡུང་བར་བསམ་པར་བྱའོ། །འདི་སྐད་སྟོན་ཏེ་དེ་བཞིན་དུ་གཤིན་རྗེ་གཤེད་ལ་སོགས་པ་གང་ཡང་རུང་བའི་སྦྱོར་བས་འདུག་ལ། རྐང་རྗེས་ཀྱིས་དང་མིའི་ཁྲག་དང་དུར་ ཁྲོད་ཀྱི་སོལ་བ་རྣམས་ལས་མིའི་གཟུགས་བྱས་ལ། མི་རུས་ལས་བྱས་པའི་ཕུར་བུ་ཇི་སྐད་དུ་བཤད་པའི་གཟུགས་ཅན་ལ། འོད་ཟེར་ཅན་གྱི་གསང་སྔགས་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ་དེས་མིག་གཉིས་སུ་ཕུར་བུས་གདབ་པའི་མིའི་གཟུགས་བརྙན་རྡོ་རྗེ་ཁྲོ་བོ་རྡོ་རྗེ་གཏུན་ཤིང་ 61-1-265a ཐོགས་པས་བརྡུང་ཞིང་དེ་རེངས་པར་བྱ་བའོ། །ཚོགས་ཀྱི་བདག་པོ་ལྷོ་ཕྱོགས་སུ་མངོན་པར་ཕྱོགས་ནས་གདུག་པའི་ཁར་བཅུག་པར་ཡང་བསམས་ལ་ཇི་སྐད་དུ་བཤད་པའི་གསང་སྔགས་བཀའ་ལུང་བསྒོམ་པའི་ཚུལ་གྱིས་བཟླའོ། །ཞུགས་པའི་འོག་ཏུ་དེས་ཟོས་པར་བསམ་མོ། ། ལས་འདི་བསམས་པས་མོད་ལས་ནི། །ཞེས་བྱ་བ་ཇི་སྐད་དུ་བཤད་པའི་བསམ་གཏན་གྱིས་གཟུགས་བརྙན་བྱ་བ་ལ་སོགས་པའི་ལས་རྣམས་ཀྱིས་སོ། །མཁའ་ལ་ཞེས་བྱ་བ་ནི་བདག་ཉིད་ནམ་མཁའི་ཕྱོགས་སུ་གནས་ལ་བརྒྱ་བྱིན་དུ་བསམ་མོ་ཞེས་བྱ་བའི་དོན་ཏོ། །ཀླུ་བརྒྱད་དག་ དང་ཆར་སྤྲིན་དག་ལ་བསྒོ། །ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་བཀའ་བསྒོ་བར་བསམ་མོ་ཞེས་བཤད་པའི་ཚིག་གིས་སྔ་མ་དང་སྦྱར་རོ། །དེ་ནས་ཅི་ཞིག་བྱ་ཞེ་ན། བརྒྱ་བྱིན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྤྲིན་ཚོགས་ཞེས་བྱ་བ་ནི་ཀླུ་ལ་བྱ་བར་འདོད་དེ། དེ་ཅིའི་ཕྱིར་ཞེ་ན་སྔར་ དེ་ཉིད་ལས་བསྒོ་བའི་ཕྱིར་རོ། །འདབ་མས་བཀབ་ནས་ནི་ཞེས་བྱ་བ་ནི་གཤོག་པའི་རླུང་གིས་དེ་བཀབ་པའོ། །མཆུས་བརྐོས་ཞེས་བྱ་བ་ནི་མཆུ་བཙུགས་པའོ་ཞེས་བྱ་བར་སྦྱར་རོ། །འདི་སྐད་སྟོན་ཏེ། དེ་བཞིན་དུ་ཁྲོ་བོ་གང་ཡང་རུང་བའི་སྦྱོར་བས་རང་གི་དཀྱིལ་འཁོར་གྱི་དབུས་སུ་ འདུག་ལ། ནམ་མཁའ་ལ་གནས་པའི་བརྒྱ་བྱིན་དུ་བདག་ཉིད་རྣམ་པར་བསམས་ལ་བར་སྣང་ལ་གནས་ནས་འོག་ཏུ་ཇི་སྐད་དུ་བཤད་པའི་ནམ་མཁའ་ལྡིང་དང་། ཀླུའི་ཁྱིམ་ལ་སོགས་པ་ཚིག་པ་སེལ་བར་བྱེད་པར་བསམས་ལ། ཇི་སྐད་དུ་བཤད་པའི་སྔགས་བཟླས་ཤིང་བཀའ་བསྒོ་བས་ཆར་ གྱི་རྒྱུན་གྱིས་མེ་གསོད་ཅིང་། ཀླུའི་ཚོགས་ནམ་མཁའ་ལྡིང་གི་གཤོག་པའི་རླུང་གིས་གཡབ་པ་དང་མཆུས་བཙུགས་པས་དེ་བྱེད་པར་བསམ་མོ། །ལྷ་མོ་བཞི་པོས་ཡོངས་སུ་སྐོར། །ཞེས་བྱ་བ་ནི་རྡོ་རྗེ་མཚོན་ཆ་ལ་སོགས་པས་ཡོངས་སུ་བསྐོར་བའོ། །དེ་ཉིད་གསུངས་པ་ནི། བསྙེམས་མ་ ཞེས་བྱ་བ་ལ་སོགས་པ་སྟེ་བསྙེམས་མ་དང་རྡོ་རྗེ་མཚོན་ཆ་མ་དང་། རྡོ་རྗེ་བྱམས་མ་དང་། རྡོ་རྗེ་ཀི་ལི་ཀཱི་ལིའོ། །ཆུ་སྲིན་རྒྱལ་མཚན་ནི་རྡོ་རྗེ་བྱམས་མའོ། །མེ་ཏོག་གི་གཞུ་དང་རོལ་པས་མཚན་པ་དང་། རྡོ་རྗེ་བསྙེམས་མ་རྣམས་ཀྱིས་ཡོངས་སུ་བསྐོར་བའོ། །གཡས་པའི་ཕྱག་གིས་ཞེས་བྱ་བ་ནི་གཡས་ 61-1-265b པ་རྡོ་རྗེ་བསྣམས་པའོ། །གཡོན་པས་རྡོ་རྗེ་དྲིལ་བུ་དཀུར་འཇོག་པའོ་ཞེས་བྱ་བ་ནི་རྐེད་པའི་ཕྱོགས་སུ་རྡོ་རྗེ་དྲིལ་བུ་འཇོག་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །བཅོམ་ལྡན་འདས་ཀྱིས་ཕྱག་ལྷག་མ་དག་ལ་ནི་མེ་ཏོག་ཅན་གྱི་མདའ་དང་གཞུ་བསྣམས་པའོ། །ལྡེམ་བག་ཅེས་བྱ་བ་ལ་སོགས་པ་ལ་ལྡེམ་བག་ གི་ལྷ་མོ་རྣམས་ཀྱི་འཇོ་ཚུལ་གྱིས་ཡོངས་སུ་བཤད་ལ། དེས་སྒེག་ཅིང་རོལ་པ་དང་བཅས་པའོ། །སེམས་དཔའ་བྱུང་བ་ཞེས་བྱ་བ་ལ་སོགས་པ་ལ། སེམས་དཔའ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་སྟེ། དེ་བྱུང་བ་ནི་སྤྲུལ་པའོ། །དེའི་སྤྲིན་ནི་དེའི་ཚོགས་སོ། །དེ་དང་འབྲེལ་པ་ནི་རབ་ཏུ་ འབྲེལ་པར་བྱས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །རིན་ཆེན་ཅོད་པན་ཞེས་བྱ་བ་ལ་སོགས་པ་ལ་དབང་བསྐུར་བའི་ཕྱིར་རིན་ཐང་ཆེ་བའི་རིན་པོ་ཆེའི་ཅོད་པན་བཅིངས་ཤིང་དར་དཔྱངས་རྣ་བ་གཉིས་ཀྱི་མཐར་འཕྱང་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ནམ་མཁའ་ལས་བབ་པའི་ཞེས་ བྱ་བ་ནི་ནམ་མཁའི་ཕྱོགས་ལས་རྡོ་རྗེའི་ཐོག་འབབ་པ་ཟློག་པར་བྱེད་པར་བསམ་པའོ། །ཨོཾ་ཞེས་བྱ་བ་ལ་སོགས་པ་ལ་ཆེ་གེ་མོ་ཞེས་བྱ་བའི་སྒྲ་ནི་སེམས་ཅན་གྱི་སྒྲ་རབ་ཏུ་སྟོན་པར་བྱེད་པ་ཡིན་ནོ། །དེ་ནས་ནི་ཡི་གེ་ཛཿདེ་ནས་ཡི་གེ་ཧཱུཾ་བཀོད་པ་བྱས་ལ། སུ་ར་ཏ་ཞེས་བྱ་བའི་སྒྲའི་མཐར་སྟྭཾ་ ཞེས་རབ་ཏུ་སྦྱར་རོ། །གལ་ཏེ་རྒྱུད་གཞན་དག་ལས་བཤད་པ་སུ་ར་ཏ་སྟྭཾ་ཞེས་པ་རྣམ་པར་དགོད་དམ་ཞེ་ན། བནྡྷ་ཞེས་བྱ་བ་གསུངས་ཏེ། ཡི་གེ་པཾ་རྣམ་པར་བཀོད་ལ་རྒྱུད་གཞན་དག་དང་རྗེས་སུ་མཐུན་པར་ཡི་གེ་ཧོཿཡང་གཟུང་བར་བྱ་སྟེ། ལས་དང་རྗེས་སུ་མཐུན་པར་བསྐུལ་བའི་ཚིག་ གཞུག་སྟེ། དེ་ནས་མཐའ་མར་ཕཊ་ཅེས་བྱ་བ་སྟེ། སྔགས་འདི་དག་རིགས་པར་སྦྱར་བ་ནི། ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཛཿཧཱུཾ་བཾ་ཧོཿསུ་ར་ཏ་སྟྭཾ་ཆེ་གེ་མོའི་བཛྲ་པ་ཏཾ་ནི་བ་ར་ཡ་ཕཊ་ཅེས་བྱའོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ལ་ཐོག་མ་དང་ཐ་མ་མེད་ཅིང་། གཉིས་སུ་མེད་པའི་བྱང་ཆུབ་ ཀྱི་སེམས་ཡེ་ཤེས་བླ་ན་མེད་པ་དེ་ཉིད་ནི་ས་བོན་གྱི་ངོ་བོ་ཉིད་པས་གོ་འཕང་སྟེ་གནས་ཡིན་ལ། དེ་རྒྱས་པར་བྱེད་པ་ནི་རྣལ་འབྱོར་པའི་རྒྱུད་ལ་རྒྱ་ཆེར་གནས་པར་བྱེད་ཅིང་གཉིས་སུ་རྟོག་པའི་འཆིང་བ་སེལ་བར་བྱེད་པ། རྣལ་འབྱོར་པ་རབ་ཏུ་སད་པར་བྱེད་པས་རྒྱས་པར་བྱེད་པ་སྟེ་ཇི་སྐད་ 61-1-266a དུ་བཤད་པའི་སྦྱོར་བའི་རིམ་པ་འདིས་བསྒོམ་ཞིང་བསམས་ལ། ནམ་མཁའ་ལས་ནི་བབ་པ་ཡི། །ཐོག་ཐོག་རྣམ་པར་བཟློག་པར་བྱ། །ཞེས་སྔ་མ་དང་སྦྱར་རོ། །འདི་སྐད་སྟོན་ཏེ། རང་གི་དཀྱིལ་འཁོར་གྱི་དབུས་སུ་རྡོ་རྗེ་སེམས་དཔའི་སྦྱོར་བས་འདུག་ལ། བསྒྲུབ་ པར་བྱ་བའི་སྟེང་གི་ནམ་མཁའི་ཕྱོགས་སུ་ཇི་སྐད་དུ་བཤད་པའི་ལྷ་མོ་བཞིས་ཡོངས་སུ་བསྐོར་བའི་བདེ་བ་ཆེན་པོ་རྣམ་པར་བསམས་ལ། སེར་བ་འབབ་པ་བཟློག་པའི་ཕྱིར་ཨོཾ་ཞེས་བྱ་བ་ལ་སོགས་པའི་སྔགས་གདོན་པས་བཅོམ་ལྡན་འདས་བསྐུལ་བར་བྱའོ། །དེ་ནས་བཅོམ་ལྡན་འདས་ ཀྱིས་འདི་སྐད་གསུངས་སོ་ཞེས་མི་མངོན་པའི་ཚིག་གིས་སྦྱར་རོ། །ཅི་ཞིག་མཛད་ཅེ་ན་མི་འཁྲུགས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མི་བསྐྱོད་པ་དང་རིན་ཆེན་འབྱུང་ལྡན་དང་སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པའི་རྒྱལ་པོ་དང་། སྔགས་ཀྱི་སེམས་དཔའི་ བསྐལ་པ་བཟང་པོ་པ་བཅུ་དྲུག་ནི་ཉེ་བར་མཚོན་པ་ཙམ་མོ། །ཁྲོ་བོ་ནི་གཤིན་རྗེ་གཤེད་ལ་སོགས་པའོ། །རིག་པའི་རྒྱལ་མོ་ནི་སྤྱན་ལ་སོགས་པའི་རིག་པའི་ལྷ་མོའོ། །ཐམས་ཅད་ལྡན་པ་ནི་ཐམས་ཅད་དང་བཅས་པའོ། །རྣམ་པར་གཟིགས་པ་ནི་ལྟ་བའོ། །སྐུ་ གསུང་ཐུགས་ཀྱི་རྡོ་རྗེ་ཅན། །ཞེས་བྱ་བ་ནི་རྡོ་རྗེ་ཅན་ནི་རྡོ་རྗེ་འཛིན་པ་དགྱེས་ཤིང་རོལ་པའོ། །སྨིན་མ་མཛེས་པར་བསྐྱོད་ནས་སུ། །ཞེས་བྱ་བ་ནི་སྨིན་མ་མཛེས་པར་བསྐྱོད་ཅིང་རྣམ་པར་བརྩེ་བའི་ཁྱད་པར་རྩོམ་པས་རབ་ཏུ་འཛིན་པ་གཡོན་པའི་སྨིན་མ་བསྐྱོད་ཅིང་འཇིགས་པར་ བསྐྱོད་པ་སྟེ་དེས་ཞེས་འོག་མ་དང་སྦྱར་རོ། །ཡན་ལག་འཕྲོག་མའི་འཛུམ་མཛད་ནས། །ཞེས་བྱ་བ་ནི་ཡན་ལག་རྣམ་པར་དགོད་པ་རྣམས་ཀྱིས་ཏེ་ཚིག་སྔ་མ་རྣམས་དང་སྦྱར་རོ། །ཐུགས་ཀྱིས་སེམས་ནི་དགའ་བ་མཛད། །ཅེས་བྱ་བ་ནི་གཉིས་སུ་མེད་པའི་རྡོ་རྗེ་ཡེ་ཤེས་ཀྱི་ ངོ་བོ་ཉིད་ཀྱིས་ཐུགས་ཀྱི་བདག་ཉིད་ཀྱིས་སེམས་རྡོ་རྗེ་སེམས་དཔའ་དང་འབྲེལ་བའི་དགའ་བས་མོས་པར་མཛད་པའོ་ཞེས་ཤེས་པར་བྱའོ། །བསྒྲིབས་ནས་རྡོ་རྗེ་གསོར་ནས་དེས། །ཞེས་བྱ་བ་ནི་རྡོ་རྗེ་འདེབས་པས་སོ། །ལྡེམ་བག་ཅེས་བྱ་བ་ལ་སོགས་པ་སྨོས་ལ། ལྡེམ་ 61-1-266b བག་དང་སྒེག་པ་དང་བཅས་པས། རྡོ་རྗེའི་ལྟ་བའི་རོལ་པས་བལྟས་པའི་ངོ་བོ་ཉིད་གང་ཡིན་པ་དེ་ནི་ལྡེམ་བག་འཇོ་ཚུལ་གྱིས་བལྟས་པའོ། །ལག་པ་གཉིས་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་པདྨ་བསྐོར་བའི་ཚུལ་དུ་ཡོངས་སུ་བསྐོར་ནས་སྤྱི་བོར་མེ་ཏོག་གི་ཐལ་མོ་སྦྱར་བ་བྱས་ཏེ་གསོལ་བ་ཞེས་བྱ་བར་ སྦྱར་རོ། །ཇི་སྐད་རྣམ་པ་ཐམས་ཅད་དུ། །ཞེས་བྱ་བ་ནི་ཕྱི་དང་ནང་གིས་སོ། །ཟུར་གྱིས་རྣམ་པར་གཟིགས་པ་དང་། །ཞེས་བྱ་བ་ནི་རྣམ་པར་ལྟ་བ་ནི་གཟིགས་པ་སྟེ་བཞད་པ་ཆེན་པོ་དང་ཟུར་གྱིས་གཟིགས་པ་ཅིའི་ཕྱིར་མཛད་ཅེས་བྱ་བའི་དོན་ཏོ། །སྨིན་མ་བསྐྱོད་པ་འཛུམ་མཛད་པ། ། ཞེས་བྱ་བ་ནི་སྨིན་མ་བསྐྱོད་ཅིང་འཛུམ་པ་དང་བཅས་པ་འཛུམ་པ་དང་འབྱེད་པ་ལ་སོགས་པའི་མཚན་ཉིད་ཅན་གྱིས་སོ། །བསྟན་ཞིང་ཟབ་པའི་གསུང་གིས་ནི། །ཞེས་བྱ་བ་ནི་རྒྱུན་མི་འཆད་པར་སྟོན་པའི་གསུང་གི་ཟབ་མོའི་དོན་སྟོན་པས་སོ། །བདེ་བས་བྱང་ཆུབ་ཐོབ་འགྱུར་ལྡན། །ཞེས་བྱ་བ་ ནི་དངོས་སུ་བསྟན་པས་སོ། །ཉོན་ཅིག་ཅེས་བྱ་བ་ནི་ཚིག་ཡོངས་སུ་བསྒྱུར་ནས་སྦྱར་རོ། །གང་ལ་ཞེས་བྱ་བ་ལ་སོགས་པ་ལ་དངོས་པོ་གང་གི་ཆོས་བདག་མེད་པའི་མཚན་ཉིད་ཅན་གྱི་ངོ་བོ་ནི་གཉིས་སུ་མེད་པའི་མཚན་ཉིད་དེ་བརྟགས་པའི་ངོ་བོར་མེད་པའོ། །མཐའ་གཉིས་ཀྱི་ནི་མཚན་མ་མེད། ། ཅེས་བྱ་བ་ནི་རྟག་པ་དང་ཆད་པ་དང་བྲལ་ཏེ་ཆོས་ཀྱི་དབྱིངས་ཐོག་མ་དང་ཐ་མ་མེད་པའོ། །དེ་ལ་ཡང་འགའ་ཞིག་འཁྲུལ་པར་གྱུར་ཞེ་ན། དེ་ཕྱིར་དབུས་ལ་སྤྱོད་པ་མེད་པ་དག །ཅེས་ཏེ་སྐད་ཅིག་མ་རེ་རེ་ཞིང་འཇིག་པས་ན་སྐད་ཅིག་མ་གསུམ་གྱི་གནས་སྐབས་ཀྱི་དབུས་མེད་དོ། །དེ་མེད་པས་ན་ དེ་ལ་མངོན་པར་ཞེན་པ་རིང་དུ་སྤངས་པ་ཉིད་ཡིན་ནོ། །ཡང་ན་འཇུག་པ་དང་ལྡན་པའི་སེམས་དག་གིས་དབུས་དག་ན་ཇི་སྐད་དུ་བཤད་པའི་ཡེ་ཤེས་རྟོགས་པའི་བདག་ཉིད་ཅན་གྱི་གནས་པའི་སེམས་མཐའ་གཉིས་ལ་ལྟོས་པ་དེའི་དབུས་ན་ཞེན་པར་བྱེད་པ་རྣམ་པར་རྟོག་པ་མེད་དེ། དགའ་བ་མེད་ པའི་ཕྱིར་རོ། །དུས་གསུམ་ཉིད་ལ་ཡོངས་སུ་གནས་པའི་དུས་གསུམ་པོ་མེད་པས་དུས་གསུམ་འདས་པའོ་ཞེས་སྔ་མ་དང་སྦྱར་རོ། །ཐམས་ཅད་དུ་ཁྱབ་པས་ན་ནམ་མཁའ་འདྲ་བའོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་འདི་ལྟ་བུའི་ཡེ་ཤེས་ལ་གནས་པར་གྱུར་ན། དེ་རྟོགས་པའི་ 61-1-267a མཚན་ཉིད་ཅན་གྱི་བྱང་ཆུབ་ཉམས་སུ་མྱང་བར་བྱ་བ་མེད་པས། རྣམ་པར་སྣང་མཛད་ལ་སོགས་པ་བསྒོམ་པའི་ཐབས་ཀྱི་ཡེ་ཤེས་དང་བྲལ་བ་ཡིན་ཏེ། དེ་ལས་ཇི་སྐད་དུ་བཤད་པ་དེའི་ཡེ་ཤེས་རྟོགས་པར་འདོད་པའི་ཐབས་རྣམས་ངེས་བཤད་པར་བྱའོ་ཞེས་པའོ། །ཕུང་པོ་ལ་ཞེས་བྱ་ བ་ལ་སོགས་པ་ལ་ཕུང་པོ་ལྔ་ལ་བདག་ཉིད་ཀྱི་གཟུང་བ་དང་འཛིན་པའི་རྣམ་པས་སོ་སོར་སྣང་བར་གྱུར་པའི་དངོས་པོ་ནི་དངོས་པོ་མེད་པ་སྟེ། དོན་དམ་པར་སེམས་ཅན་དམིགས་སུ་མེད་པས་དངོས་པོ་དེ་ཉིད་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་མཚན་ཉིད་དོ། །སེམས་ཅན་ལ་ཕན་འདོགས་པར་བྱེད་པ་སྦྱོར་ བ་ལ་སོགས་པ་བྱང་ཆུབ་ཀྱི་སེམས་ཀྱི་གྲོགས་སུ་གྱུར་པ་སྤྲུལ་པ་དང་བཅས་པས་སེམས་ཅན་ལ་རྗེས་སུ་ཕན་འདོགས་པར་བྱེད་དེ། དེ་བཞིན་གཤེགས་པ་ལ་སོགས་པའི་སྤྲུལ་པའི་རྒྱུ་མཛད་པའི་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་སྐུ་གསུམ་གྱི་མཆོག་དཀྱིལ་འཁོར་གྱི་ལྷ་རྣམས་མཆོད་ནས། བདག་ཉིད་ རྣམ་པར་སྣང་མཛད་ལ་སོགས་པའི་ངོ་བོར་བསྡུས་པ་ལས་བསྐྱེད་པར་བྱའོ། །ཐབས་ཉེ་བར་བསྟན་ནས། ད་ནི་སེམས་རིན་པོ་ཆེའི་བདག་ཉིད་ཆེ་བར་བསྟན་པའི་ཕྱིར། སེམས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུ་ནི་ཞེས་བྱ་བ་སྐུ་རྡོ་རྗེའོ། །སེམས་ཀྱི་ཆོས་རྣམས་བསྟན་པ་ཡིས། །ཞེས་བྱ་བ་ནི་ཆོས་ སྟོན་པའི་ངོ་བོ་གསུང་རྡོ་རྗེ་ཐོབ་པའོ། །སེམས་ཀྱིས་བྱང་ཆུབ་ཐོབ་གྱུར་པས། །ཞེས་བྱ་བ་ནི་ཐུགས་རྡོ་རྗེའི་ངོ་བོ་ཉིད་དོ། །སྐུ་རྡོ་རྗེ་ལ་སོགས་པ་དེ་རྣམས་ལ་ཡང་དངོས་པོར་མངོན་པར་ཞེན་པར་མི་བྱའོ་ཞེས་བསྟན་པའི་ཕྱིར། དེ་བཞིན་ཉིད་ཀྱི་རྣམ་པར་བསྒོམ། །ཞེས་བྱ་བ་གསུངས་ཏེ་དེ་བཞིན་ཉིད་ཀྱི་རྣམ་པར་ བསྒོམ་པའོ། །གཉིས་སུ་མེད་པའི་ཡེ་ཤེས་ལ་མངོན་པར་ཞུགས་པས་རྣམ་པར་སྣང་མཛད་ལ་སོགས་པའི་སྐུར་ཇི་ལྟར་བསྒོམ་ཞེ་ན། སེམས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་སྐད་དུ་བཤད་པའི་མཚན་ཉིད་ཅན་གྱིས་སེམས་སྐུ་རྡོ་རྗེ་ལ་སོགས་པའི་རྣམ་པར་ཡོངས་སུ་གྱུར་པ་ནི་སྒྱུ་མ་ལྟ་བུའི་ རྣམ་པ་རང་དབང་དུ་གྱུར་པར་མོས་པས་རབ་ཏུ་བསྒོམ་ཞིང་བསམ་པར་བྱའོ། །དེ་བས་སྐུ་རྡོ་རྗེ་ལ་སོགས་པར་མངོན་པར་བྱང་ཆུབ་པ་ཡང་སྒྱུ་མ་དང་འདྲའོ། །དཔེར་ན་ཞེས་བྱ་བ་ལ་སོགས་པ་ནི་དཔེ་གསུངས་པའོ། །གྱོ་མོ་ཞེས་བྱ་བ་ལ་གྱོ་མོ་ལ་སོགས་པའི་སྦྱོར་བས་སོ། །ཞེན་པའི་སེམས་ལ་ 61-1-267b ཞེས་བྱ་བ་ནི་སེམས་ཆོས་ཉིད་ཀྱིས་ཉེ་བར་བསྒོས་པས་སོ། །དེ་བཞིན་ཞེས་བྱ་བ་ལ་སོགས་པས་ནི་དཔེས་བསྟན་པའི་དོན་གསུངས་ཏེ། བསོད་ནམས་ཡེ་ཤེས་ཀྱི་རང་བཞིན་ཞེས་བྱ་བ་ནི་བསོད་ནམས་ཀྱི་ངོ་བོ་ཉིད་དང་། ཡེ་ཤེས་ཀྱི་ངོ་བོ་ཉིད་ཀྱི་ཚོགས་ཀྱིས་ཞེས་བྱ་བ་བལྟ་བར་བྱའོ། །ཚོགས་ཀྱི་བསྒོས་པའི་སེམས་ ཞེས་བྱ་བ་ནི་སྔར་བཤད་པའི་ཚོགས་དང་ལྡན་པས་སོ། །སེམས་རང་བཞིན་གྱིས་འོད་གསལ་བ་ཉིད་དུ་བསྟན་ནས། ད་ནི་གློ་བུར་གྱི་དྲི་མ་ཅན་ཉིད་དུ་བསྟན་པའི་ཕྱིར། དངོས་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དངོས་པོ་དེ་རྣམས་ཀྱི་དོན་དམ་པའི་ངོ་བོ་ཉིད་ནི་བརྟགས་པའི་ངོ་བོ་ཉིད་དང་བྲལ་བ་ཉིད་དངོས་པོ་ མེད་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་ཅན་ཡིན་པར་མི་ཤེས་པས་གཟུགས་ལ་སོགས་པ་མི་བདེན་ཞིང་ཡོད་པ་མ་ཡིན་པའི་དངོས་པོ་ལ་རྣམ་པར་རྟོག་པས་གཟུང་བ་དང་འཛིན་པར་ཞེན་པའི་བག་ཆགས་ཀྱིས་བསྒོས་པས་རིན་པོ་ཆེའི་སེམས་དྲི་མ་ཅན་དུ་བྱས་པ་ཡིན་ནོ། །དེ་ནས་རྣལ་འབྱོར་དེ་སྤྱོད་པའི་གཞུང་གིས་ ཀྱང་དངོས་པོ་རྣམས་ངོ་བོ་ཉིད་མེད་པར་བསྟན་ནས། ད་ནི་མདོ་སྡེ་པའི་གཞུང་སུན་འབྱིན་པས་ཀྱང་དངོས་པོ་ཐམས་ཅད་མཉམ་པ་ཉིད་དུ་གསུངས་པ་ནི་འབྱུང་བ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་སྟེ། འབྱུང་བ་ཆེན་པོ་བཞི་ནི་ས་ལ་སོགས་པའོ། །དངོས་པོ་ཐམས་ཅད་ནི་གཟུགས་ལ་སོགས་པ་ཐམས་ཅད་དོ། །ལྡན་པ་ ནི་འདྲེས་པའོ། །གཟུགས་ཞེས་བྱ་བ་ནི་བསྟེན་པའོ། །དེ་ལྟ་ན་ཡང་དངོས་པོ་དེ་རྣམས་ལ་གཙང་བ་དང་མི་གཙང་བ་ལ་སོགས་པར་ཡོངས་སུ་བརྟགས་པའི་མི་ཤེས་པའི་སྟོབས་ཀྱིས་སྒྲོ་བཏགས་པ་ཡིན་ནོ། །སོགས་པའི་སྒྲས་ནི་གཅིག་དང་དུ་མ་ལ་སོགས་པའི་དངོས་པོར་ཡོངས་སུ་བརྟགས་པ་ནི་ མི་རིགས་ཏེ། གཅིག་དང་དུ་མའི་དངོས་པོ་དག་ནི་ཕན་ཚུན་འགལ་བ་ཡིན་ནོ་ཞེས་ཤེས་པར་བྱའོ། །སོ་སོར་སྣང་བའི་དབང་གིས་ཡོད་པ་ཡིན་ནོ་ཞེས་ཀྱང་ཤེས་པར་མི་བྱ་སྟེ། ཟླ་བ་གཉིས་སུ་མཐོང་ཡོད་པ་ཉིད་དུ་ཐལ་བར་འགྱུར་རོ། །འབྱུང་བ་ཆེན་པོ་བཞིའི་ཕྲ་རབ་ཆ་ཤས་དང་ཆ་ཤས་ཅན་ མ་ཡིན་པ་དང་ཇི་ལྟ་བ་བཞིན་བརྟག་པར་བྱ་བ་མ་ཡིན་པ་ལ་སོགས་པ་རྒྱ་ཆེར་སྦྱར་བར་བྱའོ། །དེ་བས་ན་རིགས་པ་རྗེས་སུ་ཞུགས་པ་རྣམས་ཀྱིས་རྣམ་པར་བརྟགས་པ་ཐམས་ཅད་ནི་སེམས་ཅན་ཉིད་ཡིན་པས་གནས་སོ། །དེའི་ཕྱིར་གང་འདི་བཟུང་བ་ལ་སོགས་པར་ཡོངས་སུ་བརྟགས་པ་དེ་ནི་ 61-1-268a བདག་ཏུ་འཛིན་པ་ལ་མངོན་པར་ཞེན་པ་སྟེ། ཉེ་བར་མཚོན་པ་འདིས་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པར་མངོན་པར་ཞེན་པས་ཆོས་ཀྱི་དེ་ཁོ་ན་ཉིད་མི་རྟོགས་ཤིང་མུ་སྟེགས་ལ་སོགས་པའི་ཚུལ་དུ་བྱས་པས་བྱང་ཆུབ་ཇི་ལྟར་ཐོབ་པར་འགྱུར་ ཞེས་པའོ། །ལས་དང་རྗེས་སུ་འབྲེལ་པ་གསུངས་པ་ནི་བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་སྟེ། བྱང་ཆུབ་ནི་རྣམ་པ་གཉིས་ཉིད་དུ་གསུངས་ཏེ། གང་གི་ཕྱིར་འདི་ལས་གཞན་པ་བྱང་ཆུབ་ནི་དེ་རྣམས་ཀྱིས་འགྱུར་བས་དེ་ཡང་བྱ་བ་མ་ཡིན་ནོ་ཞེས་བྱང་ ཆུབ་ཀྱི་མཚན་ཉིད་བསྟན་པའི་ཕྱིར་འདི་སྐད་གསུངས་ཏེ། ཇི་སྲིད་དུ་གཟུང་བ་དང་འཛིན་པ་ལ་སོགས་པའི་རྣམ་པར་རྟོག་པ་ལ་ཀུན་དུ་སྤྱོད་པ་དེ་སྲིད་དུ་ཕྱིན་ཅི་ལོག་གི་རྣམ་པར་རྟོག་ལ་ལྡོག་པར་མི་འགྱུར་རོ། །དེ་མི་ལྡོག་ན་གྲོལ་བར་ག་ལ་འགྱུར་ཞེས བྱ་བར་དགོངས་སོ། །རྒྱ་ཆེར་ནི་འདི་ཉིད་གཞན་ལས་སྟོན་པས་དེར་བརྟག་པར་བྱ་སྟེ། འདིར་ནི་ཞིབ་ཏུ་མ་བཤད་དོ། །ལྷག་བཅས་ཕུང་པོའི་ངོ་བོ་སྟེ། །ཞེས་བྱ་བ་ལ་སོགས་པ་ལ་ཡོངས་སུ་གདུང་བའི་བདག་ཉིད་ཅན་གྱི་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པའི་བག་ཆགས་མེད་པས་ན་ནམ་མཁའ་ལྟར་དྲི་མ་མེད་པ་སྟེ། ལོངས་སྤྱོད་རྫོགས་པའི་སྐུ་རྡོ་རྗེ་ལ་སོགས་པའི་ངོ་བོ་ཉིད་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པ་ལས་བྱུང་བ་ནི་ལྷག་མ་དང་བཅས་པའི་བྱང་ཆུབ་ཡིན་པར་ཤེས་པར་བྱ་སྟེ། ཕུང་ པོ་ངོ་བོ་ཉིད་ཅེས་གོང་མ་དང་སྦྱར་བར་བྱའོ། །གཟུང་བ་དང་འཛིན་པའི་རྣམ་པ་ལས་ལྡོག་ཅིང་ཕུང་པོ་ལྔ་མེད་པ་ཉིད་དུ་མེད་པའི་ཡེ་ཤེས་ནམ་མཁའ་ལྟར་དྲི་མ་མེད་པ་གང་ཡིན་པ་དེ་ལ་ནི་ལྷག་མ་མེད་པའི་བྱང་ཆུབ་ཡིན་ནོ་ཞེས་ཤེས་པར་བྱ་སྟེ། འདི་ ནི་ཕུང་པོ་མེད་པ་ཡིན་ལ་འདི་ཉིད་ཀྱིས་ན་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོར་བཟུང་སྟེ། ཐོག་མ་དང་ཐ་མ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །བྱང་ཆུབ་གཉིས་དེ་དག་ཀྱང་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཡང་སྤངས་ཤིང་། བསོད་ནམས་དང་ཡེ་ཤེས་ 61-1-268b ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱེད་ལ་སེམས་ཅན་རྣམས་ལ་རྗེས་སུ་ཕན་འདོགས་པར་བྱེད་པའི་སྦྱིན་པ་ལ་སོགས་པ་བྱང་ཆུབ་ཀྱི་སེམས་ཀྱི་གྲོགས་སུ་གྱུར་པ་དང་ཆོས་བདག་མེད་པ་བསྒོམ་པ་ལ་མངོན་པར་བརྩོན་པས་ཐོབ་པར་འགྱུར་རོ། །འདི་ལྟར་དེ་དག་ཐམས་ ཅད་ནི་ཐེག་པ་དམན་པ་ལ་མེད་དེ། དེ་རྣམས་ནི་ཇི་སྐད་དུ་བཤད་པའི་བྱང་ཆུབ་ཀྱིས་འདུལ་བའི་སྣོད་དུ་གྱུར་པ་མ་ཡིན་ནོ། །བླ་མེད་བྱང་ཆུབ་འདི་ལྟ་བུ། །ཞེས་བྱ་བ་ནི་བྱང་ཆུབ་རྣམ་པ་གཉིས་པོ་འདི་དག་ཉིད་དོ། །རྡོ་རྗེ་ཡེ་ཤེས་རྣམས་ཀྱི་ཐབས། །ཞེས་བྱ་བ་ནས་ མཁའ་ལྟར་དྲི་མ་མེད་པ་ཡིན་ནོ་ཞེས་བྱ་བའི་བར་གྱི་དོན་བྱང་ཆུབ་ཀྱི་སེམས་རིམ་པར་ཕྱེ་བ་ལས་གསུངས་མོད་ཀྱི། དེ་ལྟར་གསུངས་པའི་དྲག་པོ་བསྒྲུབ་པའི་བྱ་བ་ལ་ཡང་ཆོས་ཀྱི་དེ་ཁོ་ན་ཉིད་ཀྱི་རང་གི་ངོ་བོ་རྟོགས་པ་ཉིད་ཀྱིས་བྱའོ་ཞེས་བསྟན་པའི་ཕྱིར་རོ། །དེའི་ བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་ལ་རྣལ་འབྱོར་པ་གང་ཞིག་ཇི་སྐད་དུ་བཤད་པའི་བསྒོམ་པ་དང་། བཟླས་པ་ལ་རབ་ཏུ་ཞུགས་པས་སྒྲུབ་པ་བདུན་གྱི་བར་གྱིས་ཀྱང་མ་གྲུབ་ན་ཇི་སྐད་དུ་བཤད་པའི་བྱང་ཆུབ་བསྒྲུབ་པའི་ཕྱིར་དང་། ལས་སྣ་ཚོགས་པ་བྱ་བའི་དོན་དུ་དྲག་པོ་བསྒྲུབ་ པའི་ཆོ་ག་མ་ལུས་པར་གསུངས་པ་ཡིན་ནོ། །བདེ་བའི་ཐབས་ཀྱིས་ཞེས་བྱ་བ་ནི་ཐབས་དེ་ལས་སོ། །འདི་ཞེས་བྱ་བ་ནི་ལྷ་འདི་རྣམས་ཀྱི་ཕྱག་རྒྱ་རྣམས་དང་། སྔར་བསྟན་པའི་བསྒོམ་པ་རྣམས་ཀྱི་དྲག་པོ་བསྒྲུབ་པ་ལ་སོགས་པའི་ལས་ལ་སྦྱར་བར་བྱའོ། ། དམ་ཚིག་ཅེས་བྱ་བ་ནི་རང་གི་བདེན་པའི་ཚིག་ཡོངས་སུ་སྐྱོ་བས་རྒྱལ་བས་བསྟན་པའི་ལས་བཞི་པོ་བྱེད་པའོ། །ལས་གང་ལ་རབ་ཏུ་སྦྱར་བར་བྱ་ཞེ་ན། དེའི་ཕྱིར་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་སོ་སོའི་ངེས་པའི་ལས་གསུངས་པ་ནི་གསང་སྔགས་རིགས་པས་ཞེས་བྱ་ བ་ལ་སོགས་པ་སྟེ། རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་སྦྱོར་བས་གནས་ཏེ། ཧཱུཾ་ལས་བྱུང་བའི་རྡོ་རྗེ་ལྕགས་ཀྱུ་བཏབ་པས་དགུག་པར་བྱའོ་ཞེས་ཤེས་པར་བྱའོ། །དེ་ནས་ཅི་ཞིག་བྱ་ཞེ་ན། འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་བཅིང་བས་བཅིང་བར་བྱ། །ཞེས་ 61-1-269a བྱ་བ་ནི་གཞུག་པའི་འོག་ཏུ་རྡོ་རྗེ་ལྕགས་སྒྲོག་གིས་བཅིང་བར་བྱའོ་ཞེས་ཤེས་པར་བྱའོ། །རྡོ་རྗེ་ལྕགས་ཀྱུའི་འོག་ཏུ་ནི་རྡོ་རྗེ་ཞགས་པས་བཅིང་བ་ཡིན་པས། རྡོ་རྗེ་ཁུ་ཚུར་གྱིས་བཟུང་ནས་ཞེས་བྱ་བ་འདིར་རྡོ་རྗེ་ཁུ་ཚུར་གྱིས་བཟུང་ནས་བཙིར་བར་བྱ་བར་ཤེས་པར་བྱའོ། ། རྡོ་རྗེ་ནག་མོ་ལ་སོགས་པ་ནི་འདིར་སྒྲུབ་པ་པོ་ཞེས་བྱ་བར་སྦྱར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ནས་འཁོར་ཐམས་ཅད་ཀྱིས་དྲག་པོ་སྒྲུབ་པའི་ཆོ་ག་བསམ་པ་གཅིག་གིས་ལེགས་སོ་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །གཙོ་བོ་རྡོ་རྗེ་རྣམ་སྣང་མཛད། །ཅེས་བྱ་བ་ལ་སོགས་ པ་འདི་དག་ལས་ལེགས་སོ་ཞེས་བྱ་བ་དང་པོས་ནི་སྐུའི་སྒོ་ནས་སོ། །གཉིས་པས་ནི་གསུང་གི་སྒོ་ནས་སོ། །གསུམ་པས་ནི་ཐུགས་ཀྱི་སྒོ་ནས་སོ། །བཞི་པས་ནི་སྐུ་དང་གསུང་དང་ཐུགས་ཀྱི་སྒོ་ནས་སོ། །ཐུགས་རྡོ་རྗེའི་ལྕགས་ཀྱུས་ཀུན་ནས་འབར་ཞེས་བྱ་བ་ནི་ཐུགས་རྡོ་རྗེ་ཉིད་ ལྕགས་ཀྱུ་དང་འདྲ་བས་གདུལ་བྱའི་སྐྱེ་བོ་འགུགས་པའི་ཕྱིར་གང་འདི་ལྟར་འབར་བར་གྱུར་པ་དེ་ལེགས་སོ། །གསང་ཆེན་ཞེས་བྱ་བ་ནི་ཐམས་ཅད་ལ་མི་སྟོན་པས་སོ། །ཐེག་པའི་ཚུལ་འདི་ལ་གནས་ན། །ཞེས་བྱ་བ་ནི་ཡེ་ཤེས་འདི་ཐེག་པའི་སྦྱོར་བའི་མཚན་ཉིད་ལ་གནས་པའོ། ། བདེ་བས་ཞེས་བྱ་བ་ལ་སོགས་པ་ལ་བླ་ན་མེད་པའི་བྱང་ཆུབ་བདེ་བས་ཐོབ་པའོ། །སྔགས་འདི་རྣམས་ཀྱི་ཕྱག་རྒྱ་ནི་སྔར་སྨྲས་པ་དང་མཐུན་ནོ། །འདི་སྐད་སྟོན་པ་ཡིན་ཏེ། ཇི་སྐད་དུ་བཤད་པའི་རྣལ་འབྱོར་པས་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་སྦྱོར་བས་རང་གི་དཀྱིལ་ འཁོར་གྱི་དབུས་སུ་འདུག་ལ་བསྒྲུབ་པར་བྱ་བའི་ལྷ་མདུན་དུ་བསམ་སྟེ། གཉིས་པ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་སྔགས་དང་ཕྱག་རྒྱས་དགུག་པ་དང་གཞུག་པ་དང་བཅིང་བ་དང་རྡོ་རྗེ་ཁུ་ཚུར་གྱི་གཟུང་བས་ཡང་དག་པར་བཟུང་ནས། གནས་ལྔར་ཕུར་བུས་གདབ་ཅིང་ བརྡུང་བ་དང་། སྡིགས་མཛུབ་ལ་སོགས་པ་བྱས་ནས་བསྒྲུབ་པར་བྱའོ། །ཡེ་ཤེས་སྙིང་པོའི་སྙིང་པོ་ཅན། །ཞེས་བྱ་བ་ནི་དྲག་པོ་བསྒྲུབ་པའི་ཡེ་ཤེས་ཀྱི་སྙིང་པོའི་སྙིང་པོ་ཅན་གྱི་གསང་སྔགས་ཀྱི་མཆོག་ཡིན་ནོ་ཞེས་བྱ་བར་སྦྱར་བར་བྱའོ། །འདི་དག་སུ་ལ་བསྟན་མི་བྱ། ། 61-1-269b ཞེས་བྱ་བ་ནི་གང་ཡང་རུང་བ་འགའ་ཞིག་ལ་མི་བསྟན་པ་དང་སྒྲུབ་པ་ལའང་དང་པོར་ཞུགས་མ་ཐག་པ་རྣམས་ལ་བསྒྲུབ་པར་མི་བྱའོ། །སྦྱོར་བ་ཞེས་བྱ་བ་ལ་སོགས་པ་ལ་ཞི་བ་ལ་སོགས་པའི་སྦྱོར་བའི་ཐབས་ཀྱིས་ཇི་སྐད་དུ་བཤད་པའི་ངོ་བོ་ཉིད་སྒྲུབ་པ་སྟེ། དེ་སྟོན་པའི་གཞུང་གི་ ལེའུ་ལ་རིམ་པར་ཕྱེ་བའི་སྒྲར་བཤད་དོ། །ལེའུ་བརྒྱད་པའི་འགྲེལ་པའོ།། །།སྦྱོར་བ་ཡང་སྦྱིན་སྲེག་གིས་ཡོངས་སུ་རྫོགས་པར་འགྱུར་བས། དེ་ནས་ཞེས་བྱ་བ་ལ་སོགས་པ་རིམ་པར་ཕྱེ་བ་དགུ་པ་གསུངས་པ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་འདི་སྐད་བཤད་ དོ་ཞེས་ཉེ་བར་མཚོན་པའི་ཚིག་གིས་སྦྱོར་རོ། །ཅི་ཞིག་མཛད་ནས་ཤེ་ན། སྦྱོར་བའི་ལས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ་སྦྱོར་བ་ནི་རྣམ་པར་དགོད་པའི་ཁྱད་པར་རོ། །ལས་ཐམས་ཅད་ནི་དབབ་པ་ལ་སོགས་པའོ། །དེའི་ཚོགས་ནི་ལས་མང་པོའོ། །དེའི་ རྗེས་སུ་འབྲེལ་པ་ནི་འདི་ལྟར་བྱའོ་ཞེས་པའི་ངེས་པའོ། །དེ་ཉིད་ནི་རྡོ་རྗེའི་ངོ་བོ་སྟེ། དེ་ལས་དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །དབབ་པ་ལ་སོགས་ཞེས་བྱ་བ་ལ་སོགས་པའི་རྣམ་པར་གཞག་པ་སྟོན་པའི་རྣམ་པ་ལ་ཐུགས་རྩེ་གཅིག་ཏུ་མཛད་ ཅེས་བྱ་བའི་དོན་ཏོ། །དབབ་པ་ལ་སོགས་པ་ལས་བྱ་བ་འདི་བཤད་དོ་ཞེས་བྱ་བ་ལ་འདིར་ཡེ་ཤེས་སྙིང་པོ་ཅན་ཁྱོད་ཉོན་ཅིག་ཅེས་གསུངས་སོ་ཞེས་མཚམས་སྦྱར་རོ། །ཨོཾ་ཞེས་བྱ་བ་མགོར་བཞག་སྟེ། །ཞེས་བྱ་བ་ལ་སོགས་པ་ལ་གང་གི་མགོར་ཡི་གེ་ཨོཾ་གཞག་པ་དང་། ཁའི་པདྨ་ལ་ཡི་གེ་ཨ་གཞག་པ་དང་སྙིང་གར་ཡི་གེ་ཧཱུཾ་བསྐུལ་བར་བཞག་པ་གང་ཡིན་པའོ་ཞེས་སྦྱར་བ་ཐམས་ཅད་དུ་བྱའོ། །ཡཾ་ནི་རླུང་གི་དཀྱིལ་འཁོར་ལ། །ཞེས་བྱ་བ་ཡི་གེ་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་རོ། །བཞག་ནས་ཞེས་བྱ་བ་ནི་དེར་འཇོག་པས་ན་དེ་ སྐད་ཅེས་བྱ་སྟེ། དེར་བསྒྲུབ་པར་བྱ་བ་བསམ་མོ་ཞེས་བྱ་བར་ཤེས་པར་བྱའོ། །དབབ་སྣོད་སྐུལ་བྱེད་གཟུང་བ་དེའི། །ཞེས་བྱ་བ་ནི་དབབ་པའི་སྣོད་དོ། །སྐུལ་བྱེད་མའི་གཟུགས་སུ་བསམ་པའོ། །གཟུགས་ཀྱི་ངོ་བོར་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་གཟུགས་ཡོངས་སུ་ 61-1-270a གྱུར་ནས་སྐུལ་བྱེད་མའི་ངོ་བོར་བསམ་པའོ། །རྡོ་རྗེ་འཆང་བའི་ང་རྒྱལ་གྱིས། །ཞེས་བྱ་བ་ནི་རྡོ་རྗེ་འཆང་བ་ནི་བདག་གོ་ཞེས་ང་རྒྱལ་དུ་བྱས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །འདི་སྐད་སྟོན་ཏེ། དཀྱིལ་འཁོར་དུ་སློབ་མ་གཞུག་པ་དང་། དམ་ཚིག་བསྟན་ པ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་བྱས་ལ། དེའི་མགོ་ལ་རྣམ་པར་སྣང་མཛད་ལྐོག་མར་གསུང་རྡོ་རྗེ་སྙིང་གར་ཐུགས་རྡོ་རྗེ་ཇི་ལྟ་བ་བཞིན་དུ་བསམས་ལ། རྐང་པའི་འོག་ཏུ་ཡི་གེ་ཡཾ། །མཐའ་མ་གཉིས་སུ་ཧ་རྣམ་པར་བཞག་སྟེ། བ་དན་དང་རླུང་གི་དཀྱིལ་འཁོར་དུ་བསམས་ ལ་བསྒྲུབ་པར་བྱ་བ་སྐུལ་བྱེད་མའི་སྐུ་ཇི་ལྟ་བ་བཞིན་དུ་བསྒོམས་ཏེ། དྲིལ་བུ་དཀྲོལ་བ་ལ་རྡོ་རྗེ་སེམས་དཔའི་ང་རྒྱལ་གྱིས་ཇི་སྐད་དུ་བཤད་པའི་ཕྲེང་བའི་སྔགས་བཟླས་པར་བྱའོ། །དབང་ཆེན་དཀྱིལ་འཁོར་ལ་གནས་ཨོཾ། །ཞེས་བྱ་བ་ལ་སོགས་པ་ལ་ཡི་གེ་ལཾ་ ལས་དབང་ཆེན་གྱི་དཀྱིལ་འཁོར་གནས་བརྒྱད་དུ་ཨོཾ་དང་འབྲེལ་བའི་རྣམ་པ་དགོད་པས་ལྟེ་བའི་ནང་ན་གནས་པའོ། །དབུས་སུ་ཞེས་བྱ་བ་ནི་དགུག་པར་བྱ་བའི་མིང་ངོ་། །ཧཱུཾ་བཞི་ཡིས་ནི་རྣམ་པར་མཛེས། །ཞེས་བྱ་བ་ནི་ཕྱོགས་བཞི་ནས་ཧཱུཾ་གིས་བསྐོར་བའོ། ། བསྒོམ་ཞིང་གསང་སྔགས་བསྐུལ་ཚིག་གིས། །ཞེས་བྱ་བ་ནི་ཆེ་གེ་མོ་རེངས་པར་གྱིས་ཤིག་ཅེས་བྱ་བའི་བསྐུལ་བའི་ཚིག་དང་བཅས་པའི་གསང་སྔགས་ཀྱིས་ཏེ། བཟླས་པ་ཞེས་བྱ་བ་ནི་བཟླས་བརྗོད་བྱས་པའི་ཡི་གེ་བའི་སྲད་བུས་ཞེས་བྱ་བར་སྦྱར་རོ། །དཀྲི་བར་བྱ་ཞེས་ བྱ་བ་ནི་བསྒྲུབ་པར་བྱ་བ་རེངས་པར་བསྒོམ་ཞིང་དཀྲི་བའོ། །དེ་ཅི་ཞིག་བྱེད་ཅེ་ན། འདིས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་སྐད་སྟོན་པ་ཡིན་ཏེ། དེ་བཞིན་དུ་གཤིན་རྗེ་གཤེད་ལ་སོགས་པ་གང་ཡང་རུང་བའི་སྦྱོར་བས་དུག་ལ་ཁམ་ཕོར་གཅིག་ལ་ཡི་གེ་ ཡཾ་ཡོངས་སུ་བཟླས་པའི་ཡུང་བའི་ཁུ་བས་དབང་ཆེན་གྱི་དཀྱིལ་འཁོར་བྲིས་ལ། དེའི་ཕྱོགས་བརྒྱད་དུ་ཨོཾ་བརྒྱད་དེའི་དབུས་སུ་དེ་ཉིད་ཀྱིས་པདྨ་འདབ་མ་བརྒྱད་པ་བྲི། འདབ་མ་དེ་ལ་ཡི་གེ་བཾ་བརྒྱད། ལྟེ་བ་ལ་ཕྱོགས་བཞི་ན་ཡི་གེ་ཧཱུཾ་བཞི་བཞི་བཀོད་པས་བསྐོར་བར་བསྒྲུབ་པར་བྱ་ 61-1-270b བའི་མིང་བྲིས་ལ། ཇི་སྐད་དུ་བཤད་པའི་མིའི་མིང་གིས་དེའི་སྙིང་དྲངས་ལ་གཞུག་པ་དང་བཅིང་བ་བྱས་ནས་དེའི་མིང་ཡོངས་སུ་གྱུར་པའི་བསྒྲུབ་པར་བྱ་བ་དེའི་མགོར་ཡང་ཡི་གེ་ཧཱུཾ་གཞག་པ་ལས་རྡོ་རྗེ་འཆང་ཁྲོས་པར་གྱུར་པ་དེས་ཀྱང་མནན་པར་བསམས་ལ། ཁམ་ཕོར་གཉིས་པར་ ཡང་དེ་བཞིན་བྲིས་ཏེ། དེས་སྔ་མ་བཀབ་ལ་ཡི་གེ་བ་ལས་བྱུང་བའི་སྲད་བུ་སེར་པོས་གཤིན་རྗེ་གཤེད་ལ་སོགས་པ་གང་ཡང་རུང་བའི་གསང་སྔགས་བསྐུལ་བའི་ཚིག་དང་བཅས་པར་བརྒྱ་རྩ་བརྒྱད་པས་དབུགས་མི་གཏོང་བར་དཀྲིས་ལ་མདུད་པ་བྱས་ཏེ། རྐང་པ་ གཡོན་པར་མནན་ནས་དེ་བཞིན་དུ་གསང་སྔགས་བརྒྱ་རྩ་བརྒྱད་བཟླ་བར་བྱའོ། །སྐུ་གསུམ་ལྡན་པའི་མདའ་ཐོགས་ཤིང་། །ཞེས་བྱ་བ་ནི་སྐུ་རྡོ་རྗེ་ལ་སོགས་པའི་ཡི་གེ་གསུམ་བཀོད་པའི་མདའ་དེའི་ཕྱག་གཡས་ཀྱིས་ཡོངས་སུ་འཛིན་པའོ། །གཡོན་པ་ ཡིས་ནི་ཞེས་བྱ་བ་ནི་གཡོན་གྱིས་སོ། །འདོད་པས་ཞེས་བྱ་བ་ནི་འདོད་ཆགས་ཀྱིས་སོ། །བཞག་སྟེ་ཞེས་བྱ་བ་ནི་མདུན་དུ་འཇོག་པའོ། །པདྨ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ། དེས་ན་གནས་ལྔར་རོ། །རྣལ་འབྱོར་ཅན་གྱིས་ཞེས་བྱ་བ་ནི་རྣལ་ འབྱོར་པས་སོ། །འདི་སྐད་སྟོན་ཏེ་དེ་བཞིན་དུ་འདོད་ཆགས་རྡོ་རྗེ་ཅན་གྱི་གཟུགས་ཀྱིས་མདའ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་འཛིན་ཅིང་མདུན་དུ་བུད་མེད་རྣམ་པར་བསྒོམས་ལ། དེའི་སྤྱི་བོར་ཟླ་བའི་དཀྱིལ་འཁོར་ལ་ཨོཾ་ཛ་ཞེས་བྱ་བ་བཀོད་ལ། དེ་ལས་བྱུང་བའི་ འོད་ཟེར་དམར་པོའི་ཚོགས་ཀྱིས་གནས་བཅུ་བདུན་དུ་གཏོགས་པའི་དྲེགས་པ་སད་པར་བྱས་པས་དེས་ཀྱང་དེ་བརྒྱལ་བར་བྱས་ཤིང་དྲེགས་པ་འདོར་བར་བསམས་ལ་སྔ་མ་བཞིན་དུ་རྡོ་རྗེ་མདའི་སྦྱོར་བས་གནས་ལྔར་དབུག་པར་བྱའོ། །ངོས་གཉིས་ལ་ནི་པདྨ་བྲི། ། ཞེས་བྱ་བ་ནི་ངོས་གཉིས་སུ་པདྨ་བྲི་བའོ། །མཛེས་པར་བྱ་ཞེས་བྱ་བ་ཉེ་བར་མཛེས་པའོ། །བྲི་བ་ནི་པདྨའི་ལྟེ་བ་ལ་བྲིའོ། །མི་ཡིས་བཏགས་ནས་ནི་ཞེས་བྱ་བ་ནི་མི་སྐྲས་བཅིངས་ནས་ཟླུམ་པོར་བྱ་བས་སོ། །ཐིང་རིལ་གྱི་རྐང་རུས་ཀྱིས་ཞེས་བྱ་བ་ནི་ཐིང་རིལ་ 61-1-271a ཞེས་བྱ་བ་ནི་བྱའི་རྐང་པའི་རུས་པས་སོ། །ཁྲེམ་ཧཱུཾ་མིང་ནས་བརྗོད་ཅིང་བརྡུང་། །ཞེས་བྱ་བ་ནི་ཟས་སྦྱིན་མ་ཁུག་ཅིག་ཁྲེཾ་ཧཱུཾ་ཞེས་བྱ་བ་བརྗོད་ཅིང་བརྡུང་ངོ་། །ཅི་ཞིག་བྱས་ནས་ཤེ་ན། ལམ་གྱི་སུམ་མདོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཡོན་ པ་ཞེས་བྱ་བ་ནི་རྐང་པ་གཡོན་པས་སོ། །འགུགས་པར་བརྩོན་པ་ཞེས་བྱ་བ་ནི་ཟས་སྦྱིན་མ་འགུགས་པར་བརྩོན་པའོ། །ལྕགས་ཀྱུས་བྱ་ཞེས་བྱ་བ་ནི་རྐང་པ་གཡོན་པའི་མཐེ་བོང་ཉིད་ཀྱིས་རྡོ་རྗེས་མཚན་པའི་ལྕགས་ཀྱུ་བྲིའོ་ཞེས་སྔ་མ་དང་སྦྱར་རོ། ། གཟུགས་ཅན་གྱིས་ནི་རྟིང་པར་བརྡུང་། །ཞེས་བྱ་བ་ནི་རྣལ་འབྱོར་པས་རྐང་པས་འགུགས་པའི་ཚུལ་དུ་བྱའོ། །འདི་ནི་ཁམས་གནས་པའི་ཞེས་བྱ་བ་ནི་ཁམས་གསུམ་ན་གནས་པའི་ཟས་སྦྱིན་མ་རྣམས་སོ། །འདི་སྐད་སྟོན་ཏེ་མིའི་མགོ་ཐོད་ གཉིས་ལས་ཅང་ཏེའུ་བྱས་ལ། སྤྲེའུའི་པགས་པས་གཡོགས་ནས་བུད་མེད་ན་ཚོད་དང་པོ་དང་ལྡན་པའི་ཁྲག་གིས་ངོས་གཉིས་སུ་པདྨ་བྲིས་ལ། དེར་ཡང་ཡི་གེ་ཁྲེཾ་བཀོད་ནས་ཧེ་རུ་ཀའི་སྦྱོར་བ་བྱས་ལ་དེའི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་ཏེ། ཉི་མ་ ཕྱེད་དམ་མཚན་ཕྱེད་ན་ལམ་གྱི་སུམ་མདོར་རྐང་པ་གཡོན་པའི་མཐེ་བོས་དཀྱིལ་འཁོར་ཕྱེད་དང་འདྲ་བ་བྱས་ལ། དེའི་གྲར་ཡང་རྡོ་རྗེས་མཚན་པའི་ལྕགས་ཀྱུ་བྱས་ལ་དེའི་དབུས་སུ་འདུག་སྟེ། རྐང་པས་འགུགས་པའི་ཚུལ་དུ་བྱས་ནས། ཁྲག་འཐུང་གི་སྔགས་ཀྱི་མཐར་ཟས་ སྦྱིན་མ་བཀུག་ལ། ཁྲེཾ་ཧཱུཾ་ཞེས་བྱ་བ་དང་། མིའི་སྐྲས་འཁོར་ལོར་བྱས་ལ་ཐིང་རིལ་གྱི་རྐང་པའི་རུས་པས་བརྡུངས་ནས། ཁྲག་འཐུང་གིས་ཟས་སྦྱིན་མ་བསྣམས་ཏེ་བྱོན་པར་བསམ་པར་བྱའོ། །རྣལ་འབྱོར་པ་སེམས་ལ་དབང་དུ་གྱུར་པ་ཐོབ་པས་ཚིག་ཙམ་ལ་སོགས་པས་ཐམས་ཅད་ དབང་དུ་འགྱུར་བ་བསྟན་པའི་ཕྱིར། གང་ཡང་རུང་བའི་གཟུགས་བརྙན་ལ། །གནས་པ་ཡིས་ནི་ང་རྒྱལ་གྱིས། །ཞེས་བྱ་བ་གསུངས་ཏེ། རྣམ་པར་སྣང་མཛད་ལ་སོགས་པ་གང་ཡང་རུང་བའི་གཟུགས་བརྙན་དུ་གནས་པའི་ང་རྒྱལ་གྱིས་སོ། །ཚིག་གི་རྣམ་པ་ཙམ་གྱིས་ཀྱང་། །ཞེས་བྱ་བ་ 61-1-271b ནི་ཚིག་གམ་ལུས་ཀྱི་རྣམ་པས་ཀྱང་ལྷ་ལ་སོགས་པ་མངག་གཞུག་ཏུ་འགྱུར་ཞིང་ཐམས་ཅད་བྱེད་པར་འགྱུར་རོ་ཞེས་ཚིག་རྣམ་པར་བསྒྱུར་བར་སྦྱར་བར་བྱའོ། །གང་ཚེ་དབང་ཉིད་ལ་གནས་པ། །ཞེས་བྱ་བ་ནི་དབང་ཉིད་ལ་གནས་པས་གནས་པའོ། །མ་ཙམ་གྱིས་ཀྱང་གཅོད་པའི་ མཆོག །ཅེས་བྱ་བ་ནི་གསོད་པས་འདུལ་བ་མ་ཙམ་གྱིས་ཀྱང་གཅོད་པའི་མཆོག་གོ། །གླུ་དང་གར་ཞེས་བྱ་བ་ནི་བསྒོམ་པས་བསྒྲུབ་པར་བྱ་བ་དང་གཅིག་ཏུ་གྱུར་ནས་བདག་ཉིད་ཇི་ལྟ་བ་བཞིན་དུ་གར་རབ་ཏུ་བྱས་པས་འགྲོ་བའི་གཟུགས་ལྷའི་ཡེ་ཤེས་སུ་བསྒྲུབ་པའོ། །དེ་ལ་ དང་པོར་སྦྱིན་སྲེག་བྱ། །མེ་ནི་ལྷ་ཡི་ཞལ་ཡིན་པས། །ཞེས་བྱ་བ་ནི་དེ་ལ་སྦྱིན་སྲེག་དང་པོ་བྱས་ནས། གཞན་དག་ལ་སྦྱིན་སྲེག་བྱ་བ་ཡིན་པས་འདི་སྐད་ཅེས་བཤད་དོ། །གཙུབ་ཤིང་ལས་ནི་བྱུང་བའི་མེ། །ཞེས་བྱ་བ་ནི་ཞི་བའི་བུད་ཤིང་གཙུབས་པ་ལས་བྱུང་བའི་ མེའོ། །དགེ་བ་ཡི་ནི་ལས་རྣམས་བྱེད། །ཅེས་བྱ་བ་ནི་ཞི་བ་ལ་སོགས་པའི་ལས་སུ་གང་གསུངས་པ་དེ་ཉིད་ནི་དགེ་བའི་ལས་ཏེ་དེ་བྱེད་པའོ། །གདོལ་པའམ་དུར་ཁྲོད་ལས་བྱུང་བའི། །ཞེས་བྱ་བ་ནི་རིགས་ངན་གྱི་ཁྱིམ་ལས་བྱུང་བ་དང་། དུར་ཁྲོད་ཀྱི་ཤིང་ལ་སོགས་པ་ལས་ བྱུང་བའོ། །ཐབ་ཁུང་ཟླུམ་པོ་ཞེས་བྱ་བ་ལ་སོགས་པ་ལ། ཞི་བའི་ཐབ་ཁུང་ཟླུམ་པོ་སྟེ། །རྒྱས་པ་ལ་ནི་ཟུར་བཞི་པ། །དབང་གི་དོན་དུ་ཟླ་གམ་སྟེ། །མངོན་སྤྱོད་ལ་ནི་གྲུ་གསུམ་མོ། །ཞེས་བཤད་པའོ། །ཞི་བའི་ཐབ་ཁུང་ནི་འདི་ལྟར་བདུད་དང་ཡམས་ཀྱི་འཚེ་བ་ཉེ་བར་ ཞི་བར་ཤེས་པར་བྱའོ། །དཀྱིལ་འཁོར་ཟུར་བཞི་ཁ་ཁྱེར་ལ། །རྡོ་རྗེའི་མཚན་མ་དག་གིས་བརྒྱན། །ཞེས་བྱ་བ་ནི་རྡོ་རྗེ་ཞེས་བྱ་བ་ནི་ཉེ་བར་མཚོན་པས་ཁ་ཁྱེར་དང་དཀྱིལ་འཁོར་གྱི་མཚམས་སུ། ལས་ཀྱི་རྗེས་སུ་མཐུན་པར་རྣམ་པར་སྣང་མཛད་ལ་སོགས་པའི་མཚན་ མ་གཞག་པའོ། །ལ་ལ་དག་ནི་ཐམས་ཅད་དུ་ཡང་རྡོ་རྗེ་རྩེ་ལྔ་པ་ཉིད་ཀྱིས་བརྒྱན་པར་བྱའོ་ཞེས་ཟེར་རོ། །སྦྱིན་སྲེག་དེ་ཉིད་ཚུལ་རིགས་པས། །ཞེས་བྱ་བ་ནི་ཇི་སྐད་དུ་གསུངས་པའོ། །པདྨའི་ཞེས་བྱ་བ་ལ་སོགས་པ་ལ་ཞི་བའི་ནི་གཙུག་ཏོར་རོ། །དབང་གི་ནི་པདྨའོ། །མངོན་སྤྱོད་ཀྱི་ནི་རྡོ་རྗེ་ 61-1-272a རྩེ་ལྔ་པར་གྲགས་པའི་རྡོ་རྗེའོ། །རྡོ་རྗེ་ནི་བདུད་དང་ཡམས་ཀྱི་འཚེ་བ་ཉེ་བར་ཞི་བའི་དོན་དུའོ། །རྒྱས་པ་ནི་རིན་པོ་ཆེ་སྟེ་དེ་དག་ཐམས་ཅད་ཀྱང་ཞི་བ་ལ་སོགས་པའི་ཐབ་ཁུང་གི་དབུས་སུ་པདྨའི་སྟེང་དུ་བྱའོ། །ཇི་ལྟར་རིགས་པར་འདུག་ནས་སུ། །ཞེས་བྱ་བ་ནི་ཞི་བ་ལ་སོགས་པའི་ལས་ལ་ ཀུ་ཤའི་ཆུན་པོའི་སྟན་ལ་སོགས་པ་ལ་འདུག་པའོ། །དགང་གཟར་མར་གྱིས་བཀང་ནས་ནི། །བླུགས་གཟར་བཀང་སྟེ་དེ་བཞིན་བསྲེག །ཅེས་བྱ་བ་ནི་དགང་གཟར་མར་གྱིས་ཡོངས་སུ་བཀང་བས་རིགས་ཀྱི་སྙིང་པོའི་གསང་སྔགས་བརྗོད་ལ་རིམ་གྱིས་བླུགས་གཟར་ཡོངས་སུ་བཀང་བས་སྲེག་བླུགས་དབུལ་བར་བྱ་སྟེ། དེས་མེའི་གཟི་བྱིན་བསྐྱེད་པར་བྱ་སྟེ། སྦྱིན་སྲེག་ལ་དགོས་གཡས་སུ་བཞག །ཅེས་བྱ་བ་ནི་ལས་ཀྱི་ཆོ་ག་ཇི་ལྟ་བས་སྦྱིན་སྲེག་གི་རྫས་དྲི་དང་མེ་ཏོག་ལ་སོགས་པ་གཞག་གོ། །གཡོན་དུ་ཆུ་ཡི་སྣོད་དག་གོ། །ཞེས་བྱ་བ་ནི་བསང་གཏོར་གྱི་ཆུའི་སྣོད་དོ། །ལས་ཀུན་བྱེད་པས་བཟླས་ནས་སུ། ། ཞེས་བྱ་བ་ལས་ཐམས་ཅད་པ་སྟེ་རིགས་ཐམས་ཅད་ལས་ཐམས་ཅད་བྱེད་པས་སོ། །བསང་གཏོར་དང་ནི་འཐོར་འཐུང་བྱས། །ཞེས་བྱ་བ་ནི་བསང་གཏོར་བྱ་བ་ཉིད་ཀྱིས་འཐོར་འཐུང་ལ་སོགས་པ་བྱའི་གཞན་མི་དགོས་སོ། །ལ་ལ་ནི་གཉིས་པ་ལ་ཡང་ལས་ཐམས་ཅད་བྱེད་པ་དང་རང་གི་ གསང་སྔགས་དང་རིགས་ཀྱི་སྙིང་པོའི་རིག་པ་དག་བཟླས་བརྗོད་བྱ་བར་ཤེས་པར་བྱའོ་ཞེས་འདོད་དོ། །ཀུ་ཤའི་རྩེ་མོ་ཞེས་བྱ་བ་ལ་སོགས་པ་ལ་ཐབ་ཁུང་འཁོར་བ་ཡོངས་སུ་བསྐོར་བ་སྟེ། དང་པོར་ཤར་དུ་རྩེ་བསྟན་དགྲམ། །གཉིས་པ་ལྷོ་རུ་ཁ་བལྟས་པ། །གསུམ་པ་རྩེ་མོ་ནུབ་ཏུ་བལྟ། ། བཞི་པ་བྱང་དུ་རྩེ་བལྟས་པའོ། །ཞེས་བྱ་བའི་ཚུལ་འདིས་ཀུ་ཤའི་རྩེ་མོས་མནན་པའི་ཐབ་ཁུང་བྱའོ། །གཡས་པ་མི་འཇིགས་མཐེབ་བསྐྱོད་ཅིང་། །ཞེས་བྱ་བ་ནི་ལག་པ་གཡོན་པས་ལག་པ་གཡས་པའི་མཁྲིག་མ་གཟུང་ལ་ལག་པ་གཡས་པ་བརྐྱང་སྟེ་མི་འཇིགས་པ་སྦྱིན་པའི་ཚུལ་དུ་ བྱས་ལ། མཐེ་བོ་ལག་པའི་མཐིལ་དུ་གཞག་སྟེ་སྤྱན་འདྲེན་པའི་ཚུལ་གྱིས་བསྐྱོད་པར་བྱའོ། །ལག་གཡོན་རྡོ་རྗེ་བསང་གཏོར་ཏེ། །ཞེས་བྱ་བ་ནི་བདུད་རྩི་ཐབ་སྦྱོར་གྱི་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱས་སོ། །དེ་ལ་ལག་པ་གཡས་པས་ཇི་བཞིན་དུ་བསངས་ལ། ཕྱག་རྒྱ་བཞིས་མངོན་ 61-1-272b པར་རྒྱས་གདབ་བོ། །མཆོད་ཡོན་མཆོད་པ་རྣམ་ལྔ་དབུལ། །ཞེས་བྱ་བ་ནི་མཆོད་ཡོན་དང་ཞབས་བསིལ་དང་། བསང་གཏོར་ཕུལ་ནས་མེ་ཏོག་ལ་སོགས་པ་རྣམས་ཀྱིས་མཆོད་དོ། །ཐོག་མ་དང་ཐ་མར་དེ་ཇི་ལྟར་བསམ་ཞེ་ན། མེའི་ཕྱོགས་ནས་བོད་པ་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མེའི་ ཕྱོགས་ནས་ཇི་སྐད་དུ་གསུངས་པའི་གཟུགས་སོ། །ལས་ཀྱི་འོད་ཟེར་རྣམས་ཀྱིས་བརྒྱན། །ཞེས་བྱ་བ་ནི་ཞི་བ་ལ་སོགས་པ་ལ་དཀར་པོ་ལ་སོགས་པའི་འོད་ཟེར་རྣམས་ཀྱིས་བརྒྱན་ཅིང་སྤུད་པའོ། །དེའི་ཕྱག་ཇི་ལྟར་བསམ་ཞེ་ན་ལག་པ་དང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཞུགས་སུ་གསོལ་ཞེས་བྱ་བ་ནི་སྤྱན་དྲངས་པའི་འོག་ཏུའོ། །དེ་ལ་སྦྱིན་སྲེག་ལ་དགོངས་པ། །ཀུན་ལ་ལན་གསུམ་སྲེག་བླུགས་འབུལ། །ཞེས་བྱ་བ་ནི་མཆོད་ཡོན་ལ་སོགས་པ་ཕུལ་བའི་འོག་ཏུ་བགེགས་དང་བཅས་པ་དང་། བགེགས་མེད་པར་རྟགས་ལ་སྦྱིན་སྲེག་གི་ཡོ་བྱད་ མར་ལ་སོགས་པ་ཐམས་ཅད་ལས་སྲེག་བླུགས་ལན་གསུམ་དབུལ་ལོ། །རིམ་པ་འདི་ཡི་ཚུལ་གྱིས་ནི། །མཁས་པས་ལྷ་རྣམས་ཚིམ་པར་བྱ། །ཞེས་བྱ་བ་ནི་དེ་ནས་པདྨ་དང་ཟླ་བ་ལ་ལྷ་རྣམས་ཇི་ལྟ་བ་བཞིན་དུ་བསམས་ཏེ། རང་གི་གནས་ནས་སྤྱན་དྲངས་ལ་མཆོད་ཡོན་ལ་སོགས་པ་ ཕུལ་ནས། དང་པོ་ལས་དང་རྗེས་སུ་མཐུན་པའི་སྔགས་ཀྱིས་དགང་བླུགས་ཕུལ་ལ་ཕྱི་ནང་གི་གསང་སྔགས་ཀྱིས་ཀྱང་ཇི་ལྟ་བ་བཞིན་དུ་སྦྱིན་སྲེག་བྱས་ལ་མཁས་པ་དག་གིས་ལྷ་རྣམས་ཚིམ་པར་བྱའོ། །ལེགས་པར་ཚིམ་བྱས་བཟོད་གསོལ་ཏེ། །ཞེས་བྱ་བ་ནི་ཡོ་བྱད་མ་ཚང་བ་ལ་ སོགས་པ་ཉེས་པར་མི་གཟུང་བའི་ཕྱིར་བཟོད་པ་མཛོད་ཅིག་ཅེས་བརྗོད་དེ། འདོད་པའི་དངོས་གྲུབ་གསོལ་བ་གདབ། །ཅེས་བྱ་བ་ནི་ཞི་བ་ལ་སོགས་པའི་མངོན་པར་འདོད་པའི་དངོས་གྲུབ་རྫོགས་པའི་ཕྱིར་གསོལ་བ་བཏབ་ནས་ཇི་ལྟ་བ་བཞིན་དུ་གཤེགས་སུ་གསོལ་བར་བྱའོ་ཞེས་ཤེས་ པར་བྱའོ། །འཁྱིལ་བ་ཞེས་བྱ་བ་ནི་འཁྱིལ་བར་གྱུར་པའོ། །སྒོམ་དང་བཟླས་ལ་འབད་པར་བྱ། །ཞེས་བྱ་བ་ནི་དེའི་འོག་ཏུའོ། །ཨོཾ་ཞེས་བྱ་བ་དང་ཞེས་བྱ་བ་ལ་སོགས་པ་ཡི་གེ་ཨོཾ་གྱི་གླུའི་རྣམ་པ་སྔགས་ཀྱིས་མཐར་བྱ་བ་ནི་རྒྱས་པའི་ལས་ལ་སྦྱར་རོ། །སྭཱ་ཧཱ་ནི་ཞི་བ་ལའོ། །ཧོ་ནི་ 61-1-273a དབང་ལ་ཤེས་པར་བྱའོ། །མངོན་སྤྱོད་ལ་ནི་ཡི་གེ་ཧཱུཾ་གིས་སོ། །བདུད་དང་ཡམས་ཀྱི་འཚེ་བ་ཉེ་བར་ཞི་བ་ལ་ཡི་གེ་ཕཊ་ཀྱིས་རབ་ཏུ་ཞི་བར་བྱས་པའོ། །དེ་ལྟར་བྱས་ནས་དེའི་འོག་ཏུ། །ཞི་བའི་སེམས་ཀྱིས་ཞི་བ་ལ། །ཞེས་བྱ་བ་ནི་སྔགས་པས་ཞི་བའི་ལས་ལ་སེམས་ཞི་ བ་སྟེ་བདུད་དང་ཡམས་ཀྱི་འཚེ་བ་ཉེ་བར་ཞི་བ་ལ་ཡང་བསྐུལ་བའི་ཚིག་དང་ཞེས་བྱ་བ་ལ་སོགས་པ་སྟེ། ཆེ་གེ་མོ་ཞི་བར་མཛོད་ཅིག་ཅེས་བྱ་བ་ལ་སོགས་པ་བསྐུལ་བའི་ཚིག་དང་གསང་སྔགས་སྤེལ་བ་དང་ལྡན་པས་ལས་བྱའོ། །སྔགས་བསྒྲུབས་ཞེས་བྱ་བ་ལ་སོགས་པ་ལ་ཞི་བ་ལ་སོགས་ པའི་ལས་སྣ་ཚོགས་པ་གང་ཡིན་པ་ལ། རྣམ་པར་སྣང་མཛད་ལ་སོགས་པ་ངེས་པར་སྦྱར་བ་ལས་ལས་གང་ཡིན་པ་དེ་ཉིད་ཡོངས་སུ་རྫོགས་ནས་མཆོད་པར་བྱའོ། །བཤང་གཅི་ལ་སོགས་པའི་སྦྱིན་སྲེག་བྱས་པས་ཇི་ལྟར་སྡིག་པར་མི་འགྱུར་ཞེས་འགའ་ཞིག་སོམ་ཉི་སྐྱེ་བར་འགྱུར་བ་ཇི་སྟེ་ ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཅི་སྟེ་ཡེ་ཤེས་སེམས་དཔའི་ཞལ། །མི་གཙང་བ་ཡིས་བཀང་ན་ཀོ། །ཞེས་བྱ་བ་ནི་ཞལ་ཡོངས་སུ་བཀང་བའི་ཕྱིར། ཅིའི་ཕྱིར་བསྔགས་པར་བྱ་བ་མ་ཡིན་པར་ཡོངས་སུ་གཟུང་། གལ་ཏེ་ཞེས་བྱ་བ་ལ་སོགས་པས་ནི་གཏན་ཚིགས་གསུངས་པ་སྟེ་ སྡིག་པ་ཡིན་ན་མངོན་པར་འདོད་པའི་འབྲས་བུ་ཇི་ལྟར་འབྱུང་སྟེ་དེ་བས་ན་མེད་དོ་ཞེས་སྟོན་ཏེ། ཆོས་ནི་རང་བཞིན་གྱིས་དག་སྟེ། །སྐྱེ་བ་མེད་ཅིང་གནས་མེད་ཀྱང་། །ཞེས་བྱ་བ་ནི་དོན་དམ་པར་རོ། །སེམས་ཅན་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་ལ་སངས་རྒྱས་རྣམས་ཀྱིས་ལྷག་པར་མོས་པའི་འབྲས་ བུའི་ཡེ་ཤེས་རབ་ཏུ་གྲུབ་པའི་ཕྱིར་བསྟན་ཏོ། །དམ་པའི་དོན་དུ་དགེ་སྤངས་ན། །ཞེས་བྱ་བ་ནི་གང་གི་ཕྱིར་གཉིས་སུ་མེད་པའི་ཡེ་ཤེས་ནི་བག་ཆགས་ཐམས་ཅད་རྩ་བ་ནས་འབྱིན་པས་སོ། །སྨོས་ཅི་དགོས་ཞེས་བྱ་བ་ནི་འཛིན་པར་རྟོག་པའོ། །དཔེ་བསྟན་པའི་ཕྱིར་དཔེར་ན་ཆུ་ཀླུང་ཞེས་བྱ་བ་ ལ་སོགས་པ་སྟེ། ཆུ་གང་ཆུ་ཀླུང་གིས་ཞེས་བྱ་བ་ནི་འདིར་མཐོང་ངོ་ཞེས་ཤེས་པར་བྱའོ། །ཆུ་ལས་རྒལ་བའི་གཟིངས་བྱས་ནས། །ཞེས་བྱ་བ་ནི་ཆུ་དེ་ལས་བརྒལ་བའི་ཕྱིར་རོ། །དཔེ་བསྟན་པའི་དོན་གསུངས་པ་ནི། དེ་བཞིན་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཆོས་ཀྱི་ལམ་ནི་བསྐྱེད་ 61-1-273b བྱས་ཀྱང་། །ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་ཆོས་ཀྱི་ལམ་ལ་གནས་པས་འཁོར་བའི་ཕ་རོལ་ཏུ་སོན་པའོ། །ཆོས་དང་ཆོས་མིན་རྣམ་སྤངས་ནས། །ཞེས་བྱ་བ་ནི་དེ་གཉིས་ཀའི་རྣམ་པར་རྟོག་པ་དང་བྲལ་བའོ། །འདི་སྐད་སྟོན་ཏེ། བག་ཆགས་ཐམས་ཅད་རྩད་ནས་འདོན་པའི་ཕྱིར་ བསོད་ནམས་ཀྱང་སྤང་བར་བྱ་ན་གཞན་དག་ལྟ་ཅི་སྨོས། ད་ནི་དེ་ལྟར་བསྟན་པ་འདི་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན་ནོ་ཞེས་སོམ་ཉི་དང་བྲལ་བའི་བསམ་པས་རབ་ཏུ་འཇུག་པར་བྱའོ་ཞེས་བསྟན་པའི་ཕྱིར། དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་སྐད་དུ་བཤད་པའི་ལུང་གི་ ཆོས་ལ་གོམས་པའི་རྒྱུད་ཀྱིས་ཟབ་མོའི་ཆོས་རྣམ་པར་འཕེལ་བར་བྱའོ། །ལས་ཀྱི་རིམ་པ་རྒྱས་བསྟན་པ་ནི་འདིར་མ་གསུངས་སོ། །ཞི་བའི་ཐབ་ཁུང་ནི་ཁྲུ་གང་ཙམ་ཤིན་ཏུ་མཛེས་པ་ཟླུམ་པོར་བྱས་པ་དེའི་འོག་སོར་བཅུ་གཉིས་བརྐོ་ཞིང་མཐའ་ཀུན་དུ་སོར་བཞི་ཡོངས་སུ་དོར་བ། ཁ་ཁྱེར་སོར་བཞི་པ་ངོས་ ཤིན་ཏུ་མཉམ་པར་བྱའོ། །མཚམས་སུ་ནི་རྡོ་རྗེའོ། །དེའི་དབུས་སུ་ནི་པདྨའི་སྟེང་དུ་འཁོར་ལོའི་ཚད་སོར་བརྒྱད་པ་དཔངས་སུ་སོར་གཅིག་པ་གཞག་གོ། །ཐབ་ཁུང་ལས་དཀར་གྱིས་བྱུགས་ཤིང་མཐའ་ཀུན་དུ་ཁྲུ་གང་ཙམ་གྱི་ས་གཞི་སྐྱོང་ནུལ་བྱ་ཞིང་ཡང་བའི་ལྕི་བས་བྱུག་པར་བྱའོ། །དེ་ནས་ཙནྡན་དཀར་ པོ་དང་མེ་ཏོག་དཀར་པོ་དྲི་ཞིམ་པའི་སིལ་མ་གཏོར་ལ་ཐུན་གསུམ་དུ་བྱ་སྟེ། འདི་ནི་ཐབ་ཁུང་གི་མཚན་ཉིད་དོ། །དགང་གཟར་དང་བླུགས་གཟར་ནི་སེང་ལྡེང་ལ་སོགས་པའི་རྒྱུ་ལས་བྱ་སྟེ། ཡུ་བའི་ཚད་ནི་སྐྱེས་བུ་ཚད་དང་ལྡན་པའི་མཐེབ་སོར་ཉི་ཤུ་རྩ་བཞི་པའོ། །དེའི་ཕྱི་རོལ་དུ་སྟེང་གི་ཆ་ལ་ ཟུར་བཞི་སོར་བཞིའི་ཚད་ལ་འོག་ཏུ་ཟབས་སུ་སོར་གཉིས་པ་རྐོ་ཞིང་ཁུ་བ་འཛག་པའི་བུ་ག་ཟླུམ་པོ་མཐེའུ་ཆུང་གི་ཚད་ཙམ་ལ་དེའི་དབུས་སུ་དེ་དང་རྗེས་སུ་འཚམ་པའི་འཁོར་ལོ། དེའི་རྩེ་མོའི་ཆར་སོར་བརྒྱད་པའི་ཚད་དམ་པདྨའི་འདབ་མ་འདྲ་བ་བྱའོ། །ཡུ་བའི་འོག་གི་ཆར་ནི་རྡོ་རྗེ་དང་ རིན་པོ་ཆེར་བྱས་ལ་ཡུ་བ་དེ་བཞིན་གཤེགས་པའི་ཁུ་ཚུར་གྱིས་གཟུང་བར་བྱ་སྟེ། འདི་ནི་བླུགས་གཟར་གྱི་མཚན་ཉིད་དོ། །དགང་གཟར་ནི་ཁྲུ་གང་གི་ཚད་ལ་དེའི་ཁ་པདྨའི་འདབ་མ་འདྲ་བ་ལས་སོར་གཉིས་པའི་ཚད་སོར་གཅིག་བརྐོས་པའི་དབུས་སུ་ནི་འཁོར་ལོ་བྱའོ། །ཡུ་བའི་འོག་ 61-1-274a གི་ཆར་རྡོ་རྗེ་རིན་པོ་ཆེ་བྱ་བ་ནི་སྔ་མ་བཞིན་ཏེ་འདི་ནི་དགང་གཟར་གྱི་མཚན་ཉིད་དོ། །བུད་ཤིང་གི་དོན་དུ་ནི་དགོན་པའི་བ་ལང་གི་ལྕི་བ་བཟང་པོ་དང་། དེ་བཞིན་དུ་ཤ་ལི་དང་ཤིང་དྲི་ཞིམ་པོ་དག་ཀྱང་ཞི་བའི་ལས་ལ་བུད་ཤིང་ཡིན་ནོ། །རྫས་ནི་བའི་འོ་མ་དང་ཞོ་དང་འབྲས་ཡོས་ དང་ཏིལ་དང་དཱུར་བ་དང་ཀུ་ཤ་སྔོན་པོ་དང་། པྲི་ཡང་ཀུའི་མེ་ཏོག་དང་། འབྲས་སཱ་ལུའི་ཆན་དང་། མེ་ཏོག་དཀར་པོ་དང་། ནཱ་ག་གེ་སར་དང་། ཐང་ཆུ་དྲི་ཞིམ་པ་དང་། སྦྲང་རྩི་དང་། འབྲས་དང་། ཞོ་ལ་སོགས་པ་ཇི་སྙེད་པའམ། ཡང་ན་མཆོད་སྦྱིན་གྱི་རྫས་རྣམས་ཀྱིས་སྲེག་བླུགས་ བྱའོ། །ཡམ་ཤིང་ནི་ལོ་མ་དང་བཅས་ཤིང་རླན་དང་བཅས་པ། རྩེ་མོ་ལས་སྐྱེས་པ་མཐོ་གང་ཙམ་ལ་སྦྲང་རྩི་དང་འོ་མ་དང་མར་ལ་བཏགས་ཤིང་ཙནྡན་དཀར་པོའི་ཆུས་ཡོངས་སུ་བསྒོས་པའོ། །ཡང་ཡམ་ཤིང་གི་མཚན་ཉིད་ནི། པ་ལ་ཤ་དང་ཨུ་དུམྺཱར། །བླག་ཤ་དང་ནི་ནྱ་གྲོ་དྷ། །ཨརྐ་ དང་ནི་སེང་ལྡེང་དང་། །ཨ་མྲ་བེ་ཀཾ་ཀ་དང་ནི། །ཀསྨ་རི་དང་ཤ་མི་དང་། །ཨ་པ་མརྒ་ལས་བྱུང་བ། །ཨ་ཤྭཏྠ་དང་བཅས་པ་ནི། །ཡམ་ཤིང་བཅུ་གཉིས་དག་ཏུ་བསྟན། །སར་པ་ལས་ནི་མཛུབ་གང་ཙམ། །ལས་རྣམས་ཀུན་ལ་དབུལ་བར་བྱ། །བཟང་ཞིང་སར་ལ་དྲང་བ་དང་། །དྲི་ཞིམ་ ཆུ་ཡིས་བཀྲུས་པ་དང་། །ཞི་བའི་སྲེག་རྫས་གང་ཅུང་ཟད། །དེ་བཞིན་རྒྱས་པའི་སྲེག་རྫས་དང་། །གང་ཡང་བདག་གི་ཁ་ཟས་དག །ལས་རྣམས་ཀུན་ལ་དབུལ་བར་བྱ། །ཞི་བ་ལ་ནི་མངར་བ་དང་། །མེ་ཏོག་དྲི་བཟང་དཀར་པོ་ཤིས། །དེ་བས་ལས་དེ་བྱེད་པ་ཡི། །མདོར་ན་དེ་ཡི་ དབང་དུ་བྱ། །ཏི་ལ་ཀ་དང་ཀུཏ་ཛ་དང་། །ཀར་ནི་པ་ལ་སོ་མ་དང་། །བིལ་པའི་མེ་ཏོག་ཀ་རཉྫ། །ཐམས་ཅད་ལས་ནི་ཐམས་ཅད་པ། །བུ་རམ་ཐང་ཆུ་བསྲེས་པ་དང་། །རི་ལུ་བཟང་པོ་བྱ་བ་ནི། །རྫོགས་སངས་འཇིག་རྟེན་འདྲེན་པ་ཡིས། །ཞི་བ་ཡི་ནི་ལས་ལ་གསུངས། །ཏུ་རུ་སྐ་དང་ ཨ་ག་རུ། །ག་པུར་ཙནྡན་བུ་རམ་དང་། །ཐང་ཆུ་དང་ནི་ཞོ་དག་ནི། །ལས་རྣམས་ཀུན་ལ་འཇུག་པ་ཡིན། །དྲི་ཞིམ་ཤིང་སྐྱེས་ཐང་ཆུ་ནི། །ཞི་བ་ཡི་ནི་ལས་ལ་གྲགས། །མངར་བ་མཆོག་ཏུ་བཤད་པ་ན། །སེར་སྐྱ་ལས་རྣམས་ཐམས་ཅད་ལའོ། །དྲི་ཡི་རྫས་ནི་ཡིད་འོང་དང་། །དཀར་ 61-1-274b པོ་ཞི་བའི་ལས་ལ་གསུངས། །ཁྱད་པར་ན་ནི་ཨ་ག་རུ། །ནག་པོ་ལས་རྣམས་ཀུན་ལ་བསྔགས། །སྭསྟིའི་ཐུག་པ་འབྲས་ཡོས་དང་། །མར་དང་སྦྲང་རྩི་ནས་འོ་ཐུག །བི་ཛ་པཱུ་ར་དེ་དག་རྣམས། །ངེས་པར་ཞི་བའི་ལྷ་བཤོས་སོ། །སྭསྟི་ཀ་དང་ཨུ་ལོ་པི། །བཟང་པོ་ཅི་འབྱོར་བུ་རམ་ཅན། །ལག་ པན་རྩ་བ་འབྲས་བུ་ཅན། །འོ་ཐུག་དག་ནི་འདོད་པ་སྟེ། །དེ་ནི་ཐམས་ཅད་འདོད་ཅེས་བྱ། །ལྷ་བཤོས་དོན་གྲུབ་བྱེད་པའོ། །དེ་ལྟ་བུའམ་ཡོན་ཏན་ཐམས་ཅད་དང་ལྡན་པས་ཞི་བའི་ལས་བྱེད་པར་འདོད་ན་ཕྱིའི་ཁྲུས་བྱའོ། །ཁྲུས་བྱ་བའི་ཆོ་གས་ཁྲུས་བྱ་བའམ་ནང་གི་ཁྲུས་བྱས་ལ་ཇི་ལྟ་བ་བཞིན་ དུ་སྦྱིན་སྲེག་གི་ཁང་པར་རབ་ཏུ་ཞུགས་ཏེ་བསང་བ་ལ་སོགས་པ་དང་། ཕྱོགས་བཅིང་བ་ལ་སོགས་པ་གནས་བརྟན་པར་བྱས་པའི་བར་གྱི་ཆོ་ག་བྱས་ཏེ་སྦྱིན་སྲེག་གི་ཡོ་བྱད་ཐམས་ཅད་རྡོ་རྗེ་རྩེ་མོ་བཟླས་པའི་ཆུས་ཡོངས་སུ་བསངས་ལ། བདུད་རྩི་ཐབ་སྦྱོར་གྱིས་ཀྱང་ཡོངས་སུ་བཟླས་ཏེ་ གཡས་ཕྱོགས་སུ་གཞག་གོ། །བསང་གཏོར་གྱི་ཆུ་སྣོད་ལ་བདུད་རྩི་ཐབ་སྦྱོར་གྱི་ཡོངས་སུ་བཟླས་ནས་གཞག་གོ། །མཆོད་ཡོན་གྱི་སྣོད་ཀྱང་སྔ་མ་བཞིན་དུ་མངོན་པར་འདུས་བྱས་ལ་བདུད་རྩི་ཐབ་སྦྱོར་གྱིས་མངོན་པར་བསྔགས་ཤིང་རིགས་ཀྱི་སྙིང་པོ་དང་རིགས་ཀྱི་རིག་པ་དག་ཡོངས་སུ་ བཟླས་ལ་གཡོན་ཕྱོགས་སུ་གཞག་གོ། །དེ་ནས་གོས་དཀར་པོ་བགོས་ཤིང་ཤིན་ཏུ་གཙང་བས། རི་རབ་རི་ཡི་བྲག་འདྲ་བར། །འཛུམ་པ་མེད་པ་ཡི་ནི་མིག །བྱམས་པའི་ལྟ་བ་ཡིན་པར་བཤད། །ནད་དང་གནོད་པ་དུག་སེལ་ལོ། །ཞེས་བྱ་བ་བྱམས་པའི་ལྟ་བས་ཤར་རམ་བྱང་དུ་བལྟས་ ཏེ་ཀུ་ཤའི་ཆུན་པོ་དང་པདྨའི་གདན་གྱིས་འདུག་ནས། ཇི་ལྟ་བ་བཞིན་དུ་ལྷའི་རྣལ་འབྱོར་བྱས་པའི་ཆོ་ག་ཇི་ལྟ་བ་བཞིན་བྱས་ནས། དེའི་ཆོས་དང་དམ་ཚིག་བཟུང་ལ་དེ་བཞིན་དུ་ཁང་པ་བརྩེགས་མ་བསམས་ཏེ། གཅིག་པུར་ཞུགས་ལ་སྤོས་ཀྱིས་བྱུག་པ་དང་། བོ་དེ་ཙེ་གཅིག་གིས་ དབུས་སུ་མཚན་མའི་གདུ་བུ་ལ་སངས་རྒྱས་སྤྱན་གྱི་རིག་པ་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་ཏེ་ལག་པ་གཡས་པའི་མཁྲིག་མར་བཅིང་ངོ་། །དེའི་ལག་པའི་སྲིན་ལག་གི་སོར་མོ་ལ་རྣམ་པར་སྣང་མཛད་ཀྱི་སྙིང་པོ། དེ་བཞིན་དུ་བཟླས་པའི་བསང་བྱེད་ཀྱང་གདགས་པར་བྱའོ། །དེ་ནས་ 61-1-275a ཀུ་ཤའི་གསང་སྔགས་བཟླས་ནས་དགོད་པར་བྱ་སྟེ་སྔགས་པ་མཉམ་པར་བཞག་ནས་ཞི་བའི་ལས་རྣམས་རབ་ཏུ་བསྒྲུབ་པའི་ཕྱིར། དང་པོ་ཤར་དུ་རྩེ་བསྟན་དགྲམ། །གཉིས་པ་ལྷོ་ཕྱོགས་ཁ་བལྟས་ལ། །གསུམ་པའི་རྩེ་མོ་ནུབ་བྱང་དུའོ། །དེ་ནས་ཐབ་ཁུང་ཀུ་ཤའི་རྩེ་མོ་ གྱེན་དུ་བལྟ་བ་མཐུག་པས་བཀབ་ལ་ལས་དང་རྗེས་སུ་མཐུན་པའི་མེ་ཏོག་གིས་ཀུན་དུ་ཉེ་བར་མཛེས་པར་བྱའོ། །ཨོཾ་བཛྲ་སཏྭ་ཨ་ཞེས་བྱ་བ་ནི་ཀུ་ཤ་ལ་གདབ་པའི་སྔགས་སོ། །དེ་ནས་ཡི་གེ་ཨོཾ་དང་སྭཱ་ཧཱའི་མཐར་ཐུག་པ་ལས་ཐབ་ཁུང་བྱུང་བར་བསམས་ལ། མངར་ཞིང་འོ་མ་ཅན་གྱི་ ཤིང་ལས་བྱུང་བའི་རྒྱུན་བཞག་གི་མེའམ། དགེ་འདུན་གྱིའམ། ཚང་བང་ཆེན་པོའི་མེ་ལས་སྦྱིན་སྲེག་གི་མེ་བླངས་ལ། ཨོཾ་བཛྲ་ཨ་མྲྀ་ཏེ་ཧཱུཾ་ཕཊ་ཅེས་བྱ་བས་ཇི་ལྟ་བ་བཞིན་བསང་ཞིང་སྦྱངས་ནས་དེའི་གསང་སྔགས་བརྗོད་ནས་ཐབ་ཁུང་དུ་བཅུག་སྟེ། སྔར་བཤད་པའི་ཡམ་ཤིང་གི་ རླུང་ཡབ་ཀྱིས་རླུང་དང་། ཇི་སྐད་དུ་བདག་པོའི་གསང་སྔགས་ཀྱིས་མེའི་ཕྱོགས་སུ་མངོན་པར་རང་གིས་ཕྱོགས་ནས་རྡོ་རྗེ་མེ་ཇི་སྐད་དུ་བཤད་པའི་གཟུགས་ཅན་དྲང་སྲོང་རྣམས་ཀྱིས་ཡོངས་སུ་བསྐོར་བ་མདོག་དཀར་པོ་སྤྱན་དྲངས་ལ་ཐབ་ཁུང་གི་དབུས་སུ་ཉེ་བར་བཞུགས་པར་བསམ་ མོ། །དེ་ནས་མཆོད་ཡོན་དང་ཞབས་བསིལ་དང་འཐོར་འཐུང་ཕུལ་ནས་དེ་ཉིད་ཀྱི་ཕྱག་རྒྱ་ཆེན་པོ་ལ་དམིགས་ཏེ། ཨོཾ་ཨགྣ་ཡེ་ཧ་བྱ་ཀ་བྱ་ཧ་ཎ་ཡཱ་དི་པྱཱ་དིབ་མཱ་སྭཱ་ཧཱ་ཞེས་བརྗོད་དོ། །ལག་པ་གཡས་པ་བཏེག་ནས་ནི། །འབར་བའི་ཚུལ་དུ་བསྟན་པ་དག །རྡོ་རྗེ་མེ་ཡི་ཕྱག་རྒྱ་འདི། །རང་གི་ ཡིན་པར་ཡོངས་སུ་བརྟག །ཆོས་ཀྱི་ཆོ་ག་ཤེས་པ་ཡི། །སྔགས་པས་ལྕེ་ལ་ཟླ་བ་དང་། །དེ་སྟེང་རྡོ་རྗེ་དཀར་པོ་བསམ། །ཧཱུྃ་ནི་དབུས་སུ་བསམ་པར་བྱ། །ལག་པ་གཡས་དང་གཡོན་དག་གིས། །གར་གྱི་ཚུལ་གྱིས་བརྟག་པ་དག །འདིར་ནི་ལས་ཀྱི་རྒྱར་གྲགས་ཏེ། །སྔགས་པར་ ལས་ཀྱི་དངོས་གྲུབ་སྟེར། །དེ་ནས་ཕྱག་རྒྱ་ཆེན་པོ་ཇི་ལྟ་བ་བཞིན་དུ་བཅིངས་ནས། ཨོཾ་བཛྲ་བནྡྷ་ཧཾ་ཞེས་བརྗོད་དོ། །རྡོ་རྗེ་སྲུང་བ་དམ་བཅིངས་ནས། །རྡོ་རྗེ་བཅིངས་པ་བཙིར་བ་དག །འདི་ནི་སྲུང་བའི་དམ་ཚིག་སྟེ། །སེམས་ཅན་ཐམས་ཅད་བསྲུང་བའོ། །ཞེས་བྱ་བས་དམ་ཚིག་བསྒོ་བར་བྱའོ། ། 61-1-275b དེ་ནས་མཆོད་ཡོན་ཕུལ་བ་རང་གི་གསང་སྔགས་ཀྱིས་མེ་ཏོག་ལ་སོགས་པས་མཆོད་དོ། །དེ་ནས་གཡོན་པའི་དེ་བཞིན་གཤེགས་པའི་ཁུ་ཚུར་གྱིས་བླུགས་གཟར་བཟུང་ལ་གཡས་པས་དགང་གཟར་བཟུང་ནས། དེས་མར་བླངས་ལ་རིམ་གྱིས་ཡོངས་སུ་བཀང་སྟེ། མེ་ལྷའི་གསང་སྔགས་ བརྗོད་ཅིང་དེས་དགང་བླུགས་གསུམ་མམ་མཁས་པས་གུས་པ་དང་བཅས་པས་དབུལ་ལོ། །ཡོ་བྱད་ཅན་ཐམས་ཅད་ལས་ཀྱང་སྲེག་བླུགས་གསུམ་གསུམ་དབུལ་ལོ། །དེ་ནས་བློ་དང་ལྡན་པས་བགེགས་མེད་པ་དང་བགེགས་དང་བཅས་པ་ཡང་དག་པར་བརྟགས་ནས་ བགེགས་དང་བཅས་པ་ལ་རྡོ་རྗེ་གནོད་སྦྱིན་གྱིས་བགེགས་ཟ་བ་དག་བྱས་ལ། དེ་ནས་མཁས་པས་བདུད་རྩི་ཐབ་སྦྱོར་གྱི་གསང་སྔགས་ཀྱིས་ཁང་པ་དེ་བསང་གཏོར་བྱའོ། །དེ་ནས་སྤོས་དང་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་པའི་དོན་ཇི་ལྟ་བ་བཞིན་དུ་བྱས་ལ་གཡས་ནས་ བསྐོར་ཞིང་བསང་གཏོར་བྱའོ། །ཡང་རང་གི་རིག་པས་མར་ལ་སོགས་པ་མཁས་པས་སྦྱིན་བླུགས་གསུམ་དབུལ་ལོ། །དེ་ནས་སླར་ཡང་ལེགས་པར་བསང་གཏོར་དང་འཐོར་འཐུང་ཡང་དང་ཡང་བྱའོ། །དེ་ནས་མེ་འབར་བའི་རྣམ་པར་བསམས་ལ་སྦྱིན་སྲེག་གི་གནས་སུ་གཞག་གོ། ། དེ་ནས་ཐབ་ཀྱི་དབུས་སུ་པདྨ་དེ་ཡང་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་རང་གི་སྔགས་སྭཱ་ཧཱའི་མཐར་ཐུག་པས་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་ཐུགས་ཞི་བའི་བདག་ཉིད་ཅན་ན་བཟའ་དཀར་པོ་བསྣམས་པ། དབང་པོ་ཞི་བའི་རང་གི་དམ་ཚིག་གི་ཕྱག་རྒྱ་དང་བཅས་པ་ལ་དཀྱིལ་འཁོར་ གྱི་ལྷ་རྣམས་ཀྱིས་ཡོངས་སུ་བསྐོར་བའམ། གསང་བ་ལྔའི་དེ་ཁོ་ན་ཉིད་ཆེན་པོའི་ཚུལ་ཇི་ལྟ་བ་བཞིན་དུ་བློས་བསམས་ལ། སྒོ་ཕྱེ་སྟེ་བསྡུ་བ་བྱས་ནས་མཚན་བརྒྱ་རྩ་བརྒྱད་ཀྱིས་བསྟོད་ལ་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བ་བྱས་ནས། རྡོ་རྗེ་གནོད་ སྦྱིན་གྱིས་བགེགས་བསལ་ལ། ཕྱོགས་དང་མཚམས་དང་དཀྱིལ་འཁོར་བཅིང་བ་དང་དྲ་བ་དང་ར་བ་བྱས་ལ། རྡོ་རྗེ་སྲུང་བས་བསྲུང་བྱ་ཐམས་ཅད་ཡང་དག་པར་བསྲུངས་ལ། རྡོ་རྗེ་ཁུ་ཚུར་གྱིས་སྒོ་བཅད་དེ་མཆོད་ཡོན་ཕུལ་ནས་ཕྱག་རྒྱ་བཞིས་རྒྱས་བཏབ་ལ་དབང་བསྐུར་ནས་ 61-1-276a ཡང་མཆོད་ཡོན་ཕུལ་ཏེ། དེ་ཁོ་ན་ཉིད་ཀྱི་བསྐུལ་བས་ཡང་དག་པར་བསྐུལ་ལ། དེ་ཉིད་ལ་ཕྱི་དང་གསང་བའི་མཆོད་པ་བྱས་ཏེ་རྡོ་རྗེ་གླུས་ཡང་དག་པར་བསྟོད་ནས་བདེ་བའི་བདག་ཉིད་དུ་བསམས་ལ། བསླང་བ་ལ་སོགས་པ་བྱས་ནས་རང་གི་སྙིང་གར་ཡང་དག་པར་ བཅུག་སྟེ་དེའི་གསང་སྔགས་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་ནས་ཕྱིར་ཕྱུང་ལ་དེ་ཉིད་དུ་བཞག་སྟེ་བརྟན་པར་བྱས་ལ་ཡང་དག་པར་མཉེས་པར་བྱའོ། །བཟླས་བརྗོད་ལ་ཇི་ལྟ་བ་དང་། དཀྱིལ་འཁོར་ལ་ཇི་ལྟ་བ་དེ་བཞིན་དུ་སྦྱིན་སྲེག་བསྒོམ་པ་འདི་ལ་སོམ་ཉི་མི་བྱའོ། །བཟླས་པ་ན་ འབར་བའི་དཀྱིལ་འཁོར་རམ་ཡང་དག་པ་ཇི་ལྟ་བ་བཞིན་དུ་བསྒྲུབས་ནས་མཐེ་བོང་དང་སྲིན་ལག་དག་གིས་མེ་ཏོག་གཅིག་བཟུང་ནས་དེ་ཉིད་དུ་ཡང་དག་པར་གཞག་པར་བྱའོ། །དེ་ནས་མཆོད་ཡོན་དང་ཐོར་འཐུང་དང་ཞབས་བསིལ་བ་དང་བསང་གཏོར་དག་བྱས་ནས་མེ་ཏོག་ ལ་སོགས་པ་དག་གིས་ཡང་དག་པར་མཆོད་པར་བྱའོ། །ཐོག་མར་སྟོན་པ་མཐུ་ཆེན་དང་། །ཤེས་རབ་ཕ་རོལ་ཕྱིན་མ་དང་། །ཉན་ཐོས་འདོད་ཆགས་བྲལ་རྣམས་དང་། །བྱང་ཆུབ་སེམས་དཔའ་རྣམས་ལ་མཆོད། །བྱམས་མ་དེ་བཞིན་གཤེགས་མཛོད་ཡུམ། །རིག་སྔགས་ གཞན་གྱིས་མི་ཐུབ་དང་། །དགའ་བོ་ཞེས་བྱ་ཀླུ་རྒྱལ་གཉིས། །གནས་གཙང་རིགས་ཀྱི་ལྷ་རྣམས་དང་། །འདི་དག་ལས་ལ་དགོད་བྱ་ཞིང་། །ཞི་ལ་རྟག་ཏུ་མཆོད་པར་བྱ། །བྱུག་སྤོས་མེ་ཏོག་ལ་སོགས་པ། །ལེགས་པར་བཞག་ནས་ལས་རྣམས་བྱ། །ཡང་མཆོད་ཡོན་ཕུལ་ ལ་འཐོར་འཐུང་དང་བསང་གཏོར་བྱས་ཏེ། སྔ་མ་བཞིན་དུ་བླུགས་གཟར་མར་གྱིས་བཀང་ལ། དེའི་སྟེང་དུ་དགང་གཟར་ཁ་སྦུབས་ཏེ་བཞག་ནས། བཅོམ་ལྡན་འདས་མངོན་སུམ་བཞིན་བལྟས་ལ་དེའི་ལྗགས་ལ་ཡི་གེ་ཧཱུྃ་བཀོད་དེ། ཨོཾ་ཛི་ན་ཛིཀ་ཅེས་བརྗོད་ནས་སྲེག་བླུགས་ གསུམ་གསུམ་དབུལ་ཏེ། དགང་བླུགས་དབུལ་བ་ཐམས་ཅད་ལ་ཡང་པུས་མོའི་བར་དུ་ལག་པ་བཅུག་སྟེ་བྱའོ། །དེ་ནས་གཡོན་ངོས་སུ་བསྒྲུབ་པར་བྱ་བ་བཞག་པའམ། བསམས་ལ་དེའི་དུས་ཐམས་ཅད་དུ་བསགས་པའི་སྡིག་པ་ལྟེ་བར་གནས་པ་ལ་ཡི་གེ་ཧཱུྃ་གི་འབར་བས་ 61-1-276b ཕྱུང་ལ་དུམ་བུ་བརྒྱར་བྱས་ཏེ་ཏིལ་དུ་ཡོངས་སུ་བརྟགས་ལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ། ལྷ་སྦྱིན་གྱི་སརྦ་པཱ་པཾ་བྷསྨི་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་ལ་ལག་པ་གཡས་པའི་མཐེ་བོ་དང་སྲིན་ལག་གི་བར་ནས་ཏིལ་གྱི་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱའོ། །དེ་ནས་ཡང་མཆོད་ཡོན་ཕུལ་བ་དེ་བཞིན་དུ་དགང་ བླུགས་གསུམ་ཕུལ་ཏེ། ཨོཾ་ཛི་ན་ཛིཀ་ལྷ་སྦྱིན་གྱི་ཤཱནྟིཾ་ཀུ་རུ་སྭཱ་ཧཱ་ཞེས་ཇི་སྐད་དུ་བཤད་པའི་ཡམ་ཤིང་དབུལ་ཏེ་དེ་ལ་ནི་ངེས་པ་མེད་དོ། །དེ་ནས་དགང་གཟར་གྱིས་མར་ལ་སོགས་པ་ཁུ་བའི་རྫས་ཐམས་ཅད་བསྒྲུབ་པར་བྱ་བའི་ལག་པ་གཡས་པ་གཡོན་པས་བཟུང་ལ་སྲེག་བླུགས་བརྒྱ་དབུལ་ ལོ། །དགང་གཟར་ཕུལ་འོག་ཏུ་དགང་གཟར་གྱི་རྩེ་མོ་དང་སྭཱ་ཧཱ་སྭཱ་ཧཱ་ཞེས་བྱ་བས་འགེངས་ཏེ་དེས་དེའི་མགོ་ལ་འོད་ཟེར་དཀར་པོ་འབར་བ་འབབ་པའི་རྣམ་པ་བྱ་བའམ། ལྷའི་སྐུ་ལ་སྐུ་དཔག་ཏུ་མེད་པ་འཛིན་པ་རྣམ་པར་ཕྱུང་ལ་དེའི་མགོ་ལ་འབབ་པས་དེ་རྣམས་ཀྱི་རིམས་ལ་སོགས་ པ་ཐམས་ཅད་དང་བྲལ་ཞིང་ཤེལ་སྒོང་དག་པ་ལྟ་བུར་བྱ་བར་རྣམ་པར་བསམ་མོ། །དེ་ནས་ཏིལ་ལ་སོགས་པ་དང་། དེ་ནས་བཟའ་བ་རྣམས་དབུལ་བར་བྱ་སྟེ་འདིར་ཡང་། དེ་ནས་ཡམ་ཤིང་རྗེས་སུ་དབུལ། ཡམ་ཤིང་འོག་ཏུ་མར་དབུལ་ཞིང་། །དེ་ནས་ཏིལ་དང་འབྲས་ཆན་རྣམས། ། ཆོ་ག་འདི་ནི་མདོར་བསྡུས་པའོ། །ཞེས་གསུང་པ་ནི། ཞུ་བའི་རྫས་ཐམས་ཅད་ནི་ཞལ་ཅུང་ཟད་གདངས་པར་བསམས་ཏེ་དབུལ་ལོ། །ཡམ་ཤིང་ནི་འོད་ཀྱི་དཀྱིལ་འཁོར་དུའོ། །ཞོ་དང་འབྲས་ཆན་དང་བཟའ་བ་ལ་སོགས་པ་དག་ནི་ཕྱག་ཏུའོ། །མེ་ཏོག་ནི་དབུལའོ། །དྲི་ནི་ཐུགས་ ཀར་རོ། །སྤོས་ནི་འོད་ཀྱི་རྩེ་མོར་རོ། །མར་མེ་ནི་འོད་ཀྱི་དཀྱིལ་འཁོར་ལ་དབུལ་ལོ། །ལ་ལ་ན་རེ་རྫས་ཐམས་ཅད་ཀྱང་ཞལ་དུ་དབུལ་ལོ་ཞེས་ཟེར་རོ། །དགང་བླུགས་དབུལ་བའི་འོག་ཏུ་འབར་བའི་མཚན་མ་རྣམས་རྟོགས་པར་བྱ་བ་བརྩམ་པར་བྱ་སྟེ། དེ་ནས། དགང་བླུགས་ ཕུལ་ནས་རབ་འབར་བའི། །མཁས་པས་འབར་བའི་མཚན་མ་ལས། །ལས་ཀྱི་དངོས་གྲུབ་མཚན་མ་ནི། །དེ་ཡིས་ངེས་པར་སྐྱེ་བར་འགྱུར། །འཇའ་དང་འདྲ་ཞིང་མདོག་སྡུག་དང་། །ཕྱི་རུ་བཅག་པ་ལྟ་བུ་དང་། །གཡས་སུ་འཁོར་ཞིང་ཤིན་ཏུ་སྣུམ། །ཨིནྡྲ་བཀོད་པའི་འོད་འདྲ་དང་། ། 61-1-277a ལེ་བརྒན་རྩི་དང་བཻ་ཌཱུརྱའི། །མདོག་འདྲ་དབྱིབས་ནི་བླུགས་གཟར་དང་། །མདུང་རྩེ་གསུམ་དང་རྡོ་རྗེ་དང་། །དཔལ་བེའུ་ཉ་དང་པདྨ་དུང་། །རྔ་ཡབ་གདུགས་དང་རྒྱལ་མཚན་དང་། །བུམ་པ་གཡུང་དྲུང་འདྲ་བྱུང་དང་། །གླིང་བུ་རྫ་རྔ་ལྟར་ཟབ་དང་། །ཡིད་འོང་དྲི་ནི་ཞིམ་པ་དང་། ། གཟུགས་ནི་དཀར་ཞིང་དུ་བ་མེད། །ཉི་མ་ལྟར་འབར་དུ་བ་མེད། །གཡས་སུ་བསྐོར་ཞིང་འབར་བ་དང་། །ཤིན་ཏུ་འབར་ཞིང་འབར་བ་སླ། །ཞི་ལ་ཁ་དོག་སེར་པོ་ནི། །ལྷ་རྣམས་ཀུན་གྱིས་རབ་ཏུ་བསྔགས། །རྡོ་རྗེ་ཞི་ཞིང་དེ་བཞིན་དུ། །བསྒྲུབ་བྱ་རྗེས་སུ་འཛིན་ལ་བརྩོན། །གཞན་ཡང་རྩེ་ གཅིག་འབར་བ་དམ་པ་སྟེ། །རྩེ་གཉིས་པ་ནི་འབྲིང་དུ་བཤད། །རྩེ་གསུམ་པ་ནི་ཐ་ཆད་དེ། །དེ་དག་གིས་ནི་དངོས་གྲུབ་སྟེར། །དེ་ལྟར་མཚན་མ་བརྟགས་ནས་ནི། །དྲི་མ་མེད་ཅིང་བགེགས་བྲལ་བ། །སྒྲུབ་པ་པོས་ནི་འབད་གྱུར་པས། །སྒྲུབ་པ་ཉེ་བར་བརྩམ་པར་བྱ། །དེ་ནས་བཟློག་ ནས་གཞན་དག་ནི། །དྲི་མ་ཅན་དང་བདུགས་པ་དང་། །མེ་ནི་ལས་དང་མི་མཐུན་དང་། །དུ་བ་མང་ཞིང་འཕྲོ་བ་དང་། །འབར་བར་དཀའ་ཞིང་ཅུང་ཟད་འབར། །མེ་ལྕེ་རྣམ་པར་ཆད་པ་དང་། །གཟི་བརྗིད་དག་ཀྱང་རྩུབ་པ་དང་། །གནག་ཅིང་པ་ལ་ཤ་ཡི་མདོག །མདུང་དང་དེ་བཞིན་ཞི་བ་ མདང་། །དེ་བཞིན་བ་ལང་མགོ་དང་ནི། །མི་རོའི་དྲི་དང་དྲི་མི་ཞིམ། །བོང་བུའི་དྲི་དང་དྲི་མི་ཞིམ། །སྦྱིན་སྲེག་བྱེད་པ་འབར་བས་གདུངས། །མེ་ལྕེ་རྣམ་པར་རྒོད་པ་དང་། །བགེགས་དང་བཅས་པའི་མེ་རྣམས་ནི། །རྒོད་ཅིང་གཟུགས་ནི་འཇིགས་བག་ཅན། །དེ་ལྟ་བུ་ནི་བགེགས་དང་ བཅས་པར་ཤེས་ནས་མེ་དང་ལྷའི་ཁང་པ་བསངས་ནས་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་དང་སྔགས་སུ་བཅས་པས་རྣམ་པར་སྦྱངས་ལ། རྡོ་རྗེ་སྲུང་བས་བསྲུང་ཞིང་ཡོངས་སུ་སྐྱོང་བ་བྱས་ལ་བདུད་རྩི་ཐབ་སྦྱོར་གྱི་སྔགས་ཀྱིས་ལན་བདུན་བདུན་སྲེག་བླུགས་དབུལ་བར་བྱའོ། །དེ་ནས་དེ་ བཞིན་དུ་མཆོད་ཡོན་ཕུལ་ལ་ཅི་འདོད་པའི་སྦྱིན་སྲེག་བྱའོ། །སྤྱན་ལ་སོགས་པ་རྣམས་ཀྱིས་ཀྱང་དེ་བཞིན་དུ་བསྐུལ་ཚིག་དང་རྫས་ཐམས་ཅད་ལ་དེ་བཞིན་དུ་སྲེག་བླུགས་བདུན་བདུན་དབུལ་ལོ། །དེ་ལྟར་ཇི་སྐད་དུ་གསུངས་པ་བཞིན་སྦྱིན་སྲེག་བྱས་ནས་མཐར་གཟི་བྱིན་བསྐྱེད་ 61-1-277b པའི་ཕྱིར། ཡི་གེ་ཧཱུྃ་དང་རང་གི་སྔགས་བརྗོད་ནས་མར་གྱི་སྲེག་བླུགས་བདུན་དབུལ་ལོ། །དེ་ནས་མཆོད་ཡོན་ཕུལ་ལ་འཐོར་འཐུང་གི་ཕྱག་རྒྱ་དང་ལས་ཐམས་ཅད་པས་བཟླས་པའི་ཆུས་འཐོར་འཐུང་ཕུལ་ལ་བསང་གཏོར་བྱས་ནས་ཕྱི་དང་གསང་བའི་མཆོད་པ་རྣམས་ཀྱིས་ཡང་དག་པར་ མཆོད་ལ་ལེགས་པར་བསྟོད་དེ་ཕྱག་བྱས་ནས་མཆོད་ཡོན་ཕུལ་ལ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་བཏུད་ནས། གང་ཡང་བདག་བློ་གཏི་མུག་པས། །ལེགས་སྤྱད་འདི་ལ་ཉེས་བྱས་གང་། །གང་ཕྱིར་ལུས་ཅན་སྐྱབས་གྱུར་པས། །དེ་ནི་མགོན་པོས་བཟོད་ པར་མཛོད། །མ་རྙེད་པ་དང་མ་ཚང་དང་། །མགོན་པོ་ནུས་པ་མ་མཆིས་པས། །འདིར་ནི་བྱ་བ་གང་བྱས་པ། །དེ་དག་ཐམས་ཅད་བཟོད་པར་མཛོད། །ཅེས་བྱ་བ་འདིས་གསོལ་བ་གདབ་བོ། །དེ་ནས་མངོན་པར་འདོད་པའི་དངོས་གྲུབ་གསོལ་ལ་དཀྱིལ་འཁོར་དུ་བཤད་པའི་རིམ་པས་ གཤེགས་སུ་གསོལ་ལོ། །དེ་ནས་སྦྱིན་སྲེག་གི་ཁང་པའམ་དཀྱིལ་འཁོར་དུ་མཆོད་ཡོན་ཕུལ་ནས་རབ་ཏུ་འཇུག་པར་བྱའོ། །དེ་ནས་མེ་ལྷ་འབར་བའི་རྣམ་པ་དང་མཐེ་བོ་དང་སྲིན་ལག་གིས་མེ་ཏོག་བླངས་ལ། ཨོཾ་ཨགྣ་ཡེ་ཧ་བྱ་ཀ་བྱ་བཱ་ཧཱ་ནཱ་ཡ་སུརྦ་བད་ཧི་ཏོ་བྷ་བ་ཞེས་བྱ་བས་བཞུགས་སུ་གསོལ་ ལོ། །དེ་ནས་མཆོད་ཡོན་ཕུལ་ལ་ཉེ་རེག་དང་བསང་གཏོར་དང་འཐོར་འཐུང་བྱས་ཏེ་དགང་བླུགས་ཕུལ་ལ་སྲེག་རྫས་ཀྱི་ལྷག་མ་ཐམས་ཅད་ལས་སྲེག་བླུགས་གསུམ་དུལ་ལ་དེའི་འོག་ཏུ་དགང་བླུགས་གསུམ་ཕུལ་ནས་བསང་གཏོར་དང་འཐོར་འཐུང་དང་ཉེ་རེག་དང་མཆོད་ཡོན་ཕུལ་ ཏེ། མེ་ཏོག་ལ་སོགས་པས་ཀྱང་མཆོད་པ་བྱས་ནས་ཨ་ཀཱ་རོ་མུ་ཁཾ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་ཕྱོགས་བཅིང་བ་ལ་སོགས་པ་བསལ་ལ། ཨོཾ་ཨགྣ་ཡེ་ཧ་བྱ་བ་ཧ་ཎ་ཡ་གཙྪ་གཙྪ་སྭཱ་ཧཱ། ཞེས་བརྗོད་ལ་སྤྱན་དྲང་བའི་ཕྱག་རྒྱ་ཉིད་ལས་མཐེ་བོས་གཤེགས་སུ་གསོལ་ལོ། ། དེ་ཉིད་དུ་སྲུང་བ་བྱས་ལ་བཟླས་པའི་ཁང་པའམ་དཀྱིལ་འཁོར་དུ་ཞུགས་ལ་ལེགས་པར་མཆོད་དེ་བཟླས་པའམ་བསྒོམ་པ་ཅི་རིགས་པར་བྱས་ལ་གཤེགས་སུ་གསོལ་བ་ལ་སོགས་པ་བྱའོ། །བྱམས་པའི་དྲིན་ལ་ཉེ་བའམ། །དཀོན་མཆོག་གསུམ་ལ་གཅིག་ཏུ་གཞོལ། །སྔགས་པས་རིམ་པ་འདི་ 61-1-278a ཡིས་ནི། །བསྒྲུབ་པར་བྱ་བའི་ཞི་བ་བྱ། །ཟླ་བ་ཡར་གྱི་ཚེས་གཅིག་ལ། །མགོ་བཙུགས་ནས་ནི་བརྩམ་པར་བྱ། །བྱེ་བྲག་ཏུ་ནི་སྲོད་ལ་སྟེ། །དེ་ནི་ཞི་བའི་ལས་ཀྱི་དུས། །གཙང་མའི་རིས་ཀྱི་ལྷ་རྣམས་ལ། །དེ་ནས་ཀུན་དུ་གཟིགས་པས་ན། །ལས་རྣམས་མྱུར་དུ་འགྲུབ་པར་ འགྱུར། །དེ་བས་དེར་ནི་ཀུན་བརྩམ་མོ། །དུས་མིན་འཆི་དང་ནད་རྣམས་དང་། །ཡམས་ཀྱི་ནད་དང་གནོད་པ་དང་། །དེ་བཞིན་བགེགས་དང་འགོ་ནད་དང་། །ཞི་བར་བྱེད་པས་ཞི་ཞེས་བྱ། །ཞི་བའི་ཚིག་གོ། །འདི་ཉིད་ཀྱི་རྗེས་སུ་འབྲངས་ནས་རྒྱས་པ་ལ་སོགས་པའི་ལས་གཞན་དག་ ལའང་ཤེས་པར་བྱ་སྟེ་དེ་དག་གི་དབྱེ་བ་ནི་གཞུང་མངས་ཀྱིས་འཇིགས་པས་འདིར་རྒྱས་པར་མ་བྲིས་སོ། །ད་ནི་དམ་ཚིག་མེད་ན་དངོས་གྲུབ་ཏུ་མི་འགྱུར་བར་བསྟན་པའི་ཕྱིར་དབང་པོ་གཉིས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གི་ལྷའི་ང་རྒྱལ་གྱིས་གཟི་བྱིན་བསྐྱེད་ཅིང་འབར་བར་ གྱུར་པས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་རང་གི་ལྷའི་སྐུར་བསྒོམས་པའི་ཡེ་ཤེས་ཀྱི་ཚེ་འདི་ཉིད་ལ་ཡེ་ཤེས་རྫོགས་པར་བྱའོ་ཞེས་སྦྱར་རོ། །དམ་ཚིག་འདི་དག་ཐམས་ཅད་ཀྱང་སྐུ་རྡོ་རྗེ་ལ་སོགས་པའི་དབྱེ་བས་གསུམ་དུ་ཡང་འགྱུར་བས། ལས་ལས་བྱུང་བར་ཞེས་ བྱ་བ་ལ་སོགས་པ་གསུངས་ཏེ་དགེ་བ་དང་མི་དགེ་བའི་ལས་ལས་བྱུང་བའི་སྐྱེས་པ་དང་བུད་མེད་ཀྱི་གཟུགས་ཡིད་དུ་འོང་བ་དང་། ཡིད་དུ་མི་འོང་བ་དཔག་ཏུ་མེད་པ་མཐོང་བ་ནི་དེ་ཉིད་ཀྱི་སྤྲུལ་པ་སྟེ། དེ་བས་ན་སྐུ་རྡོ་རྗེ་ཉིད་དུ་ལུས་ཐམས་ཅད་ཀྱི་ངོ་བོ་ཡིན་ནོ་ཞེས་རྣལ་འབྱོར་པས་ ལྷག་པར་མོས་པ་བྱས་ཏེ། དེ་ནས་དེ་བཞིན་གཤེགས་པ་སྐུ་རྡོ་རྗེ་རྣམ་པར་སྣང་མཛད་ཁམས་གསུམ་པ་ཐམས་ཅད་ཀྱི་ལུས་རྡོ་རྗེ་ལ་གནས་ཤིང་ཞེས་གཞན་དག་ལས་གསུངས་པས་སོ། །ངན་རྟོག་ཅེས་བྱ་བ་ལ་སོགས་པ་ལ། སེམས་ཅན་ཐམས་ཅད་ཀྱི་སེམས་ལ་ བརྟགས་པ་དང་བདག་ལ་སོགས་པའི་རྟོག་པའི་དྲ་བ་རྣམས་དང་དབྱིག་པ་དང་ཐལ་ལྕག་ལ་སོགས་པས་བརྡུང་ཞིང་སྨད་པ་དང་། སུན་དབྱུང་བར་མི་བྱའོ། །བདག་ཉིད་ཀྱིས་ཀྱང་སྨད་པར་མི་བྱ་སྟེ། སྡུག་བསྔལ་བ་དང་ཡིད་མི་བདེ་བ་ཐམས་ཅད་མི་འདོད་བཞིན་དུ་རྒྱུན་དུ་འབྱུང་ 61-1-278b བ་ལས་ཅི་ནུས་པར་རང་གི་བདག་ཉིད་ཐམས་ཅད་ལ་རྟག་ཏུ་བསྲུང་བར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ། །དེ་ཡང་ཐུགས་རྡོ་རྗེ་ཡང་གང་ཡིན་པ་དེ་ཉིད་ནི་སེམས་ཅན་ཐམས་ཅད་ཀྱི་ངོ་བོ་ཡིན་ནོ། །དེ་ཡང་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐུགས་རྡོ་རྗེ་ཁམས་ གསུམ་པ་ཐམས་ཅད་ཀྱི་སེམས་རྡོ་རྗེ་ལ་གནས་ཤིང་ཞེས་གསུངས་པའི་ཕྱིར། སྲིད་པའི་བསྐྱེད་རྩུབ་ཅེས་བྱ་བ་ལ་སོགས་པ་ལ། སྲིད་པ་ནི་ནོར་སོ་སོར་སྒྲུབ་པ་ལ་བསྡུ་ཞིང་ལྷུར་ལེན་པ་ཡིན་པར་ཤེས་པར་བྱའོ། །ཚིག་ནི་ངག་གི་རྣམ་པའོ། །ཇི་སྐད་དུ་བཤད་པའི་ཕ་རོལ་པོའི་ཚིག་ཀྱང་སྨོད་ པར་མི་བྱའོ་ཞེས་ཀྱང་ཤེས་པར་བྱའོ། །གཏན་ཚིགས་ཀྱང་འདིར་དེ་བཞིན་དུ་ཁོང་དུ་ཆུད་པར་བྱའོ། །རང་གི་ལུས་སུ་གཏོགས་པའི་ཤ་ལ་སོགས་པ་ལ་རྣམ་པར་སྣང་མཛད་ལ་སོགས་པ་བསམ་པར་བྱའོ་ཞེས་བསྟན་པའི་ཕྱིར། རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གི་ལུས་པོའི་ཤ་ལ་ཡི་གེ་ཨོཾ་ལས་རྣམ་པར་སྣང་མཛད་ཇི་ལྟ་བ་བཞིན་དུ་བསམ་པར་བྱའོ། །རྐང་ནི་མི་བསྐྱོད་པའི་གནས་ཞེས་བྱ་བ་ནི་རྐང་ནི་བྱང་ཆུབ་ཀྱི་སེམས་ཏེ་དེ་ཉིད་མི་བསྐྱོད་པའི་བཞུགས་གནས་ཡིན་པས་ན་གནས་སོ། །དེ་ཡང་འདི་སྐད་དུ་སྟོན་ཏེ། རྐང་ལ་ཡི་གེ་ཧཱུྃ་ལས་མི་ བསྐྱོད་པ་བསམ་པར་བྱའོ་ཞེས་བྱའོ། །རིན་ཆེན་འབྱུང་བ་ཞེས་བྱ་བ་ནི་ཡི་གེ་ཏྲྃ་ལས་རིན་ཆེན་འབྱུང་ལྡན་བསམ་མོ། །སེམས་ཅན་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་ལ་སེམས་ཅན་རྣམས་ཀྱི་ཕུང་པོའི་རུས་གོང་ཡི་གེ་ཨ་ལས་སྣང་བ་མཐའ་ཡས་བསམ་པའོ། །རྩའི་ཞེས་བྱ་བ་ལ་སོགས་ པ་ལ་རྩའི་ཚིགས་རྣམས་ཀྱི་རྒྱུན་ལ་ཁཾ་ལས་དོན་ཡོད་གྲུབ་པ་བསམ་མོ། །གང་འདིར་རྟེན་དང་བརྟེན་པའི་ངོ་བོ་ཉིད་ཀྱིས་རྣམ་པར་སྣང་མཛད་ལ་སོགས་པར་བསྟན་མོད་ཀྱི་འོན་ཀྱང་དེའི་ངོ་བོ་ཉིད་ཡིན་པར་ཤེས་པར་བྱའོ། །དམ་ཚིག་མཁས་པ་ཞེས་བྱ་བ་ལ་སོགས་པ་ལ། ཤ་ལ་སོགས་ པའི་ངོ་བོ་ཉིད་རྣམ་པར་སྣང་མཛད་ལ་སོགས་པར་སྔགས་པ་རྣམས་ཀྱིས་གསང་བ་ཡིན་པར་བསྟན་ཏོ། །རྟེན་ཅིང་ཞེས་བྱ་བ་ལ་སོགས་པ་ལ་མེ་ཏོག་ལ་སོགས་པས་མཆོད་ནས། སྤྱན་ལ་སོགས་པས་ཇི་ལྟ་བ་བཞིན་དུ་བྱ་སྟེ་བཟའ་བར་བྱའོ་ཞེས་གཞན་དག་འདོད་མོད་ཀྱིས་དེ་ཉིད་མི་ 61-1-279a རིགས་པར་འདི་ཉིད་ཀྱི་འོག་ནས་སྟོན་ཏོ། །འདོད་ཆགས་ཞེས་བྱ་བ་ལ་སོགས་པ་ལ་འདོད་ཆགས་ནི་རྡོ་རྗེ་ཆོས་སོ། །ཞེ་སྡང་ནི་རྡོ་རྗེ་སེམས་དཔའོ། །རྨོངས་པ་ནི་རྣམ་པར་སྣང་མཛད་དོ། །སྲེད་པ་ནི་ཡིད་ཀྱིས་མངོན་པར་འདོད་པ་སྟེ་དེ་ཡང་རྡོ་རྗེ་རིན་ཆེན་ནོ། །འདུ་བྱེད་ ནི་ཕྲག་དོག་སྟེ་དེ་ཡང་སྣ་ཚོགས་རྡོ་རྗེའོ། །གསུང་རྡོ་རྗེ་ལ་སོགས་པ་འདི་དག་འདོད་ཆགས་ལ་སོགས་པའི་ངོ་བོ་ཉིད་ཇི་ལྟར་ཡིན་པ་ནི་བཅོམ་ལྡན་འདས་ཀྱིས་ཟླ་གསང་ཐིག་ལེའི་རྒྱུད་ལས་གསལ་བར་བསྟན་ཏེ། དེ་འདིར་གཏན་ཚིགས་ཀྱི་ཚུལ་གྱིས་བྲི་བར་བྱ་སྟེ། ཤེས་རབ་ཐབས་ ཀྱི་རང་བཞིན་གྱིས། །སེམས་ཅན་ཐམས་ཅད་དགའ་མཛད་ཅིང་། །པདྨས་པདྨ་སད་མཛད་པས། །དེ་ཕྱིར་འདོད་ཆགས་ཞེས་བརྗོད་དོ། །ངན་སོང་གསུམ་གྱིས་འཇིགས་བྱེད་དུ། །སེམས་ཅན་ཉོན་མོངས་སྡང་བྱེད་པས། །དེ་ཡི་ཕྱིར་ན་རྡོ་རྗེ་ཆེ། །ཞེ་སྡང་ཞེས་ནི་བསྒྲགས་པ་ཡིས། །ངན་ སོང་འཇིགས་པ་ཆེན་པོ་རུ། །སེམས་ཅན་ཐམས་ཅད་རྨོངས་བྱེད་པས། །དེ་ཡི་ཕྱིར་ནི་གཏི་མུག་ཆེ། །རྟག་པ་ཐུབ་པ་མཆོག་ཡིན་ནོ། །བདེ་ཆེན་སྦྱིན་པའི་སྤྲིན་གྱིས་ནི། །སེམས་ཅན་ཐམས་ཅད་ང་རྒྱལ་བསྐྱེད། །ནམ་མཁའ་བདེ་བ་བསྡུ་བའི་ཕྱིར། །དེའི་ཕྱིར་མཁས་ཆེན་ང་རྒྱལ་ཡིན། །རོ་ ལ་སོགས་པ་མཉམ་སྦྱོར་བས། །ཕྲག་དོག་རྡོ་རྗེ་དོན་མི་ཟ། །སྣ་ཚོགས་པ་ནི་ཕྱེ་བའི་ཕྱིར། །དེ་ཡི་ཕྱིར་ནི་སྣ་ཚོགས་ཆེ། །ཞེས་གསུངས་པ་ཡིན་ནོ། །ལ་ལ་ནི་འདོད་ཆགས་ལ་སོགས་པ་ཉིད་བྱང་ཆུབ་ཀྱི་ངོ་བོར་བསྒོམ་པ་ཁྱད་པར་དུ་བརླབས་ནས་གསུང་རྡོ་རྗེ་ལ་སོགས་པའི་ངོ་བོ་ཉིད་ ཀྱིས་ཆོས་ལྔའི་ཐར་པ་ཐོབ་པར་བྱེད་པ་བསྟན་ལ། དེ་ལ་མངོན་པར་ཞེན་པ་མ་སྤངས་པས་ནི་སྡིག་པ་དང་བཅས་ཤིང་ཉོན་མོངས་པ་ལ་ཉེ་བར་བརྟེན་པས་ནི་མི་ཤེས་པ་ཐོབ་པར་བྱེད་པའི་ངོ་བོ་ཉིད་ཡིན་པར་དེ་བཞིན་གཤེགས་པས་གསུངས་པ་ཡིན་ནོ། །དེ་ཡང་། ཐབས་ཆེན་རྣམས་ དང་ལྡན་གྱུར་ན། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །འཁོར་བའང་ཞི་བའི་མཚན་ཉིད་དེ། །དེ་ཕྱིར་དེ་བཞིན་གཤེགས་བསམ་ཡས། །ཞེས་བཤད་པའི་ཕྱིར་རོ་ཞེས་ཟེར་རོ། །བཤང་གཅི་ཞེས་བྱ་བ་ལ་སོགས་པ་ལ་བཤང་བ་ལ་སོགས་པ་རྟག་ཏུ་ཡོངས་སུ་འཛག་པའི་ 61-1-279b ཆོས་ཅན་དུ་གྱུར་པ་འབྱུང་བ་ཆེན་པོའི་བདག་ཉིད་ཅན་གྱི་དམ་ཚིག་ནི་རྣམ་པར་སྣང་མཛད་ལ་སོགས་པའི་ངོ་བོས་བསྟེན་པར་འོས་པ་ཉིད་དུ་བསྐྱེད་ཅིང་བསྒོམ་པ་ལ་བརྩོན་པས་དེ་མན་ངག་བཞིན་དུ་སྦྱར་བ་དང་རྟོགས་པ་དང་རབ་ཏུ་འབར་བར་བྱས་ནས་བཟའ་བར་བྱའོ། །དཀྱིལ་འཁོར་ལ་ སོགས་པ་ལ་ཡང་རྫས་འདི་ཉིད་ཀྱིས་སློབ་མ་རྣམས་ལ་དམ་ཚིག་གི་ཕྱིར་སྦྱིན་པར་བྱ་སྟེ་དམ་ཚིག་གིས་གསང་སྔགས་རྣམས་གྲུབ་པར་འགྱུར་རོ། །ཞེས་གསུངས་པས་འདིར་སོམ་ཉི་མི་བྱའོ། །སྦྱིན་སྲེག་རབ་ཏུ་སྟོན་པའི་གཞུང་གི་ལེའུ་ལ་ནི་སྦྱིན་སྲེག་གི་རིམ་པར་ཕྱེ་བའི་སྒྲར་ བརྗོད་དོ། །ལེའུ་དགུ་པའི་འགྲེལ་པའོ།། །།སྦྱིན་སྲེག་བྱས་ཀྱང་ཆོ་ག་མ་ཚང་བས་ཀྱང་དངོས་གྲུབ་ཀྱི་སྣོད་དུ་མི་འགྱུར་བས་དེ་ནས་ཞེས་བྱ་བ་ལ་སོགས་པས་བཅུ་པ་ཆོ་ག་ཐམས་ཅད་བསྟན་པའི་རིམ་པར་ཕྱེ་བ་གསུངས་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ ཏོ་ཞེས་བྱ་བར་སྦྱར་རོ། །ཅི་ཞིག་མཛད་ནས་ཤེ་ན། ཏིང་ངེ་འཛིན་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུང་སྟེ། ཏིང་ངེ་འཛིན་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པའི་ཏིང་ངེ་འཛིན་ཏོ། །དེ་རྣམས་ཀྱི་དངོས་གྲུབ་ནི་འཁོར་ལོ་ལ་སོགས་པའི་དངོས་གྲུབ་བོ། །དེ་ཉིད་ནི་དམ་པའི་ རྡོ་རྗེའོ། །དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །རྣམ་པར་སྣང་མཛད་ལ་སོགས་པའི་འཁོར་ལོ་ལ་སོགས་པའི་དངོས་གྲུབ་སྟོན་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་བའི་དོན་ཏོ། །དམ་ཚིག་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། དཀྱིལ་འཁོར་ གྱི་ལྷ་ཐམས་ཅད་ཀྱི་འཁོར་ལོ་ལ་སོགས་པའི་དངོས་གྲུབ་གསུངས་སོ་ཞེས་བྱ་བའི་དོན་ཏེ། གསང་སྔགས་ཞེས་བྱ་བ་ལ་སོགས་པ་ལ་རང་གི་ལྷའི་སྐུ་གསུང་ཐུགས་བསྒོམ་པ་ལ་མངོན་པར་བརྩོན་པས་འཁོར་ལོ་ལ་སོགས་པའི་དངོས་གྲུབ་བདག་ལ་སྩོལ་ཅིག་ཅེས་བྱ་བའི་བསྐུལ་ཚིག་ དང་བཅས་པར་གསང་སྔགས་བརྗོད་ལ་དེའི་འོག་ཏུ་འཁོར་ལོ་ལ་སོགས་པ་ལ་སྐུ་རྡོ་རྗེ་ལ་སོགས་པ་གཞུག་ཅིང་བསྒོམ་པའི་རྣམ་པར་བྱས་ནས། རང་རང་གི་དཀྱིལ་འཁོར་གྱི་དབུས་སུ་འཁོར་ལོ་ལ་སོགས་པའི་རྫས་བསྒྲུབ་པར་བྱའོ། །དངོས་གྲུབ་སྒྲུབ་པའི་ཐབས་གསང་ཆེན་ཞེས་ 61-1-280a བྱ་བ་ནི་བུ་མོ་ལ་སོགས་པའི་དངོས་གྲུབ་སྒྲུབ་པའི་ཐབས་ཀྱང་ཉོན་ཅིག་ཅེས་འདིར་དང་གི་སྒྲ་ཡོད་པར་བལྟའོ། །དེ་གསལ་བར་བསྟན་པའི་ཕྱིར་རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པ་གསུངས་པ་ནི་གོ་སླའོ། །འདི་སྐད་སྟོན་ཏེ། ཇི་སྐད་དུ་བཤད་པའི་སྦྱོར་བས་ལྷའི་ རྣལ་འབྱོར་བྱས་ལ། ཚེས་གྲངས་དང་རྒྱུ་སྐར་ལ་སོགས་པ་ཤེས་པ་ལ་འཁོར་ལོའི་དངོས་གྲུབ་ཀྱི་ཕྱིར་སྐུ་རྡོ་རྗེ་ལ་མཆོད་ཡོན་ཕུལ་ཏེ། ཇི་སྐད་དུ་བཅོམ་ལྡན་འདས་ཀྱི་བཀའ་ཐོབ་པ་དེ་སྲིད་ཀྱི་བར་དུ་གསང་སྔགས་དམ་པ་བཟླས་པའམ་བསྒོམ་པར་བྱའོ། །དེ་ནས་བཀྲ་ཤིས་དང་དགེ་ མཚན་དག་བྱ་ཞིང་དུལ་བའི་སྤྱོད་ལམ་ཕུན་སུམ་ཚོགས་པས་བདག་ཉིད་སོང་ལ་རིན་ལ་མི་རྩེག་པར་གནམ་ལྕགས་ཉོའོ། །དེ་ནས་བཟོ་བོ་བཟང་པོ་ལ་གླ་རྔན་ལ་མི་རྩེག་པར་འཁོར་ལོ་རྩིབས་བརྒྱད་པའམ་དྲུག་པ་མཐོ་གང་བ་བྱས་ནས་ལས་ཐམས་ཅད་བཟླས་པའི་ཆུ་དང་སྤྱན་གྱི་ གསང་སྔགས་བཟླས་པའི་ཆུས་བསང་གཏོར་བྱའོ། །དེ་ནས་ལས་ཐམས་ཅད་བཟླས་པའི་བ་ཡི་རྣམ་ལྔས་བཀྲུའོ། །དེ་ནས་ཏིལ་གྱི་ཆུས་སོ། །དེ་ནས་སྤོས་ཀྱི་ཆུས་སོ། །དེ་ནས་རྣམ་པར་སྣང་མཛད་ཀྱི་སྙིང་པོ་བཟླས་པའི་སྤོས་ཆུས་བཀྲུའོ། །དེ་ནས་ཤིན་ཏུ་བསྔགས་པའི་སྣོད་ཀྱི་སྟེང་དུ་ བཞག་ལ་ཐུན་བཞིར་བཟླས་པ་དང་སྒོམ་པ་ཇི་ལྟ་བ་བཞིན་དུ་བྱས་ནས། གསང་སྔགས་ཚིམ་པར་བྱ་བའི་ཕྱིར། རྫས་དང་རྗེས་སུ་མཐུན་པའི་སྦྱིན་སྲེག་ཇི་ལྟ་བ་བཞིན་དུ་བྱས་ཏེ། ཨོཾ་ཏེ་ཛེ་ཏེ་ཛེ་སྭཱ་ནི་སིདྡྷི་ས་དྷཱ་ཡ་ཧཱུྃ་ཕཊ་ཅེས་བྱ་བ་འདི་ནི་སྦྱིན་སྲེག་བྱས་ལ་རྫས་གཟི་བྱིན་བསྐྱེད་དོ། །མེ་ ཏོག་ལ་སོགས་པས་ཀྱང་མཆོད་ནས་ལས་ཐམས་ཅད་པས་ཀྱང་བཟླས་པའི་ཆུ་དང་། ལག་པས་བྲན་ཞིང་རེག་པར་བྱའོ། །དེ་ནས་སྒྲུབ་པ་ལ་བབ་པའི་དུས་སུ་རི་བོ་ལ་སོགས་པར་དཀྱིལ་འཁོར་བྲིས་ལ་དཀྱིལ་འཁོར་གྱི་ལས་ཐམས་ཅད་ཇི་ལྟ་བ་བཞིན་དུ་རྫོགས་པར་བྱ་སྟེ་བདག་ ཉིད་དབང་བསྐུར་བ་ལ་སོགས་པ་བྱས་ནས། རྣམ་པར་སྣང་མཛད་དང་སྤྱན་གྱི་སྔགས་ཀྱིས་སྦྱིན་སྲེག་བརྒྱ་རྩ་བརྒྱད་དང་ལྡན་པས་འཁོར་ལོ་ལ་སྦྱིན་སྲེག་དབུལ་ལོ། །དཀྱིལ་འཁོར་གྱི་ལྷ་རྣམས་ལ་ཡང་རྫས་དང་རྗེས་སུ་མཐུན་པར་སྦྱིན་སྲེག་བྱའོ། །དེ་ནས་ཇི་སྐད་བཤད་པའི་གསང་ 61-1-280b སྔགས་ཀྱིས་བརྒྱ་རྩ་བརྒྱད་སྦྱིན་སྲེག་བྱས་པས་གཟི་བྱིན་བསྐྱེད་པ་ལེགས་པར་གསུངས་ནས། སྦྱིན་སྲེག་ཇི་ལྟ་བ་བཞིན་དུ་ཉེ་བར་བསྡུ་བར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་སར་ཞུགས་ལ་མཆོད་ཡོན་དབུལ་བ་ལ་སོགས་པའི་མཆོད་པ་བྱས་ནས་ཕྱག་བྱས་ཏེ། འཁོར་ལོ་མདུན་དུ་བཞག་ལ་ དེར་ཡང་སྐུ་རྡོ་རྗེ་ལ་སོགས་ཞུགས་པར་བསྒོམས་ནས། ཨོཾ་ཛི་ན་ཛིཀ ཙཀྲ་སིདྡྷི་མེ་པྲ་ཡཙྪ་ཞེས་བྱ་བའི་གསང་སྔགས་མཚན་ཐོག་ཐག་བཟླས་བརྗོད་བྱའོ། །དེ་ནས་ཉི་མ་འཆར་བ་ན་འཁོར་ལོ་འབར་བར་མཐོང་ན་ལངས་ཏེ། སྤྱན་གྱི་གསང་སྔགས་བརྗོད་ཅིང་དེ་བླངས་ལ་ཡི་གེ་ བརྒྱ་པས་བརྟན་པར་བྱས་ནས་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་བསྡུ་བར་བྱས་ཏེ། སངས་རྒྱས་ལ་སོགས་པ་ལ་མཆོད་པའི་ཕྱིར་རྫས་རྣམ་པར་བགོ་བར་བྱ་ཞིང་། བླ་མ་ལ་ནི་རིན་པོ་ཆེ་ལ་སོགས་པ་བདག་ཏུ་བཟུང་བ་ཡོད་པས་མཆོད་ལ་ཕྱག་བྱས་ནས་དེའི་སྐལ་བ་བླང་བར་བྱའོ། །སྒྲུབ་ པའི་གྲོགས་མཆོག་ལ་ནི་ནོར་སྦྱིན་པའམ་བླ་མའི་ཡང་དག་པའི་མན་ངག་བྱིན་པས་དེའི་སྐལ་བ་བླངས་ལ་རྣམ་པར་སྣང་མཛད་ཀྱི་སྔགས་ཟློས་ཤིང་གང་དུ་འདོད་པས་སོང་ན་ཇི་སྐད་འདོད་པའི་ཡོན་ཏན་དང་ལྡན་པར་འགྱུར་རོ། །རྡོ་རྗེ་ལ་སོགས་པ་སྒྲུབ་པ་ཡང་དེ་བཞིན་ནོ། །སྐུ་ གསུམ་རྣམ་པར་འཕེལ་འགྱུར་ཞིང་། །ཞེས་བྱ་བ་ནི་ཨོཾ་ཨཱཿཧཱུཾ་ཞེས་བྱ་བས་སྐུ་རྡོ་རྗེ་ལ་སོགས་པ་རབ་ཏུ་ཞུགས་པ་འཕེལ་བར་འགྱུར་རོ། །རྫས་ཀྱི་དངོས་གྲུབ་བསྟན་ནས་ད་ནི་བུ་མོ་བསྒྲུབ་པ་བསྟན་པའི་ཕྱིར། རྫས་ཀྱིས་དངོས་གྲུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱག་རྒྱ་ཆེན་པོའི་ རྗེས་ཐོགས་དམ་ཚིག་གི་ཕྱག་རྒྱ་བསྒྲུབ་པའོ། །རྣལ་འབྱོར་ཆེ་ལ་རྣམ་གནས་པས། །ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་ལྷ་རྣམས་རང་གི་ལུས་ལ་དགོད་ཅིང་འཇོག་པས་སོ། །དེ་ལ་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་ཆེན་པོ་ནི་འདི་ཡིན་ཏེ། ལྷ་ཐམས་ཅད་ཀྱི་གནས་སུ་ས་མ་ཡ་ཨ་ཞེས་བྱ་བས་ ཟླ་བའི་དཀྱིལ་འཁོར་ལ་སོགས་པ་བཀོད་ལ། སྙིང་གར་མི་བསྐྱོད་པ་རྣམ་པར་བསམ་མོ། །དཔྲལ་བར་ནི་རིན་ཆེན་འབྱུང་ལྡན། ལྐོག་མར་ནི་འོད་དཔག་ཏུ་མེད་པ། སྤྱི་བོར་དོན་ཡོད་པར་གྲུབ་པ། མིག་གཉིས་སུ་སངས་རྒྱས་སྤྱན། མི་བསྐྱོད་པའི་གཡོན་ལོགས་སུ་མཱ་མ་ 61-1-281a ཀཱིའོ། །འོད་དཔག་མེད་ཀྱི་གཡོན་ལོགས་སུ་གོས་དཀར་མོ། །དོན་ཡོད་པར་གྲུབ་པའི་གཡོན་ལོགས་སུ་སྒྲོལ་མ། མི་བསྐྱོད་པ་ལ་སོགས་པའི་གཡོན་ལོགས་སུ་རྡོ་རྗེ་སེམས་མ་ལ་སོགས་པ་བཞི་མི་བསྐྱོད་པའི་རྒྱབ་ཏུ་སྐུལ་བྱེད་མ་རིན་ཆེན་འབྱུང་ལྡན་གྱི་གཡོན་ ལོགས་སུ་རིན་ཆེན་སྒྲོལ་མ། དེ་བཞིན་གཤེགས་པ་ལྷག་མའི་རྒྱབ་ཏུ་ཁྲོ་གཉེར་ཅན་མ་དང་རྡོ་རྗེ་ལུ་གུ་རྒྱུད། ལྟེ་བར་གཤིན་རྗེ་གཤེད། མཛོད་སྤུར་གཞན་གྱིས་མི་ཐུབ་པ། ཁ་ལ་རྟ་མགྲིན་གསང་བའི་གནས་སུ་བདུད་རྩི་ཐབ་སྦྱོར། རྐང་པ་གཉིས་སུ་སྟོབས་པོ་ཆེ། དཔྲལ་བའི་སྟེང་ དུ་མི་གཡོ་བ། མི་བསྐྱོད་པའི་མདུན་དུ་འདོད་པའི་རྒྱལ་པོ། དཔུང་པ་གཉིས་སུ་དབྱུག་སྔོན་ཅན། མི་བསྐྱོད་པ་དང་འདོད་པའི་རྒྱལ་པོའི་བར་དུ་གནོད་མཛེས་རྒྱལ་པོ། སྤྱི་གཙུག་གི་སྟེང་དུ་འཁོར་ལོས་སྒྱུར་བ། སྤྱི་གཙུག་གི་དབུས་སུ་རྣམ་པར་སྣང་མཛད་བསམ་པར་བྱའོ། ། དེ་ནས་ཛཿཧཱུྃ་བཾ་ཧོཿཞེས་བརྗོད་ལ་ཡིད་ཀྱིས་རྣམ་པར་སྣང་མཛད་ལ་སོགས་པའི་ཡེ་ཤེས་སེམས་དཔའ་ཕབ་སྟེ། རྣམ་པར་སྣང་མཛད་ལ་སོགས་པ་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་དབང་དུ་བྱ་བ་ཇི་ལྟ་བ་བཞིན་དུ་བྱས་ནས་ཕྱག་རྒྱ་བཞིས་རྒྱས་གདབ་པར་བྱའོ། །གང་ འདི་བུ་མོ་བསྒྲུབ་པ་བསྟན་པ་ཡིན་མོད་ཀྱི་འོན་ཀྱང་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒྲུབ་པ་ལ་ཡང་ཤེས་པར་བྱའོ། །རང་གི་ལྷའི་རྣལ་འབྱོར་གྱིས་དུས་ཇི་སྲིད་དུ་གྲུབ་པར་མ་གྱུར་ན་རྣལ་འབྱོར་ཆེན་པོའི་ཚུལ་གྱིས་དངོས་གྲུབ་འཐོབ་སྟེ། སློབ་དཔོན་གྱི་དབང་བསྐུར་བས་དབང་བསྐུར་ བ་ཉིད་ཀྱིས་རྣལ་འབྱོར་ཆེན་པོ་བསྒོམ་པར་བྱའི། རང་གི་རིག་པའི་དབང་བསྐུར་བས་ནི་མ་ཡིན་ནོ། །མི་བསྐྱོད་པ་ལ་སོགས་པའི་རྣལ་འབྱོར་ཆེན་པོ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །དེ་བཞིན་གཤེགས་པའི་བཙུན་མོ་ཆེ། །ཞེས་བྱ་བ་ནི་སངས་རྒྱས་སྤྱན་ནོ། །ཞེ་སྡང་རིགས་ནི་འདྲེན་ མཛད་པ། །རྡོ་རྗེ་གདན་ཅན་མཱ་མ་ཀཱི། །ཞེས་བྱ་བ་ནི་ཞེ་སྡང་གི་རིགས་འཐོབ་པར་བྱེད་པའོ་ཞེས་སྦྱར་རོ། །རིན་ཆེན་འབྱུང་བའི་ལྷ་མོ་དང་། །ཞེས་བྱ་བ་ནི་གོས་དཀར་མོའོ། །ལྷ་མོ་འགྲོ་ལ་དབང་མཛད་མ། །ཞེས་བྱ་བ་ལ་སོགས་པ་ནི་སྒྲོལ་མ་ལ་སོགས་པའི་ལྷ་མོའོ། །བུ་མོ་ 61-1-281b འདི་དག་ཅེས་བྱ་བ་ལ་སོགས་པ་ནི། སྤྱན་ལ་སོགས་པའི་རྣལ་འབྱོར་མ་སྟེ། བུ་མོ་ནི་ངེས་པར་སྤྱན་ལ་སོགས་པའི་ཚིག་གི་སྒྲར་བརྗོད་དོ། །དེ་བས་ན་བུ་མོ་འདི་དག་སྟེ་སྤྱན་ལ་སོགས་པའི་རྣལ་འབྱོར་མ་ནི་མིག་ཡངས་ཤིང་མཛེས་ལ་ལོ་བཅུ་དྲུག་ལོན་པའི་ན་ཚོད་དང་ལྡན་པ། གཟུགས་ དང་ལང་ཚོས་བརྒྱན་པ། གསང་སྔགས་ཀྱི་རྒྱུད་ལ་ཤིན་ཏུ་བྱང་བ། གཞན་ཡང་རང་གི་དམ་ཚིག་དང་ཕྱག་རྒྱ་ཤིན་ཏུ་ལེགས་པར་བསླབ་པ་བླངས་པ་ལ། རྡོ་རྗེ་དང་ནི་པདྨ་བསྐུལ། །ཞེས་འོག་ནས་སྨོས་པའི་ཚིག་དང་སྦྱར་རོ། །རང་གི་ཕྱག་རྒྱའི་ཁྱད་པར་བསྟན་པའི་ཕྱིར་ལྷ་མོའི་ ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྷ་མོ་བྱི་དོར་ལེགས་བྱས་ཏེ། །ཞེས་བྱ་བ་ནི་རང་གི་ལྷའི་རྣལ་འབྱོར་དུ་བྱས་པ་ནི་བྱི་དོར་རོ། །རིགས་ལྔ་ཡི་ནི་ཚོགས་ཆེན་མ། །ཞེས་བྱ་བ་ནི་རྣལ་འབྱོར་ཆེན་པོར་བྱས་ལ་གཞག་སྟེ། གསང་བ་བསྐུལ་ལོ་ཞེས་འོག་ནས་སྨོས་པ་དང་སྦྱར་རོ། ། ཇི་སྐད་བསྐུལ་ཞེ་ན། གཞག་སྟེ་སྤྲད་པའི་སྦྱོར་བ་ཡིས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཉིད་བསྟན་པ་ནི་པདྨ་ལ་ནི་ཞེས་བྱ་བ་ལ་སོགས་པ་སྟེ། དམ་ཚིག་གི་ཕྱག་རྒྱའི་གསང་བའི་པདྨ་དེར་རྡོ་རྗེ་གཞུག་པ་བྱས་ལ་དེ་དང་ལྷན་ཅིག་སྤྲད་པ་དང་འཁྱུད་ནས་རྡོ་རྗེ་དང་པདྨ་ བསྐུལ་བར་བྱའོ་ཞེས་བྱ་བར་ཤེས་པར་བྱའོ། །འདི་ཉིད་གསུངས་པ་ནི་གར་གྱི་ཚུལ་གྱིས་ཞེས་བྱ་བ་ལ་སོགས་པ་སྟེ་རུས་སྦལ་བསྐོར་བ་བཅིངས་པ་ལ་སོགས་པའི་གར་གྱི་ཚུལ་གྱིས་བསྐོར་བ་ལ་སོགས་པའི་རིམ་གྱིས་མཆན་ཁུང་བསྡམས་པའི་གར་རོ། །དེ་བཞིན་སྤྲོ་དང་བསྡུ་ བ་ཡིས། །ཞེས་བྱ་བ་ནི་སངས་རྒྱས་རྣམས་ཀྱིས་ནམ་མཁའ་ཁྱབ་པར་བསམ་པའི་སངས་རྒྱས་ལ་སོགས་པ་ལ་དགའ་བས་མཉེས་པར་བྱ་སྟེ། ནམ་མཁའ་ལ་མངོན་པར་འཕགས་པའི་ཚུལ་དུ་བྱའོ་ཞེས་ཐམས་ཅད་དུ་གནས་སོ། །མདོ་ལས་སྒྱུ་མ་ དྲེགས་མྱོས་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་སྐད་ཅིག་གིས་ལྷ་མོའི་ཡང་དག་པའི་བདེ་བས་ཚིམ་པའི་རྡོ་རྗེ་ལས་བྱུང་བའི་བདུད་རྩི་དེ་ཉིད་ཕྱུང་ལ་དེ་ཇི་ལྟ་བ་བཞིན་དུ་ལེགས་པར་བརྟེན་ཏེ་རབ་ཏུ་འབར་བར་བྱས་ཏེ། པདྨ་ལ་གནས་པ་ཉིད་ཁས་བཏུང་ཞིང་རང་གི་ལྷའི་ 61-1-282a ང་རྒྱལ་དང་ལྡན་པས་ཚིམ་པར་བྱ། རྣལ་འབྱོར་མས་ཀྱང་ཚུལ་འདི་བཞིན་རྡོ་རྗེ་ལས་བདུད་རྩི་བླངས་ལ་བཏུང་བར་བྱའོ། །འཐུངས་པ་ཙམ་ཉིད་ཀྱིས་ཞེས་བྱ་བ་ནི་འཐུངས་པའི་འོག་ཏུ། དེ་བཞིན་གཤེགས་པ་ལྔའི་སྐུར་ཡོངས་སུ་གྱུར་པ་འཐོབ་པ་ནི་ཁྱད་པར་གྱི་ འབྲས་བུ་ཉིད་བསྟན་པ་ཡིན་ནོ། །དེ་ཡང་འདི་སྐད་སྟོན་ཏེ། དང་པོ་རྡོ་རྗེ་ཕྲ་མོའི་ཏིང་ངེ་འཛིན་བསྒོམས་པས་སེམས་རྩེ་གཅིག་པ་ཐོབ་ཅིང་བརྟན་པར་བྱས་ནས། ཚུལ་འདི་ལྟར་སྔར་ཏིང་ངེ་འཛིན་ཉི་ཚེ་ཙམ་གྱིས་བློ་བྱང་བར་བྱས་ལ། དེའི་འོག་ཏུ་དངོས་སུ་བྱ་བ་ཡིན་གྱི། གཞན་དུ་ནི་ དངོས་གྲུབ་ཏུ་མི་འགྱུར་ཏེ་དེ་ཡང་། གཞན་དུ་འདོད་པའི་ལོངས་སྤྱོད་ལ། །མངོན་པར་ཞེན་པ་སྐྱེ་འགྱུར་ན། །མ་བསླབས་དབང་གི་སྔགས་པ་ནི། །ཉམས་པར་འགྱུར་གྱི་འགྲུབ་མི་འགྱུར། །སློབ་མ་བཟང་ལའང་རྣམ་ཀུན་དུ། །སྦྱོར་བ་འདི་ནི་མི་བསྟན་ཏེ། །བསམ་པ་ཁྱད་པར་ཤེས་ བྱས་ནས། །མནའ་བསྒགས་ནས་ནི་བསྟན་པར་བྱ། །ཞེས་གསུངས་པ་དང་པོའི་རྡོ་རྗེ་ཕྲ་མོའི་ཏིང་ངེ་འཛིན་གྱིས་སེམས་རྩེ་གཅིག་པ་ཐོབ་ཅིང་སེམས་སྦྱང་བ་དང་འབར་བའི་ནུས་པ་ཡོད་པར་བྱས་ན་དངོས་གྲུབ་ཏུ་འགྱུར་གྱི། གཞན་དུ་འདོད་པའི་ཡུལ་གྱིས་སེམས་འཕྲོགས་ཏེ་ཉོན་མོངས་ པའི་དབང་དུ་གྱུར་པས་དངོས་གྲུབ་ཉམས་ཤིང་ཐེ་ཚོམ་གྱི་གཞིར་གྱུར་པས་སེམས་ཅན་དམྱལ་བ་ལ་སོགས་པར་སྐྱེ་བར་འགྱུར་བས་དུས་ལ་བབ་ཅིང་སེམས་དབང་དུ་གྱུར་ན་གདོད་ཅིག་མངོན་སུམ་དུ་བྱ་བ་ཡིན་ནོ། །ནམ་མཁའ་འདྲ་བའི་ཆོས་ཀུན་ལ། །ཞེས་བྱ་བ་ལ་སོགས་པ་ལ་ནམ་ མཁའ་དང་འདྲ་བར་རྣམ་པར་རྟོག་པ་དང་བྲལ་བའི་ཆོས་ཐམས་ཅད་ལ་ཤེས་རབ་དང་ཐབས་སུ་ལྡན་པས་བཤད་མ་ཐག་པའི་ཆོ་ག་རྣམ་པར་སྤེལ་ཞིང་རྫོགས་པར་བྱའོ། །རྡོ་རྗེ་པདྨས་བྱིན་བརླབས་པས། །ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་སྔོན་དུ་འགྲོ་བ་ཞེས་བྱེད་པའི་ཚིག་མི་མངོན་པར་ བྱས་ནས་སྦྱར་རོ། །རྗེས་སུ་ཆགས་པ་ཞེས་བྱ་བ་ལ་སོགས་པ་ལ་དམ་ཚིག་གི་ཕྱག་རྒྱ་ལ་རྗེས་སུ་ཆགས་པས་རྗེས་སུ་མཉེས་པར་བྱས་ན་འགྲུབ་པར་འགྱུར་རོ་ཞེས་སྔ་མ་དང་སྦྱར་རོ། །ཇི་ལྟར་འགྲུབ་པར་འགྱུར་ཞེ་ན། བདེ་བ་ཐབས་ཞེས་བྱ་བ་གསུངས་ཏེ་འདི་ཡང་བྱ་བའི་ཁྱད་པར་ 61-1-282b གྱིས་གཉིས་པ་ཡིན་ནོ། །ཁྱད་པར་བསྟན་ནས་ད་ནི་ཐུན་མོང་དུ་བསྟན་པའི་ཕྱིར། སྦྱོར་བའི་ཁྱད་པར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར་རྡོ་རྗེ་སེམས་མ་ལ་སོགས་པ་བཞིའམ་སྐུལ་བྱེད་མ་ལ་སོགས་པ་བཞིའི་སྦྱོར་བའི་ཁྱད་པར་གྱིས་ལམ་གསུམ་དུ་འཇུག་པ་སྟེ། དུས་གསུམ་དུ་གཤེགས་ པའི་གསང་སྔགས་རྣམས་འགྲུབ་པར་འགྱུར་རོ་ཞེས་འོག་མ་དང་སྦྱར་རོ། །ལས་ཀྱི་ཕྱག་རྒྱ་ངས་བཤད་དང་། །ཞེས་བྱ་བ་ནི་ཕྱག་རྒྱ་རིམ་པར་ཕྱེ་བ་ལས། ལས་ཀྱི་ཕྱག་རྒྱའི་དེ་ཁོ་ན་ཉིད་དེའི་ཚུལ་དུ་བསྟན་པས་འགྲུབ་པར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །ལག་པའི་ཕྱག་རྒྱ་དག་ཅེས་བྱ་བ་ནི་ ལག་པས་བྱས་པའི་དམ་ཚིག་གི་ཕྱག་རྒྱའི་དེ་ཁོ་ན་ཉིད་ཀྱི་ཚུལ་ལོ། །ཡེ་ཤེས་ཕྱག་རྒྱས་རབ་བསྐུལ་བས། །ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་ཕྱག་རྒྱས་རབ་ཏུ་བསྐུལ་བས་སོ། །དམ་ཚིག་མཆོག་གིས་འགྲུབ་པར་འགྱུར། །ཞེས་བྱ་བ་ནི་རང་གི་བདག་པོ་དང་ལྡན་པས་སོ། །འདིས་ རྣལ་འབྱོར་པ་ཅིར་འགྱུར་ཞེ་ན། ཐུབ་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཕྱི་དང་ནང་གི་ས་ལ་སོགས་པའི་ཁམས་ལྔ་པོ་རྣལ་འབྱོར་པས་སྤྱན་ལ་སོགས་པའི་ངོ་བོར་རྣམ་པར་བསྒོམ་པར་བྱའོ་ཞེས་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་ལ་སོགས་པ་གསུངས་ཏེ་ཁམས་ གསུམ་གྱི་དམ་ཚིག་གི་འཁོར་ལོ་འདི་ཞེས་བྱ་བ་ནི་སྲིད་པ་གསུམ་པོ་འདི་ཉིད་ནི་ཁམས་གསུམ་སྟེ། དེར་དམ་ཚིག་འཁོར་ལོ་ནི་སྤྱན་ལ་སོགས་པའི་ངོ་བོ་ཉིད་གང་ཡིན་པའོ། །སྒྲོལ་མ་ཞེས་བྱ་བ་ལ་སོགས་པ་ལ། སྒྲོལ་མ་རླུང་དུ་རབ་ཏུ་བསྒྲགས། །གོས་དཀར་མོ་ནི་མེ་ཞེས་བརྗོད། ། ཅེས་བྱ་བར་སྦྱར་ཏེ་གཞན་དག་ལས་འདིར། གོས་དཀར་ཅན་དང་སྒྲོལ་མ་ནི། །མེ་དང་རླུང་དུ་རབ་ཏུ་བསྒྲགས། །ཞེས་གསུངས་པས་སོ། །མཁའ་དབྱིངས་ཞེས་བྱ་བ་ནི་ནམ་མཁའི་དབྱིངས་ནི་ཆོས་ཀྱི་དབྱིངས་ཏེ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དོ། །དེ་ཉིད་རྡོ་རྗེ་འཆང་བར་ བཤད། །ཅེས་བྱ་བ་ནི། རྫས་ཐམས་ཅད་དང་བྲལ་བས་ནམ་མཁའ་རྡོ་རྗེ་སྟེ། དངོས་པོ་མེད་པ་ལ་ནམ་མཁའ་རྡོ་རྗེ་ཞེས་བྱ་བར་གཞན་དག་གི་རྗེས་སུ་འབྲངས་ནས་ཤེས་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ 61-1-283a ཀྱིས་ནི་རྣམ་པར་སྣང་མཛད་ལ་སོགས་པའིའོ། །མཉམ་པ་ཉིད་དུ་གནས་པ་ནི་དོན་དམ་པར་གཉིས་སུ་མེད་པའི་ངོ་བོ་ཉིད་དོ། །དེ་ཉིད་ལ་གནས་པ་ནི་ཐམས་ཅད་དུ་རྟག་ཏུ་བཞུགས་པའི་ཕྱིར་རོ། །དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་ངོ་བོ་ཉིད་གཅིག་ཏུ་དམིགས་པའི་རྣམ་པ་ལ་ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་བའི་དོན་ཏོ། །བྱམས་པ་ལ་སོགས་པ་ཁྱེད་ཐམས་ཅད་ཀྱིས་ཏིང་ངེ་འཛིན་འདི་ཉིད་མངོན་དུ་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། དཀྱིལ་འཁོར་གྱི་ འཁོར་ལོ་ལ་རྣམ་པར་གཟིགས་ནས་ཅང་མི་གསུང་བར་གྱུར་པ་ཡིན་ཏེ། འདི་ནི་བཅོམ་ལྡན་འདས་ཀྱིས་ཆོས་བདག་མེད་པའི་ཡེ་ཤེས་རྒྱུ་མཐུན་པ་ཉེ་བར་བསྟན་ནས་ཆོས་རྣམས་དེ་ཉིད་ཉེ་བར་བསྡུ་བའི་སྒོ་ནས་དེར་རྫོགས་པར་བསྟན་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་ པ་ལ། དུས་བསྟན་པའི་འོག་ཏུ་བྱམས་པ་ཇི་སྐད་དུ་བཤད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བྱང་ཆུབ་ནི་དགེ་བའི་གཤེས་གཉེན་ལ་རག་ལུས་པ་ཡིན་ནོ་ཞེས་བྱ་བ་རྣམ་པར་བསམས་ནས་སློབ་དཔོན་གྱིས་སློབ་མ་ལ་སངས་རྒྱས་ལ་སོགས་པ་སྟེར་བ་ཡིན་པར་ཤེས་ ཏེ། དེ་བཞིན་གཤེགས་པ་ལྟར་གུས་པ་བསྐྱེད་པར་བྱའོ་ཞེས་བསམས་ནས། དེ་བཞིན་གཤེགས་པས་གསུངས་པར་འདོད་ནས་ཕྱག་བྱས་ཏེ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ལ་སོགས་པ་ནི་གདུལ་བྱའི་སྐྱེ་བོའི་ཐེ་ཚོམ་བཟློག་པའི་ཕྱིར་རང་ཉིད་ཀྱིས་མ་གསུངས་སོ་ཞེས་ཤེས་ པར་བྱའོ། །རྡོ་རྗེ་བྱང་ཆུབ་ཀྱི་སེམས་སུ་ཞེས་བྱ་བ་ལ་སོགས་པ་ལ་སངས་རྒྱས་ཉིད་ལ་སོགས་པ་ཐོབ་པར་བྱེད་པས་སམ། སློབ་མ་དམ་བཅས་པ་དེ་བྱས་པས་ནི་དེའི་སྒྲ་གསུངས་པ་ཡིན་ནོ། །དེས་ཀྱང་འདི་ལྟར་བལྟ་བར་བྱའོ་ཞེས་བྱ་བ་ནི་ཅིའི་ཕྱིར་ཞེ་ན། བྱམས་པ་བྱང་ཆུབ་ཀྱི་ སེམས་རྡོ་རྗེ་སློབ་དཔོན་དང་གཉིས་སུ་མེད་པའི་ཕྱིར་རོ་ཞེས་བྱ་བ་འོག་མ་དང་སྦྱར་རོ་གང་གི་ཕྱིར་ཞེ་ན། ཇི་སྐད་དུ་བཤད་པའི་བྱང་ཆུབ་ཀྱི་སེམས་དང་། དེ་གཉིས་ནི་མཉམ་པའི་ཚུལ་གྱིས་གནས་པས་ན་གཉིས་བྱར་མེད་པའི་ཕྱིར་རོ་ཞེས་གསུངས་སོ། །བར་ནས་ཞེས་བྱ་བའི་ 61-1-283b སྒྲ་ནི་མངོན་པར་འདོད་པའི་དོན་རྫོགས་པར་བྱེད་པ་ཉིད་དོ་ཞེས་རིགས་པ་དང་ལྡན་པར་ཡོངས་སུ་གཟུང་ངོ་། །རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པ་ལ། འདི་ལྟར་དངོས་སུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དུས་གསུམ་དུ་བྱོན་ནས་འདི་སྐད་གསུངས་ཏེ། ཀུན་ནས་ཀྱང་རྣལ་ འབྱོར་ཆེན་པོའི་རྣམ་པར་གཞག་པས་བཞུགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མཆོད་པ་རྗེས་སུ་འཛིན་པའི་མཚན་ཉིད་རྣམས་ཡང་དག་པར་མཆོད་ཅིང་རྗེས་སུ་གསུངས་ནས་ཡང་སླར་གཤེགས་པར་མཛད་པའོ། །འདི་སྐད་སྟོན་ཏེ་སློབ་མས་སློབ་དཔོན་ནི་སངས་རྒྱས་ལ་སོགས་ པ་ཡང་བཀའ་བཞིན་བྱེད་པའོ་ཞེས་ཁོང་དུ་ཆུད་ནས་སངས་རྒྱས་ལ་སོགས་པ་སྒྲུབ་པར་འདོད་པས་སློབ་དཔོན་ཉིད་ཀུན་ནས་གཟུང་བར་བྱའོ་ཞེས་བྱ་བ་སྟེ་དོན་འདི་ཉིད་གསལ་བར་བྱེད་པའི་ཕྱིར་འདི་སྐད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བརྒྱུད་པའི་རིམ་གྱིས་བདག་ཅག་ལ་མན་ངག་སྟོན་པ་ རྩོལ་བ་སྐྱེད་པར་མཛད་པས་ན་བདག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕ་ཡིན་ནོ། །བདག་ཅག་གི་མ་ཡིན་ནོ་ཞེས་དེ་བཞིན་གཤེགས་པ་གསུངས་པའམ། དཀྱིལ་འཁོར་དུ་བཤད་པའི་སྒྲུབ་པའི་ཐབས་ཀྱི་རིམ་གྱིས་རྫོགས་པར་བྱས་པས་ན་དེ་སྐད་གསུངས་སོ། །ཇི་སྲིད་ཀྱི་སྒྲས་ནི་ བདག་གི་དོན་ནི་སེམས་ཅན་གྱི་དོན་བྱས་པ་སྟེ་མཆོག་ཏུ་ཕན་བཏགས་པའོ་ཞེས་བྱ་བ་ལ་སོགས་པ་ཡོངས་སུ་བཟུང་ངོ་། །བདག་ཅག་ནི་སྟོན་པའོ་ཞེས་བྱ་བ་ནི་དམ་ཚིག་ལས་འདའ་བར་བྱེད་པའི་སློབ་མ་མཐོང་ནས་དངོས་གྲུབ་སྦྱིན་པའི་ཕྱིར་རང་གི་ལུང་བསྒོ་བ་ལ་འཇོག་པས་བདག་ཅག་ སྟོན་པའོ། །དཔེར་ན་ཞེས་བྱ་བ་ལ་སོགས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཕྱག་རྒྱ་བཞི་ལ་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་སྐྱེ་བ་བས་སློབ་དཔོན་གྱི་བ་སྤུའི་ཁུང་བུ་གཅིག་ནས་བསོད་ནམས་ཀྱི་ཕུང་པོ་སྐྱེ་བ་གང་ཡིན་པ་དེ་ནི་སྔ་མ་བས་ཆེས་ལྷག་པའི་བསོད་ ནམས་ཀྱི་ཕུང་པོ་སྐྱེ་བར་འགྱུར་རོ་ཞེས་པ་སྟེ་སྒྲུབ་པ་པོས་དེ་བཞིན་གཤེགས་པ་རྣམས་པས་སློབ་དཔོན་འདི་ཆེས་ལྷག་པར་བལྟ་བར་བྱ་སྟེ། དེ་རྣམས་ཀྱི་དམ་ཚིག་ཐོབ་པ་དེ་ལ་རག་ལུས་སོ། །ཞེས་འདི་ལྟར་མཆོག་ཏུ་བསྟན་པའི་ཚིག་གི་ངོ་བོ་དངོས་སུ་ཁོང་དུ་ཆུད་པར་མི་ནུས་པའི་ 61-1-284a ཕྱིར་སེམས་ཅན་གྱི་ཁམས་ཤིན་ཏུ་དད་པ་མེད་པས། གཞན་ཡང་བྱས་པ་དེ་གསལ་བར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ལ་སོགས་པ་འོག་མ་དང་སྦྱར་ཏེ། ཇི་སྐད་ཀྱི་སྒྲས་སངས་རྒྱས་ལ་སོགས་པ་འཐོབ་པའི་རྒྱུར་གྱུར་ པ་ཞེས་བྱ་བ་ལ་སོགས་པར་ཡོངས་སུ་གཟུང་སྟེ། དེ་ཡང་སློབ་དཔོན་ཡིན་ནོ་ཞེས་བྱ་བར་དགོངས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་དེ་ལྟ་བུའི་མཐུ་ཆེན་པོ་དང་ལྡན་པའི་རྡོ་རྗེ་སློབ་དཔོན་ཆེན་པོ་ལ་བརྙས་པའི་སེམས་ཅུང་ཟད་བསྐྱེད་པ་ཙམ་གྱིས་ཡུན་རིང་པོར་དམྱལ་བའི་གནས་སུ་གནས་ པར་འགྱུར་རོ་ཞེས་གདུལ་བྱ་རྣམས་ཀྱིས་ཁོང་དུ་ཆུད་པར་བྱ་བའི་ཕྱིར་འཇིགས་ཤིང་སྐྲག་པའི་ཡིད་ཀྱིས་ཅང་མི་སྨྲ་བར་གྱུར་ཏོ། །དེ་ལྟར་རྣམ་པར་སྣང་མཛད་ཀྱི་སློབ་དཔོན་ལ་ནན་ཏན་དུ་བྱ་བ་བསྟན་ནས། དེ་ལ་སངས་རྒྱས་ཐམས་ཅད་ཀྱི་གཞུང་མ་ཡིན་པར་གདུལ་བའི་སྐྱེ་བོ་འགའ་ ཞིག་སོམ་ཉི་སྐྱེ་བར་འགྱུར་བས་དེ་བཟློག་པར་བྱ་བའི་ཕྱིར། ད་ནི་མི་བསྐྱོད་པ་ལ་སོགས་པ་ཡང་དོན་དེ་ཉིད་གསུངས་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བཞིན་གཤེགས་པ་འོད་དཔག་མེད་དང་། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཅེས་བྱ་བ་ནི་ འོད་དཔག་ཏུ་མེད་པའི་སྒྲ་ནི་སྣང་བ་མཐའ་ཡས་སོ། །རྡོ་རྗེ་འཆང་ཞེས་བྱ་བ་ལ་སོགས་པ་ལ། རྣམ་པར་སྣང་མཛད་ལ་སོགས་པ་ཐམས་ཅད་ཀྱི་རྡོ་རྗེ་འཆང་བ་ནི་ཡེ་ཤེས་འཛིན་པ་སྟེ། དེའི་དངོས་གྲུབ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་བོ། །དེའི་དམ་ཚིག་གི་རྒྱུར་གྱུར་པ་ནི་ སློབ་དཔོན་ཏེ་དེ་ལ་དམིགས་པ་ནི་མངོན་སུམ་དུ་མཛད་པའོ། །དེ་ཉིད་རྡོ་རྗེ་སྟེ་ཏིང་ངེ་འཛིན་གང་ལ་དམིགས་པའི་ཏིང་ངེ་འཛིན་གྱིས་འདི་སྐད་སྟོན་ཏེ། དམ་ཚིག་གང་ལ་ཡིན་པ་མངོན་སུམ་དུ་མཛད་པ་སྟེ་དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པའི་དངོས་གྲུབ་དང་། དམ་ཚིག་གི་ སློབ་དཔོན་ལ་དམིགས་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་བའི་དོན་ཏོ། །ཕྱོགས་བཅུ་དུས་གསུམ་དུ་གྱུར་བའི་ཞེས་བྱ་བ་ནི་སྔ་མ་བཞིན་དུ་མཆོད་པར་བྱེད་པའོ། །མཆོད་པ་མཛད་ཅིང་ཕྱག་འཚལ་བར་མཛོད་ཅིག་ཅེས་བྱ་བ་ནི་ཏིང་ངེ་འཛིན་གསུམ་གྱི་རིམ་གྱིས་དཀྱིལ་འཁོར་བསྒྲུབ་པ་ལ་ 61-1-284b སོགས་པར་འཇུག་པ་ལ་ཕྱག་འཚལ་བ་སྟེ། ཐམས་ཅད་ཀྱིས་གུས་པ་བསྐྱེད་པར་བྱ་བའི་ཕྱིར་ཞེས་བྱ་བ་སྟེ་སྤྱིའི་དོན་ནི་སྔ་མ་བཞིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཞེས་བྱ་བ་ལ་སོགས་པ་ནི་འདི་ལྟར་སློབ་དཔོན་ལ་ནན་ཏན་ཏུ་བྱ་བ་ལས་ལྡོག་པར་མི་བྱ་སྟེ། བདག་ཅག་རྣམས་ཀྱིས་སློབ་དཔོན་འདི་ཉིད་ལས་མི་ འབྲལ་བ་ལས་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་བསྒྲུབ་པར་བྱའོ་ཞེས་འདི་ལྟ་བུའི་བསམ་པས་འཇུག་པའི་གདུལ་བྱ་རྣམས་ལ། དེ་དང་བྲལ་བས་གསང་སྔགས་ཀྱི་དངོས་གྲུབ་མེད་དོ་ཞེས་བྱ་བ་དེ་བཞིན་གཤེགས་པ་རྣམས་ཀྱིས་རབ་ཏུ་བསྟན་པར་བཞེད་ནས་གསུངས་པ་ཡིན་ནོ། ། དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱི་དེ་བཞིན་གཤེགས་པ་དེ་དག་ལ་འོག་ནས་བཤད་པའི་དོན་གསོལ་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པའི་དངོས་ གྲུབ་གང་ལ་གནས་ཤེ་ན། གསང་བ་གསུམ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུ་རྡོ་རྗེ་ལ་སོགས་པ་གསང་བ་གསུམ་དང་ལྡན་པའི་སློབ་དཔོན་གྱི་ལུས་ལ་སོགས་པ་ལ་གནས་པའོ། །ལུས་དང་ངག་དང་ཡིད་ཀྱི་རྡོ་རྗེའི་གསང་བ་གང་ལ་གནས་པ་ཞེས་བྱ་བ་ ནི། དེ་བཞིན་གཤེགས་པ་རྣམས་དང་། སློབ་དཔོན་གྱི་ཡང་ཞེས་ཤེས་པར་བྱའོ། །གང་དུ་ཡང་མ་ཡིན་ནོ་ཞེས་བྱ་བར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་སོ་ཞེས་སྔ་མ་དང་སྦྱར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེ་ལ་ སོགས་པ་ཇི་ལྟར་ཡོངས་སུ་བརྟགས་པའི་ངོ་བོ་ཉིད་ནི་དོན་དམ་པར་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པས་གང་ལ་ཡང་མི་གནས་སོ། །དེ་བཞིན་དུ་སློབ་དཔོན་གྱི་ཡང་དོན་དམ་པར་གཉིས་སུ་མེད་པའི་ཡེ་ཤེས་ཡིན་པར་དེ་ཡང་སོ་སོར་ངེས་པའི་ཕྱོགས་ན་གནས་པ་མ་ཡིན་པས་གང་ན་ཡང་མི་ གནས་སོ་ཞེས་བརྗོད་དོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ལ་སོགས་པའི་སྐུ་རྡོ་རྗེ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་བརྟགས་པའི་དོན་དམ་པར་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་ལ། སློབ་དཔོན་གྱི་ལུས་དང་ངག་དང་ཡིད་ཀྱང་དོན་དམ་པར་མེད་པ་ཉིད་ཡིན་པ་ 61-1-285a ལས་ཀུན་རྫོབ་ཏུ་དངོས་གྲུབ་དེ་འབྱུང་བར་འགྱུར་བ་ནི། སྔགས་ཀྱི་ཚུལ་གྱིས་ཆོས་ཉིད་ཀྱི་ཆེ་བའི་བདག་ཉིད་ཡིན་པར་མཐོང་ནས་དགའ་བ་ཐོབ་པས་ངོ་མཚར་དུ་གྱུར་པ་དང་། གཞན་ཡང་ཆོས་ཉིད་ནི་སོ་སོར་རང་གིས་རིག་པའོ་ཞེས་རབ་ཏུ་བསྟན་པའི་ཕྱིར། ཅིའང་མི་ཟེར་བར་ འཁོད་དོ་ཞེས་བྱ་བ་ནི་འདི་ཉིད་ཀྱི་རྣམ་གྲངས་སོ། །འདི་སྐད་སྟོན་ཏེ། ཇི་སྐད་དུ་བཤད་པ་བཞིན་སློབ་དཔོན་ལ་ནན་ཏན་དུ་བྱ་སྟེ་དངོས་གྲུབ་རྣམས་ནི་དེ་ལ་རག་ལས་པའི་ཕྱིར་རོ། །དེ་བས་ན་འདི་ལྟར་རྒྱུད་གཞན་དག་ལས་སློབ་དཔོན་ལ་སྨོད་པར་བྱེད་པ་ལ་ནི་དངོས་གྲུབ་ཐམས་ཅད་གཞན་དུ་འགྱུར་བར་ གསུངས་སོ། །སྟང་སྟབས་ཞེས་བྱ་བ་ནི་ཡན་ལག་གི་འགྱུར་བ་སྟེ་བརྐྱང་བསྐུམ་ལ་སོགས་པའི་མཚན་ཉིད་ཅན་ནོ། །འདུག་སྟངས་ཞེས་བྱ་བ་ནི་གནས་པའོ། །ལས་ལ་སྦྱར་བ་ཞེས་བྱ་བ་ནི་ཞི་བ་ལ་སོགས་པའི་ལས་རྣམས་ལ་ངེས་པར་སྦྱར་བའོ། །སླར་བསྡུ་བ་ཞེས་བྱ་བ་ནི་ཉེ་བར་བསྡུ་བའོ། །བཅུ་ ཡིན་པར་ཞེས་བྱ་བ་ནི་དཀྱིལ་འཁོར་ལ་སོགས་པ་དེ་ཁོ་ན་ཉིད་བཅུ་སྟེ་རང་གི་ལྷའི་སྦྱོར་བ་ཙམ་དང་འབྲེལ་པ་ཡིན་པར་སངས་རྒྱས་རྣམས་གསུངས་པས་འདིས་ནི་སངས་རྒྱས་ཐམས་ཅད་ཀྱི་རྗེས་སུ་མཐུན་པའི་གཞུང་དུ་བསྟན་པ་ཡིན་ནོ། །དུས་གསུམ་དུ་བྱུང་བའི་རྒྱལ་བ་ཐུགས་རྗེ་རོ་གཅིག་པ་རྣམས་ ཀྱིས་ཞེས་བྱ་བ་འདི་ནི་སྡུད་པར་བྱེད་པའི་ཚིག་ཡིན་ནོ། །གསང་བ་དང་གསང་ཆེན་དང་ཡེ་ཤེས་ཞེས་བྱ་བ་ནི་དཀྱིལ་འཁོར་ལ་སོགས་པ་སྟེ་དེ་ཁོ་ན་ཉིད་རྣམ་པ་བཅུ་གསང་བ་སྟེ། རང་གི་དམ་ཚིག་གི་ཕྱག་རྒྱ་དང་སྙོམས་པར་འཇུག་པ་དང་ལྡན་པའི་སྦྱོར་བ་ཡང་དག་པ་འབྲེལ་པར་གསུངས་སོ་ ཞེས་སྔ་མ་དང་སྦྱར་རོ། །གསང་བ་རྣམ་པ་ལྔའི་དེ་ཁོ་ན་ཉིད་ཆེན་པོ་དང་འབྲེལ་བའི་དཀྱིལ་འཁོར་ལ་སོགས་པ་རྣམ་པ་བཅུ་ནི་གསང་ཆེན་ཡིན་ནོ་ཞེས་དེ་བཞིན་དུ་སྦྱར་རོ། །དེ་བས་ན་འདི་ལྟར་རྣམ་པ་གསུམ་གྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་དེ་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ལ་སོགས་ པའི་དབྱེ་བས་རྣམ་པ་གསུམ་དུ་སྙིང་པོའི་ངོ་བོ་བསྟན་པ་ཡིན་ནོ། །བླ་མས་དམ་ཚིག་ཇི་ལྟ་བའི་དབང་དུ་བྱས་ནས་བཤད་པར་བྱའོ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ལ་སོགས་པ་ལ་ལྷག་པར་མོས་པ་རྣམས་ལ་དེ་ཁོ་ན་ཉིད་ལ་སོགས་པའི་རིམ་གྱིས་མངོན་པར་འདུས་བྱས་པ་དང་བཅས་པས་བསྟན་པར་ 61-1-285b བྱའི་མོས་པ་དང་མི་མཐུན་པར་གཞན་དུ་བསྟན་ན་དམ་ཚིག་ཉམས་ཤིང་དེ་ཡང་བསླུས་པར་འགྱུར་རོ། །དེ་ཁོ་ན་ཉིད་ལ་སོགས་པ་ཉིད་གསུངས་པ་ནི་སེམས་ཅན་རྣམས་ལ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། རྣལ་འབྱོར་གྱི་རིམ་པ་ནི་རང་གི་ལྷའི་རྣལ་འབྱོར་ཙམ་གྱི་རིམ་པའོ། །ལྷག་པའི་རྣལ་ འབྱོར་གྱི་རིམ་པ་ནི་དམ་ཚིག་གི་ཕྱག་རྒྱ་དང་ཡང་དག་པར་སྦྱོར་བ་དང་ལྡན་པའི་རང་གི་ལྷའི་རྣལ་འབྱོར་གྱི་རིམ་པའོ། །རྣལ་འབྱོར་ཆེན་པོའི་རིམ་པ་ནི་གསང་བ་ལྔའི་བདག་ཉིད་ཀྱི་རང་གི་ལྷའི་རིམ་པས་ཏེ་འདི་དག་གིས་དཀྱིལ་འཁོར་གྱི་ཆོ་ག་ལ་སོགས་པ་གནས་སྐབས་ཇི་ལྟ་བ་ བཞིན་དུ་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ལ་སོགས་པ་ཅུང་ཟད་བསྟན་པ་ཅུང་ཟད་ཙམ་གྱིས་ཉུང་དུ་བསྟན་པ་ཡིན་ཏེ། འདིར་བཤད་པའི་དཀྱིལ་འཁོར་ལ་སོགས་པ་དེ་ཁོ་ན་ཉིད་རྣམ་པ་བཅུ་ལ་སོགས་པ་སློབ་དཔོན་གྱི་ཁ་ལས་རྒྱ་ཆེར་ཤེས་པར་བྱ་སྟེ་གཞུང་མངས་ཀྱིས་དོགས་པས་འདིར་མ་བྲིས་སོ། ། བཤད་མ་ཐག་པའི་དོན་དེ་ཁོ་ན་ཉིད་རྣམས་ནི། ཐམས་ཅད་ན་ཡང་ཡོད་པར་བསྟན་པའི་ཕྱིར་འདི་དག་གི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་འདི་དག་ཅེས་བྱ་བ་ནི་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ལ་སོགས་པ་གསལ་བར་ཕྱེ་བ་ལས་ལྟོས་པ་ཡིན་པས་སོ། །དམ་ཚིག་ཐམས་ཅད་ཉམས་པར་ བྱེད་དོ། །ཞེས་བྱ་བ་ལ་སོགས་པ་ལ་འདིར་འདི་ལྟར་སྦྱར་བར་བྱ་སྟེ། སེམས་ཅན་ལ་མཆོག་ཏུ་ཕན་འདོགས་པར་བྱེད་པ་བསྔགས་ཤིང་ཡིད་དུ་འོང་བ་ལ་སོགས་པ་ཡུལ་དུ་བྱས་ནས་བསོད་ནམས་བསགས་པའི་རྒྱུར་གྱུར་པ་ལ་བརྟེན་ནས་བྱང་ཆུབ་ཀྱི་སྤྱོད་པ་ལ་སྤྱད་པར་བྱ་བ་ཡིན་ནོ། །དེ་བས་ བསླུས་ཤིང་ཡང་དག་པའི་ཚུལ་མ་བསྟན་ན་དམ་ཚིག་སྟེ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དམ་ཚིག་ལས་ཉམས་ཤིང་ཡོངས་སུ་ཟད་པར་འགྱུར་རོ། །དེའི་དམ་ཚིག་ལས་ཉམས་པ་ལ་བདུད་དང་མཁའ་འགྲོ་ལ་སོགས་པས་ཡོངས་སུ་བཟུང་སྟེ། དེ་ནས་དེ་གསོད་ལ་དེ་ལྟར་སྐྱེས་བུ་ཤི་བར་ གྱུར་ནས་ཀྱང་སེམས་ཅན་དམྱལ་བ་མི་ཟད་པ་སྟེ་མནར་མེད་པ་ལ་སོགས་པའི་ངན་སོང་དུ་འགྲོ་བར་འགྱུར་རོ། །ཤེས་པར་བྱས་ནས་ཞེས་བྱ་བ་ནི་གང་གི་ཕྱིར་སེམས་ཅན་སླུ་བ་ནི་ཉེས་པ་ཆེན་པོ་ཡིན་ཏེ་དེ་བས་ན་དེ་རྣམས་དེ་བཞིན་གཤེགས་པའི་ལམ་ཡང་དག་པར་སྤྱོད་པ་ལ་གཟུང་ཅིང་ 61-1-286a ཡང་ནས་ཡང་ཐོས་པས་ཞེས་བྱ་བ་དང་འཛིན་དུ་གཞུག་པ་དང་། ཇི་ལྟར་ཐོས་པ་དེ་བཞིན་དུ་མན་ངག་བྱིན་པས། དེ་ཉིད་ལ་བརྟེན་པ་ལ་སོགས་པའི་རིམ་གྱིས་གསང་སྔགས་ཀྱི་ཚུལ་ཐེག་པ་ཆེན་པོ་ལ་སེམས་ཅན་རྣམས་སྦྱར་ཞིང་གཞུག་པར་བྱའོ། །རྡོ་རྗེ་ཐེག་པ་ལ་ ཞུགས་པའི་རྣལ་འབྱོར་པས་བཟླས་པ་དང་སྒོམ་པ་ལ་མངོན་པར་མི་དགའ་ན་བྱང་ཆུབ་ཐོབ་པར་དཀའོ་ཞེས་བསྟན་པའི་ཕྱིར་དང་། རྒྱུད་ཀྱི་མཐར་ཇི་སྐད་དུ་བཤད་པའི་དངོས་གྲུབ་བསྒྲུབ་པ་ལ་སྤྲོ་བ་སྐྱེད་པའི་ཕྱིར། གང་ཞིག་འདི་ལ་བརྩོན་པ་མ་བྱས་པ། །ཞེས་བྱ་བ་ལ་སོགས་པ་ གསུངས་ཏེ་ཇི་སྐད་དུ་བཤད་པའི་གསང་སྔགས་ཀྱི་ཚུལ་གྱི་བདུད་རྩིའི་རོ་ཐོས་པ་དང་ཤེས་ཤིང་རྟོགས་པ་ཐོབ་པས་སྔག་པ་གཞོམ་པའི་ཕྱིར་བཟླས་པ་དང་སྒོམ་པ་ལ་བརྩོན་པས་མི་བྱེད་པ་དེ་དཀའ་ཐུབ་ཀྱི་སྤྱོད་པ་ལ་སོགས་པས་ཇི་ལྟར་མངོན་པར་བྱང་ཆུབ་པར་འགྱུར་ཞེས་ཤེས་པར་བྱ་སྟེ་གང་ བདེ་བླག་གིས་སྦྱོར་བས་མི་ནུས་པ་གང་ཡིན་པ་སྟེ་དགའ་བ་ཉིད་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྣམ་པ་གཞན་གྱིས་བྱང་ཆུབ་པ་མེད་དོ་ཞེས་བཀག་ནས་ད་ནི་གང་གིས་རྣལ་འབྱོར་བསྒོམ་པར་བྱ་བ་དེ་བསྟན་པའི་ཕྱིར། རྣལ་འབྱོར་གཅིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པར་ སྣང་མཛད་ལ་སོགས་པ་གང་ཡང་རུང་བའི་རྣལ་འབྱོར་ཤེས་པར་བྱས་ལ། སྐྱེ་བོ་མེད་པར་སོང་སྟེ་སྒྲའི་ཚེར་མ་ལ་སོགས་པ་དང་བྲལ་བའི་གནས་སུ་ཕྱིན་ནས་འདུ་འཛི་ཐམས་ཅད་དང་བྲལ་བར་བྱས་ཏེ། དངོས་གྲུབ་ཀྱི་རྣམ་པ་ཆོ་ག་གང་གིས་སྐྱེ་བ་གང་ལ་བཟླས་བརྗོད་ལ་སོགས་པ་ལ་ ཞུགས་པའི་སྐྱེ་བོ་དེ་ཉིད་ལ་སངས་རྒྱས་ཀྱི་ཡོན་ཏན་སྟོབས་བཅུ་དང་། མི་འཇིགས་པ་ལ་སོགས་པ་རྣམས་དང་ལྡན་ཞིང་སེམས་ཅན་གྱི་དོན་བྱེད་པའི་ནུས་པ་དང་ལྡན་པའི་བསོད་ནམས་ཀྱི་ཚོགས་བསགས་པ་རྙེད་ཅིང་ཐོབ་པར་འགྱུར་བར་བྱའོ། །རྣལ་འབྱོར་གྱི་ཁྱད་པར་ཡང་ཇི་ལྟ་བུ་ ཞེ་ན། དེའི་ཁྱད་པར་བསྟན་པའི་ཕྱིར་ཆོས་བདག་མེད་པ་བསྒོམས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གང་ཆོས་བདག་མེད་པ་ཁོང་དུ་ཆུད་པ་མཁས་པས་སོ། །ཤེས་རབ་དང་ཡེ་ཤེས་ཀྱི་འཇོ་ཚུལ་གྱིས་ཞེས་པ་ནི་ཐབས་དང་བཅས་པའི་ཤེས་རབ་དང་ཡེ་ཤེས་ཀྱི་རྣམ་པར་རྩེ་ཞིང་རོལ་ 61-1-286b པ་གང་ཡིན་པའོ། །སྤྲོ་བ་དང་བསྡུ་བ་དང་གསང་བ་ལྔའི་བདག་ཉིད་ཅན་གྱི་གཙོ་བོ་ལ་མཆོད་པར་བྱའོ་ཞེས་བྱ་བ་ནི་སངས་རྒྱས་ལ་མཆོད་པ་མེ་ཏོག་ལ་སོགས་པ་སྤྲོ་བ་དང་བསྡུ་བ་དང་གསང་བ་ལྔའི་བདག་ཉིད་ཅན་གྱི་གཙོ་བོ་རང་གི་ལྷག་པའི་ལྷ་སྒོམ་པའི་སྦྱོར་བས་མཆོད་པ་གང་ལ་ཡོད་པ་ དེ་ཉིད་ཐོབ་པས་མཆོད་དོ་ཞེས་སྦྱར་རོ། །གཞན་ཡང་དེ་ཉིད་ཀྱི་ཁྱད་པར་བསྟན་པའི་ཕྱིར་དངོས་པོ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན་དམ་པར་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པས་ན་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ལ་སོགས་པ་གཞི་བཅུ་སྟེ། དེ་ཁོ་ན་ཉིད་བཅུའི་གཞི་ཐམས་ཅད་ ནི་རྣམ་པར་སྣང་མཛད་ལ་སོགས་པའི་རིམ་གྱིས་སྦྱོར་བ་གོམས་པས་དངོས་པོ་ཐམས་ཅད་ཀྱི་དོན་རྟོགས་པའོ། །ཟླ་གསང་ཐིག་ལེའི་ཚུལ་གྱིས་རྡོ་རྗེ་དང་པདྨས་དབང་བསྐུར་བ་ཉིད་ནི་བཤང་གཅི་ལ་སོགས་པའི་ངོ་བོ་རྣམ་པར་སྣང་མཛད་ལ་སོགས་པའི་ངོ་བོ་ཉིད་དུ་ཡོངས་སུ་གྱུར་པར་ ལྷག་པར་མོས་ནས་སྦྱང་བ་ལ་སོགས་པ་བྱས་ཏེ། ཉིན་རེ་ཞིང་སྤྱད་དེ་སངས་རྒྱས་ཀྱི་ཐབས་མཁས་པ་བསམ་གྱིས་མི་ཁྱབ་པས་འདི་ལྟ་སྟེ་འདི་ཉིད་ཀྱིས་ཀྱང་འབྲས་བུ་རབ་ཏུ་སྩོལ་བར་འགྱུར་ཏེ། གསང་སྔགས་ཀྱི་ཆོས་ཉིད་བསམ་པ་ཡིན་ནོ་ཞེས་ཡིད་ལ་བྱས་པས་བདུད་རྩི་ལྔ་རྣམས་ཀྱིས་ དགའ་བ་དང་མགུ་བར་བྱེད་དོ། །བདུད་རྩི་ལྔས་དགའ་བར་བྱེད་དོ་ཞེས་བྱ་བ་ལ་ལ་ནི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔའི་རྒྱུ་མཐུན་པ། དེས་རིགས་ལྔའི་ངོ་བོ་ཉིད་བདུད་རྩི་ལྔ་སྟེ་དེས་དགའ་བར་བྱེད་པའོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །གསང་བར་བྱ་བའི་ཆོས་གསང་བས། །ཞེས་བྱ་ བ་ནི་འོག་ནས་ཤིན་ཏུ་གསང་ཞིང་སྦ་བར་བྱས་ཏེ་ཞེས་པ་སྐལ་བ་ངན་པའི་སྐྱེ་བོ་རྣམས་ཀྱི་ཕྱིར་སྟོན་པར་མི་བྱེད་ཀྱི་རང་ཉིད་སྦས་པས་འཇོག་པའོ། །གཟུགས་སྒྲ་ཞེས་བྱ་བ་ལ་སོགས་པ་ལ་བལྟས་པ་དང་རེག་པས་བལྟ་བར་བྱ་བའི་གཟུགས་དང་རྣ་བས་མཉན་པར་བྱ་བ་ཐམས་ཅད་དོ། །རེག་ པ་ནི་རེག་བྱས་རེག་པའོ། །འདོད་པའི་ཡོན་ཏན་ལྔ་པོ་འདི་དག་ལ་སྤྱོད་ནས་རྣལ་འབྱོར་ལ་གནས་ཤིང་། རྣམ་པར་སྣང་མཛད་ལ་སོགས་པའི་སངས་རྒྱས་ཉིད་ནི་འདོད་པར་བྱ་བ་ཡིན་པས་ན་འདོད་པའོ། །དེ་ཉིད་བསླབ་ཅིང་གོམས་པར་བྱ་བས་ན་ཡོན་ཏན་ནོ། །དེ་རྣམས་ཀྱི་རྣམ་པ་ནི་ 61-1-287a གཟུགས་བརྙན་ལ་སོགས་པའི་མཚན་ཉིད་དེ་ཟ་བ་ལ་སོགས་པའི་རྣལ་འབྱོར་སེམས་ཤིང་རང་གི་ལྷའི་སྦྱོར་བ་བསྒོམས་པས་སྤྱོད་ཅིང་རྣམ་པར་སྤྱོད་པར་འགྱུར་བ་སྟེ་ཐམས་ཅད་རྟོགས་ཤིང་ཁོང་དུ་ཆུད་པའི་ཚུལ་ལོ། །འདི་སྐད་སྟོན་ཏེ་གཟུགས་ལ་སོགས་པ་ཡུལ་ ལྔ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་བདག་ཉིད་ཅན་དུ་རྣལ་འབྱོར་པས་ཐམས་ཅད་དུ་བསྒྲུབ་པར་བྱའོ་ཞེས་པའོ། །བལྟས་དང་ཁུ་ཚུར་རྣམ་པ་ཡིས། །སེམས་ཅན་ཐམས་ཅད་དབང་དུ་བྱེད། །ཅེས་བྱ་བ་ནི་བལྟ་བ་ནི་མཐོང་བའོ། །ཁུ་ཚུར་ནི་བཅིང་བའོ། །ཉེ་བར་མཚོན་པ་འདིས་ན་ སྨིན་མ་བསྐྱོད་པ་ལ་སོགས་པ་ཡོངས་སུ་གཟུང་སྟེ་ཚུལ་དེ་དག་གིས་སེམས་ཅན་ཐམས་ཅད་དབང་དུ་བྱེད་པས་ན་འདི་སྐད་ཅེས་བྱའོ། །འདི་སྟོན་ཏེ་མཉམ་པར་མ་བཞག་པའི་སྦྱོར་བས་གང་གི་ཚེ་རྣལ་འབྱོར་པ་སྤྱོད་པ་དེའི་ཚེ་མཐོང་བ་ལ་སོགས་པས་རང་གི་ལྷའི་ང་རྒྱལ་དུ་བྱས་ནས་སེམས་ཅན་ཐམས་ ཅད་རང་དབང་དུ་བྱེད་དེ། དེའི་བདག་ཉིད་ནི་ལྷའི་ང་རྒྱལ་ཉིད་ཀྱིས་སེམས་པར་བྱེད་དོ། །དེ་ནས་གང་གི་ཚེས་བདག་ལ་སོགས་པ་མངག་གཞུག་པར་གྱུར་པ་དེའི་ཚེ་བདག་ཉིད་ཀྱིས་ཕྱོགས་བཅིང་བ་དང་། སྔ་མ་བཞིན་དུ་བཟླས་པ་དང་སྒོམ་པ་ལ་སོགས་པ་ལ་བརྩོན་པ་ཉིད་ཀྱིས་བསྒྲུབ་ པའི་མཚན་མ་ཐོབ་པར་བྱས་ནས་སྒྲུབ་པ་ལ་འཇུག་པར་བྱའོ། །འཁོར་ལོ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ཀྱི་བྱ་བའི་ཐབས་ནི་ཆོ་ག་ཐམས་ཅད་དེ་དེ་སྟོན་པའི་གཞུང་གི་ལེའུ་ལ་རིམ་པར་ཕྱེ་བའི་སྒྲར་བརྗོད་དོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་ཞེས་བྱ་བ་ལ་སོགས་པ་ ལ་བཅོམ་ལྡན་འདས་ཀྱིས་རྒྱུད་གསུངས་པས་ཡང་དག་པའི་དོན་རྫོགས་པར་མཐོང་བས་ཡིད་དགའ་བར་གྱུར་པ་སྟེ། ལྷ་དང་མི་དང་ལྷ་མ་ཡིན་དང་བཅས་པའི་འཇིག་རྟེན་པ་མངོན་པར་དགའ་བ་སྟེ། ཇི་སྐད་དུ་གསུངས་པ་རང་གིས་ཐོས་པའི་ཤེས་པས་མངོན་སུམ་དུ་ཐོས་ཤིང་ཡིད་ལ་འཇོག་ པས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལས་ཐོས་པས་ན་བྱམས་པ་ལ་སོགས་པ་མངོན་པར་དགའ་བར་གྱུར་བ་སྟེ། བསྟོད་དོ་ཞེས་བྱ་བའི་སྒྲས་ནི་ཡོངས་སུ་རྫོགས་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་དྲ་བའི་རྒྱ་ཆེར་བཤད་པ། སློབ་དཔོན་མཁས་པ་ཆེན་པོ་ཀུན་དགའ་སྙིང་པོས་ 61-1-287b མཛད་པ་རྫོགས་སོ།། །།ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཞིང་ཞུས་ཏེ་གཏན་ལ་ཕབ་པའོ། །༄༅༅། །རྒྱ་གར་སྐད་དུ། མཱ་ཡ་ཛཱ་ལ་ཏནྟྲ་རཱ་ཛ་པཉྫི་ཀ བོད་སྐད་དུ། རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བའི་དཀའ་འགྲེལ། བཅོམ་ལྡན་འདས་ངག་གི་དབང་ ཕྱུག་ལ་ཕྱག་འཚལ་ལོ། །སྒྱུ་འཕྲུལ་དྲ་བ་དྲི་མ་སེལ་མཛད་པ། །ཐབས་དང་ཤེས་རབ་ལས་བྱུང་ཕྱག་འཚལ་ཏེ། །དེ་ཡི་རྟོགས་པར་དཀའ་བའི་ཚིག་བཤད་པ། །དྲན་པར་བྱ་བའི་ཕྱིར་ནི་བྲི་བར་བྱ། །འདིར་དེ་ཁོ་ན་ཉིད་རྣམ་པ་བཅུ་ནི་གཙོ་བོ་ཡིན་པས་ཡང་དག་པར་བརྗོད་པར་བྱ་བ་ཡིན་ལ། ཇི་ སྲིད་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་འདི་གདུལ་བྱའི་སྐྱེ་བོ་རྣམས་ཇི་ལྟ་བ་བཞིན་དུ་རྗེས་སུ་གཟུང་བར་བྱ་བའི་ཕྱིར་བྱུང་བར་གྱུར་པས་འགྲེལ་པ་ལ་སོགས་པ་གསུམ་ནི་དོན་གྱི་དབང་གིས་སྟོན་པར་འགྱུར་རོ། །འདིར་སྡུད་པར་བྱེད་པ་ཕྱག་ན་རྡོ་རྗེ་ཚད་མ་ཉིད་ཡིན་པར་བསྟན་པར་བྱ་བའི་ ཕྱིར་གླེང་གཞི་བཤད་པ་སྨྲས་པ་ནི་འདི་སྐད་ཅེས་བྱ་བ་ལ་སོགས་པ་ལ། འདི་སྐད་ཅེས་བྱ་བ་ནི་རྒྱུད་ཀྱི་དོན་ཐམས་ཅད་སྟོན་པའི་ཚིག་གི་ཕྲད་དོ། །བདག་གིས་ཞེས་བྱ་བ་ནི་མངོན་སུམ་དུ་ཐོས་ཀྱིས་རྟོགས་པ་མ་ཡིན་པའོ། །དུས་གཅིག་ན་ཞེས་བྱ་བ་ནི་གཞན་དུ་གཞན་དག་ཐོས་པ་སྟེ་བདག་ ཉིད་ཐོས་པ་མང་པོར་སྟོན་ཏོ། །བཅོམ་ལྡན་འདས་ཞེས་བྱ་བ་འདིས་ནི་མི་ཤེས་པ་སྤང་བ་ཕུན་སུམ་ཚོགས་པའོ། །ཁང་པ་བརྩེགས་པའི་ཞེས་བྱ་བ་ལ་སོགས་པས་ནི་མེ་ལོང་ལྟ་བུ་དང་མཉམ་པ་ཉིད་དང་སོ་སོར་ཀུན་དུ་རྟོག་པ་དང་བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱི་སྒོ་ནས་གནས་ཕུན་སུམ་ཚོགས་ པ་སྟེ། འདི་དག་གིས་བདག་གི་ཕུན་སུམ་ཚོགས་པ་བསྟན་ནས་གཞན་གྱི་ཕུན་སུམ་ཚོགས་པ་ཉེ་བར་བསྟན་པར་བྱ་བའི་ཕྱིར། རྡོ་རྗེའི་འཁོར་ལོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་རྡོ་རྗེ་འཁོར་ལོས་རབ་ཏུ་སྤྲས་པའི་ཆ་བྱད་སྣ་ཚོགས་འཆང་བའི་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ དང་ལྡན་པ་རྣམས་ཀྱི་ཆ་ལུགས་བསྒྱུར་བ་རྣམ་པ་སྣ་ཚོགས་ཀྱིས་སྤྲས་པའི་རྣམ་པར་སྣང་མཛད་ཀྱི་སྤྲུལ་པས་ཞེས་བྱ་བའི་བར་དུའོ། །རྣམ་པར་སྣང་མཛད་ཀྱི་ཞེས་བྱ་བ་ལ་སོགས་པས་ནི་གཞན་གྱི་དོན་མཛད་པའི་ཐབས་ཕུན་སུམ་ཚོགས་པ་སྟེ་རྣམ་པར་སྣང་མཛད་ཉིད་སྙིང་པོ་ཡིན་ལ། 61-1-288a དེ་ལས་བྱུང་བས་ན་རྣམ་པར་སྣང་མཛད་ཀྱི་སྙིང་པོ་ལས་བྱུང་བའོ། །སྣ་ཚོགས་ནི་དོན་ཡོད་གྲུབ་པའི་དབང་ཕྱུག་གོ། །རྡོ་རྗེ་ནི་མི་བསྐྱོད་པའོ། །རིན་པོ་ཆེ་ནི་རིན་ཆེན་འབྱུང་ལྡན་ནོ། །ཐབས་དང་ཤེས་རབ་དག་གིས་རྣམ་པར་རོལ་པ་བསྟན་པར་བྱ་བའི་ཕྱིར་སྤྱོད་པ་ཞེས་བྱ་བ་ལ་ སོགས་པ་གསུངས་ཏེ། སྤྱོད་པ་ནི་ལ་ལ་དག་གིས་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་འདོད་དོ། །སྤྱད་པ་སྤྱོད་པས་རྣམ་པར་སྣང་མཛད་ལ་སོགས་པའི་ལྷ་མོ་བཞིའི་པདྨའི་གོ་སྐབས་ནས་སམ། སྟོང་པ་ཉིད་ལ་སོགས་པའི་རྣམ་པར་ཐར་པའི་སྒོ་བཞིའི་ངོ་བོའི་རྡོ་རྗེའི་གོ་སྐབས་ནས་བྱུང་ བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚོགས་ལ་སོགས་པའི་འཁོར་དཔག་ཏུ་མེད་པ་རྣམས་ཀྱིས་ཡོངས་སུ་བསྐོར་བའོ། །མདུན་གྱིས་བལྟས་པ་ཞེས་བྱ་བ་ནི་གཙོ་བོར་བྱས་པའོ། །ཐུགས་རྗེ་ཆེན་པོ་སྔོན་དུ་འགྲོ་བའི་སེམས་ཅན་ཐམས་ཅད་བསྒྲལ་བ་ལ་མངོན་པར་ བརྩོན་པར་མཛད་པ་ནི་བཤད་མ་ཐག་པ་ཉིད་ཀྱི་རྒྱུད་བསྟན་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་རྒྱུད་ཀྱི་དོན་ཉེ་བར་སྟོན་ཏེ་སྒྱུ་འཕྲུལ་གྱི་དྲ་བ་ནི་དམ་ཚིག་གི་དཀྱིལ་འཁོར་ལ་སོགས་པ་སྟེ་ཀུན་རྫོབ་ཡིན་པའི་ཕྱིར་རོ། །ཡེ་ཤེས་ཆེན་པོས་རྣམ་པར་བསྒྱིངས་པ་ནི་བྱང་ཆུབ་ཀྱི་སེམས་ ལས་བྱུང་བའི་ཕྱིར་རོ། །སྒྲུབ་པ་ཞེས་བྱ་བ་ནི་རྒྱུའོ། །རོལ་པས་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་དག་གི་རྣམ་པར་འཕྲུལ་པས་རོལ་ཅིང་རྩེ་བའོ། །སྟང་སྟབས་ཀྱིས་ཞེས་བྱ་བ་ནི་གཡས་བརྐྱང་བ་ལ་སོགས་པའི་སྟང་སྟབས་རྣམས་ཀྱིས་མི་མཐུན་པའི་ཕྱོགས་ཐམས་ཅད་རྣམ་པར་ འཇིག་པ་ཡིན་པས་ན་སྟང་སྟབས་ཀྱིས་རྣམ་པར་རྒྱལ་བའོ། །ཐབས་དང་ཤེས་རབ་ལས་བྱུང་བ་ནི་བྱང་ཆུབ་སེམས་ཀྱི་བདག་ཉིད་ཅན་བདེ་བ་ཆེན་པོའོ། །དེ་ལས་རྡོ་རྗེ་ནི་དམ་ཚིག་ལ་སོགས་པ་སྟེ། དེ་ནི་གདུལ་བྱའི་སྐྱེ་བོ་རྣམས་སྒྲོལ་བར་བྱེད་པས་ནི་སྒྲོལ་བའོ། །དེ་ལྟ་བུའི་རོལ་པས་བཞད་པ་ སྟོན་པའི་རྣམ་པར་འཕྲུལ་པ་ཏིང་ངེ་འཛིན་གང་དུ་སྟོན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཡེ་ཤེས་རྒྱ་མཚོ་ཆེ་ནི་འོད་དཔག་མེད་པའོ། །ཡིད་བཞིན་ནོར་བུ་རིན་ཆེན་སྦྱིན་ནི་དོན་ཡོད་པར་གྲུབ་པ་སྟེ་དེ་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲ་བར་བླ་ན་མེད་པའི་མཆོད་པའི་དོན་རྫོགས་པར་བྱེད་པས་སོ། ། 61-1-288b རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བའི་ལེའུ་དང་པོའི་བཤད་པའོ།། །།རྣམ་པར་སྣང་མཛད་འབྱུང་བ་ཞེས་བྱ་བའི་དཀྱིལ་འཁོར་གྱི་རྒྱལ་པོ་ཆེན་པོ་བསྟན་པར་བྱ་བའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྱུ་འཕྲུལ་ཆེན་པོའི་ཡེ་ཤེས་ནི་སྤྱན་ལ་སོགས་པའི་ལྷ་མོ་ བསྐྱེད་པའི་བྱང་ཆུབ་ཀྱི་སེམས་ཏེ་དེ་རྣམ་པར་བསྒྱིངས་པའོ། །གསང་བ་ནི་དཀྱིལ་འཁོར་ཆེན་པོའོ། །དེ་ཉིད་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་གནས་སུ་གྱུར་པས་ན་བྱིན་གྱི་རླབས་ཀྱི་མཆོག་གོ། །མི་ཕྱེད་པས་ན་རྡོ་རྗེའོ། །དེ་སྟོན་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལའང་དེ་སྐད་ཅེས་བྱ་སྟེ་དེ་ལ་ སྙོམས་པར་ཞུགས་པའོ། །ཡེ་ཤེས་ཆེན་པོ་ནི་བྱང་ཆུབ་ཀྱི་སེམས་ཏེ་དེ་ཉིད་འབར་བའོ། །འདི་ཉིད་ཀྱི་སྙིང་པོ་ཅན་གང་ཡིན་པ་ནི་རྡོ་རྗེའི་སྟེ་དཀྱིལ་འཁོར་པ་རྣམས་ཀྱིའོ། །དེ་ཉིད་ནི་སྙིང་པོ་སྟེ་དེ་རྣམས་ཀྱི་འབྱུང་གནས་སོ། །གྲངས་སུ་འགྲོ་བར་འགྱུར་བ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཞིང་ཆེ་གེ་མོ་ ཞེས་བྱ་བར་དེ་བཞིན་གཤེགས་པ་འདི་ཞེས་བྱ་བར་འགྱུར་རོ་ཞེས་གྲངས་སུ་འགྲོ་བར་མཁྱེན་པར་འགྱུར་རོ་ཞེས་བྱ་བའི་བར་དུའོ། །དང་པོ་ཁོ་ནར་ས་ཡོངས་སུ་གཟུང་བར་བྱའོ་ཞེས་བྱ་བ་ནི་འདི་སྐད་སྟོན་པར་འགྱུར་ཏེ། དང་པོར་ཇི་སྐད་བསྟན་པའི་མཚན་ཉིད་དང་ལྡན་པའི་སློབ་དཔོན་གྱིས་ མངོན་པར་འདུས་བྱས་པའི་ས་གཞིར། རྣམ་པར་སྣང་མཛད་ཇི་ལྟ་བ་བཞིན་དུ་གྱུར་ནས་གདན་བཞིར་རང་གི་ལྷའི་གཟུགས་སྤྲོ་བ་ལ་སོགས་པས་བསྒོམས་ལ་སྤྲུལ་པའི་སྤྲིན་ཕྱུང་སྟེ། དེ་དག་ཉིད་ཀྱིས་ཕྱོགས་བཅུ་ན་བཞུགས་པའི་དེ་བཞིན་གཤེགས་པ་འཁོར་དང་བཅས་པ་རྣམས་ལ་ཁྱེད་རྣམས་ ཀྱིས་འདིར་བྱིན་གྱིས་བརླབ་པ་ལ་བརྩོན་པར་མཛོད་ཅིག་ཅེས་གསོལ་བར་བསམ་ཞིང་སློབ་དཔོན་དང་སློབ་མ་དེ་སྲུང་བར་མཛོད་ཅིག་ཅེས་བསྐུལ་ལ། དེ་ནས་དེ་དག་ཡང་དག་པར་བསྡུས་ཏེ། ནང་དུ་བསྒོམས་ནས་རང་གི་སྙིང་གའི་ཟླ་བའི་རྡོ་རྗེའི་ལྟེ་བའི་ཡི་གེ་ཧཱུྃ་གི་ནང་དུ་གནས་པར་བྱས་ལ། དེ་ལས་བྱུང་བའི་རྡོ་རྗེ་འཛིན་པའི་སྐུ་རང་གི་རིག་པ་དང་ལྡན་པ་དང་། བཅོམ་ལྡན་འདས་རྣམ་པར་སྣང་མཛད་གཅིག་ཏུ་གྱུར་པར་བྱས་ནས། ཡི་གེ་གསུམ་ལ་སོགས་པས་བྱིན་གྱིས་བརླབ་པ་སྔོན་དུ་འགྲོ་བས་ལག་པ་གཡས་པས་རྡོ་རྗེ་གསོར་ལ་གཡོན་དཀུར་བརྟེན་པས་རྡོ་རྗེ་དྲིལ་བུ་གསིལ་ 61-1-289a ཞིང་། རྐང་པའི་འོག་ཏུ་ཧཱུྃ་བཀོད་པ་ལས་རྡོ་རྗེ་འབར་བ་ཕྱུང་སྟེ། རྒྱན་གྱིས་བརྒྱན་པ་དང་བཅས་པའི་ཁྲོ་བོའི་ང་རྒྱལ་དང་ལྡན་པས་ཡི་གེ་ཧཱུྃ་བརྗོད་པ་སྔོན་དུ་འགྲོ་བ་དང་། སློབ་དཔོན་མིང་འདི་ཞེས་བྱ་བ་ལ་སོགས་བརྗོད་ནས། རང་གི་རྡོ་རྗེ་ལས་ཁྲོ་བོའི་ལུས་ཕྱུང་སྟེ། མྱུར་བ་ཉིད་དུ་རྡོ་རྗེའི་འགྲོས་ཀྱིས་དཀྱིལ་འཁོར་གྱི་ས་ཀུན་དུ་བསྐོར་ནས་གདུག་པ་ཅན་ཐམས་ཅད་བསྐྲད་པར་བྱ་སྟེ། དེ་ལྟ་བུས་ནི་ས་གཞི་ཡོངས་སུ་གཟུང་བ་བྱས་པར་གྱུར་པ་ཡིན་ནོ། །ཉི་མ་གཉིས་པ་ལ་དཀྱིལ་འཁོར་བྲི་བ་འབྱུང་བར་འགྱུར་བས་གཡས་བརྐྱང་བ་ལ་སོགས་པའི་ སྟང་སྟབས་ལ་རྣམ་པར་གནས་པས། ཇི་ལྟ་བཞིན་དུ་མངོན་པར་འདུས་བྱས་པའི་དཀྱིལ་འཁོར་གྱི་ས་གཞི་རྡོ་རྗེའི་རང་བཞིན་བྱིན་གྱིས་བརླབ་བོ། །གཡས་བརྐྱང་བ་ནི་གཡོན་པའི་བྱིན་པ་བསྐུམ་ལ་གཡས་པ་རྒྱར་མཐོ་ལྔར་བརྐྱང་བ་ནི་གཡས་བརྐྱང་བའོ། །གཡོན་བརྐྱང་བ་ནི་གཡོན་ དེ་བཞིན་དུ་བརྐྱང་བ་སྟེ། འདི་གཉིས་ལ་ནི་རང་གི་མིང་སྨོས་པ་སྔོན་དུ་འགྲོ་བས་ཧཱུྃ་ཞེས་བྱ་བའི་སྒྲ་འོད་ཟེར་འབར་བའི་ཕྲེང་བས་ཀུན་ནས་འཁྲིགས་པ་རྣམས་ཀྱིས་དཀྱིལ་འཁོར་གྱི་ས་གཞིའི་གཏན་པ་ལ་ཐུག་གི་བར་དུ་ཁྱབ་པར་བསམས་ལ། རྡོ་རྗེ་གསོར་ཞིང་ཁྲོ་བོའི་ལྟ་བ་དང་ལྡན་པས་ ཀུན་དུ་བསྐོར་བར་བྱའོ། །ལྷག་མ་རྣམས་ལ་ནི་ཅི་རིགས་པར་སྦྱར་བར་བྱའོ། །ས་གའི་འདུག་སྟངས་ནི་རྐང་པའི་ཕྱི་རོལ་གྱི་སོར་མོའི་བར་རྒྱར་སོར་ཉི་ཤུ་རྩ་དྲུག་གིས་ཆོད་པར་བྱས་ལ། པུས་མོ་གཉིས་བརྐྱང་བའོ། །ཟླུམ་པོའི་འདུག་སྟངས་ཀྱང་དེ་ཉིད་ལས་ལག་པ་གཉིས་རྒྱར་ དད་པའི་གཤོག་པ་ལྟར་བྱས་པའོ། །མཐུན་པའི་རྐང་སྟབས་ནི་རྐང་པ་གཉིས་ཕན་ཚུན་དུ་མཐེ་བོ་དང་ལོང་མོ་བཅེར་བའོ། །རུས་སྦལ་གྱི་རྐང་སྟབས་ནི་རྐང་པ་གཡས་པས་རྐང་པ་གཡོན་པ་མནན་པའོ། །རྡོ་རྗེ་འདེགས་པ་ནི་རྡོ་རྗེ་སྙིང་གར་འདེགས་པའོ། །རྡོ་རྗེ་འཇོ་ཚུལ་ནི་རྡོ་རྗེ་ཉིད་སྒེག་ པ་དང་བཅས་པས་ཡོངས་སུ་བསྐོར་བའོ། །རྐང་པ་ཡ་གཅིག་གི་སྟང་སྟབས་ནི་རྐང་པ་གཅིག་བཏེག་ལ་རྐང་པ་ཡ་གཅིག་གིས་འགྲོ་བའོ། །བུང་བའི་འཕུར་སྟངས་ནི་ལུས་ཀུན་དུ་བསྐོར་བའོ། །སེང་གེའི་ལྟ་ཐབས་ནི་གཡས་བརྐྱང་བས་རང་གི་ཁ་གདངས་ལ། ལག་པ་གཡོན་ 61-1-289b པའི་མཁྲིག་མའི་སྟེང་དུ་ལག་པ་གཡས་པ་བརྐྱང་བའི་མཁྲིག་མ་སྦྱར་བའོ། །སེང་གེའི་གླལ་བ་ནི་འདི་ཉིད་ལས་རྒྱབ་ཏུ་ལྟ་བར་བྱེད་པའོ། །རྡོ་རྗེ་དྲལ་བ་ནི་སྙིང་གར་རྡོ་རྗེ་བཅིང་བ་བྱེད་པའོ། །རྡོ་རྗེ་གསོར་བ་ནི་ལག་པ་གཉིས་ཀྱིས་རྡོ་རྗེ་བསྐོར་ནས་འོག་ཏུ་རྡོ་རྗེ་ཡོངས་སུ་བསྐོར་བ་ལས་བརྗིད་བག་དང་ བཅས་པས་བསྐྱོད་པའོ། །རྡོ་རྗེའི་སྟང་སྟབས་ནི་རྡོ་རྗེ་བསྣུན་པའི་ཚུལ་ལོ། །རྡོ་རྗེ་གར་ནི་རྡོ་རྗེ་དང་གར་བྱས་པས་ལག་པ་གཡོན་པ་བརྐྱང་ལ། དེའི་རྩ་བར་གཡས་པ་བ་དན་གསུམ་པར་བྱས་པས་འདི་འཛིན་པའོ། །རྡོ་རྗེ་འཇིགས་སུ་རུང་བ་ནི་ཁའི་སྟེང་ནས་འོག་ཏུ་ལག་པ་བརྐྱང་ནས་དེ་ཉིད་འཇིགས་ བྱེད་ཀྱི་ཚུལ་དུ་བྱས་པའོ། །རྡོ་རྗེ་རོ་ལངས་མ་ནི་ལག་པ་གཉིས་ཀྱིས་རོ་བླངས་ལ་ཟ་བ་ལྟར་བྱེད་ཅིང་འགྲོ་བའོ། །རྡོ་རྗེ་ཐོ་བ་ནི་རྡོ་རྗེ་ཁུ་ཚུར་གྱིས་ཐོ་བ་བརྡེག་པའི་ཚུལ་དུ་བྱེད་པའོ། །སྒོ་བཞི་བྱིན་གྱིས་བརླབ་པ་ནི་ཤར་ལ་སོགས་པའི་ཕྱོགས་སུ་ས་གནོན་པའི་ཕྱག་རྒྱ་དང་ལྡན་པས་སྟོང་པ་ ཉིད་ལ་སོགས་པ་རྣམ་པར་ཐར་པའི་སྒོ་བཞི་བསྒོམ་པའོ། །རྡོ་རྗེའི་གདུ་བུ་ནི་སྐོར་ཕྱོགས་སུ་སོང་སྟེ་རིམ་གྱིས་ས་གཞིར་རྐང་པ་གཉིས་འཇོག་པའོ། །བུད་མེད་ཀྱི་སྒྱུ་འཕྲུལ་གྱི་སྟང་སྟབས་ནི། རྡོ་རྗེ་གར་སྔོན་དུ་འགྲོ་བས་ལག་པ་གཉིས་ཀ་དཀུར་བརྟེན་ལ་མགོ་གཡོན་དུ་འདུད་པར་ བྱས་པའོ། །རྡོ་རྗེ་སྟོབས་པོ་ཆེའི་འདེགས་པ་ནི། སྙིང་གར་ལག་པ་གཡོན་པས་རྡོ་རྗེ་རྩེ་གསུམ་པར་བྱས་ལ་གཡས་པའི་རྡོ་རྗེ་ཁུ་ཚུར་དབྱུག་པ་ལྟར་འདེགས་པས་འཇོག་པའོ། །རྡོ་རྗེ་མཆེ་བ་ནི་རྡོ་རྗེ་ཁུ་ཚུར་གྱི་མཐེའུ་དག་བཟློག་ལ་ཁའི་གྲྭ་མཆེ་བ་ལྟར་བྱས་ནས་ལྕེ་བསྐྱོད་ཅིང་ཁྲོ་ བའི་ལྟ་བས་བལྟ་བའོ། །རྡོ་རྗེའི་གད་མོ་ནི་ཧ་ཧ་ཞེས་བྱ་བའི་སྒྲ་ཡང་དང་ཡང་དུ་བྱེད་པའོ། །རྡོ་རྗེའི་སྒྲ་ནི་རྡོ་རྗེའི་དྲིལ་བུ་འཁྲོལ་བའོ། །རལ་གྲིའི་སྟབས་ནི་གཡོན་པའི་ཁུ་ཚུར་གྱི་ཤུགས་ལས་དྲངས་ནས་གཡས་པའི་ཁུ་ཚུར་རལ་གྲིའི་ཚུལ་དུ་གཞག་པའོ། །རྡོ་རྗེའི་སྟབས་ནི་གཡས་ པས་རྡོ་རྗེ་རྩེ་གསུམ་པ་འདེགས་པའོ། །འཁོར་ལོའི་སྟབས་ནི་སྙིང་གར་རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཐེའུ་ཆུང་དང་མཛུབ་མོ་རྡོ་རྗེ་འདུད་པ་བྱས་ལ་འཁོར་ལོ་ལྟར་གཏོང་བའོ། །གཏུན་ཤིང་གི་སྟབས་ནི་རྡོ་རྗེ་བཅིངས་པས་གཏུན་ཤིང་འཛིན་པའི་ཚུལ་ལོ། །བ་དན་གྱི་སྟབས་ནི་ལག་ 61-1-290a པ་གཡས་པའི་མཐེ་བོས་སྲིན་ལག་གི་སེན་མོ་མནན་ལ། སོར་མོ་ལྷག་མ་རྣམས་བརྐྱང་ནས་གཡས་པའི་དཔུང་པའི་ཐད་ཀར་གཞག་པའོ། །ཞགས་པའི་སྟབས་ནི་འདོད་པའི་རྒྱལ་པོའི་ཕྱག་རྒྱ་ཉིད་དོ། །པདྨའི་ཚུལ་ནི་ཐལ་མོ་སྦྱར་བ་པདྨ་ལྟར་ཕྱེ་བའོ། །བེ་ཅོན་གྱི་ ཚུལ་ནི་གཡས་པའི་ཁུ་ཚུར་གྱི་མཐེ་བོ་ནང་ནས་བཏོན་ཏེ་བསྒྲེང་བའོ། །མི་འཇིགས་པའི་ཚུལ་ནི་ལག་པ་གཡས་པ་མི་འཇིགས་པའི་ཚུལ་དུ་བྱེད་པའོ། །ལྕགས་ཀྱུའི་སྟབས་ནི་ལག་པ་གཡས་པའི་མཛུབ་མོ་འགུགས་པའི་ཚུལ་དུ་བྱེད་པའོ། །གཤོལ་གྱི་ཚུལ་ནི་ལག་པ་གཡས་ པའི་སོར་མོ་བརྐྱང་ནས་ཅུང་ཟད་བསྐུམ་པའོ། །མདུང་ཐུང་གི་སྟབས་ནི་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་བསྣུན་པ་ལྟར་བྱེད་པའོ། །གཞུའི་སྟབས་ནི་ལག་པ་གཡོན་པས་གཞུ་འཛིན་པའི་ཚུལ་ལོ། །མདའ་གཟུང་བའི་སྟབས་ནི་ལག་པ་གཡས་པའི་མཛུབ་མོ་དང་གུང་མོ་གཉིས་ཀྱིས་མདའ་ བླངས་ལ་གསོར་བ་ལྟར་བྱེད་པའོ། །མདའ་གསོར་བའི་སྟབས་ནི་དེ་དག་ཉིད་ཀྱིས་མདའ་འཕེན་པའི་ཚུལ་དུ་བྱེད་པའོ། །ཐག་མདུང་བསྐོར་བའི་སྟབས་ནི་ལག་པ་གཡས་པའི་ཁུ་ཚུར་གྱིས་ཐག་མདུང་ཡོངས་སུ་བསྐོར་བའི་ཚུལ་དུ་བྱེད་པའོ། །མཆོག་སྦྱིན་པའི་སྟབས་ནི་ལག་པ་གཡས་ པ་མཆོག་སྦྱིན་པའི་ཚུལ་དུ་བཞག་པའོ། །མདུང་ཐུང་གི་སྟབས་ནི་ལག་པ་གཡས་པས་གསོར་བ་སྔོན་དུ་འགྲོ་བས་མདུང་ཐུང་འཕེན་པའི་ཚུལ་དུ་བྱེད་པའོ། །མཚོན་རྩེ་གཅིག་པའི་སྟབས་ནི་མདུང་རྩེ་གཅིག་པ་འཕེན་པའི་ཚུལ་ལོ། །ཕྱག་འཚལ་བའི་ཚུལ་ནི་ཐལ་མོ་སྦྱར་ནས་ བསྟོད་པ་བྱེད་པའི་ཚུལ་དུ་སྙིང་གར་འཇོག་པའོ། །བསམ་གཏན་གྱི་ཚུལ་ནི་ཏིང་ངེ་འཛིན་གྱི་ཕྱག་རྒྱ་དེ་ཉིད་དེ། སྟང་སྟབས་དེ་རྣམས་ཀྱིས་ཁྲོ་བོ་འབྱིན་པ་སྔོན་དུ་འགྲོ་བས་བགེགས་ཐམས་ཅད་རྣམ་པར་གཞོམ་པར་བྱའོ། །དེ་ནས་རྡོ་རྗེ་སྐྱིལ་མོ་ཀྲུང་ལ་སོགས་པ་རྣམས་ཀྱིས་ དབུས་སུ་འདུག་ལ་ཧཱུྃ་ཞེས་བརྗོད་ཅིང་སའི་ཆ་རྡོ་རྗེའི་རང་བཞིན་འབར་བ་རྣམ་པར་གྱུར་པར་བསམ་མོ། །པདྨའི་འདུག་སྟངས་ནི་གཡས་པའི་བྱིན་པས་གཡོན་པ་མནན་ལ་པུས་མོ་གཉིས་ཕབ་པའོ། །བཟང་པོའི་འདུག་སྟངས་ནི། སྟན་ལ་རྐང་པ་གཉིས་དྲང་པོར་འཇོག་པའོ། ། 61-1-290b རྩེ་བའི་འདུག་སྟངས་ནི་སེམས་དཔའི་སྐྱིལ་མོ་ཀྲུང་ལས་གཡོན་པ་བརྗིད་བག་ཏུ་བརྐྱང་བའོ། །མདུན་དུ་བསྣུར་བ་ནི་དེ་ཉིད་ལ་དེ་བཞིན་དུ་རྒྱབ་ཏུ་བལྟ་བའོ། །གསང་བའི་དཀྱིལ་འཁོར་དྲངས་ནས་ལྟེ་བ་དང་བྱང་ཤར་ལ་སོགས་པ་མཚམས་བཞིར་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་པའི་ སེང་ལྡེང་གི་ཕུར་བུ་སོར་བརྒྱད་པ་དང་རྡོ་རྗེའི་ཐོ་བས་ཀྱང་དེའི་སྔགས་བརྗོད་ཅིང་རིམ་བཞིན་གདབ་པར་བྱ་སྟེ། དེ་ནི་མཐའ་ཡས་དང་རྣམ་པར་རྒྱལ་བ་ལ་སོགས་པ་ཞེས་གྲགས་པའི་ཕུར་བུས་གནས་ལྔར་བཏབ་ནས་ཕྱོགས་བཅིང་ཞིང་ར་བ་བྱ་བ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་བྱའོ། །སྟང་སྟབས་ ལ་སོགས་པ་ལ་དང་པོར་རང་གི་མིང་ནས་སྨོས་པ་སྔོན་དུ་འགྲོ་བས་ཡི་གེ་ཧཱུྃ་ཞེས་བྱ་བའི་སྒྲ་བརྗོད་པར་བྱའོ། །འདི་ཉིད་འཁོར་ལོ་ཐམས་ཅད་ལ་སྦྱར་བར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར་སྔགས་ཀྱི་ཆོ་ག་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་སའི་ལྷ་ མོ་ཇི་ལྟ་བ་བཞིན་དུ་བྱུང་བར་བསམས་ལ་ཡིད་ཀྱིས་སྤྱན་དྲངས་ནས་མཆོད་དེ་དབུས་སུ་གནས་པ་ལ། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱིས། །ཞེས་བྱ་བ་ལ་སོགས་པས་ལན་གསུམ་དུ་བསྐུལ་ལ་གཤེགས་སུ་གསོལ་ལོ། །དེ་ནས་བདུག་སྤོས་དབུལ་བ་སྔོན་དུ་འགྲོ་བ་དང་། ཐུགས་བརྩེ་ ཕན་པའི་དགོངས་པ་ཅན། །ཞེས་བྱ་བ་ལ་སོགས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལྷག་པར་གནས་པར་བྱ་སྟེ། དྲི་ལ་སོགས་པ་རྣམས་ཀྱིས་བྱུགས་ལ་ལྷ་ཐམས་ཅད་ཀྱི་གནས་སུ་ཡི་གེ་ཧཱུྃ་དང་བཅས་པའི་མཚན་ནས་སྨོས་པ་སྔོན་དུ་འགྲོ་བས་སྤོས་ཀྱི་དཀྱིལ་ འཁོར་བྱའོ། །དེ་ནས་སྤྱོད་པས་བསྐྱོད་ནས་སྒོ་བཞིའི་གོ་སྐབས་ནས་བྱུང་བའི་ཡི་གེ་ཧཱུྃ་དང་ཨ་ལས་དཀྱིལ་འཁོར་བའི་ལྷའི་འཁོར་ལོ་ཕྱུང་ལ་གནས་ཇི་ལྟ་བ་བཞིན་དུ་གཞག་སྟེ། སྤྱན་དྲང་བ་ལ་སོགས་པ་བཤད་པའི་རིམ་གྱིས་སྐུ་བྱིན་གྱིས་བརླབ་པ་ལ་སོགས་པ་སྔོན་དུ་འགྲོ་བས་ རང་གི་ཕྱག་རྒྱ་སྔགས་དང་བཅས་པས་ཉེ་བར་བསྟན་ཏེ། དབང་བསྐུར་ལ་མཆོད་ཅིང་ཡང་དག་པར་བསྟོད་ནས་ཕྱག་བྱས་ལ་ཚིམ་པར་བྱ་བའི་ཕྱིར་སྦྱིན་སྲེག་བྱས་ནས་ཕྱོགས་ཀྱི་གཏོར་མ་སྦྱིན་ནོ། །དེ་ནས་རྩ་བའི་བུམ་པ་ལྷག་པར་གནས་པ་ཇི་ལྟ་བ་བཞིན་དུ་བྱས་ནས་སློབ་མ་ལྷག་ 61-1-291a པར་གནས་པར་བྱ་སྟེ་ཡི་གེ་ཧཱུྃ་བཟླས་པའི་སྤོས་ཆུས་སྙིང་ག་ལ་སོགས་པར་གཏོར་ཏེ། དེ་ཉིད་ཀྱིས་རྡོ་རྗེ་དང་བཅས་པའི་ལག་པ་གཡས་པས་རེག་པར་བྱས་ལ་སྙིང་གར་རྡོ་རྗེ་རྩེ་ལྔ་པ་དང་སྤྱི་བོར་སྣ་ཚོགས་རྡོ་རྗེ་བསམས་ཏེ་གསུམ་ལ་སྐྱབས་སུ་བཏང་བ་ལ་སོགས་པ་བྱེད་དུ་བཅུག་ནས་ ཡི་གེ་ཧཱུྃ་གིས་ཡོངས་སུ་བཟླས་པའི་སྲུང་སྐུད་དཔུང་པ་ལ་བཅིངས་ལ་སོ་ཤིང་ལ་སོགས་པ་བྱིན་ཏེ་དེ་རྣམས་ལ་ཆོས་བཤད་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་གནས་སུ་ཞུགས་པ་གཤེགས་སུ་གསོལ་བའི་ཕྱིར་སྔར་བཤད་པ་བཞིན་དུ་མཆོད་པ་ལ་སོགས་པ་བྱས་ལ་དཀྱིལ་འཁོར་གྱི་ལྷ་རྣམས་ ཇི་ལྟ་བ་བཞིན་དུ་རྡོ་རྗེའི་ལམ་ནས་སྙིང་གའི་རྡོ་རྗེའི་ལྟེ་བའི་ནང་དུ་གནས་པར་བྱའོ། །དེ་ནས་ཕྱི་དེ་ཉིན་རྣམ་པར་སྣང་མཛད་ཀྱི་སྦྱོར་བ་དང་ལྡན་པས་མི་བསྐྱོད་པ་ལ་སོགས་པའི་སྙིང་པོས་ཕྱུང་ལ་སྔོན་པོ་ལ་སོགས་པའི་ཚོན་སྐུད་ལྔ་དེའི་རང་བཞིན་དུ་བྱས་ཏེ་ཡི་གེ་ཧཱུྃ་འདོན་བཞིན་པས་བསྒྲིལ་ ལ་དེ་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །དེ་བཞིན་དུ་ཚོན་རྣམས་ལ་ཡང་ཅི་རིགས་པར་བྱའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། ཚོན་དང་ཐིག་ལ་སངས་རྒྱས་ལྔའི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་ཐིག་གདབ་ལ་དང་པོར་སློབ་དཔོན་ གྱིས་ཚོན་རྩི་དགྱེ་བར་བྱ་སྟེ་ཕྱི་ནས་སློབ་མས་བྱའོ། །དེ་ཡང་ཕྱིའི་དཀྱིལ་འཁོར་དུ་སྔོན་པོ་དང་དམར་པོ་དང་དཀར་པོ་དང་ལྗང་གུ་དང་སེར་པོའི་ཚོན་རྣམས་ཀྱིས་ར་བ་ལྔ་བྱའོ། །གཉིས་པར་ནི་སྔོན་པོ་དང་། དམར་པོ་དང་། དཀར་པོ་རྣམས་ཀྱིས་སོ། །འཁོར་ལོ་གསུམ་པ་ལ་ནི་ཚོན་ རྩི་དཀར་པོས་སོ། །འཁོར་ལོའི་ལྟེ་བ་ལ་ནི་སེང་གེའི་གདན་ལ་གནས་པའི་པདྨ་དང་ཟླ་བའི་གདན་ལ་བཞུགས་པའི་རྣམ་པར་སྣང་མཛད་དགོད་པར་བྱའོ། །ཤར་ལ་སོགས་པའི་རེའུའི་ཆ་རྣམས་ལ་ནི་མི་བསྐྱོད་པ་ལ་སོགས་པའོ། །འཁོར་ལོའི་བྱང་ཤར་ལ་སོགས་པར་ནི་སྤྱན་ལ་ སོགས་པའོ། །རིམ་པ་གཉིས་པའི་ཤར་ཕྱོགས་ལ་སོགས་པར་ནི་རྡོ་རྗེ་སེམས་མ་ལ་སོགས་པའོ། །མཚམས་རྣམས་སུ་ནི་སྐུལ་བྱེད་མ་ལ་སོགས་པའོ། །རིམ་པ་གསུམ་པའི་ཤར་ལ་སོགས་པའི་སྣམ་བུ་ལ་ནི་བྱམས་པ་ལ་སོགས་པའོ། །ཤར་ལ་སོགས་པའི་སྒོ་རྣམས་ 61-1-291b སུ་གཤིན་རྗེ་གཤེད་ལ་སོགས་པའོ། །མཚམས་རྣམས་སུ་མི་གཡོ་བ་ལ་སོགས་པའོ། །དབང་བསྐུར་བའི་དཀྱིལ་འཁོར་ནི་གོ་སླའོ། །དེ་ལྟར་དཀྱིལ་འཁོར་མངོན་པར་བྲིས་ནས་ཇི་ལྟ་བ་བཞིན་དུ་མངོན་པར་འདུས་བྱས་པའི་བུམ་པ་ལ་བཟླས་བརྗོད་བརྒྱ་རྩ་བརྒྱད་བྱས་ཏེ། རྩ་ བའི་བུམ་པ་ལ་རྣམ་པར་སྣང་མཛད་ཀྱི་སྔགས་སྟོང་རྩ་བརྒྱད་བཟླས་ཤིང་ཡི་གེ་ཧཱུྃ་བརྒྱ་རྩ་བརྒྱད་བཟླ་བ་དང་ལྷག་མ་རྣམས་ཀྱི་བུམ་པ་བཞི་ལ་ནི་སྤྱན་ལ་སོགས་པ་བཞིའི་སྔགས་བཟླ་བ་དང་། ལྷ་ཐམས་ཅད་ཀྱི་ལ་ནི་རིགས་ཀྱི་དབྱེ་བས་སོ། །ལས་ཐམས་ཅད་པ་བཟླས་པ་སྒོར་གཞག་པ་ ནི་བསང་གཏོར་གྱི་བུམ་པ་བྱའོ། །དེ་ནས་ལུས་ཁྲུས་བྱས་ཤིང་གོས་ལ་སོགས་པའི་རྒྱན་གྱིས་བརྒྱན་ལ་བདག་པོའི་སྦྱོར་བ་དང་ལྡན་པའི་རྣལ་འབྱོར་དམ་པས་ལྷའི་འཁོར་ལོ་ཐམས་ཅད་དང་བདག་ཉིད་ནང་དུ་བསྒོམས་ལ། དེའི་ང་རྒྱལ་དང་ལྡན་པས་མཆོད་ཡོན་དང་མཆོད་པ་ལ་ཡོངས་ སུ་བཟླས་ཏེ། སྒོ་ཕྱེ་ནས་གནས་ཇི་ལྟ་བ་བཞིན་དུ་བུམ་པ་ལེགས་པར་བཞག་ལ། དཀྱིལ་འཁོར་གྱི་ལྷ་རྣམས་སྔ་མ་བཞིན་དུ་ཕྱུང་སྟེ་རང་གནས་སུ་གནས་པར་བྱས་ལ། འཁོར་ལོའི་ལྷ་རྣམས་རྡོ་རྗེ་ཁྲོ་བོའི་ལྕགས་ཀྱུའི་ཕྱག་རྒྱ་དང་། ཨོཾ་བཛྲ་ཨཾ་ཀུ་ཤ་ཨཱ་ཀཪྵ་ཡ་ཧཱུྃ་ཛཿཞེས་ བརྗོད་ལ་སྤྱན་དྲང་ངོ་། །རྡོ་རྗེ་སེམས་མ་ལ་སོགས་པ་བཞི་དང་སྤྱན་ལ་སོགས་པའི་རིགས་ཀྱི་ཡུམ་རྣམས་དང་། སྐུལ་བྱེད་མ་ལ་སོགས་པ་ཕོ་ཉ་རྣམས་ནི་ལྕགས་ཀྱུའི་ཕྱག་རྒྱས་སོ། །འཕགས་པ་མི་གཡོ་བ་ལ་སོགས་པ་བྲན་རྣམས་ནི་ཞགས་པའི་ཕྱག་རྒྱས་སོ། །གཤིན་རྗེ་གཤེད་ ལ་སོགས་པ་ཁྲོ་བོ་རྣམས་ནི་ཞལ་གྱི་ཕྱག་རྒྱས་སོ། །ཧཱུྃ་བཾ་ཨཱཿཞེས་བརྗོད་པ་སྔོན་དུ་འགྲོ་བས་ནི་ཐམས་ཅད་གཞུག་པ་དང་བཅིང་བ་དང་། དབང་དུ་བྱའོ། །དེ་ནས་ལངས་ནས་ཕུར་བུ་དང་ར་བ་ལ་སོགས་པས་གནས་སྲུང་བ་བྱས་ལ་པདྨའི་གདན་དང་། མཆོད་ཡོན་དང་ཞབས་བསིལ་ དག་ཕུལ་ལ་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པའི་ཕྱག་རྒྱ་རྣམས་ཀྱིས་བྱིན་གྱིས་བརླབས་ཏེ་རང་གི་ཕྱག་རྒྱ་བསྟན་ནས། རང་གི་དབང་བསྐུར་བས་དབང་བསྐུར་ལ་ཏིང་ངེ་འཛིན་ལ་གནས་པར་བསམས་ནས་སྒེག་མོ་ལ་སོགས་པ་མཆོད་པ་ཐམས་ཅད་དང་སིལ་སྙན་དང་། གླིང་བུ་ 61-1-292a ལ་སོགས་པ་ཡིད་དགའ་བར་བྱེད་པའི་རང་བཞིན་གྱི་མཆོད་པའི་ཁྱད་པར་ཐམས་ཅད་ཀྱིས་ཡང་དག་པར་མཆོད་ནས་ཐལ་མོ་སྦྱར་ཏེ་རོལ་མོའི་ཁྱད་པར་གཞན་རྣམས་ཀྱིས་ཀྱང་མཆོད་པ་དང་། ལན་གསུམ་གྱི་བར་དུ་རྡོ་རྗེའི་གླུ་བླངས་པས་ཡང་དག་པར་བསྟོད་ནས་ ཕྱག་བྱས་ཏེ། ལྷ་རྣམས་ཚིམ་པར་བྱ་བའི་ཕྱིར་བཤད་པའི་སྦྱིན་སྲེག་ཕུལ་ལ་བཟོད་པར་གསོལ་ཏེ། དེའི་འོག་ཏུ་དངོས་གྲུབ་ཀྱི་ཕྱིར་གསོལ་བ་བཏབ་ནས་བདག་ཉིད་འཇུག་པ་ལ་སོགས་པ་རྫོགས་པར་བྱའོ། །དེའི་འོག་ཏུ་སློབ་མ་ཁྲུས་བྱས་ཤིང་རྒྱན་གྱིས་བརྒྱན་ལ་ཛི་ན་ཛིཀ་ཅེས་བྱ་བ་ ལ་སོགས་པའི་སྙིང་པོ་དང་། སྐུ་ལ་སོགས་པ་བྱིན་གྱིས་བརླབ་པའི་ཕྱག་རྒྱ་རྣམས་ཀྱིས་བྱིན་གྱིས་བརླབས་ཏེ་མཛུབ་མོ་དཀྲི་བའི་ཐལ་མོ་སྦྱར་བ་དང་། བཛྲ་ཀ་ལཱ་ཙ་ཧཱུཾ་ཞེས་བྱ་བ་བརྗོད་ཅིང་གནས་ལྔར་གོ་ཆ་དང་བཅས་པར་བྱས་ནས་གདོང་གོས་ཀྱིས་གཡོགས་ཏེ་རྡོ་རྗེ་སེམས་ མའི་ཕྱག་རྒྱས་མེ་ཏོག་འཛིན་པས་ཧཱུྃ་ཞེས་བྱ་བ་ཉིད་ཀྱིས་གཞུག་ཅིང་ཐུན་མོང་གི་ཆོ་ག་ཐམས་ཅད་བྱས་ནས། སློབ་མ་དེའི་ཐུགས་ཀར་རྡོ་རྗེ་སེམས་དཔས་བྱིན་གྱིས་བརླབས་པའི་རྣམ་པར་སྣང་མཛད་དུ་བྱིན་གྱིས་བརླབས་ལ། དྲི་དང་མེ་ཏོག་ལ་སོགས་པས་བརྒྱན་ནས་ལྷ་ ཐམས་ཅད་ཀྱི་བུམ་པ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་དབང་བསྐུར་ལ་རྣམ་པར་རྒྱལ་བའི་བུམ་པས་དབང་བསྐུར་རོ། །འདི་དག་ཀྱང་ག་ལས་ཤེ་ན། དང་པོར་གྱི་སྒྲ་ནི་གཙོ་བོར་བསྟན་པ་ཡིན་པའི་ཕྱིར་ཏེ་དེ་བཞིན་གཤེགས་པ་རྣམས་ལྷའི་བདུད་རྩིས་གང་བའི་བུམ་པ་ཕྱག་ན་བསྣམས་ པ་ཕྱུང་ནས་དེ་རྣམས་ཀྱིས་དབང་བསྐུར་བར་གྱུར་པར་བསམ་མོ། །དེ་ནས་ཡང་གོས་ལ་སོགས་པས་བརྒྱན་ནས་རྡོ་རྗེ་སེམས་མ་ལ་སོགས་པའི་དབང་བསྐུར་ཏེ། སངས་རྒྱས་རྣམས་རིན་པོ་ཆེའི་དབུ་རྒྱན་གྱི་གཟུགས་སུ་གྱུར་པར་བསམས་ནས། དར་དཔྱངས་དང་། ཕྲེང་བ་དང་། རྡོ་རྗེ་དང་། བདག་པོ་དང་། རྡོ་རྗེ་མིང་གི་དབང་བསྐུར་བས་དབང་བསྐུར་ལ་གསེར་ལ་སོགས་པའི་ཐུར་མ་དང་། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་མི་ཤེས་པའི་རབ་རིབ་བསལ་ལ་མེ་ལོང་བླངས་ཏེ། རྡོ་རྗེ་སེམས་དཔའི་རང་ 61-1-292b བཞིན་ཏེ། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་རྣམས་ཀྱིས་ཆོས་ཀྱི་མཚན་ཉིད་བསྟན་པར་བྱའོ། །ཡི་གེ་ཨ་དང་གླེགས་བམ་སྦྱིན་ཞིང་ཨ་དང་དྲིལ་བུ་སྦྱིན་ལ་རྗེས་སུ་གནང་བ་སྦྱིན་པར་བྱ་བའི་ཕྱིར་འཁོར་ལོ་རྐང་པ་གཉིས་ཀྱི་བར་དུ་བཞག་ནས་ལག་པ་གཡས་པར་ དུང་བྱིན་ཏེ། དེ་རིང་ཕན་ཆད་འཇིག་རྟེན་དུ། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། །ཞེས་བྱ་བ་ལ་སོགས་པ་བརྗོད་དོ། །དེ་ནས། དེ་རིང་ཕན་ཆད་བུ་ཁྱོད་ཀྱིས། །ཞེས་བྱ་བ་ལ་སོགས་པས་དམ་ཚིག་བསྟན་ནས། བླ་མས་ཡོན་བླངས་ཏེ་ཞི་བའི་སྦྱིན་སྲེག་བྱས་ནས་ མཆོད་པ་དང་བསྟོད་པ་ལ་སོགས་པ་བྱས་ལ་ཧཱུྃ་མུཿ། ཞེས་བྱ་བ་བརྗོད་དེ་སེམས་མའི་ཕྱག་རྒྱ་སྤྱི་བོར་དཀྲོལ་ཏེ་ལྷའི་འཁོར་ལོ་གཤེགས་སུ་གསོལ་ལོ། །དེ་ནས་ཕུར་བུ་ཕྱུང་ལ་གསང་བའི་དཀྱིལ་འཁོར་དེ་བཞིན་དུ་གཤེགས་སུ་གསོལ་ནས་བྱ་བ་སྔ་མས་ཛཿཧཱུྃ་བཾ་ཧོཿཞེས་བརྗོད་ལ། ལྷག་མ་རྣམས་ རང་གི་གནས་སུ་ནང་དུ་བསྒོམ་མོ། །ཡི་གེ་ཧཱུྃ་གིས་ཚོན་རྩི་བསྡུ་བར་བྱ་སྟེ་བསྡུས་ནས་ཆུ་བོ་རྣམས་སུ་དོར་བར་བྱའོ་ལེའུ་གཉིས་པའི་བཤད་པའོ།། །།གསང་སྔགས་ཀྱི་རིམ་པར་ཕྱེ་བ་བསྟན་པར་བྱ་བའི་ཕྱིར་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟ་བ་བཞིན་དུ་ཕྱུང་ལ་སོ་སོའི་གསང་སྔགས་ཀྱི་ཡི་གེས་གནས་ཇི་ལྟ་བ་བཞིན་དུ་དཀྱིལ་འཁོར་གྱི་ལྷ་རྣམས་དགོད་པར་བྱའོ་ཞེས་གསུངས་པ་སྟེ་གསང་སྔགས་ཀྱི་ཡི་གེ་འདི་དག་གིས་དཀྱིལ་འཁོར་དགོང་པའོ། །དེ་དག་ལ་བརྟེན་ནས་ཞེས་བྱ་བ་ལ་སོགས་པས་ནི་གསང་སྔགས་ ཀྱི་ཆེ་བའི་བདག་ཉིད་སྟོན་པ་ཡིན་ནོ། །ལེའུ་གསུམ་པའི་བཤད་པའོ།། །།དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་ནི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྟན་པ་ཡིན་ཏེ། ཡེ་ཤེས་ཆེན་པོ་ཉིད་སྟོབས་ཡིན་ལ། དེའི་རྣམ་པར་འཕྲུལ་པ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་ ཏིང་ངེ་འཛིན་གྱི་མཚན་ཉིད་དོ། །དེ་ཉིད་མི་ཕྱེད་པས་ན་རྡོ་རྗེ་སྟེ་ཏིང་ངེ་འཛིན་གང་ལ་དེ་སྐད་ཅེས་བྱ་བ་དེ་ལ་སྙོམས་པར་ཞུགས་པའོ། །ཡི་གེ་ཨོཾ་ཉིད་ཡེ་ཤེས་ཏེ་ཐུགས་ཡིན་ལ་དེ་ལས་ལྟ་བ་བཞིན་དུ་སྤྲུལ་ཏོ་ཞེས་བྱ་བའི་དོན་ཏོ། །ཤེས་རབ་ཡེ་ཤེས་རབ་རྒྱས་པ། །ཞེས་བྱ་བ་ནི་ 61-1-293a ཤེས་རབ་དང་ཡེ་ཤེས་ཀྱིས་རབ་ཏུ་རྒྱས་པས་སེམས་ཅན་རྣམས་སངས་རྒྱས་ཉིད་དུ་བསྐྱེད་པའི་སངས་རྒྱས་ཀུན་མཆོག་ནི་རིན་པོ་ཆེའི་དབུ་རྒྱན་ཏེ་དེས་མཆོད་པ་ནི་བརྒྱན་པའོ། །ཞལ་གསུམ་ཞེས་བྱ་བ་ལ་དབུས་མ་ནི་གསེར་གྱི་མདོག་ཅན་ནོ། །གཡས་པ་ནི་སྔོན་ པོའོ། །གཡོན་ནི་དཀར་པོ་སྟེ་དེ་རྣམས་ཀྱིས་རྣམ་པར་མཛེས་པའོ། །བསམ་གཏན་ཕྱག་རྒྱ་ཅན་ཞེས་བྱ་བ་ནི་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པའི་པང་པར་ཕྱག་གཡོན་པ་བརྐྱང་ལ་དེའི་སྟེང་དུ་ཕྱག་གཡས་པ་བརྐྱང་ནས་འཇོག་པའོ། །བགྲང་ཕྲེང་ལྡན་ཞིང་ཞེས་བྱ་བ་ནི་གཡས་ པའི་ཕྱག་གཉིས་ན་བགྲང་ཕྲེང་དང་བཅས་པའོ། །མདའ་ཡིས་བརྒྱན་ཅེས་བྱ་བ་ནི་གཡས་ཀྱི་གསུམ་པ་མདའ་དང་བཅས་པའོ། །ནུ་མ་འཛིན་ཅེས་བྱ་བ་ནི་ཕྱག་གཡོན་པའི་གཉིས་པ་ལྷ་མོའི་ནུ་མ་འཛིན་པའོ། །རྡོ་རྗེ་གཞུ་ཐོགས་ཤིང་ཞེས་བྱ་བ་ནི་གསུམ་པ་རྡོ་རྗེ་གཞུ་བསྣམས་ ཤིང་། འོག་ཏུ་ནི་ཀུན་དུ་དྲག་པོ་དང་ཁྱབ་འཇུག་ལ་སོགས་པའི་ལྷ་རྣམས་བྲེད་ཅིང་སྐྲག་པར་བྲིའོ། །དེ་ཉིད་སྤྱོད་ཡུལ་བསྒོམ་པར་གྱིས། །ཞེས་བྱ་བ་ནི་འདི་སྐད་སྟོན་པ་ཡིན་ཏེ་རྣམ་པར་སྣང་མཛད་ཀྱི་སྒྲུབ་པ་པོས་ཡིད་ལ་རང་གི་སྔགས་བཟླས་ཤིང་སྙོམས་པར་འཇུག་པ་ལས་ བྱུང་བའི་སངས་རྒྱས་ཐམས་ཅད་ཀྱི་སྤྲིན་རང་གི་རིགས་པ་དང་སྦྱོར་བ་སྤྲོ་བ་དང་བསྡུ་བ་ལ་སོགས་པས་བསྒོམ་པར་བྱའོ། །ཨ་ཞེས་བྱ་བའི་ཚིག་གི་ལམ། །ཞེས་བྱ་བ་ནི་ཨ་ལས་བྱུང་བ་འོད་དཔག་ཏུ་མེད་པའོ། །འཇིག་རྟེན་དབང་ཕྱུག་འོད་ཆེན་བསམ། །ཞེས་བྱ་བ་ནི་འཇིག་ རྟེན་དབང་ཕྱུག་གི་སྐུར་ཡོངས་སུ་བྱུང་བའོ། །དབུ་རྒྱན་ཐམས་ཅད་མཁྱེན་པས་བརྒྱན། །ཞེས་བྱ་བ་ནི་འོད་དཔག་ཏུ་མེད་པ་དབུ་ལ་འཇོག་པའོ། །ཞལ་གསུམ་འབར་བ་ལ་ཞེས་བྱ་བ་ནི་དང་པོ་ནི་དཀར་པོ། གཡོན་པ་ནི་གསེར་མདོག་གོ། །གཡས་པ་ནི་ཨུཏྤལའི་མདོག་ཅན་ནོ། །དེ་ རྣམས་ཀྱིས་འབར་བ་ཞེས་བྱ་བའི་བར་དུའོ། །ལྷ་མོ་བཞི་དང་གདན་གཅིག་པས་ན་འདུག་སྟངས་བཞི་པ་ཅན་ནོ། །པདྨའི་འཇོ་ཚུལ་ལྡན་ཞེས་བྱ་བ་ནི་གཡོན་པ་དཀུར་བརྟེན་པས་སྡོང་བུ་འཛིན་ཅིང་གཡས་པ་ཐུགས་ཀར་འབྱེད་པའོ། །བགྲང་ཕྲེང་རྡོ་རྗེ་འཆང་ཞེས་བྱ་བ་གཡས་ 61-1-293b ཀྱི་གཉིས་ཀྱིས་བགྲང་ཕྲེང་དང་རྡོ་རྗེ་བསྣམས་པའོ། །ནུ་མ་འཛིན་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །གསུམ་པས་ནི་སྤྱི་བླུགས་བསྣམས་པའོ། །གཟུགས་རྣམས་ཐམས་ཅད་ཅེས་བྱ་བ་ནི་ལྟ་བ་ལ་སྤྱོད་པའི་སེམས་ཅན་རྣམས་གདུལ་བར་བྱ་བའི་ཕྱིར་ལྷ་ཐམས་ཅད་ཀྱི་གཟུགས་ཀྱིས་འདུལ་བའོ། ། ཟླ་བའི་གཟུགས་ཞེས་བྱ་བ་ནི་པདྨའི་གདན་ལ་བཞུགས་པའོ། །སེམས་ཀྱི་རྡོ་རྗེ་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པའོ། །མཐིང་ཤུན་བཟང་པོ་ལྟ་བུའི་མདོག །ཅེས་བྱ་བ་ནི་མཐིང་ཤུན་གྱི་མདོག་ཅན་ནོ། །མི་འཁྲུགས་བཞུགས་ཞེས་བྱ་བ་ནི་མི་བསྐྱོད་པས་བརྒྱན་པའོ། །ཞལ་གསུམ་ཞེས་ བྱ་བ་ལ་ཞལ་དབུས་མ་ནི་སྔོན་པོའོ། །གཡས་ནི་དཀར་པོའོ། །གཡོན་ནི་སེར་པོའོ། །རིན་ཆེན་འབྱུང་ལྡན་ནི་དབུས་མ་དང་གཡས་གཡོན་དག་དམར་པོ་དང་སྔོན་པོ་དང་དཀར་པོའི་ཞལ་མངའ་བས་ན་ཞལ་གསུམ་པའོ། །ཏིང་ངེ་འཛིན་གྱི་ཕྱག་རྒྱ་ནི་སྔ་མ་བཞིན་ནོ། །གཡས་ན་ནི་ རྡོ་རྗེ་བསྣམས་པ་གཡོན་པས་ནི་རིན་པོ་ཆེ་བསྣམས་པ་སྟེ་ཕྱག་བཞི་པར་བསྒོམ་པར་བྱའོ་ཞེས་བྱ་བ་ནི་ལྷག་མའོ། །དོན་ཡོད་གྲུབ་པའི་རྡོ་རྗེ་ནི་ཕྱག་བཞི་པ་སྟེ། ཏིང་ངེ་འཛིན་གྱི་ཕྱག་རྒྱ་དང་ལྡན་ཞིང་། རལ་གྲི་དང་ལྕགས་ཀྱུ་བསྣམས་པ། ཡི་གེ་ཁཾ་ལས་བྱུང་བ་སྔོ་བསངས་ ཀྱི་མདོག་ཅན་ནོ། །སྤྱན་ནི་རྣམ་པར་སྣང་མཛད་དང་འདྲ་བའི་ཞལ་གསུམ་མངའ་བ་དང་། གཡོན་པ་སྡིགས་མཛུབ་ཞགས་པ་ཅན། །ཞེས་བྱ་བ་སྟེ་ཕྱག་གཡོན་པས་ཞགས་པ་ཐོགས་པ་དང་སྡིགས་མཛུབ་མཛད་པའོ། །བྱང་ཆུབ་ཡན་ལག་སྟོབས་བརྒྱན་པའི། །ཞེས་བྱ་བ་ནི་ཆོས་ རབ་ཏུ་རྣམ་པར་འབྱེད་པ་ལ་སོགས་པ་བྱང་ཆུབ་ཀྱི་ཡན་ལག་བདུན་དང་། གནས་དང་གནས་མ་ཡིན་པ་མཁྱེན་པ་ལ་སོགས་པ་སྟོབས་བཅུས་བརྒྱན་པའོ། །མཱ་མ་ཀཱིའི་ཞལ་གསུམ་ནི་མི་བསྐྱོད་པ་དང་འདྲའོ། །དངོས་དང་དངོས་མེད་མཚན་ཉིད་ཅན། །ཞེས་བྱ་བ་ནི་དངོས་པོ་དང་ དངོས་པོ་མེད་པ་དང་བྲལ་བའོ། །འདི་འདྲ་སྒོམ་པས་བསྒོམ་པར་བྱ། །ཞེས་བྱ་བ་ནི་འདི་ལྟ་བུའི་བསམ་པས་བསྒོམ་པར་བྱའོ། །གོས་དཀར་ཅན་གྱི་ཞལ་རས་གསུམ། །ཞེས་བྱ་བ་ནི་འོད་དཔག་ཏུ་མེད་པ་དང་འདྲ་བའོ། །སྒྲོལ་མའི་ཞལ་གསུམ་ནི་དོན་ཡོད་རྡོ་རྗེ་དང་འདྲ་བའོ། །མདའ་ 61-1-294a ཡང་གསོར་ཞེས་བྱ་བ་ནི་མདས་གར་བྱེད་པའི་ཚུལ་ལོ། །རྡོ་རྗེ་སེམས་ལ་སོགས་པ་བཞི་ནི་རིམ་བཞིན་དུ་རྡོ་རྗེ་སེམས་དཔའ་དང་། རིན་ཆེན་དང་། ཆོས་དང་། ལས་ཀྱི་སེམས་དཔའ་དང་འདྲ་བར་ཉེ་བར་བསྟན་པར་བྱ་བའི་ཕྱིར་སྐྱེས་མཆོག་ཅེས་བྱ་བ་ ལ་སོགས་པ་གསུངས་ཏེ་དེ་རྣམས་ནི་ཞལ་གསུམ་པའོ། །སྐུལ་བྱེད་མའི་ནི། ཡི་གེ་དགུ་ཡི་ཐབས་དགུ་ཅན། །ལྷ་དགུ་རྣམས་ཀྱི་གནས་ཀྱང་ཡིན། །ཞེས་བྱ་བ་ནི་སྔགས་ཀྱི་སྒོ་ནས་ཡི་གེ་དགུ་ལ་སོགས་པ་གར་ཐབས་དགུ་དང་། དེ་བཞིན་གཤེགས་པ་ལ་སོགས་པ་ལྷ་ དགུའི་གནས་སུ་གྱུར་པ་ཡིན་པའི་ཕྱིར་རོ། །འབར་བའི་ཕྱག་ནི་ཉི་ཤུ་དྲུག །ཅེས་བྱ་བ་ནི་ཕྱག་འབར་བ་ཉི་ཤུ་རྩ་དྲུག་དང་ལྡན་པའོ། །རྩ་བའི་ཕྱག་རྒྱ་ནི་འོག་ནས་བཤད་པའི་མཚན་ཉིད་ཅན་ནོ། །བཅུ་གཉིས་པ་ནི་ཕུལ་དུ་བྱུང་བ་སྟེ། ངོ་མཚར་དུ་གྱུར་པའོ། །དེ་ཡང་མཛུབ་ མོ་དང་མཐེ་བོས་སྟོན་པ་ཡིན་ནོ། །ལྟུང་བ་ཞེས་བྱ་བ་དྲག་པོ་དང་ཁྱབ་འཇུག་ལ་སོགས་པའོ། །རིན་ཆེན་སྒྲོན་མའི་ཞལ་རས་གསུམ་ནི་རྣམ་པར་སྣང་མཛད་དང་འདྲ་བའོ། །ཕྱག་གཉིས་རིན་ཆེན་ཐལ་མོ་སྟེ། །ཞེས་བྱ་བ་ནི་ཐལ་མོ་སྦྱར་བ་ལ་ཡིད་བཞིན་གྱི་ནོར་བུ་ལྟ་བུའོ། ། ཁྲོ་གཉེར་ཅན་གྱི་ཞལ་རས་གསུམ་ནི་འཇིག་རྟེན་དབང་ཕྱུག་དང་འདྲ་བའོ། །རྡོ་རྗེ་ལུ་གུ་རྒྱུད་ཀྱི་ཞལ་རས་གསུམ་ནི་དོན་ཡོད་གྲུབ་པའི་རྡོ་རྗེ་དང་འདྲ་བའོ། །ཞལ་ནི་ཅུང་ཟད་བཞད་མཛད་པ། །ཞེས་བྱ་བ་ནི་ཞལ་དབུས་མ་ཅུང་ཟད་བཞད་པ་གང་ཡིན་པའོ། །བྱམས་པའི་ཞལ་གསུམ་ ནི་རྣམ་པར་སྣང་མཛད་དང་འདྲའོ། །འཇམ་དཔལ་གཞོན་ནུར་གྱུར་པའི་ཞལ་གསུམ་ཡང་རྣམ་པར་སྣང་མཛད་དང་འདྲ་བའོ། །བསྐལ་པ་བཟང་པོ་པ་ལྷག་མ་རྣམས་ཀྱང་འདི་དག་གི་རྗེས་སུ་འབྲེངས་ནས་བསྒོམ་པར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར་སྤོས་ཀྱི་གླང་པོ་ཞེས་བྱ་བ་ལ་ སོགས་པ་གསུངས་སོ། །ཁྲོ་བོ་གཤིན་རྗེའི་གཤེད་ཀྱི་གདན་ནི་འོག་ཏུ་པདྨའི་ཞེས་བྱ་བ་སྟེ། མ་ཧེའི་འོག་ཏུ་པདྨའི་གདན་བྱས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་བའོ། །སྐུ་གསུམ་ལ་ནི་རྣམ་པར་བཞུགས། །ཞེས་བྱ་བ་ནི་སྐུ་ལ་སོགས་པ་གསུམ་དང་ལྡན་པའོ། །འཇམ་པའི་དཔལ་ 61-1-294b གྱིས་ལེགས་པར་བརྒྱན། །ཞེས་བྱ་བ་ནི་འཇམ་དཔལ་གྱི་སྐུས་མཚན་པའི་ཐོད་པའི་ཕྲེང་བ་ཡོད་པའི་ཕྱིར་རོ། །ལྷ་མོ་ཡིས་ནི་ཞེས་བྱ་བ་ལ་སོགས་པ་ལ་གཅིག་གིས་ནི་དེ་གཡས་ནས་འཁྱུད་པའོ། །གཉིས་པ་ནི་རྒྱབ་ཏུ་གནས་ནས་ཨུཏྤལ་ཐོགས་པའོ། །གསུམ་པ་ནི་གཡས་ ཕྱོགས་ན་འདུག་པ་སྟེ་པདྨ་ཐོགས་པའོ། །བཞི་པ་ནི་མདུན་དུ་གནས་པར་ཤེས་པར་བྱའོ། །ཁྲོ་བོ་གཞན་གྱིས་མི་ཐུབ་པའི་ཞལ་རས་གསུམ་ནི་རྣམ་པར་སྣང་མཛད་དང་འདྲའོ། །རྟ་མཆོག་གི་ཞལ་གསུམ་ནི་རིན་ཆེན་འབྱུང་ལྡན་དང་འདྲའོ། །ཁྲོ་བོ་བགེགས་ཀྱི་གཤེད་ ནི་ཞལ་གསུམ་དོན་ཡོད་རྡོ་རྗེ་ལྟ་བུ་སྟེ་ཞབས་གཡས་པས་བགེགས་གནོན་ཅིང་གཡོན་པས་པདྨ་ལ་བརྟེན་པའོ། །ཁྲོ་བོ་མི་གཡོ་བ་ནི་ཞལ་གསུམ་དཔལ་རྡོ་རྗེ་སེམས་དཔའ་དང་འདྲའོ། །རིན་ཆེན་རི་སྟེང་པདྨ་ལ། །ཞེས་བྱ་བ་ནི་པདྨའི་འོག་ཏུ་རིན་པོ་ཆེའི་རི་བོ་ཡོད་པའོ། །ཁྲོ་བོ་འདོད་ པའི་རྒྱལ་པོ་ནི་ཞལ་གསུམ་མི་གཡོ་བ་དང་འདྲ་བའོ། །འདོད་པའི་རྒྱལ་པོའི་ཕྱག་རྒྱ་ནི་འོག་ནས་བཤད་པའོ། །ཁྲོ་བོ་བེ་ཅོན་སྔོན་པོ་ཅན་ནི་ཞལ་གསུམ་འདོད་པའི་རྒྱལ་པོ་དང་འདྲའོ། །སྐུ་ནི་རི་སྔོན་འདྲ་བའོ་ཞེས་བྱ་བ་ནི་ཞལ་དབུས་མ་རི་བོ་སྔོན་པོ་དང་འདྲ་བ་མངའ་བའོ། ། དབུ་རྒྱན་ལ་ནི་སངས་རྒྱས་བཞུགས། །ཞེས་བྱ་བ་ནི་སྤྱི་བོར་སངས་རྒྱས་ཀྱི་དབུ་རྒྱན་དང་ལྡན་པའོ། །སྦྱོར་བའི་ཡེ་ཤེས་ཀྱིས་བསྐུལ་བའི། །ཞེས་བྱ་བ་ནི་སྙོམས་པར་ཞུགས་པ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ལས་སྐྱེས་ཞེས་བྱ་བའི་དོན་ཏོ། །ཁྲོ་བོ་སྟོབས་པོ་ཆེ་ནི་ཞལ་རས་ གསུམ་བདུད་རྩི་ཐབ་སྦྱོར་དང་འདྲའོ། །དྲག་པོ་ཚམ་ངམ་སྟང་སྟབས་ཅན། །ཞེས་བྱ་བ་ནི་ཞབས་ཚམ་ངམ་གྱི་སྟང་སྟབས་དང་བཅས་པའོ། །ཉི་མའི་དཀྱིལ་འཁོར་ནང་ན་བཞུགས། །ཞེས་བྱ་བ་ནི་ཉི་མའི་འོད་ཀྱི་དཀྱིལ་འཁོར་ལ་བཞུགས་པའོ། །བཅོམ་ལྡན་འདས་ནི་ རྡོ་རྗེ་སྐྱིལ་མོ་ཀྲུང་དང་ལྡན་པའོ། །སློབ་དཔོན་ལ་ལ་དག་ནི་རོལ་པའི་སྟང་སྟབས་ཀྱིས་བཞུགས་པར་འདོད་དོ། །བསྐལ་པ་བཟང་པོ་པ་རྣམས་དང་ལྷ་མོ་སྒྲོལ་མ་ལ་ཡང་དེ་བཞིན་ནོ། །ལྷག་མ་ནི་རོལ་པའི་སྟང་སྟབས་ཀྱིས་བཞུགས་སོ། །གཙུག་ཏོར་འཁོར་ལོས་སྒྱུར་ 61-1-295a བའི་སྐུ་གསུམ་ཞེས་བྱ་བ་ནི་སྐུ་དང་གསུང་དང་ཐུགས་ཀྱི་དབྱེ་བས་སོ། །ཞལ་གསུམ་ནི་རྣམ་པར་སྣང་མཛད་དང་འདྲའོ། །རིན་ཆེན་རི་སྟེང་པདྨ་ལ། །ཞེས་བྱ་བ་ནི་པདྨའི་འོག་ཏུ་རིན་པོ་ཆེའི་རི་ཡོད་པའོ། །རིགས་ཀྱི་ཡུམ་ནི་སྤྱན་ལ་སོགས་པ་སྟེ་རིམ་བཞིན་དུ་རིན་པོ་ ཆེའི་སྙེ་མ་དང་། རྡོ་དང་། པདྨ་དང་ཨུཏྤལ་བསྣམས་པའོ། །ཆགས་ཕྱིར་སྤྲོ་ཞིང་རྩོལ་བ་ཅན། །ཞེས་བྱ་བ་ནི་ཆགས་པས་ནི་ཤིན་ཏུ་རྩོལ་བ་དང་བཅས་པའོ། །གནོད་གནས་ཀྱི་སྐུ་གསུམ་ཅན་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །ཞལ་རས་གསུམ་ནི་ཐུགས་རྡོ་རྗེ་དང་འདྲ་བའོ། ། པདྨའི་གདན་ལ་བཞུགས་པ་ཞེས་བྱ་བ་ནི་ཞབས་གཡས་པ་པདྨའི་གདན་ལ་བརྟེན་པས་བཞུགས་སོ། །བཟང་པོའི་འདུག་སྟངས་ཞེས་བྱ་བ་ནི་གཡོན་པས་བཟང་པོའི་འདུག་སྟངས་སུ་གནས་པ་སྟེ་བུམ་པ་བཟང་པོ་ལ་བརྟེན་པའོ། །ལ་ལ་ནི་རོལ་པའི་སྟང་སྟབས་སུ་གནས་ སོ་ཞེས་ཟེར་རོ། །ཕྱག་ན་རྡོ་རྗེ་བདུད་རྩི་ཡིས། །ཞེས་བྱ་བ་ནི་འདི་སྐད་སྟོན་པར་འགྱུར་ཏེ། རང་གི་ལྷ་སྤྱན་དྲངས་པ་ལ་སོགས་པ་སྔོན་དུ་འགྲོ་བས་ལག་པ་གཡས་པར་དང་པོའི་ཡི་གེ་ཨ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་ལཾ་གྱིས་ཁྱབ་པའི་ ལག་པས་དྲི་བཟང་པོའི་ཆུ་ཇི་ལྟ་བ་བཞིན་དུ་བླུགས་པར་བྱའོ། །ལྷ་མོ་འོད་ཟེར་ཅན་གྱི་ཞལ་གསུམ་ནི་རྣམ་པར་མཛད་དང་འདྲ་བའོ། །ཧཱུྃ་མཛད་ཅེས་བྱ་བ་ནི་ཁྲོ་བོའི་སྟང་སྟབས་དང་ལྡན་པའོ། །རི་ཁྲོད་ཤིང་ལོ་ཅན་གྱི་ཞལ་རས་གསུམ་ནི་རྣམ་པར་སྣང་མཛད་དང་འདྲ་ བའོ། །དེ་ཡང་ཁྲོ་བོའི་མེ་འབར་བས་སྐྱེ་དགུ་རྣམས་ལ་འཚེ་བའི་གདོན་ཐམས་ཅད་ཐལ་བར་བྱས་ནས་སངས་རྒྱས་རྣམས་སྤྲོས་ཏེ་དེ་རྣམས་ཀྱིས་འགྲོ་བ་རྣམས་ལ་བདུད་རྩིའི་ཆར་འབེབས་པའོ། །དུག་སེལ་མའི་ཞལ་རས་གསུམ་ནི་རྣམ་པར་སྣང་མཛད་དང་འདྲ་བའོ། །བླུགས་ ཞེས་བྱ་བ་ནི་སངས་རྒྱས་ཀྱི་གཟུགས་རྣམས་སྤྲོས་ལ་དེ་དག་ཉིད་ཀྱིས་ཡི་གེ་ཛཿས་ཁ་རྣམ་པར་བརྒྱན་པའི་ཟླ་བའི་བུམ་པ་རྣམས་ཀྱིས་དུག་གིས་ཕོག་པ་རྣམས་ལ་ལྡུགས་སོ་ཞེས་པའི་བར་དུའོ། །ཧ་ལ་ཧ་ལའི་ཞལ་རས་གསུམ་ནི་འོད་དཔག་ཏུ་མེད་པ་དང་འདྲ་བའོ། ། 61-1-295b ལྷ་རྣམས་ཀྱི་ཏིང་ངེ་འཛིན་ཉིད་ཀྱིས་ཇི་ལྟར་རང་གི་བསམ་གཏན་གྱི་ཚུལ་སྟོན་པ་བཞིན་དུ་ཤེས་པར་བྱའོ། །སྐྲ་ཚུགས་ཕྱེད་དུ་གཟར་ཞེས་བྱ་བ་ནི་དཔྲལ་བའི་བར་དུ་སྐྲ་འཁྱིལ་བའོ། །སྐྲ་རབ་ཅེས་བྱ་བ་ནི་སྐྲ་སྟེ་དེའི་མགོ་ལའོ། །འཇམ་པའི་རྡོ་རྗེ་ཁྲོ་བོ་ཡིས། །ཞེས་བྱ་བ་ནི་གཤིན་རྗེའི་ གཤེད་ཅེས་བྱ་བའི་ཁྲོ་བོ་དེའི་མགོ་ལ་གནས་པའོ། །དེ་ནི་འདི་སྐད་སྟོན་པར་འགྱུར་ཏེ། འཇམ་པའི་རྡོ་རྗེའི་རྣལ་འབྱོར་པས་མདུན་དུ་ཀྵིཾ་ལས་བྱུང་བའི་གནོད་སྦྱིན་མ་བསྐྱེད་ལ་དེ་དང་སྙོམས་པར་འཇུག་པ་ལས་ཡང་དང་ཡང་དུ་དེ་ཉིད་སྤྲོས་ནས་ནམ་མཁའ་གང་བར་བསྒོམས་ལ། མཾ ཨོཾ་ཨཱ་ཞེས་བྱ་བའི་ཡི་གེ་གསུམ་ལས་ཁྱབ་འཇུག་དང་། ལྷ་ཆེན་པོ་དང་། ཚངས་པ་སྟེ་དེ་དག་ཇི་སྐད་དུ་བསྟན་པའི་རང་གི་ཡི་གེ་ལས་བྱུང་བ་ལ་རྡོ་རྗེ་ཧཱུྃ་མཛད་ཀྱི་སྦྱོར་བ་དང་ལྡན་པའོ། །དགུག་པ་ལ་སོགས་པ་སྔོན་དུ་འགྲོ་བས་མནན་ལ་ཡི་གེ་ཧཱུྃ་བརྗོད་ཅིང་བསྒོམ་པར་བྱའོ། ། བརྒྱ་བྱིན་ལ་སོགས་པ་ཡང་རང་གི་ས་བོན་ལས་བྱུང་བའི་རིམ་པ་འདི་ཉིད་ཀྱིས་བསྒྲུབ་པར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འཕྲོག་བྱེད་ལས་སྐྱེས་པ་ཞེས་བྱ་བ་ནི། ཡི་གེ་ཧ་ལས་བྱུང་བ་སྟེ། དེར་ཡང་རང་གི་ འཁོར་གྱིས་ཡོངས་སུ་བསྐོར་བ་ཇི་བཞིན་དུ་སྦྱོར་བ་དང་སྤྲོ་བ་ལ་སོགས་པས་བསྒྲུབ་པར་བྱའོ། །ལེའུ་བཞི་པའི་བཤད་པའོ།། །།དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནི་གསང་སྔགས་ཀྱི་ཡེ་ཤེས་རྣམ་པར་བསྒྱིངས་པ་རིམ་པར་ཕྱེ་བ་སྟོན་ཏེ། ཞི་བ་ཉིད་ནི་ ཉེས་པ་ཐམས་ཅད་དང་བྲལ་བས་ན་རྡུལ་དང་བྲལ་བའོ། །དེ་ཉིད་མཆོག་སྟེ་ཏིང་ངེ་འཛིན་གང་ལ་དེ་སྐད་ཅེས་བྱ་བ་དེ་ལ་སྙོམས་པར་ཞུགས་པའོ། །སངས་རྒྱས་རྡོ་རྗེ་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་གཟུགས་སུ་བྱུང་བ་སྟེ། དེ་བཞིན་དུ་འོག་མ་རྣམས་ལ་ཡང་ ཅི་རིགས་པར་རྗེས་སུ་སྦྱར་བར་བྱ་སྟེ། རྣམ་པར་སྣང་མཛད་ཀྱི་སྦྱོར་བ་དང་ལྡན་པས་ཡུམ་སངས་རྒྱས་སྤྱན་གསང་སྔགས་ཀྱི་ཡི་གེ་ལས་བདུད་རྩིས་གང་བའི་ཟླ་བའི་བུམ་པ་ཐོགས་པ་ཕྱུང་ལ་ནད་པ་ལ་ལྡུགས་པར་བསྒོམས་ན་ཞི་བ་བསྐྱེད་པར་འགྱུར་ཏེ། ཞི་བ་རྣམས་ལ་ཡང་ 61-1-296a སྲོག་སྦྱིན་པར་བྱེད་ཅིང་མ་གྲུབ་པ་རྣམས་ལ་གྲུབ་པ་སྩོལ་བར་འགྱུར་རོ། །ཅིའི་ཕྱིར་འདི་ལྟར་འགྱུར་ཞེ་ན། རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་བཅིངས་པ་ལ་སོགས་པའི་དམ་ཚིག་གི་སྔགས་ཀྱིས་དབང་བསྐུར་བའི་བདག་ཉིད་ཅན་གྱིས་བསྐུལ་ཞིང་ མངོན་སུམ་དུ་བྱས་པ་ནི་རྡོ་རྗེ་དམ་ཚིག་གིས་བསྐུལ་བའོ། །སྐུ་གསུམ་འབར་བ་ཡིས་ནི་ཐུགས་རྗེ་སྟེ་མཆོག་གི་དམ་ཚིག་ནི་མཱ་མ་ཀཱིའི་མཚན་ཉིད་ཅན་ཏེ། ཏིང་ངེ་འཛིན་གང་ལ་དེ་སྐད་ཅེས་བྱ་བ་དེ་ལ་སྙོམས་པར་ཞུགས་པའོ། །རྡོ་རྗེའི་དཀྱིལ་འཁོར་ཞེས་བྱ་བ་ནི་རྡོ་རྗེའི་རིགས་ཀྱི་སྟེ་དེ་ ཡང་སྔགས་ཀྱི་ཡི་གེ་དཀར་པོ་ཕྱུང་ནས་དེ་བསྒྲུབ་པར་བྱ་བའི་ལུས་ཀུན་དུ་གང་བར་བསྒོམས་ན་སྡིག་པ་འཇོམས་པར་འགྱུར་རོ། །ནད་པ་ལ་ཞི་བ་ནི་སྤྱན་དང་འདྲ་བར་བྱའོ། །རྒྱས་པ་ལ་རིན་པོ་ཆེའི་བུམ་པས་རིན་པོ་ཆེའི་ཆར་འབེབས་པར་བསམ་པར་བྱའོ། །འདོད་ཆགས་ཆེན་ པོ་ནི་འོད་དཔག་ཏུ་མེད་པའོ། །དེ་སོ་སོར་རྟོག་པའི་མཚན་ཉིད་ཅན་གྱི་པདྨས་ཆགས་ཤིང་མཉེས་པར་བྱས་པས་གར་དེས་རྣམ་པར་འཕྲུལ་པའོ། །དེ་ཉིད་འཐོབ་པ་སྟེ་གོས་དཀར་མོ་ཞེས་བྱ་བས་སྒྲིབ་པ་རྣམས་འཐོར་བར་བྱེད་པའི་ཕྱིར་རོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ རྡོ་རྗེ་དེ་ལ་དེ་སྐད་ཅེས་བྱའོ། །རྡོ་རྗེ་ཆོས་ནི་འོད་དཔག་ཏུ་མེད་པ་སྟེ་གསང་སྔགས་ཀྱི་ཡི་གེ་གསེར་གྱི་མདོག་ཅན་དུ་ཕྱུང་ལ་བསྒྲུབ་པར་བྱ་བ་དབང་བསྐུར་ན་རྒྱས་པ་ཆེན་པོ་སྐྱེད་པར་འགྱུར་རོ། །དེ་ཉིད་སྤྲོ་བ་དང་བསྡུ་བ་དག་ཏུ་བསྒོམ་པས་ཆོས་ཀྱི་མཛོད་རྣམ་པར་འཕེལ་བར་ བྱེད་དོ། །རང་གི་སྙིང་གའི་པདྨའི་ལྟེ་བ་ལ་བསྒྲུབ་པར་བྱ་བ་གཞག་སྟེ། གསང་སྔགས་ཀྱི་ཡི་གེའི་ཕྲེང་བས་བསྐོར་ལ། སྣ་ཚོགས་རྡོ་རྗེ་སྤྱི་བོར་གནས་པར་བྱས་ནས་བཟླས་པ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་བྱས་ན་སྲུང་བ་ཆེན་པོ་མཛད་པར་འགྱུར་རོ། །ཐམས་ཅད་དབང་དུ་བྱ་ བ་ནི་ཚེ་ལ་དབང་བ་ལ་སོགས་པ་བཅུའོ། །དེ་རྣམས་ཁོང་དུ་ཆུད་པར་བྱས་པ་ལས་བསྐྱེད་པ་ནི་དོན་ཡོད་རྡོ་རྗེ་ཅན་ནོ། །དེ་ཉིད་ནི་རྡོ་རྗེ་གསུམ་མཉམ་པ་ཉིད་དེ་དེའི་དགའ་བར་བྱེད་པ་ནི་རྡོ་རྗེ་དང་འདྲ་བར་མི་ཕྱེད་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་ནས་ཡི་གེ་ 61-1-296b དམར་པོའི་གསང་སྔགས་ཕྱུང་ལ་དེས་བསྒྲུབ་པར་བྱ་བ་ཀུན་དུ་བཀང་ལ་བཟླས་ན་མངག་གཞུག་པར་འགྱུར་རོ། །ཡེ་ཤེས་ལ་འཇུག་པས་སྒྲོལ་བར་བྱེད་པ་ཞེས་བྱ་བ་ནི། ཡེ་ཤེས་ལ་འཇུག་པས་སྒྲོལ་བར་བྱེད་བས་ན་དེ་ལས་དམིགས་པའི་ཏིང་ངེ་འཛིན་དེ་ལ་ཡང་དེ་སྐད་ཅེས་ བྱའོ། །རྡོ་རྗེ་ནི་གཤིན་རྗེ་གཤེད་ལ་སོགས་པའི་ཁྲོ་བོ་རྣམས་ཏེ། དེ་དག་ཉིད་གདུག་པ་རྣམས་སྒྲིབ་པའི་ཕྱིར་དེ་རྣམས་ཀྱིས་དྲ་བར་བྱས་པའོ། །ཡེ་ཤེས་སྣ་ཚོགས་ཅན་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་སྣ་ཚོགས་དང་ལྡན་པའོ། །སྲུབས་གཅིག་པ་ནི་དུམ་བུ་གཅིག་པའོ། ། སྲུབས་གཉིས་པ་ནི་དུམ་བུ་གཉིས་པ་སྟེ་འདི་གཉིས་ཁོ་ན་བསྔགས་པ་ཡིན་པའི་ཕྱིར་རོ། །བཟང་པོ་ནི་ཡན་ལག་མ་ཉམས་པའོ། །རྐང་རྗེས་ས་ཡི་ཆོ་ག་ཡིས། །ཞེས་བྱ་བ་ལ་དེས་ནི་འདི་སྐད་སྟོན་པར་འགྱུར་ཏེ། ཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པས་ལྷ་མོ་བཞིའི་སྦྱོར་བ་དང་ལྡན་པས་དེ་ བཞིན་གཤེགས་པ་ལྔས་བྱིན་གྱིས་བརླབས་ལ་བསྒྲུབ་བྱའི་རྐང་རྗེས་ཀྱི་ས་ལས་དེའི་གཟུགས་བརྙན་བྱས་ཏེ། ཐོད་པར་བཞག་ལ་དེ་དགུག་པ་དང་། གཞུག་པ་དང་བཅིང་བ་བྱས་ལ་རྐང་པ་གཡོན་པས་མནན་ཏེ། བསྐུལ་བ་དང་བཅས་པར་ཇི་སྲིད་དུ་ཁུགས་པར་གྱུར་པ་དེ་སྲིད་ཀྱི་ བར་དུ་བཟླས་བརྗོད་བྱའོ། །སྐུ་གསུམ་དབྱེར་མེད་བསྒོམས་ནས་སུ། །ཞེས་བྱ་བ་ནི་རང་གི་ལྷའི་ང་རྒྱལ་བརྟན་པོ་དང་ལྡན་པའོ། །སྤྲིན་མཆོག་ནི་དོན་ཡོད་རྡོ་རྗེ་སྟེ་དེའི་ཡེ་ཤེས་རྡོ་རྗེ་ནི་མཆོག་གོ། །དེའི་ཡེ་ཤེས་དེ་ལས་རྡོ་རྗེ་བདུད་རྩིའི་ཁྲོ་བོའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་དེ་ སྐད་ཅེས་བྱའོ། །ཚོགས་བདག་རྐང་པའི་དྲུང་དུ་གཞག །ཅེས་བྱ་བ་ནི་བདུད་རྩི་ཐབ་སྦྱོར་གྱི་སྦྱོར་བ་དང་ལྡན་པས་བསྒྲུབ་པར་བྱ་བའི་རྐང་རྗེས་ཀྱིས་ལས་དེའི་གཟུགས་བརྙན་བོང་བུའི་གཅིན་དང་སྡུས་ཏེ་བྱས་ལ་རླུང་གིས་ཁྱེར་བའི་འདབ་མ་ལ་ཁྲག་དང་བཏགས་པའི་དུར་ ཁྲོད་ཀྱི་སོལ་བས། ཁྲོ་བོ་དང་སྤེལ་བའི་བསྒྲུབ་པར་བྱ་བའི་མིང་བྲིས་ནས་གཟུགས་བརྙན་གྱི་གནས་ལྔའི་ནང་དུ་བཅུག་ལ། རྡོ་རྗེ་ཚོགས་ཀྱི་བདག་པོ་བཀུག་ནས་ལེགས་པར་མཆོད་དེ། དེའི་རྐང་པའི་འོག་ཏུ་དེ་གཞག་པ་བྱས་ལ་སྔགས་ཀྱི་མཐར་ཧཱུྃ་ཆེ་གེ་མོ་སྐྲོད་ 61-1-297a ཅིག་ཕཊ་ཅེས་བྱ་བའི་བར་དུ་ཁྲོས་པས་བཟླས་བརྗོད་བྱའོ། །རིན་པོ་ཆེའི་སྒྲོལ་མ་ནི་རིན་ཆེན་འབྱུང་ལྡན་ནོ། །དེའི་ཁྲོ་བོའི་ཡེ་ཤེས་ནི་སྔ་མ་བཞིན་ནོ། །དེ་ལས་བྱུང་བའི་རྡོ་རྗེ་ནི་ཁྲོ་བོའི་བདག་ཉིད་ཅན་གྱི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །རྡོ་རྗེས་ གཟིར་བའི་སྦྱོར་བ་ཡིས། །ཧཱུྃ་ཙམ་གྱིས་ཀྱང་ལས་བྱེད་དོ། །ཞེས་བྱ་བ་ནི་ཁྲོ་བོ་གཞན་གྱིས་མི་ཐུབ་པའི་སྦྱོར་བ་དང་ལྡན་པས་དེ་ཉིད་འབར་བའི་ཕྲེང་བས་འཁྲིགས་པ་ཕྱུང་ལ་སྔགས་ཀྱི་མཐར་ཧཱུྃ་ཞེས་བྱ་བ་བརྗོད་ནས་གནོད་སྦྱིན་ལ་སོགས་པ་གཟིར་བར་བྱའོ། །དཔག་ཏུ་མེད་ པ་ནི་འོད་དཔག་ཏུ་མེད་པའོ། །དེའི་ཡེ་ཤེས་ནི་རིན་པོ་ཆེ་དང་འདྲ་བས་ན་རིན་པོ་ཆེའོ། །དེ་ཉིད་ནི་ཡོན་ཏན་བསགས་པའོ། །དེ་ལས་བྱུང་བའི་རྡོ་རྗེ་ནི་ཁྲོ་བོའི་རང་བཞིན་ཏེ། ཏིང་ངེ་འཛིན་གང་ལ་དེ་སྐད་ཅེས་བྱ་བ་དེ་ལ་སྙོམས་པར་ཞུགས་པའོ། །བསམ་ཞེས་བྱ་བ་ནི་འདི་སྐད་སྟོན་ པར་འགྱུར་ཏེ། རྟ་མགྲིན་གྱི་རྣལ་འབྱོར་པས་ལག་པ་གཡས་པ་ལས་བྱུང་བའི་པདྨ་དཀར་པོ་འདབ་མ་བརྒྱད་པ་གནས་པར་བསམས་ལ། དེའི་ལྟེ་བ་ལ་གནས་པའི་ཡི་གེ་ཧ་འོད་ཟེར་འབར་བ་ལས་བསྒྲུབ་པར་བྱ་བའི་སྟེང་དུ། བདུད་རྩི་འབར་བར་བསམས་ལ། དེ་དང་ གསང་སྔགས་འདོན་པ་སྔོན་དུ་འགྲོ་བས་དུག་ཐམས་ཅད་དྲང་བར་བྱའོ། །དོན་ཡང་དག་པར་འབྱུང་བ་ནི་དོན་ཡོད་རྡོ་རྗེའོ། །དེའི་མཆོག་གི་ནོར་བུ་སྟེ་རྡོ་རྗེ་རིན་པོ་ཆེའོ། །དེ་ལས་བྱུང་བའི་རྡོ་རྗེ་ནི་ཁྲོ་བོ་ཆེན་པོའི་མཚན་ཉིད་ཅན་གྱི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ ཞུགས་ཤིང་དམིགས་པ་ལ་སེམས་རྩེ་གཅིག་ཏུ་གྱུར་ལ་མངོན་དུ་མཛད་ཅེས་བྱ་བའི་བར་དུའོ། །གསོད་པར་བྱེད་དོ་ཞེས་བྱ་བ་ནི་ཁྲོ་བོ་བེ་ཅོན་སྔོན་པོ་ཅན་གྱི་རྣལ་འབྱོར་པས་བསྒྲུབ་པར་བྱ་བ་མདུན་དུ་གནས་པར་བསམས་ནས་ཁྲོ་བོ་མཚོན་ཆ་འབར་བ་ལག་ན་ཐོགས་པ་ ཕྱུང་ལ་དེ་དག་ཉིད་ཀྱིས་དེ་གསོད་པར་བསམས་ལ་ཁྲོ་བོའི་ཚིག་གིས་གསང་སྔགས་བརྒྱ་རྩ་བརྒྱད་བརྗོད་ན། ངེས་པར་གསོད་པར་བྱེད་དོ། །ཀུན་དུ་རྣམ་པར་འཕྲོ་བ་ནི་བྱང་ཆུབ་ཀྱི་སེམས་ཏེ་དེ་ཉིད་བཀོད་པའོ། །དེ་ལས་བྱུང་བའི་རྡོ་རྗེ་ནི་ཁྲོ་བོའི་བདག་ཉིད་ཅན་གང་ཡིན་ 61-1-297b པ་སྟེ་ཏིང་ངེ་འཛིན་དེ་ལ་ཡང་དེ་སྐད་ཅེས་བྱའོ། །ཆར་པ་ཆེན་པོ་གཅོད་པར་འགྱུར། །ཞེས་པ་ནི་སྟོབས་པོ་ཆེའི་སྦྱོར་བ་དང་ལྡན་པས་ཁྲོ་བོ་མཚོན་ཆ་འབར་བ་ཐོགས་པ་ཕྱུང་ནས་སྤྲིན་རྣམས་བསྲེགས་པར་གྱུར་ཅིང་། ཆུ་རྣམས་སྐམས་པར་བསམས་ལ་ཁྲོ་བས་བཟླས་ན་ཆར་ཆེན་ པོ་གཅོད་པར་འགྱུར་རོ། །གདེངས་ཀ་ཅན་གྱི་ཀླུའི་གཟུགས་གྲོག་མཁར་གྱིས་ལས་བྱས་ནས་དགུག་པ་ལ་སོགས་པ་སྔོན་དུ་འགྲོ་བས་མནན་ལ་ཆར་ཕོབ་ཅིག་ཅེས་བསྐུལ་ཏེ་དེ་བཞིན་དུ་བཟླས་བརྗོད་བྱས་ན་ཆར་འབེབས་པར་འགྱུར་རོ། །ཀུན་དུ་འབར་བ་ཞེས་བྱ་བ་ནི་སྔ་ མ་བཞིན་ནོ། །དེ་ཉིད་སྙིང་པོ་ཅན་གྱི་ཁྲོ་བོ་གང་ཡིན་པ་སྟེ་དེ་ལ་དམིགས་པའི་ཏིང་ངེ་འཛིན་དེ་ལ་ཡང་དེ་སྐད་ཅེས་བྱའོ། །བཀུག་ནས་ནི་ཞེས་པ་ནི་འདོད་པའི་རྒྱལ་པོའི་ཏིང་ངེ་འཛིན་དང་ལྡན་པས་རྐང་པ་གཡས་པར་སྣ་ཚོགས་རྡོ་འབར་བ་དགོད་པས་བཀུག་ནས་བསྒྲུབ་པར་ བྱ་བའི་མཚན་མ་མནན་ཏེ་ཁྲོ་གཉེར་རིམ་པར་བསྙེར་ཞིང་ཁྲོས་པས་བསྐུལ་བའི་ཚིག་དང་བཅས་པར་གསང་སྔགས་བཟླས་པ་བྱས་ན་ངེས་པར་ཁུགས་པར་འགྱུར་རོ། །ཡེ་ཤེས་འབར་བ་དང་དྲ་བས་ན་ཡེ་ཤེས་རབ་ཏུ་འབར་བའོ། །དེ་ལས་རབ་ཏུ་འབར་བ་ནི་ཁྲོ་བོ་གཏུམ་ པ་སྟེ་དེ་ལ་དམིགས་པའི་ཏིང་ངེ་འཛིན་དེ་ལ་ཡང་དེ་སྐད་ཅེས་བྱའོ། །ཁྲོ་བོའི་རྒྱལ་པོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་མི་གཡོ་བའི་སྦྱོར་བ་དང་ལྡན་པས་དེ་ཉིད་མནན་ལ་ཞགས་པས་བཅིངས་ལ་དྲང་བར་བྱའོ། །ཡང་ན་ལས་འདི་དག་ཐམས་ཅད་ལ་ནི་རང་གི་བདག་པོའི་ སྦྱོར་བ་ཇི་ལྟ་བས་བྱའོ། །སྐུ་གསུམ་རྡོ་རྗེ་ནི་བཅོས་ལྡན་འདས་རྣམ་པར་སྣང་མཛད་དོ། །དེའི་ཡེ་ཤེས་འབར་བའི་འོད་ཟེར་ལྟ་བུ་དེ་ལས་གནོད་མཛེས་ཀྱི་བདག་ཉིད་ཅན་ནི་རྡོ་རྗེ་སྟེ་དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའོ། །སྐུ་གསུམ་རྡོ་རྗེ་མཆོག་མངའ་བས། ། ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དོ། །དགུག་བྱ་བ་ཞེས་བྱ་བ་ནི་གནོད་མཛེས་ཀྱི་སྦྱོར་བ་དང་ལྡན་པས་བསྒྲུབ་པར་བྱ་བའི་སྙིང་གའི་པདྨའི་ལྟེ་བ་ལྕགས་ཀྱུས་ཕུག་ལ་དགྲ་བདུད་ཞགས་པས་བཅིངས་ནས་གསང་སྔགས་བརྗོད་དེ་དགུག་པར་བྱའོ། །ཡེ་ཤེས་ཆེན་པོ་ནི་སྔ་མ་བཞིན་ཏེ། རྡོ་རྗེའི་ 61-1-298a སྔགས་ཀྱི་གཟུགས་ཀྱིས་དེ་རྣམ་པར་བསྒྱིངས་པ་ཉིད་ནི་དགའ་སྟོན་ཏེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བྱའོ། །སངས་རྒྱས་བྱང་ཆུབ་རྗེས་དྲན་པས། །ཞེས་བྱ་བ་ནི་སངས་རྒྱས་ཀྱི་བྱང་ཆུབ་ལ་སེམས་ཅན་ཐམས་ཅད་དགོད་པར་བྱའོ་ཞེས་ མངོན་དུ་བྱེད་པའོ། །འཁོར་ལོ་ཆེ་ལ་རྣམ་གནས་ནས། །ཞེས་བྱ་བ་ནི་འདི་སྐད་སྟོན་པར་གྱུར་ཏེ། རྡོ་རྗེ་སེམས་དཔའི་རྣལ་འབྱོར་པས་འཁོར་ལོ་ཆེན་པོའི་དབུས་སུ་འདུག་སྟེ། ལྕགས་ཀྱུ་དང་ཞགས་པ་ཐོགས་པའི་སངས་རྒྱས་ཀྱི་སྤྲིན་ཕྱུང་སྟེ། དེས་ནི་སངས་རྒྱས་རྣམས་ ཀྱང་འགུགས་པར་བྱེད་དོ། །རང་སྔགས་སྐྱེས་བུར་རྣམ་བསྒོམས་ནས། །ཞེས་བྱ་བ་ནི་རང་གི་ལྷའི་སྦྱོར་བ་དང་ལྡན་པའོ། །འགུགས་འགྱུར་ཏེ་ཞེས་བྱ་བ་ནི་མིའམ་ལྷ་མ་ཡིན་གྱི་བུ་མོ་རླུང་གི་དཀྱིལ་འཁོར་ལ་གནས་པར་བསམས་ལ་ལྕགས་ཀྱུས་སྙིང་ག་ཕུག་སྟེ་སྔགས་ བརྗོད་ནས་བཀུག་ན་ངེས་པར་ཁུགས་པར་འགྱུར་རོ། །ཟླ་བའི་དཀྱིལ་འཁོར་ལ་གནས་པ། །ཞེས་བྱ་བ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཟླ་བའི་མདོག་ཅན་སྐུ་ཆེན་པོ་དང་ལྡན་པ་བསམས་ལ་བསྒྲུབ་པར་བྱ་བ་ཟླ་བའི་དཀྱིལ་འཁོར་དེ་ལ་གནས་པར་བྱའོ། །རྡོ་རྗེ་བདུད་ རྩི་ཞེས་བྱ་བ་ནི་འདི་སྐད་སྟོན་ཏེ། རྡོ་རྗེ་བདུད་རྩི་ཞེས་བྱ་བའི་ཁྲོ་བོའི་སྦྱོར་བས་དེ་འོངས་པར་རྣམ་པར་བསམས་ལ་དེའི་གསང་སྔགས་ལན་བཅུ་བརྗོད་ན། ངེས་པར་ཁུགས་པར་འགྱུར་རོ། །གཞོན་ནུ་མ་དག་ངེས་པར་ཁུགས། །ཞེས་བྱ་བ་ནི་རྡོ་རྗེ་བདུད་རྩིའི་ཁྲོ་བོའི་སྦྱོར་བ་ ཉིད་ཀྱིས་རྡོ་རྗེ་ལྕགས་ཀྱུ་གཟུགས་ཆེན་པོ་དང་ལྡན་ཞིང་འབར་བ་དང་། རྡོ་རྗེ་རླུང་གི་དཀྱིལ་འཁོར་དེ་བསྒྲུབ་པར་བྱ་བ་གནས་པར་བསམས་ལ་ལྕགས་ཀྱུས་སྙིང་ག་ཕུག་སྟེ་གཞོན་ནུ་མ་དགུག་པར་བྱའོ། །ལྷ་མ་ཡིན་གྱི་བུ་མོ་དགུག་པའི་ཆོ་ག་ནི་སྔ་མ་བཞིན་ནོ། །ཁུགས་ཞེས་ བྱ་བ་ནི་འདི་སྐད་སྟོན་པར་འགྱུར་ཏེ། རྡོ་རྗེས་འོག་གི་རྣལ་འབྱོར་བས་དབུ་གསུམ་པ་ལ་ཞགས་པ་དང་། དགྲ་སྟ་དང་། རྩེ་གསུམ་པ་དང་། ལྕགས་ཀྱུ་ཐོགས་པས་མདུན་དུ་རང་གི་རིག་པས་བྱིན་གྱིས་བརླབས་པའི་ནུ་མ་པདྨའི་ལྟེ་བའི་ནང་ན་གནས་པར་བྱས་ལ། རྡོ་རྗེ་ལྕགས་ 61-1-298b ཀྱུའི་ཏིང་ངེ་འཛིན་ལས་བྱུང་བའི་བཙག་ལ་སོགས་པ་ལས་འོད་ཟེར་འབར་བ་དང་ལྡན་པའི་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་ཡང་ནས་ཡང་དུ་བྱུང་སྟེ། ཧཱུྃ་ཞེས་བྱ་བའི་སྔགས་བརྗོད་ནས་སྤྲོས་པ་སྔོན་དུ་འགྲོ་བས་གཟས་ཟིན་པའི་ཚེ་མཚན་མ་བྱུང་གི་བར་དུ་དེ་བཟླས་པར་བྱའོ། །དེ་ནས་དེ་དང་ མིང་བྲིས་ན་གནོད་སྦྱིན་མོ་ལ་སོགས་པ་ངེས་པར་ཁུགས་པར་འགྱུར་རོ། །བཀུག་ནས་ཞེས་བྱ་བ་ནི་འཇམ་པའི་རྡོ་རྗེའི་ཏིང་ངེ་འཛིན་དང་ལྡན་པས་སངས་རྒྱས་ཀྱི་འཁོར་ལོའི་ནང་ན་གནས་ལ་གཤིན་རྗེ་གཤེད་སྐྲ་འབར་བས་འབར་བར་གྱུར་ཅིང་ལག་ན་རྡོ་རྗེ་ལྕགས་ཀྱུ་ཐོགས་པ་ཕྱུང་ལ་དེ་ཉིད་ ལྕགས་ཀྱུར་བྱས་ཏེ་གནོད་སྦྱིན་མོ་དགུག་པར་བྱའོ་ཞེས་བྱ་བའི་བར་དུའོ། །ཕྱག་རྒྱ་གསང་སྔགས་སྦྱོར་བ་དང་། །བསམ་གཏན་འཁོར་ལོའི་སྦྱོར་བ་ཡིས། །ཞེས་བྱ་བ་ནི་འགོག་པའི་རྡོ་རྗེ་བསྒོམ་པའི་སྦྱོར་བས་སོ། །བསྐུལ་བར་བྱ་ཞེས་བྱ་བ་ནི་ཡང་རྡོ་རྗེ་སེམས་དཔའི་ང་རྒྱལ་དང་ ལྡན་པའམ། དེ་ཉིད་དབུ་རྒྱན་ལ་བསྒོམ་པར་བྱ་སྟེ་གནོད་མཛེས་བཞིན་དུ་སྦྱར་བར་བྱའོ། །ཡེ་ཤེས་ནི་བྱང་ཆུབ་ཀྱི་སེམས་སོ། །ལས་བྱུང་བའི་རྣམ་པར་རྒྱལ་བའི་རྡོ་རྗེ་ནི་དྲག་པོའི་རྡོ་རྗེ་སྟེ་དེ་ལ་དམིགས་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལའང་དེ་སྐད་ཅེས་བྱའོ། །ཉེ་བར་སྤྱོད་པར་ བྱེད་ཅེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་སྦྱོར་བ་དང་ལྡན་པས་ཞལ་གསུམ་པ་ཐོད་པ་དང་། རྩེ་གསུམ་དང་། ཞགས་པ་དང་། ལྕགས་ཀྱུ་བསྣམས་པ་ཕྱག་གཉིས་ཀྱིས་གླང་པོའི་པགས་པ་འཛིན་ལ་རལ་པ་གཅིག་མ་དེའི་སྔགས་བརྗོད་པས་ཕྱུང་ལ་དེས་ཀླུའི་བུ་མོ་བཀུག་ནས་ཉེ་ བར་སྤྱད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ནམ་མཁའ་ཆེན་པོ་དང་འདྲ་བའི་ཤུགས་རྒྱ་མཚོ་ནི་མཐའི་རྒྱ་མཚོ་སྟེ་དེ་འཕྲོ་བའོ། །དམ་ཚིག་ནི་རྒྱུ་སྟེ་སྐུལ་བྱེད་མ་གང་ཡིན་པ་དེ་ལ་དམིགས་པའི་ཏིང་ངེ་འཛིན་དེ་ལ་ཡང་དེ་སྐད་ཅེས་བྱ་སྟེ། སྔ་མ་བཞིན་དུ་འདི་ཉིད་ཀྱིས་སམ་རང་གི་སྦྱོར་ བས་གསང་བ་ལ་སོགས་པའི་བུ་མོ་རྣམས་ལེགས་པར་བཀུག་ནས་བསྟེན་པར་བྱའོ། །ནམ་མཁའ་མཛོད་ནི་འོད་དཔག་ཏུ་མེད་པ་སྟེ་ཆོས་ཀྱི་མཛོད་ཀྱི་མཐུ་ཡིས་སོ། །དེའི་རྣམ་པར་རྒྱལ་བ་ནི་ཁྲོ་གཉེར་ཅན་གྱི་བདག་ཉིད་ཅན་ནོ། །དེ་ཉིད་མཆོག་སྟེ་ཏིང་ངེ་འཛིན་དེ་ལ་དམིགས་པའི་ཏིང་ 61-1-299a ངེ་འཛིན་དེ་ལ་དེ་སྐད་ཅེས་བྱའོ། །འདི་ལ་ཡང་དེ་བཞིན་དུ་བཀུག་ནས་སྤྱད་པར་བྱའོ། །འགོག་པའི་རྡོ་རྗེ་བསྒོམ་པ་རྫོགས་པ་མ་ཐོས་པས་ནི་གསང་སྔགས་ཐམས་ཅད་ཀྱི་བཟླས་བརྗོད་བྱེ་བ་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། ཡང་ན་ཞེས་བྱ་བ་ལ་སོགས་པ་གསུངས་ སོ། །སངས་རྒྱས་ཀྱང་ནི་ངེས་པར་འཇིག །ཅེས་བྱ་བ་ནི་ཁྲོ་བོའི་རྒྱལ་པོའི་རྣལ་འབྱོར་པས་ཁྲག་གིས་བརླན་པའི་གོས་ཀྱིས་ལུས་གཡོགས་པའམ་གཅེར་བུ་དང་། རྐང་པ་གཡོན་པས་མཚན་མ་མནན་ལ་ཡི་གེ་ཧཱུྃ་གིས་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཁྲོ་བོར་བྱིན་ གྱིས་བརླབས་པར་བསམས་ནས། དེ་རྣམས་ཀྱིས་བསྒྲུབ་པར་བྱ་བ་གསོད་པར་བསྒོམས་ལ་ཁྲོ་བོའི་ཚིག་ཏུ་འདོན་པས་གསང་སྔགས་བརྒྱ་རྩ་བརྒྱད་བཟླས་ལ་གསད་པར་བྱའོ། །དེ་ལ་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཡི་གེ་གསུམ་ལས་བྱུང་བའི་རྣམ་པར་སྣང་ མཛད་ལ་སོགས་པའི་ངོ་བོ་ཉིད་ཀྱིས་དང་པོར་དགྲ་བོ་བསད་པར་བསམས་ལ་དེའི་འོག་ཏུ་མངོན་སྤྱོད་ཀྱི་ལས་བྱ་སྟེ་དེས་ནི་ངེས་པར་སངས་རྒྱས་ཀྱང་འཇིག་པར་འགྱུར་རོ། །མངོན་སྤྱོད་ཀྱི་གནས་བསྟན་པར་བྱ་བའི་ཕྱིར་མ་མོའི་གནས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ སོ། །མི་རུས་ལས་བྱས་ཞེས་བྱ་བ་ལ་སོགས་པ་ནི་འདི་སྐད་སྟོན་པར་འགྱུར་ཏེ། ཁྲོ་བོའི་སྦྱོར་བ་དང་ལྡན་པས་མི་རུས་ཀྱི་ཕུར་བུ་སོར་བརྒྱད་པ་དེའི་གསང་སྔགས་བརྒྱ་རྩ་བརྒྱད་བཟླས་པ་དང་བཅས་པས་བསྒྲུབ་པར་བྱ་བའི་རྐང་རྗེས་ཀྱིས་ལས་དེའི་གཟུགས་བརྙན་བྱས་ཏེ། དགུག་པ་སྟོན་དུ་འགྲོ་བས་སྔགས་བརྗོད་ལ་སྙིང་གར་ཕུར་བུ་གདབ་པའམ་དེའི་ཁང་པའི་སྒོར་ས་བརྐོས་པར་སྦ་བར་བྱའོ། །ངེས་པར་སྐྲོད་ཅེས་བྱ་བ་ནི་ཡན་ལག་མ་ཉམས་པའི་ཐོད་པ་བླངས་ལ་ཁྲོ་བོའི་སྔགས་དང་སྤེལ་བ་བྱས་ནས་འདིར་བསྒྲུབ་པར་བྱ་བའི་མིང་བྲིས་ལ་རྡོ་རྗེའི་ཚིག་ དག་བཟླས་ནས་དགྲའི་སྒོ་ཁའམ་ཡུལ་གྱི་དབུས་སུ་སྦས་ན་ངེས་པར་སྐྲོད་པར་བྱེད་དོ། །དེ་བཞིན་དུ་ཏ་ལའི་ལོ་མའམ་དུར་ཁྲོད་ཀྱི་རས་ལ་བྲིས་ནས་དགྲའི་ཁྱིམ་སྒོ་ལ་སོགས་པར་སྦས་ན་འཆི་བའམ་སྐམས་པར་འགྱུར་རོ། །རྡོ་རྗེ་སེམས་དཔའ་རྣམ་པར་འཇིག །ཅེས་ 61-1-299b བྱ་བ་ནི་སྐུ་ལ་སོགས་པའི་རྡོ་རྗེ་ཕུར་བུ་འདེབས་པའི་ཕྱིར་རོ། །འོད་བཟང་མེ་སྟག་འཁྲུགས་པ་ཅན། །ཞེས་བྱ་བ་ནི་འོད་ཀྱི་ཕྲེང་བས་འཁྲིགས་པ་ཧཱུྃ་ལས་བྱུང་བའི་ཕྱིར་རོ། །མཐས་གཏུགས་པ་ཞེས་བྱ་བ་ནི། སྤྱི་བོ་ནས་བརྩམས་ཏེ་རྐང་པའི་བར་དུའོ། །སྦྱོར་བ་གང་གིས་བྱ་བ་དེ་ བསྟན་པར་བྱ་བའི་ཕྱིར་རྣམ་སྣང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྐུ་རྡོ་རྗེ་ལ་སོགས་པ་བསྟན་པར་བྱ་བའི་ཕྱིར་དང་དེའི་ཕུར་བུ་ཉེ་བར་བརྟན་པར་བྱ་བའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་སྐུའི་ཡེ་ཤེས་ནི་རྣམ་པར་སྣང་མཛད་དེ། དེའི་རྣམ་པར་ བསྒྱིངས་པ་ཏིང་ངེ་འཛིན་གང་དུ་སྟོན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཕན་ཚུན་དཀྲི་བའི་ཚུལ་གྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་སོར་མོ་རྣམས་རྒྱབ་ཏུ་ཕན་ཚུན་དཀྲིས་ལ། མཐེ་བོ་གཉིས་ལག་པ་གཡས་པའི་མཐིལ་དུ་ཁ་སྦྱར་བ་ནི་འཁོར་ལོའི་ཕུར་བུའི་ཕྱག་རྒྱའོ། །སྣང་ མཛད་ཞབས་ཀྱིས་མནན་ནས་སུ། །ཞེས་བྱ་བ་ནི་འདི་སྐད་སྟོན་པར་འགྱུར་ཏེ་ཕུར་བུའི་དབྱིབས་ཀྱི་ཕྱག་རྒྱ་རྣམ་པར་སྣང་མཛད་དུ་གྱུར་པར་བསམས་ལ་ཡིད་ཉིད་ཀྱིས་བཀུག་ནས་གསང་སྔགས་འདོན་པ་སྔོན་དུ་འགྲོ་བས་ཕུར་བུས་གདབ་པར་བྱའོ། །དམ་ཚིག་མཆོག་གིས་ བཞེངས་པར་མཛོད། །ཅེས་བྱ་བ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཉིད་ཕུར་བུའི་དབྱིབས་སུ་དེར་འབྱུང་བར་འགྱུར་རོ་ཞེས་བྱ་བའི་བར་དུའོ། །སྦྱོར་བའི་ཆེ་བའི་བདག་ཉིད་བསྟན་པར་བྱ་བའི་ཕྱིར། གཞན་དུ་བྱས་ན་བརླག་པར་འགྱུར། །ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་ཐུགས་ཀྱི་ཡེ་ཤེས་ཆེན་པོ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དེ། དེའི་རྣམ་པར་བསྒྱིངས་པ་སྟོན་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་ཡང་དེ་སྐད་ཅེས་བྱའོ། །རྩེ་མོ་ལྔ་པ་ཞེས་བྱ་བ་ལ་སོགས་པ་ལ། ཐལ་མོ་སྦྱོར་བ་བཅིངས་ལ་སྲིན་ལག་སྦྱར་བ་ནང་དུ་གཞུག་སྟེ། གུང་མོ་ གཉིས་སྦྱར་བའི་ཚིགས་གསུམ་པར་མཛུབ་མོ་གཉིས་རྡོ་རྗེ་དང་འདྲ་བར་བཞག་ན་རྩེ་མོ་ལྔ་པར་འགྱུར་ཏེ། འདི་ལས་མེ་སྟག་འཕྲོ་བས་འཁྲིགས་པའི་རྡོ་རྗེ་ཕུར་བུར་བལྟས་ལ་སྟང་སྟབས་ཀྱིས་སྦྱར་བར་བྱའོ། །འཇིག་རྟེན་དབང་ཕྱུག་ཉིད་གསུང་གི་དམ་ཚིག་ཉིད་ཡིན་ཏེ་ 61-1-300a དེའི་རྣམ་པར་འཕྲུལ་པ་སྟོན་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་ཡང་དེ་སྐད་ཅེས་བྱའོ། །རྡོ་རྗེ་སོར་མོ་ཞེས་བྱ་བ་ལ་སོགས་པ་ལ། ཐལ་མོ་ཁོང་སྟོང་དུ་སྦྱར་བ་པདྨ་དང་འདྲ་བར་ཕྱེ་ན་པདྨ་ཁ་ཕྱེ་བར་འགྱུར་ཏེ། དེ་དག་ནི་རང་གི་བདག་པོའི་སྦྱོར་བ་གཙོ་བོར་བྱས་པས་སྦྱར་ བར་བྱའོ། །གསང་བའི་ཚིག་ནི་རྣམ་པར་སྣང་མཛད་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །གསང་བ་ཀུན་བཏུས་པ་ནི་མི་བསྐྱོད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཞི་བ་ཆོས་ཀྱི་ཚིག་ནི་འོད་དཔག་ཏུ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་བས་ན་རྡོ་རྗེ་ཡེ་ཤེས་ངེས་པར་འཆི་བས་རྡོ་རྗེ་ ཡེ་ཤེས་སོ། །མངོན་སྤྱོད་ལ་ཡང་བསམ་པའི་ཁྱད་པར་གྱིས་རྡོ་རྗེ་ཕུར་བུས་གདབ་པ་ཇི་ལྟ་བ་བཞིན་དུ་སྦྱར་བར་བྱའོ། །རྐུན་མ་མདོངས་པར་བྱེད་པའི་རྡོ་རྗེ་ཞེས་བྱ་བ་ལ། རྐུན་མ་མདོངས་པར་བྱེད་པ་ནི་ལྷ་མོ་འོད་ཟེར་ཅན་ཏེ། དེ་ཉིད་མི་ཕྱེད་པས་ན་རྡོ་རྗེ་སྟེ་དེ་ལ་དམིགས་ པས་ན་ཏིང་ངེ་འཛིན་དེ་ལ་ཡང་དེ་སྐད་ཅེས་བྱའོ། །དེ་ལ་འདིར་འོད་ཟེར་ཅན་གྱི་སྦྱོར་བ་དང་སྔགས་དང་ཕྱག་རྒྱར་བཅས་པས་རྣམ་པར་འཚེ་བར་བྱེད་པ་རྣམས་ཀྱི་ཁ་དང་མིག་བཙེམས་ལ་དེ་རྣམས་ལྐུགས་པ་དང་ལོང་བར་གྱུར་པར་བསམས་ན་ཆོམ་རྐུན་དང་སྡང་བ་རྣམས་བཅིངས་ པར་འགྱུར་རོ། །ནད་ཆེན་པོ་ཐམས་ཅད་དགུག་པ་ལས་རྣམ་པར་རྒྱལ་མ་དེ་ཉིད་ཡེ་ཤེས་ཡིན་པ་དེ་ལ་དམིགས་པའི་ཏིང་ངེ་འཛིན་དེ་ལ་ཡང་དེ་སྐད་ཅེས་བྱའོ། །ཞི་བར་འགྱུར་ཞེས་བྱ་བ་ནི་དོན་ཡོད་རྡོ་རྗེའི་སྦྱོར་བ་དང་ལྡན་པས་རི་ཁྲོད་ཀྱི་ལོ་མ་ཅན་སྤྱན་དྲངས་ལ་དེའི་ཞལ་དུ་པདྨ་ དཀར་པོ་དང་མར་སྲང་བསྲེས་པའི་ཏིལ་དང་འོ་མ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་སྦྱིན་སྲེག་བྱས་ལ། སེམས་ཅན་རྣམས་ཀྱི་ཡམས་དང་འཚེ་བ་ལ་སོགས་པ་དང་བྲལ་བར་བསམས་ན་ཞི་བར་འགྱུར་རོ། །ཡང་ན་འདི་ཉིད་ཕྱུང་ལ་ཀུན་དུ་སྤྲོས་ཏེ་བདུད་རྩིའི་ཆར་རབ་ཏུ་འབེབས་པར་ བསམ་མོ་ཞེས་བསྟན་པར་བྱ་བའི་ཕྱིར་ནམ་མཁའ་ཀུན་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ལེའུ་ལྔ་པའི་བཤད་པའོ།། །།ལག་པའི་ཕྱག་རྒྱ་ལ་སོགས་པའི་གླེང་བསླང་བར་བྱ་བའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལག་ 61-1-300b པ་གཉིས་ཀྱི་ནང་གི་ཁུ་ཚུར་བཅིངས་ཏེ་མཐེ་བོ་གཉིས་གཤིབས་ནས་བསྒྲེང་བར་བྱས་པ་འདི་དང་། མགོར་རང་གི་གསང་སྔགས་ཀྱིས་སྐུ་བྱིན་གྱིས་བརླབ་པར་བྱའོ། །འདི་ཉིད་ལས་གཡོན་པའི་མཐེ་བོ་ནང་དུ་བཅུག་པ་ནི་དེ་བཞིན་དུ་གསུངས་སོ། །འདི་ཉིད་ལས་གཡས་པའི་ མཐེ་བོ་ནང་དུ་བཅུག་ལ་གཡོན་པ་བཏེག་པ་ནི་དེ་བཞིན་དུ་ཐུགས་ཀྱི་སྟེ་རང་གི་སྟན་ལ་གནས་ནས་སྤྱི་བོ་ལ་སོགས་པར་ཡི་གེ་ཨོཾ་ལ་སོགས་པ་གསུམ་བསྒོམ་པ་ནས་བྱིན་གྱིས་བརླབ་པ་ལ་སོགས་པ་བྱའོ། །གཡོན་པའི་རྡོ་རྗེ་ཁུ་ཚུར་གྱི་མཛུབ་མོ་བསྒྲེང་ལ་གཡས་པའི་རྡོ་རྗེ་ཁུ་ཚུར་ གྱིས་རྩེ་མོ་བཟུང་བ་ནི་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱའོ། །སེམས་དཔའི་སྐྱིལ་མོ་ཀྲུང་དུ་འདུག་ནས་ལག་པ་གཡོན་པའི་ཁུ་ཚུར་པང་པར་གཞག་སྟེ་གཡས་པས་ས་གནོན་པ་ནི་མི་འཁྲུགས་པའིའོ། །གཡོན་པ་དེ་བཞིན་བཞག་ལ་གཡས་པ་མཆོག་སྦྱིན་ལྟར་བྱས་པ་ ནི་རིན་ཆེན་འབྱུང་གནས་ཀྱིའོ། །ལག་པ་གཉིས་པང་པར་བཞག་སྟེ་བསམ་གཏན་གྱི་ཚུལ་དུ་སྦྱར་བ་ནི་འོད་དཔག་མེད་ཀྱིའོ། །གཡོན་པ་སྔ་མ་བཞིན་དུ་བཞག་ལ་གཡས་པ་མི་འཇིགས་པའི་ཚུལ་དུ་གཞག་པ་ནི་གདོན་མི་ཟ་བར་གྲུབ་པའོ། །ལག་པ་གཉིས་རྡོ་རྗེ་བཅིང་ བར་བྱས་ལ་གུང་མོ་གཉིས་གཤིབས་ཏེ་བསྒྲེང་བ་ནི་རྡོ་རྗེ་སེམས་མའིའོ། །དེ་ཉིད་ལས་གུང་མོའི་ཚིགས་དང་པོ་དགུག་སྟེ། རིན་པོ་ཆེའི་ཚུལ་དུ་བྱས་པ་ནི། རྡོ་རྗེ་རིན་ཆེན་སེམས་མའིའོ། །གུང་མོ་སྦྱར་བ་པདྨའི་འདབ་མ་ལྟར་བྱས་པ་ནི་རྡོ་རྗེ་ཆོས་མའིའོ། །དེ་ཉིད་ལས་གུང་མོ་ སྦྱར་ཏེ་ཚིགས་བར་མ་རྩེ་བསྐུམ་ནས་རལ་གྲི་ལྟར་བྱས་པ་ནི་རྡོ་རྗེ་ལས་མའིའོ། །ཐལ་མོ་ཁོང་སྟོང་དུ་སྦྱར་བ་ལས་མཛུབ་མོ་གཉིས་གདུ་བུ་འདྲ་བར་ཟླུམ་པོར་བྱས་ཏེ་མཐེ་བོའི་སྟེང་དུ་མིག་དང་འདྲ་བར་གཞག་པ་ནི་སངས་རྒྱས་སྤྱན་གྱིའོ། །རྡོ་རྗེ་བཅིངས་པ་ལས་གུང་མོ་གཉིས་ གཤིབས་ཏེ་སྦྱར་བའི་ཚིགས་གསུམ་པར་མཛུབ་མོ་གཉིས་རྡོ་རྗེའི་ཚུལ་དུ་གཞག་པ་ནི་མཱ་མ་ཀཱིའིའོ། །ལག་པ་གཉིས་ཀྱི་ཐལ་མོ་གཉིས་ཁོང་སྟོང་དུ་སྦྱར་ཏེ་པདྨ་ཁ་བྱེ་བ་དང་འདྲ་བར་བྱས་པ་ནི་གོས་དཀར་ཅན་གྱིའོ། །ཐལ་མོ་ཁོང་སྟོང་དུ་སྦྱར་བ་ལས་མཛུབ་མོ་གཉིས་ཀྱིས་གུང་མོའི་ 61-1-301a སེན་མོ་མནན་ཏེ་དབུས་སུ་གཞག་པ་ནི་སྒྲོལ་མའིའོ། །ཐལ་མོ་སྦྱར་ཏེ་མཛུབ་མོ་གཉིས་གུང་མོའི་ཚིགས་དབུ་མར་སྦྱར་ལ་མཐེ་བོ་གཉིས་གློར་གཞག་པ་ནི་སྐུལ་བྱེད་མའིའོ། །རྡོ་རྗེ་བཅིང་བ་བྱས་པ་ལས་མཐེ་བོ་གཉིས་བསྡམས་ཏེ་མཛུབ་མོ་གཉིས་ཀྱི་གུང་མོའི་བཀུག་ནས་སྦྱར་བ་ནི་ རིན་ཆེན་སྒྲོལ་མའིའོ། །ཐལ་མོ་ཁོང་སྟོང་དུ་སྦྱར་བ་ལས་མཐེ་བོས་སོ་སོའི་རང་གི་མཐེའུ་ཆུང་གི་སེན་མོ་མནན་ལ་ལྷག་མ་རྡོ་རྗེའི་མཚན་ཉིད་དུ་བྱས་པ་ཁྲོ་གཉེར་ཅན་གྱིའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་པ་ལས་མཛུབ་མོ་གཉིས་ཀྱི་རྩེ་མོ་བཀུག་ནས་སྦྱར་བ་ནི་ལུ་གུ་རྒྱུད་ལྟར་བཅིངས་པ་ནི་རྡོ་རྗེ་ལུ་གུ་ རྒྱུད་ཀྱིའོ། །ལག་པ་གཉིས་ཁུ་ཚུར་ནང་དུ་བཅིངས་པ་ལས་གུང་མོ་གཉིས་གཤིབས་ཏེ་སྦྱར་ལ་སྲིན་ལག་གཉིས་བཀྲོལ་ཏེ་བསྣོལ་བ་མཛུབ་མོ་གཉིས་ཀྱིས་དཀྲིས་ཏེ་མཐེ་བོ་གཉིས་བརྐྱང་ལ་རྩེ་སྦྱར་ཏེ་བཀུག་ལ་ཁ་དང་འདྲ་བར་བྱས་པ་ནི་གཤིན་རྗེ་གཤེད་ཀྱིའོ། །གཡོན་པའི་རྡོ་རྗེ་ཁུ་ ཚུར་བཅིངས་པ་ལས་མཛུབ་མོ་བརྐྱང་ནས་སྙིང་གར་གཞག གཡས་པ་བཏེག་པ་ཐལ་ལྕག་གི་ཚུལ་དུ་བྱས་པ་ནི་གཞན་གྱིས་མི་ཐུབ་པ་ཞེས་བྱ་བའི་འོ། །རྡོ་རྗེ་ཁུ་ཚུར་གཉིས་མཐེའུ་ཆུང་ལུ་གུ་རྒྱུད་དུ་བྱས་ལ་མཛུབ་མོ་གཉིས་གཤིབས་ཏེ་རྩེ་མོ་སྦྱར་ལ་བཟློག་སྟེ་དཔྲལ་བར་གཞག་པ་ ནི་རྟ་མགྲིན་གྱིའོ། །ལག་པ་གཉིས་བརྐྱང་ལ་མཐེ་བོ་གཉིས་ཀྱིས་རང་རང་གི་མཐེའུ་ཆུང་གི་སེན་མོ་མནན་ནས་དཔུང་མགོའི་དྲུང་དུ་རྡོ་རྗེ་བཅིང་བའི་ཚུལ་དུ་བྱས་ནས་ཁྲོས་པས་སྦྱར་བ་ནི་བདུད་རྩི་ཐབ་སྦྱོར་གྱིའོ། །ལག་པ་གཉིས་བརྐྱང་ལ་མཐེ་བོས་རང་གི་སྲིན་ལག་དང་མཐེའུ་ཆུང་གི་ སེན་མོ་མནན་ཏེ་ཤུབས་ལས་ཕྱུང་ནས། གཡས་པས་རལ་གྲིའི་ཚུལ་དུ་གཞག་པ་ནི་མི་གཡོ་བའི་འོ། །ལག་པ་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱི་རྒྱབ་ཏུ་ལག་པ་གཡས་པ་རྡོ་རྗེ་ཁུ་ཚུར་དུ་བྱས་ལ། མཐེའུ་ཆུང་གཉིས་ལུ་གུ་རྒྱུད་ལྟར་བཅིངས་ནས་མཛུབ་མོ་གཉིས་བཏེག་སྟེ་ཞགས་པར་བྱས་ པ་ནི་འདོད་པའི་རྒྱལ་པོའི་འོ། །གཡོན་པའི་རྡོ་རྗེ་ཁུ་ཚུར་ལས་བྱུང་བའི་མཛུབ་མོ་བསྒྲེང་ལ་སྙིང་གར་བཞག་ལ་གཡས་པའི་རྡོ་རྗེ་ཁུ་ཚུར་གྱི་མཛུབ་མོ་བེ་ཅོན་ལྟར་བརྡེགས་པ་ནི་བེ་ཅོན་སྔོན་པོ་ཅན་གྱིའོ། །ལག་པ་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱི་རྩེ་གསུམ་པ་བྱས་ལ་གཡས་པའི་རྡོ་རྗེ་ 61-1-301b བརྡེག་པའི་ཚུལ་དུ་གཏེག་པ་ནི་སྟོབས་པོ་ཆེའི་འོ། །ཁུ་ཚུར་གཉིས་བཅིངས་ལ་མཐེ་བོ་དང་མཛུབ་མོ་དང་གུང་མོ་རྣམས་བསྒྲེང་སྟེ་སོ་སོ་ཞིང་ཕན་ཚུན་རྩེ་སྤྲད་པ་ནི་བྱམས་པའི་འོ། །ཐལ་མོ་ཁོང་སྟོང་དུ་སྦྱར་ལ་མཛུབ་མོ་གཉིས་ཀྱིས་རང་གི་སྲིན་ལག་གི་སེན་མོ་མནན་ནས། ཨུཏྤ་ ལའི་ཚུལ་དུ་གཞག་པ་ནི་འཇམ་པའི་དབྱངས་ཀྱིའོ། །ལག་པ་གཡོན་པ་པང་པར་གནས་པར་བྱས་ལ་གཡས་པ་གླང་པོའི་སྣ་ལྟར་བྱས་པ་ནི་སྤོས་ཀྱི་གླང་པོ་ཆེའིའོ། །ལག་པ་གཡོན་པའི་རྡོ་རྗེ་ཁུ་ཚུར་བཏེག་པ་ལག་པ་གཡས་པ་བ་དན་གྱི་ཚུལ་དུ་གཞག་པ་ནི་ཡེ་ཤེས་ཏོག་གི་ཕྱག་རྒྱའོ། ། བཟང་པོའི་འདུག་སྟངས་སུ་འདུག་ལ་ཐལ་མོ་ཁོང་སྟོང་སྙིང་གར་སྦྱར་བ་ནི་བཟང་སྐྱོང་གིའོ། །ལག་པ་གཡོན་པ་བརྐྱང་བའི་རྒྱབ་ཏུ་ལག་པ་གཡས་པ་རུས་སྦལ་གྱི་ཚུལ་དུ་བྱས་ལ་སོར་མོ་རྣམས་ཆུ་རླབས་འདྲེན་པའི་ཚུལ་དུ་བྱེད་པ་ནི་བློ་གྲོས་རྒྱ་མཚོའི་འོ། །གཡོན་པའི་རྡོ་རྗེ་ཁུ་ཚུར་སྙིང་ གར་བཅིངས་ལ་གཡས་པ་མཆོག་སྦྱིན་པའི་ཚུལ་དུ་གཞག་པ་ནི་བློ་གྲོས་མི་ཟད་པའི་འོ། །གཡོན་པའི་རྡོ་རྗེ་ཁུ་ཚུར་པང་པར་བཞག་ལ་གཡས་པས་སེ་གོལ་གཏོགས་པའི་ཚུལ་དུ་བྱེད་པ་ནི་སྤོབས་པ་བརྩེགས་པའི་འོ། །ཐལ་མོ་གཉིས་ཁོང་སྟོང་དུ་སྦྱར་ལ་པདྨ་ཅུང་ཟད་ཁ་བྱེ་བ་ལྟར་བྱས་ པ་ནི་མཐུ་ཆེན་ཐོབ་པའི་འོ། །ལག་པ་གཉིས་ཀྱིས་འཐོར་བ་ནི་ངན་སོང་ཐམས་ཅད་སྤོང་བའི་འོ། །ལག་པ་གཉིས་ཐལ་མོ་སྦྱར་ལ་བསྣུན་པའི་ཚུལ་དུ་བྱེད་པ་ནི་མྱ་ངན་ཐམས་ཅད་ཀྱི་མུན་པ་ངེས་པར་འཇོམས་པའི་བློ་གྲོས་ཀྱིའོ། །ལག་པ་གཉིས་བརྐྱང་ལ་འབར་བའི་ཚུལ་དུ་བྱེད་པ་ནི་དྲ་བ་ཅན་གྱི་ འོད་ཀྱིའོ། །གཡས་པ་མཆོག་སྦྱིན་པར་བྱས་ལ་གཡོན་པའི་མཐེ་བོ་དང་མཛུབ་མོ་ཟླ་བ་ལྟར་བརྐྱང་པ་ནི་ཟླ་འོད་ཀྱི་ཕྱག་རྒྱའོ། །ལག་པ་གཉིས་བུམ་པའི་ཚུལ་དུ་གཞག་པ་ནི་འོད་དཔག་མེད་པའི་འོ། །རྡོ་རྗེ་ཁུ་ཚུར་གཉིས་ནམ་མཁར་ཀུན་དུ་བསྐོར་བ་ནི་ནམ་མཁའ་མཛོད་ཀྱིའོ། །ལག་པ་ གཡོན་པ་ས་ལ་བརྐྱང་ནས་གཡས་པའི་མཐེ་བོ་དང་མཛུབ་མོ་སྤྲད་ལ། ཞུ་བའི་ཚུལ་དུ་བྱེད་པ་ནི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའི་ཕྱག་རྒྱ་སྟེ། དེ་དག་ནི་དཀྱིལ་འཁོར་བའི་ལྷ་རྣམས་ཀྱི་ཕྱག་རྒྱ་རྣམས་སོ། །གཡོན་པ་རྡོ་རྗེ་ཁུ་ཚུར་ལས་ཁྲོ་བོའི་མཛུབ་མོ་སྙིང་གར་རབ་ཏུ་བཞག་ལ། 61-1-302a ཧཱུྃ་ཞེས་སྨྲ་ཞིང་ལག་པ་གཡས་པའི་རྡོ་རྗེ་ཁུ་ཚུར་བརྡེག་པའི་ཚུལ་གྱིས་འདེགས་པར་བྱེད་པ་ནི་རི་ཁྲོད་ལོ་མ་ཅན་གྱིའོ། །གཡོན་པའི་མཛུབ་མོ་དང་མཐེ་བོས་སྐུད་པ་བཟུང་ལ་གཡས་པས་ཁབ་ཀྱིས་ཁ་དང་མིག་འཚེམས་པའི་ཚུལ་དུ་བྱེད་པ་ནི་འོད་ཟེར་ཅན་གྱིའོ། །ལག་པ་ གཉིས་སྤྱི་བོར་སྦྲུལ་མགོའི་གདེངས་ཀའི་ཚུལ་དུ་བྱས་ལ་ཕུཊ་ཅེས་བརྗོད་པ་ནི་དུག་སེལ་མའི་སྟེ་དུག་སེལ་མ་འདི་ཉིད་ཀྱི་སྦྱོར་བས་དུག་བསལ་བར་བྱའོ། །འདོད་པའི་རྒྱལ་པོའི་ཕྱག་རྒྱ་ལས་མཛུབ་མོ་གཉིས་བསྒྲེང་ནས་གཞག་པ་ནི་རྡོ་རྗེ་ཧཱུྃ་མཛད་ཀྱིའོ། །དེ་ཉིད་ལག་པ་གཡས་པའི་ མཛུབ་མོ་ལྕགས་ཀྱུའི་ཚུལ་དུ་བྱས་པ་ནི་རྡོ་རྗེའི་ཁྲོ་བོའི་ལྕགས་ཀྱུའི་ཕྱག་རྒྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་འདྲེན་པ་ལ་ནི་ཛཿཞེས་བྱ་བ་དང་སྦྱར་བར་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཐེའུ་ཆུང་གཉིས་ཁའི་གྲ་གཉིས་སུ་བཟློག་སྟེ་མཆེ་བར་བྱས་ལ་ལྕེ་བསྐུལ་ཞིང་ཁྲོ་བོའི་ལྟ་ བས་ལྟ་བར་བྱེད་པ་ནི་རྡོ་རྗེ་མཆེ་བའི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཐེའུ་ཆུང་དང་མཛུབ་མོ་གཉིས་རྡོ་རྗེས་མནན་པའི་ལྕགས་ཀྱུ་བྱས་ལ་ཧཱུྃ་ཞེས་བརྗོད་ཅིང་ཁྲོ་བོའི་ལྟ་བ་དང་ལྡན་པས་ལུས་གཅུ་པ་ནི་རྡོ་རྗེ་མཁའ་འགྲོ་མའི་ཕྱག་རྒྱ་སྟེ། ཁྲག་ལ་སོགས་པ་དྲང་བ་ལ་སྦྱར་བར་ བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་མཛུབ་མོ་གཉིས་བརྐྱང་ནས་བསྣོལ་ཏེ་གྱེན་དུ་འདེགས་པ་ནི་དཀྱིལ་འཁོར་གྱི་ཕྱག་རྒྱ་སྟེ། བཟླས་བརྗོད་འབུམ་བྱས་ནས་མཚན་མོ་ཐོག་ཐག་བསྒྲུབས་ལ་ཕྱག་རྒྱ་འདི་དང་བཛྲོད་ཏིཥྛ་ཞེས་བྱ་བ་དང་དཀྱིལ་འཁོར་གྱི་བཏེག་ལ་བསྟན་པར་ བྱའོ། །དེ་ཉིད་ལས་མཁྲིག་མ་གཡོན་པ་ལ་མཁྲིག་མ་གཡས་པ་གཞག་སྟེ། ཡང་སྒོ་ལོགས་སུ་བཏེག་པ་ནི་སྒོ་དབྱེ་བའི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཉིས་བཟློག་ནས་བསྣོལ་ལ་མཆན་ཁུང་དུ་བསམས་ཏེ་ཁྲོ་བོའི་བལྟ་དང་ལྡན་པ་ནི་གདོན་ཐམས་ཅད་སྐྲག་པར་བྱེད་པའི་ཕྱག་ རྒྱའོ། །ལག་པ་གཡོན་པ་བརྐྱང་སྟེ་ཁ་སྦུབས་ལ་དེའི་སྟེང་དུ་གཡས་པ་བཞག་ལ་གཉིས་གའི་མཐེ་བོ་བསྐྱོད་པ་ནི་ལྷ་མ་ཡིན་གྱི་སྒྱུ་དང་འཁྲུལ་འཁོར་དབྱེ་བ་དང་། ལྷ་མ་ཡིན་གྱི་བུ་མོ་སྨྲར་གཞུག་པའི་ཕྱག་རྒྱའོ། །ལག་པ་གཉིས་ཀྱི་མཐེ་བོ་དང་མཐེའུ་ཆུང་ལུ་གུ་རྒྱུད་དུ་བྱས་ལ་ 61-1-302b ལྷག་མ་བརྐྱང་སྟེ་སྟང་སྟབས་དང་བཅས་པས་ཧཱུྃ་ཞེས་བྱ་བ་དང་སྦྱོར་བ་ནི་ཁྲོ་བོ་རྡོ་རྗེས་འོག་གི་ཕྱག་རྒྱ་སྟེ་འདིས་འཁྲུལ་འཁོར་བཤིག་ལ་ལྷ་མ་ཡིན་གྱི་གྲོང་ཁྱེར་དུ་འཇུག་པར་བྱའོ། །གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་སྡིགས་མཛུབ་བྱས་པ་ནི། རྡོ་རྗེ་ནག་མོའི་ཕྱག་རྒྱའོ། །རྡོ་རྗེ་བཅིངས་པ་ལས་ མཛུབ་མོ་གཉིས་བརྐྱང་སྟེ་ཕུར་བུའི་ཚུལ་དུ་བྱས་པ་ནི་རྡོ་རྗེ་ཕུར་བུའི་ཕྱག་རྒྱའོ། །གཡས་པའི་རྡོ་རྗེ་ཁུ་ཚུར་བརྡུང་བའི་ཚུལ་དུ་བྱེད་པ་ནི་རྡོ་རྗེ་ཐོ་བའི་ཕྱག་རྒྱའོ། །ལག་པ་གཉིས་རྡོ་རྗེ་ཁུ་ཚུར་བྱས་ལ་མཛུབ་མོ་གཉིས་བརྒྱང་སྟེ་མདུད་པ་དོར་བའི་ཚུལ་དུ་བྱས་པ་ནི་དེ་བཞིན་གཤེགས་པ་ ཐམས་ཅད་ཀྱི་རྡོ་རྗེ་བཅིང་བའི་ཕྱག་རྒྱ་སྟེ་འདི་དང་བཾ་ཞེས་བྱ་བ་འདིས་དཀྱིལ་འཁོར་གྱི་ལྷ་རྣམས་བཅིང་བར་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་སོག་ལེས་བགེགས་འདྲ་བ་ལྟར་བྱེད་པ་ནི་རྡོ་རྗེ་སོག་ལེའི་ཕྱག་རྒྱ་སྟེ་བགེགས་འདྲ་བ་ལ་ནི་ཧཱུྃ་ཞེས་བརྗོད་ནས་སྦྱར་བར་བྱའོ། །ལག་པ་གཉིས་ཟླ་བ་ འདྲ་བར་བྱས་པས་གདོང་གཡོགས་ལ་ཨ་ལ་ལ་ཞེས་བརྗོད་ཅིང་མིག་སྟེང་དུ་བགྲད་པར་གྱུར་པ་ནི་རྡོ་རྗེ་སྲིན་མོའི་ཕྱག་རྒྱ་སྟེ་འདི་ནི་གདུག་པ་གནོན་པའོ། །ལག་པ་གཉིས་ལུ་གུ་རྒྱུད་དུ་བྱས་ལ། གུང་མོ་དང་མཛུབ་མོ་བརྐྱང་ནས་གྲི་གུག་ལྟར་བྱས་པ་ནི་ཆད་པའི་ཕྱག་རྒྱ་སྟེ་འདི་དང་སྟོབས་ པོ་ཆེའི་ཕྱག་རྒྱས་སྤྲིན་ཐམས་ཅད་གཏུབས་པར་འགྱུར་རོ། །ལག་པ་གཉིས་ཁུ་ཚུར་བཅིངས་ལ་མཛུབ་མོ་གཉིས་སྐམ་པར་བྱས་ནས་དཔུང་པ་བརྐྱང་ལ་ཕུར་བུ་འབྱིན་པའི་ཚུལ་དུ་བྱེད་པ་ནི་སྐམ་པའི་ཕྱག་རྒྱ་སྟེ། ལག་པ་གཉིས་ཀྱི་མཐེ་བོ་རང་གི་ལག་མཐིལ་དུ་བཞག་ལ་རྐང་པ་ གཅིག་ས་ལ་བཙུགས་ནས་རྐང་པ་གཉིས་པ་རྒྱབ་ཏུ་བསྐུམ་ལ་ཁྲོ་བོའི་བལྟ་བས་ལྕེ་བསྐྱོད་ཅིང་ཧཱུྃ་ཕཊ་ཅེས་བརྗོད་ཅིང་གོམ་པ་འདོར་ཞིང་བསྐྱོད་པ་སྟེ། རང་གི་ལག་མཐིལ་དུ་མཐེ་བོ་གཞག་པའི་ལག་པ་གཉིས་ཀྱིས་གཤོག་པ་བསྐྱོད་པ་ལྟར་བྱེད་པ་ནི་རྡོ་རྗེ་ནམ་མཁའ་ལྡིང་གི་ཕྱག་རྒྱ་ སྟེ་རྡོ་རྗེ་ནམ་མཁའ་ལྡིང་དུ་བདག་ཉིད་བསམས་ལ་འདིས་ནད་ཐམས་ཅད་བསལ་བར་བྱའོ། །རྡོ་རྗེ་ཁུ་ཚུར་གྱིས་མདའ་གཟུང་ལ། གཡས་དང་གཡོན་དུ་བརྐྱང་བའི་ཚུལ་དུ་བྱས་ལ། སྟེང་དང་འོག་དང་ངོས་གཉིས་སུ་མདའ་འཕེན་པར་བྱེད་པ་ནི་རྡོ་རྗེ་མདའི་ཕྱག་རྒྱ་སྟེ་འདི་དང་ཧཱུྃ་ཕཊ་ 61-1-303a ཅེས་བྱ་བས་གཞན་གྱི་དཔུང་གཞིག་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱས་ལ་ཧོཿཞེས་བྱ་བས་མཉེས་པར་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་གུང་མོ་གཉིས་གཤིབས་ཏེ་བསྒྲེང་ལ་ཚིགས་གསུམ་པ་བཅག་སྟེ་རིན་པོ་ཆེ་དང་འདྲ་བར་བྱ། མཐེ་བོ་ གཉིས་བསྙམས་པའི་སྟེང་དུ་མཛུབ་མོ་གཉིས་གདུ་བུའི་ཚུལ་དུ་བྱས་པ་ནི་བཅོམ་ལྡན་འདས་འཁོར་ལོ་ཅན་གྱི་ཕྱག་རྒྱ་སྟེ་འདི་དང་དེའི་གཟུགས་སུ་བསྒོམས་ནས་འཁོར་ལོ་འབར་བ་ལྟ་བུ་འཛིན་ནི་གཡུལ་ལས་སྒྲོལ་བར་བྱེད་པའོ། །ལག་པ་གཡོན་པའི་སོར་མོ་ཀུན་རང་གི་མཐེ་བོས་ མནན་ཏེ་གུང་མོ་བསྒྲེང་གཡས་པ་པདྨར་བྱ་བ་ནི་ཧ་ལ་ཧ་ལའི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཐེའུ་ཆུང་གཉིས་ལུ་གུ་རྒྱུད་དུ་བྱས་ལ། མཛུབ་མོ་གཉིས་གཤིབས་ཏེ་བཟློག་ལ་དཔྲལ་བར་གཞག་པ་ནི་རྡོ་རྗེ་ཁྲག་འཐུང་གི་ཕྱག་རྒྱ་སྟེ་འདིས་དུར་ཁྲོད་དུ་ཞུགས་ལ་མཁའ་འགྲོ་མ་ རྣམས་བསྐྲད་པར་བྱའོ། །གཡོན་པས་ཐོད་པ་གཟུང་བའི་ཚུལ་དུ་བྱས་ལ། གཡས་པས་མདུང་རྩེ་གསུམ་པར་བྱས་ནས་རལ་པ་ལ་ཟླ་བས་བརྒྱན་ཏེ་བཅིངས་ནས་མཚན་མ་བསྒྲེངས་པ་མིག་གསུམ་པ་ལ་གར་སྟབས་ཀྱིས་གར་བྱེད་པར་བདག་ཉིད་བསྒོམས་པ་ནི་བདེ་བྱེད་ཀྱི་ཕྱག་རྒྱའོ། ། གཡོན་པའི་གུང་མོ་དང་མཐེ་བོ་འཇིགས་པའི་ཚུལ་དུ་བརྐྱང་ལ་གཡས་པའི་ཁུ་ཚུར་དབྱུག་ཏོ་འཛིན་པ་ལྟར་བྱས་པ་ནི་ཁྱབ་འཇུག་གི་ཕྱག་རྒྱའོ། །ལག་པ་གཉིས་ཐལ་མོ་སྦྱར་ནས་པདྨའི་ཚུལ་དུ་བརྐྱང་བར་བྱེད་པ་ནི་ཚངས་པའི་ཕྱག་རྒྱའོ། །ལག་པ་གཉིས་མེ་ཏོག་ཐོགས་པའི་ཕྱག་རྒྱར་ བྱས་པ་ནི་མ་མོ་ཐམས་ཅད་ཀྱིའོ། །རྡོ་རྗེ་སེམས་མ་ལ་སོགས་པ་དེ་དག་ཉིད་ནི་རིན་པོ་ཆེ་སྟེ་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དེས་དཀྱིལ་འཁོར་གྱི་ལྷ་རང་གི་ཏིང་ངེ་འཛིན་ལ་གནས་པར་བསྒོམས་ལ་དབང་བསྐུར་བར་བྱ་སྟེ། དེ་ལ་བཅོམ་ལྡན་འདས་རྣམ་པར་སྣང་ མཛད་ཀྱི་ནི་རིན་པོ་ཆེའི་དབུ་རྒྱན་ཉིད་ཀྱིས་སོ། །གཞན་རྣམས་ཀྱི་ནི་མི་བསྐྱོད་པ་དང་། འོད་དཔག་ཏུ་མེད་པ་དང་། སངས་རྒྱས་ལྔའི་དབུ་རྒྱན་ཉིད་ཀྱིས་ཅི་རིགས་པར་བསྐྱེད་པར་བྱའོ། །དར་དཔྱངས་དང་ཕྲེང་བས་ཀྱང་དབང་བསྐུར་བར་བྱ་སྟེ་རྡོ་རྗེ་ཁུ་ཚུར་གཉིས་ལྟག་པར་མདུད་ལ་ 61-1-303b མཐེའུ་ཆུང་ལ་སོགས་པ་སོར་མོ་ཐམས་ཅད་བཀྲོལ་ནས་འགྱིང་བག་དང་བཅས་པས་དར་དཔྱངས་ཀྱི་ཚུལ་དུ་བྱའོ། །གསང་བའི་མཆོད་པ་ཉིད་བསྟན་པར་བྱ་བའི་ཕྱིར་འགྱུར་ཞིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ཁུ་ཚུར་གཉིས་དཀུར་བརྟེན་ནས་ཅུང་ཟད་འཇོ་སྒེག་གི་ཚུལ་གྱིས་ འགྱུར་ཞིང་གཡོན་ཕྱོགས་སུ་འདུད་པ་ནི་སྒེག་མོའི་འོ། །དེ་ཉིད་ལས་ཕྲེང་བའི་ཚུལ་དུ་མགོ་ལ་འཆིང་བ་ནི་ཕྲེང་བ་མའིའོ། །གླུ་ལེན་ཅིང་རྡོ་རྗེའི་པི་ཝང་བརྡུང་བའི་ཚུལ་དུ་བྱེད་པ་ནི་རྡོ་རྗེ་གླུ་མའིའོ། །རྡོ་རྗེ་ཁུ་ཚུར་གཉིས་གར་བྱེད་པའི་ཚུལ་དུ་བསྐོར་བ་ནི་རྡོ་རྗེ་གར་མཁན་མའིའོ། །གསང་ བ་དང་ཕྱིའི་མཆོད་པ་གར་སྔོན་དུ་འགྲོ་བས་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། འཇོ་སྒེག་ཐབས་ལ་སྤྲོ་བ་ཡིས། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མེ་ཏོག་ནི་ཐལ་མོ་དང་གར་གྱིས་མེ་ཏོག་དབུལ་བའི་ཚུལ་དུ་བྱེད་པ་ནི་མེ་ཏོག་མའིའོ། །ཕན་ཚུན་རྒྱབ་སྦྱར་ལ་གུང་མོ་ བསྒྲེང་ནས་སྤོས་ཀྱི་ཚུལ་དུ་བསྐོར་བ་ནི་བདུག་སྤོས་མའིའོ། །མཐེ་བོ་གཉིས་མར་མེའི་ཚུལ་དུ་གཞག་པ་ནི་མར་མེ་མའིའོ། །གར་སྔོན་དུ་འགྲོ་བས་བྱུག་པའི་ཚུལ་དུ་བྱེད་པ་ནི་བྱུག་མའིའོ། །ལག་པ་གཉིས་དུང་གི་ཚུལ་དུ་སྦྱར་ལ་མཆོད་ཡོན་དབུལ་བར་བྱའོ། །ལག་པ་ གཉིས་ཀྱིས་བརྡེབས་པས་རྫ་རྔ་བརྡུང་བའི་ཚུལ་དུ་བྱ་བ་དང་། རང་གི་བུད་པའི་ཚུལ་གྱིས་གླིང་བུ་འབུད་པ་དང་། རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ལ་མཐེ་བོ་གཉིས་གཤིབས་ལ་བརྐྱང་། མཐེ་བོ་གཉིས་གདུ་བུར་བྱས་པའི་དུང་འབུད་པ་དང་ལག་པ་གཡས་པ་བཏེག་སྟེ། དེ་ཉིད་ཀྱིས་རྔ་ཡབ་གཡོབ་པ་ལྟར་བྱ་བ་དང་ལག་པ་གཡོན་པ་བཏེག་ལ་ལག་པ་གཡས་པ་རྒྱལ་མཚན་གྱི་ཚུལ་དུ་དཔྱངས་པ་དང་། དེ་བཞིན་དུ་གཉི་ག་བ་དན་དུ་བྱ་བའི་དོན་དུ་གཡོ་ཞིང་བསྐོར་བས་འོག་ཏུ་བྱ་བ་དང་ཚོན་འགྱེད་པའི་ཚུལ་གྱིས་ཕྲེང་བ་བྱ་བ་དང་ལག་པ་གཡོན་པ་པང་ པར་གཞག་སྟེ་སྣོད་དུ་བྱས་ལ། གཡས་པ་བཟུང་ནས་ལྷ་བཤོས་རྣམ་པ་སྣ་ཚོགས་པ་དབུལ་བ་དང་། ཟུར་བཞིའི་ཚུལ་གྱིས་ཁང་པ་བརྩེགས་མ་བྱ་བ་དང་། གོས་ཀྱི་ཚུལ་ཏེ་ན་བཟའ་འདྲ་བའི་ཚུལ་དང་། གདུ་བུ་དང་དོ་ཤལ་དང་། དཔུང་རྒྱན་དང་། རྐང་རྒྱན་དང་། རྣ་ཆ་རྣམས་ནི་ 61-1-304a གནས་ཇི་ལྟ་བར་བརྒྱན་པར་བྱ་བ་དང་། ལག་པ་གཡོན་པའི་མཐེ་བོའི་རྩེ་མོའི་སྟེང་དུ་གཡས་པ་བརྐྱང་ལ་གདུགས་སུ་བྱ་བ་དང་། ལག་པ་གཡོན་པ་ཐད་ཀར་བརྐྱང་ལ་གཡས་པ་དེ་བཞིན་དུ་གཡོན་པའི་སྟེང་དུ་གཞག་སྟེ་ནམ་མཁའ་ལ་བསྐོར་ན་བླ་རེར་འགྱུར་རོ། ། མཚམས་རྣམས་སུ་དྲང་བ་ལ་སོགས་པ་བྱ་སྟེ་འདི་དག་ལ་ཡི་གེ་ཧཱུྃ་གིས་ཅི་རིགས་པར་བྱའོ། །དེ་ཁོ་ན་ཉིད་ཀྱི་མཆོད་པའི་དོན་དུ་ཤེས་རབ་ཀྱི་སྒོ་འཕར་དབྱེ་བར་བྱ་བའི་ཕྱིར་དབྱེ་བར་བྱའོ། །གང་རྣམ་པར་རྟོག་པ་དང་བྲལ་བ་དེ་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་རྣམ་པར་བསྒོམས་པས་ ཐམས་ཅད་རྡོ་རྗེ་འཛིན་པའི་བདག་ཉིད་དུ་ཤིན་ཏུ་དད་པ་ནི་ལྷ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྣམས་ལ་མཆོད་པ་བླ་ན་མེད་པ་བྱས་པར་འགྱུར་རོ། །དབུ་མའི་ཐེག་པ་བསྒོམས་པས་རྣམ་པར་མ་བསྒོམས་པ་ཡང་ཀུན་རྫོབ་ཀྱི་མཆོད་པ་ཡིན་པར་བལྟ་བར་བྱའོ། །དཀྱིལ་ འཁོར་བའི་ལྷ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་དང་དེ་བསྒྲུབས་པའི་འབྲས་བུ་མཉམ་པ་མེད་པས་ལེགས་སོ་ཞེས་གསུངས་སོ། །དེ་བཞིན་གཤེགས་པ་ལ་སོགས་པ་རིགས་ལྔ་ནི་སྐྱེ་བ་དང་འགག་པ་དང་བྲལ་བས་བཅོམ་ལྡན་འདས་ལ་བསྟོད་པ་བསྟན་པར་བྱ་བའི་ཕྱིར། མཐའ་མ་མེད་ཅིང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྐུ་གསུམ་གྱི་བདེ་བའི་སྒོ་ནས་ལྷ་ཐམས་ཅད་ལ་བསྟོད་པ་བསྟན་པར་བྱ་བའི་ཕྱིར། བདེ་བ་ལས་འཁྲུངས་རྡོ་རྗེ་འཆང་བ་ཡི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ཡེ་ཤེས་ནི་བྱང་ཆུབ་ཀྱི་སེམས་ཀྱི་བདག་ཉིད་ ཅན་ཏེ་དེ་ལས་ཟླ་བ་དང་རྡོ་རྗེ་ལ་སོགས་པའི་རིམ་གྱིས་བདེ་བའི་ངོ་བོར་འཁྲུངས་པའོ། །ཇི་ལྟ་བུ་ཞེ་ན་དངོས་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དངོས་པོ་རྣམ་པར་བསྒོམ་པ་ནི་རྣམ་པར་སྣང་མཛད་ལ་སོགས་པ་བདག་པོ་བསྐྱེད་པའི་སྒོ་ཡོད་པ་དེ་ཉིད་བསྟན་པར་བྱ་བའི་ཕྱིར། གང་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གང་གི་ཕྱིར་དང་པོར་ཏེ། ཐོག་མར་རྣམ་པར་སྣང་མཛད་ནི། །ཨོཾ་ལས་བྱུང་བར་སྤྲུལ་པའོ། །གང་གིས་ཤེ་ན་དག་ཅིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དག་ཅིང་རྣམ་དག་ཅེས་བྱ་བ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ལས་ 61-1-304b དབེན་ཞིང་། སྒྲིབ་པ་ཐམས་ཅད་སྤངས་པ་ཡིན་པས་ན་དེ་སྐད་ཅེས་བྱའོ། །གཟུངས་མང་ཚུལ་གྱིས་ཞེས་བྱ་བ་ནི་ཡང་དག་པའི་རིག་པ་བཅུ་མཚན་ཉིད་ཅན་གྱི་ཕྲེང་བས་བཅིངས་པ་ནི་བསྐྱེད་པ་སྟེ། ཀུན་ནས་ཉོན་མོངས་པ་ཟིལ་གྱིས་གནོན་པའི་བདག་ཉིད་ཅན་གྱི་བསྟོད་པའི་རྣམ་པའོ། །དེ་ བས་ན་སྒྱུ་འཕྲུལ་དྲ་བའི་རྒྱུད་ཀྱི་ངོ་བོ་བཅོམ་ལྡན་འདས་དེ་ཉིད་ལ་ཕྱག་འཚལ་བའོ། །གསུང་སྙན་ཞེས་བྱ་བ་ལ་སོགས་པ་ལ་ཡི་གེ་ཀུན་ནི་པདྨའི་རིགས་ཀྱི་ལྷ་མོ་རྣམས་ཀྱིས་ཏེ་དེ་ཀུན་དུ་བསྟེན་ཅིང་ཁྱབ་པའི་བར་གྱིས་གསུངས་སྙན་ཅེས་གསུངས་སོ། །གསུང་ནི་ཡི་གེ་ཨཱཿསྟེ། དེ་ཉིད་སྐྱེ་བ་ མེད་པ་སྟོན་པས་སྤྲོས་པ་མེད་པར་སྟོན་པའོ། །དེ་ལ་འཇིག་རྟེན་དབང་ཕྱུག་བཞུགས་པ་ནི་དེ་ལས་བྱུང་བའི་ཕྱིར་ཏེ། སྔ་མ་བཞིན་དུ་དེ་ལ་ཡང་བདག་ཕྱག་འཚལ་ལོ་ཞེས་བྱ་བར་སྦྱར་རོ། །དེས་བྱས་པའི་མིག་གསུམ་པ་ལྷ་མོ་དང་བཅས་པ་ཁྲོ་བོའི་རྒྱལ་པོའི་སྐུས་བཏུལ་བར་མཛད་པ་དང་། རྫུ་འཕྲུལ་གྱི་རྐང་ཚུལ་མང་པོ་དང་ལྡན་པ་གང་ཡིན་པ་དེ་ལྟ་བུ་གཞན་འགའ་ཡང་མཉམ་པ་མེད་པ་དང་བདེ་བ་ཆེན་པོའི་རང་བཞིན་གྱི་རྗེས་སུ་ཆགས་པས་བཞུགས་པ་སྟེ། ན་ཆུང་དག་དང་ལྷན་ཅིག་བཞད་ཅིང་རོལ་པ་ནི་བདེན་པ་མ་ཡིན་པས་ཀུན་རྫོབ་ཏུ་བཞུགས་པར་སྟོན་པའི་བར་དུའོ། །ད་ནི་ འདི་སྐད་སྟོན་པར་འགྱུར་ཏེ་ཡི་གེ་གསུམ་གྱི་རྣམ་པ་ལས་རིམ་གྱིས་འབྲས་བུའི་སྒོ་ནས་བདག་ཉིད་ཆེན་པོའི་འབྱུང་བ་སྔོན་དུ་འགྲོ་བས་ཕྱག་འཚལ་བ་སྟོན་པ་ཡིན་ཏེ་དེ་ལ་ཡང་སྔ་མ་བཞིན་ནོ། །འདིའི་ཡང་ཕྱག་གཡས་པས་ཐུགས་ཀར་རྡོ་རྗེ་བསྟོད་དེ་འཇོག་ལ། གཡོན་པ་ དཀུར་བརྟེན་ནས་དྲིལ་བུ་འཁྲོལ་བར་མཛད་ཅིང་། ཡང་གཡས་དང་གཡོན་གྱིས་མདའ་དང་གཞུ་གསོར་ཞིང་བསྣམས་པ། ཟླ་བའི་མདོག་ཅན་ལ་ཅུང་ཟད་དམར་བས་མཛེས་པའི་མདངས་ཅན་ལྷ་མོ་བཞིའི་བཙུན་མོས་བསྐོར་བ་སྟེ། དེ་ཡང་གཅིག་ནི་ལྷ་མོ་ཀཱི་ལི་ཀཱི་ལ་སྟེ་མཆོག་ཏུ་ དབུས་ཀྱི་རང་གི་ལྷའི་དམ་ཚིག་པ་ལ་འཁྱུད་པའོ། །གཉིས་པ་ནི་ཆུ་སྲིན་གྱི་རྒྱལ་མཚན་ཅན་ཏེ་རྒྱབ་ཏུ་གནས་ཤིང་རྗེས་སུ་ཆགས་པ་བདེ་བ་ཆེན་པོའི་མཐུ་དང་ལྡན་པའོ། །གསུམ་པ་ནི་བསྙེམས་མ་ཞེས་བྱ་བ་སྟེ་མེ་ཏོག་གི་ཕྲེང་བས་བདག་པོ་ལ་ཀུན་ནས་འཕེན་པའོ་ཞེས་བྱ་བ་ནི་ 61-1-305a ལྷག་མའོ། །བཞི་པ་ནི་མེ་ཏོག་གི་མིག་ཅན་ཏེ། གཡས་ནས་བདེ་བའི་མདའ་འཕེན་པ་སྟེ་འདོད་པའི་མདའ་ཞེས་བྱ་བའི་དོན་ཏོ། །གང་ཞིག་གླུ་འདི་ལེན་ཅིང་སྟོད་པར་བྱེད་པ་དང་། སྒོམ་པར་བྱེད་པ་དེས་ནི་བདེ་བའི་རྡོ་རྗེ་ཅན་དང་མཉམ་པ་ཐོབ་པར་འགྱུར་རོ། །དེ་རྣམས་ཀྱིས་ ཕྱིའི་མཆོད་པ་རྣམ་པ་སྣ་ཚོགས་དང་ཡིད་ཀྱི་མཆོད་པ་རྣམས་ཨོཾ་ཨ་ནུཏྟ་ར་ཞེས་བྱ་བ་ལ་སོགས་པས་བྱིན་གྱིས་བརླབ་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །ལེའུ་དྲུག་པའི་བཤད་པའོ།། །།ད་ནི་བྱང་ཆུབ་ཀྱི་སེམས་བསྟན་པར་བྱ་བའི་དོན་དུ། རྒྱུད་ཕྱི་མ་བཤད་པར་བྱ་བའི་ ཕྱིར། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ནི་ལུས་ཀྱི་རྣམ་པ་ཡིན་ལ་ཞེས་བྱ་བ་ནི་དེ་ལྟ་བུའི་རྣམ་པར་སྣང་བ་ཡིན་ཏེ། དེ་སྐད་དུ་ཁམས་གསུམ་པོ་འདི་དག་ནི་སེམས་ཙམ་མོ་ཞེས་གང་གསུངས་པས་སོ། །ཆོས་རྣམས་ཞེས་བྱ་བ་ནི་དེ་བཞིན་ གཤེགས་པའི་རིགས་རྣམས་ལའོ། །སྐྱེ་བ་མེད་པས་བརྗོད་དུ་མེད་པ་ནི་ཡི་གེ་མེད་པའོ། །ཡི་གེ་མེད་པས་ན་གནས་པ་མེད་པའོ། །དེ་བས་ན་དེ་ཁོ་ན་ཉིད་དུ་མེད་པའོ། །རྟོག་པ་དང་བརྗོད་པ་ཐམས་ཅད་ཀྱི་གནས་མ་ཡིན་པས་ན་རྟོག་པ་དང་བརྗོད་པའི་ཚུལ་སྤངས་པའོ། །གསུང་ གི་སྤྲོས་པ་ཙམ་ཉིད་རྡོ་རྗེ་ཡིན་པས་ན་དེ་ལ་དམིགས་པའི་ཏིང་ངེ་འཛིན་དེ་ལ་ཡང་དེ་སྐད་ཅེས་བྱའོ། །དངོས་པོ་ཞེས་བྱ་བ་ནི་རྡོ་རྗེའི་རིགས་རྣམས་སོ། །དེ་མ་བསྐྱེད་པ་ཡིན་ཏེ། དེ་བས་ན་ཆོས་ཅན་དང་ཆོས་ཉིད་དང་བྲལ་བས་ཆོས་ཐམས་ཅད་མེད་པ་སྟེ། ཡང་དག་པར་རིག་པ་བཅུའི་ མཚན་ཉིད་ཅན་དང་ཆོས་ཉིད་མེད་པ་སྟེ་ཡིད་དུ་འོང་བའི་དོན་ཐོབ་པའི་བདག་ཉིད་ཅན་མེད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམིགས་སུ་མེད་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དངོས་པོ་འདི་དག་ཅེས་བྱ་བ་ནི་རིན་པོ་ཆེའི་རིགས་དང་ལྡན་པ་རྣམས་ སོ། །ཆོས་ཀྱི་མཚན་ཉིད་སྤངས་པ་ཡིན། །ཞེས་བྱ་བ་ནི་དཀྱིལ་འཁོར་ལ་སོགས་པའི་ཆོས་རྣམས་ནི་རང་གི་མཚན་ཉིད་དང་བྲལ་བའི་ཕྱིར་རོ། །ཇི་ལྟར་ན་འདི་ལྟར་འགྱུར་ཞེ་ན། བདག་མེད་ཆོས་ལས་ལེགས་བྱུང་བའི། །ཞེས་བྱ་བ་གསུངས་ཏེ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ 61-1-305b བདག་པོ་ལས་སྐྱེས་ཞེས་བྱ་བའི་དོན་ཏོ། །མེ་ལྕེ་འབར་བ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་དག་པའོ། །དེ་ཉིད་རྡོ་རྗེ་འབར་བ་སྟེ་དེ་ལ་དམིགས་པའི་ཏིང་ངེ་འཛིན་དེ་ལ་ཡང་དེ་སྐད་ཅེས་བྱའོ། །དངོས་པོ་ཞེས་བྱ་བ་ནི་པདྨའི་རིགས་དང་ལྡན་པ་རྣམས་སོ། །དེ་ནི་སྐྱེ་བ་མེད་པ་ཡིན་ལ་དེ་བས་ ན་དངོས་པོ་མེད་པ་སྟེ། ལྷ་རྣམས་དང་སྒོམ་དུ་མེད་པ་སྟེ་བསྒོམ་པར་བྱ་བའང་མེད་པའི་ཕྱིར་རོ། །དངོས་པོ་ཞེས་རབ་ཏུ་བརྗོད་པ་ནི་ཀུན་རྫོབ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བླ་ན་མེད་པའི་རང་བཞིན་གྱིས་འོད་གསལ་བའོ། །དེ་ཉིད་རྡོ་རྗེ་སྟེ་དེ་ལ་དམིགས་པའི་ཏིང་ངེ་ འཛིན་གང་ཡིན་པ་དེ་ལ་ཡང་དེ་སྐད་ཅེས་བྱའོ། །ཆོས་རྣམས་ཞེས་བྱ་བ་ནི་ལས་ཀྱི་རིགས་དང་ལྡན་པ་རྣམས་སོ། །གཟོད་ནས་དག་པ་ནི་ཐོག་མ་ནས་སྐྱེ་བ་མེད་པའི་ཕྱིར་རོ། །རྙོག་པ་མེད་པ་ནི་ཉེས་པ་ཐམས་ཅད་ལས་དབེན་པའི་ཕྱིར་རོ། །དེ་བས་ན་སེམས་ཅན་མེད་པ་སྟེ་ཟླ་ བའི་དཀྱིལ་འཁོར་གྱི་ངོ་བོ་དང་སྲོག་ཀྱང་མེད་པ་སྟེ་ཕྱག་མཚན་གྱི་གཟུགས་མེད་པ་དང་སངས་རྒྱས་ཉིད་མེད་པ་སྟེ་རིགས་ཀྱི་དག་པོའི་མཚན་ཉིད་ཅན་དང་། བྱང་ཆུབ་མེད་པ་སྟེ་བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་དངོས་པོ་མེད་པའོ། །སངས་རྒྱས་དང་དག་པ་དང་། ཆོས་ བསྟན་པ་རྣམས་ནི་སྐུ་དང་ཐུགས་དང་གསུང་གི་སྒོ་ནས་སོ། །ཆོས་ཐམས་ཅད་བདག་མེད་པ་བསྒོམ་པའི་བདག་ཉིད་ཅན་ཡིན་པས་ན། བདག་མེད་ཆོས་ལས་ལེགས་བྱུང་སྟེ། །འདི་དག་ནི་སངས་རྒྱས་ལ་སོགས་པའི་རྒྱུ་དང་འབྲས་བུར་གྱུར་པ་ཡིན་ནོ། །བྱང་ཆུབ་ཅེས་བྱ་བ་ལ་སོགས་ པ་ནི་ཕྱག་འཚལ་བ་སྟོན་པ་ཡིན་ཏེ། ཇི་ལྟར་འབྱུང་ཞེ་ན་བྱང་ཆུབ་ཚོགས་ཀྱིས་བསྒོམས་པ་ཡིས། །ཞེས་བྱ་བ་སྟེ་བྱང་ཆུབ་ཀྱི་སེམས་བསྒོམས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བླ་ན་མེད་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དེས་རྒྱུད་བསྒོས་པའི་ཕྱིར་རོ། །མི་ གཡོ་ཡི་གེ་ལས་འབྱུང་ཞིང་། །ཞེས་བྱ་བ་ནི་ཟླ་བ་ལ་གནས་པའི་ཡི་གེ་ཧཱུྃ་ལས་འབྱུང་བའི་ཕྱིར་རོ། །དེ་ནི་འདི་སྐད་སྟོན་པར་འགྱུར་ཏེ། བྱང་ཆུབ་ཀྱི་སེམས་བསྒོམ་པ་སྔོན་དུ་འགྲོ་བས་ཟླ་བའི་དཀྱིལ་འཁོར་ལ་སོགས་པ་བསྒོམ་པར་བྱའོ། །ཐུགས་རྡོ་རྗེའི་སྦྱོར་བས་དང་པོར་བཟླས་ 61-1-306a པ་ལ་སོགས་པ་ལ་རང་གི་ལྷ་སྤྱན་དྲང་བ་ལ་སོགས་པ་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། གནས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་འདི་དག་ག་ལས་ཤེས་ཤེ་ན། འཁོར་ལོས་སྒྱུར་བ་ཆེན་པོར་གྱུར་པས་ཆོས་ཀྱི་མཐར་ཡང་དམ་ཚིག་རྡོ་རྗེ་ཅན་དུ་གྱུར་ནས་རང་གི་ལྷ་སྤྱན་ དྲང་བར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར་རོ། །རྣལ་འབྱོར་བདག་ཉིད་ཅན་གྱིས་བརྟག །ཅེས་བྱ་བ་ནི་འདི་སྐད་སྟོན་པར་འགྱུར་ཏེ། སེམས་དཔའི་སྐྱིལ་མོ་ཀྲུང་དང་ལྡན་པར་འདུག་ལ་རང་བཞིན་གྱིས་དག་པའི་ཆོས་ཉིད་མངོན་དུ་བྱས་ཏེ། རང་གི་ཕྱག་རྒྱ་བྱིན་གྱིས་བརླབ་པ་སྔོན་དུ་འགྲོ་བ་དང་། རྡོ་རྗེ་ སེམས་མས་བྱིན་གྱིས་བརླབས་ལ་ཧཱུྃ་ཞེས་བྱ་བ་བརྗོད་དེ། རང་གི་ལུས་ཀྱི་རིན་པོ་ཆེ་ལ་བདག་ཉིད་རྡོ་རྗེ་ཅན་ཡིན་ནོ་ཞེས་ང་རྒྱལ་བསྐྱེད་ལ་ཇི་སྐད་དུ་བཤད་པའི་གནས་དང་སྟན་ལ་སོགས་པ་རྫོགས་ནས། རྡོ་རྗེའི་ལྕགས་ཀྱུས་རང་གི་ལྷ་སྤྱན་དྲངས་ལ་གདན་ཇི་ལྟ་བ་བཞིན་དུ་བསྟབས་ཏེ། རིགས་ཀྱི་ཡུམ་གྱི་དམ་ཚིག་ཉེ་བར་བསྟན་ནས་ཕྱག་རྒྱ་བསྐོར་བས་ཕྱོགས་བཅིངས་ལ་མཆོད་ཡོན་དང་ཞབས་བསིལ་ལ་སོགས་པ་ཕུལ་ནས་གོ་ཆ་བསྐོན་ཏེ། ཕྱོགས་སུ་མདའ་འཕེན་པའི་ཚུལ་དང་། ཕུར་བུ་དང་ར་བས་སྲུང་བ་བྱས་ལ། རང་གི་ཕྱག་རྒྱས་བྱིན་གྱིས་བརླབ་ཅིང་ དབང་བསྐུར་ཏེ་གསང་བའི་མཆོད་པ་དང་རོལ་མོ་ལ་སོགས་པ་བསམ་ཞིང་བསྟོད་པ་དང་། ཕྱག་བྱ་བ་ལ་སོགས་པའི་རིམ་གྱིས་རང་གི་ལྷའི་གཟུགས་སུ་བསྒོམ་པར་བྱའོ། །བྱིན་གྱིས་བརླབས་པའི་རྣལ་འབྱོར་ལ་ནི་རང་གི་སྔགས་དང་ཕྱག་རྒྱས་བདག་ཉིད་བྱིན་གྱིས་བརླབས་ ལ་རང་གི་ལྷའི་ང་རྒྱལ་དུ་བྱའོ། །ཡོངས་སུ་རྟོག་པའི་རྣལ་འབྱོར་ནི་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་སོགས་པའི་རིམ་གྱིས་རང་གི་ལྷར་བསྐྱེད་པའོ། །ཡོངས་སུ་རྫོགས་པའི་རྣལ་འབྱོར་ནི། སྐད་ཅིག་གིས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་རང་གི་ལྷའི་གཟུགས་ སུ་སྤྲོ་བ་དང་། སྡུད་པར་བྱེད་པས་བསྒོམ་པའོ། །དམ་ཚིག་བྱིན་གྱིས་བརླབ་པ་ནི་ལྷར་བྱིན་གྱིས་བརླབ་པ་ཡིན་ཏེ་སྔར་བཤད་པའོ། །རྣལ་འབྱོར་སྤྱོད་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ལྷ་ཐམས་ཅད་ཀྱི་རྣལ་འབྱོར་གྱིས་བྱུང་བ་ཡིན་པའི་ཕྱིར་རོ། །དེ་ཉིད་བརྟགས་པ་སྟེ་ 61-1-306b སེམས་སོ་སོར་རྟོགས་པ་ལ་སོགས་པའི་རིམ་གྱིས་བྱུང་བའི་ཕྱིར་རོ། །བར་དུ་ཞེས་བྱ་བ་ནི་དབུས་སུ་བྱུང་བ་སྟེ་རྣམ་པར་སྣང་མཛད་ཀྱི་ཐུགས་ཀའི་ཟླ་བའི་དབུས་ན་གནས་པའི་གསང་སྔགས་ཀྱི་ཡི་གེ་ལས་ངེས་པར་བྱུང་བ་ཞེས་བྱ་བའི་བར་དུའོ། །ཡོངས་སུ་བརྟག་པ་ལ་སོགས་པ་རྣལ་འབྱོར་ གཉིས་བསྟན་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ནི་འདི་ལྟར་སྟོན་པར་འགྱུར་ཏེ། དེ་ལ་དང་པོར་ཡི་གེ་ཧཱུྃ་གིས་ཐལ་མོ་གསུམ་བརྡབས་ལ་རང་གི་བྱང་ཆུབ་ཀྱི་སེམས་བསྒོམས་ནས་རང་བཞིན་གྱིས་དག་པར་མངོན་སུམ་དུ་བྱས་ལ་རང་གི་ སེམས་བྱང་ཆུབ་ཀྱི་ཚོགས་ཀྱིས་བསྒོས་པ་ཟླ་བའི་དཀྱིལ་འཁོར་ལྟ་བུར་སོ་སོར་བརྟགས་ལ། དེ་ཉིད་ཡོངས་སུ་རྫོགས་པ་དེ་ལ་ཡི་གེ་ཨོཾ་མྱུ་གུར་བྱས་ནས། དེ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཕྱུང་སྟེ། དེ་རྣམས་ཀྱིས་སེམས་ཅན་ཐམས་ཅད་བཏུལ་ནས་ནང་དུ་ཆུད་པ་སྔོན་དུ་འགྲོ་ བས་དེ་ལས་བྱུང་བའི་སྐུ་རྡོ་རྗེ་ལ་རང་གི་གདན་པཾ་ལས་བྱུང་བའི་པདྨ་ལ་གནས་པའི་མཚན་མ་ཐམས་ཅད་ཡོངས་སུ་རྫོགས་པར་བསྒོམས་ལ། གནས་ཇི་ལྟ་བར་ཡི་གེ་གསུམ་གྱིས་སྐུ་གཉིས་བྱིན་གྱིས་བརླབས་ལ། རང་དང་སྤྱན་གཉིས་བྱུང་བའི་རྒྱལ་མཚན་ལ་གནས་པའི་ཡི་ གེ་ཐམས་ཅད་ར་སའི་མེས་ཞུ་བར་བྱས་ལ་བྱང་ཆུབ་ཀྱི་སེམས་ཕྱུང་སྟེ་ཧཱུྃ་ལས་བྱུང་བའི་རང་གི་གསང་བའི་རྡོ་རྗེ་བྱས་ལ་དེ་ནས་སྔགས་ཀྱི་ཡི་གེ་གཉིས་ཡི་གེ་ཧོ་དམར་པོ་དང་སྤེལ་བ་རང་གི་ཁར་བཅུག་སྟེ། འདོད་ཆགས་ཆེན་པོའི་མེས་དེ་ཞུ་བར་གྱུར་ཅིང་། གཉི་ག་ཡང་ཞུ་བར་ གྱུར་པར་བལྟས་ལ་སྤྱན་ལ་སོགས་པས་བསླང་བའི་གླུ་དང་ཡང་དག་པར་བསྐུལ་བ་སྔོན་དུ་འགྲོ་བར་བྱས་པ་དང་། དེ་ནས་རྣམ་པར་སྣང་མཛད་དུ་གྱུར་ནས་ཐུགས་ཀའི་ཟླ་བའི་དཀྱིལ་འཁོར་ལ་རང་གི་གསང་སྔགས་དང་ལྡན་པས་རྡོ་རྗེའི་བདག་ཉིད་ནི་བདག་ཡིན་ནོ་ཞེས་བྱ་བའི་ང་ རྒྱལ་བསྐྱེད་ནས། མཚན་ཐམས་ཅད་ལ་སོགས་པ་ཡོངས་སུ་རྫོགས་ཤིང་འོད་ཀྱི་དཀྱིལ་འཁོར་དམ་པས་བརྒྱན་པ་དང་ཕྱག་རྒྱ་དང་ཉེ་བར་ལྡན་པའི་ཡེ་ཤེས་སེམས་དཔར་བདག་ཉིད་བསྒོམ་པར་བྱའོ། །ཆ་ཤས་ཀྱི་ནི་དྲ་བ་ཅན། །ཞེས་བྱ་བ་ནི་ས་ལ་སོགས་པ་སྤྱན་ལ་སོགས་པར་ 61-1-307a རང་གི་ས་བོན་ལས་བྱུང་བ་དགོད་པར་བྱའོ། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་རྣམས་ལ་ནི་དེ་བཞིན་གཤེགས་པ་རྣམས་དང་སའི་སྙིང་པོ་ལ་སོགས་པ་བཀོད་ལ། ཡང་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ཏེ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རང་ གི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ་བོ། །དེ་ནས་གོ་ཆ་དང་མཚོན་ཆ་ལ་སོགས་པ་བརྟག་པར་བྱ་ཞིང་རྫོགས་པའི་སངས་རྒྱས་ལྔ་པོ་རིན་པོ་ཆེའི་དབུ་རྒྱན་དུ་གྱུར་པའི་ཅོད་པན་དང་། ཕྲེང་བ་རྣམས་ཀྱིས་དབང་བསྐུར་ལ། གསང་བའི་མཆོད་པ་རྣམས་ཀྱིས་མཆོད་དེ། དེའི་ འོག་ཏུ་སྒྱུ་མ་སྟེ་རང་གི་ལྷའི་གཟུགས་ཀྱི་མཚན་ཉིད་ཅན་སངས་རྒྱས་ཀྱིས་སྤྲུལ་པ་མཛད་པ་དེ་རྣམས་ཀྱིས་སེམས་ཅན་ཐམས་ཅད་འདུལ་ཞིང་། པདྨ་ལ་གནས་པ་རྡོ་རྗེ་འབར་བའི་འཕྲོ་བའི་བདག་ཉིད་ཅན་གྱི་ལུས་དང་ལྡན་པ་སྤྲོས་ནས། ཡང་དག་པར་ བསྡུས་ཏེ་རང་གི་གདན་ལ་གནས་པར་བྱ་སྟེ་རང་གི་ལྷའི་ང་རྒྱལ་བྱའོ། །འདིར་ཡང་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྦྱོར་བས་རྣལ་འབྱོར་གསུམ་ཆར་ཡང་སྟོན་པ་ནི་སྒྲུབ་པའི་ཐབས་གཞན་དག་ཉེ་བར་མཚོན་པའི་དོན་དུ་འདི་དག་བསྟན་པ་ཡིན་ཏེ་གཞན་དུ་ན་དེ་རྣམས་ཀྱི་མོས་པའི་ དབང་གིས་ཉེ་བར་དགོད་པ་དོན་མེད་པར་ཐལ་བར་འགྱུར་རོ། །དབང་བསྐུར་བ་བྱས་པས་ནི་སྒེག་མོ་ལ་སོགས་པ་ཡང་དག་པར་མཆོད་ལ་སྟོང་པ་ཉིད་དུ་བྱས་ཏེ། རྡོ་རྗེ་གླུ་ལ་སོགས་པ་རྣམས་ཀྱིས་བདག་ཉིད་ཀྱི་ལུས་བསྐྱེད་དོ། །ལ་ལ་ནི་ཡོངས་སུ་བརྟགས་པ་དང་གཞན་ གྱི་དབང་ལ་སོགས་པའི་དེ་ཁོ་ན་ཉིད་ཀྱི་དབྱེ་བ་དང་རང་གི་ལྷ་ཉིད་ཀྱི་སྦྱོར་བ་ཉིད་ཀྱིས་སེམས་ཅན་གྱི་བསམ་པའི་ང་རྒྱལ་གྱི་དབྱེ་བས་བྱང་ཆུབ་གསུམ་འདིར་གསུངས་པ་ཡིན་ལ། དེ་ནི་དང་པོ་ཕྱེ་སྟེ་སྤྲོས་པ་ཡིན་ལ་གཞན་དག་ནི་མ་བཤད་དོ། །བསྒོམ་པས་སྐྱོ་བར་གྱུར་ན་མྱུར་ཆེས་ པ་དང་བུལ་བ་ལ་སོགས་པ་དང་བྲལ་བའི་གསང་སྔགས་བཟླས་བརྗོད་བྱའོ། །བཟླས་པས་སྐྱོ་ན་གཡས་པས་རྡོ་རྗེ་གསོར་ལ་གཡོན་པ་དཀུར་བརྟེན་པའི་དྲིལ་བུ་གསིལ་ཞིང་རྡོ་རྗེའི་གླུ་བླངས་ལ་མཆོད་པ་བྱས་ཏེ། སྔ་མ་བཞིན་དུ་གཤེགས་སུ་གསོལ་ལ་བདག་ཉིད་བསྲུངས་ཏེ། 61-1-307b སྐུ་དང་གསུང་དང་ཐུགས་བསྒོམ་པ་ཅི་བདེ་བ་ལ་གནས་པར་བྱའོ། །བསྒོམ་པ་དང་བཟླས་པ་བར་ཆད་དུ་གྱུར་པས་ཀྱང་ཡི་གེ་བརྒྱ་པ་བརྗོད་པ་ཉེ་བར་བསྡུ་བར་བྱའོ། །ལེའུ་བདུན་པའི་བཤད་པའོ།། །།ལས་ཀྱི་ཚོགས་བསྟན་པར་བྱ་བའི་ཕྱིར། དེ་ནས་བཅོམ་ལྡན་འདས་ ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྷ་ནི་གང་ཡང་རུང་བ་ཞིག །ཅེས་བྱ་བ་ལ་སོགས་པས་ནི་འདི་སྐད་སྟོན་པར་འགྱུར་ཏེ། དཀྱིལ་འཁོར་གྱི་དབུས་སུ་གང་གཞག་པར་གྱུར་པའི་དཀྱིལ་འཁོར་ཏེ་དེའི་མིང་འབྱུང་བ་ཞེས་བྱ་བར་འགྱུར་རོ། །བདག་པོ་ཉིད་ཀྱིས་ཞེས་བྱ་བ་ནི་རྣམ་པར་ སྣང་མཛད་ལ་སོགས་པའི་རྣལ་འབྱོར་གྱིས་ཞི་བ་ལ་སོགས་པའི་ལས་རྣམས་བྱ་བའོ། །འཁོར་ལོའི་རྒྱལ་མོ་རྣམས་བསྒོམས་ནས། །ཞེས་བྱ་བ་ནི་སྤྱན་ལ་སོགས་པའི་རྒྱལ་མོ་བསྒོམས་པས་ཏེ་ཞི་བའི་ལས་ནི་སྐུལ་བྱེད་མ་དང་སྤྱན་གཉིས་ཀྱིས་སོ། །རྒྱས་པ་ལ་ནི་རིན་ཆེན་སྒྲོལ་མ་ དང་གོས་དཀར་མོ་གཉིས་ཀྱིས་སོ། །དབང་ལ་ནི་སྒྲོལ་མ་དང་། རྡོ་རྗེ་ལུ་གུ་རྒྱུད་གཉིས་ཀྱིས་སོ། །ཡམས་ལ་སོགས་པ་རྣམ་པར་གཞིག་པ་ལ་ནི་འོད་ཟེར་ཅན་དང་རི་ཁྲོད་ཀྱི་ལོ་མ་ཅན་གྱིས་སོ། །མངོན་སྤྱོད་ལ་ནི་མཱ་མ་ཀཱི་དང་ཁྲོ་གཉེར་ཅན་གྱིས་སོ། །རོལ་པ་སྟེ་ཞེས་བྱ་བ་ནི་ དོན་དམ་པ་ལ་རོལ་པའི་ངང་ཚུལ་དང་ལྡན་པས་སོ། །ཆགས་པའི་རྡོ་རྗེས་རྗེས་ཆགས་པ། །ཞེས་བྱ་བ་ནི་སྙོམས་པར་འཇུག་པ་ལ་རྗེས་སུ་ཆགས་པའོ། །གསང་སྔགས་དེ་ཉིད་ཀྱིས་བསྐུལ་ན། །ཞེས་བྱ་བ་ནི་སྦྱོར་བས་སོ། །དང་པོ་ཏིང་འཛིན་གྱིས་སྤྲུལ་ནས། །ཞེས་བྱ་བ་ནི་ སྔ་མ་བཞིན་དུ་སྤྲུལ་པར་བསམས་ཏེ་རྣམ་པར་སྣང་མཛད་ཀྱི་སྦྱོར་བས་བསྐུལ་བ་དང་བཅས་པ་དེའི་སྔགས་བརྗོད་ལ་སྤྱན་ནམ་སྐུལ་བྱེད་མ་ཕྱུང་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩིས་གང་བའི་ཟླ་བ་ལྟར་དཀར་བའི་བུམ་པ་ལག་པ་གཉེས་ཀྱིས་འཛིན་ཅིང་བགྲང་ཕྲེང་དང་རིལ་བ་ སྤྱི་བླུགས་བསྣམས་ལ། དབང་པོ་ཞི་ཞིང་ཟླ་བ་ལྟར་དཀར་བ་སྤྲོས་ལ་ནད་ལ་སོགས་པས་གདུངས་པའི་འཇིག་རྟེན་ལ་ལྡུགས་པར་བསམ་མོ་ཞེས་བྱ་བའི་བར་དུའོ། །དང་པོ་ཏིང་འཛིན་གྱིས་སྤྲུལ་ནས། །ཞེས་བྱ་བ་ནི་སྔ་མ་དང་འདྲའོ། །ལུས་ལ་སོགས་པ་རྒྱས་པར་བྱ་བ་ལ་ནི་ 61-1-308a རིན་ཆེན་ཏོག་གི་ཏིང་ངེ་འཛིན་དང་ལྡན་པས་རིན་ཆེན་སྒྲོལ་མ་དང་གོས་དཀར་མོ་གསེར་གྱི་མདོག་ཅན་ལ་བདུད་རྩི་ལ་སོགས་པས་ཡོངས་སུ་གང་བའི་གསེར་གྱི་བུམ་པ་ཕྱག་གཉིས་ཀྱིས་འཛིན་ཅིང་པདྨ་དང་རིན་པོ་ཆེ་བསྣམས་པ་བདུད་རྩིའམ་རིན་པོ་ ཆེའི་ཆར་འབེབས་པས་བསྒྲུབ་པར་བྱ་བའམ། དེའི་ཁྱིམ་འགེངས་པར་དེ་བཞིན་དུ་བསྒོམ་མོ། །བཀུག་སྟེ་མདའ་ཡིས་བསྣུན་ན་ནི། །ཞེས་བྱ་བ་འདི་སྐད་སྟོན་པར་འགྱུར་ཏེ། འོད་དཔག་མེད་ཀྱི་རྣལ་འབྱོར་པས་སྒྲོལ་མའམ་ལུ་གུ་རྒྱུད་མདོག་དམར་ཞིང་འོད་ཟེར་དམར་པོ་དང་ ལྡན་པ་ཞགས་པ་དང་ལྕགས་ཀྱུ་འཛིན་ལ། གཡོན་གྱིས་གཞུ་བཟུང་ནས་གཡས་ཀྱིས་རྩེ་དམར་བའི་མདའ་འདྲེན་པས་བསྒྲུབ་པར་བྱ་བའི་སྙིང་གའི་ལྟེ་བ་ལ་བསྣུན་པར་སྔ་མ་བཞིན་དུ་བསམས་ན་ངེས་པར་མངག་གཞུག་ཉིད་དུ་འགྱུར་རོ། །དོན་ཡོད་རྡོ་རྗེའི་རྣལ་འབྱོར་ པས་ནི་འོད་ཟེར་ཅན་ནམ། རི་ཁྲོད་ཀྱི་ལོ་མ་ཅན་མདོག་ལྗང་གུ་བྱང་ཆུབ་ཀྱི་སེམས་ཀྱི་ཆུས་གང་བའི་བུམ་པ་ཕྱག་ན་ཐོགས་ནས་ཡུལ་འཁོར་དུ་སྔ་མ་བཞིན་དུ་ལྡུགས་པར་བསམས་ན་བདུད་ལ་སོགས་པའི་ཉེ་བར་འཚེ་བ་སེལ་བར་འགྱུར་བས་ན་ཡམས་དང་གནོད་པ་ཞི་བར་ འགྱུར་རོ་ཞེས་གསུངས་སོ། །མརྒད་ལྟ་བུའི་མདོག་ཅན་ལ། །ཞེས་བྱ་བ་ནི་མརྒད་ཀྱི་འོད་ཀྱི་མདོག་ཅན་ནོ། །ཧཱུྃ་ཞེས་བྱ་བའི་སྒྲ་སྒྲོགས་པ། །ཞེས་བྱ་བ་ནི་ཁྲོ་གཉེར་ཅན་ནམ་མཱ་མ་ཀཱིས་ཧཱུྃ་གི་ང་རོའི་སྒྲ་སྒྲོགས་པའོ། །རྡོ་རྗེ་བསྡིགས་པར་བརྩོན་པ་ཡིས། །ཞེས་བྱ་བ་ནི་སྙིང་ གར་ཁྲོ་བོའི་སྡིགས་མཛུབ་ཀྱིས་བསྒྲུབ་བྱ་ལ་བསྡིགས་པར་བརྩོན་པའོ། །ཁྲོས་ནས་ནི་ཞེས་བྱ་བ་ནི་ཁྲོ་བོའི་ལྟ་བས་རྡོ་རྗེ་མེའི་ཆར་འབེབས་པར་མི་བསྐྱོད་པའི་རྣལ་འབྱོར་དང་ལྡན་པས་སྔ་མ་བཞིན་དུ་བསམ་པར་བྱ་ཞིང་བསྒྲུབ་པར་བྱ་བ་འཇིགས་པར་འགྱུར་བ་ལ་སྦྱར་བར་བྱའོ། ། སྦྱོར་བ་ཞེས་བྱ་བ་ནི་ཕྱག་རྒྱ་ལ་སོགས་པའི་སྦྱོར་བས་སོ། །རྡོ་རྗེ་སེམས་མ་ལ་སོགས་པ་བཞིས་རང་གི་རིགས་དང་ལྡན་པ་རྣམས་བྱིན་གྱིས་བརླབ་ཅིང་སྤྱན་དྲངས་ལ་དམ་ཚིག་ལ་བཞག་ནས། དབང་བསྐུར་བར་བྱའོ། །སྐལ་བ་བཟང་པོ་པ་རྣམས་ཀྱང་ཞི་བ་དང་རྒྱས་པ་ལ་སོགས་ 61-1-308b པའི་ལས་ལ་སྦྱར་ན་དེས་རང་གི་ལས་ཞི་བ་དང་རྒྱས་པ་ལ་སོགས་པའི་འབྲས་བུ་དོན་ཡོད་པར་སྦྱིན་པར་བྱེད་པར་འགྱུར་རོ། །ཁྲོ་བོའི་རྒྱལ་པོར་སྦྱར་བར་བྱ། །ཞེས་བྱ་བ་ནི་གཤིན་རྗེ་གཤེད་ལ་སོགས་པའི་རྣལ་འབྱོར་པས་ལས་དེ་ཉིད་ལ་སྦྱར་བར་བྱའོ། །ཇི་ལྟར་ཞེ་ན། དམ་ཚིག་ ཅེས་བྱ་བ་ལ་སོགས་པ་གསུངས་ཏེ་རང་གི་ལྷའི་ང་རྒྱལ་གྱིས་བསྐུལ་བ་སྔོན་དུ་འགྲོ་བ་དང་། གསང་སྔགས་བརྗོད་ལ་དམ་ཚིག་སྤྱན་དྲང་བ་དང་བསྐྲད་པ་དང་། བསྲུང་བ་དང་མངོན་སྤྱོད་ལ་སོགས་པ་བྱའོ། །མངོན་སྤྱོད་ཉིད་བསྟན་པར་བྱ་བའི་ཕྱིར། རྐང་རྗེས་སའི་ཞེས་བྱ་བ་ལ་སོགས་ པ་གསུངས་ཏེ། དགྲ་བོའི་ཚ་བ་བསྐྱེད་པར་བྱ་བའི་ཕྱིར་ཇི་སྐད་དུ་བསྟན་པ་བཞིན་དེའི་གཟུགས་བརྙན་བྱས་ལ། རྣམ་པར་ཤེས་པ་དགུག་པ་ལ་སོགས་པ་སྔོན་དུ་འགྲོ་བས་དུག་དང་སྐེ་ཚེ་ལ་སོགས་པས་བཀང་ནས་ཤིན་ཏུ་སྡུག་བསྔལ་བར་གྱུར་པ་ལ། པོ་སོན་ཆེའི་ཚེར་མས་ཁྲོ་བོའི་ སྔགས་བཟླས་པས་དབུག་གོ། །གསད་པ་ལ་ནི་མི་རུས་ཀྱི་ཕུར་བུས་དཔྲལ་བ་ལ་སོགས་པ་གནས་ལྔར་གདབ་བོ། །དེ་ཡང་འདི་ལྟར་ཕུར་བུས་བཏབ་ནས་བསྐམ་པར་བྱ་སྟེ། དེ་བཞིན་དུ་དེས་ཀྱང་མ་ནུས་ན་དུམ་བུར་གཏུབས་ནས་སྦྱིན་སྲེག་བྱའོ། །རུས་སྦལ་གྱི་རྐང་པས་ནི་སྔར་བཤད་ པའོ། །ཆོ་ག་བཞིན་དུ་དགུག་པར་བྱ། །ཞེས་བྱ་བ་ནི་ཡི་གེ་ཧཱུྃ་གིས་སྲུང་བ་དྲངས་ལ་དཔལ་དང་བྲལ་བར་བྱའོ། །བསྒྲུབ་བྱ་བསམས་ནས་ཞེས་བྱ་བ་ནི་རྡོ་རྗེ་ཁྲོ་བོ་ལ་ལས་ཞགས་པས་བཅིངས་ནས་ལྷོ་ཕྱོགས་སུ་ཁྲིད་པར་གྱུར་པ་དང་། ལ་ལས་རྡོ་རྗེས་བརྡེགས་བཞིན་པ་དང་། ལ་ལས་རལ་གྲིས་གཏུབས་པར་གྱུར་པ་དང་། ཧཱུྃ་བཛྲ་རཱཀྵ། ཞེས་བྱ་བ་ལ་སོགས་པའི་བསྐུལ་ཚིག་སྔོན་དུ་འགྲོ་བས་རྡོ་རྗེ་སྲིན་པོས་བསྒྲུབ་པར་བྱ་བ་ཟོས་པར་བསྒོམས་ཤིང་། བྱ་རོག་དང་ཁྱི་ལ་སོགས་པས་ཀུན་ནས་བསྐོར་ནས་ཟ་ཞིང་ཐོག་པར་བསམས་མོ། །མིང་ནས་ བསྐུལ་བར་བྱ་ཞེས་བྱ་བ་ནི་དེའི་མིང་ནས་བསྐུལ་བས་སོ། །བསྐྲད་པའི་ཡང་ནང་གི་སྦྱོར་བ་བསྟན་པར་བྱ་བའི་ཕྱིར། རླུང་གི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་རླུང་གི་དཀྱིལ་འཁོར་ལ་ཞོན་པ་ཧཱུྃ་དང་སྤེལ་བའི་ཨུ་ལས་བྱུང་བའི་རྡོ་རྗེ་རྔ་མོ་བསམས་ཏེ། དེའི་ 61-1-309a རྒྱབ་ཏུ་བསྒྲུབ་པར་བྱ་བ་ཞོན་པར་ཡོངས་སུ་བརྟགས་ལ་རྡོ་རྗེ་ཁྲོ་བོས་གཟིར་བར་གྱུར་བཞིན་དུ་ལྷོ་ཕྱོགས་སུ་ཁྲིད་པར་གྱུར་པར་བསམ་མོ། །དེ་ཉིད་ལ་ཕྱིའི་ཆོ་ག་བསྟན་པར་བྱ་བའི་ཕྱིར་དེའི་རྐང་རྗེས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ནི་འདི་སྐད་སྟོན་པ་ཡིན་ཏེ་རླུང་ གིས་བཙུགས་པའི་ཤིང་ལོ་ལ་ཁྲོ་བོའི་སྔགས་དང་སྤེལ་བའི་མིང་བྲིས་ལ་དེ་དང་། དེའི་རྐང་རྗེས་ཀྱི་ས་དང་བསྲེས་ལ་མིང་ནས་སྨོས་པ་སྔོན་དུ་འགྲོ་བས་བཀུག་ལ་རྡོ་རྗེ་སྣ་ཡོན་གྱི་རྐང་པའི་དྲུང་དུ་སྦའོ། །དེའི་མིང་གསང་སྔགས་དང་སྤེལ་ཏེ་ཞེས་བྱ་བ་ནི་འུག་པའི་སྒྲོ་ལ་བསྒྲུབ་པར་བྱ་ བའི་མིང་ཁྲོ་བོའི་སྔགས་དང་སྤེལ་ཏེ་བྲིས་ལ་དགེ་སྦྱོང་དང་བྲམ་ཟེའི་སྐྲ་ཡིས་དེ་དཀྲིས་ལ་སའི་འོག་ཏུ་བརྐོས་ནས་གཞུག་སྟེ་དེ་གཉིས་ཁྲོ་བོ་གཉིས་ཀྱིས་འཐབ་མོ་འགྱེད་པར་བསམ་པར་བྱ་སྟེ། དེས་ནི་ཕན་ཚུན་འབྱེ་བར་འགྱུར་རོ། །བསྒྲུབ་པར་བྱ་བའི་ལུས་བསྐམ་པར་བྱ་བའི་ཕྱིར་ ཧཱུྃ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་ཁྲོ་བོའི་རྣལ་འབྱོར་དང་ལྡན་པས་རང་གི་སྣའི་རྩེ་མོ་ལ་གནས་པའི་ཧཱུྃ་ལས་བྱུང་བའི་རྡོ་རྗེ་ཕྲ་མོ་སྤྲོས་ལ་བསྒྲུབ་པར་བྱ་བ་བཀང་སྟེ་དེའི་ཡན་ལག་གི་ཚིགས་ཐམས་ཅད་དུ་སྣ་ཚོགས་རྡོ་རྗེ་རབ་ཏུ་འབར་བ་བསམས་ལ། དེ་འབར་བས་ལུས་ བསྐམས་ནས་ཨོཾ་བཛྲ་ཌཱ་ཀི་ནི། ཞེས་བྱ་བ་ལ་སོགས་པའི་སྔགས་བསྐུལ་བའི་ཚིག་སྔོན་དུ་འགྲོ་བས། རྡོ་རྗེ་མཁའ་འགྲོ་རྣམས་ཀྱིས་ཁྲག་ཀུན་ནས་གཞིབས་པར་གྱུར་པར་བསམ་མོ། །རླུང་བཅིང་བར་བྱ་བའི་ཕྱིར་མཁས་པས་རླུང་གི་ཞེས་བྱ་བ་གསུངས་ཏེ། རླུང་གི་ ཕྱོགས་སུ་དྲི་ནག་པོས་དཀྱིལ་འཁོར་གྲུ་བཞི་བྱས་པར་ཐིག་ལེ་བདུན་རེ་རེ་ཞིང་ཡི་གེ་ཡས་བསྐོར་བར་བྱས་ལ་དེའི་སྟེང་དུ་ཁམ་ཕོར་གྱིས་དགབ་ལ་དེ་ཡང་རི་རབ་རྩེ་མོ་བརྒྱད་པར་བསམས་ནས། དབུས་སུལ་གྱིས་མཚན་པའི་དབང་ཆེན་གྱི་དཀྱིལ་འཁོར་རྡོ་རྗེ་ཆེན་པོས་མནན་ པའི་ནང་དུ་རླུང་རྣམས་ངེས་པར་ཆུད་པར་བསམས་ལ་གསང་སྔགས་བརྗོད་དེ་འདི་བྱའོ། །ཆར་དབབ་པའི་ཕྱིར་པདྨ་འདབ་བརྒྱད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། པདྨ་འདབ་མ་བརྒྱད་པ་བྲིས་ཏེ་དེའི་འདབ་མ་བརྒྱད་ལ་མཐའ་ཡས་དང་རིགས་ལྡན་དང་། ནོར་རྒྱས་དང་། 61-1-309b དུང་སྐྱོང་དང་། འཇོག་པོ་དང་། པདྨ་ཆེན་པོ་དང་། ཀརྐོ་ཊ་དང་། པདྨ་ཞེས་བྱ་བ་གཉིས་གཉིས་ཤིང་ནག་པོ་དང་། དམར་པོ་དང་། སེར་པོ་དང་། དཀར་པོའི་མདོག་ཅན། ཨོཾ་ཤ་ལ་ས་ཧ་ཁ་ཞེས་བྱ་བ་དང་། རྐང་པ་ནས་བརྩམས་ཏེ་སྤྱི་བོའི་བར་དུ་ཀླུ་བརྒྱད་བྱིན་གྱིས་བརླབ་ ཅིང་པདྨའི་ལྟེ་བ་ལ་མཇུག་མ་རྣམས་གནས་པར་བྱས་ལ་རང་གི་གནས་ནས་བཀུག་སྟེ་མཆོད་ནས་ཁྲོ་བོའི་གཟུགས་འབར་བའི་ཕྲེང་བ་ཅན་དུ་བདག་ཉིད་དབུས་སུ་གནས་ལ་ཧཱུྃ་ནཱཾ་ཧཱུྃ་ཞེས་བརྗོད་ཅིང་རྟིང་པའི་མཐིལ་གྱིས་གཟིར་བར་གྱུར་པར་བསམས་ཤིང་། ཀླུ་རྣམས་ཀྱང་ཆར་འབེབས་ པ་ལ་བརྩོན་པར་བསམ་མོ། །ཆར་བཅད་པའི་ཕྱིར་ཉི་མའི་མདོག་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་ཉིད་ཉི་མ་དམར་པོའི་མདོག་དང་འདྲ་བའི་འོད་ཅན་གྱི་ཁྲོ་བོའི་གཟུགས་སུ་བསམས་ལ། རང་གི་ཁ་ནམ་མཁའི་ཚད་ཙམ་ལ་ཡི་གེ་ཧཱུྃ་གིས་འབར་བར་གྱུར་བའི་ལྕེ་དང་ལྡན་པ་ གདངས་ཏེ་ཆུས་ཡོངས་སུ་གང་བའི་སྤྲིན་བལྡགས་ལ་དབུགས་ཀྱིས་རྔུབས་ལ་དབུགས་ཕྱུང་བས་ཤིང་བལ་བཞིན་དུ་གཏོར་བར་བྱའོ། །ཡང་ན་རང་གི་ཕྱག་རྒྱའི་ཚོགས་ཁ་ནམ་མཁའི་ཚད་ཙམ་ལ་ལྕེ་འབར་བ་གདངས་ལ་ཆུས་ཡོངས་སུ་གང་བའི་སྤྲིན་བལྡགས་ཏེ་དབུགས་ཀྱིས་ དྲངས་ལ་དབུགས་ཕྱུང་བས་ཤིང་བལ་བཞིན་དུ་གཏོར་བར་བྱའོ། །གལ་ཏེ་ཡང་རང་གི་ཕྱག་རྒྱའི་ཚོགས་ཀྱི་འབར་བ་བཏང་བས། སྤྲིན་བཅད་ཅིང་གཏུབས་ལ་ཧཱུྃ་ཞེས་བྱ་བས་བསྡིགས་པ་ལ་བརྩོན་པར་བྱའོ། །བགེགས་ཐམས་ཅད་རྣམ་པར་གཞིག་པའི་ཕྱིར་མེའི་དཀྱིལ་འཁོར་ ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པར་སྣང་མཛད་ཀྱི་སྦྱོར་བ་དང་ལྡན་པས་རང་གི་དཔྲལ་བ་ལས་བྱུང་བའི་འཕགས་པ་མི་གཡོ་བ་མེའི་དཀྱིལ་འཁོར་གནས་པ་ཕྱག་དྲུག་པ་བསམས་ཏེ། དེ་ཉིད་ཁྲོ་བོ་གྲངས་མེད་པ་དང་བཅས་པས་བགེགས་ཐམས་ཅད་ཧཱུྃ་གི་སྒྲ་དང་རབ་ཏུ་ འབར་བའི་རལ་གྲི་ལ་སོགས་པ་འབེབས་པས་བགེགས་རྣམས་གཞིག་པར་བྱའོ། །མིའི་བགེགས་གཞོམ་པར་བྱ་བའི་ཕྱིར་རྐང་རྗེས་ས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མིའི་རྐང་རྗེས་ཀྱི་ས་དང་མིའི་ཁྲག་གིས་བསྒྲུབ་པར་བྱ་བའི་གཟུགས་བརྙན་བྱས་ལ་མི་རུས་ཀྱི་ཕུར་བུ་ 61-1-310a དག་ལ་འོད་ཟེར་ཅན་གྱི་སྔགས་ཉི་ཤུ་བཟླས་ལ་གཉིས་ཀྱིས་མིག་གཉིས་སུ་ཕུར་བུ་བཏབ་ལ་ཚོགས་ཀྱི་བདག་པོའི་ཁར་བཅུག་སྟེ། ཨོཾ་སུམྦྷ་བཛྲ་མུ་ས་ལ། ཞེས་བརྗོད་པ་སྔོན་དུ་འགྲོ་བས་རྡོ་རྗེ་གཏུན་ཤིང་གིས་རྒྱབ་ནས་བརྡུང་བར་བསམ་པར་བྱའོ། །མེ་མཆེད་པ་ བཟློག་པར་བྱ་བའི་ཕྱིར་སྟང་ཟིལ་ཁ་དོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གི་ཡེ་ཤེས་ཧཱུྃ་དང་སྤེལ་བ་ལས་བྱུང་བའི་ནམ་མཁའ་ལྡིང་མདོག་ནག་པོ་ལུས་ལ་ཀླུ་སྟོང་གིས་ཁྱབ་པར་བསམས་ལ། ཨོཾ་བཛྲ་ནཱ་ར་ཡཱ་ན་ཞེས་བྱ་བ་ལ་སོགས་པ་དང་། བསྐུལ་བ་སྔོན་དུ་འགྲོ་ བ་དེས་བརྒྱ་བྱིན་བསྐུལ་ལ་འདི་ལ་ཡང་སྤྲིན་གྱི་ཚོགས་ལས་ཆར་དབབ་པའི་ཕྱིར་བཀའ་བསྒོ་བར་བྱའོ། །བཀའ་ཐོས་ནས་ཆུའི་ཆར་འབེབས་པའི་སྤྲིན་རྣམས་ཀྱིས་མེ་གསོད་པ་ལ་བརྩོན་པར་བསམས་ལ་ནམ་མཁའ་ལྡིང་གིས་ཀྱང་གཤོག་པའི་ཆུ་དང་། མཆུས་བརྐོས་པས་ ཆུ་ཀླུང་གི་མཚམས་བྱེད་པར་བསམ་མོ། །རྡོ་རྗེ་ཐོག་ཐོག་བཟློག་པར་བྱ་བའི་ཕྱིར་ཞལ་རས་གསུམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔལ་རྡོ་རྗེ་སེམས་དཔའ་ཞལ་རས་གསུམ་པ་ཟླ་བའི་མདོག་ཅན་ཕྱག་བཞི་པ་འོད་དམར་པོ་སྣ་ཚོགས་འབར་བའི་འོད་དང་ལྡན་པ་ བསྙེམས་མ་ལ་སོགས་ལྷ་མོ་བཞིས་ཡོངས་སུ་བསྐོར་བ་བདག་ཉིད་རྣམ་པར་བསམས་ལ་གཡས་པས་རྡོ་རྗེ་བསྟོད་དེ་འཇོག་པ། ལག་པ་གཡོན་པས་རྡོ་རྗེ་དྲིལ་བུ་བསྣམས་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཕྱུང་ལ་སྤྲོས་ཏེ། ནམ་མཁའི་ཁམས་སུ་སྤྲིན་བཞིན་དུ་ཁྱབ་ པར་བསམས་ནས་བསྒྲུབ་པར་བྱ་བའམ། ཨོཾ་མ་ཧཱ་སུ་ཁཾ་བཛྲ། ཞེས་བྱ་བ་ལ་སོགས་པས་རྣམ་པ་ཐམས་ཅད་ཀྱིས་བརྒྱན་པའི་རྡོ་རྗེ་ཅན་དུ་བྱིན་གྱིས་བརླབས་ལ་སངས་རྒྱས་ཀྱི་རིན་པོ་ཆེས་དབང་བསྐུར་ནས་ཅོད་པན་དང་ཕྲེང་བའི་དབང་བསྐུར་བར་བྱའོ། །ད་ནི་རྣམ་པར་སྣང་མཛད་ ཆེན་པོ་འགྲོ་བ་ཐམས་ཅད་ལ་གཟིགས་ནས་སྨིན་མ་མཛེས་པར་བསྐྱོད་ཅིང་། འཛུམ་པ་ལ་སོགས་པ་དང་ལྡན་པར་མཛད་པ་དང་ཕྱག་ན་རྡོ་རྗེས་གཟིགས་པ་ལ་སོགས་པའི་རྒྱུ་ཞུས་ཤིང་། བཅོམ་ལྡན་འདས་ཀྱིས་ཀྱང་བཀའ་སྩལ་པ་བསྟན་པར་བྱ་བའི་ཕྱིར། བསྒོམ་པའི་ 61-1-310b ལམ་ལས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་སེམས་ཅན་གྱི་དངོས་པོ་གང་ཡིན་པའི་དངོས་པོ་རྣམས་ནི་དངོས་པོ་མེད་ལ་སྐྱེ་བ་དང་འགག་པ་མཐའ་གཉིས་དང་བྲལ་བ་ཡིན་ཞིང་དེ་མེད་པས་དབུ་མ་ཡང་མེད་དོ། །དེ་བས་ན་ནམ་མཁའ་དང་འདྲ་བ་ཡིན་ན་བྱང་ཆུབ་ཇི་ལྟར་མངོན་སུམ་དུ་ བྱ་བའི་ཐབས་དེ་བསྟན་པར་བྱ་བའི་ཕྱིར་ཕུང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་གྱི་ལྷའི་ཕུང་པོ་དང་གཅིག་ཏུ་གྱུར་པར་བསྒོམས་པས་སྒོམ་པ་ནི་བསྒོམ་པ་གོམས་པར་བྱེད་པའོ། །བྱང་ཆུབ་སེམས་ནི་གྲོགས་འགྱུར་བས། །ཞེས་བྱ་ བ་ནི་བྱང་ཆུབ་སེམས་སྒོམ་པ་སྔོན་དུ་འགྲོ་བས་སོ། །སྤྲུལ་པ་དང་ནི་བསྡུ་བ་ཡིས། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པར་བྱ་བའི་ཕྱིར་སྤྲུལ་པ་སྤྲོ་བ་དང་བསྡུ་བ་དག་བྱེད་པ་སྟེ། དེ་ཡང་སེམས་ཙམ་ཡིན་པས་དེ་ཉིད་ཀྱི་ལྷ་རྣམས་སྐུ་དང་གསུང་དང་བྱང་ ཆུབ་ཀྱི་མཚན་ཉིད་ཅན་གྱི་སེམས་འཐོབ་པར་འགྱུར་ལ་དེ་ཡང་སྒྱུ་མ་དང་འདྲ་སྟེ་བྱང་ཆུབ་ཀྱང་དེ་དང་འདྲའོ། །སྒྱུ་མ་ལྟ་བུ་ལས་ཇི་ལྟར་ན་འབྲས་བུ་འབྱུང་བར་འགྱུར་ཞེ་ན་དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ལྷག་མ་དང་བཅས་པའི་བྱང་ཆུབ་ནི་ཉན་ཐོས་ལ་སོགས་པ་ སྟེ་ཕུང་པོ་ལ་སོགས་པ་མེད་པའི་ཕྱིར་རོ། །ལྷག་མ་མེད་པ་ཡང་སྒྲིབ་པའི་བག་ཆགས་དང་བྲལ་བས་བླ་ན་མེད་པའི་བྱང་ཆུབ་བོ། །འདི་ཉིད་བསྐྱེད་པར་བྱ་བའི་ཕྱིར་ཀུན་རྫོབ་ཏུ་དེ་ཁོ་ན་ཉིད་རྣམ་པ་བཅུ་གསུངས་སོ། །ཇི་སྐད་དུ་བཤད་པའི་ཆོ་ག་བྱས་ཀྱང་མ་གྲུབ་ན་ལྷ་ རྣམས་ཚར་གཅད་པར་བྱ་བའི་དོན་དུ་ཇི་ལྟ་བ་བཞིན་དུ་ཕུར་བུས་གདབ་པར་བྱ་བའི་ཕྱིར། དེར་ལྕགས་ཀྱུས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ལྕགས་ཀྱུས་བཀུག་ནས་རྡོ་རྗེ་ཞགས་པས་བཅིངས་ལ། རྡོ་རྗེ་ནག་མོས་སྡིགས་མཛུབ་བྱས་ལ་ རྡོ་རྗེ་ཁུ་ཚུར་གྱིས་ཕུར་བུ་བཟུང་སྟེ། རྡོ་རྗེ་ཐོ་བས་ཕུར་བུའི་སྔགས་གདོན་བཞིན་དུ་གནས་ལྔར་ཕུར་བུས་གདབ་པར་བྱའོ། །ལེའུ་བརྒྱད་པའི་བཤད་པའོ།། །།དབབ་པ་ལ་སོགས་པའི་ལས་བསྟན་པར་བྱ་བའི་ཕྱིར་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་ 61-1-311a པ་གསུངས་ཏེ། རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པས་དབབ་པའི་སྣོད་སྐུལ་བྱེད་མ་ལ་སོགས་པའི་གཟུགས་སུ་རྣམ་པར་བསམས་ལ། གནས་ཇི་ལྟ་བར་གྱུར་པའི་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ལ། རང་གི་ས་བོན་ལས་བྱུང་བའི་ རླུང་དང་མེའི་དཀྱིལ་འཁོར་ལ་གནས་པ་རང་གི་རྡོ་རྗེ་འབར་བར་འགྱུར་བས་འབར་བཞིན་པར་བལྟས་ལ། རྡོ་རྗེ་བསྡམས་པ་དང་བཅས་པའི་དྲིལ་བུ་བསྐྱོད་ཅིང་གཟེངས་བསྟོད་པ་དང་བཅས་པར་གསང་སྔགས་བརྗོད་ན་འབར་བར་འགྱུར་རོ་ཞེས་གསུངས་སོ། །གནས་ པར་བྱ་བའི་དོན་དུ་སྦྱོར་པ་བསྟན་པར་བྱ་བའི་ཕྱིར་དབང་ཆེན་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ནི་འདི་སྐད་སྟོན་པར་འགྱུར་ཏེ། རས་ལ་སོགས་པ་ལ་དབང་ཆེན་གྱི་དཀྱིལ་འཁོར་ཕྱོགས་དང་མཚམས་རྣམས་སུ་ཨོཾ་གྱིས་མཚན་པར་གི་ཝང་གིས་བྲིས་ལ། དབུས་ སུ་པདྨ་འདབ་མ་བརྒྱད་པ་ཨཱཿས་མཚན་པ་བྲིས་ཏེ། ལྟེ་བ་ལ་གནས་པའི་ཡི་གེ་ཧཱུྃ་བཞི། མཐའ་མ་བསྒྲུབ་པར་བྱ་བའི་མིང་དང་ལྡན་པ་བྲིས་ལ། དེ་ནས་དེར་དེའི་རྣམ་པར་ཤེས་པ་བཀུག་ནས་ཁམ་ཕོར་སེར་པོ་ཁ་སྦྱོར་གྱི་ནང་དུ་བཅུག་སྟེ་སྟེང་དུ་རྡོ་རྗེ་འཆང་བས་ མནན་ལ་བསྐུལ་ཚིག་དང་བཅས་པར་ཧཱུྃ་བརྒྱ་རྩ་བརྒྱད་བཟླས་པའི་རྡོ་རྗེའི་སྐུད་པས་དཀྲིས་ལ་གཞག་པར་བྱའོ། །དབང་དུ་བྱ་བའི་ཕྱིར་སྔགས་ལ་མཁས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་ཆགས་ཆེ་དང་ལྡན་པའི་གཟུགས། །ཞེས་བྱ་བ་ནི་རྡོ་རྗེའི་ འདོད་ཆགས་ཏེ་དེའི་གཟུགས་ཅན་ལ་དེ་སྐད་ཅེས་བྱ་སྟེ། རྡོ་རྗེ་སེམས་དཔར་གྱུར་ནས་རྡོ་རྗེ་ཆགས་པར་གྱུར་པའོ། །དཔྱིད་ཅེས་བྱ་བ་ནི་མེ་ཏོག་དྲི་ཞིམ་པའི་ཕྲེང་བ་ལ་སོགས་པས་བརྒྱན་པའི་ཕྱིར་རོ། །འདོད་པ་དང་འདྲ་བ་ནི་མེ་ཏོག་གི་མདའ་དང་གཞུ་དང་ལྡན་ པའི་ཕྱིར་རོ། །སྐུ་གསུམ་ལྡན་པ་མདའ་ཐོགས་ཤིང་། །ཞེས་བྱ་བ་ནི་ལྟོང་དང་དབུས་དང་མདེའུ་ལ་ཨོཾ་ལ་སོགས་པ་གསུམ་བཀོད་པའི་མདས་བསྒྲུབ་པར་བྱ་བའི་བུད་མེད་ཀྱི་སྤྱི་བོར་ཆགས་པས་མནན་ལ་མར་སར་བཞིན་དུ་ཟགས་པར་གྱུར་པར་བསམས་ 61-1-311b ཞིང་། འཛག་པར་བྱ་བའི་ཕྱིར་པདྨའི་ནང་དུ་ཞུགས་པའམ་ཡང་ན་འདོད་ཆགས་ཅན་མི་འཛག་པར་འགྱུར་བ་སྟེ། འདོད་པ་ཞུ་བ་བཞིན་དུའོ། །པདྨ་ནི་པདྨའི་ལྟེ་བར་རོ། །དེ་ལྟར་ན་འདིའི་འཛག་པར་འགྱུར་བའོ། །བུ་མོ་ཟས་སྦྱིན་མ་དགུག་པར་བྱ་བའི་ ཕྱིར་མི་ཐོད་ལས་བྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་ཐོད་ལས་བྱས་ཅང་ཏེའུ་ལ། །ཞེས་བྱ་བ་ནི་མི་ཐོད་ལས་བྱས་པའོ། །གཡོགས་ནས་ནི་ཞེས་བྱ་བ་ནི་ཁ་སྤྲེའུའི་པགས་པས་གཡོགས་པའོ། །བུད་མེད་ཁྲག་གིས་མཛེས་པར་བྱ། །ཞེས་བྱ་བ་ནི་ བུད་མེད་ཀྱི་ཟླ་མཚན་གྱིས་ངོས་གཉི་ག་ལ་ཡང་པདྨ་བྲིས་པས་མཛེས་པའོ། །བྲིས་ཏེ་ཞེས་པ་ནི་བུད་མེད་ཀྱི་ཁྲག་ཉིད་ཀྱིས་པདྨའི་ལྟེ་བ་གཉིས་སུའོ། །མི་ཡི་སྐྲ་ཡིས་བཏགས་ནས་ནི། །ཞེས་བྱ་བ་ནི་དུར་ཁྲོད་ཀྱི་སྐྲ་བླངས་པས་རུས་པ་གཉིས་བཅིང་ཞེས་བྱ་བའི་ དོན་ཏོ། །དཀྱིལ་འཁོར་བྲི་ཞེས་བྱ་བ་ནི་མཚན་མོ་ལམ་གྱི་བཞི་མདོར་རྐང་པ་གཡོན་པའི་མཐེ་བོས་དཀྱིལ་འཁོར་ཟུར་བཞི་པ་ལ་མཚམས་རྣམས་སུ་རྡོ་རྗེ་ལྕགས་ཀྱུ་བྲི་བར་བྱའོ་ཞེས་བྱ་བའི་བར་དུའོ། །བརྡུང་ཞེས་བྱ་བའི་བར་དུ་ནི་དེ་ལ་གནས་ནས་རྐང་པ་གཡོན་ པའི་རྟིང་པས་འགུགས་ཤིང་མིང་བརྗོད་པ་སྔོན་དུ་འགྲོ་བས། ཁྲོཾ་ཧཱུཾ་ཞེས་བརྗོད་ཅིང་ཐིང་རིལ་གྱི་རྐང་པའི་རུས་པས་སྒྲ་དབྱུང་བའི་ཕྱིར་བརྡུངས་ན་བུ་མོ་ཟས་སྦྱིན་མ་འགུགས་པར་འགྱུར་རོ། །རྣལ་འབྱོར་པ་འཁོར་ལོ་རྫོགས་པར་གྱུར་པས་བལྟས་པ་དང་། ཚིག་ ཙམ་གྱིས་ཀྱང་མངོན་པར་དད་པའི་འབྲས་བུ་ཐམས་ཅད་རྫོགས་པར་འགྱུར་རོ་ཞེས་བསྟན་པར་བྱ་བའི་ཕྱིར་གང་ཡང་རུང་བ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྦྱིན་སྲེག་གི་ལས་བསྟན་པར་བྱ་བའི་ཕྱིར་སྦྱིན་སྲེག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དགེ་བ་ཡི་ནི་ ལས་རྣམས་བྱེད། །ཅེས་བྱ་བ་ནི་ཞི་བ་དང་རྒྱས་པ་དང་དབང་དུ་བྱ་བ་ནི་གཡས་སུ་གཙུབས་པ་ལས་བྱུང་བའི་མེ་ལས་བྱའོ། །མངོན་སྤྱོད་ལ་ནི་དུར་ཁྲོད་ལས་བྱུང་བའི་མེ་ལས་བྱའོ། །ཐབ་ཁུང་ཞེས་བྱ་བ་ནི་ཟླུམ་པོ་དང་ཟུར་བཞི་དང་ཟླ་གམ་དང་ཟུར་གསུམ་པའི་ཐབ་ཁུང་གི་དབུས་སུ་གནས་པའི་དཀར་པོ་དང་། སེར་པོ་དང་། 61-1-312a དམར་པོ་དང་། ནག་པོའི་པདྨ་ལ་གཞག་པའི་གཙུག་ཏོར་དང་། རིན་པོ་ཆེ་དང་། པདྨ་དང་། འབར་བའི་རྡོ་རྗེ་དེ་ཉིད་ཀྱི་མདོག་ཅན་བྱའོ་ཞེས་བྱ་བའི་དོན་ཏོ། །ལས་ཀུན་བྱེད་པས་བཟླས་ནས་སུ། །ཞེས་བྱ་བ་ནི་ཧཱུྃ་གིས་མངོན་པར་བཟླས་པའོ། །ལག་གཡོན་རྡོ་རྗེ་ཞེས་བྱ་བ་ནི་ལག་པ་གཡོན་པ་ རྡོ་རྗེ་རྩེ་གསུམ་པར་བྱས་པའོ། །ལས་ཀྱི་འོད་ཟེར་རྣམས་ཀྱིས་བརྒྱན། །ཅེས་བྱ་བ་ནི་ཞི་བ་ལ་སོགས་པའི་ལས་ཀྱི་མཆོག་གི་འོད་ཟེར་རྣམས་ཀྱིས་མཛེས་པར་འགྱུར་བའོ། །འབར་བའི་རྣམ་པར་བསྒྱུར་བར་བྱ། །ཞེས་བྱ་བ་ནི་འབར་བས་ལྷ་འབར་བའི་གཟུགས་ཀྱིས་དེ་བཞིན་ཉིད་ཀྱི་ཡེ་ཤེས་ངོ་བོ་ཉིད་དུ་འགྱུར་བར་བྱའོ། ། ཨོཾ་ཞེས་པ་དང་སྭཱ་ཧཱའི་མཐའ། །ཞེས་བྱ་བ་ནི་ཞི་བ་དང་རྒྱས་པ་དང་དབང་རྣམས་ལ་ནི་གསང་སྔགས་གཞན་གྱིས་མི་ཐོས་པར་བརྗོད་པར་བྱའོ། །མངོན་སྤྱོད་ལ་ནི་ཧཱུྃ་དང་ཕཊ་བཅས་ཤིང་ཁྲོ་བོའི་ཚིག་གིས་ཐོག་མ་དང་ཐ་མར་དགང་བླུགས་དབུལ་བར་བྱའོ། །ཞལ་བཀང་ནས་ཞེས་གསུངས་པས་ལྷ་ རྣམས་ཀྱི་ཞལ་གྱི་པདྨར་སྦྱིན་སྲེག་དབུལ་ལོ། །བཤང་གཅི་ལ་སོགས་པས་སྦྱིན་སྲེག་བྱས་པས་སྡིག་པར་འགྱུར་རོ་ཞེས་སོམ་ཉི་སྐྱེ་བར་མི་བྱ་སྟེ། གང་གི་ཕྱིར་འདི་དག་ཐམས་ཅད་རྣམ་པར་རྟོག་པ་ཙམ་ཡིན་གྱི་དོན་དམ་པར་ངོ་བོ་ཉིད་ཀྱིས་དག་པ་ཡིན་པའི་ཕྱིར་རོ། །དེ་བས་ན་དབང་པོ་གཉིས་ ཀྱི་སྙོམས་པར་འཇུག་པས་ཀྱང་། ལྷའི་ང་རྒྱལ་སྔོན་དུ་འགྲོ་བས་ཐབས་དང་ཤེས་རབ་རོ་གཅིག་པ་མངོན་སུམ་དུ་བྱས་ན་ཟག་པ་མེད་པའི་ཡེ་ཤེས་སྐྱེད་པ་ཡིན་ནོ། །སྐུ་ལ་སོགས་པའི་དམ་ཚིག་བསྟན་པར་བྱ་བའི་ཕྱིར། ལས་ལས་བྱུང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལས་ལས་ བྱུང་བ་རྣམས་བསྟན་པའི། །ཞེས་བྱ་བ་ནི་དགེ་བ་དང་མི་དགེ་བའི་ལས་རྣམས་ཀྱིས་སོ། །ཤ་དང་རྐང་ལ་སོགས་པ་རྣམས་ནི་རྣམ་པར་སྣང་མཛད་དང་། མི་བསྐྱོད་པ་ལ་སོགས་པའི་ངོ་བོ་ཡིན་ཏེ་དེ་བས་ན་བསྟེན་པར་བྱའོ། །གང་ཡང་འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་འདུ་བྱེད་ རྣམས་འཕེལ་བའི་བཤང་གཅི་ལ་སོགས་པ་འཛག་པ་རྣམ་པ་ལྔ་ནི་ས་ལ་སོགས་པ་འབྱུང་བ་ཆེན་པོ་བཞིའི་ངོ་བོ་ཉིད་དོ། །བསྒོམ་པའི་བློ་གྲོས་རྫོགས་པ་ཡིས། །ཞེས་བྱ་བ་ནི་རྟོག་པ་དང་བྲལ་བར་གྱུར་པའོ། །ལེའུ་དགུ་པའི་བཤད་པའོ།། །།དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ 61-1-312b ལ་སོགས་པ་གསུངས་པ་ནི་སྒྲུབ་པ་ཆེན་པོ་བསྒྲུབ་པ་ལ་སོགས་པ་བསྟན་པ་ཡིན་ཏེ། ཏིང་ངེ་འཛིན་ཐམས་ཅད་ཐོབ་ཅིང་འཁོར་ལོ་ལ་སོགས་པའི་དངོས་གྲུབ་མཆོག་ལ་དམིགས་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །རྣམ་པར་སྣང་མཛད་ཏིང་འཛིན་གནས། །ཞེས་བྱ་བ་ནི་སྤྱན་དང་ ལྡན་པའི་རྟོག་པའི་རྣལ་འབྱོར་དང་ལྡན་པས་སོ། །འཁོར་ལོ་བསྒྲུབ་པར་བྱ་ཞེས་བྱ་བས་ནི་འདི་སྐད་སྟོན་པར་འགྱུར་ཏེ། འཁོར་ལོ་བསྒྲུབ་པར་བྱ་བའི་ཕྱིར་སྔོན་དུ་བསྙེན་པ་བྱས་ལ། རང་གི་དཀྱིལ་འཁོར་གྱི་དབུས་སུ་རང་གི་མཚན་ཉིད་ཇི་ལྟ་བ་དང་ལྡན་པའི་འཁོར་ལོ་གཞག་སྟེ། འོད་ཟེར་ འབར་བའི་ཕྲེང་བས་འཁྲིགས་པ་རྣམ་པར་སྣང་མཛད་ལ་སོགས་པ་སྐུ་གསུམ་རྡོ་རྗེ་ཅན་གྱི་གཟུགས་འབར་བའི་ཕྲེང་བས་འཁྲིགས་པའི་འོད་དང་ལྡན་པ་སྙོམས་པར་འཇུག་པ་ལས་ཕྱུང་ལ་འཁོར་ལོ་ནང་དུ་ཞུགས་པར་བསྒོམས་ཏེ། ཇི་སྲིད་དུ་ཞུགས་ནས་འབར་བར་གྱུར་པ་དེ་སྲིད་དུ་ བསྒོམས་ལ། དེ་རང་གི་སྤྱན་གྱི་རིགས་བཟླས་བརྗོད་བྱེད་བཞིན་དུ་བླང་བར་བྱའོ། །དེ་བཞིན་དུ་ཅི་རིགས་པར་མི་བསྐྱོད་པ་ལ་སོགས་པའི་སྒོམ་པས་རྡོ་རྗེ་ལ་སོགས་པ་བསྒྲུབ་པ་ཡང་ཉམས་སུ་བླང་བར་བྱའོ། །འདི་ཉིད་ཀྱི་སྐུ་གསུམ་དབྱེ་བའི་རང་གི་ངོ་བོ་བསྟན་པར་བྱ་བའི་ཕྱིར་རིམ་པ་བཞིན་ དུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ལས་ཀྱི་ཕྱག་རྒྱ་ནི་ལྕགས་ཀྱུ་ལ་སོགས་པའམ་སྔར་བཤད་པའི་མཚན་མ་ཐམས་ཅད་ཀྱང་ཕྱོགས་གཅིག་བསྟན་པའི་ཉེ་བར་མཚོན་པས་བདག་པོའི་སྦྱོར་བ་དང་ལྡན་པས་འཁོར་ལོ་དང་འདྲ་བ་ལྕགས་ཀྱུ་ལ་སོགས་པ་གྲུབ་པར་བྱ་བའི་ཕྱིར་འདིར་སྐུ་ ལ་སོགས་པ་ནང་དུ་གཞུག་པར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར་རོ། །འདིས་ཞེས་བྱ་བ་ལ་སོགས་པ་སྤྱན་ལ་སོགས་པའི་གཟུགས་སུ་བསྟན་པར་བྱ་བའི་ཕྱིར་ས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་མཉམ་པ་ཉིད་དུ་གནས་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་དེ་ སྐད་ཅེས་བྱའོ། །གསང་བ་འདུས་པར་དབང་བསྐུར་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་བུམ་པའི་ནང་དུ་ཞུགས་ནས་བདེ་བ་ཆེན་པོར་ཞུ་བར་གྱུར་པར་རྣམ་པར་བསམས་ལ་དེ་སྤྱན་ལ་སོགས་པས་ཐོགས་ཏེ། འཁོར་ལོ་ཆེན་པོ་དབང་བསྐུར་བ། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་དང་། གསང་སྔགས་ 61-1-313a ཀྱི་བདག་ཉིད་ལ་སློབ་དཔོན་གྱིས་དབང་བསྐུར་བའི་ཕྱིར་རོ། །རྡོ་རྗེ་འཆང་ཐམས་ཅད་ཀྱི་དམ་ཚིག་སྟེ་རྒྱུ་དེ་ཉིད་ལ་དམིགས་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལའང་དེ་སྐད་ཅེས་བྱའོ། །དེ་ཉིད་འཕགས་པ་སྟེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདག་པོ་རྡོ་རྗེ་འཆང་ཆེན་པོར་གྱུར་པས་སོ། །གང་དུ་ ཡང་མི་གནས་སོ་ཞེས་བྱ་བ་ནི་དེ་རྣམས་བསྐྱེད་པ་ཉིད་དུ་མེད་པས་སོ། །སྟང་སྟབས་ནི་གཡས་བརྐྱང་བ་ལ་སོགས་པའོ། །འདུག་སྟངས་ནི་རྡོ་རྗེའི་སྐྱིལ་མོ་ཀྲུང་ལ་སོགས་པའོ། །ལས་ལ་སྦྱོར་བ་ནི་སྲུང་བ་དང་སྤྱན་དྲང་བ་ལ་སོགས་པའོ། །སླར་བསྡུ་བ་ནི་མཆོད་པ་དང་བསྟོད་པ་བྱ་བ་ལ་སོགས་པ་སྔོན་དུ་འགྲོ་བས་ གཤེགས་སུ་གསོལ་བའོ། །གསང་བ་དང་གསང་ཆེན་ཉིད་ཡེ་ཤེས་ཡིན་ལ་དེ་ཉིད་ནི་རྣམ་པ་གསུམ་སྟེ། བླ་ན་མེད་པའི་འབྲས་བུ་བསྐྱེད་པས་ན་སྙིང་པོ་སྟེ་དེ་ཉིད་བསྟན་པར་བྱ་བའི་ཕྱིར། རྣལ་འབྱོར་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ་རྣལ་འབྱོར་ནི་བྱིན་གྱིས་བརླབ་པ་ལ་སོགས་པའི་བདག་ཉིད་ཅན་རྣམ་པ་གསུམ་མོ། ། དེ་བས་ན་གང་གིས་སྦྱོར་བ་དེ་ནི་ལྷག་པའི་རྣལ་འབྱོར་ཏེ་སྤྱན་ལ་སོགས་པའི་ལྷ་མོའི་ཁྱད་པར་རོ། །དེ་དག་ནི་སྙོམས་པར་འཇུག་པའི་བདག་ཉིད་ཅན་གྱི་རྣལ་འབྱོར་ནི་རྣལ་འབྱོར་ཆེན་པོའོ། །ཡང་ན་ལྷག་པའི་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོ་འདིའི་ནང་དུ་ཆུད་པ་སྔོན་དུ་འགྲོ་བའི་དཀྱིལ་འཁོར་ལྷ་རྣམས་ཀྱི་ང་རྒྱལ་ཏེ་འདི་ དག་ནི་གོ་རིམས་བཞིན་དུ་སེམས་ཅན་རྣམས་ལ་བཤད་པར་བྱའོ། །བཤད་པ་འདི་ནི་ལེགས་བྲིས་ལས། །བདག་གིས་དགེ་བ་གང་བསགས་པ། །དེས་ནི་རབ་ཞི་བཤེས་གཉེན་བཅས། །འཇིག་རྟེན་རྡོ་རྗེ་འཛིན་པར་ཤོག །རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བའི་དཀའ་གྲེལ་སློབ་དཔོན་རབ་ཏུ་ཞི་བའི་བཤེས་གཉེན་ གྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤྲདྡྷ་ཀ་ར་ཝརྨ་དང་ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །༄༅༅། །རྒྱ་གར་སྐད་དུ། ཤྲཱི་བཛྲ་མཎྜ་ལཾ་ཀཱ་རེ་མ་ཧཱ་ཏནྟྲ་པཉྩི་ཀཱ། བོད་སྐད་དུ། དཔལ་རྡོ་རྗེ་སྙིང་པོའི་རྒྱན་གྱི་རྒྱུད་ཆེན་པོའི་ དཀའ་འགྲེལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །མཐའ་ཡས་ཁམས་གསུམ་རབ་ཏུ་གཡེངས་ལ་བརྩེ་བ་དམ་པ་རྣམ་པར་དག་པའི་བློ། །འགྲོ་བའི་ 61-1-313b ཉམ་ཐག་སེལ་ཅིང་རབ་ཏུ་འདོད་པའི་བདེ་བ་ལྡན་པར་སྒྲུབ་ལ་བརྩོན། །ཁྱབ་བདག་རྣམས་སངས་རྒྱས་ལ་རྟག་པར་རབ་ཏུ་ཕྱག་བགྱི་བདག་གི་བློ་གྲོས་འདི། །མུན་པ་ལྟ་བུས་བརྩོན་པས་རྒྱུད་ཀྱི་དོན་ཆེན་སོ་སོར་དབྱེ་བར་ག་ལ་ནུས། །འོན་ཀྱང་སྤྱོད་ཡུལ་མ་ཡིན་ཡང་། །རྣམ་པར་བརྩོན་ པར་བྱེད་པ་ནི། །སྐྱེ་བོས་བཞད་གད་ཆེད་དུ་དང་། །བརྩེ་བས་གཞན་གྱི་དོན་དུའོ། །རྡོ་རྗེ་སྙིང་པོའི་རྒྱན་ཞེས་བྱ་བའི་དོན་གྱི་མིང་ཅན་འདི་ནི་རྒྱུད་དོ། །འདི་ལྟར་རྡོ་རྗེ་སྙིང་པོ་ནི་བྱང་ཆུབ་ཀྱི་སྙིང་པོ་སྟེ་སངས་རྒྱས་ཐམས་ཅད་ཀྱི་གནས་སོ། །དེའི་རྒྱན་ནི་བླ་ན་མེད་པའི་ཁང་པ་བརྩེགས་པ་གང་ཡིན་ པ་དེ་དེ་བཞིན་དུ་བརྗོད་པར་བྱའོ། །ཡང་ན་རྡོ་རྗེ་ནི་ཆོས་ཀྱི་སྐུའི་བདག་ཉིད་ཅན་ཏེ། དབྱེ་བར་བྱར་མེད་པ་ཉིད་ཀྱི་ཕྱིར་རོ། །སྙིང་པོ་ནི་ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་ཏེ་ཐམས་ཅད་ཀྱི་སྙིང་པོར་གྱུར་པ་ཉིད་ཀྱི་ཕྱིར་དང་། སེམས་ཅན་གྱི་དོན་རྫོགས་པའི་སྙིང་རྗེའི་ཕྱིར་ཡང་ངོ་། །སྣ་ཚོགས་ པའི་སྤྲུལ་པ་ནི་རྒྱན་ཏེ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དོ། །ཡང་ན་རྡོ་རྗེ་ནི་དབྱེ་བར་བྱར་མེད་པ་སྟེ་ཁང་པ་བརྩེགས་པའོ། །དེའི་སྙིང་པོ་ནི་འཛིན་པའི་ཕྱིར་རྡོ་རྗེ་སྟེ་བྱང་ཆུབ་ཀྱི་གདན་ནོ། །དེ་ལྷག་པར་གནས་པར་རྒྱས་པར་བྱེད་པའི་ཕྱིར་རོ། །དེ་ཉིད་དཀྱིལ་འཁོར་དང་ཕྱག་རྒྱ་ལ་སོགས་པའི་ངོ་བོ་མ་ལུས་ པ་སྟེ། དེའི་རྗོད་པར་བྱེད་པ་པོ་རྒྱུད་ལ་ཡང་དེའི་མིང་ཐོབ་པར་འགྱུར་ཏེ་སངས་རྒྱས་ཀྱི་སྤྱོད་པ་བཞིན་ནོ། །དེའི་ཕྱིར་ཡང་བཅོམ་ལྡན་འདས་དེ་འདིའི་མངོན་པར་རྗོད་པར་བྱེད་པར་གྱུར་པའོ་ཞེས་རྗོད་བྱེད་དང་བརྗོད་བྱའི་མཚན་ཉིད་ཀྱི་འབྲེལ་པའོ། །དགོས་པ་ཡང་དེ་སྐྱེ་བོའི་བྱེ་བྲག་ཏུ་རིག་པར་བྱས་པས་དེ་དང་ དེ་ཐོས་ནས་ཐོས་པ་ལ་སོགས་པའི་རིམ་གྱིས་བླ་ན་མེད་པའི་བྱང་ཆུབ་ཀྱི་མཚན་ཉིད་མཐུན་པའི་འབྲས་བུའོ་ཞེས་རྟོགས་པར་བྱའོ། །འདིར་ཡང་ཡང་དག་པར་བསྡུ་བར་བྱ་བའི་དོན་དུ་ཕྱག་ན་རྡོ་རྗེས་ཇི་ལྟར་ཐོས་པ་བསྟན་པའི་ཕྱིར་ཐོག་མར་འདི་སྐད་བདག་གིས་ཞེས་བྱ་བ་ལ་སོགས་པ་གསུངས་པ། འདི་སྐད་ཅེས་ བྱ་བ་ནི་རྒྱུད་ཀྱི་དོན་མཆོག་ཏུ་སྟོན་པའི་ཚིག་ཕྲད་དོ། །བདག་གིས་ཞེས་བྱ་བ་ནི་དངོས་ལ་སྟེ་གཞན་ལས་ཐོས་པ་དང་རྟོགས་པ་མ་ཡིན་པའོ། །དུས་གཅིག་ན་ཞེས་པ་འདིས་གཞན་གྱི་ཚེ་གཞན་ཐོས་ཞེས་ཐོས་པ་མང་བར་འདོན་པར་བྱེད་དོ། །དེ་ཡང་རྣ་བས་དེ་དང་དེའི་རྣམ་པ་ཐོས་ཤིང་སོ་སོར་རྟོགས་པའི་དོན་ནོ་ 61-1-314a ཞེས་རིག་པར་བྱའོ། །གང་ལས་གང་དུ་ཐོས་ཞེས་གླེང་གཞི་ངེས་པར་བསྟན་པའི་ཕྱིར་གསུངས་པ་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པའོ། །རྡོ་རྗེ་ལ་སོགས་པ་རྣམས་ཀྱིས་བྱིན་གྱིས་བརླབས་པ་དེ་དམ་ཚིག་གི་ཡེ་ཤེས་ཏེ་རྒྱུར་གྱུར་པའི་ཡེ་ཤེས་སོ། །ཇི་ལྟར་མེ་ལོང་འདི་ཡེ་ཤེས་རང་ དངོས་དང་བརྒྱུད་པས་དེའི་གདུལ་བྱའི་དབྱེ་བ་ལས་ལྷའི་དཀྱིལ་འཁོར་དང་ཕྱག་རྒྱ་ལ་སོགས་པར་བྱས་པ་ནི་རྣམ་པ་སྣ་ཚོགས་པའི་ཁྱད་པར་རོ། །དེས་ཡང་དག་པར་ལྡན་པར་གྱུར་པ་ནི་རྗེས་སུ་སོན་པའོ། །གང་ལས་ཤེ་ན་གང་གི་ཕྱིར་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་བྱིན་གྱིས་བརླབས་པས་རིན་པོ་ཆེའི་ཅོད་པན་གྱིས་ ཁམས་གསུམ་གྱི་རྒྱལ་པོར་དབང་བསྐུར་བ་ཐོབ་པའོ། །དེ་བཞིན་དུ་ཡང་ཅིའི་ཕྱིར་ཞེ་ན་གསུངས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་དམ་ཚིག་ཅེས་བྱ་བ་ལ་སོགས་པ་སྟེ། དེ་བཞིན་གཤེགས་པ་རྣམ་པ་ཐམས་ཅད་ཡང་དག་པར་འབྲེལ་པ་དེ་ལས་འགོད་པར་བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །ཡེ་ཤེས་ ནི་སོ་སོར་རྟོག་པའི་བདག་ཉིད་ཅན་ནོ། །དེའི་དོན་ནི་རྣལ་འབྱོར་ཆེན་པོའོ། །ཇི་སྙེད་ཡོད་པ་དེ་དང་ཇི་ལྟར་བརྗོད་པ་དེ་རྣམས་ཀྱི་དབང་ཕྱུག་སྟེ་མངའ་བདག་གོ། །དོན་དམ་པའི་རྣལ་འབྱོར་དུ་བྱ་བ་ཉིད་དུ་བལྟ་བར་བྱའོ་ཞེས་དོན་དམ་པ་ངེས་པར་བསྟན་པར་གསུངས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་ སོགས་པའོ། །ཅིའི་ཕྱིར་གཞན་གྱི་དོན་ཁོ་ནར་མཛད་ཅེ་ན་གསུངས་པ། ཐུགས་རྗེ་ཆེན་པོ་ཞེས་པ་རྣམ་པར་སྣང་མཛད་ཆེན་པོ་ནི་དྲི་མ་མ་ལུས་པ་དང་བྲལ་བའི་ཕྱིར་རོ། །རྟག་པ་ནི་མི་གནས་པའི་མྱ་ངན་ལས་འདས་པའི་ཚུལ་ལས་སོ། །དུས་གསུམ་དུ་བཞུགས་པ་ནི་སྐད་ཅིག་རྟག་པ་ཉིད་ཀྱི་ཕྱིར་རོ། །ཕ་རོལ་གྱིས་ཀྱང་དབྱེ་བར་བྱ་བ་ མ་ཡིན་པ་ཉིད་ཀྱི་ཕྱིར་སྐུ་དང་གསུང་དང་ཐུགས་རྡོ་རྗེའོ། །གདུལ་བར་བྱ་བའི་རྗེས་སུ་མཐུན་པར་དེ་བཞིན་ཉིད་དུ་གནས་པར་གྱུར་པ་དེ་བཞིན་གཤེགས་པ་སྟེ་དེ་བཞིན་དུ་ཡང་དེའི་རྒྱུ་ཅན་གྱི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བཞི་པོ་བསྟན་ཏོ། །དེ་བཞིན་དུ་སྟོན་པ་པོའི་ཡོན་ཏན་དུ་བརྗོད་པའི་གནས་ཕུན་སུམ་ཚོགས་པ་གང་ཡིན་ པ་ངེས་པར་བསྟན་པ་གསུངས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྟེན་ཅིང་ཞེས་བྱ་བ་ལ་སོགས་པའོ། །འཁོར་ཕུན་སུམ་ཚོགས་པ་ཡང་སངས་རྒྱས་ཀྱི་ཞིང་ཞེས་བྱ་བ་ལ་སོགས་པས་སྟོན་པར་བྱེད་དོ། །ཡོངས་སུ་བསྐོར་ཅིང་ནི་མངའ་བདག་ཏུ་བྱས་པའོ། །མདུན་དུ་བདར་ཏེ་ནི་ཐོག་མར་གཞག་པའོ། །ཐོག་མ་དང་ 61-1-314b བར་དང་ཐ་མ་ནི་ཐོས་པ་དང་། བསམ་པ་དང་། སྒོམ་པར་བྱེད་པའི་གནས་སྐབས་སོ། །དེ་རྣམས་སུ་དགེ་བ་ནི་ཕན་པ་ལ་གནས་པའོ། །དོན་བཟང་པོ་ནི་བྱང་ཆུབ་ཀྱི་ཐབས་ཀྱི་དོན་ཉིད་ཀྱི་ཕྱིར་རོ། །ཚིག་འབྲུ་བཟང་པོ་ནི་སྒྲའི་ཡོན་ཏན་ཕུན་སུམ་ཚོགས་པའོ། །མ་འདྲེས་པ་ནི་གང་ཟག་ལ་བདག་མེད་པར་སྟོན་པའི་ ཕྱིར་རོ། །ཡོངས་སུ་རྫོགས་པ་ནི་བླ་ན་ཡོད་པ་དང་བླ་ན་མེད་པའི་འབྲས་བུ་ཐོབ་པ་པོ་ཉིད་ཀྱི་ཕྱིར་རོ། །ཆོས་ཐམས་ཅད་བདག་མེད་པ་གསལ་བར་བྱེད་པ་ཉིད་ཀྱི་ཕྱིར་ཡོངས་སུ་དག་པའོ། །ཐེ་ཚོམ་གྱི་ཉེས་པ་ཐམས་ཅད་སེལ་བའི་རྒྱུ་ཉིད་ཀྱི་ཕྱིར་ཡོངས་སུ་བྱང་བའོ། །ཆོས་ཐམས་ཅད་ཀྱི་ཚུལ་ནི་ཐེག་པ་ཐམས་ཅད་ཅེས་ པའོ། །དེ་རྣམས་ཀྱི་ཐོབ་པར་བྱ་བ་རྣམ་པར་དག་པ་ནི། སྒྲིབ་པ་ཐམས་ཅད་རབ་ཏུ་བཅོམ་པའི་མཚན་ཉིད་དོ། །དེའི་སྒོ་ནི་ཐབས་ཏེ་སྟོན་པར་བྱེད་དོ་ནི་གསུང་བར་བྱེད་པའོ། །གང་གསུངས་པ་རྣམ་པ་སྣ་ཚོགས་པའི་ཁྱད་པར་ཡང་དག་པར་ལྡན་པར་གྱུར་པ་ཞེས་སོ། །དེ་ལ་ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་གྱི་སྒོ་ནས་ ཁྱད་པར་གང་ཡིན་པ་གསུངས་པ། དེ་ནས་བཅོམ་ལྡན་འདས་ཞེས་པ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཞེས་པ་ལ་སོགས་པས་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔའི་རང་བཞིན་བསྟན་ཏོ། །ཇི་སྐད་ལྷའི་གཙོ་བོའི་སྒོ་དཔག་མེད་དོ། །སྤྲུལ་པའི་སྐུ་ནི་ཆོས་ཀྱི་རྡོ་རྗེ་མ་ ཉིད་ལས་སོ། །ལས་མཉམ་པ་ཉིད་ཀྱི་སྐུ་ནི་གདོན་མི་ཟ་བའི་རྒྱལ་བ་རྒྱལ་བའི་གཙུག་ཏོར་ཉིད་ལས་སོ། །མི་ཤེས་ཅན་ནི་གཟི་བརྗིད་ཕུང་པོ་ཉིད་ལས་སོ། །ཆེན་པོ་ནི་རྣམ་པར་འཕྲོ་བ་ཉིད་ལས་སོ། །ཁྱབ་བདག་ནི་རྣམ་པར་རྒྱལ་བའི་གཙུག་ཏོར་ཉིད་ལས་སོ། །དེ་ལྟ་བུའི་ངོ་བོ་ཅི་ཞེ་ན་གསུངས་པ་རྣམ་པར་སྣང་མཛད་ཅེས་པ་ སྟེ་རྣམ་པར་སྣང་བ་ཁོ་ན་རྣམ་པར་སྣང་མཛད་དེ། དྲི་མ་མེད་པ་ཉིད་ལས་གསལ་བར་བྱེད་དོ་ཞེས་པའི་དོན་ནོ། །བཅོམ་ལྡན་འདས་ནི་དབང་ཕྱུག་ཆེན་པོར་གནས་པ་ཉིད་ལས་སོ། །ནམ་མཁའི་ཁམས་ཐམས་ཅད་དུ་མཉམ་པར་གནས་པའི་སྐུ་ལ་སོགས་པའི་རྡོ་རྗེ་ནི་ཁྱབ་ཅིང་དབྱེ་བ་མེད་པའི་སྐུ་ཉིད་ཀྱི་ཕྱིར་རོ། །རྡོ་རྗེ་སེམས་དཔའ་དང་རིན་ ཆེན་ལ་སོགས་པ་འཁོར་ལོས་སྒྱུར་བས་ཇི་ལྟར་རང་གི་དཀྱིལ་འཁོར་དུ་འདུས་པ་བསྐྱེད་པའི་རིམ་པ་དང་རང་བཞིན་གྱི་ལས་འདི་གཉིས་གསུངས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་པ་ལ་སོགས་པ་སྟེ་དེ་བཞིན་གཤེགས་པ་ཐམས་ཅད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འོད་ཟེར་རོ། །དེ་ཉིད་ཡང་དག་པར་འདུ་བར་ 61-1-315a བྱེད་པ་ནི་རྒྱུ་སྟེ་རྡོ་རྗེ་སེམས་དཔའ་གང་ཡིན་པ་དེ་དེ་བཞིན་དུ་བརྗོད་དོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་རང་གི་ཐུགས་ཀའི་རྡོ་རྗེ་ཕྱག་ཏུ་བཞག་ནས་དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འོད་ཟེར་འཕྲོ་བར་བྱེད་པའོ། །ཡང་དག་པར་བསྡུས་ནས་རབ་ཏུ་ཞུགས་པས་རྡོ་རྗེ་སེམས་དཔར་ཡོངས་སུ་གྱུར་པར་ བྱེད་དོ། །དེ་ལས་ཕྱུང་ནས་རང་གི་གནས་སུ་ཀུན་དུ་གནས་སོ་ཞེས་པའི་ཇི་སྲིད་པར་ཏེ་དེའི་ངོ་བོ་ཕྱུང་ནས་སོ། །གང་རྡོ་རྗེའི་དབྱིངས་སམ་ཐམས་ཅད་ཁོང་དུ་ཆུད་པར་བྱེད་པ་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སེམས་བསྐྱེད་བྱེད་པའམ་རྣམ་པར་སྣང་མཛད་ཐོབ་པར་བྱེད་པའོ། །དེའི་དོན་ནི་ཡེ་ཤེས་སེམས་དཔའ་སྟེ་འདིས་ཀྱང་ རྟོགས་པར་བྱེད་པའི་ལས་ཀྱི་ཕྱིར་དང་ཡེ་ཤེས་སེམས་དཔའི་རང་བཞིན་ཉིད་དུ་བསྟན་ནོ། །ནམ་མཁའི་ཁམས་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་མོ་ཡང་དག་པར་འདུ་བར་བྱེད་པའི་རྡོ་རྗེ་ནི་རྡོ་རྗེ་སེམས་དཔའ་ཇི་ལྟ་བ་བཞིན་དུ་བརྗོད་དོ། །བསྐྱེད་པར་བྱས་པ་དང་སྤྲོ་བར་བྱེད་པའི་རིམ་པ་དེ་ཉིད་ཀྱང་བྱིན་གྱིས་བརླབས་ཏེ་དེའི་ཡེ་ཤེས་ཀྱི་ རང་བཞིན་གྱི་སྙིང་པོ་ནི་རྡོ་རྗེ་རིན་ཆེན་ནོ། །དེ་ཉིད་དེ་ལྟ་བུའི་རིམ་པས་རྫོགས་པའི་རྡོ་རྗེ་སེམས་དཔའ་རྣམ་པར་སྣང་མཛད་ཀྱི་ཐུགས་ཀ་ནས་ངེས་པར་བྱུང་སྟེ་སྤྲོས་ནས་རྡོ་རྗེ་རིན་ཆེན་གྱི་གཟུགས་ཀྱིས་ཀུན་དུ་གནས་སོ་ཞེས་པ་བསྐྱེད་པའི་རིམ་པ་ཡེ་ཤེས་སེམས་དཔའི་རང་བཞིན་ཉིད་དུའང་བསྟན་ནོ་ཞེས་པའོ། །རྡོ་རྗེ་རིན་ཆེན་ཆེན་པོའི་ མངོན་པར་དབང་བསྐུར་བའི་དམ་ཚིག་ནི་རྒྱུ་སྟེ། རྡོ་རྗེ་རིན་ཆེན་ཆེན་པོའི་དབང་བསྐུར་བའི་དམ་ཚིག་འདིས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་མངོན་པར་དབང་བསྐུར་བའི་བདག་ཉིད་ཅན་གྱི་ལས་སུ་བསྟན་ཏོ། །དེ་བཞིན་གཤེགས་པའི་ཡེ་ཤེས་དེ་བཞིན་གཤེགས་པའི་ཕྱག་ན་གནས་པའི་རྡོ་རྗེ་དེའི་ཟེར་རྣམས་ཀྱིས་ཀྱང་ནམ་ མཁའ་ཐམས་ཅད་འཕྲོ་བར་བྱེད་པ་དེའི་མངོན་པར་བྱང་ཆུབ་པ་རྡོ་རྗེ་སེམས་དཔའ་གང་ཡིན་པ་དེ་དེ་བཞིན་དུ་གསུངས་སོ། །དེའི་ཕྱིར་མངོན་པར་བྱང་ཆུབ་པར་གྱུར་པ་ནི་མངོན་པར་བྱང་ཆུབ་པ་ཐོབ་པའི་རྡོ་རྗེ་ཆོས་སོ། །དེ་བཞིན་དུ་བསྐྱེད་པའི་རིམ་པར་བསྟན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལུས་རྣམ་པར་དག་པ་ཁོ་ན་ ལུས་རྣམ་པར་དག་པ་ཉིད་དེ་སྒྲིབ་པ་ཐམས་ཅད་དང་བྲལ་བའོ། །དེ་ཡིས་ནི་རྒྱུར་གྱུར་པ་ཡིས་སོ། །ཆོས་ཐམས་ཅད་རང་བཞིན་གྱིས་དག་པ་ནི། རྒྱུ་གང་གིས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལུས་རྣམ་པར་དག་པའི་ཆོས་དེའི་ཕྱིར་ཡང་ཆོས་ཐམས་ཅད་རང་བཞིན་གྱིས་དག་གོ་ཞེས་པ་ཇི་སྲིད་པའོ། །དེ་ཁོ་ན་རྡོ་རྗེ་སེམས་དཔའོ་ 61-1-315b ནམ་མཁའ་ཐམས་ཅད་ལ་ཁྱབ་པ་པོ་གཟུགས་ཐམས་ཅད་ཀུན་དུ་སྟོན་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། །དེའི་ཕྱིར་མ་ལུས་པ་ནི་འཇིག་རྟེན་གྱི་ཁམས་དང་། ལུས་པ་མེད་པ་ནི་སེམས་ཅན་གྱི་ཁམས་སོ། །འདུལ་བའི་སྤྱོད་པ་མཆོག་དང་ལྡན་པ་ནི་རྡོ་རྗེ་ལས་ཏེ་འདིས་བསྐྱེད་པའི་རིམ་པ་བསྟན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ ཀྱི་བཀའ་ལུང་གདོན་མི་ཟ་བར་བྱེད་པ་དེ་རྣམས་སེམས་ཅན་ཐམས་ཅད་ལ་མཉམ་པ་ཉིད་དུ་བླ་ན་མེད་པའི་ལས་སྣ་ཚོགས་པ་གང་ཡིན་པ་དེ་དེ་བཞིན་དུ་བརྗོད་དོ། །རྒྱུ་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའ་ལུང་གདོན་མི་ཟ་བར་བྱེད་པའི་རང་བཞིན་དེས་སེམས་ཅན་ཐམས་ཅད་ལ་མཉམ་པ་ཉིད་བླ་ན་མེད་པའི་ལས་སྣ་ཚོགས་ པའི་དོན་ནོ། །རྡོ་རྗེ་སྙིང་པོར་བརྗོད་པའི་འཁོར་ལོ་འདི་གཉིས་ཇི་ལྟར་གཙོ་བོ་ཉིད་ཀྱི་ཁྱད་པར་གང་ཡིན་པ་གསུངས་པ་རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པ་སྟེ། གང་གི་ཕྱིར་མི་འགྱུར་བ་ཡིན་པ་དེའི་ཕྱིར་མི་བསྐྱོད་པའོ། །གང་གི་ཕྱིར་རབ་ཏུ་སྣང་བར་བྱེད་པ་དེའི་ཕྱིར་རིན་ཆེན་ཏོག་གོ། །གང་གི་ཕྱིར་དགྲ་ལས་རྒྱལ་བའི་མགོན་པོ་ཡིན་པ་དེའི་ ཕྱིར་འོད་དཔག་མེད་དེ་གཞན་དུ་དེ་ཡང་དཔག་ཏུ་མེད་པའི་འོད་དོ། །གང་གི་ཕྱིར་ལས་ཐམས་ཅད་བྱེད་པ་དེའི་ཕྱིར་དོན་ཡོད་དོ། །དབང་ཆེན་ལ་སོགས་པའི་དཀྱིལ་འཁོར་གྱི་སྒོ་ནས་གསུངས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མེ་ལོང་ཞེས་བྱ་བ་ལ་སོགས་པ་སྟེ། མེ་ལོང་ཡེ་ཤེས་ཀྱི་བདག་ཉིད་ཅན་དབང་ཆེན་གྱི་དཀྱིལ་འཁོར་གྱི་ རང་བཞིན་ཉིད་ཀྱི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མེ་ལོང་ཡེ་ཤེས་ཀྱི་དཀྱིལ་འཁོར་རོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་མེ་ལྷའི་དཀྱིལ་འཁོར་གྱི་ངོ་བོ་ཉིད་ཀྱི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་ཤེས་རབ་ལ་རབ་ཏུ་གནས་པའོ། །སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ཆུ་ལྷའི་དཀྱིལ་འཁོར་གྱི་ བདག་ཉིད་ཅན་ཉིད་ཀྱི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་གནས་དང་གཉིས་སུ་མེད་པ་བརྙེས་པའོ། །བྱ་བ་རྗེས་སུ་སྒྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་རླུང་ལྷའི་དཀྱིལ་འཁོར་གྱི་རང་བཞིན་གྱི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱ་བ་རྗེས་སུ་སྒྲུབ་པའི་ཡེ་ཤེས་ཡང་དག་པར་རྗེས་སུ་ཐོབ་པའོ། ། གཙུག་ཏོར་གྱི་དཀྱིལ་འཁོར་གྱི་རང་བཞིན་ཉིད་ཀྱི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་དབྱིངས་རྣམ་པར་དག་པའོ། །ཁྲོ་བའི་འཁོར་ལོའི་བདག་ཉིད་ཅན་ཉིད་ཀྱི་ཕྱིར་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྤྱོད་ཡུལ་ལོ། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་གྱི་ངོ་བོ་ཉིད་ཀྱི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ 61-1-316a གཉིས་སུ་མེད་པའི་མཉམ་པ་ཉིད་ལ་དམིགས་པའི་ཡེ་ཤེས་ཡོངས་སུ་དག་པ་མཐར་ཕྱིན་པའོ། །གཟུགས་ཀྱི་དཀྱིལ་འཁོར་གྱི་བདག་ཉིད་ཅན་གྱི་ཕྱིར་སྟོང་པ་ཉིད་དང་དེ་བཞིན་ཉིད་ནས་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ཞེས་པ་ཇི་སྲིད་པའོ། །དེ་ལྟར་བཅོམ་ལྡན་འདས་ཐམས་ཅད་དུ་གཞན་གྱི་དོན་ཁོ་ནར་གནས་སོ་ཞེས་ སྟོན་པས་གསུངས་པ། སངས་རྒྱས་ཐམས་ཅད་མཉམ་པ་ཉིད། །ཅེས་བྱ་བ་ལ་སོགས་པ་སྟེ་སངས་རྒྱས་རྣམས་ཀྱི་མཉམ་པ་ཉིད་སྟོང་པ་ཉིད་ལྷག་པར་གནས་པ་དམིགས་པ་མངོན་དུ་བྱས་ནས་སོ། །རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཉིད་ལ་བྱིན་གྱིས་བརླབས་ནས་ཞེས་པ་ནི་རང་གི་ཤེས་རབ་འཇམ་དཔལ་ཉིད་ དུ་མངོན་པར་རྫོགས་ནས་སོ། །འདི་ཉིད་ཐབས་བདེ་བས་རྩ་བའི་རྒྱུད་ཀྱིས་བསྡུ་བར་བྱ་བ་ནི་ཤེས་རབ་ཀྱི་སྒོ་ནས་ཉེ་བར་བསྟན་པ་གསུངས་པ། དེ་ནས་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། བཅོམ་ལྡན་འདས་ཞེས་པ་ནི་རྣམ་པར་སྣང་མཛད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་སངས་རྒྱས་དང་རྡོ་རྗེ་འཛིན་པ་ལ་སོགས་པ་ རྣམས་སོ། །དེ་རྣམས་ཀྱི་བསྡུ་བའི་སྙིང་པོ་བུདྡྷ་དང་། བཛྲ་ས་མཱ་ཛའི་སྒྲ་དག་གིས་དེ་བཞིན་གཤེགས་པ་ལ་བསྡུས་ཤིང་བཅུག་པའོ། །རྒྱུད་རབ་འབྱམས་རྒྱ་མཚོའི་སྤྲིན་གྱི་སྒྲས་འཇིག་རྟེན་གྱི་ཁམས་ཤར་ལ་སོགས་པའི་ཕྱོགས་སུ་ཀུན་དུ་གནས་པའི་དབྱེ་བས་ལྷག་པའི་གྲངས་རབ་འབྱམས་སུ་བརྗོད་པའི་རིམ་པའི་མཐར་ ཐུག་པ་ནི་རྒྱུད་གཉིས་པ་ཞེས་བྱ་བ་ལ་སོགས་པར་བལྟ་བར་བྱའོ། །ཡང་དག་པར་སྦྱོར་ནས་ནི་འདྲེས་པར་གྱུར་ནས་སོ། །རྡོ་རྗེའི་བློའི་ཡེ་ཤེས་ནི་བླ་ན་མེད་པའི་ཤེས་རབ་ཡེ་ཤེས་སོ། །ཡོངས་སུ་བསྐྱེད་དེ་ནི་མངོན་དུ་བྱ་སྟེའོ། །གནས་རྣམས་ཐམས་ཅད་དུ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་དང་ཐུགས་ཀ་ རྣམས་སུའོ། །བཅོམ་ལྡན་འདས་རང་གི་ཤེས་རབ་དེའི་གཟུགས་ཀྱིས་བྱིན་གྱིས་བརླབས་པ་གང་ཡིན་པ་དེའི་ཕྱིར་དེ་ཉིད་དུ་ཀུན་དུ་གནས་པའོ། །འཁོར་ལོས་སྒྱུར་བ་ཆེན་པོའི་སྙིང་པོ་ཞེས་པ་ནི་གཙུག་ཏོར་གྱི་སྙིང་པོ་ཡི་གེ་གཅིག་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྱིན་གྱིས་རློབ་པ་པོ་ཉིད་ཡིན་ལ་དེ་ གཙོ་བོའི་ང་རྒྱལ་གྱི་སྡུད་པ་པོ་ཉིད་འདིའི་ལུས་ཀྱི་ཐུགས་ཀའི་དཔལ་བེའུའི་རྣམ་པ་ནི་ཐུགས་དཔལ་གྱི་བེའུ་ལའོ། །བདེ་བ་ཐམས་ཅད་ཀུན་དུ་སྟོན་པར་བྱེད་པ་ནི་ཐམས་ཅད་བདེ་བ་ཀུན་དུ་སྟོན་པར་བྱེད་པའོ། །ཆགས་པས་ཆགས་པ་རབ་ཏུ་སྤང་བའི་ཕྱིར་དེ་ལ་སྤྱོད་པའི་དབང་དུ་བྱས་ནས་རྣམ་པར་སྣང་མཛད་ 61-1-316b ཆེན་པོའི་དཀྱིལ་འཁོར་ངེས་པར་རྟོགས་པར་བྱ་བའི་དོན་དུ་གསུངས་པ་ཤིན་ཏུ་དགའ་བ་རྣམ་པར་དག་པ་ཞེས་པ་ལ་སོགས་པ་སྟེ། ཤིན་ཏུ་དགའ་བ་ནི་དབང་པོ་གཉིས་སྙོམས་པར་ཞུགས་པ་ལས་སྐྱེས་པའི་བདེ་བ་ལས་བྱུང་བའོ། །དེའི་རྣམ་པར་དག་པ་ནི་བག་ཆགས་བསལ་བའོ། །དེའི་གནས་ནི་རྟེན་ཏེ་བྱེད་པ་ པོའི་ཞེས་པའོ། །རེ་ཞིག་གང་ཞེ་ན་གསུངས་པ་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པའོ། །འདི་ཞེས་པ་བྱང་ཆུབ་ཀྱི་བདག་ཉིད་ཅན་གྱི་སེམས་དཔའ་གང་ཡིན་པ་འདི་རྣམ་པར་སྣང་མཛད་ཆེན་པོའི་གནས་ཏེ་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཚུལ་ལོ། །དེའི་ཤིན་ཏུ་དགའ་བ་རྣམ་པར་དག་པའི་གནས་སོ། །དེ་བཞིན་དུ་ལྟ་བ་རྣམ་ པར་དག་པ་ནི་མི་བསྐྱོད་པ་དང་སེམས་མ་རྡོ་རྗེ་མ་དང་། རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་ཀྱིའོ། །དགའ་བ་རྣམ་པར་དག་པ་ནི་སྒེག་མོའིའོ། །སྲེད་པ་རྣམ་པར་དག་པ་ནི་ཕྲེང་བ་མའིའོ། །འདོད་ཆགས་རྣམ་པར་དག་པ་ནི་གླུ་མའིའོ། །ཞེ་སྡང་རྣམ་པར་དག་པ་ནི་གར་མའིའོ། །གཏི་མུག་རྣམ་པར་དག་པ་ནི་ བདུག་པ་མའིའོ། །བསྙེམས་པ་རྣམ་པར་དག་པ་ནི་མེ་ཏོག་མའིའོ། །མཚན་ཉིད་མེད་པ་རྣམ་པར་དག་པ་ནི་སྣང་བ་མའིའོ། །ཡིད་སིམ་པ་རྣམ་པར་དག་པ་ནི་དྲི་མའིའོ། །སྣང་བ་རྣམ་པར་དག་པ་ནི་ལྕགས་ཀྱུའིའོ། །ལུས་རྣམ་པར་དག་པ་ནི་ཞགས་པའིའོ། །ངག་རྣམ་པར་དག་པ་ནི་ལྕགས་སྒྲོག་གིའོ། །ཡིད་ རྣམ་པར་དག་པ་ནི་འབེབས་པའིའོ། །གཟུགས་ལ་སོགས་པ་རྣམ་པར་དག་པ་ཡང་གཟུགས་ལ་སོགས་པ་རྣམ་པར་སྦྱར་བར་རིག་པར་བྱའོ། །རིམ་པ་ནི་འཛིན་པའི་མཐར་ཐུག་པ་དེ་སྲིད་དུ་ཤིན་ཏུ་དགའ་བའི་དོན་ནི་བདག་ཏུ་ལྟ་བས་ན་ཞེན་པའོ། །དེ་ནས་བདག་ལ་དགའ་འོ། །དེ་ནས་དོན་ལ་སྲེད་དོ། །དེ་བས་ འཁོར་ལ་ཆགས་སོ། །དེ་ནས་བདག་ལ་སོགས་པ་དང་འགལ་བ་ལ་ཞེ་སྡང་ངོ་། །འདི་དག་ཀུན་མི་ཤེས་པའི་ཕྱིར་རྨོངས་སོ། །དགའ་བ་དང་སྲེད་པ་དང་ཆགས་པ་རྣམས་ཀྱིས་བསྙེམས་སོ། །ཞེ་སྡང་ལས་མི་ཁོམ་མོ། །རབ་ཏུ་བྱུང་བ་རྣམས་ཀྱི་ལུས་ལས་སྐྱེས་པ་ལ་སོགས་པའི་སྡུག་བསྔལ་རྣམ་པར་དབེན་པའི་ཕྱིར་ཡིད་ཚིམ་ པའོ། །དེ་ནས་ཡེ་ཤེས་ཀྱི་སྣང་བའོ། །དེ་ནས་ཁྱད་པར་དུ་འཕགས་པའི་ལུས་དང་། ངག་དང་། ཡིད་ཀྱི་བདག་ཉིད་ཅན་དཔག་ཏུ་མེད་པའི་ཡུལ་རྣམས་ཀྱིས། འདོད་ཆགས་དང་བྲལ་བ་ཡང་རབ་ཏུ་འཇོམས་པར་བྱེད་དོ་ཞེས་པས་གཟུགས་ལ་སོགས་པ་རྣམས་སོ། །འདི་ཉིད་སོ་སོར་རྟོགས་པར་བྱ་བའི་ 61-1-317a ཕྱིར་གསུངས་པ། དེ་ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པ་རྣམས་སོ། །རྣམ་པ་ཅིས་ཤེ་ན་གསུངས་པ། ཆོས་ཐམས་ཅད་རང་བཞིན་གྱིས་ཏེ་སྟོང་པ་ཉིད་ཀྱིས་ཞེས་པའོ། །གལ་ཏེ་དེ་ལྟར་ན་ཐམས་ཅད་དངོས་པོ་མེད་པར་ཐལ་པར་འགྱུར་རོ་ཞེས་གསུངས་པ། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཞེས་པ་དོན་དམ་པར་དེ་ལྟ་བུ་ཡིན་ལ་ཀུན་རྫོབ་ཏུ་ནི་འགལ་བར་བརྗོད་པའོ། །དེའི་ཕྱིར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཉིད་བྱང་ཆུབ་སེམས་དཔའི་གནས་སོ། །ཆོས་ཐམས་ཅད་རྣམ་པར་དག་པ་བསྡུས་པ་ནི་ཤིན་ཏུ་ དགའ་བ་ལ་སོགས་པ་རྣམ་པར་དག་པ་ཐོབ་པའོ། །སྒྲིབ་པ་ཐམས་ཅད་དང་ཆོད་པ་ལ་སོགས་པ་དེ་རྣམས་ཉེ་བར་བསགས་ཀྱང་རྣམ་པར་སྣང་མཛད་ཆེན་པོས་བྱིན་གྱིས་བརླབས་པ་ལས་ཏེ། ཆོད་པ་ནི་འདོད་པའི་འདུན་པ་ལ་སོགས་པ་རྣམས་སོ། །སྙོམ་པའི་སྒྲིབ་པ་ནི་འདོད་ཆགས་ལ་ སོགས་པ་རྣམས་སོ། །ཆོས་ཀྱི་སྒྲིབ་པ་ནི་ཤེས་བྱའི་སྒྲིབ་པ་རྣམས་སོ། །ལས་ཀྱི་སྒྲིབ་པ་ནི་མཚམས་མེད་པའི་མཚན་ཉིད་ཏེ་དེ་རྣམས་ཉེ་བར་བསགས་པའོ། །རིམ་པ་བཞིན་དུ་མི་བསྐྱོད་པ་ལ་སོགས་པས་བྱིན་གྱིས་བརླབས་པས་དམྱལ་བ་ལ་སོགས་པའི་ངན་སོང་དུ་ལྷུང་བར་ མི་འགྱུར་རོ། །བྱས་པ་ཙམ་ན་ཡང་སྡུག་བསྔལ་དེ་ཟད་པར་འགྱུར་རོ། །འཆང་བ་ལ་སོགས་པ་ནི་རབ་ཏུ་འཇུག་པའོ། །ཆོས་ཐམས་ཅད་མཉམ་པ་ཉིད་རྡོ་རྗེ་ཏིང་ངེ་འཛིན་སོ་སོར་ཐོབ་པ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དབྱེར་མེད་པའི་ཏིང་ངེ་འཛིན་བརྙེས་པའོ། །ཆོས་ཐམས་ཅད་ ཀྱི་དབང་ཕྱུག་ནི་རྣམ་པར་སྣང་མཛད་ཆེན་པོར་འགྱུར་རོ། །དགའ་བ་ལ་སོགས་པ་ནི་བླ་ན་མེད་པ་ཞི་བདེའི་འོ། །རང་དང་གཞན་དང་གཉིས་ཀའི་དོན་ལ་དམིགས་པའི་དབྱེ་བས་རྣམ་པ་གསུངས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐྱེ་བ་བཅུ་དྲུག་རྣམས་ཀྱི་ནི་རྡོ་རྗེ་སེམས་ དཔའ་ལ་སོགས་པའི་ཏིང་ངེ་འཛིན་བཅུ་དྲུག་ཐོབ་པ་རྣམས་ཀྱིས་སོ།། །།ཞི་བ་ལ་སྤྱོད་པའི་སེམས་ཅན་འདུལ་བའི་དོན་དུ་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་གྱི་དོན་བསྟན་པ་གསུངས་པ། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཞེས་པ་ལ་སོགས་པ་སྟེ། དེ་ནས་ཀྱི་སྒྲ་ནི་བར་མ་ 61-1-317b ཆད་པའོ། །ཞི་བའི་ཆོས་ཉིད་ནི་དེ་བཞིན་ཉིད་དོ། །དེའི་མངོན་པར་བྱང་ཆུབ་པ་ནི་དེ་བཞིན་གཤེགས་པ་ཡེ་ཤེས་མཐའ་ཡས་པའོ། །དེའི་མངོན་པར་བསྒྲུབ་པ་ནི་ཐོབ་པར་བྱེད་པའོ། །དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལོ། །རྡོ་རྗེ་མཉམ་པ་ཉིད་ནི་འཛིན་པའི་རྣམ་པ་སྟོང་པ་ཉིད་ དོ། །དེའི་མངོན་པར་བྱང་ཆུབ་པ་ནི་རྟོགས་པའོ། །དེ་ཁོ་ན་བྱང་ཆུབ་ཆེན་པོ་སྟེ་རྣམ་པར་སྣང་མཛད་ཉིད་དོ། །ཅི་ལྟར་ཞེ་ན་གསུངས་པ་རྡོ་རྗེ་བསྟན་པས་ཞེས་ཏེ་དེའི་འཛིན་པ་སྟོང་པ་ཉིད་དུ་ལྷག་པར་རྟོག་པ་བསྟན་པ་ཉིད་ཀྱིས་སོ། །དོན་མཉམ་པ་ཉིད་ནི་གཟུང་བའི་རྣམ་པ་སྟོང་པ་ཉིད་དོ། ། དེའི་མངོན་པར་བྱང་ཆུབ་པ་དེ་ཁོ་ན་ཡང་བྱང་ཆུབ་ཆེན་པོ་ཞེས་ཏེ་སྔར་བཞིན་ནོ། །ཇི་ལྟར་ཞེ་ན་གསུངས་པ་དོན་གཅིག་པ་ཉིད་ཀྱི་ཞེས་པ་གཟུང་བྱ་སྟོང་པ་ཉིད་ལ་དམིགས་པའི་ཡེ་ཤེས་བསྟན་པ་ཉིད་ཀྱིས་སོ། །ཆོས་རྣམས་ནི་ལུང་དང་རྟོགས་པའི་མཚན་ཉིད་དོ། །དེ་མཉམ་པ་ ཉིད་ནི་དེ་སྟོང་པ་ཉིད་དོ། །དེའི་མངོན་པར་བྱང་ཆུབ་པ་ཁོ་ན་བྱང་ཆུབ་ཆེན་པོ་ཞེས་པ་སྟེ། སྔར་བཞིན་ནོ། །ཅི་ལྟར་ཞེ་ན་གསུངས་པ། རང་བཞིན་རྣམ་པར་དག་པས་ཞེས་པ་ཆོས་རང་བཞིན་གྱིས་རྣམ་པར་དག་པ་ལ་དམིགས་པའི་ཡེ་ཤེས་བསྟན་པ་ཉིད་ཀྱིས་སོ་ཞེས་པ་ཇི་སྲིད་ པའོ། །ཐམས་ཅད་མཉམ་པ་ཉིད་ནི་མིག་ལ་སོགས་པ་སྟོང་པ་ཉིད་དོ། །དེའི་མངོན་པར་བྱང་ཆུབ་པ་ཁོ་ན་བྱང་ཆུབ་ཆེན་པོའི་ཞེས་པ་སྔར་བཞིན་ནོ། །ཅི་ལྟར་ཞེ་ན་གསུངས་པ། ཐམས་ཅད་ཅེས་པ་ལ་སོགས་པ་སྟེ། མིག་ལ་སོགས་པའི་ཤེས་པ་རྣམ་པར་རྟོག་པ་སྟོང་ པ་ཉིད་ལ་དམིགས་པའི་ཡེ་ཤེས་མཆོག་གིས་སོ་ཞེས་པའི་དོན་ཏོ། །དེ་བཞིན་གཤེགས་པའི་རིགས་པ་ལ་སོགས་པ་ཡང་རྡོ་རྗེ་ལ་སོགས་པའི་སྒྲས་བརྗོད་པར་བྱའོ། །དེ་རྣམས་ཀྱི་མཉམ་པ་ཉིད་ཅེས་པ་ལ་སོགས་པ་ནི་སྔར་བཞིན་ནོ། །བྱང་ཆུབ་ཆེན་པོའི་རིམ་པ་བཞིན་དུ་མི་བསྐྱོད་པ་ལ་ སོགས་པའི་གོ་འཕང་གི་རང་བཞིན་དུ་ཆུད་པར་བྱའོ། །ཆོས་བསྒྲུབ་པ་ནི་སྣང་མཛད་ལ་སོགས་པའི་གོ་འཕང་ཐོབ་པར་བྱེད་པའམ་མི་བསྐྱོད་པ་ལ་སོགས་པ་སེམས་ཅན་ཉེ་བར་འདྲེན་པ་པོའོ། །ཞེ་སྡང་སྤྱོད་པ་རྗེས་སུ་གཟུང་བར་བྱ་བ་རྡོ་རྗེ་ཧཱུཾ་མཛད་ཀྱི་དཀྱིལ་འཁོར་གྱི་དོན་བསྟན་པ་ 61-1-318a གསུངས་པ། དེ་ནས་བཅོམ་ལྡན་འདས་གདུག་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྟེ། གདུག་པ་ཐམས་ཅད་ནི་ལྷ་ཆེན་པོ་ལ་སོགས་པ་རྣམས་སོ། །དེ་རྣམས་འདུལ་བར་བྱེད་པ་གང་གིས་ཤཱཀྱ་ཐུབ་པ་རྡོ་རྗེ་ཧཱུཾ་མཛད་ཀྱི་གཟུགས་ཅན་དུ་བྱས་པ་དེའོ། །ཆོས་ ཐམས་ཅད་མཉམ་པ་ཉིད་འདོད་ཆགས་ལ་སྟོང་པ་ཉིད་ཀྱིས་སོ། །རྣམ་པར་རྒྱལ་བ་ནི་དེའི་བསམ་པ་ཉིད་ཀྱིས་འདོད་ཆགས་པ་རབ་ཏུ་བཅོམ་པའོ། །དེའི་ཡང་དག་པར་བསྡུས་པའོ། །གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་སྒྲུབ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚིག་ གིས་དེ་དེ་བཞིན་དུ་གསུངས་པ་དེའོ། །འདོད་ཆགས་ནི་ཞེན་པའི་མཚན་ཉིད་དོ། །དེའི་སྤྲོས་པ་དོན་དམ་པ་ཉིད་དུ་ཉེ་བར་མི་དམིགས་པའོ། །ཅི་ལྟར་ཞེ་ན་གསུངས་པ། འདོད་ཆགས་སྤྲོས་པ་མེད་པ་ཉིད་དེ་འདོད་ཆགས་ཀྱི་རྒྱུ་ཁ་དོག་ལ་སོགས་པ་ཉེ་བར་དམིགས་པ་མེད་པ་ཉིད་ཀྱིས་ སོ། །ཞེ་སྡང་ནི་ཀུན་དུ་འཇོམས་པའི་མཚན་ཉིད་དོ། །དེའི་སྤྲོས་པ་མེད་པ་ཁོ་ན་བཞིན་དུ། ཇི་ལྟར་ཞེ་སྡང་གི་སྤྲོས་པ་མེད་པ་ཉིད་ཀྱིས་ཤེ་ན་ཀུན་ནས་མནར་སེམས་པའི་གཞི་དགུ་ཉེ་བར་དམིགས་པ་མེད་པ་ཉིད་ཀྱིས་སོ། །གཏི་མུག་ནི་བདག་ཏུ་ལྟ་བ་ལ་སོགས་པའི་མཚན་ཉིད་དོ། །དེའི་ སྤྲོས་པ་མེད་པ་སྔར་བཞིན་དུ་ཉེ་བར་དམིགས་པ་མེད་པའོ། །ཇི་ལྟར་ཞེ་ན། གསུངས་པ་གཏི་མུག་གི་སྤྲོས་པ་མེད་པ་ཉིད་ཀྱིས་ནི་བདག་ལ་སོགས་པ་ཡོངས་སུ་དག་པའི་ཞིང་རྣམས་ཉེ་བར་མི་དམིགས་པའོ། །ཆོས་ཐམས་ཅད་ནི་ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བའོ། །དེ་ རྣམས་ཀྱི་སྤྲོས་པ་དོན་དམ་པ་ཉིད་དུ་ཉེ་བར་དམིགས་པ་མེད་པའོ། །ཇི་ལྟར་ཆོས་ཐམས་ཅད་ཀྱི་སྤྲོས་པ་མེད་པ་ཉིད་ཅེ་ན་ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བ་དེ་དག་ཏུ་ཡོངས་སུ་བརྟགས་པ་རྣམས་ཀྱི་དངོས་པོ་མེད་པ་ཉིད་ཀྱིས་སོ། །སྟོང་པ་ཉིད་ལ་སོགས་པའི་རང་བཞིན་ཅན་ མཆོག་ཏུ་མཐར་ཐུག་པ་འབྱེད་པའི་ཤེས་རབ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འདིའི་སྤྲོས་པ་མེད་པ་ཉིད་ནི་དེ་ཁོ་ན་བཞིན་དུ་ཉེ་བར་དམིགས་པ་མེད་པའོ། །ཅི་ལྟར་ཞེ་ན་གསུངས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྲོས་པ་མེད་པ་ཉིད་ཀྱིས་ཏེ། རྣམ་པར་རྟོག་པ་དང་དེའི་དབྱེ་བ་ 61-1-318b རྣམས་ཉེ་བར་དམིགས་པ་མེད་པ་ཉིད་ཀྱིས་སོ། །ཞེ་སྡང་གིས་དེ་སྤང་བ་ཉེ་བར་བསྟན་ནས་གཏི་མུག་ལ་སྤྱོད་པའི་སེམས་ཅན་འདུལ་བའི་དོན་དུ། དེ་ནས་བཅོམ་ལྡན་འདས་རང་བཞིན་དག་པ་ཞེས་པ་ལ་སོགས་པས་འཇིག་རྟེན་དབང་ཕྱུག་གི་དཀྱིལ་འཁོར་གྱི་དོན་བསྟན་པ་གསུངས་པ། རང་བཞིན་དག་པའི་ཆོས་མ་ལུས་པ་ཀུན་དུ་གཟིགས་པའི་ཕྱིར། རང་བཞིན་དག་པའི་ཆོས་ཐམས་ཅད་དོ། །ཆོས་ཐམས་ཅད་ནི་འདོད་ཆགས་ལ་སོགས་པའོ། །དེ་རྣམས་ཀུན་དུ་གཟིགས་པ་ཉིད་ནི་མངོན་སུམ་དུ་བྱེད་པའོ། །དེ་ལ་དབང་བྱེད་པས་ན་དབང་ཕྱུག་གོ། །དེའི་ཡེ་ཤེས་ ནི་དཀྱིལ་འཁོར་ལ་སོགས་པ་ངེས་པའོ། །དེ་ལ་གང་གིས་རྒྱས་གདབ་པར་བྱ་ཞིང་མངོན་པར་བྱ་བ་ཡིན་པས་དེ་དེ་བཞིན་དུ་གསུངས་ཏེ་དེ་སྐད་བྱ་བའིའོ། །འདོད་ཆགས་ཐམས་ཅད་ནི་སྔར་གསུངས་པ་དེ་རྣམས་ཀྱི་རྣམ་པར་དག་པ་སྟེ། མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམ་པར་དབེན་ པ་ཉིད་དོ། །དེ་ཞེ་སྡང་ཐམས་ཅད་རྣམ་པར་དག་པ་ཉིད་ཀྱིས་ཡང་དག་པར་འཇུག་པར་འགྱུར་ཏེ། རྒྱུད་ཉིད་དུ་འགྱུར་རོ། །ལུ་ཛྱེ་ཏེ་ཞེས་པ་ནི་འདིར་ཐོབ་པ་དང་སྐྱེ་བའོ། །ལྟ་བ་ཐམས་ཅད་ཀྱི་དྲི་མ་དེ་རྣམ་པར་དག་པ་སྟེ། དོན་དམ་པར་གདོད་མ་ནས་ཉེ་བར་དམིགས་པ་མེད་པ་ ཉིད་ཀྱིས་སོ། །སྡིག་པ་ཐམས་ཅད་རྣམ་པར་དག་པ་ནི་མི་དགེ་བའི་སེམས་པ་ཉེ་བར་དམིགས་པ་མེད་པས་སོ། །ཆོས་ཐམས་ཅད་ནི་སེམས་དང་སེམས་ལས་བྱུང་བ་རྣམས་སོ། །དེ་རྣམས་ཀྱི་རྣམ་པར་དག་པ་ནི་འཛིན་པ་ཉེ་བར་དམིགས་པ་མེད་པའོ། །དེ་ནི་སེམས་ཅན་ ཐམས་ཅད་རྣམ་པར་དག་པ་ཉིད་ཀྱི་ཡང་དག་པར་འཇུག་པར་འགྱུར་རོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་སྡུག་བསྔལ་དང་ཀུན་འབྱུང་བ་དང་འགོག་པ་དང་ལམ་དང་། ཀུན་རྫོབ་དང་། གཞན་གྱི་སེམས་དང་། ཆོས་དང་། རྗེས་སུ་དང་། ཟད་པ་དང་། མི་སྐྱེ་བ་ཤེས་པ་ རྣམས་སོ། །དེ་རྣམས་ཀྱི་ཡང་དག་པ་ནི་རྣམ་པར་རྟོག་པ་གཉིས་མེད་པའོ། །དེ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམ་པར་དག་པ་ཉིད་ཀྱིས་ཡང་དག་པར་འཇུག་པ་ནི་ཐོས་པ་དང་བསམ་པ་ལས་བྱུང་བའི་རྒྱུའི་གནས་སྐབས་ཡང་དག་པར་བསྡུས་པའི་སེམས་པའོ། །དེའི་རྣམ་ 61-1-319a པར་དག་པ་ནི་ཉེ་བར་དམིགས་པ་མེད་པའོ། །དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཉིད་ཀྱིས། དེ་བཞིན་གཤེགས་པ་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་དག་པར་ཐོབ་པར་ཤེས་པར་བྱའོ། །འདོད་ཆགས་ལ་སོགས་པ་རྣམས་ཀྱིས་དེ་སྤོང་བ་ ཉེ་བར་བསྟན་ནས་སེར་སྣའི་གཉེན་པོའི་དོན་ལ་ལྷག་པར་མོས་པ་རྣམས་ཡང་དག་པར་རྗེས་སུ་གཟུང་བའི་དོན་དུ་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་རིན་པོ་ཆེའི་རིགས་ཀྱི་དཀྱིལ་འཁོར་གྱི་དོན་ཉེ་བར་བསྟན་པ་གསུངས་པ། ཉོན་མོངས་པ་ཅན་དང་། ཉོན་མོངས་པ་ཅན་མ་ཡིན་ པའི་མ་རིག་པ་དང་བྲལ་བ་ལས་ཁམས་གསུམ་པ་ཐམས་ཅད་ཀྱི་བདག་པོའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བ་རིན་པོ་ཆེའི་ཅོད་པན་ཏེ། དེའི་འབྱུང་གནས་སོ། །གང་ལས་ཤེ་ན་ཡེ་ཤེས་ལས་སོ། །དེ་ཉིད་ཀྱི་སྙིང་པོ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །མངོན་པར་ དབང་བསྐུར་བ་བྱིན་པ་ནི་དཀྱིལ་འཁོར་རྣམས་སུ་བཀོད་པའི་ལྷ་རྣམས་དང་། སློབ་མ་རྣམས་ལ་ཡང་ཕྱག་རྒྱ་རྣམས་ཀྱིས་མངོན་པར་དབང་བསྐུར་བའོ། །དོན་ནི་གསེར་ལ་སོགས་པའོ། །ཆོས་ནི་མདོ་སྡེ་ལ་སོགས་པའོ། །དེའི་སྦྱིན་པ་ནི་ཉོན་མོངས་མེད་པས་སྟོན་པར་བྱེད་པའོ། །ཟང་ ཟིང་ནི་བཟའ་བ་ལ་སོགས་པའོ། །དེ་ལྟར་རྣམ་པར་སྦྱོང་བར་བྱེད་པའི་དོན་དུ་སྔགས་ཀྱི་ཚུལ་ངེས་པར་སྦྱར་བ་རྣམས་ཀྱིས་སྐུ་ལ་སོགས་པ་གཅིག་པ་ཅན་དུ་བྱེད་པའི་མཚན་ཉིད་སྟོང་པ་ཉིད་རྗེས་སུ་དྲན་པའི་ཕྱག་རྒྱ་བསྒྲུབ་པར་བྱའོ་ཞེས་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་ཁུ་ ཚུར་གྱི་དཀྱིལ་འཁོར་གྱི་དོན་ཉེ་བར་གསལ་བར་བྱེད་པ་གསུངས་པ། དེ་བཞིན་དེ་བཞིན་ཉིད་བདེན་གང་། །དེ་ནི་རྡོ་རྗེ་ཁུ་ཚུར་བརྗོད། །ཅེས་པ་འདི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱ་ཉིད་དོ། །རབ་ཏུ་བརྙེས་པ་ནི་ལྷག་པར་རྟོགས་པ་དང་ལྡན་པའོ། །དེའི་གནས་ སྐབས་གསལ་བར་བྱེད་པའི་དམ་ཚིག་གི་ཁུ་ཚུར་གྱི་ཕྱག་རྒྱ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱས་བྱིན་གྱིས་བརླབས་པ་ནི་བརྟན་པ་ཅན་དུ་བྱེད་པའོ། །དེ་ཉིད་རྡོ་རྗེ་སྟེ་དེ་སྐད་བྱ་བའོ། །དེ་བཞིན་གཤེགས་པ་ཐམས་ 61-1-319b ཅད་ཀྱི་སྐུའི་ཕྱག་རྒྱ་ཡོངས་སུ་འཛིན་པ་ནི། ཕྱག་རྒྱ་ཆེན་པོ་འཆིང་བའོ། །གསུང་གི་ཕྱག་རྒྱ་ཡོངས་སུ་འཛིན་པ་ནི་ལྕེ་ལ་ཟླ་བ་བསྒོམ་པ་སྔོན་མ་ཅན་གྱི་སྔགས་བཟླའོ། །ཆོས་ཐམས་ཅད་སོ་སོར་ཐོབ་པ་ནི་སོ་སོ་ཡང་དག་པའི་རིག་པ་བཞི་བརྙེས་པའོ། །ཐུགས་ཀྱི་ཕྱག་རྒྱ་ཡོངས་སུ་འཛིན་ པ་ནི་རང་གི་སྙིང་གར་ཟླ་བ་ལ་རྡོ་རྗེ་རྩེ་ལྔ་པ་བསྒོམས་པ་སྔོན་མ་ཅན་གྱི་དམ་ཚིག་གི་ཕྱག་རྒྱ་འཆིང་བའོ། །རྡོ་རྗེའི་ཕྱག་རྒྱ་ཡོངས་སུ་འཛིན་པ་ནི་རང་གི་སྙིང་གར་ཟླ་བ་ལ་སྣ་ཚོགས་རྡོ་རྗེ་སྔོན་དུ་འདྲེན་པས་ལས་ཀྱི་ཕྱག་རྒྱའི་འཆིང་བའོ། །ཤེས་རབ་ཀྱི་བློ་བསྒྲུབ་པར་བྱའོ་ཞེས་པས་དེ་ ནས་བཅོམ་ལྡན་འདས་ཆོས་ཐམས་ཅད་སྤྲོས་པ་མེད་པ་ཞེས་བྱ་བ་ལ་སོགས་པ་སྟེ། དེའི་ཐབས་འཇམ་དཔལ་གྱི་དཀྱིལ་འཁོར་གྱི་དོན་ཉེ་བར་བསྟན་པ་གསུངས་པ། ཆོས་ཐམས་ཅད་དེའི་རྒྱུ་དང་འབྲས་བུ་དོན་དུ་གཉེར་བའི་བདག་ཉིད་ཅན་ནོ། །དེ་རྣམས་ཀྱིས་སྤྲོས་པ་ནི་འབྱུང་བའི་རྟོག་ པ་ཡང་དག་པར་གཅོད་པའོ། །དེའི་རྗེས་སུ་མ་དམིགས་པས་ན་སྤྲོས་པ་མེད་པར་བྱེད་དོ་ཞེས་པས་སྤྲོས་པ་མེད་པའོ། །ཡི་གེའི་འཁོར་ལོ་ནི། ཨ་ར་པ་ཙ་ན་ལ་སོགས་པའོ། །ཡོངས་སུ་སྐོར་བར་བྱེད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གང་ཡིན་པ་དེ་དེ་བཞིན་དུ་བརྗོད་པ་ དེའོ། །ཆོས་ཐམས་ཅད་ནི་འབྲས་བུའི་ངོ་བོ་ཕུང་པོ་ལྔ་པོ་དེ་རྣམས་དོན་དམ་པར་སྟོང་པར་དངོས་པོ་མེད་པའི་རང་བཞིན་ནོ། །ཅི་ལྟར་ཞེ་ན་རང་བཞིན་མེད་པའི་ཚུལ་གྱིས་ཞེས་ཏེ་གང་གི་ཕྱིར་དེ་རྣམས་དོན་དམ་པ་ཉིད་དུ་རང་བཞིན་ཉེ་བར་དམིགས་པར་བྱ་བ་མེད་དོ། །དེ་ཉིད་ནི་མཚན་མ་མེད་པ་ སྟེ། ཅིའི་ཕྱིར་ན། མཚན་མ་མེད་པས་ཉེ་བར་བཟུང་བ་སྟེ། གང་གི་ཕྱིར་དོན་དམ་པ་ཉིད་དུ་དེ་རྣམས་ཀྱི་མཚན་མ་སྟེ་རྒྱུའི་རང་བཞིན་ཉེ་བར་ཐོབ་པར་བྱར་མེད་དེ་དེའི་ཕྱིར་མཚན་མ་མེད་པའོ། །སླར་ཡང་ཁོ་ན་སྨོན་པ་མེད་པ་སྟེ་དོན་དུ་གཉེར་བ་མེད་པའོ། །ཅི་ལྟར་ཞེས་སྨོན་པ་མེད་པའི་ ཚུལ་གྱིས་ཏེ་གང་གི་ཕྱིར། དེ་རྣམས་དོན་དམ་པར་དོན་དུ་གཉེར་བ་རྙེད་པར་མི་འགྱུར་རོ། །དེ་གསུང་བར་འགྱུར་བ་འབྲས་བུའི་ངོ་བོ་དེ་སྙེད་རང་བཞིན་གྱི་སྟོན་པས་འབྲས་བུ་མེད་པའི་ཕྱིར་དང་དེའི་རྒྱུ་ཡང་ཉེ་བར་མ་དམིགས་པའི་ཕྱིར་མཚན་མ་མེད་པ་དང་དེའི་སྨོན་པར་བྱ་བའི་ཡུལ་མེད་པའི་ཕྱིར་ 61-1-320a སྨོན་པ་མེད་པའོ། །དེའི་ཕྱིར་ཡང་རང་བཞིན་གྱིས་འོད་གསལ་བའོ། །ཅི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ནི་དོན་དམ་པར་ན་དེ་དེ་བཞིན་ནོ། །ཀུན་རྫོབ་ཏུ་ནི་རྗེས་སུ་འཇུག་པ་ཁོ་ནའོ་ཞེས་སོ། །ཚིག་དེ་རྣམས་ཀྱིས་ཀྱང་རིམ་པ་ལས་སྟོང་པ་ཉིད་དང་ མཚན་མ་མེད་པ་དང་སྨོན་པ་མེད་པ་དང་། རང་བཞིན་གྱིས་འོད་གསལ་བའི་རྣམ་པར་ཐར་བའི་སྒོ་བསྟན་པ་དང་མེ་ལོང་ལ་སོགས་པའི་ཡེ་ཤེས་བཞིའོ་ཞེས་ཁོང་དུ་ཆུད་པར་བྱའོ། །དཀྱིལ་འཁོར་དུ་འཇུག་པ་མེད་ན་གྲུབ་པར་མི་འགྱུར་རོ་ཞེས་པས་དེ་ནས་བཅོམ་ལྡན་འདས་ཞེས་པ་ལ་སོགས་ པས་གྲུབ་པའི་ཐབས་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་གྱི་དོན་ཀུན་དུ་བསྟན་པ་གསུངས་པ། དེ་བཞིན་གཤེགས་པ་ཐམས་ཅད་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྟེ། དེ་རྣམས་ཀྱང་འཁོར་ལོ་ནི་དཀྱིལ་འཁོར་རོ། །དེའི་ནང་དུ་གནས་པ་ནི་ གང་དུ་ཐམས་ཅད་དེ་རྣམས་སུའོ་ཞེས་དེ་བཞིན་དུ་བརྗོད་པར་བྱའོ། །གང་གིས་འཁོར་ལོ་ཆེན་པོ་རབ་ཏུ་འཇུག་པ་དེ་འཁོར་ལོ་ཆེན་པོ་རྣམས་སུ་རབ་ཏུ་འཇུག་པའོ། །རབ་ཏུ་འཇུག་པ་ཡང་ཕྱི་དང་གསང་བའི་དབྱེ་བས་རྣམ་པ་གཉིས་ཏེ་ཕྱི་ནི་ཕྱག་རྒྱ་རྣམས་ཀྱིས་སོ། །གསང་བ་ནི་རབ་ཏུ་ ཞུགས་པ་དང་འདི་ལ་དཀྱིལ་འཁོར་ལ་སོགས་པའི་དེ་ཁོ་ན་ཉིད་ཀུན་དུ་རྟོགས་པ་ལ་དེ་སྐད་ཅེས་བྱའོ། །རྡོ་རྗེ་མཉམ་པ་ཉིད་ནི་འཛིན་པའི་རྣམ་པ་དང་བྲལ་བ་ཉིད་དོ། །དེ་ལ་རབ་ཏུ་ཞུགས་པ་ནི་ལྷག་པར་རྟོགས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་ལ་རབ་ཏུ་ཞུགས་ པའི་ཆེད་དུ་དེ་བཞིན་གཤེགས་པ་ལ་འཇུག་པའོ། །ཡང་དག་པར་འཇུག་པར་འགྱུར་རོ་ནི་སྐྱེ་བར་འགྱུར་རོ། །དོན་མཉམ་པ་ཉིད་འཇུག་པ་ནི་གཟུང་བྱའི་རྣམ་པ་སྟོང་པར་ལྷག་པར་རྟོགས་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་དོན་དུ་འཁོར་ལོ་ལ་རབ་ཏུ་ཞུགས་པའི་ ཕྱིར། བྱང་ཆུབ་སེམས་དཔའ་ཆེན་པོ་ཉིད་ཀྱི་དོན་དུ་འགྱུར་རོ། །ཆོས་ནི་ཉན་ཐོས་པའི་ལུང་གི་ཆོས་ཏེ་སྟོང་པ་ཉིད་དུ་རྟོགས་པས་དམ་པའི་ཆོས་ཀྱི་འཁོར་ལོ་ལ་འཇུག་པའི་ཕྱིར་ཏེ་དམ་པའི་ཆོས་ཀྱི་འཁོར་ལོ་ནི་ལན་གསུམ་དང་རྣམ་པ་གཅིག་ཉིད་ཀྱི་མཚན་ཉིད་མངོན་དུ་ཕྱོགས་པར་ 61-1-320b བྱེད་པའི་དོན་དུ་སྐྱེ་བར་འགྱུར་རོ། །ལས་ནི་མཆོད་པ་ལ་སོགས་པའི་བྱ་བའོ། །དེ་སྟོང་པ་ཉིད་དུ་རྟོགས་པས་འཇིག་རྟེན་པའི་དཀྱིལ་འཁོར་ཐམས་ཅད་ཀྱི་དོན་རབ་ཏུ་འཇུག་པའི་དོན་དུ་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པ་ཞེས་བྱ་བ་ལ་སོགས་པས་ཞུགས་པའི་ འཁོར་ལོ་རྣམས་ཀྱིས་གྲུབ་པའི་ཐབས་མཆོད་པའི་དཀྱིལ་འཁོར་གྱི་དོན་བསྟན་པ་གསུངས་པ། དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པའི་མཚན་ཉིད་དོ། །དེ་དག་གི་ཆོ་ག་རྒྱས་པ་ནི་རྣམ་པ་སྣ་ཚོགས་པ་ཉིད་དོ། །དེའི་སྣོད་ནི་ རྟེན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པ་ཉིད་དམ་པ་སྟེ་དེ་གང་ལ་དེ་དེ་བཞིན་དུ་གསུངས་པ་དེ་ལ་དེ་སྐད་ཅེས་བྱའོ། །སྨོན་པ་དང་འཇུག་པ་བྱང་ཆུབ་ཀྱི་རང་བཞིན་གྱི་སེམས་ནི་བྱང་ཆུབ་ཀྱི་སེམས་སོ། །དེ་བསྐྱེད་པ་ཉིད་དོ། །ངན་སོང་བ་ལ་སོགས་པའི་སྡུག་ བསྔལ་དང་སྒྲིབ་པ་རྣམས་ཡོངས་སུ་སྐྱོབ་པའོ། །ཉན་ཐོས་དང་བྱང་ཆུབ་སེམས་དཔའ་དང་། སངས་རྒྱས་ཀྱི་ཆོས་ནི་དམ་པའི་ཆོས་སོ། །དེ་ཐོས་པ་ལ་སོགས་པ་རྣམས་ཀྱིས་ཡོངས་སུ་བཟུང་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྲི་བ་ལ་སོགས་པ་ནི་གོ་སླའོ། །དེ་ནས་ བཅོམ་ལྡན་ཞེས་པ་ལ་སོགས་པ་བགེགས་ཀྱི་གཉེན་པོའི་ཕྱོགས་ཏེ་རྡོ་རྗེ་གནོད་སྦྱིན་གྱི་དཀྱིལ་འཁོར་གྱི་དོན་བསྟན་པ་གསུངས་པ། གདུག་པ་རྣམ་པ་ཐམས་ཅད་འདུལ་བ་སྟེ་ཉེས་པར་སྤྱོད་པའོ་ཞེས་པས་སྒྲིབ་པའོ། །དེའི་མཐས་ཡོད་པ་ནི་ནུས་པ་སྟེ། སེམས་ཅན་ཐམས་ ཅད་ཉེས་པར་སྤྱོད་པ་ལ་རབ་ཏུ་ཞེན་པ་དེ་རྣམས་འདུལ་བ་ནི་དེ་དག་ཡོངས་སུ་སྤོང་བའོ། །དེའི་དོན་གྱི་ཡེ་ཤེས་ནི་སེམས་ཅན་ཐམས་ཅད་འདུལ་བའི་ཡེ་ཤེས་ཏེ། ཁྲོ་བོའི་གཟུགས་ཀུན་དུ་སྟོན་པར་ནུས་པའོ། །དེ་ཉིད་སྙིང་པོ་སྟེ་དེ་སྐད་ཅེས་བྱ་བ་ཅན་ནོ། །སེམས་ཅན་ཐམས་ཅད་ ནི་དགྲ་བོ་དང་མཛའ་བོ་ལ་སོགས་པ་རྣམས་སོ། །མཉམ་པ་ཉིད་ཀྱི་སྟེ་མཚུངས་པ་ཉིད་ཀྱི་ཁྲོ་བོ་ཡང་མཉམ་པ་ཉིད་དེ་ཐམས་ཅད་རིག་པ་རྣམས་སུ་གོར་མ་ཆག་པར་འཇུག་པ་དང་ལྡོག་པའོ། །ནམ་གྱི་ཚེ་སོ་སོར་དུལ་བར་འགྱུར་ཞེ་ན་སེམས་ཅན་ཐམས་ཅད་འདུལ་བ་ཉིད་པས་ 61-1-321a ཞེས་བྱ་བ་ལ་སོགས་པས་གསུངས་པ། ཇི་སྲིད་དུ་སེམས་ཅན་རྣམས་ཐམས་ཅད་དུལ་བར་གྱུར་པ་དེ་སྲིད་དུ་ཁྲོ་བོའི་སྐབས་སུ་དུལ་བ་ནི་ཁྲོ་བོའི་ཡང་འདུལ་བ་ཉིད་དུ་མི་འཇུག་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་ཉེས་པའི་བདག་ཉིད་འདི་ཡང་སྔོན་དུ་བྱས་པའི་ཕྱིར་ཉེས་ པ་མེད་པ་ཉིད་བསྟན་པ་གསུངས་པ། སེམས་ཅན་ཐམས་ཅད་ཆོས་ཉིད་པས་ཏེ་དེ་ཁོ་ན་ནི་སེམས་ཅན་ཐམས་ཅད་ནི་སེམས་དང་སེམས་ལས་བྱུང་བའི་རང་བཞིན་ནོ། །ཆོས་ཉིད་ནི་སྟོང་པ་ཉིད་དེ་ཁྲོ་བ་ཡང་དེ་ཉིད་དོ། །དེའི་ཕྱིར་ཡང་ཁྲོ་བ་ཡང་རྡོ་རྗེའི་སྒྲས་བརྗོད་དོ། །ཅིའི་ཕྱིར་ཞེ་ན་ གསུངས་པ། སེམས་ཅན་ཐམས་ཅད་འདུལ་བའི་བྱང་ཆུབ་བོ་ཞེས་པ་ནི་གང་གི་ཕྱིར་བྱང་ཆུབ་ཀྱི་མཚན་ཉིད་འདི་ཁོ་ན་སེམས་ཅན་ཐམས་ཅད་འདུལ་བ་ཡིན་ཏེ། དེའི་ཕྱིར་སེམས་ཅན་ཐམས་ཅད་མཉམ་པ་ཉིད་ལས་ཁྲོ་བ་མཉམ་པ་ཉིད་ནས་ཇི་སྲིད་དུ་རྡོ་རྗེ་ཉིད་དོ་ཞེས་སོ། །ད་ནི་དོན་ ཡོད་རྒྱལ་པོ་ལ་སོགས་པ་ནས་རྡོ་རྗེ་ཁུ་ཚུར་གྱི་མཐར་ཐུག་པའི་དཀྱིལ་འཁོར་གྱི་དོན་བསྟན་པ་གསུངས་པ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་ཐམས་ཅད་མཉམ་པ་ཉིད་ནི་ཇི་ལྟར་གསུངས་པའི་དཀྱིལ་འཁོར་བཅུ་མཚུངས་པ་ཉིད་དོ། །དེ་ལས་ དཀྱིལ་འཁོར་ཐམས་ཅད་ཀྱི་རང་བཞིན་ཡོངས་སུ་གྱུར་པར་ཀུན་དུ་གནས་པ་ནི་ཐམས་ཅད་མཉམ་པ་ཉིད་ལས་རབ་ཏུ་གནས་པའོ། །དཀྱིལ་འཁོར་ཐམས་ཅད་ནི་ཆོས་ཐམས་ཅད་མཉམ་པ་ཉིད་དོ། །དེ་ཁོ་ན་མཆོག་སྟེ་གང་དུ་དེ་བཞིན་དུ་གསུངས་པ་དེ་ལ་དེ་སྐད་ཅེས་བྱའོ། །ཐམས་ཅད་ མཉམ་པ་ཉིད་ནི་དཀྱིལ་འཁོར་ཐམས་ཅད་མཚུངས་པ་ཉིད་དེ། དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དེ། དོན་དམ་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དཀྱིལ་འཁོར་ཐམས་ཅད་ལྟ་བུར་ལྷག་པར་སྒྲོ་བཏགས་ནས་དེ་བཞིན་ཁོ་ནར་བརྗོད་པར་འགྱུར་བའི་ཕྱིར་རོ། །དཀྱིལ་ འཁོར་རྣམས་ཐམས་ཅད་ནི་རྟེན་དེ་མངོན་པར་བྱུང་བའི་མཚན་ཉིད་ནི་དོན་ཉིད་དོ། །གང་ཁོ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པ་ཡང་དེ་ཁོ་ནའོ། །དེ་རྣམས་ཀྱི་ཆོས་ཉིད་ནི་བླ་ན་མེད་པའི་བྱང་ཆུབ་བསྐྱེད་པ་པོ་ཉིད་དེ་དེ་ཁོ་ནའོ། །དེ་ལ་ཡང་གང་དཀྱིལ་འཁོར་རྣམས་སུ་མངོན་པ་ལ་སོགས་ 61-1-321b པའི་ལས་ཉིད་ཕུན་སུམ་ཚོགས་པར་འགྱུར་བ་དེ་ཁོ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ནོ་ཞེས་སོ། །འཇིག་རྟེན་པའི་ལྷ་ལ་ལྷག་པར་མོས་པ་རྣམས་བསྟན་པ་འདི་ལ་འཇུག་པར་བྱ་བའི་ཕྱིར། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་ དབང་ཕྱུག་ཆེན་པོའི་དཀྱིལ་འཁོར་གྱི་དོན་བསྟན་པ་གསུངས་པ། དབང་ཕྱུག་དེ་བཞིན་གཤེགས་པ་ཐམས་ཅད་དུ་སྒོམ་པར་བྱེད་པས་བྱིན་གྱིས་རློབ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཡིན་པ་དེ་ལ་དེ་བཞིན་དུ་གསུངས་སོ། །དེ་བཞིན་གཤེགས་པ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ བདག་ཉིད་ཅན་རྣམ་པར་སྣང་མཛད་དོ། །དེའི་སྙིང་པོ་གང་ཡིན་པ་དེ་ལ་དེ་བཞིན་དུ་བརྗོད་པར་བྱའོ། །གང་ལས་ཤེ་ན་ཀུན་དུ་བཟང་པོ་ཞེས་བྱ་བ་ལ་སོགས་པ་སྟེ་གསུངས་པ། བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོ་ནི་དེ་བཞིན་ཉིད་དང་ཡེ་ཤེས་ཀྱི་བདག་ཉིད་ཅན་ཆོས་ཀྱི་སྐུ་རྣམ་པར་ སྣང་མཛད་ཆེན་པོའོ། །དེ་ཐམས་ཅད་ཀྱི་བདག་ཉིད་ཉིད་པས་ནི་སེམས་ཅན་ཐམས་ཅད་ཀྱི་རྗེས་སུ་འགྲོ་བ་ཉིད་ཀྱིས་སོ། །རྡོ་རྗེ་ནི་མི་བསྐྱོད་པ་སྟེ་དེའི་སྙིང་པོ་གང་ཡིན་པ་ནི་རྡོ་རྗེ་སྙིང་པོའོ། །ཅི་ལྟར་ཞེ་ན་རྡོ་རྗེ་སྙིང་པོའི་དབང་བསྐུར་བ་ཉིད་པས་ཏེ་མེ་ལོང་ཡེ་ཤེས་ཀྱི་བདག་ཉིད་ཅན་རྡོ་རྗེའི་ ཕྱག་རྒྱས་མངོན་པར་དབང་བསྐུར་བ་སྟེ་དེ་ནི་དབང་ཕྱུག་ལ་སོགས་པའི་སེམས་ཅན་དང་ཐུན་མོང་པ་ཉིད་ཀྱིས་སོ། །རིན་པོ་ཆེ་ནི་རིན་ཆེན་འབྱུང་ལྡན་ནོ། །དེ་གང་རྣམས་ཀྱི་སྙིང་པོ་ཡིན་པ་ཞེས་པ་སྔོན་མ་བཞིན་ནོ། །ཅིའི་ཕྱིར་ཞེ་ན་རིན་ཆེན་སྙིང་པོས་དབང་བསྐུར་བ་ཉིད་ཀྱིས་ཏེ་མཉམ་པ་ཉིད་ཀྱི་ བདག་ཉིད་ཅན་རིན་ཆེན་གྱི་མངོན་པར་དབང་བསྐུར་བ་སྟེ། དེ་ནི་དབང་ཕྱུག་ལ་སོགས་པའི་སེམས་ཅན་དང་ཐུན་མོང་བ་ཉིད་ཀྱིས་སོ། །ཆོས་ནི་འཇིག་རྟེན་དབང་ཕྱུག་གི་རྒྱལ་པོའོ། །ངག་ཐམས་ཅད་ལ་རབ་ཏུ་འཇུག་པ་ཉིད་པས་ནི་གང་གི་ཕྱིར་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་ནི་ངག་ ཐམས་ཅད་ལ་རབ་ཏུ་འཇུག་པ་སྟེ་དེ་ཡང་སེམས་ཅན་ཐམས་ཅད་ཀྱི་རྗེས་སུ་ཞུགས་པའོ། །ལས་ནི་གདོན་མི་ཟ་བ་སྟེ། སེམས་ཅན་ཐམས་ཅད་ལ་ཀུན་དུ་གནས་སོ། །ནག་པོ་ཆེན་པོ་དང་དགའ་བྱེད་དབང་ཕྱུག་གི་དཀྱིལ་འཁོར་གྱི་དོན་བསྟན་པའི་ཕྱིར་དེ་ནས་བཅོམ་ལྡན་འདས་ཞེས་ 61-1-322a བྱ་བ་ལ་སོགས་པ་གསུངས་པ། འདི་ལ་མཐའ་ཡོད་པ་མ་ཡིན་ནོ་ཞེས་པས་མཐའ་ལས་འདས་པའོ། །མུར་ཐུག་པ་དང་མཐར་ཕྱིན་པ་ནི་མུ་མེད་ཅིང་མཐར་ཕྱིན་པའོ། །དེས་གང་ལ་མུ་མེད་ཅིང་མཐར་ཕྱིན་པར་རིག་པར་བྱ་བ་དེ་བཅོམ་ལྡན་འདས་ནམ་མཁའི་དབྱིངས་ ཐམས་ཅད་དུ་ཐམས་ཅད་ཀྱི་ཚེ་ཀུན་དུ་གནས་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཉིད་ཀྱི་ཕྱིར་རོ། །རིམ་པའི་མཐར་མཐའ་ལས་འདས་ཤིང་མུ་མེད་ལ་མཐར་ཕྱིན་པའི་ཚིག་རྣམས་ཀྱིས་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་གསུམ་གྱི་རང་བཞིན་གསལ་བར་བྱེད་དོ། །མུ་མེད་ཅིང་མཐར་ ཕྱིན་པའི་ཆོས་འདིས་ཀྱང་ལས་ཀྱི་རིགས་ཤིན་ཏུ་སྤྱད་དོ་ཞེས་པའོ། །འདིའི་རྟོག་པ་ཞེས་པ་ནག་པོ་ཆེན་པོ་དང་དགའ་བྱེད་དབང་ཕྱུག་གི་བརྟག་པའོ། །ཡོངས་སུ་མཐར་ཐུག་པ་ནི་ཡོངས་སུ་རྫོགས་པ་སྟེ། དེ་བྱིན་གྱིས་བརླབ་པའི་དོན་དུའོ། །ཆོས་ཐམས་ཅད་ནི་རིགས་ཐམས་ཅད་ཀྱི་རང་ བཞིན་ནོ། །དེའི་མཉམ་ཉིད་དོ། །ཡོངས་སུ་མཐར་ཐུག་པ་ནི་ནག་པོ་ཆེན་པོ་དང་དགའ་བྱེད་དབང་ཕྱུག་གི་སྤྲུལ་པ་སྟོན་པར་བྱེད་པའོ། །དེ་ཁོ་ན་ཚད་མས་གནོད་པ་ཉིད་ཀྱི་ཕྱིར་རྡོ་རྗེའོ། །ཇི་ལྟར་འབྱུང་པོ་མཐའ་མེད་པར་ཤེས་པར་བྱ་བར་རྟོགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐའ་ ཡས་པ་ཉིད་ཀྱིས་དེ་བཞིན་གཤེགས་པ་མཐའ་ཡས་པ་ཉིད་དེ། ཐམས་ཅད་མཁྱེན་པས་གཞལ་དུ་མེད་པ་ཉིད་དོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པ་དང་། གཅིག་པ་དང་ཡོངས་སུ་མཐར་ཐུག་པ་ཉིད་ཀྱིས་དབང་ཕྱུག་དང་ཡོན་ཏན་བྱེད་པ་ཐམས་ཅད་མུ་མེད་པ་དང་གཅིག་ པ་དང་མཐར་ཕྱིན་པ་དེ་ཉིད་དེ། ཡོངས་སུ་མཐར་ཐུག་པ་དང་ཤིན་ཏུ་མཐར་ཐུག་པ་དང་ཡོངས་སུ་ཟད་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ནི་ཞེས་པ་འཛིན་པ་ལ་སོགས་པ་ལ་འཇུག་པའིའོ། །མཐར་ཕྱིན་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་མཐར་ཕྱིན་པ་སྟེ་ཡོངས་སུ་རྫོགས་པ་ལ་གནས་ པ་ཉིད་ཀྱི་ཕྱིར་རོ། །སྒྲིབ་པ་ཐམས་ཅད་ལས་རྣམ་པར་གྲོལ་ནས་ཞེས་པ་སྒྲིབ་པ་མ་ལུས་པ་ཡོངས་སུ་ཟད་པས་སོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པས་མིང་པོ་གསུམ་གྱི་དཀྱིལ་འཁོར་གྱི་དོན་ཡོངས་སུ་བསྟན་པ་གསུངས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ 61-1-322b གསང་བའི་ཆོས་ཉིད་ནི་མིང་པོ་གསུམ་གྱི་ཆོས་རྣམས་སོ། །ཆོས་ཐམས་ཅད་ནི་ཁོ་ན་སྟེ་མིང་པོའོ། །དེ་རྣམས་ཀྱི་སྤྲོས་པ་ནི་ཕྱག་རྒྱ་དང་དཀྱིལ་འཁོར་གྱི་རྣམ་པར་རྟོག་པའོ། །དེའི་སྤྲོས་པ་མེད་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་ལྷག་པར་རྟོགས་པ་ཉིད་ཀྱིས་རྣམ་པར་རྟོག་པ་ཐམས་ཅད་བྲལ་ བའི་ཕྱིར་རོ་ཞེས་པ་སྤྲོས་པ་མེད་པའོ། །བདེ་བ་ཆེན་པོའི་རྡོ་རྗེ་ནི་རྣམ་པར་སྣང་མཛད་ཆེན་པོ་སྟེ་དེ་ཁོ་ན་དོན་དམ་པའི་དམ་ཚིག་སྟེ་མིང་པོ་གསུམ་བསྐྱེད་པའི་དམ་ཚིག་རྒྱུར་གྱུར་པ་དེ་ལ་དེ་སྐད་ཅེས་བྱའོ། །རྡོ་རྗེ་ནི་དེ་ཁོ་ན་མིང་པོ་གསུམ་པོ་དེ་རྣམས་ཀྱི་ཆོས་ཉིད་ནི་རྡོ་རྗེའི་ཆོས་ཉིད་འབྲས་བུ་ ཐམས་ཅད་ཀྱི་ཐོག་མ་ཉིད་དོ། །མཉམ་པ་ཉིད་དུ་ཡོད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་སྟེ། དེ་ལ་དེ་བཞིན་དུ་གསུངས་སོ། །འདོད་ཆགས་ཆེན་པོ་ནི་སྙིང་རྗེ་ཆེན་པོ་སྟེ། དེའི་མཆོག་ཏུ་གྲུབ་པ་ནི་མཆོག་ཉིད་དོ། །བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཞེས་པ་ནི་བྱང་ཆུབ་ཆེན་པོའི་རང་ བཞིན་གྱི་སེམས་དཔའ་རྣམས་ཀྱིའོ། །བདེ་བ་ཆེན་པོ་མཆོག་ཏུ་གྲུབ་པར་འཇུག་པར་འགྱུར་རོ་ནི་རྣམ་པར་སྣང་མཛད་ཆེན་པོ་ཉིད་དུ་སྐྱེ་བར་འགྱུར་རོ། །དེ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གྲུབ་པ་འདོད་ཆགས་རྣམ་པར་དག་པའི་བདག་ཉིད་ཅན་ཚངས་པས་སྤྲུལ་པའི་ དོན་དུ་འཇུག་པར་འགྱུར་རོ། །དེ་ཡང་བདུད་ཆེན་པོ་ཐམས་ཅད་རབ་ཏུ་འཇོམས་པ་མཆོག་ཏུ་གྲུབ་པས་ཁྲོ་བ་རྣམ་པར་དག་པའི་རང་བཞིན་དབང་ཕྱུག་ཆེན་པོ་སྤྲུལ་པའི་ཕྱིར་འཇུག་པར་འགྱུར་རོ། །དེ་ཡང་འཇིག་རྟེན་གསུམ་པོ་མཐའ་དག་གི་དབང་ཕྱུག་སྟེ། བདག་པོ་མཆོག་ཏུ་གྲུབ་ པས་གཏི་མུག་རྣམ་པར་དག་པ་ནི་རང་བཞིན་ཁྱབ་འཇུག་གི་ཕྱིར་འཇུག་པར་འགྱུར་རོ། །དེའང་རིམ་པ་ལས་མ་ལུས་ཤིང་ལུས་པ་མེད་པའི་སེམས་ཅན་གྱི་ཁམས་ཡོངས་སུ་སྐྱོབ་པ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་མཆོག་ཤིན་ཏུ་མཐར་ཐུག་པ་བདེ་བ་ཆེན་པོ་མཆོག་ཏུ་གྲུབ་པར་ འཇུག་པར་འགྱུར་རོ། །དེ་རྒྱུ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ལ་སོགས་པས་སྲིང་མོའི་དཀྱིལ་འཁོར་གྱི་དོན་ཉེ་བར་བསྟན་པ་གསུངས་པ། གང་གི་ཕྱིར་མཁས་མཆོག་དེ་ལྟ་བུ་ཇི་སྲིད་འཁོར་བའི་གནས་སུ་གནས་པ་དེ་མི་གནས་པའི་མྱ་ངན་ལས་འདས་པས་གནས་པར་གྱུར་པ་དེ་སྲིད་དུ་ 61-1-323a སེམས་ཅན་གྱི་དོན་མཉམ་མེད་དེ་ཕུལ་དུ་བྱུང་བ་མྱ་ངན་ལས་མི་འདའ་བར་བྱེད་པར་ནུས་སོ། །དེའི་ཕྱིར་སྲིང་མ་སྤྲུལ་པ་རྣམས་ཀྱིས་ཀྱང་སེམས་ཅན་གྱི་ཁམས་ཡོངས་སུ་སྐྱོབ་པ་ལ་སོགས་པ་བྱེད་དོ། །དེ་ཁོ་ན་ཡོངས་སུ་གསལ་བར་བྱེད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ན་ཐབས་དང་ཡེ་ཤེས་ཏེ་དེའི་བྱིན་གྱི་རླབས་དེས་སྲིང་མོ་རྣམས་འགྲུབ་སྟེ་ལས་རྣམས་ཐམས་ཅད་རྣམ་དག་པ་ནི་སེམས་ཅན་ཐམས་ཅད་ཀྱི་ལས་ཡོངས་སུ་སྦྱོང་བའི་སྒོ་བ་ཡིས་སྲིད་པ་དག་པར་འགྱུར་རོ། ། འཇིག་རྟེན་པའི་སྲིང་མོ་ལྟ་བུ་ཞེས་པ་ནི་མ་ཡིན་ནོ་ཞེས་སོ། །གལ་ཏེ་དེ་ལྟ་བུ་དངོས་ལས་འདོད་ཆགས་ལ་སོགས་པ་ཉིད་ཀྱིས་ཅི་ལྟར་སེམས་ཅན་འདུལ་བར་འགྱུར་ཞེ་ན་ཆགས་སོགས་ཞེས་པ་ལ་སོགས་པས་གསུངས་པ། དུལ་བར་བྱེད་པ་ཞེས་པ་འདུལ་བ་སྟེ་འདོད་ཆགས་ལ་སོགས་ པས་འདུལ་བའི་འཇིག་རྟེན་ནི་གང་ལས་ཀུན་ནས་སྲིད་པར་ཏེ་འཁོར་བར་སྡིག་པ་བྱེད་པར་འགྱུར་བ་དེའི་ཕྱིར། དེ་རྣམས་རྣམ་པར་སྦྱང་བའི་དོན་དུ་སྲིང་མོའི་གཟུགས་ཀྱིས་འདུལ་བར་བྱེད་དོ། །རང་ཉིད་ནི་བདག་ཁོ་ན་སྟེ་མཁས་མཆོག་ཅེས་སྦྱར་བར་བྱའོ། །དེ་ལྟ་མོད་ཀྱི་བུད་མེད་སྤྲུལ་ པས་ཀྱང་མཆོག་ཏུ་འཇུག་པར་བྱེད་དོ་ཞེས། ཇི་ལྟར་པདྨ་ཞེས་བྱ་བ་ལ་སོགས་པ་གསུངས་པ། ཇི་ལྟར་ཤིན་ཏུ་དམར་པའི་པདྨ་ཚོན་གྱི་ཉེས་པས་གོས་པར་མི་འགྱུར་རོ། །དེ་བཞིན་དུ་འགྲོ་བ་ལ་ཕན་པ་རྣམས་བུད་མེད་ལ་སོགས་པ་སྤྲུལ་པས་དེ་ལ་ཕན་པ་རྣམས་འདུལ་བར་བྱེད་ པ་གང་ཡིན་པ་ལ་སྲིད་པའི་བག་ཆགས་ཀྱི་སྐྱོན་གྱིས་གོས་པར་མི་འགྱུར་རོ་ཞེས་པའོ། །གང་གི་ཕྱིར་དེ་ལྟ་བུ་ཡིན་པ་དེའི་ཕྱིར་སྲིང་མོ་སྤྲུལ་པར་བྱེད་དོ་ཞེས་དཀྱུས་ཀྱི་དོན་ཉེ་བར་བསྟན་པ་འདོད་ཆགས་ཆེན་པོ་ཞེས་པ་ལ་སོགས་པ་གསུངས་པ་ཚིག་བཞི་པོ་ཡང་སྲིང་མོ་བཞི་པོ་འདི་དག་གི་ སྒོ་ནས་རིམ་པ་བཞིན་སྦྱར་བར་བྱའོ། །ཨོཾ་བོདྷི་ཙིཏྟ་བཛྲ་ཞེས་པ་ལ་སོགས་པ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚིག་ཉི་ཤུ་རྩ་ལྔ་པོ་རྣམས་ཀྱི་རིམ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཆེན་པོའི་སེམས་སྐྱེད་པར་བྱེད་པ་དང་། ཀུན་དུ་བཟང་པོའི་སྤྱོད་པ་རྫོགས་པར་བྱེད་པ་ 61-1-323b དང་། སེམས་ཅན་ཐམས་ཅད་ཀྱི་དོན་དང་འཕོ་བ་དང་སྐྱེ་བའི་ས་དང་། གཞོན་ནུ་རྩེ་བ་ཀུན་དུ་སྟོན་པ་དང་། མངོན་པར་འབྱུང་བ་དང་། བྱ་དཀའ་བ་སྤྱོད་པ་སྟོན་པ་དང་། བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་དང་། བདུད་ཐམས་ཅད་བཏུལ་བ་དང་། བྱང་ཆུབ་ཆེན་པོར་མངོན་པར་རྫོགས་པར་ སངས་རྒྱས་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། མུ་སྟེགས་ཐམས་ཅད་ཚར་གཅོད་པ་དང་། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་དང་ལྷ་ལས་བབས་པ་དང་། འདུས་པ་ཆེན་པོས་བྱིན་གྱིས་བརླབས་པ་དང་། གདུག་པ་ཐམས་ཅད་འདུལ་བ་དང་། འདུལ་བ་ལ་སོ་ སོར་འཇོག་པ་དང་། ངན་འགྲོ་ཐམས་ཅད་གདོན་པ་དང་། མདོ་སྡེ་ཐམས་ཅད་ཀྱི་མཐར་ཐུག་པར་གསུངས་པ་དང་། རྟོག་པ་ཐམས་ཅད་བྱིན་གྱིས་བརླབས་པ་དང་། དངོས་གྲུབ་ཐམས་ཅད་རབ་ཏུ་སྩོལ་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་སོ་སོར་ ཐོབ་པ་རྣམ་པར་འབྱེད་པའི་སྒྲུབ་ཐབས་སོ་ཞེས་གསལ་བར་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཕྱིན་པའི་དཀྱིལ་འཁོར་ཡང་འདི་རྣམས་ཀྱི་ཉེ་བར་སྦྱོར་བའོ་ཞེས་རྟོགས་པའོ། །ལས་ཀྱི་སྒྲིབ་པ་དང་ལྡན་པ་ཡང་སྔགས་སྒྲུབ་པ་ལ་རང་གི་ཕྱག་རྒྱ་སྡིག་པ་དྲལ་བར་བྱེད་པའི་སྔགས་དང་རབ་ཏུ་ སྦྱར་བར་བྱའོ། །སྡིག་པ་དྲལ་བའི་ཕྱག་རྒྱ་དང་སྔགས་སོ། །ཆོས་ཀྱི་དཀྱིལ་འཁོར་གྱི་དབང་དུ་བྱས་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་པ། འཁོར་ལོས་སྒྱུར་བ་ཆེན་པོ་བཞི་པོ་རྣམས་ཀྱི་ནི་མི་བསྐྱོད་པ་ལ་སོགས་པའི་རང་བཞིན་ཨ་ཡིག་ལ་སོགས་པ་བཞི་པོ་ རྣམས་ཀྱིས་སོ། །སྙིང་པོ་གཉིས་པ་ནི་འདིར་གཙུག་ཏོར་རྒྱལ་པོའི་རང་བཞིན་ཏེ། དེ་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དང་ཐ་མི་དད་པར་བལྟ་བར་བྱའོ། །གདུགས་དཀར་པོ་ལ་སོགས་པ་ཡང་མི་བསྐྱོད་པ་ལ་སོགས་པའི་ངོ་བོའོ། །གདོད་མ་ནས་མ་སྐྱེས་པའི་ཕྱིར་རོ་ ཞེས་པ་ནི་དེ་ཁོ་ན་ཉིད་དུ་ཡང་འདི་རྣམས་དེའི་སྐྱེད་པ་པོ་ལས་འདས་པར་ཁོང་དུ་ཆུད་པར་བྱའོ། །དགོས་པ་ནི་དེ་རྣམས་རྒྱུན་དུ་སྔགས་པས་ཇི་ལྟ་བ་བཞིན་མངོན་པར་རྫོགས་པར་བྱང་ཆུབ་པ་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པས་ཡོངས་སུ་བསྐོར་ཏེ། ལྷུན་པོའི་ 61-1-324a ཁང་པ་བརྩེགས་པར་བྱོན་ནས་འདི་རྣམས་ཀྱི་སྙིང་པོའི་དོན་སྣང་བས་སོ་སོ་རང་རང་གི་ཐུགས་ཀ་ནས་ཕྱུང་ནས། མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པའི་བདག་ཉིད་ཅན་རང་གི་ཐུགས་ཀའི་རྡོ་རྗེ་རྣམས་ལ་གཞག་པར་བྱའོ། །དེ་ནས་འོད་ཟེར་དེ་བཞིན་ གཤེགས་པ་ལྔའི་ཕྲ་རབ་ཀྱི་བདག་ཉིད་ཕྱུང་སྟེ། སྤྲོ་ཞིང་བསྡུས་ནས་སླར་ཡང་ཐུགས་ཀར་དགུག་པ་ལ་སོགས་པ་ཐམས་ཅད་ཀྱིས་ཡོངས་སུ་གྱུར་པ་ཡང་ཕྱུང་སྟེ། ཕྱི་རོལ་དུ་ཇི་ལྟ་བ་རང་གི་ལྷའི་ཕྱག་རྒྱའི་གཟུགས་ཀྱིས་རང་གི་གནས་རྣམས་སུ་ངེས་པར་དགོད་པར་བྱའོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་ནི། ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་ཏེ་དེའི་བཀོད་པ་ནི་དེ་ཇི་ལྟ་བུ་བཞིན་དུ་གསུངས་པའི་སྙིང་པོའི་དོན་མངོན་དུ་བྱེད་པ་ལས་བྱིན་གྱིས་བརླབས་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བརྗོད་དོ། །དེ་ལ་སྙོམས་པར་ཞུགས་པ་ སྟེ་མངོན་མཛད་ནས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ནི་དཀྱིལ་འཁོར་ཏེ་དེའི་འབྱུང་གནས་སོ། །གང་གི་ཕྱིར་རྡོ་རྗེ་སྙིང་པོའི་སྤྱན་སྔར་གསུངས་པའི་སྙིང་པོ་ཡིན་པའི་ཕྱིར་ཏེ། དེ་བཞིན་དུ་བརྗོད་དོ། །དེ་ཉིད་ནི་བྱིན་གྱིས་རློབ་པའི་ཏིང་ངེ་འཛིན་གཉིས་སུ་མེད་ པ། ཆོས་ཐམས་ཅད་མཚན་ཉིད་གཅིག་པ་ལ་སོགས་པ་དེ་ལྟ་བུ་ལ་དམིགས་པ་གང་ཡིན་པ་དེ་བཞིན་དུ་བརྗོད་པར་བྱའོ། །དེ་ལ་སྙོམས་པར་ཞུགས་པ་སྟེ་མངོན་སུམ་དུ་མཛད་ནས་སོ། །ཕྱི་རོལ་དཀྱིལ་འཁོར་ཞེས་པ་སྙིང་པོའི་དཀྱིལ་འཁོར་ལ་ལྟོས་ནས་སོ། །དེའི་འམ་ཞེས་པ་ དབང་ཆེན་གྱི་ཕྱིའི་དཀྱིལ་འཁོར་ཉིད་ཀྱི་ཁོར་ཡུག་དེའི་འོ། །བདུད་རྩི་འོད་ཅེས་པ་དཀར་པོའོ། །བསྐོར་བ་ཞེས་པ་ཟླུམ་པོར་བྱའོ། །དེ་ལྟར་གྱི་སྒྲས་བསྐོར་བར་བྱ་ཞེས་པ་གཞན་ལ་བསྒྲེ་བར་བྱའོ། །འཁོར་ལོ་ནི་དབང་ཆེན་གྱི་དཀྱིལ་འཁོར་ཏེ་དེ་འདྲ་བ་མཚུངས་པ་སྟེ་གྲུ་བཞི་པ་ཉིད་ ལ་སོགས་པའི་ཚུལ་ནི་འཁོར་ལོ་འདེ་བར་རོ། །རྡོ་རྗེའི་ཐིག་གིས་ཡོངས་སུ་བསྐོར་བ་ནི་རྡོ་རྗེའི་ཕྲེང་བས་ཡོངས་སུ་བསྐོར་བའོ། །དེ་བཞིན་དུ་འཁོར་ལོ་རྣམ་པ་གཉིས་ཞེས་པ་ཟླུམ་པའི་དཀྱིལ་འཁོར་གཉིས་སོ། །ནང་གི་དཀྱིལ་འཁོར་ཞེས་པ་བདུན་པར་རིག་པར་བྱེད་དེ་དབང་ཆེན་གྱི་དཀྱིལ་འཁོར་ 61-1-324b ལའོ་ཞེས་པའི་དོན་ནོ། །མཉམ་ཞེས་པ་གྲུ་བཞི་པ་ལ་སོགས་པས་མཚུངས་པའོ། །རྡོ་རྗེ་འཁོར་ལོས་རྣམ་པར་བརྒྱན། །ཞེས་པ་རྡོ་རྗེའི་ཐིག་གིས་ཡོངས་སུ་བསྐོར་བའི་སྙིང་པོའི་དཀྱིལ་འཁོར་གྱིས་སྤྲས་པའོ། །ཡང་ན་ནི་འཁོར་ལོ་འདྲ་བར་ཞེས་པ་ཟླུམ་པོའོ། །རྡོ་རྗེའི་ ཐིག་གིས་ཡོངས་སུ་བསྐོར་བ་དེ་བཞིན་དུ་འཁོར་ལོའི་ཕྲེང་བས་ཡོངས་སུ་རྫོགས་པའོ། །དེ་ལྟར་འཁོར་ལོ་རྣམ་པ་གཉིས་པ་ཟླུམ་པའི་དཀྱིལ་འཁོར་གཉིས་སོ། །ནང་གི་དཀྱིལ་འཁོར་ཞེས་པ་སྔར་བརྗོད་པའི་གྲུ་བཞི་པའི་དཀྱིལ་འཁོར་རོ། །དེ་བཞིན་དུ་སྙིང་པོའི་འཁོར་ ལོ་གཉིས་པ་ལ་ཆུ་ཞེས་དེ་ཇི་སྲིད་དུ་རྡོ་རྗེ་འཁོར་ལོས་རྣམ་པར་བརྒྱན་པ་སྟེ་སྙིང་པོའི་འཁོར་ལོས་སྤྲས་པའོ་ཞེས་པ་ནི་གཞན་ནོ། །གྲུ་གཅིག་པ་ཞེས་པ་ནི་གང་འདིའི་ནང་གི་དཀྱིལ་འཁོར་དུ་མངོན་པར་འདོད་པའི་དབང་ཆེན་ནོ། །ཟླུམ་པོ་ནི་དེ་ནས་ཆུའོ། །དེ་ནས་ཀྱང་གཞན་གྲུ་གསུམ་གྱི་ རྣམ་པ་མེའོ། །དེ་ནས་ཆེས་ཕ་རོལ་དུ་ཟླ་བ་ཕྱེད་པ་དང་མཚུང་པའི་རླུང་ངོ་། །དེ་ནས་ཆེས་ཕ་རོལ་དུ་ཡང་དཀྱིལ་འཁོར་གྲུ་གསུམ་གཅིག་པའོ། །ཕྱིའི་དཀྱིལ་འཁོར་གྱི་ཕྱེད་ཀྱིས་སྙིང་པོའི་འཁོར་ལོའོ། །དེའི་ཚེ་ཚད་ཀྱིས་གཞན་རིག་པར་བྱའོ། །པདྨ་ལོ་མ་བརྒྱད་པ་ལ་སངས་རྒྱས་ ཐམས་ཅད་དེ་རྣམ་པར་སྣང་མཛད་ལ་སོགས་པ་གཞག་པར་བྱའོ། །དཀྱིལ་འཁོར་རྣམས་ཀྱི་དབུས་ཉིད་དུ་ནི་མི་བསྐྱོད་པ་ལ་སོགས་པ་དང་བདུན་པོ་རྣམས་ཀྱིའོ། །དམ་ཚིག་མཆོག་ནི་སེམས་མ་རྡོ་རྗེ་མ་ལ་སོགས་པའོ། །རིམ་གྱི་མཐར་ཞེས་པ་ཤར་ལ་སོགས་པའི་ཕྱོགས་ སུ་གཡས་སྐོར་གྱིས་སོ། །སེམས་མ་རྡོ་རྗེ་མའི་མདུན་དུ་སེང་གེའི་གདན་གྱི་གནས་སུ་གང་ཞིག་རྩིབས་བརྒྱད་དང་བཅུ་དྲུག་པ་ཅིག་འཁོར་ལོས་སྒྱུར་པའོ། །རྒྱལ་བའི་གཙུག་ཏོར་ལ་སོགས་མེ་ལ་སོགས་པའི་ཕྱོགས་བྲལ་རྣམས་སུ་ཡོངས་སུ་བསྐོར་བའོ། །སངས་རྒྱས་ཐམས་ ཅད་ནི་རྟག་པ་ལ་སོགས་པའི་དེ་བཞིན་གཤེགས་པ་དེ་རྣམས་ཀྱི་རིམ་པའི་མཐར་ཐུག་པར་གཙུག་ཏོར་ལྔ་པོ་རྣམས་སོ། །དཀྱིལ་འཁོར་ཀུན་དུ་ནི་རྟག་པའི་དཀྱིལ་འཁོར་དུའོ། །རིན་ཆེན་འབྱུང་བ་ལ་སོགས་པའི་དཀྱིལ་འཁོར་ནི་ལྗང་གུ་དམར་པོ་དང་། སྔོན་པོའི་ཁ་དོག་ཅན་དུ་རིམ་པས་ 61-1-325a ཁོང་དུ་ཆུད་པར་བྱའོ། །དང་པོ་ནི་ཁ་དོག་ལྔ་པའོ། །ཆུ་ལ་སོགས་པ་ནི་གསེར་གྱི་རེ་ཁཱ་གཅིག་པ་བྲི། འཁོར་ལོའི་དཀྱིལ་འཁོར་ཞེས་པ་ནི་ཆུའིའོ། །དེར་ནི་རྣམ་གཟིགས་ལ་སོགས་པ་བྲི་བར་བྱའོ། །དཀྱིལ་འཁོར་ཀུན་དུ་སྟེ་ཕྱོགས་བཞིའི་དཀྱིལ་འཁོར་ དུའོ། །ཕྱིར་ནི་མེའི་དཀྱིལ་འཁོར་དུ་རིག་པར་བྱའོ། །འཁོར་ལོའི་གྲྭ་ནི་ལེགས་གནས་པར། །ཞེས་པ་ནི་སྙིང་པོའི་དཀྱིལ་འཁོར་གྱིའོ། །ཕྱི་ཡི་འཁོར་ལོའི་གྲྭ་རྣམས་སུ། །ཞེས་པ་ནི་དབང་ཆེན་གྱི་དཀྱིལ་འཁོར་གྱི་གྲྭ་རྣམས་སུའོ། །ཕྱི་ཡི་དཀྱིལ་འཁོར་གྲྭ་རྣམས་ སུ། །ཞེས་པ་ནི་དེ་ཉིད་ཀྱི་སྒོའི་གྲྭ་རྣམས་སུ་མི་བསྐྱོད་པ་ལ་སོགས་པ་དང་ཐ་དད་པ་མེད་པ་ཉིད་ཀྱིས་ལ་སོགས་མིང་སྟེ་དེ་ཁོ་ན་ཉིད་ཀྱི་རྣམ་པར་བསྟན་པར་བལྟ་བར་བྱའོ། །རྣམ་པར་སྣང་མཛད་དང་ཐ་མི་དད་པ་ཉིད་ཀྱི་ཕྱིར་ཆོས་ཀྱི་དབྱིངས་སོ། །སྒོ་སྐྱོང་ནི་རྡོ་རྗེ་ལྕགས་ཀྱུ་ལ་སོགས་ པ་རྣམས་སོ། །དཀྱིལ་འཁོར་གཉིས་པ་རུ་ཞེས་པ་ནི་མེ་ལྷའི་དཀྱིལ་འཁོར་ལ་ལྟོས་ནས་གཉིས་པ་སྟེ་རླུང་ལྷའི་དཀྱིལ་འཁོར་རོ། །དེར་ཤར་ལ་སོགས་པའི་ཕྱོགས་རྣམས་སུ་རིམ་པས་སངས་རྒྱས་ཀྱི་ཡུམ་ལ་སོགས་པ་བྲི་བར་བྱའོ། །དེ་ནས་བློ་ལྡན་དེས་འཐོན་ནས། །ཞེས་པ་ ནི་དཀྱིལ་འཁོར་ལྔ་པ་རྣམས་སུ་ཁྲོ་བོ་གཞན་གྱིས་མི་ཐུབ་པ་ལ་སོགས་པའོ། །དེ་ནས་ཀྱང་འཐོན་ནས་དྲུག་པར་རང་སངས་རྒྱས་རྣམས་སོ། །དེ་ནས་ངེས་པར་འཐོན་ནས་བདུན་པར་རྒྱལ་བའི་ཉན་ཐོས་རྣམས་དང་ཚངས་པ་ལ་སོགས་པའི་འཇིག་རྟེན་པ་རྣམས་སོ། །ཕྱི་རོལ་གྱི་ཞེས་ པ་སྒོའི་ཆ་ལ་ཤར་ལ་སོགས་པའི་ཕྱོགས་སུ་གཞན་གྱིས་མི་ཐུབ་པ་ཞེས་བྱ་བ་ལ་སོགས་པའི་ཕྱག་རྒྱའོ། །དེ་ལྟ་བུའི་གྲུ་བཞི་པ་ཞེས་བྱ་བ་ལ་སོགས་པ་རྣམས་ཀྱི་དང་པོ་དབང་ཆེན་གྱི་དཀྱིལ་འཁོར་མཆོག་ཏུ་འཛིན་པར་བྱེད་དོ། །འགྲོ་བ་ལྔ་ནི་ཁོར་ཡུག་གི་ནང་དུའོ། །རྒྱ་མཚོ་ བདུན་པོ་ནི་འོག་ཏུ་བྲི་བར་བྱའོ། །རིམ་གྱིས་ཞེས་པ་ནི་ལུགས་མ་ལ་སོགས་པའི་གཟུགས་བརྙན་གྱིས་སོ། །བཀོད་ནས་ནི་ཀུན་དུ་བཞག་ནས་སོ། །ཉེ་བར་སྤྱོད་པ་ཐམས་ཅད་ཀྱི་ཚོགས་ཞེས་པ་ནི་མེ་ཏོག་གི་རབ་ཏུ་བྱེད་པ་དང་། མར་མེ་ལ་སོགས་པ་ཐམས་ཅད་རབ་ཏུ་སྦྱིན་པས་སོ། ། 61-1-325b མཆོད་པ་བྱས་ནས་ཞེས་བྱ་བ་ནི་ནམ་མཁར་གནས་པ་རྣམས་ཀྱིས་གཅིག་པ་ཅན་དུ་བྱས་ནས་མཆོད་དེའོ། །དེ་ནས་རྒྱན་མཐའ་དག་ལ་སོགས་པ་རྣམས་ཀྱིས་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་བསྟན་པ་གསུངས་པ་ཉེ་བར་བཞུགས་ཏེ་ཞེས་པ་ལ་སོགས་པ་སྟེ། ཉེ་བར་འཇུག་པ་ལ་སོགས་ པའི་རྣལ་འབྱོར་གྱི་རིམ་པས་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། ཡེ་ཤེས་སེམས་དཔའ་ཇི་ལྟ་བ་བཞིན་མདུན་དུ་དགུག་པ་ལ་སོགས་པ་བྱས་ནས་བྱིན་གྱིས་བརླབ་པའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ལེགས་སོ་ཞེས་བྱ་བའི་སྦྱོར་བས་བཀུག་སྟེ་དབང་བསྐུར་ནས་སྤྲོ་བ་དང་བསྡུ་བ་དེ་ བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཆེན་པོ་དེ་བསྒོམ་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་དེ་དེ་དག་དང་ཐ་མི་དད་པ་གཉིས་ཀྱི་ཕྱིར་རོ། །དེ་ཁོ་ན་རྡོ་རྗེ་སེམས་དཔའ་སྟེ་དབྱེར་མི་ཕྱེད་པའི་ཕྱིར་རོ། །ཀུན་དུ་བཀང་སྟེ་ཞེས་པ་སྤྲོས་ནས་དང་བསྡུས་ ནས་སོ། །དེས་དེ་བཞིན་གཤེགས་པ་ཐམས་ཅད་རབ་ཏུ་འབབ་པས་ཏེ། ཡང་དག་པར་སྡུད་པའི་རང་བཞིན་གྱིས་རྡོ་རྗེ་སེམས་དཔའ་སླར་ཡང་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ཆེན་པོ་རང་གི་ལུས་ལ་མངོན་པར་ཞུགས་ནས་ཏེ་དེ་བསྒོམས་ནས་དེའི་ང་རྒྱལ་དང་ལྡན་པས་ཧཱུཾ་ཡིག་བཞི་འདོན་ཅིང་དཀྱིལ་ འཁོར་དུ་ཞུགས་ནས་ཕྲེང་བ་ཕུལ་བ་སྟེ་ལག་པ་གར་བསྐོར་བས་བླངས་ལ་ཧཱུཾ་ཡིག་བཞིས་དེ་ཉིད་རང་གི་སྤྱི་བོར་བཞག་ལ་གཡས་བརྐྱང་དང་གཡོན་བརྐྱང་དང་མཉམ་པ་དང་སོགས་ཕྱོགས་བཞི་པོ་རྣམས་སུ་བགེགས་ཐམས་ཅད་ལ་ཕྱག་རྒྱས་བསྣུན་པར་བྱའོ། །རོལ་པ་དང་བཅས་དེ་བཞིན་གཤེགས་ པ་ཐམས་ཅད་ལ་ཕྱག་བྱའོ། །དེ་ནས་སྒོ་སོ་སོར་གཡོན་བརྐྱང་གིས་གནས་ཤིང་ཡོངས་སུ་བསྐོར་ཏེ། ཁྲོ་བོའི་བལྟ་བས་ཀུན་དུ་བལྟས་པས་ཧཱུཾ་ཡིག་བཞི་ཡང་དག་པར་བཟླས་ཏེ་སྒོ་རྣམས་དབྱེ་བར་བྱའོ། །སླར་ཡང་རྣམ་པར་སྣང་མཛད་དུ་གྱུར་ནས། ཇི་ལྟར་མངོན་པར་འདུས་ བྱས་པའི་བུམ་པ་ལ་ཨོཾ་ལ་སོགས་པ་དང་བཛྲ་ཨུཏ་ཀས་བརྒྱད་ལྷག་པའི་སྟོང་རྡོ་རྗེ་མེ་ཏོག་གི་ཕྲེང་བ་ནས་བཟུང་སྟེ་དམ་ཚིག་གི་ཕྱག་རྒྱས་རང་གི་སྔགས་ཀྱང་བརྒྱད་བརྒྱ་བཟླས་པར་བྱ་སྟེ། གཞན་ཡང་སོ་སོར་རང་གི་སྔགས་ཀྱིས་བརྒྱད་བརྒྱ་མངོན་པར་བཟླས་པར་བྱའོ། །གང་བའི་བུམ་ 61-1-326a པ་སྒོར་གནས་པའི་བུམ་པ་ལ་ཡང་གཙོ་བོའི་སྔགས་ཀྱིས་བཟླས་ནས་ཇི་ལྟ་བ་བཞིན་དུ་གཞག་པར་བྱའོ། །དམ་ཚིག་གི་ཕྱག་རྒྱ་བཅིངས་པ་ཞེས་བྱ་བ་ལ་སོགས་པ་རྣམས་ཀྱིས་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་ཆེན་པོས་བསྡུས་ཏེ། རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ ཆེན་པོ་བཅིངས་ནས། ལས་ཀྱི་ཕྱག་རྒྱ་དང་། རང་གི་སྙིང་པོ་ཨཱཿཡི་གེ་དང་ལྷན་ཅིག་ཏུ་འདོན་པར་ཤེས་པའི་ནམ་མཁའ་ཐམས་ཅད་ཀུན་དུ་ཡང་དག་པར་འདུ་བའི་རྡོ་རྗེ་ཀུན་ནས་མངོན་དུ་བྱས་ཏེ་དེ་ལ་དེའི་ང་རྒྱལ་བསྐྱེད་ནས་དེ་ལ་ཡང་རྣམ་པར་སྣང་མཛད་བསམས་ནས་དེ་ལ་དེ་ལྟ་བུའི་ང་རྒྱལ་ དང་ལྡན་པས་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་རྣམས་ཀྱིས་ཞེས་པ་དགུག་པ་ལ་སོགས་པ་ཅན་དུ་བྱས་ནས་རང་གི་ཕྱག་རྒྱ་ལ་སོགས་པ་དོན་དུ་གཉེར་བའི་བཀའ་ཐོབ་པས་མངོན་པར་དབང་བསྐུར་ཏེ་རྡོ་རྗེ་གཟུང་བ་ལ་སོགས་པ་བྱས་པས་སླར་ཡང་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ནས་ སྡུད་པར་བྱའོ། །དེ་ནས་མངོན་པར་བསྟོད་ལ་དགུག་པ་ལ་སོགས་པ་སྔོན་དུ་འགྲོ་བས་ཕྱག་རྒྱ་བཞིས་རྒྱས་བཏབ་སྟེ་སོ་སོ་རང་གི་ཏིང་ངེ་འཛིན་དུ་བྱས་ནས། ཨཱཿཡིག་ལ་སོགས་པའི་སྙིང་པོ་སོ་སོ་རེ་རེ་ལ་ལྔ་བརྒྱ་དང་བཅས་པའི་བརྒྱ་བཟླ་བར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཞེས་བྱ་བ་ལ་ སོགས་པས་གསོལ་བ་བཏབ་པར་བྱའོ། །མངོན་པར་དབང་བསྐུར་ནས་རྡོ་རྗེའི་གར་དང་བཅས་པས་སྒེག་མོ་ལ་སོགས་པས་མཆོད་པར་བྱའོ། །ཕྱག་འཚལ་བའི་ཐལ་མོ་བཅིངས་ནས་ཞེས་པ་ནི་ཐལ་མོ་ཁ་སྦྱོར་དུ་བཅིངས་ནས་སོ། །ལག་པ་གཉིས་ཁ་སྦྱོར་དུ་བྱས་ཏེ་མིང་མེད་གཉིས་ ནང་དུ་བཅུག་ནས་སྡིགས་མཛུབ་ཟུང་གུང་མོ་ཁབ་ལྟར་དུ་བྱས་པའི་ཚིགས་གསུམ་པ་ནས་གང་ཙམ་གྱིས་མ་རེག་པར་གཟུང་བར་བྱའོ། །མཐེ་བོ་དང་མཐེའུ་ཆུང་ཟུང་གཉིས་དེ་ལ་མངོན་པར་ཕྱོགས་པར་གཟུང་བར་བྱའོ། །ཕྱག་རྒྱ་འདིས་འབེབས་པའི་སྔགས་གང་ཡིན་པ་དང་རབ་ཏུ་སྦྱར་བར་ བྱའོ། །འཇུག་པ་ལ་སོགས་པ་རྫོགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་མངོན་པར་དབང་བསྐུར་བར་བྱའོ། །ཅི་ལྟར་ཞེ་ན་གསུངས་པ། གྲུ་བཞི་ཞེས་བྱ་བ་ལ་སོགས་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཉིད་རྡོ་རྗེ་སྟེ་དེ་རྣམས་ཀྱི་རྡོ་རྗེ་སློབ་དཔོན་ལ་དེའི་ཚིག་གོ། ། 61-1-326b རབ་ཏུ་བཞག་ནས་ཞེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མདུན་དུ་ན་ཆུའི་དབང་བསྐུར་བའི་དཀྱིལ་འཁོར་བྱས་ལ་སློབ་དཔོན་རང་གིས་བཛྲ་བིད་ཀྱི་སྙིང་པོ་དང་ཁུར་ལྷན་ཅིག་ཏུ་ཡང་དག་པར་བཟླས་ནས་དམ་ཚིག་གི་ཕྱག་རྒྱས་སློབ་མ་ལ་སྙིང་པོ་འདིས་དབང་བསྐུར་བར་བྱའོ། །བཛྲ་སཏྭ། བཛྲ་རཏྣ་བཛྲ་དྷརྨཱ། བཛྲ་ཀརྨ་ཨི་དཾ་ཆེ་གེ་མོ། ཨ་དྷི་ཏིཥྛ་སརྦ་ཏ་ཐཱ་ག་ཏ་ཨཱ་ཙཱརྱ་སྭཱ་ཧཱ། འདིས་ལན་བརྒྱར་སྤྱི་བོ་དང་སྙིང་ག་ལ་སོགས་པར་བཞག་ལ་རིམ་པས་ཐམས་ཅད་བཟླས་པར་བྱའོ། །ཡང་ན་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སློབ་དཔོན་ནི་དེ་བཞིན་གཤེགས་པ་ཐམས་ ཅད་ཀྱི་རྡོ་རྗེ་སློབ་དཔོན་ནོ། །དེའི་གོ་འཕང་ནི་རྡོ་རྗེ་སེམས་དཔའི་རྣལ་འབྱོར་པའི་མགོ་བོར་རྡོ་རྗེ་འཆང་གི་སྐུ་གཟུགས་རབ་ཏུ་བཞག་ནས་ཨོཾ་མ་ཧཱ་སུ་ཁ་ཞེས་པ་ལ་སོགས་པ་སྙིང་པོ་ཡི་གེ་བཅུ་བདུན་པ་བརྒྱར་མངོན་པར་བཟླས་ནས་སོ་ཞེས་པ་འདིས་རབ་ཏུ་བཞག་ནས་ཞེས་བརྗོད་པར་འགྱུར་རོ་ ཞེས་གསུངས་པས་སོ། །ཅོད་པན་ལྔའི་དབང་གིས་མངོན་པར་དབང་བསྐུར་ཏེ་ཞེས་པ་དེ་བསྟན་པ་གསུངས་པ། བྱིན་གྱིས་བརླབ་པར་བྱ་སྟེ། འདི་སྐད་བརྗོད་པ་ཡིན་ཏེ་ཇི་ལྟར་གསུངས་པའི་རིམ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སློབ་དཔོན་གྱི་གོ་འཕང་ལ་རབ་ཏུ་བཞག་ནས་སྔགས་ འདི་སྐད་འདོན་ཅིང་རྡོ་རྗེ་ཆེན་པོས་སངས་རྒྱས་ལྔའི་ཅོད་པན་གྱིས་མངོན་པར་དབང་བསྐུར་བར་བྱའོ། །དེ་ཡང་སངས་རྒྱས་རིན་པོ་ཆེའི་ཅོད་པན་ཉིད་ཀྱིས་ཡོངས་སུ་གྱུར་པར་བྱས་ཏེ་དེ་བཞིན་གཤེགས་པ་རྣམས་ཀྱི་སངས་རྒྱས་ཀྱི་ཅོད་པན་དུ་སྦྱར་བར་བྱའོ། །རྡོ་རྗེ་སེམས་དཔའ་ལ་སོགས་པའི་ འཁོར་ལོས་སྒྱུར་བ་རྣམས་ཀྱིས་ལེགས་པར་དབང་བསྐུར་བ་དེ་ལ་ནི་སྦྱར་བར་མི་བྱ་སྟེ། གང་གི་ཕྱིར་གང་ཞིག་འཁོར་ལོའི་དཀྱིལ་འཁོར་དུ་འཆད་པར་འགྱུར་བ་རྡོ་རྗེ་རིན་ཆེན་གྱི་མངོན་པར་དབང་བསྐུར་བར་བྱའོ། །འཆད་པར་འགྱུར་བ་ཞེས་པ་ལ་སོགས་པས་དེ་འགོག་པར་འགྱུར་ཏེ། རྡོ་རྗེ་ཆེན་པོའི་ཕྱག་རྒྱ་ཡང་དེ་བཞིན་གཤེགས་པ་རྣམས་ཁོ་ནའི་སྟེ། དེའི་ཕྱིར་སྐབས་འདིར་དེ་རྣམས་ཁོ་ནའི་དབང་དུ་བྱས་པའོ། །དེ་ནས་གཞན་ལ་རྡོ་རྗེ་ཕྲེང་བའི་དབང་བསྐུར་བ་དང་། རྡོ་རྗེ་རིན་ཆེན་གྱི་དབང་བསྐུར་བ་སྦྱིན་པར་བྱའོ། །གང་ལ་སྤྱི་བོར་རྡོ་རྗེ་བཀོད་པ་སྔོན་དུ་འགྲོ་བས་ 61-1-327a ཆུའི་དབང་བསྐུར་བ་ནི་རྡོ་རྗེའི་དབང་བསྐུར་བའོ་ཞེས་བརྗོད་པར་བྱའོ། །དེ་རྣམས་ལ་དེ་སྦྱར་བར་མི་བྱ་སྟེ་དཀྱིལ་འཁོར་གྲུ་བཞི་པ་བྱས་ནས་ཞེས་བྱ་བ་ལ་སོགས་པ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱིས་བཤད་པའི་ཕྱིར་རོ། །ཡི་གེའི་ཕྱག་རྒྱ་བཀོད་ལ་རང་གི་ ལྷའི་གཟུགས་སུ་རབ་ཏུ་སྦྱོར་བར་བྱའོ་ཞེས་པ་ནི་སྤྱི་བོ་ལ་སོགས་པའི་གནས་བརྒྱད་པོ་རྣམས་སུ་སྔགས་དང་དམ་ཚིག་གི་ཕྱག་རྒྱས་བཀོད་པ་རྣམས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །སྐུ་ལ་སོགས་པའི་ཕྱག་རྒྱ་རྣམས་ཆེས་མྱུར་དུ་སྒྲུབ་པའི་ཐབས་བསྟན་པའི་ཆེད་དུ། དེ་ལ་འདི་ནི་ཞེས་ བྱ་བ་ལ་སོགས་པ་གསུངས་པ་རང་གི་ལུས་རྡོ་རྗེ་སེམས་དཔའ་སྟེ་དབྱེར་མི་ཕྱེད་པའི་ཡེ་ཤེས་ཀྱི་གནས་ཏེ་རྒྱུའོ། །ཅི་ལྟར་ན་རང་བཞིན་གྱིས་དབྱེར་མི་ཕྱེད་པ་ཉིད་དེ་རང་བཞིན་རང་གི་ངོ་བོ་གདོད་མ་ནས་སྐྱེ་བ་མེད་པ་ཨའི་ཡི་གེའོ། །ཤེས་རབ་ཀྱིས་ཕུང་པོ་བཤིག་པར་བྱེད་པས་མཆོག་ཏུ་ཕྲ་མོ་ རྣམས་ཕན་ཚུན་རྣམ་པར་འདྲེས་པ་མ་ཡིན་པ་ཉིད་ཀྱིས་སོ། །འདི་ཞེས་པ་མཐར་གནས་པར་སྦྱར་རོ། །ལྟ་བའི་ཐིབས་པོ་ཐམས་ཅད་ངེས་པར་འཇོམས་པ་ནི་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་རབ་ཏུ་བཅོམ་པ་གང་ཡིན་པའོ། །འཇུག་པར་འགྱུར་རོ་ཞེས་པས་སོ། །རིག་ པ་ནི་ཟག་པ་མེད་པའི་ཡེ་ཤེས་ཏེ་དེ་ལ་རབ་ཏུ་འཇུག་པ་ནི་ལྷག་པར་རྟོགས་པ་སྟེ་དེའི་དོན་ནི་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་རྣམ་པའི་ཤེས་རབ་བསྒོམ་བཞིན་པའོ། །མ་རིག་པ་ནི་གང་གི་ཚེ་དབྱེར་མི་ཕྱེད་པའི་ཡེ་ཤེས་ཡིན་པ་དེའི་ཚེ་རྡོ་རྗེ་གནས་སུ་འགྱུར་རོ། །དངོས་པོ་ལ་ལྷག་ པར་དམིགས་པ་ནི་མ་རིག་པ་ཉིད་དོ། །མཐར་ཐུག་པ་མེད་པ་ནི་མཐའ་ནི་མཐར་ཐུག་པ་མེད་ཅིང་གྲངས་མེད་པའོ། །དེ་ཁོ་ན་རྡོ་རྗེའི་གནས་ཞེས་སོ། །སྔ་མ་བཞིན་དུ་དེ་ལྟར་གཞན་ལ་ཡང་ངོ་། །རྡོ་རྗེའི་གནས་བསྡུས་པའི་དོན་ནོ། །མངོན་པར་འདུ་བྱེད་པ་མེད་པ་མཉམ་པ་ཉིད་ཀྱིས་ཏེ། འདུས་ བྱས་སྟོང་པ་ཉིད་ཀྱིས་གདོད་མ་ནས་སྐྱེ་བ་མེད་པའི་རྣམ་པས་མཉམ་པ་ཉིད་ཀྱིས་སོ་ཞེས་པ་ཇི་སྲིད་པར་རོ། །འདོད་ཆགས་དང་བྲལ་བའི་མཐའ་མཉམ་པ་ཉིད་ཀྱིས་ཞེས་པ་ནི་རྒྱུ་ཉེ་བར་དམིགས་པ་མེད་པའི་རྣམ་པས་འདོད་ཆགས་དང་བྲལ་བའི་བག་ཆགས་དང་མཚུངས་པ་ཉིད་ཀྱིས་སོ། །འདོད་ 61-1-327b ཆགས་ཀྱིས་འདོད་ཆགས་རབ་ཏུ་འཇོམས་པའི་དོན་དུའོ། །བྱམས་པ་མཐའ་མཉམ་པ་ཉིད་ཀྱིས་ཞེས་པ་ནི་ཞེ་སྡང་སྒྱུ་མ་ལྟ་བུ་ཉིད་ཀྱི་རྣམ་པས་བྱམས་པའི་མཐའ་མཚུངས་པ་ཉིད་ཀྱིས་སོ། །སྐྱོན་ཡང་དག་པར་གཅོད་པ་ནི་ཞེ་སྡང་རབ་ཏུ་འཇོམས་པའི་དོན་དུའོ། །ཤེས་རབ་ཀྱི་སྣང་བ་ མཉམ་པ་ཉིད་ཀྱི་ཞེས་པས་གཏི་མུག་གི་མཐའི་རྡུལ་མེད་ཅིང་ཉེ་བར་བྲལ་བའི་རྣམ་པ་ཤེས་རབ་ཀྱི་རང་བཞིན་སྣང་བ་མཚུངས་པ་ཉིད་ཀྱིས་སོ། །མུན་པ་མེད་པ་ཡང་ཉེ་བར་ཐོབ་པ་དམིགས་པ་མེད་པས་ཤེས་རབ་ཀྱི་སྣང་བ་དེའི་དོན་དུ་སྐྱེ་བར་འགྱུར་རོ། །སེམས་ཅན་ཐམས་ཅད་གཅིག་ཏུ་མཉམ་ པ་ཉིད་ཀྱིས་ཞེས་པ་ནི་རྒྱུ་དང་བྲལ་བ་ཉིད་དེ་འདིར་བྲལ་བ་ཉིད་ཀྱི་རྣམ་པས་སེམས་ཅན་རྣམས་ཐམས་ཅད་གཅིག་ཏུ་མཚུངས་པ་ཉིད་ཀྱིས་སོ། །སེམས་ཅན་རྣམས་ཀྱི་རང་བཞིན་དེ་ནི་རང་གི་ངོ་བོའོ། །དེ་རྟོགས་པ་ནི་ཁོང་དུ་ཆུད་པའི་དོན་དུའོ། །སེམས་ཅན་ཐམས་ཅད་སེམས་སུ་གཅིག ། ཅེས་པས་ནི་སེམས་ཅན་ཐམས་ཅད་གདོད་མ་ནས་སྐྱེ་བ་མེད་པའི་རྣམ་པས་སེམས་ཉིད་དུ་གཅིག་པར་མཉམ་པའོ། །སེམས་ལ་འཇུག་པའི་དོན་ནི་རྣམ་པར་རིག་པ་ཙམ་དུ་རྟོགས་པའི་དོན་དུའོ། །རང་བཞིན་གྱིས་འོད་གསལ་བ་རྟོགས་པའི་དོན་ནི་རྣམ་པ་ཐམས་ཅད་ཉེ་བར་དམིགས་ པ་མེད་པའི་ཡེ་ཤེས་ཀྱི་དོན་དུའོ། །སངས་རྒྱས་ཐམས་ཅད་སངས་རྒྱས་སུ་གཅིག་ཅེས་པ་ནི་སངས་རྒྱས་རྣམས་ཐམས་ཅད་འཇིགས་པ་དང་བྲལ་བའི་སྟོང་པ་རྡུལ་དང་བྲལ་བ་ཉེ་བར་རྟོགས་པའི་རྣམ་པས་སངས་རྒྱས་རྣམས་གཅིག་ཏུ་མཉམ་པ་ཉིད་དོ། །དེ་བཞིན་གཤེགས་པ་བཞུགས་ པའི་དོན་ནི་སྟོན་པ་ཉིད་ཐོབ་པའི་དོན་དུའོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་རྟོགས་པའི་དོན་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྟོགས་པའི་དོན་དུའོ། །ཆོས་ཐམས་ཅད་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་སྟེ་དེ་རྣམས་བདེན་པ་ཉེ་བར་དམིགས་པ་མེད་ཅིང་སྟོང་པ་དབྱེ་བ་དང་བྲལ་བའི་ རྣམ་པས་སངས་རྒྱས་ཀྱི་ཆོས་རྣམས་ཏེ་སྟོབས་དང་མི་འཇིགས་པ་ལ་སོགས་པ་རྣམས་མཉམ་པའོ། །ཐམས་ཅད་དུ་ཡེ་ཤེས་རྗེས་སུ་རྟོགས་པ་སྟེ་ཐོབ་པའི་ཆེད་དང་། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་རྟོགས་པའི་དོན་ནི་རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པ་སོ་སོར་བརྙེས་པའི་དོན་དུའོ། ། 61-1-328a བདུད་ཀྱི་ལས་ཐམས་ཅད་ནི་སངས་རྒྱས་ཀྱི་ལས་ཞེས་པ་ནི་བདུད་ཀྱི་ལས་རྣམས་རྒྱུ་བ་དང་བྲལ་བ་སྟོང་པ་རྡུལ་དང་བྲལ་བ་ལ་ངེས་པར་འབྱུང་བའི་རྣམ་པ་རྣམས་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་ལས་རྣམས་ཀྱིས་ནི་སེམས་ཅན་དོན་གྱི་མཚན་ཉིད་ཀྱི་མཉམ་པ་ཉིད་དོ། །ལས་ ཡང་དག་པར་འདའ་བར་འགྱུར་རོ་ཞེས་པ་ནི་ལས་སྤྱོད་པ་ཟད་པའི་དོན་དུའོ། །ངག་ཐམས་ཅད་ནི་སྐྱེ་བོ་ཚིག་ཏུ་བརྗོད་པ་སྟེ། དེ་བཞིན་གཤེགས་པའི་གསུང་སྟེ་སངས་རྒྱས་པ་ཅན་གྱི་དབྱངས་ཅན་མ་སྟེ་དེ་ནི་ངག་ཐམས་ཅད་དོ། །དབྱེ་བ་དང་བྲལ་བའི་རྣམ་པ་སངས་རྒྱས་ཀྱི་གསུང་དང་མཉམ་ པའོ། །སྒྲ་ཇི་བཞིན་པ་ཐམས་ཅད་ནི་འདབ་ཆགས་ལ་སོགས་པ་མངོན་པར་རྗོད་པར་བྱེད་པའོ། །མངོན་པར་བརྗོད་པར་བྱ་བ་ལས་འདས་པའི་དེ་བཞིན་ཉིད། ཆོས་ཐམས་ཅད་ནི་གཟུགས་དང་ཚོར་བ་ལ་སོགས་པ་སྟེ་དེ་རྣམས་སྒྱུ་མ་ལྟ་བུ་ཉིད་ཀྱི་ཕྱིར་མ་སྐྱེས་པ་སྟེ་སྐྱེ་བ་མེད་པའོ། །འཆི་ འཕོ་བ་མེད་པ་ལ་འཇུག་པའི་དོན་ནི་དེའི་ཐབས་ལྷག་མ་མེད་པ་མྱ་ངན་ལས་འདས་པ་ཐོབ་པའི་དོན་དུའོ། །ཉོན་མོངས་པ་ལས་འདས་པ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཐོབ་པའི་དོན་དུའོ། །ཆོས་ཐམས་ཅད་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་རྣམས་སོ། །དེ་རྣམས་ ཀྱང་མཉམ་པ་ཉིད་ཀྱི་རྣམ་པས་སྟོབས་དང་མི་འཇིགས་པ་ལ་སོགས་པའི་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་རང་བཞིན་ནོ། །འགོག་པ་མེད་པ་ལ་འཇུག་པ་ནི་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པའོ། །ཆོས་ཐམས་ཅད་ནི་འགོག་པ་མེད་པའི་དོན་ནི་སེམས་ཅན་ཐམས་ཅད་ཀྱི་དོན་ཆད་པ་མེད་ པའི་དོན་ནོ། །འདི་ལ་རྣམ་གནས་ཞེས་པ་འདིས་བྱིན་གྱིས་བརླབས་པའི་ས་བོན་རང་གི་སྙིང་གའི་མཚན་མ་ལ་གནས་ནས་ཇི་ལྟ་བ་བཞིན་དུ་རང་རྡོ་རྗེའི་གནས་སྒོམ་པར་བྱེད་པ་བསྟན་པར་གྱུར་པ་ལ་རྣམ་པར་གནས་པའི་ཡང་དག་པར་རྗེས་སུ་ཀུན་དུ་བསྟན་པ་བདག་གི་དེ་ཉིད་ཞེས་པ་ལ་སོགས་ པ་གསུངས་པ། བྱང་ཆུབ་སེམས་དཔའི་ས་རྣམས་མྱུར་དུ་འགྲུབ་པར་འགྱུར་རོ་ཞེས་པ་ཇི་སྲིད་པའོ། །བདག་གི་དེ་ཉིད་དོ་ཞེས་པས་སེམས་གཉིས་ཉིད་དོ། །ད་ནི་ཡིད་ནི་རྩེ་གཅིག་པ་ཞེས་པ་ལ་སོགས་པ་སྟེ། སྐུའི་ཕྱག་རྒྱ་སྒོམ་པར་བྱེད་པ་བསྟན་པ་གསུངས་པ། སངས་རྒྱས་ 61-1-328b ལུས་ཞེས་པས་དེ་བཞིན་གཤེགས་པ་ལྔའི་སྐུའི་ཕྱག་རྒྱའོ། །ཀུན་དུ་བཟང་པོ་ལ་སོགས་པའི་སྐུའི་ཕྱག་རྒྱ་ནི་ཟླ་བའི་དཀྱིལ་འཁོར་གྱི་དབུས་ན་གནས་པར་བསྒོམ་པར་བྱའོ། །བྱང་ཆུབ་ཀྱི་སེམས་ནི་ཀུན་དུ་བཟང་པོའོ་དེའི་མཆོག་ནི་དང་པོ་གང་ཡིན་པ་དེ་རྣམས་བྱང་ཆུབ་སེམས་ཀྱི་མཆོག་དེ་ རྣམས་བསྒོམ་པ་ནི་བྱང་ཆུབ་སེམས་ཀྱི་མཆོག་བསྒོམ་པའོ། །གཙུག་ཏོར་གྱི་སྐུའི་ཕྱག་རྒྱ་ནི་འཁོར་ལོ་ལ་སོགས་པ་ལ་གནས་པར་བསྒོམ་པར་བྱའོ། །དེ་རྣམས་ཀྱང་གཙོ་བོ་རྣམས་ཀྱི་རྗེས་སུ་ཞུགས་པས་དཀྱིལ་འཁོར་པ་ཐམས་ཅད་བསྒོམ་པ་བལྟ་བར་བྱའོ། །རྣམ་པར་སྤྱོད་ པ་ནི་སྒོའོ་ཞེས་པ་ལ་སོགས་པས་དག་གི་ཕྱག་རྒྱ་སྒོམ་པར་བྱེད་པར་བསྟན་པར་བྱའོ། །ཆོས་ཐམས་ཅད་ནི་དོན་གཟུགས་ལ་སོགས་པ་རྣམས་ཏེ་ཁོང་དུ་ཆུད་པའི་སྒོ་ནི་ཉེ་བར་ལེན་པའོ། །དེ་བཞིན་དུ་གཞན་ལ་ཡང་སྒོའི་དོན་བལྟ་བར་བྱའོ། །རྣམ་པར་འབྱེད་པའི་ཕྱིར་རྣམ་པར་ སྤྱོད་པར་བྱེད་དོ་ཞེས་པ་འདི་བྱ་བ་ཉིད་བྱ་བའི་ངོ་བོར་གསལ་བར་བྱེད་དོ། །ཨ་ཡིག་ནི་ཆོས་ཐམས་ཅད་གདོད་མ་ནས་མ་སྐྱེས་པ་གསལ་བར་བྱེད་དོ། །དོན་དམ་པའི་བདེ་བ་དེ་བཞིན་ཉིད་དོ། །ཆོས་རྣམས་ཐམས་ཅད་ནི་ཕུང་པོ་ལྔའི་རང་བཞིན་རྣམ་པར་ཡོངས་སུ་ཤེས་པའོ། །ས་ ཡིག་ནི་ཕུང་པོ་ལྔའི་ཁོང་དུ་ཆུད་པའི་སྒོའོ། །ན་ཡིག་ནི་རྣམ་པ་ཐམས་ཅད་གདོད་མ་ནས་འགྱུར་བ་མེད་པ་དབང་དུ་བྱེད་པ་ཉིད་ཀྱི་སྒོའོ། །ད་ཡིག་ནི་ཆོས་ཐམས་ཅད་འདུལ་བ་ལ་སོགས་པ་སྟོན་པར་བྱེད་པའི་སྒོའོ། །ཐོགས་པ་ནི་ཉན་ཐོས་དང་རང་བྱང་ཆུབ་སེམས་དཔའ་དེ་ལས་ཡང་ དག་པར་འདས་པ་སངས་རྒྱས་ཀྱི་བྱང་ཆུབ་བོ། །ཀུན་ནས་ཉོན་མོངས་པ་ནི་འཁོར་བའི་ཆོས་རྣམས་སོ། །རྣམ་པར་བྱང་བ་ནི་མྱ་ངན་ལས་འདས་པའོ། །ཟག་པ་དང་བཅས་པ་དང་ཟག་པ་མེད་པ་ནི་ཡོན་ཏན་ནོ། །ཕུང་པོ་ལ་སོགས་པ་ནི་ཟག་པ་མེད་པའི་ལས་ཀྱི་བདེན་པས་ འདུས་བྱས་པའི་རང་བཞིན་དེའི་བདེ་བ་ལ་ཕུང་པོ་ལ་སོགས་པ་དོན་དམ་པའི་བདེན་པ་ནི་དོན་དམ་པའི་རང་བཞིན་གྱི་སེམས་ལས་བྱུང་བའི་རང་གི་ངོ་བོ་ཉིད་དུ་བརྗོད་དེ། ས་ཡིག་ནི་དེའི་སྒོའོ། །དེ་བཞིན་ཉིད་ཀྱི་རྗེས་སུ་འགྲོ་བ་ནི་གང་ཟག་ལ་བདག་མེད་པར་རྟོགས་པའོ། །ཆོས་ 61-1-329a ཀྱི་དབྱིངས་ལ་འཇུག་པ་ནི་ཆོས་ཀྱི་བདག་མེད་པ་རྟོགས་པའོ། །དེ་ངེས་པར་སྟོན་པར་བྱེད་པ་ལ་ན་ཡིག་སྒོའོ། །ལས་ཀྱི་རྣམ་པར་སྨིན་པ་རྣམ་པར་བྲལ་བ་ནི་ལས་ཀྱི་འབྲས་བུ་ལས་འདས་པའོ། །དེ་གསལ་བར་བྱེད་པ་ལ་ཀ་ཡིག་སྒོའོ། །ཟབ་མོ་གཏིང་ དཔག་དཀའ་བ་ཉིད་དེ་རིམ་པ་བཞིན་ཕྱི་རོལ་པ་དང་། ཉན་ཐོས་ལ་སོགས་པ་རྣམས་ནམ་མཁའ་ལྟ་བུ་ཉིད་དང་ནམ་མཁའི་རང་བཞིན་ཉིད་དེ་གསལ་བར་བྱེད་པ་ལ་ག་ཡིག་སྒོའོ། །ཛའི་བཤད་པ་ནི་གོ་སླའོ། །ཆོས་ཀྱི་དབྱིངས་ཀུན་དུ་མི་ཕྱེད་པ་དེ་བཞིན་ཉིད་དོ། །ཆོས་རྣམས་ཐམས་ ཅད་ནི་གཞན་དང་མ་འདྲེས་པའོ། །རྡོ་རྗེ་ནི་གོ་སླའོ། །ཡོངས་སུ་རྫོགས་པ་ནི་དབྱེ་བ་བྱར་མེད་པའི་ཤེས་རབ་ལ་འཇུག་པར་བྱེད་པའོ། །དེ་སྟོན་པར་བྱེད་པ་ལ་དྷ་ཡིག་སྒོའོ། །ཞི་གནས་ནི་ཏིང་ངེ་འཛིན་ནོ། །ལྷག་མཐོང་ནི་ཤེས་རབ་བོ། །དེ་ཡོངས་སུ་རྫོགས་པ་རབ་ཏུ་ གསལ་བར་བྱེད་པ་ལ་ཤ་ཡིག་སྒོའོ། །ནམ་མཁའ་དང་མཉམ་ཞིང་རང་བཞིན་གྱིས་འོད་གསལ་བ་ཉིད་ནི་གང་ཟག་ལ་བདག་མེད་པ་གསལ་བར་བྱེད་པ་ལ་ཁ་ཡིག་སྒོའོ། །འགྱུར་བ་མེད་པ་མ་སྐྱེས་པ་ཅན་མི་ཟད་པའི་ཡེ་ཤེས་ཆོས་ཐམས་ཅད་ཡོངས་སུ་དག་པའི་དོན་རབ་ཏུ་ གསལ་བར་བྱེད་པ་ལ་ཀྵ་ཡིག་སྒོར་འགྱུར་རོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོགས་པ་མེད་པ་ནི་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ་སྟེ་དེ་སྟོན་པར་བྱེད་པ་ལ་ང་ཡིག་སྒོའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་དོན་དུ་གནས་དང་གནས་མ་ཡིན་པ་ལ་མཁས་ པ་སྟོན་པར་བྱེད་པ་ལ་ཐ་ཡིག་སྒོའོ། །མཐར་ཕྱིན་པ་ནི་ཡོངས་སུ་རྫོགས་པའི་འགོག་པའོ་ཞེས་པ་ཇི་སྲིད་དུ་དེའི་མུར་ཐུག་པ་མེད་པ་ནི་ཆོས་རྣམས་ཀྱི་མུ་མེད་པའོ། །སྒྲིབ་པ་ཐམས་ཅད་རབ་ཏུ་སྤངས་པ་ནི་ཉོན་མོངས་པ་ཐམས་ཅད་འགོག་པའོ། །ཟད་པ་དང་མི་སྐྱེ་བའི་ ཡེ་ཤེས་ནི་བྱང་ཆུབ་ཀྱི་མཚན་ཉིད་དོ། །ཌ་ཡིག་ནི་མཐར་ཕྱིན་ཅིང་མུར་ཐུག་པ་མེད་པ་སྒྲིབ་པ་དང་བྲལ་བའི་སྒོའོ། །དྲི་མའི་རྣམ་པ་ནི་དྲི་མ་དང་བྲལ་བ་ཅན་མ་ཡིན་པ་སྟེ། དེ་ཉེ་བར་མི་དམིགས་པ་སྟོན་པར་བྱེད་པ་ལ་ཛྷ་ཡིག་སྒོའོ། །འདོད་ཆགས་དང་བྲལ་བ་ལ་སོགས་ 61-1-329b པར་རབ་ཏུ་སྟོན་པ་མ་ལུས་རྣམ་པར་འབྱེད་པར་བརྗོད་པར་བྱ་བ་ལ་ཀ་ཡིག་སྒོའོ། །ཨཾ་ཡིག་ནི་སེམས་རྣམ་པར་འབྱེད་པའི་དོན་ཏེ་འདུལ་བར་བྱ་བ་གང་ཡིན་པའི་ཞེ་སྡང་དང་གཏི་མུག་དག་དང་བག་ལ་ཉལ་རབ་ཏུ་སྤངས་པ། བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་སྨོན་པའི་མཚན་ ཉིད་ཅན་རང་བཞིན་གྱིས་འོད་གསལ་བ་ཉིད་ཀྱང་། སྒྲིབ་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ཀྱི་རང་བཞིན་རབ་ཏུ་གསལ་བའི་སྒོར་འགྱུར་རོ། །ངག་གི་སྤྲོས་པ་ཆོས་ཀྱི་དབྱིངས་རྣམ་པར་དག་པར་སྟོན་པར་བྱེད་པ་ལ་ངག་ཁོང་དུ་ཆུད་པའི་ངག་ཅན་པ་ཡིག་སྒོའོ། །ཚ་ཡིག་ གི་བཤད་པ་ནི་གོ་སླའོ། །གཅིག་ཏུ་འདུས་པ་མ་དམིགས་པ་ནི་གཞན་གྱིས་ཡོངས་སུ་བརྟགས་པའི་ཆ་ཤས་གཟུགས་ལ་སོགས་པ་སྟོང་པ་ཉིད་དོ། །གཉིས་སུ་མེད་པ་ཉིད་ནི་གཟུང་བ་དང་། འཛིན་པ་བྲལ་བ་ཉིད་དོ། །དེ་དག་གཉིས་ཀ་སྟོན་པ་ལ་གྷ་ཡིག་ སྒོའོ། །ཅ་ཅོ་དང་བྲལ་བ་ཉིད་ནི་དྲིལ་བུའི་སྒྲ་རྗེས་སུ་འགྲོ་བའོ། །རྡོ་རྗེ་སེམས་དཔའ་འཛིན་པ་ནི་རྡོ་རྗེའི་ཕྱག་རྒྱ་འཛིན་པ་སྟེ། འདི་དག་གཉིས་ཀའི་ཁྱད་པར་གྱི་སྣོད་ལ་ཊ་ཡིག་སྒོའོ། །གསང་བའི་ཡེ་ཤེས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ། །ལྷག་མ་གོ་ བར་སླའོ། །འཚེ་བ་ནི་གཞན་གྱི་འཁོར་ལ་ཉེ་བར་འཚེ་བ་སྟེ་དེ་དང་བྲལ་བ་རབ་ཏུ་གསལ་བ་དང་། ནམ་མཁའི་དངོས་གྲུབ་སོ་སོར་ཐོབ་པའི་དོན་དུ་ཌ་ཡིག་སྒོའོ། །གྲང་བ་ནི་ཁ་བ་ལ་སོགས་པ་ཕྲ་མོ་སྟེ། དེ་ཉེ་བར་མ་དམིགས་པ་སྟོན་པར་བྱེད་པ་ལ་ནི་ཁ་ཡིག་སྒོའོ། ། རབ་ཏུ་འབྱམས་པ་མ་ཡིན་པར་འགོག་པ་དེ་རྣམ་པར་གཞག་པར་བྱེད་པ་ལ་ཉེ་བར་ཞི་བར་བརྗོད་པ་ཅན་གྱི་ཨུ་ཡིག་སྒོའོ། །ཚུལ་བཞིན་དུ་གཞག་པ་ནི་དེའི་ངག་ཅན་ལ་ངེས་པར་འཕྱུང་བ་ལ་སོགས་པར་བྱེད་པ་ལ་སྒོའོ། །ཡ་ཡིག་ནི་དེ་ཁོ་ན་ཉིད་ནི་དེ་བཞིན་ཉིད་ཀྱི་ངག་ཅན་ཏེ་ སྤྲོས་པ་སྤངས་པ་ནི་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ་སྟེ་དོན་དེ་རྣམ་པར་གཞག་པའི་རྒྱུར་ཏ་ཡིག་སྒོའོ། །ཨ་ཡིག་ནི་མ་སྐྱེས་པ་གསལ་བར་བྱེད་པ་སྟེ། རྣམ་པར་གྲོལ་བའི་མཚན་ཉིད་བརྗོད་པ་ལ་སྒོའོ། །ཧྲཱི་ཡིག་ནི་ཡོངས་སུ་གཟུང་བ་མེད་པའི་ངག་ཅན་ཏེ་ 61-1-330a འཐབ་པ་དང་རྩོད་པ་སྤངས་པ་སྟོན་པ་ལ་སྒོའོ། །ཀ་སྡེ་ནི་ཀུན་ནས་ཉོན་མོངས་པ་མེད་པའི་ངག་ཅན་ཏེ་རྣམ་པར་དག་པ་མཚན་ཉིད་སྟོན་པར་བྱེད་པ་ལ་སྒོའོ། །རང་བཞིན་གྱིས་འོད་གསལ་བ་དེ་བཟུང་ནས་གནས་པ་གསལ་བར་བྱེད་པ་ཙ་སྟེ་ཡང་སྒོའོ། །ཊ་ སྡེ་ནི་སྣང་བ་ཞེས་པ་སྟེ་རབ་ཏུ་གསལ་བ་སྟེ། རང་བཞིན་གྱིས་འོད་གསལ་བ་ཉིད་འབར་བར་བྱེད་དེ་འབར་བར་བྱེད་པ་ལ་སྒོའོ་ཞེས་རྟོགས་པར་བྱའོ། །ཡང་དག་པར་སྦྱོར་བ་དང་བྲལ་བ་ཡང་དག་པར་སྡུད་པར་བྱེད་པ་མངོན་པར་བརྗོད་པ་ལ་སྒོམ་པར་བྱེད་པའི་དོན་དུ་ཏ་སྡེ་སྒོའོ། །ཆོས་ མ་འདྲེས་པར་རབ་ཏུ་འཇོག་པ་ལ་གཞི་མེད་པར་བརྗོད་པའི་པ་སྡེ་སྒོའོ། །མཐར་གནས་ཀྱི་སྡེ་པ་ནི་བྱང་ཆུབ་ཀྱི་དོན་དྲི་མ་མེད་པ་སྟོན་པར་བྱེད་པ་ལ་སྟེ། དྲི་མ་མེད་པ་གསལ་བར་བྱེད་པ་ལ་སྒོའོ། །ས་ལ་སོགས་པའི་སྡེ་པ་ནི་མྱ་ངན་ལས་འདས་པའི་གློ་བུར་ བ་ངེས་པར་འདོར་བ་ལ་སོགས་པ་སྟོན་པ་ལ་སྒོའོ། །ཨོཾ་བཾ་ཞེས་པ་ལ་སོགས་པ་རྣམས་ཀྱིས་ཆོས་ཀྱི་ཡི་གེ་རྣམས་རྣམ་པར་རིག་པའི་སྒོའོ་ཞེས་པ་ལ་སོགས་པ་དེ་ཁོ་ན་ཉིད་རྟོགས་པ་སྟེ། གང་རྟག་ཏུ་འགྲོ་བར་བརྗོད་པའི་དབང་དུ་བྱེད་པའི་བསྡུ་བ་ནི་ཐམས་ཅད་མཁྱེན་པའི་ཡེ་ ཤེས་རྣམ་པར་དག་པ་ཁོ་ན་རྣམ་པར་ཕྱེ་བའོ། །ཆོས་ཀྱི་སྐུ་རྣམ་པར་ངེས་པ་ནི་ཆོས་བརྗོད་པ་ཐབས་རྣམ་པར་འབྱེད་པའོ། །འདི་ནི་གཙོ་བོའི་དཀྱིལ་འཁོར་བ་དང་བཅས་པའི་ཐུན་མོང་གི་ཆོ་ག་ཆོས་ངག་གི་ཕྱག་རྒྱའོ། །དེའི་སྒོ་ནི་ཐབས་སོ། །དེ་རྣམ་པར་ངེས་པ་ནི་ཡེ་ཤེས་སོ། ། སེམས་ཀྱི་ཕྱག་རྒྱ་བསྒོམ་པ་དེ་དག་བསྟན་པ་དེ་ལ་རིགས་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་པ། རྣལ་འབྱོར་གནས་ནི་དབང་པོ་གཉིས་ཀྱི་སྙོམས་པར་འཇུག་པ་ཡོངས་སུ་རྫོགས་པ་ཉིད་ཀྱང་སྐུའི་ཕྱག་རྒྱའི་སྒྲུབ་ཐབས་དང་ཐུན་མོང་པ་ཡང་ངོ་། །སངས་རྒྱས་ཀུན་ གྱི་ཕྱག་ནི་རྣམ་པར་སྣང་མཛད་ཀྱི་ཐུགས་ཀྱི་ཕྱག་རྒྱའོ། །ཤིན་ཏུ་འོད་གསལ་གྱི་དཀྱིལ་འཁོར་ལ་ནི་སྙིང་གར་ཉི་མའི་དཀྱིལ་འཁོར་དང་བཅས་པའོ། །རྡོ་རྗེའི་རྣལ་འབྱོར་གྱིས་ཞེས་པ་ནི་དེ་ལ་རྡོ་རྗེ་སྒོམ་པར་བྱེད་པས་མི་བསྐྱོད་པའི་རྣལ་འབྱོར་ཆེན་པོ་སྟེ། དེའི་རྣལ་འབྱོར་ཆེན་ 61-1-330b པོ་དེ་ལྟ་བུ་ཁོ་ན་རྡོ་རྗེ་སྒོམ་པར་བྱེད་པ་རྣམས་སོ། །བསྒོམ་པར་བྱ་ཞེས་པ་ནི་ཉི་མའི་དཀྱིལ་འཁོར་ལ་གནས་པའི་རིན་ཆེན་ཀུན་མངོན་དུ་བྱའོ། །ཡོངས་སུ་བསྒོམས་ནས་ཞེས་བྱ་བ་ནི་ལྷག་པར་མོས་པའོ། །མཐོང་ཞེས་བྱ་བ་ནི་ཉི་མའི་དཀྱིལ་འཁོར་ལ་གནས་པའི་པདྨ་ བསྒོམ་པའོ། །དག་པ་ཞེས་བྱ་བ་ནི་འོད་དཔག་མེད་དོ། །ཕྱག་རྒྱ་ཐམས་ཅད་ནི་སྣ་ཚོགས་རྡོ་རྗེའོ། །སྣ་ཚོགས་ལས་ཀྱི་སྦྱོར་བ་ཞེས་པ་ནི་སྙིང་གར་ཉི་མའི་དཀྱིལ་འཁོར་ལ་གནས་པའི་སྣ་ཚོགས་རྡོ་རྗེ་ལ་སྤྲུལ་པ་སྣ་ཚོགས་པ་སེམས་ཅན་མ་ལུས་པའི་དོན་ལ་ལྷག་པར་ མོས་པའོ། །སྣ་ཚོགས་ལས་བྱེད་པ་ནི་དོན་ཡོད་པའི་དབང་ཕྱུག་གོ། །རྡོ་རྗེ་རྣལ་འབྱོར་གྱིས་ཞེས་པ་ནི་ཟླ་བ་ལ་གནས་པའི་རྡོ་རྗེ་ལ་སོགས་པའི་མཚན་མ་བསྒོམ་པའོ། །རྡོ་རྗེའི་དམ་ཚིག་ཅེས་བྱ་བ་ནི་ཉི་མ་ལ་བརྗོད་དོ། །ནུས་པ་ངེས་པར་བསྟན་པ་གསུངས་པ། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །ཞེས་བྱ་བ་ལ་སོགས་པའོ། །རྡོ་རྗེའི་རྣལ་འབྱོར་གྱིས་ཞེས་བྱ་བ་ནི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་རྡོ་རྗེ་བསྒོམ་མོ། །དེ་ལྟར་རྒྱལ་པོ་ལ་སོགས་པ་རྣམས་ཀྱི་ཡང་ཇི་ལྟ་བ་བཞིན་དུ་རང་བཞིན་དུ་རང་གི་སྙིང་གར་ཟླ་བ་ལ་གནས་ པའི་མཚན་མ་བསྒོམ་པར་བལྟ་བར་བྱའོ། །འདི་དག་ཀུན་གྱི་ཞེས་པ་ནི་སྐུ་ལ་སོགས་པའི་ཕྱག་རྒྱའི་སྒྲུབ་ཐབས་སོ། །རབ་སྦྱོར་གྱིས་ཞེས་པ་དང་རང་གི་སྐུའི་ཕྱག་རྒྱ་སྒྲུབ་པའི་དོན་ཅན་དུ་བྱས་པའི་རང་གི་ལྷའི་རྣལ་འབྱོར་ཇི་སྐད་གསུངས་པའི་གདན་ལ་གནས་ནས་ཡིག་ རྩེ་གཅིག་ཏུ་གྱུར་པས་བསྒྲུབ་པར་བྱའོ་ཞེས་བྱ་བ་འདིས་སོ། །ཆོས་ཀྱི་ཡི་གེའི་ཚིག་གིས་ནི། །ཞེས་པ་དག་གི་ཕྱག་རྒྱའི་དངོས་གྲུབ་ནི་ལྕེའི་རྩེ་མོའི་འདབ་མ་ལ་རྡོ་རྗེ་མཛེས་པ་བསྒོམ་པ་སྔོན་དུ་འགྲོ་བ་ཅན་གྱི་སྙིང་གའི་ཟླ་བ་ལ་ཇི་ལྟ་བ་བཞིན་དུ་རང་གི་ཨོཾ་བཾ་ལ་སོགས་པའི་ ཆོས་ཀྱི་ཡི་གེ་རྣམས་རྣམ་པར་བཀོད་ལ་རྣམ་པར་རིག་པའི་སྒོ་ཞེས་བྱ་བ་ལ་སོགས་པའི་དེ་ཁོ་ན་ཉིད་བསྒོམ་པར་བྱའོ་ཞེས་བྱ་བ་འདིས་སོ། །ཕྱག་རྒྱའི་ཡེ་ཤེས་ལེགས་སྦྱོར་བས། །ཞེས་བྱ་བ་ནི་སེམས་ཀྱི་ཕྱག་རྒྱ་བསྒོམ་པའི་དོན་ཅན་རང་གི་སྙིང་གའི་ཟླ་བ་ལ་ཇི་ལྟ་བ་ 61-1-331a བཞིན་དུ་རང་གི་མཚན་མ་བསྒོམ་པར་བྱའོ་ཞེས་པ་འདིས་སོ། །འདི་རྣམས་ཀྱི་ཞེས་པ་སྐུ་ལ་སོགས་པ་རྣམས་ཀྱི་སྒྲུབ་ཐབས་ཀྱི་རབ་ཏུ་སྦྱོར་བ་བདུན་པོ་ཇི་ལྟ་བ་བཞིན་ནོ། །ཕྱག་རྒྱའི་འཁོར་ལོ་ཁྱད་པར་དུ། །ཞེས་པ་ནི། སྐུའི་ཕྱག་རྒྱའི་ཚོགས་ སུ་ཤེས་པར་བྱའོ། །དེ་ཉིད་ཀྱི་རབ་ཏུ་སྦྱོར་བ་བསྟན་པ་གསུངས་པ། ཡི་གེ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་གསུང་བར་བྱེད་པ་སྐུ་ལ་སོགས་པའི་ཕྱག་རྒྱ་བསྒྲུབ་པར་བྱ་བའི་དོན་དུ་རང་གི་སྔགས་ཀྱི་ཡི་གེ་རྣམས་ཀྱིས་སྙིང་ག་ལ་སོགས་པ་རྣམས་སུ་ཡོངས་སུ་གང་བའི་སྐུའི་ཕྱག་རྒྱ་ བྱས་ནས་ཕྱག་རྒྱ་ཐམས་ཅད་བསྒྲུབ་པར་བྱའོ་ཞེས་སོ། །ལས་ཀྱི་སྒྲུབ་ཐབས་ཉེ་བར་བསྟན་པ་གསུངས་པ། བསམ་གཏན་གྱིས་ཞེས་བྱ་བ་ལ་སོགས་པ་སྟེ། བསམ་གཏན་གྱིས་ནི་སྒོམ་པར་བྱེད་པ་རྣམས་ཀྱིས་སོ། །ཐིག་ལེ་གཅིག་ནི་ཡི་གེ་གཅིག་སྟེ་དབང་ ཆེན་གྱི་ས་བོན་ནོ། །དེས་གྱུར་པ་སྟེ་ཡོངས་སུ་རྫོགས་པ་འདིའི་གོ་འཕང་ནི་དབང་ཆེན་གྱི་དཀྱིལ་འཁོར་རོ། །དེ་ཉིད་བསྟན་པ་གསུངས་པ། ས་ཞེས་པ་ལ་སོགས་པ་སྟེ། ས་ལ་རབ་གནས་ཀྱང་དཀྱིལ་འཁོར་གྲུ་བཞི་པ་ལ་གནས་པའོ། །གོ་འཕང་ནི་གནས་ ཏེ་དེ་ལ་གནས་པའོ། །དབང་པོ་གཉིས་ནི་མཉམ་སྦྱོར་བ་ནི་རང་དང་ལྷ་གཉིས་སྒོམ་པར་བྱེད་པས་དབང་ཕྱུག་ཀྱང་ནི་བསྒྲུབ་པར་བྱའོ། །དབང་ཆེན་གྱི་ལས་ནི་རྒྱས་པའི་མཚན་མའོ། །དང་པོའི་དཀྱིལ་འཁོར་ཚུལ་གྱིས་ནི། །ཞེས་པ་དབང་ཆེན་གྱི་དཀྱིལ་འཁོར་ཚུལ་ གྱིས་རང་གི་ས་བོན་གང་ཡིན་པ་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་རོ། །དབང་པོ་གཉིས་སྙོམས་པར་ཞུགས་པའི་ཡང་མཐའ་མར་རབ་ཏུ་བརྟག་སྟེ། འཁོར་ལོ་ལག་ཏུ་བསམ་པར་བྱའོ། །དང་པོ་ཞེས་པ་ནི་དབང་ཆེན་གྱི་དཀྱིལ་འཁོར་དང་། པདྨ་དང་རིན་པོ་ཆེ་ལ་ སོགས་པ་ཡང་ཇི་ལྟ་བ་བཞིན་སུམ་མདོ་རིས་ལ་སོགས་པ་རྣམས་སུ་རབ་ཏུ་གནས་པའོ། །ལས་ཀྱི་རྣལ་འབྱོར་གྱིས་ཞེས་པ་ནི་སྣ་ཚོགས་རྡོ་རྗེ་རྣམ་པར་གཞག་པས་སོ། །ལས་འདི་རྣམས་ཀྱང་དེ་ཉིད་བསྒོམས་པས་ཆེས་མྱུར་དུ་འགྲུབ་པར་འགྱུར་རོ། །ཕྱག་རྒྱ་ཡེ་ཤེས་ 61-1-331b བསྟན་པའི་ཆེད་དུ་ཉེ་བར་བསྟན་པ་གསུངས་པ། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་སྟེ། རྣམ་པར་གྲོལ་བ་ནི་སྒྲིབ་པ་ཐམས་ཅད་དང་བྲལ་བའོ། །དེ་ཁོ་ན་ཕྱག་རྒྱ་ཆེ་ཞེས་པ་ཐམས་ཅད་དུ་རྒྱས་བཏབ་ཅིང་བསྡུས་པ་རྟོགས་པར་བྱེད་པ་སྟེ། དེའི་རྒྱས་བཏབ་པ་ནི་མཚན་ པའོ། །ཆོས་ཐམས་ཅད་ནི་འཕགས་པ་དང་སོ་སོའི་སྐྱེ་བོའི་རྒྱུད་ཀྱི་སེམས་དང་སེམས་ལས་བྱུང་བའི་རང་བཞིན་ནོ། །གང་གི་ཕྱིར་གཉིས་དང་གཉིས་སུ་མེད་པའི་གནས་སྐབས་ནི་ཡོངས་སུ་དག་པ་ནི་རྣམ་པར་གྲོལ་བའི་ལུས་སོ་ཞེས་པ་ཇི་སྲིད་པའོ། །མཐའ་དང་མཐའ་ མེད་པ་ནི་ཆད་པ་དང་རྟག་པའི་རྣམ་པར་རྟོག་པའོ། །མཐའ་ལས་འདས་པ་ནི་མཐའ་མེད་པའོ། །དེའི་ཕྱག་རྒྱས་རྒྱས་བཏབ་པའོ། །གང་ལ་གང་གི་ཕྱིར་ཞེ་ན་དག་པ་དང་མ་དག་པའི་གནས་སྐབས་ཆད་པ་དང་རྟག་པ་ཡོངས་སུ་དག་པ་སྟེ། དོན་དམ་པར་དེ་དག་སྟོང་པའོ། །ཟད་པ་དང་ འདོད་ཆགས་དང་བྲལ་བ་ནི་ཕུང་པོ་དང་ཉོན་མོངས་པ་འགག་པའོ། །དེའི་ཕྱག་རྒྱས་རྒྱས་བཏབ་པའོ། །གང་གི་ཕྱིར་ན་ཟད་པའི་སྒོ་ནི་སྐྱེ་བའི་གནས་སྐབས་སོ། །ཟད་པའི་མཐའ་ནི་གནས་པའོ། །ཟད་པའི་མུར་ཐུག་པ་ནི་མཐར་ཐུག་པའོ། །སྐུར་བ་འདེབས་པ་མེད་པ་ནི་སྨོད་པ་མེད་པའོ། ། གང་ཟག་དང་ཆོས་བརྟགས་པ་ཙམ་ཉིད་ཀྱིས་སྡེ་དེའི་ཕྱག་རྒྱས་རྒྱས་བཏབ་པའོ། །གང་གི་ཕྱིར་མཉམ་པ་ཉིད་ཀྱང་རྣམ་པར་དག་པ་ནི་དེ་དག་གཉིས་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཆོས་ཐམས་ཅད་གང་ཡིན་པ་དེ་དོན་དམ་པ་ཉིད་དུ་ནམ་མཁའ་བཞིན་དུ་སྤྱན་ལྔའི་ལམ་ལས་ཡང་ དག་པར་འདས་པའི་ཕྱིར་ནམ་མཁའི་ཕྱག་རྒྱས་རྒྱས་བཏབ་པའོ། །སེམས་ཅན་ཐམས་ཅད་ནམ་མཁའི་ཁམས་ཉིད་ཀྱི་ཕྱིར་ཞེས་པ་ནི་དོན་དམ་པར་ན་སེམས་ཅན་ཐམས་ཅད་ནམ་མཁའི་ཁམས་ཀྱི་རང་བཞིན་ཡིན་པ་ཉིད་ཀྱི་ཕྱིར་རོ། །དབྱེར་མི་ཕྱེད་པའི་རང་བཞིན་གྱི་ཆོས་ཀྱི་དབང་ དབྱིངས་སུ་ཡང་དག་པར་འདུ་བ་ནི་རྗེས་སུ་ཞུགས་པའོ། །དེ་ལ་དབྱེར་མེད་པའི་ཕྱག་རྒྱས་རྒྱས་བཏབ་པའོ། །བྱང་ཆུབ་ཀྱི་རང་བཞིན་གྱི་སེམས་ནི་བྱང་ཆུབ་ཀྱི་སེམས་ཏེ་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེའི་ཕྱག་རྒྱས་རྒྱས་བཏབ་པའོ། །གང་ལས་ཤེ་ན་བྱང་ཆུབ་ཀྱི་སེམས་དང་ཐ་ 61-1-332a མི་དད་པ་ཉིད་ཀྱི་ཕྱིར་ཏེ། བྱང་ཆུབ་ཀྱི་སེམས་རྫོགས་པ་ཉིད་ཀྱི་གནས་སྐབས་སུ་ཡང་ཆོས་རྣམས་ཀྱིས་ལྷག་པར་ཀུན་དུ་འདྲེས་པའོ། །ཆོས་ཀྱི་དབྱིངས་འབྱེད་པ་མེད་པའི་མཚན་ཉིད་ཡིན་པའི་ཕྱིར་ཞེས་པ་ནི་རྫོགས་པའི་གནས་སྐབས་ན་དེ་བཞིན་ཉིད་ལ་ ཁྱད་པར་མེད་པའི་ཕྱིར་རོ། །རང་བཞིན་མེད་པའི་ཕྱིར་ཞེས་པ་ནི་གནས་སྐབས་ཐམས་ཅད་དུ་གནས་སུ་ཞེས་པ་མངོན་པར་དགོངས་པའོ། །བདག་མེད་པའི་ཕྱག་རྒྱ་ནི་གང་ཟག་གི་བདག་མེད་པ་སྟེ་དེའི་རྒྱས་བཏབ་པའོ། །འཚེ་བ་མེད་པའི་ཕྱིར་ནི་གཞན་གྱིས་ཡོངས་སུ་བརྟགས་པའི་ བདག་ཚད་མ་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། །མི་རྟག་པ་ཞེས་བྱ་བ་ལ་སོགས་པའི་བཤད་པ་ནི་གོ་སླའོ། །སྔོན་གྱི་མཐའ་ནི་འཁོར་བའི་གནས་སྐབས་སོ། །ཕྱི་མའི་མཐའ་ནི་མྱ་ལས་འདས་པའི་གནས་སྐབས་དེ་དག་ནི་དེ་བཞིན་ཉིད་སྟོང་པ་ཉིད་དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་རྟོག་པ་ མེད་པའོ། །མཉམ་པར་མཚུངས་པ་ཉིད་ཀྱི་ཕྱིར། །ཞེས་པ་ལ་འདུས་བྱས་དང་འདུས་མ་བྱས་དག་དངོས་པོ་མེད་པའི་རང་བཞིན་ཡིན་པ་ཉིད་ཀྱི་ཕྱིར་རོ། །མཚན་མ་མེད་པའི་ཕྱག་རྒྱ་ནི་རྒྱུའི་རང་བཞིན་མེད་པ་སྟེ་དེའི་ཕྱག་རྒྱས་རྒྱས་བཏབ་པའོ། །གང་ལས་ཤེ་ན་སྤྲོས་པའི་དམིགས་པ་དང་བྲལ་བ་ཉིད་ ཀྱི་ཕྱིར་རོ་སྟེ་རྒྱུར་རྣམ་པར་བརྟགས་པ་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། །སྨོན་པ་མེད་པ་ཞེས་བྱ་བ་ལ་སོགས་པའི་བཤད་པ་ནི་གོ་སླའོ། །བདག་ལ་སོགས་པའི་དངོས་པོ་མེད་པའི་ཕུང་པོ་ལྔ་པོ་རྣམས་ཡོངས་སུ་འདུས་པ་སྟེ་ཚོགས་པ་ཅན་དུ་བྱེད་པ་དེའི་མཚན་ཉིད་ཀྱི་ཕྱིར་རོ། །བདག་མེད་པ་ལ་སོགས་པའི་ བཤད་པ་ནི་གོ་སླའོ། །དྲི་མ་མེད་པ་ནི་རང་བཞིན་གྱིས་འོད་གསལ་བ་ཉིད་དེ། དེའི་ཕྱག་རྒྱས་རྒྱས་བཏབ་པའོ། །འཚོ་བ་རབ་ཏུ་མི་གནས་པ་ཉིད་ཀྱི་ཕྱིར་ཞེས་པ་ནི་དོན་དམ་པ་ཉིད་དུ་སྒྲིབ་པའི་བག་ཆགས་ཐམས་ཅད་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། །འཁྲུག་པ་མེད་པ་ནི་རྣམ་པར་གཡོ་བ་མེད་པ་ཉིད་ཀྱི་ཕྱིར་ རོ་སྟེ་དེའི་ཕྱག་རྒྱས་རྒྱས་བཏབ་པའོ། །བླ་ན་མེད་པའི་མཐར་ཕྱིན་པའི་ཕྱིར་རོ་ཞེས་པ་ཤིན་ཏུ་མཐར་ཐུག་ཅིང་མཐས་ཀླས་པའི་ཆོས་ཉིད་ཀྱི་ཕྱིར་རོ། །ཇི་ལྟ་བ་བཞིན་ཞེས་པ་ནི་རྟག་ཏུ་ལྷག་པར་གནས་པའི་དེ་བཞིན་ཉིད་དེ་དེའི་ཕྱག་རྒྱས་རྒྱས་བཏབ་པའོ། །གང་ཟག་དང་ཆོས་རྣམས་ཀྱི་སྒྲོ་འདོགས་པ་ 61-1-332b དང་སྐུར་བ་འདེབས་པ་མེད་པའོ། །གང་ལ་ཞེ་ན་འཇམ་པའི་དབང་དུ་བྱེད་པ་དང་དབང་དུ་བྱ་བ་མེད་པའི་ཕྱིར་རོ་སྟེ་ཚད་མའི་ཡང་རྣམ་པར་རྟོག་པ་དོན་དམ་པ་ཉིད་དུ་མེད་པའི་ཕྱིར་རོ། །རབ་ཏུ་འཇིགས་པ་ཞེས་པ་ལ་སོགས་པའི་བཤད་པ་ནི་གོ་སླའོ། །འགོག་པ་མེད་པ་ཉིད་ཀྱི་ཕྱིར་ནི་དོན་དམ་པ་ཉིད་དུ་ཆོས་ རྣམས་ཀྱི་རང་གི་ངོ་བོ་མེད་པའི་ཕྱིར་རོ་ཞེས་དགོངས་སོ། །རྟོག་གེ་ཐམས་ཅད་ནི་རྣམ་པར་རྟོག་པ་ཐམས་ཅད་དོ། །མཚན་ཉིད་ནི་གཟུགས་ལ་སོགས་པའོ། །དེ་རྣམས་དོན་དམ་པ་ཉིད་དུ་མེད་པའི་ཕྱིར་མཚན་ཉིད་མེད་པའི་ཕྱག་རྒྱས་རྒྱས་བཏབ་པའོ། །གནས་ནི་ཀུན་གཞི་རྣམ་པར་ ཤེས་པའི་རྒྱུན་ཆོས་ཐམས་ཅད་ཀྱི་བག་ཆགས་རྣམས་ཡང་དག་པར་བཅད་པའི་ཕྱིར་རོ། །རྗེས་སུ་སྦྱོར་བ་མེད་པ་ནི་ཉེས་པའི་ཚུལ་གྱིས་ཕྱིན་ཅི་ལོག་ཏུ་སྦྱོར་བ་མེད་པ་སྟེ་དེའི་ཕྱག་རྒྱས་རྒྱས་བཏབ་པའོ། །ཅིའི་ཕྱིར་ན་ཡོན་ཏན་གྱི་ཚུལ་རྣམས་ཀྱང་གཉེན་པོའི་ཕྱོགས་ཡིན་ལ་དེ་ཉེ་བར་ དམིགས་པ་མེད་པའི་ཕྱིར་རོ། །ཐམས་ཅད་མངོན་པར་འདུས་མ་བྱས་པ་ཉིད་ཀྱི་ཕྱིར་རོ་སྟེ། དོན་དམ་པར་ལས་ཀྱི་རྣམ་པར་སྨིན་པ་རྣམས་མེད་པ་ཉིད་ཀྱི་ཕྱིར་རོ། །སྐྱེ་བ་དང་གནས་པ་སྟེ་དེ་དང་བྲལ་བ་ཉིད་ཀྱི་ཕྱིར་འདུས་མ་བྱས་པའི་ཕྱག་རྒྱས་རྒྱས་བཏབ་པའོ། །ཆོས་ཐམས་ཅད་མཉམ་ པ་ཉིད་ནི་སྟོང་པ་ཉིད་དོ། །མཚན་ཉིད་གཅིག་པ་ནི་འདུས་བྱས་ཉིད་དོ། །དེ་ཡང་གཟུགས་ལ་སོགས་པ་རྣམས་ཀྱི་སྤྱིའོ། །ཕུང་པོ་ནི་ཕུང་པོའོ། །དེའི་ཕྱག་རྒྱས་རྒྱས་བཏབ་པའོ། །གང་ལས་ཤེ་ན་སྙིང་པོ་མེད་པ་ཉིད་ཀྱི་ཕྱིར་ཏེ། བདག་མེད་པ་ཉིད་ཀྱི་ཕྱིར་རོ་ཞེས་པ་ཇི་སྲིད་པའོ། ། སངས་རྒྱས་ཀྱི་སྐུའི་མཉམ་པ་ཉིད་ནི་མཚུངས་པ་ཉིད་དོ། །དེ་སོ་སོར་ཐོབ་པའི་ཕྱིར་ཏེ་ཉེ་བར་ཐོབ་ཅིང་རྗེས་སུ་ཐོབ་པའོ། །འཇིག་རྟེན་གྱི་ལམ་ནི་འཇིག་རྟེན་པའི་ལམ་སྟེ། དེ་ཁོ་ན་མཐའ་གཅིག་ཏུ་རྣམ་པར་དག་པའི་ཕྱིར་ནི་དོན་དམ་པར་ཕྱེད་པའི་ཕྱིར་རོ། །ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ ལ་སོགས་པའི་བཤད་པ་ནི་གོ་སླ་བའི་ཕྱིར་རྣམ་པར་བཤད་པར་མི་བྱའོ། །མུཿའི་ཡི་གེ་འདི་ལས་སྒྲུབ་པའི་དུས་སུ་རང་གི་སྙིང་གར་དགོད་པར་བྱའོ། །ཨའི་ཡི་གེ་ལ་སོགས་པ་རྣམས་ཀྱང་སྙིང་ག་དང་མཛོད་སྤུ་དང་རྣ་བ་དང་། སྤྱི་བོ་དང་གཙུག་ཏོར་རྣམས་རིམ་པས་སྦྱར་བར་བྱའོ། ། 61-1-333a གལ་ཏེ་ཡང་ན་ཧཱུཾ་ཡིག་ཉིད་སྙིང་གར་ཟླ་བའི་མཚན་མ་ལའོ། །ཡང་ན་ཁཾ་ཡིག་ཁོ་ན་སྤྱི་བོར་བསམ་པར་བྱའོ། །སྔར་བཞིན་དུ་སྐུའི་ཕྱག་རྒྱ་ལ་རང་གི་སྔགས་ཀྱི་ཡི་གེ་རྣམས་ཀྱིས་ཀུན་དུ་བཀང་བ་ཇི་ལྟ་བ་བཞིན་དུ་རང་གི་ལས་བསྒྲུབ་པར་བྱ་བའི་དོན་ཅན་ལ་ཇི་ལྟར་གསུངས་ པའི་དཀྱིལ་འཁོར་འབྱུང་བར་འགྱུར་བ་གང་ཡང་རུང་བ་ལ་མོས་པའི་ཕྱག་རྒྱས་རྒྱས་བཏབ་བོ་ཞེས་པ་གང་ཡང་རུང་བའི་ཚིག་གི་དོན་བསྒོམས་པས་ཇི་ལྟར་འདོད་པའི་ལས་རྣམས་སྐྱེ་བའི་ཕྱིར་རོ། །ཨ་ཡིག་ལ་སོགས་པ་ནི་ཕྱག་རྒྱ་ལྔའི་ཡེ་ཤེས་སུ་བསྡུས་པ་ཅན་གྱི་ས་བོན་མ་ཡིན་ནོ། ། འདི་དག་སྡུད་པ་པོ་ནི་ཧཱུཾ་ཡིག་དང་ཁཾ་ཡིག་སྟེ་ཐམས་ཅད་བྱིན་གྱིས་རློབ་པའོ་ཞེས་པའི་དབང་དུ་བྱས་པའོ། །དེ་ནས་ད་ནི་ཞེས་བྱ་བ་ལ་སོགས་པས་རྣམ་པར་སྣང་མཛད་ཀྱི་སྐུའི་ཕྱག་རྒྱ་གསང་བའི་སྒྲུབ་ཐབས་སྟོན་པར་བྱེད་དོ། །པདྨ་འདབ་མ་བརྒྱད་པ་དང་ཟླ་བའི་དཀྱིལ་འཁོར་ གྱི་དབུས་སུ་སོན་པར་ཁཾ་ཡིག་དཀར་པོ་ཉི་མའི་དཀྱིལ་འཁོར་རབ་ཏུ་གསལ་བ་དེའི་སྟེང་དུ་འབར་བའི་ཕྲེང་བ་འཁྲུགས་པ་ནི་རྡོ་རྗེ་རྩེ་ལྔ་པར་ཉེ་བར་བསྟན་ནོ། །ཤེས་པར་བྱ་ཞེས་པ་ཉེ་བའི་མཐར་སྤྱོད་དོ། །དབང་པོ་གཉིས་ནི་སྙོམས་པར་འཇུག་པས་ཞེས་པ་ནི་ལྷ་དང་གཉིས་སུ་མེད་པ་ཅན་ དུ་བསྒོམས་པས་ཕྱག་རྒྱ་སྟེ་རྡོ་རྗེའི་བདག་ཉིད་ཅན་གོ་འཕང་སྟེ་རྟེན་དུ་གྱུར་པར་མན་ངག་གང་ཡིན་པ་ལ་ཤེས་པར་བྱའོ། །འདིའི་སྙིང་པོ་ནི་དེའི་ཕྱག་རྒྱའི་གོ་འཕང་ངོ་། །དེ་ཉིད་གནས་ཏེ་ཀུན་དུ་གནས་པའི་སེམས་གང་ཡིན་པ་དེའི་གནས་སོ། །ཡི་གེ་ཧཱུཾ་ཞེས་པས་ནི་ཧཱུཾ་ཡིག་དགོད་ པའོ། །འབར་བ་ནི་ར་ཡིག་ལས་འབར་བར་བསྒོམས་ནས་འབར་བའི་མིག་ཅན་དུ་བྱས་པར་བསམ་པར་བྱའོ། །དཀར་པོ་ལ་སོགས་པ་ནི་འབར་བ་ནི་སྙིང་གའི་རྡོ་རྗེའི་སྙིང་པོ་ལས་དབང་པོ་ཐམས་ཅད་ངེས་པར་ཕྱུང་སྟེ་འཇིག་རྟེན་ཐམས་ཅད་དུ་སྤྲོས་ནས་བསྡུས་བཞིན་པས་འཁོར་ ལོས་སྒྱུར་བ་ལྟ་བུ་ཞེས་པས་རྣམ་པར་སྣང་མཛད་བཞིན་ནོ། །དབང་པོ་ལྔས་ནི་ཡང་དང་དམིགས། །ཞེས་ལྷའི་མིག་ལ་སོགས་པ་རྣམས་ཀྱིས་རང་གི་མིག་ལ་སོགས་པ་དང་གཅིག་པ་ཅན་དུ་བྱས་ནས་སོ། །ཇི་ལྟར་དབང་པོ་གཉིས་ཀྱི་རབ་ཏུ་སྦྱོར་བ་བརྗོད་པར་བྱ་བ་དེ་བཞིན་དུ་ 61-1-333b ཉེ་བར་བསྟན་པ་བཀུག་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ། ཇི་སྙེད་བུད་མེད་ཞེས་པ་ནི་ལྷ་གང་ཇི་སྙེད་པ་དེ་དང་དེ་སྒྲུབ་པར་བྱེད་པའི་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་ཅན་ཉིད་གཉིས་སུ་མེད་པ་ཅན་ཉིད་ཀྱིས་སླར་ཡང་འགྲོགས་པར་བསྒོམས་པས་ཇི་ལྟར་རང་གི་ལུས་ཀྱི་ཕྱག་རྒྱ་ གསང་བའི་དངོས་གྲུབ་ཀུན་དུ་ཐོབ་བོ། །སེམས་ཀྱི་ཕྱག་རྒྱ་གསང་བའི་སྒྲུབ་པ་བྱ་བ་གསང་བའི་ཞེས་བྱ་བ་ལ་སོགས་པ་གསུངས་པ་གསང་བ་ནི་ཕྱི་རོལ་ལ་སོགས་པ་གསང་བ་ཉིད་ཀྱི་ཕྱིར་རོ། །མཆོག་ནི་ཐམས་ཅད་ཀྱི་མཆོག་ཉིད་ཀྱི་ཕྱིར་རོ། །དགོས་པ་ནི་རྟོག་པ་ཐམས་ ཅད་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། །དེ་ལྟ་བུའི་ཆོ་ག་བསམས་ནས་སོ། །ཆེན་པོ་ཞེས་པ་ཁྱབ་ཅན་ནོ། །ཞི་བའི་ཆོས་ཀྱི་རྗེས་སུ་མཐུན་མཆོག་ནི་ཉེ་བའི་ཐོབ་པ་མཉམ་པ་ཉིད་ཀྱི་ལུགས་དང་མཐུན་པ་དང་མཆོག་སྟེ་འདོད་པའོ། །རྡོ་རྗེ་སེམས་དཔའ་གང་ཡིན་པ་ཡང་འགྲུབ་པ་སྟེ། རབ་ཏུ་སྩོལ་བར་བྱེད་དོ། །དེའི་ཕྱིར་མཆོག་དེ་ཁོ་ན་བར་ཟིན་པ་ལའོ། །འབྲས་བུའི་ངོ་བོའི་དངོས་པོ་མེད་པ་ནི་སྟོང་པ་ཉིད་དོ། །རྒྱུའི་ཆོས་རྣམ་པར་རྟོག་པའི་མཚན་མ་མེད་པའོ། །དེའི་དོན་དུ་གཉེར་བ་དང་བྲལ་བའི་ཕྱིར་ཡང་སྨོན་པ་མེད་པའོ། །དེ་ཁོ་ན་ཡང་ཆོས་ཀུན་བདག་ མེད་པ་ཉིད་དོ། །ཕ་རོལ་ཕྱིན་པ་ཐམས་ཅད་ཐོབ་པ་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་གཏོགས་པའོ། །རྡོ་རྗེ་སེམས་དཔའ་མཆོག་ཅེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རྒྱན་རྣམས་ཀུན་ཞེས་པ་ནི་མདོར་བསྟན་ཏོ། །ཁ་དོག་ལྗང་གུ་ཞེས་པ་ནི་ལས་ཇི་ལྟར་གསེར་དུ་འཕོ་བ་ ལས། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་རྒྱས་པར་བཤད་དོ། །དེ་དང་ལྷན་ཅིག་གནས་ཞེས་པ་ནི་ཕ་རོལ་ཏུ་ཕྱིན་པ་གང་ཡང་རུང་བ་སྔོན་དུ་བྱས་ནས་ཕྱི་རོལ་གྱི་བུད་མེད་དང་སྐྱེས་པ་སྦྱོར་བར་ལྷག་པར་མོས་པ་བསྒོམ་པར་བྱའོ། །རྡོ་རྗེ་འཛིན་མ་ཡང་ཞེས་པ་ནི་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ཡང་ངོ་། །དབང་པོ་གཉིས་ནི་སྙོམས་འཇུག་པས་ནི་སྐུ་དང་གསུང་དང་ཕྱག་རྒྱ་གསང་བ་བསྒྲུབ་བོ་ཞེས་བརྗོད་དོ། །རིམ་པ་གང་གིས་དེར་འགྱུར་ན་དེ་བསྟན་པའི་ཕྱིར་དྲན་པ་ཉེ་བར་གཞག་པ་ཞེས་པ་ལ་སོགས་པ་གསུངས་པ། སྐད་ཅིག་གིས་རྡོ་རྗེ་སེམས་ 61-1-334a དཔའ་གཟུགས་བརྙན་ལྟ་བུ་ཀུན་ནས་མངོན་དུ་བྱ་སྟེ། རང་གི་སྔགས་འདོན་པ་སྔོན་དུ་འགྲོ་བས། དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ནས་ཇི་སྲིད་པའི་བར་དུ་བསྒོམས་ནས་དམ་དུ་འཁྱུད་པར་བསྒོམ་པར་བྱ་སྟེ་ཚོགས་ཐམས་ཅད་ཉེ་བར་བསགས་པར་འགྱུར་ རོ། །རྣམ་གྲོལ་གོས་ཀྱིས་བསྒྲིབས་ནས་སུ། །ཞེས་བྱ་བ་ནི་སྟོང་པ་ཉིད་དུ་བསྒོམས་ནས་སོ། །བྱང་ཆུབ་སེམས་ནི་ཞེས་བྱ་བ་ནི་ཟླ་བའི་དཀྱིལ་འཁོར་རོ། །རྡོ་རྗེ་ཡེ་ཤེས་ཞེས་བྱ་བ་ནི་དེའི་སྟེང་དུ་བརྡ་བསྒོམ་པའོ། །བརྩོན་འགྲུས་ཆེ་ཞེས་བྱ་བ་ནི་དེ་ལ་ང་རྒྱལ་བྱེད་པའོ། །དེ་བཞིན་གཤེགས་ པ་ཐམས་ཅད་སྐུ་ལ་སོགས་པའི་རྡོ་རྗེ་དབྱིངས་ནི་རྣམ་པར་སྣང་མཛད་ཅན་ནོ། །སླར་ཡང་བདག་བརྟན་པ་ཞེས་པ་དེ་ལ་བརྟན་པའི་ང་རྒྱལ་བྱེད་པའོ། །དེའི་ཕྱིར་ལྷའི་ནང་དུ་གཏོགས་པའི་བུད་མེད་རྣམས་ཀྱི་དམ་ཚིག་ནི་སྔོན་གྱི་རིམ་པས་བསྒོམ་པའོ། །བྱེད་པ་བསྟན་པའི་ཕྱིར་དེའི་ཞེས་བྱ་ བ་ལ་སོགས་པ་གསུངས་པ། དེའི་ནུ་མ་ལ་སོགས་པའི་ཆ་ཤས་རྣམས་རང་གི་ནུ་མ་ལ་སོགས་པ་རྣམས་ཀྱི་ནང་དུ་ཆུབ་པར་བྱའོ། །འདི་ཡིས་ཞེས་པ་ལ་སོགས་པ་རྣལ་འབྱོར་གྱི་བདག་ཉིད་དུ་གསུངས་པ་སྟོན་པར་བྱེད་དོ། །བཤགས་པ་ལ་སོགས་པའི་སྔོན་དུ་བྱས་ནས་སོ། ། ཐོག་མ་ནི་སྔ་དྲོའོ། །གུང་ནི་ཉི་མ་གུང་ངོ་། །མཚམས་ནི་ཐུན་མཚམས་སོ། །སངས་རྒྱས་ཐམས་ཅད་ཀྱི་ལྷ་ཐམས་ཅད་དོ། །རྣམ་པར་སྣང་མཛད་དང་མཐུན་པ་ཡེ་ཤེས་ཀྱི་སྐུ་ཉིད་བསྟན་པར་བྱ་བའི་དོན་དུ་འགྲོ་བ་སྤྲོ་བ་ཞེས་པ་ལ་སོགས་པ་རྡོ་རྗེ་སེམས་དཔའ་ལ་སོགས་པ་དེ་ཉིད་ རྒྱས་པར་བཤད་པ་གསུངས་སོ། །དཀྱིལ་འཁོར་རྫོགས་པ་ལ་ཡོངས་སུ་མཉེས་པའི་ཕྱིར་འདི་འཇམ་དཔལ་གྱི་གླུ་ཡིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་པ། ཨོཾ་སརྦ་བུདྡྷ་པ་ར་མེ་ཤྭ་ར་ཞེས་པ་ལ་སོགས་པའི་སྔགས་ལ་བུདྡྷྱ་བུདྡྷྱ་ཞེས་པ་ནི་སྐུལ་བར་བྱེད་པའོ། །ལ་ལ་ནི་ཞེས་ པ་ནི་རོལ་པའི་གར་རོ། །ཧོཿནི་དགེས་པའོ། །སུ་ཕ་ག་ཞེས་པ་ནི་མེ་ལོང་ཡེ་ཤེས་ཀྱི་སྒོ་ནས་སོ། །སུ་ར་ཏ་ཞེས་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྒོ་ནས་སོ། །སུ་བྷ་བ་ཞེས་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་སྒོ་ནས་སོ། །མ་ཧཱ་མ་ཧཱ་ཞེས་པ་ནི་བྱ་བ་རྗེས་སུ་སྒྲུབ་པའི་ཡེ་ཤེས་ཀྱི་སྒོ་ནས་སོ། །སངས་ 61-1-334b རྒྱས་ཀུན་ལ་ཕྱག་འཚལ་བསྟོད་པ་ནི་ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་གྱི་སྒོ་ནས་སོ། །གདོད་ནས་ཞི་ལ་ཕྱག་འཚལ་བསྟོད། །ཞེས་པ་ནི་རྡོ་རྗེ་སྙིང་པོར་བརྗོད་པའི་སྒོ་ནས་སོ། །རྡོ་རྗེ་ཀུན་ལ་ཕྱག་འཚལ་བསྟོད། །ཅེས་པ་ནི་དབང་ཆེན་གྱི་དཀྱིལ་འཁོར་གྱི་སྒོ་ནས་སོ། །བྱང་ཆུབ་སེམས་ དཔའ་སྐྱོབ་པ་པོ། ཞེས་པ་ནི་ཆུའི་དཀྱིལ་འཁོར་གྱི་སྒོ་ནས་སོ། །དེ་བཞིན་གཤེགས་པའི་རྡོ་རྗེ་ཆེ། །ཞེས་པ་ནི་མེའི་སྒོ་ནས་སོ། །སངས་རྒྱས་སངས་རྒྱས་ཞེས་པ་ནི་རླུང་གི་སྒོ་ནས་སོ། །མཐའ་ལས་འདས་པ་ཕྱག་འཚལ་བསྟོད། །ཅེས་པ་ནི་གཙུག་ཏོར་གྱི་དཀྱིལ་འཁོར་གྱི་སྒོ་ནས་ སོ། །ཧཱུཾ་མཛད་ཅེས་པ་ནི་ཁྲོ་བོའི་དཀྱིལ་འཁོར་གྱི་སྒོ་ནས་སོ། །ཤིན་ཏུ་ཡོངས་སུ་མྱ་ངན་ལས་འདས་ཞེས་པ་ནི་མི་གནས་པའི་མྱ་ངན་ལས་འདས་པའི་སྒོ་ནས་སོ། །འཇིག་རྟེན་དབང་ཕྱུག་མགོན་ཞེས་པ་ནི་བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་གྱི་སྒོ་ནས་སོ། །རྣམ་པར་དག་པ་ཞེས་པ་ལ་ སོགས་པ་ནི་གཟུངས་མའི་དཀྱིལ་འཁོར་གྱི་སྒོ་ནས་སོ་ཞེས་པའོ། །རྡོ་རྗེ་སྙིང་པོ་རྒྱན་ལས་ཆོས་ཀྱི་དབྱིངས་ཀྱི་རྣམ་པར་བཤད་པ། རྡོ་རྗེ་སྙིང་པོ་ཞེས་གྲགས་པའི་དཀྱིལ་འཁོར་ཉེ་བར་བསྟན་པའི་ཕྱིར་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་པ། སྒོ་རྣམས་སུ་རྡོ་རྗེའི་གཟུགས་ བརྙན་དང་དེ་རྣམས་ཀྱི་ཕྱག་རྒྱ་དང་ལྡན་པའོ། །དེ་བཞིན་གཤེགས་པ་ཞེས་པ་ནི་གཙུག་ཏོར་རྣམས་ཁོ་ནར་བསྟན་པ་ཤར་དུ་ཞེས་པ་ལ་སོགས་པ་གསུངས་པ། སངས་རྒྱས་གཟུགས་བརྙན་འཛིན་ཞེས་པ་ནི་རྣམ་པར་སྣང་མཛད་ལྟ་བུའི་ལོངས་སྤྱོད་རྫོགས་པ་ཅན་གྱི་སྐུ་འཆང་བའོ། །འཁོར་ལོ་གཉིས་པ་ལ་ མི་བསྐྱོད་པ་ལ་སོགས་པ་རྣམས་ཤར་ལ་སོགས་པའི་ཕྱོགས་རྣམས་སུའོ། །དབང་ལྡན་ལ་སོགས་པའི་ཕྱོགས་བྲལ་རྣམས་སུ་རྡོ་རྗེ་སེམས་དཔའ་ལ་སོགས་པ་གཉིས་གཉིས་བྲི་བར་བྱའོ། །འཁོར་རྣམས་ཟླ་བའི་དཀྱིལ་འཁོར་ལ་སྟེ་དེ་དག་གསལ་བའི་དཀྱིལ་འཁོར་ལའོ། །རང་གི་ཕྱག་རྒྱ་འོད་ཟེར་འབར། ། ཞེས་པ་ནི་ཇི་ལྟ་བ་བཞིན་དུ་རང་གི་རྡོ་རྗེ་ལ་སོགས་པ་འོད་ཟེར་འབར་བའོ། །དེ་ཉིད་དུ་མེ་ལ་སོགས་པའི་ཟུར་རྣམས་སུ་རྡོ་རྗེ་སྒེག་མོ་ལ་སོགས་པ་རྣམས་སོ། །ཕྱིའི་ཟུར་རྣམས་སུ་བདུག་པ་མ་ལ་སོགས་པ་རྣམས་སོ། །སྒོའི་མཚམས་རྣམས་སུ་རྡོ་རྗེ་གཟུགས་ལ་སོགས་པ་རྣམས་སོ། །སྒོ་རྣམས་སུ་རྡོ་རྗེ་ལ་ 61-1-335a ལྕགས་ཀྱུ་ལ་སོགས་པ་རྣམས་བྲི་བར་བྱའོ། །དཀྱིལ་འཁོར་གནས་རྣམས་སུ་ཞེས་པ་ནི་དཀྱིལ་འཁོར་གྱི་ཆ་རྣམས་སུའོ། །དེ་ནས་ཡང་ཕྱིའི་དཀྱིལ་འཁོར་དུ་འཇིག་རྟེན་སྐྱོང་བ་ལ་སོགས་པ་རྣམས་སོ། །དེ་ལྟར་དཀྱིལ་འཁོར་བྲིས་ནས་བསྡུ་བ་ལ་སོགས་པ་ནས་དབང་བསྐུར་བའི་མཐར་ཐུག་པ་ མངོན་པར་རྫོགས་པར་བྱ་སྟེ། ཇི་ལྟ་བ་བཞིན་དུ་མཆོད་ནས་སློབ་མ་རྣམས་གཞུག་པར་བྱའོ། །བྱང་ཆུབ་བསླབ་པ་རྗེས་སྤྱོད་པ། །ཞེས་པ་ནི་སྡོམ་པ་རྣམས་གཟུང་བའོ། །རྡོ་རྗེའི་དབང་བསྐུར་སྦྱོར་བ་ཞེས་པ་ནི་སྔར་བཤད་པའི་རྡོ་རྗེའི་དབང་བསྐུར་གྱི་རིམ་པས་སོ། །དེ་ཉིད་ལ་ཁྱད་པར་བསྟན་པའི་ཕྱིར། སེང་ གེའི་ཁྲི་ཞེས་པ་ལ་སོགས་པ་གསུངས་པ། དེ་ནས་མིང་གི་དབང་བསྐུར་བ་བྱིན་ནས་རྡོ་རྗེ་རིན་ཆེན་གྱི་དབང་བསྐུར་བ་དང་ཆོས་ཀྱི་སྐུའི་དབང་བསྐུར་བ་དང་། ལས་སྣ་ཚོགས་ཀྱི་མངོན་པར་དབང་བསྐུར་བས་སོ་སོར་དབང་བསྐུར་ལ་དར་དཔྱངས་ཀྱི་དབང་བསྐུར་བར་བྱའོ། །སྦྱར་མི་བྱ་ཞེས་པ་ནི་དེ་ལ་ཞེན་པ་མི་བྱའོ། ། དེ་དག་ལ་བསྔགས་པར་མི་བྱའོ། །སེམས་དཔའ་ཞེས་པ་ནི་རྡོ་རྗེ་སེམས་དཔའོ། །དེ་ལ་མངོན་པར་ཆགས་པར་བྱ་བའི་ཕྱིར་འདོད་པའོ། །ཆགས་པ་ལ་སོགས་པ་སྟོང་པ་ཉིད་དུ་བསྒོམས་པས། སྐྱེས་པ་ཉིད་ཀྱི་ཕྱིར་ཆགས་པ་ལ་སོགས་པ་འཁྲུངས་པའོ། །ཐལ་མོ་བརྟན་པར་བསྡམ་པ་ནི། །ཞེས་པ་ནི་མཉམ་ པའི་ཐལ་མོའོ། །མེ་ཏོག་ཁ་འབུས་པའི་ཚུལ་ཞེས་པ་ནི་མེ་ཏོག་ཁ་འབུས་པའི་ཚུལ་དུའོ། །དེ་ནི་པདྨའི་ཐལ་མོའོ། །སོར་མོ་ཐམས་ཅད་རབ་ཏུ་བརྐྱང་བ་ནི་པདྨའི་ཕྱག་རྒྱ་སྟེ། པདྨའི་རིགས་རྣམས་ཀྱིའོ། །རྡོ་རྗེ་ཐལ་མོ་ནི་རྡོ་རྗེའི་རིགས་རྣམས་ཀྱིའོ། །དེའི་ཕྱིར་རྡོ་རྗེ་བསྡམས་པ་བཀྲོལ་ཏེ། ཐལ་མོ་བཀན་ པའི་སོར་མོ་བཀུག་པའི་རྩེ་མོ་གཉིས་སུ་མེད་པ་ནི་དེ་བཞིན་གཤེགས་པའི་རིགས་རྣམས་ཀྱིའོ། །ཁུ་ཚུར་ནང་དུ་བྱ་བ་ནི་གཙུག་ཏོར་རྣམས་ཀྱི་སྡེ་འདི་རྣམས་དམ་ཚིག་གི་ཕྱག་རྒྱ་བཞིའོ། །དམ་ཚིག་ནི་ཞེས་པ་ནི་སོ་སོ་རེ་རེར་འཆད་པར་འགྱུར་བའི་ཕྱག་རྒྱ་བཅིང་བར་བྱའི་གཞན་དུ་ཡང་མ་ཡིན་པར་ངེས་པའོ། ། ལྷའི་རྣལ་འབྱོར་ལ་རྡོ་རྗེ་ཐལ་མོ་དང་། རྡོ་རྗེ་བསྡམས་པ་དང་། དེ་དྲལ་བ་དང་། དབབ་པ་དང་། དེ་བརྟན་པ་ཅན་དུ་བྱེད་པ་སྔོན་དུ་འགྲོ་བས་ཕྱག་རྒྱ་ཐམས་ཅད་འཆིང་བར་འདོད་པ་ཉིད་ཀྱི་ཕྱིར། ཀུན་གྱི་རྩེ་མོར་ལེགས་པར་བརྟག །ཅེས་པ་ནི་གུང་མོ་ཁབ་བཞིན་དུ་བྱས་ནས་སྡིགས་མཛུབ་རྩེ་མོ་གཉིས་རྡོ་རྗེའི་རྣམ་པ་བསྐུམ་ 61-1-335b སྟེ། མཐེའུ་ཆུང་དང་མཐེ་བོ་རབ་ཏུ་བརྐྱང་བར་བྱའོ་ཞེས་པ་རྡོ་རྗེ་ཆེན་པོ་སངས་རྒྱས་ཐམས་ཅད་ཀྱིའོ། །མཛུབ་མོ་རབ་ཏུ་བརྐྱང་སྟེ་སྟེང་དུ་བསྒྲེང་བའི་རྣམ་པས་གུང་མོ་གཉིས་ཀྱི་གཞོགས་སུ་གཟུང་བའོ། །གུང་མོ་གཉིས་ནི་ཡོངས་སུ་བརྟག །ཅེས་པ་ནི་གུང་མོ་གཉིས་སྡིགས་མཛུབ་ཀྱི་རྩེ་མོ་ཁབ་ བཞིན་དུ་བྱས་པའི་གཞོགས་སུ་རྡོ་རྗེ་ལྟར་གཟུང་བར་བྱའོ། །དེ་ཉིད་ཅེས་པ་གུང་མོ་གཉིས་དང་སྡིགས་མཛུབ་རྩེ་མོ་མཉམ་པར་བྱས་པའོ། །རྡོ་རྗེ་ཞེས་པ་སྡིགས་མཛུབ་རྡོ་རྗེའི་རྣམ་པ་ཉིད་དུའོ། །ཁུ་ཚུར་སྙིང་པོ་ནི་དེ་ཉིད་གཙུག་ཏོར་གྱི་རྣམ་པ་ནི་སྟེང་འགྲོ་ཡིའོ། །མཆོག་ནི་གུང་མོ་དང་སྲིན་ལག་ནང་ དུ་བཅུག་པའི་གུང་མོ་ཁབ་བཞིན་དུ་བྱས་པར་བརྗོད་པར་བྱའོ། །ལྕགས་ཀྱུ་འདི་ཡི་སྦྱོར་བ་ཡིས། །ཞེས་པ་ནི་རྡོ་རྗེ་བསྡམས་པ་ཉིད་དོ། །གུང་མོ་རྡོ་རྗེ་རིན་ཆེན་རྩེ། །ཞེས་པ་ནི་གུང་མོ་རྡོ་རྗེ་དང་རྩེ་མོ་དག་རིན་པོ་ཆེར་བྱས་པའོ། །རྩེ་མོའི་རྩེ་མོ་རྣམ་པར་འཇོམས། །ཞེས་པ་ནི་སྡིགས་མཛུབ་གཉིས་རབ་ ཏུ་བརྐྱང་བའོ། །གནས་སུ་ངེས་པར་སྦྱར་ཞེས་པ་ནི་རྡོ་རྗེ་བསྡམས་པ་ཉིད་རྒྱལ་མཚན་ལྟར་གཟུང་བའོ། །བཞད་པའི་གནས་སུ་རབ་ཏུ་སྦྱར། །ཞེས་པ་ནི་དེ་ཉིད་དོ། །རལ་གྲི་ལྟ་བུར་ཞེས་པ་ནི་གུང་མོ་གཉིས་རལ་གྲི་ལྟར་བསྐུམ་པའོ། །འཁོར་ལོ་འདྲ་ཞེས་པ་ནི་འཁོར་ལོའི་རྣམ་པ་ཐམས་ཅད་དུ་འཁྱིལ་བར་ བསྡམས་པ་བཀྲོལ་ནས་རབ་ཏུ་བརྐྱང་བར་བྱའོ། །ཁ་རུ་ཕྱེ་བ་ཞེས་པ་རྡོ་རྗེ་བསྡམས་པ་ཉིད་དོ། །གར་མཚུངས་ཞེས་པ་ནི་རྡོ་རྗེ་བསྡམས་པ་གར་གྱི་ཚུལ་གྱིས་སྤྱི་བོར་གཟུང་བའོ། །སྣ་ཚོགས་རྡོ་རྗེ་ཅན་ཞེས་པ་ནི་རྡོ་རྗེ་མདའ་འདི་ཉིད་ལས་ཀྱི་རྡོ་རྗེ་མའིའོ། །རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་ཀྱི་རྡོ་རྗེ་སེམས་ དཔའ་དང་རྡོ་རྗེ་རིན་ཆེན་དང་། རྡོ་རྗེ་ཆོས་དང་། རྡོ་རྗེ་ལས་ཀྱི་ཕྱག་རྒྱ་ཁོ་ནར་བལྟ་བར་བྱའོ། །ཆོས་ཡོངས་སུ་སྡུད་པའི་སྦྱོར་བ་ཞེས་པ་ནི་གོ་ཆའི་ཚུལ་གྱིས་སོ། །མཆེ་བ་རྣམ་པར་གཙིགས་ཞེས་པ་ནི་མཐེའུ་ཆུང་དང་མཐེ་བོང་ཆེ་བ་ཟུར་གཉིས་སུ་བྱས་པའོ། །ཁུ་ཚུར་བཅིངས་པ་ཁུ་ཚུར་གྱིས། །ཞེས་པ་ནི་ མཐེ་བོང་ནང་དུ་བཅུག་སྟེ་མཐེའུ་ཆུང་དང་མིང་མེད་ཀྱི་རྩ་བའི་བར་དུ་ཡང་དག་པར་སྦྱར་བ་སྔོན་དུ་བྱས་ནས་སྡིགས་མཛུབ་གཉིས་ཀྱི་མདུན་དག་གིས་མཐེ་བོང་གི་རྒྱབ་ཏུ་བཙིར་བར་བྱའོ། །འགྱེད་ཅིང་སྡུད་པར་ཡང་དག་གནས། །ཞེས་པ་ནི་ཁ་སྦྱོར་གྱི་ཐལ་མོ་ཉིད་དོ། །པདྨའི་ཐལ་མོ་ནི་པདྨ་ཁ་ཟླུམ་པ་ལྟར་ལེགས་པར་ 61-1-336a འཇོག་པའོ། །སྟེང་དུ་ཡོངས་བརྐྱང་པ་ཞེས་པ་ནི་སྟེང་དུ་མེ་ལོང་ལྟ་བུར་གཟུང་བའོ། །རྡོ་རྗེ་འབེབས་པར་རྣམ་པར་བརྟག །ཅེས་པ་ནི་བཀྲོལ་བའོ། །རྣམ་པར་སྣང་མཛད་ལ་སོགས་པ་ནས་དྲིལ་བུའི་མཐར་ཐུག་པ་རྣམས་ཀྱི་ནི་ཕྱག་རྒྱའོ། །ཀུན་དུ་བཟང་པོ་ལ་སོགས་པ་རྣམས་ཀྱི་ ནི་ཉེ་བའི་ཕྱག་རྒྱའོ། །རང་གིས་ཞེས་པ་ནི་རང་གི་ལྷ་གང་དང་གང་ཡིན་པ་དེ་དང་དེ་བདག་ཉིད་ཀྱིས་སོ། །རིན་པོ་ཆེ་ཡི་རྣམ་པ་བཅིངས། །ཞེས་པ་ནི་རིན་པོ་ཆེ་ལྟར་མཐེ་བོང་ལ་སྡིགས་མཛུབ་ཀྱི་རྩེ་མོ་ལྟོ་སྦྱོར་བའོ། །དེ་ཉིད་ཅེས་པ་ནི་ཁ་སྦྱོར་གྱི་ཐལ་མོའོ། །རྩེ་མོའི་རྩེ་མོ་བསྐུམ་ཞེས་པ་ནི་སྡིགས་ མཛུབ་རིན་པོ་ཆེའི་རྣམ་པར་བྱས་པ་ནི་སེམས་ལ་བྱམས་པ་བསྒོམ་བཞིན་པ་བྱམས་པའི་འོ། །རབ་བཅུག་ནས་ཞེས་པ་ནི་ཁ་སྦྱོར་གྱི་ནང་དུ་སྡིགས་མཛུབ་བོ། །རལ་གྲིའི་རྣམ་པར་རབ་ཏུ་བརྟགས་པ་ནི་རལ་གྲིའི་ཚུལ་འཛིན་པའོ། །ཁ་སྦྱོར་གྱི་ཐལ་མོ་ཉིད་གར་ལས་རལ་གྲིའི་རབ་ཏུ་འཇོམས་པར་ བྱེད་པའི་ཚུལ་ནི་རྣམ་སེལ་གྱིའོ། །གར་ནི་སྡུད་པའི་སྦྱོར་བ་ཡིས། །ཞེས་པ་ནི་པདྨའི་ཁུ་ཚུར་དག་གིས་གར་བྱས་ནས་ཀུན་དུ་སྡུད་པས་སོ། །དེ་ཉིད་ཅེས་པ་ནི་པདྨའི་ཕྱག་རྒྱ་ཨུཏྤལ་ལྟར་བརྟགས་པ་ནི་པདྨ་སྒྲོལ་བ་ཡི་སྟེ། པདྨའི་རིགས་རྣམས་ཀྱིས་སྒྲོལ་བ་གང་ཡིན་པའོ་ཞེས་པ་ནི་དོན་ཏོ། །པདྨའི་ ཐལ་མོ་ཉིད་སྡིགས་མཛུབ་མཆེ་བའི་རྣམ་པར་བསྐུམ་སྟེ་མཐེ་བོང་ཉིད་ཁ་དང་འདྲ་བར་ཏེ་གྱེན་དུ་བསྐུམ་པར་བྱའོ། །འདི་ནི་རྟ་མགྲིན་གྱི་ཕྱག་རྒྱའོ། །རིན་ཆེན་ལྡན་ཞེས་པ་ནི་སྡིགས་མཛུབ་དང་མཐེ་བོང་རིན་པོ་ཆེར་བྱས་པའོ། །ཡིད་བཞིན་ནོར་བུ་འཛིན་པའི་ཚུལ། །ཞེས་པ་ནི་སྡིགས་མཛུབ་དང་མཐེ་བོང་ དག་གིས་རིན་པོ་ཆེ་འཛིན་པའི་ཚུལ་ལོ། །སྔར་གསུངས་པའི་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་གར་སྔོན་དུ་འགྲོ་བས་ཐུགས་ཀར་གནས་པ་ནི་ནམ་མཁའ་མཛོད་ཀྱིའོ། །རྡོ་རྗེ་ཆེན་པོ་ལེགས་པར་བརྐྱང་། །ཞེས་པ་ནི་ལག་པ་གཉིས་ཕྱེ་བར་བྱས་ནས་དབུས་མ་གསུམ་པོ་རྡོ་རྗེར་བྱས་པའི་ནང་དུ་མཐེ་བོང་དང་མཐེའུ་ཆུང་ བཅུག་ནས་ལྕགས་སྒྲོག་སྒྲོལ་བ་ལྟ་བུ་ནི་བློ་གྲོས་རྒྱ་མཚོའིའོ། །མཛུབ་མོ་གཉིས་པོ་སྦྱར་བར་བྱ། །ཞེས་པ་ནི་སྡིགས་མཛུབ་ཁབ་ལྟར་དུ་བྱས་པའོ། །རྡོ་རྗེ་སྙིང་པོ་རྣམས་ཀྱིས་ཞེས་པ་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་སོ། །ཤགྟིའི་རྣམ་པ་ནི་ཞེས་པ་ནི་སྡིགས་མཛུབ་རྩེ་མོ་རྩ་བ་ནས་རྒྱས་པར་བྱ་བ་ནི་ 61-1-336b ཨུཏྤལའི་ཕྱག་རྒྱ་སྟེ་འཇམ་པའི་དབྱངས་ཀྱིའོ། །སྙིང་པོའི་ཁུ་ཚུར་ལ་གུང་མོ་གཉིས་ཁབ་ལྟ་བུའི་སྟེང་གི་གཞོགས་སུ་སྡིགས་མཛུབ་གཉིས་བསྐྱེད་ནས་གཟུང་བར་བྱས་པ་ནི་མདུང་ངོ་། །དེ་ཉིད་གཞོགས་ཕན་ཚུན་དུ་ལྟོ་སྦྱར་བ་ནི་མཛུབ་ཆེན་པོའོ། །ཕྱག་རྒྱ་གཉིས་པོ་འདི་དག་གཤིན་རྗེ་མཐར་བྱེད་ཀྱིའོ། །དེ་ཉིད་ ཅེས་པ་ནི་སྡིགས་མཛུབ་གཉིས་པའོ། །རལ་གྲིའི་ཚུལ་ལས་ཞེས་པ་ཁབ་བཞིན་དུ་བྱས་པ་ལ་ཡང་དག་པར་སྦྱར་བ་རལ་གྲི་ལྟར་གཟུང་བར་བྱའོ། །སྙིང་པོའི་ཁུ་ཚུར་ལ་སྡིགས་མཛུབ་གཅིག་ཡང་དག་པར་བསྐུམ་པ་ནི་ཉེ་བའི་སྐྲ་ཅན་མའི་འོ། །རྡོ་རྗེ་འཛིན་པ་ཆེན་པོའི་ཞེས་པ་ནི་ཕྱག་ན་རྡོ་རྗེའི་འོ། །མཛུབ་མོ་ མཐེ་བོང་བཅིངས་པ་ཞེས་པ་ནི་རྡོ་རྗེའི་ཕྱག་རྒྱ་གང་ཡིན་པ་སྡིགས་མཛུབ་དང་མཐེ་བོང་གཉིས་རྡོ་རྗེ་བསྡམས་པའི་ཚུལ་གྱིས་བཅིང་བར་བྱའོ། །རྡོ་རྗེ་བསྡམས་པ་ལ་སྡིགས་མཛུབ་དག་ཕན་ཚུན་ལྕགས་སྒྲོག་ལྟར་བཅིང་བ་བྱས་ནས་གུང་མོ་དག་ཁབ་བཞིན་དུ་བྱས་པ་ནི་རྡོ་རྗེ་ལྕགས་སྒྲོག་གིའོ། །རྩེ་མོ་ལྔ་ པའི་རྡོ་རྗེ་ཆེ་ནི་རྡོ་རྗེ་གཟེགས་མའི་ཕྱག་རྒྱའོ། །རྡོ་རྗེ་བསྡམས་པ་ལ་སྡིགས་མཛུབ་ནི་རྡོ་རྗེ་རྩེ་མོའིའོ། །ལག་གཉིས་ལེགས་པར་བརྐྱང་བར་བྱ། །ཞེས་པ་ནི་ལག་པ་གཉིས་རབ་ཏུ་བརྐྱང་ལ་གཅིག་པ་ཅན་དུ་བྱས་ནས་སྡིགས་མཛུབ་དང་མཐེ་བོང་རིན་པོ་ཆེ་འཛིན་པའི་རྣམ་པར་བྱའོ། །པདྨའི་དབྱིངས་ཞེས་པ་ ནི་པདྨ་བཞིན་དུ་ཁ་སྦྱོར་གྱི་ཐལ་མོ་བྱས་ནས་སོ། །སྡིགས་མཛུབ་ཀྱི་ཚིགས་པར་མ་བཅག་པའི་ལྟོ་ལ་མཐེ་བོང་གི་ལྟོ་དག་མིག་གི་ཚུལ་གྱིས་སྦྱར་བར་བྱའོ། །བྱིན་པ་གཡོན་པའི་སྟེང་དུ་གཡས་པའི་བྱིན་པ་བཀོད་པ་ནི་བཀྲ་ཤིས་ཀྱི་གདན་ནོ། །འདི་དག་དེ་བཞིན་གཤེགས་པ་རྣམས་ལས་ གཞན་པའི་དམ་ཚིག་གི་ཕྱག་རྒྱ་སྟེ་ལུས་ཀྱི་སྒོ་ནས་སོ། །སེམས་ཀྱི་སྒོ་ནས་ནི་སྔོན་བཞིན་དུ་ཤེས་པར་བྱའོ། །ཕྱག་རྒྱ་ཆེན་པོ་ནི་དེ་རྣམས་ཀྱི་རྡོ་རྗེ་སྐྱིལ་ཀྲུང་ཉིད་དོ། །ལས་ཀྱི་ཕྱག་རྒྱ་ནི་རྡོ་རྗེ་ཁུ་ཚུར་ལས་བྱུང་བའི་བྱང་ཆུབ་མཆོག་ལ་སོགས་པའོ། །རྡོ་རྗེ་སེམས་དཔའ་ལ་སོགས་ རྣམས་ཀྱི་ནི་བསྒྱིངས་བཅས་གསོར་གཉིས་ཀའི་ཞེས་པ་ལ་སོགས་པ་རྣམས་སོ། །སྒེག་མོ་ལ་སོགས་པ་རྣམས་དང་ལྕགས་ཀྱུ་ལ་སོགས་པ་བཞི་པོ་རྣམས་ཀྱི་རྡོ་རྗེ་སྙེམས་པའི་རབ་སྦྱོར་གྱི་བསམ་པ་གཡོས་པས་འདུད་པར་བྱ་ཞེས་བྱ་བ་ལ་སོགས་པའོ། །ལྷག་མ་རྣམས་ནི་གོ་ 61-1-337a སླའོ། །དེ་ལྟར་རང་གི་ཕྱག་རྒྱ་ལ་སྙིང་གར་སྣ་ཚོགས་རྡོ་རྗེ་བསྒོམས་ནས་གར་སྔོན་དུ་འགྲོ་བས་བཅིང་ངོ་། །ལས་ཀྱི་ཕྱག་རྒྱའི་རྣམ་པ་ནི་གདན་ཞེས་པ་རང་ལྷའི་གདན་ཇི་ལྟ་བ་ལའོ། །སངས་རྒྱས་ཀུན་གྱི་བདག་ཅེས་པ་ནི་ཇི་ལྟར་བདག་ཉིད་ལྷའི་ང་རྒྱལ་ གྱི་ལྷ་རྣམ་པས་སོ། །བདག་ཅེས་པ་ནི་རང་ཉིད་ཀྱིས་འཆིང་བར་བྱའོ། །འཆིང་དུ་གཞུག་ཅེས་པ་གཞན་རྣམས་ཀྱིས་སོ། །མཐེའུ་ཆུང་མཐེ་བོས་ངེས་པར་བཅིང་། །ཞེས་པ་ནི་མཐེའུ་ཆུང་མཐེ་བོས་མནན་པ་ཅན་ནོ། །འདི་ཉིད་ལག་པ་གཡས་པ་ལས་སྐྱེས་པ་ལས་ དབང་པོའི་འོ། །དེ་ཉིད་ཅེས་པ་ནི་སྡིགས་མཛུབ་དང་མཐེ་བོང་དག་གོ། །སོར་མོ་གཉིས་ནི་བསྒྲེང་བ་ཞེས་པ་ནི་སྡིགས་མཛུབ་དང་གུང་མོ་གཉིས་ལས་སྐྱེས་པའོ། །སྡིགས་མཛུབ་དང་མཐེ་བོང་དག་གིས་མཆོད་ཕྱིར་ཐོགས་ཀྱི་ཚུལ་ནི་ཚངས་པའི་ཕྱག་རྒྱའོ། །དབང་ལྡན་གྱི་གསལ་ ཤིང་གི་ཕྱག་རྒྱ་ཉིད་ནི་དྲག་པོའིའོ། །དེ་ཉིད་བར་མ་གསུམ་པཊྚི་བའི་རྣམ་པ་རབ་ཏུ་བརྐྱང་བ་ནི་བགྲོད་དཀའ་མའིའོ། །སོར་མོ་ཐམས་ཅད་ཁར་སྣའི་རྣམ་པར་དཔྱངས་པ་ནི་ཚོགས་བདག་གིའོ། །དཀྱིལ་འཁོར་གྱི་ཚུལ་དུ་བྱ་བའོ། །ཡང་ལག་པ་གཉིས་ཀྱིས་འོད་ཟེར་རབ་ཏུ་སྟོན་ པར་བྱེད་པ་ནི་ཉི་མའིའོ། །འོད་ཀྱི་དཀྱིལ་འཁོར་གྱི་ཚུལ་ནི་ཐམས་ཅད་ཀྱིའོ། །གླུ་ལེན་པའི་ཚུལ་གྱིས་ཁར་ལག་པ་གཡོ་བར་བྱའོ། །གདེངས་ཀའི་ཚུལ་ཞེས་པ་མཐེ་བོང་གཉིས་ཕན་ཚུན་བཅིངས་ནས་སོར་མོ་ལྷག་མ་རྣམས་གདེངས་ཀའི་ཚུལ་གྱིས་བསྐུམ་པར་བྱའོ། །གར་ནི་སྡུད་ པའི་སྦྱོར་བ་ཡིས། །ཞེས་པ་ལ་སོགས་པ་རྣམས་ཀྱི་རྡོ་རྗེའི་གར་སྔོན་དུ་འགྲོ་བས་ཇི་སྐད་གསུངས་པའི་ཕྱག་རྒྱ་རྣམས་བཅིངས་ནས་གཞག་གོ། །དེ་དག་ཀྱང་དབྱངས་སྣ་ཚོགས་པར་བལྟ་བར་བྱའོ། །ལས་ཀྱི་སྦྱོར་བ་འབད་པ་ཡི། །ཞེས་བྱ་བ་ནི་བྱ་བའི་ལས་ལ་འབད་པ་རྣམས་ ཀྱིའོ། །དེ་ཁོ་ན་ཉིད་ཀྱི་ལམ་ལ་སོ་སོར་འདྲེས་པའི་ས་དོར་ཡང་ཕྱག་རྒྱ་འགྲུབ་བོ་ཞེས་བསྟན་པ་གསུངས་པ། ཕྱག་རྒྱ་དོར་ནས་ཞེས་པ་ལ་སོགས་པ་སྟེ་དེ་ལ་འདི་ནི་རིམ་པ་སྟེ། ཇི་ལྟ་བ་བཞིན་དུ་རང་གི་ལྷ་རྫོགས་པའི་རིམ་པས་དེའི་གཟུགས་ཀྱི་བདག་ཉིད་དུ་བལྟ་སྟེ། ཛཿཧཱུཾ་བཾ་ཧོཿཞེས་འདོན་ 61-1-337b ཅིང་བྱོན་པ་ཁོ་ན་ནང་དུ་བཀུག་ནས་སངས་རྒྱས་ཐམས་ཅད་མཆོད་པ་དང་སྒོ་རྣམས་གནས་ཇི་ལྟ་བ་བཞིན་དུའོ། །སྙིང་གར་འབར་བ་དང་བཅས་པའི་ཆུ་སྐྱེས་འདབ་མ་བརྒྱད་པ་དེ་ལ་གནས་པའི་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཉི་མའི་འོད་ཟེར་གྱི་ཐིག་ལེ་དང་བཅས་པའི་ཀ་ལ་སོགས་པ་དེའི་སྟེང་ དུ་འོད་ཟེར་ཆེན་པོ་འབར་བ་འཁྲུགས་པའི་རྡོ་རྗེ་རྩེ་ལྔ་པ་དེའི་དབུས་ཀྱི་རྩེ་མོར་དབྱངས་ཨོཾ་བསྐྱེད་དོ། །རྣམ་པར་རྟོག་མེད་ཅེས་བྱ་བ་ལ་སོགས་པ་ནི་ནང་དུ་ཨཱཿའམ་སྒྲ་བསྒོམས་ནས་མིག་ཀྱང་ར་ཡིག་ལས་འབར་བ་དང་། སྣའི་རྩེ་མོར་ཡང་དེ་བཞིན་དུ་ཧཱུཾ་ཡིག་གོ། །དེ་ནས་ཇི་སྐད་གསུངས་པའི་ དབྱངས་ཨ་རང་གི་སྔགས་ཀྱི་ཡི་གེ་རང་འབར་བའི་ནང་དུ་ཀུན་དུ་འབར་བ་དབང་པོ་ཐམས་ཅད་ཀྱིས་རྟོགས་པར་བྱ་བ་མ་ཡིན་པ་སྣ་ཚོགས་རྣམ་པར་སྦྱོང་བ་བྱོན་ནས་རབ་ཏུ་ཞུགས་ཏེ་ནང་དང་ནང་མ་ཡིན་པར་མངོན་དུ་བྱས་པ་ཁོ་ན་དབྱངས་ཀྱི་དོན་ཏེ་ཇི་སྲིད་དུ། རྒོད་མ་ཁ་ཡི་མཐར་ཐུག་པ། །སེམས་ ཀྱི་རིན་ཆེན་བསམ་པར་བྱའོ། །ཞེས་པ་ནི་ཕྱག་རྒྱ་དེ་རྣམས་ཤེས་པ་ནི་དེ་ཉིད་གསལ་བར་བྱེད་པའི་གནས་ལུས་དང་ངག་དང་ཡིད་ཀྱི་ཕྱག་རྒྱ་བཅིངས་པས་བསམས་ནས་བསྒོམ་པར་བྱའོ། །ཏིང་ངེ་འཛིན་གསུམ་ནི་ལུས་ལ་སོགས་པའི་ཕྱག་རྒྱའི་སྒྲུབ་ཐབས་སོ། །བརྟགས་པ་ ནི་རྣམ་པར་གཞག་པ་ཡིན་ཏེ་སྔོན་དུ་བསྟན་པ་བཞིན་ནོ། །དོན་དམ་པར་ནི་ཕྱག་རྒྱ་དང་སྔགས་དང་ལྷ་རྣམས་གསུམ་པོ་དེ་ཁོ་ན་ཉིད་དུ་སྟོང་པ་ཉིད་ལ་སོགས་པར་རབ་ཏུ་གནས་སོ། །མཐའ་ཡས་པར་ཤེས་པ་ཉིད་ཀྱི་ཀུན་དུ་སེམས་པས་ཡང་དག་པར་སྦྱོར་བས་ཏེ་དེ་ཁོ་ན་རྣལ་འབྱོར་རོ། །དེས་ ན་མཚན་ཉིད་གཅིག་པ་སྟེ་སྟོང་པ་ཉིད་དུ་རང་བཞིན་གཅིག་པར་རྣམ་པར་གཞག་གོ། །ཕྱག་རྒྱ་ཐམས་ཅད་དངོས་པོ་དེ་ཉིད་དེ་དོན་དམ་པའི་རང་བཞིན་ནོ། །དངོས་པོ་མེད་པར་བཤད་པ་སྟེ་བརྗོད་པའོ། །སྒོམ་པར་བྱེད་པ་དངོས་པོ་མེད་པའི་རང་བཞིན་ནི་སྒོམ་པར་བྱེད་པ་དངོས་པོ་མེད་པའོ། །དེ་ནི་དོན་དམ་ པར་དངོས་པོ་མེད་དོ། །གལ་ཏེ་དེ་ལྟ་བུ་འབྲས་བུ་ཅི་ལྟར་སྒྲུབ་ཅེ་ན་བསྒོམ་པ་ཉིད་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་པ། བརྟགས་པའི་ཚུལ་གྱིས་ནི་དངོས་པོ་མེད་པ་མ་ཡིན་ནོ་ཞེས་པས་དངོས་པོའོ། །དེའི་ཕྱིར་ཡང་དངོས་པོ་མེད་པ་ལས་རྣམ་པར་གྲོལ་ཏེ། རྣལ་འབྱོར་ཡེ་ཤེས་མཆོག་ཏུ་བདེ། །ཞེས་པ་ 61-1-338a མཆོག་ཏུ་བདེ་ཞེས་པ་གནས་པའོ། །སྐྱེས་པར་ཞེས་པ་ནི་བསྟན་པར་འགྱུར་བའོ། །དེའི་ཚེ་ཕྱག་དང་སྔགས་དང་ལྷ་རྣམས་སེམས་དང་ངག་དང་ལུས་ཀྱི་ཕྱག་རྒྱའི་ཚུལ་དུ་རྣམ་པར་གཞག་གོ། །འོན་ཀྱང་ཕྱག་རྒྱ་དང་སྔགས་ཕན་ཚུན་ཉིད་དུ་མཐོང་བ་མ་ཡིན་པ་དེ་སྲིད་དུ་ལྷ་དང་ གཉིས་སུ་མེད་པའི་རྣལ་འབྱོར་གྱི་རྒྱུ་ཉིད་ཀྱིས་རྣམ་པར་གནས་སོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་རྣམས་ཀྱིས་དེ་བཞིན་གཤེགས་པའི་རིགས་རྫོགས་པ་བསྟན་པ་སྟེ་དགའ་ལྡན་གྱི་སར་ཞུགས་ནས་ཞེས་པ་ནི་བྱང་ཆུབ་སེམས་དཔའི་གཟུགས་ཀྱིས་སོ། །དེ་ནས་རིམ་པས་རྡོ་རྗེ་ གདན་དུ་མངོན་པར་རྫོགས་པར་སངས་རྒྱས་པ་ཇི་སྲིད་པར་དེ་ལྟ་བུ་ཡང་རྣམ་པར་སྣང་མཛད་ཀྱིས་འདུལ་བའི་སྐྱེ་བོ་གང་ཡིན་པ་གང་གིས་སླར་ཡང་འཇུག་པར་འགྱུར་ཞེས་རྫོགས་པར་བྱ་བའི་ཏིང་ངེ་འཛིན་དེ་ལས་བཞེངས་ནས་དབང་ཆེན་ལ་སོགས་པའི་དཀྱིལ་འཁོར་གྱི་དོན་དུ་རྡོ་རྗེ་སེམས་དཔའ་ ལ་སོགས་པའི་སེམས་དཔའ་འབྱུང་བའི་མཛད་པའམ། འདིས་ཀྱང་འདི་དག་བསྟན་ནས་ཏེ་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་བཟླས་པས་ཚོགས་ཡོངས་སུ་རྫོགས་པས་དགའ་ལྡན་གྱི་སར་ཡོངས་སུ་གནས་པ་ལ་སོགས་པའི་རིམ་པས་ཇི་སྲིད་ཨོཾ་ཡ་ཐཱ་སརྦ་ཏཱ་ ག་སྟ་ཐཱ་ཧཾ་ཞེས་པས་རང་མངོན་པར་རྫོགས་པར་བྱང་ཆུབ་པ་མངོན་དུ་བྱའོ་ཞེས་པའོ། །དེ་ནས་བཅོམ་ལྡན་འདས་ཞེས་པ་ལ་སོགས་པ་དབང་ཆེན་ལ་སོགས་པའི་དཀྱིལ་འཁོར་ཉེ་བར་སྟོན་པར་བྱེད་དོ། །སངས་རྒྱས་ཐམས་ཅད་ཅེས་བྱ་བ་ནི་མི་བསྐྱོད་པ་ལ་སོགས་པ་རྣམས་སོ། །དེ་དག་སོ་སོ་རེ་རེའི་ གཞོགས་སུ་འཁོར་ལོས་སྒྱུར་བ་ལ་སོགས་པ་གཉིས་བྲི་བར་བྱའོ། །ཕྱིའི་གནས་སུ་ཞེས་པ་ནི་སངས་རྒྱས་ལ་ལྟོས་ནས་ཕྱི་རོལ་གྱི་ཆ་རྣམས་སུའོ། །སངས་རྒྱས་སྲས་པོ་ཞེས་པ་ནི་རྡོ་རྗེ་སྙིང་པོ་ལ་སོགས་པའོ། །གཞན་དུ་ནི་དཀྱིལ་འཁོར་གྱི་གླེང་གཞིའི་རྗེས་སུ་འབྲངས་ནས་རྡོ་རྗེ་སེམས་ དཔའ་ལ་སོགས་པ་རྣམས་ཀྱང་དེ་བཞིན་གཤེགས་པ་གཉིས་གཉིས་ཀྱི་གཞོགས་དག་ཏུ་གཉིས་གཉིས་ཀྱིས་ཡོངས་སུ་བསྐོར་བར་རྣམ་པར་གཞག་གོ། །དེ་ནས་འཁོར་ལོས་སྒྱུར་བ་ལ་སོགས་པ་རྣམས་རེ་རེའོ། །སྣམ་བུ་བྱས་ནས་ཟུར་དུ་བདུག་པ་ལ་སོགས་པ་རྣམས་དང་། སྒོའི་ཆ་རྣམས་ 61-1-338b སུ་གཟུགས་ལ་སོགས་པ་རྣམས་དང་སྒོ་རྣམས་སུ་སྒོ་བ་དང་ནང་གི་ཟུར་རྣམས་སུ་སྒེག་མོ་ལ་སོགས་པ་རྣམས་སོ་ཞེས་སོ། །རླུང་གི་དཀྱིལ་འཁོར་རྣམས་སུ་རྗོད་པར་བྱེད་པའི་དཀྱིལ་འཁོར་ཐམས་ཅད་རྣམ་པ་སྣ་ཚོགས་པའི་ཁ་དོག་ཅན་གྱི་རེ་ཁཱའོ། །རྡུལ་ཚོན་ཡང་སྔགས་པས་ཡིད་ ཀྱིས་རབ་ཏུ་བརྟག་པར་བྱས་ཏེ་རབ་ཏུ་དགྱེའོ། །བསྡུ་བའི་མཐར་ཐུག་པར་རྫོགས་པར་བྱས་ནས་ལས་ཀྱི་དངོས་གྲུབ་ཀྱི་དོན་དུ་བསྒོམ་པར་བྱའོ། །ཆུ་ལྷའི་དཀྱིལ་འཁོར་གྱི་དོན་དུ་ལྷ་རྣམས་བརྗོད་པར་བྱས་པ་ཉིད་ཀྱིས་ཆོ་ག་དེ་དང་དེ་ཁོ་ནས་མེ་ལྷའོ། །རྡོ་རྗེ་སྙིང་པོ་ལ་སོགས་པ་རྣམས་ལས་ཕྱི་རོལ་ གྱི་སྣམ་བུ་ལ་ཁྲོ་བོ་དགོད་པར་བྱའོ། །རླུང་ལྷ་ལ་ནི་ཤར་ལ་སོགས་པའི་ཕྱོགས་རྣམས་སུ་རིམ་པས་ཁྲོ་བོ་ལ་སོགས་པ་རྣམས་སོ་ཞེས་པ་ནི་ཁྱད་པར་རོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་རྣམས་ཀྱིས་བཟླས་པའི་ཆོ་ག་སྟོན་པར་བྱེད་དོ། །མཆོད་པ་བྱས་ནས་ཞེས་པ་ནི་ བསྡུ་བ་དང་དབང་བསྐུར་བའི་མཐར་ཐུག་པ་རྫོགས་ནས། སྒེག་མོ་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་པར་བྱའོ། །ཀུན་ཞེས་པ་ནི་ཆོ་ག་སུམ་ཅུ་རྩ་གསུམ་མོ། །སངས་རྒྱས་ཀུན་གྱི་སྐུ་ཆེན་པོ་ནི་རང་གི་ལྷའི་གཟུགས་ཇི་ལྟ་བ་བཞིན་དུ་རང་གི་སྔགས་ཀྱི་ཡི་གེ་རྣམས་ ཀྱིས་ཡང་དག་པར་ལྡན་ཏེ་ཀུན་ནས་གང་བར་བྱའོ། །འདོད་པར་སྟེར་བ་ནི། མངོན་པར་འདོད་པའི་དོན་གྱི་དམ་ཚིག་གོ། །དེའི་ཕྱིར་སྒྲ་ལ་སོགས་པའི་བཟླས་པ་བྱའོ། །ཡི་གེའི་ཕྲེང་བར་རྣམ་པར་གནས་པ་ཅི་ཞེ་ན། ཟླ་བའི་དཀྱིལ་འཁོར་དབུས་ཞེས་བྱ་བ་ གསུངས་པ། དུང་གི་སྒྲ་ནི་དེ་བཞིན་གཤེགས་པ་རྣམས་དང་དེའི་རིགས་ལའོ། །དྲིལ་བུའི་སྒྲ་ནི་འཇིག་རྟེན་དབང་ཕྱུག་དང་དེའི་རིགས་ལའོ། །རྡོ་རྗེ་ཧཱུཾ་མཛད་དང་དེའི་རིགས་ལ་སྤྲིན་ཏེ་སྤྲིན་གྱི་ཧཱུཾ་ཡིག་ཙ་ཊ་ཙ་ཊའི་སྒྲ་སྒྲོགས་པའོ། །ནམ་མཁའི་སྙིང་པོ་དང་དེའི་རིགས་རྣམས་ལ་རྔ་བོ་ཆེའི་ སྒྲའོ། །པི་ཝང་ལ་སོགས་པའི་སྒྲ་ནི་ཐམས་ཅད་ཀྱི་སྤྱི་བོའོ། །རང་གི་སྙིང་གའི་མཚན་མར་རང་གི་སྔགས་ཀྱི་ཡི་གེ་བལྟས་ལ་རང་གི་དེ་ཁོ་ན་ཉིད་ལ་ལྷག་པར་མོས་ནས་ལག་གཉིས་ཡང་དག་པར་སྦྱོར་བས་སྒྲའི་བཟླས་པར་བྱའོ། །དེ་ནས་ལྕགས་ཀྱུ་ལ་སོགས་པ་རྣམས་ཀྱིས་དགུག་པ་ལ་ 61-1-339a སོགས་པ་བྱའོ། །རང་གི་ཚུལ་ཞེས་པ་ནི་ཡིད་བདེ་བའི་ཚུལ་ལོ། །དེའི་ཞེས་པ་ནི་རང་གི་ལྷ་དེའིའོ། །ཡང་དག་སྦྱར་བྱ་ཞེས་པ་ནི་ཀུན་ནས་མི་ཕྱེད་པ་ཉིད་ཀྱིས་སོ། །ཕྱག་རྒྱ་སྔགས་ནི་ལེགས་པར་སྦྱར། །ཞེས་པ་ནི་རང་གི་ཕྱག་རྒྱ་དང་། སྔགས་རྣམས་ཀྱིས་བྱིན་ གྱིས་བརླབས་པའོ། །གཉིས་སུ་མེད་པའི་རྣལ་འབྱོར་པ་ལག་པར་རང་གི་མཚན་མ་དང་། སྙིང་གར་ཟླ་བ་ལ་སོན་པའི་རང་གི་མཚན་མའི་ཕྱག་རྒྱ་བྱས་ནས་དེའི་འོད་ཟེར་རྣམས་ཀྱིས་ཀུན་དུ་འོད་གསལ་བ་གང་ཡིན་པ་ཀུན་ནས་ཀྱང་བ་སྤུའི་ཁུང་བུ་ཐམས་ཅད་ནས་བྱུང་བའི་འོད་ཟེར་རྣམས་ཀྱིས་ ཁྱབ་པ་གང་ཡིན་པའི་བཟླས་པར་བྱའོ། །སླར་ཡང་བརྟན་པར་བྱིན་གྱིས་བརླབ་པ་དང་། དབང་བསྐུར་བ་དང་། ཏིང་ངེ་འཛིན་དང་། མཆོད་པ་རྣམས་རྫོགས་ཏེ་རང་གི་གཟུགས་ལ་སྤྲོ་བ་དང་བསྡུ་བ་བྱས་ནས་སྙིང་ག་ལ་སོགས་པར་ཇི་སྲིད་དུ་བཟླས་པའི་སྒྲ་ཡང་མངོན་པར་མི་འཇུག་པ་ནི་རྣལ་ འབྱོར་གྱི་བཟླས་པར་རྣམ་པར་བརྗོད་དོ། །དེ་ནས་སྙིང་གར་ཟླ་བའི་དཀྱིལ་འཁོར་གང་བ་ལ་རང་གི་སྔགས་ཀྱི་ཡི་གེའི་ཕྲེང་བ་མ་ཆད་པ་མུ་ཏིག་གི་ཕྲེང་བ་ལྟར་དཀར་བ་གློག་དང་མཚུངས་པར་གསལ་བའི་འོད་ཟེར་རྣམས་ཀྱིས་རང་གི་ལུས་ཀུན་ནས་གསལ་བར་བྱེད་པར་བསྒོམས་ནས་སྔགས་ཀྱི་ཡི་གེའི་ བཟླས་པ་མངོན་པར་རྫོགས་པར་བྱའོ། །ཇི་ལྟ་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་ནི་བདག་ཉིད་ཆེན་པོར་སྟོན་པར་བྱེད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པ་དང་དེའི་རང་བཞིན་ཉིད་ཀྱི་རིགས་རྣམས་ཀྱང་དེ་བཞིན་ཉིད་དུ་བརྗོད་པར་བྱའོ། །དེ་རྣམས་ཀྱི་བསྟོད་པ་རིན་པོ་ ཆེ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྟོད་པ་རིན་པོ་ཆེའོ། །མི་གཡོ་ཞེས་པ་འདིས་ཆོས་ཀྱི་སྐུ་ངེས་པར་བསྟན་ནོ། །མཉམ་པ་ཉིད་ཁོ་ན་དེ་བཞིན་ཉིད་དོ། །དེ་ཁོ་ན་སྙིང་པོའི་ཆོས་ཏེ། གང་རྣམས་ཀྱིས་མཉམ་པར་ཡོད་པ་དེ་མཉམ་ཉིད་སྙིང་པོའི་ཆོས་ཅན་ཏེ། འདིས་ཀྱང་ལོངས་སྤྱོད་ རྫོགས་པའི་སྐུའོ། །འགྲོ་བའི་སྡུག་བསྔལ་སེལ་བར་མཛད། །ཅེས་པ་ལ་སོགས་པ་རྣམས་ཀྱིས་སྤྲུལ་པའི་སྐུའི་སྒོ་ནས། གཞན་གྱི་དོན་ཕུན་སུམ་ཚོགས་པའོ། །གསུམ་པ་དེ་རྣམས་ཀྱང་མཉམ་པ་མེད་པར་སྡུག་བསྔལ་སེལ་བ་སྟེ། ལྟ་བ་དང་ལྟ་བ་མ་ཡིན་པ་སྡུག་བསྔལ་སེལ་ 61-1-339b བར་བྱེད་པའོ། །མཐའ་ཡས་ནི་མཐའ་མེད་པ་གང་ཡིན་པའོ། །ཀུན་ནས་དམ་པའི་ཡོན་ཏན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་དང་དངོས་གྲུབ་སྦྱིན་པའི་ཚུལ་གང་ཡིན་པ་དེ་རྣམས་ལ་དེ་བཞིན་དུ་གསུངས་ཏེ། དེ་ཡི་ཉམ་ཐག་སྡུག་བསྔལ་སེལ། །ཡོན་ཏན་ དངོས་གྲུབ་སྦྱིན་པས་ཀྱང་། །ཐུགས་རྗེའི་བདག་ཉིད་ཅན་ཞེས་གསུངས། །ཞེས་སོ། །གལ་ཏེ་ཡང་ཐུགས་རྗེའི་བདག་ཉིད་ཅན་ཡིན་པ་དེའི་ཕྱིར་དེ་རྣམས་ཀྱང་ཤིན་ཏུ་ཞེན་པར་འགྱུར་རོ་ཞེ་ན་གསུངས་པ། དྲི་མེད་ཅེས་བྱ་བ་ལ་སོགས་པ་གསུངས་པ། དྲི་མེད་ནི་སྒྲིབ་པ་ཐམས་ཅད་སྤངས་ པ་ཉིད་ཀྱི་ཕྱིར་རོ། །མི་གཡོ་ནི་གཞན་མུ་སྟེགས་ཅན་གྱིས་རབ་ཏུ་གཡོ་བར་མི་ནུས་པའི་ཕྱིར་རོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་དང་བྱང་ཆུབ་སེམས་དཔའ་དང་ཐུན་མོང་མ་ཡིན་པའི་ཕྱིར། མཉམ་མེད་དམ་པའི་ཆོས་ཀྱི་མཆོག་ཡིན་ལ། དེ་འདི་རྣམས་ཡོད་པ་དེ་རྣམས་ནི་ མཉམ་མེད་དམ་པའི་ཆོས་མཆོག་ཅན་ཏེ་གང་གསུངས་པ་མཉམ་མེད་ཅེས་པའོ། །དེ་སྒྲུབ་པར་བྱེད་པ་གསུངས་པ། ནམ་མཁའ་ཞེས་པ་ལ་སོགས་པ་སྟེ། གང་གི་ཕྱིར་ནམ་མཁའ་སྟེ། ནམ་མཁའ་ལ་ཚད་ཀྱི་མཐར་ཐུག་པ་མེད་པས་དཔེས་བསྐྲུན་དུ་ཡོད་པ་མ་ཡིན་ནོ་སྟེ་གང་གི་ ཕྱིར་འདི་ལམ་ཡིན་ནོ་ཞེས་པ་ངོ་བོའོ། །དཔེས་བསྐྲུན་དུ་མེད་པ་ཅིས་ཤེ་ན། ཡོན་ཏན་ཆ་ཞེས་པ་ལ་སོགས་པ་སྟེ་ཆུང་ངུ་དང་། འབྲིང་དང་། ཆེན་པོའི་ཚད་ཀྱིས་དབྱེ་བ་ཡང་ཡོན་ཏན་ལ་ཡོད་པ་མ་ཡིན་ནོ། །ཅི་རྣམས་ཀྱི་ཞེ་ན་རྟག་ཏུ་ཞེས་བྱ་བ་ལ་སོགས་པ་གསུངས་པ་རྟག་ཏུ་སེམས་ཅན་གྱི་ཁམས་རྣམས་ ལ། དངོས་གྲུབ་མཆོག་རྣམས་སྩོལ་བར་བྱེད་པའི་སངས་རྒྱས་དེ་རྣམས་ལའོ་ཞེས་དྲུག་པའི་དོན་ལ་བདུན་པའོ། །འདི་དག་ཉིད་གང་ལས་ཤེས་པ་གསུངས་པ་རྟག་ཏུ་ཞེས་པ་ལ་སོགས་པ་སྟེ། གང་གི་ཕྱིར་དེ་རྣམས་ཀྱི་ཐུགས་རྗེའི་ཤུགས་ལས་བྱུང་བ་ཉིད་ཀྱི་ཕྱིར། རྟག་ཏུ་དྲི་མ་མེད་པ་སྟེ་ཉོན་མོངས་པ་མེད་པའོ། ། སྨོན་ལམ་གྲུབ་པ་ནི་རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པའོ། །འགག་པ་མེད་པའི་ཆོས་ཉིད་ནི་ཀུན་ནས་ཁྱབ་པར་རྟག་ཏུ་གནས་པའོ། །རྣམ་པར་སྣང་བར་བྱེད་དོ་ནི་འབར་བར་བྱེད་དོ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ནི་སངས་རྒྱས་རྣམས་སོ། །འདི་དག་ཀྱང་གང་ལས་ 61-1-340a ཤེ་ན་འགག་པར་ཡང་མི་འགྱུར་ཞེས་བྱ་བ་ལ་སོགས་པ་གསུངས་པ། གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར། ཐུགས་རྗེ་ཆེན་པོ་འགག་པའི་ཆོས་ཅན་དུ་མི་གྱུར་ཏེ་དེའི་ཕྱིར། དེ་ཡང་འགག་པ་མེད་པའི་ཆོས་ཉིད་དོ། །ཅི་དང་ཅི་ཞེ་ན་གསུངས་པ། ཚད་མེད་ཚད་དང་བྲལ་བ་ཞེས་བྱ་བ་ལ་སོགས་པ་སྟེ། ཚད་མེད་ནི་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་ཚད་དང་བྲལ་བ་རྣམས་ལའོ། །ཤིན་ཏུ་རྫོགས་པ་ནི་འབྲས་བུ་མཐར་ཐུག་པའོ། །བདེ་བར་གཤེགས་པའི་གོ་འཕང་ནི་ཡོངས་སུ་མྱ་ངན་ལས་འདས་ པའི་གོ་འཕང་རྣམས་སུ་ཡང་བརྙེས་གྱུར་ཀྱང་སྟེ་མཐོང་བར་གྱུར་ཀྱང་ངོ་། །དེའི་ཕྱིར་ཡང་ཨེ་མའོ་ཤིན་ཏུ་བཟང་པོའི་ཆོས་ཉིད་དོ། །དམ་ཚིག་གསུམ་ནི་སྐུ་གསུམ་གྱི་བདག་ཉིད་ཅན་ནོ། །དེའི་གྱུར་མཆོག་གི་དངོས་གྲུབ་སྩོལ་ཏེ་རབ་ཏུ་སྩོལ་བར་གྱུར་ཅིག མཆོག་སྦྱིན་པ་ནི་དངོས་གྲུབ་ རབ་མཆོག་སྦྱིན་པའོ། །མཆོག་སྦྱིན་རྣམས་ཀྱི་ནང་ན་གོ་འཕང་མཆོག་བརྙེས་པ་སྟེ་མཆོག་སྦྱིན་པ་རྣམས་ཀྱི་ནང་ན་གཙོ་བོར་གྱུར་པའོ། །མ་ལུས་པ་ནི་ལྷག་མ་མེད་པའོ། །དུས་གསུམ་མཁྱེན་པ་པོ་ནི་དུས་གསུམ་པ་ཅན་ནོ། །སྒྲིབ་པ་མེད་པ་ནི་སྒྲིབ་པ་ཐམས་ཅད་དང་བྲལ་བའོ། །འདི་ནི་ ཞེས་བྱ་བ་ལ་སོགས་པ་རྣམས་ཀྱིས་བསྟོད་པའི་བདག་ཉིད་ཆེན་པོ་སྟོན་པར་བྱེད་དོ། །རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ལྔའི་བཟླས་པ་རྣམས་དང་པོའི་རྣལ་འབྱོར་གྱི་རིམ་པས་ལྷའི་རྣལ་འབྱོར་བསྡུས་ནས་ད་ནི་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་རིགས་བཞི་པོ་དེ་ རྣམས་ཀྱི་ལྷའི་བཟླས་པ་རྣམས་ཀྱི་ངེས་པ་བསྟན་པ་གསུངས་པ། ཇི་ལྟར་བཤད་པའི་ཆོ་གས་ཞེས་བྱ་བ་ནི་གསུམ་ལ་སྐྱབས་སུ་འགྲོ་བ་སྔོན་མ་ཅན་གྱིས་སོ་སོར་ཐར་པའི་སྡོམ་པ་ཡང་དག་པར་གཟུང་བ་ནི་བསླབ་པའི་གནས་ཏེ་རང་གི་ནུས་པ་ཉིད་ཀྱིས་བཟུང་ནས་ཆོ་ག་སྔོན་མ་ཅན་གྱིས་ཇི་ལྟར་གསུངས་པའི་ སྔགས་རྣམས་ཀྱིས་སྡིག་པ་བཤགས་པ་ལ་སོགས་པ་བྱའོ། །དངོས་གྲུབ་ཀྱི་གེགས་ཉེ་བར་འཇོམས་པ་ཉིད་ཀྱི་གཙོ་བོར་བཤགས་པ་ལ་སོགས་པ་རྣམས་ཀྱིས་སྔགས་ངེས་པར་བསྟན་གྱི་གསོལ་བ་འདེབས་པ་ལ་སོགས་པ་ནི་མ་ཡིན་ནོ། །ས་བཅུ་དབང་ཕྱུག་ཅེས་པ་ནི་ཟླ་བའི་ 61-1-340b ཁ་དོག་ཅན་ཞེས་པ་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་སྤེལ་བར་བྱ་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པ་ཞེས་པའི་ཚིག་གིས་སོ། །དེ་ནས་ཇི་ལྟར་གསུངས་པའི་སེང་གེའི་གདན་གྱི་སྟེང་དུ་བདག་ཉིད་རྣམ་པར་སྣང་མཛད་དུ་བསམ་པར་ བྱའོ། །ཨོཾ་བུདྷོ྅ཧཾ་ཞེས་པས་བྱིན་གྱིས་བརླབ་པར་བྱའོ། །ས་བཅུའི་དབང་ཕྱུག་དེའི་སེང་གེའི་གདན་དེ་བཞིན་དུ་རིགས་པ་མ་ཡིན་ནོ། །དེའི་ཕྱིར་ཨོཾ་སྭ་བྷཱ་བ་ཤུདྡྷོ་ཞེས་པ་ལ་སོགས་པ་རྣམས་ཀྱིས་སྣང་བ་མེད་པར་བྱས་ཏེ། སྙིང་གར་ཟླ་བ་ལ་གནས་པའི་རྡོ་རྗེ་བལྟའོ། །དེ་ལས་ བསྐྱེད་པའི་རང་གི་མཚན་མར་ཀུན་དུ་བལྟའོ། །ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་པ་ནི་ང་རྒྱལ་བྱས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ལ་སོགས་པའི་རྡོ་རྗེ་དབྱིངས་ནང་དུ་ཆུད་པར་བྱའོ། །བྱིན་གྱིས་བརླབ་པར་བྱའོ། །ཞེས་པ་ནི་བསྒོམས་ནས་ཡེ་ཤེས་ཀྱི་སྐུའི་ བདག་ཉིད་ཀྱི་ཕྱིར། ཆོས་ཀྱི་སྐུར་ཨོཾ་པྲ་བྷ་སྭ་རོ྅ཧཾ་ཞེས་པས་བྱིན་གྱིས་བརླབ་བོ། །ཆོས་ཀྱི་དབྱིངས་རྒྱ་ཆེན་པོར་སྤྲོས་ནས་ཞེས་པ་ནི་ཇི་ལྟར་རང་གི་མཚན་མ་སྤྲོས་ནས། སེམས་ཅན་གྱི་དོན་མངོན་པར་རྫོགས་ནས་རང་ལ་ཉེ་བར་བསྡུ་བར་བྱའོ། །དེ་ལྟར་ཡེ་ཤེས་སེམས་དཔའ་ མངོན་པར་རྫོགས་པ་བྱང་ཆུབ་པ་མངོན་དུ་བྱས་ནས་བུ་དྷོ྅ཧཾ་ཞེས་ང་རྒྱལ་བསྐྱེད་པར་བྱའོ། །དེ་ནས་མ་ཧཱ་ས་མ་ཡ་སཏྭཱ་ཧཾ་ཞེས་བྱ་བའི་ང་རྒྱལ་བྱས་ནས་རང་གི་དམ་ཚིག་གི་ཕྱག་རྒྱ་ཡང་། ས་མ་ཡོ་ཧཾ་ཞེས་འདོན་པ་ཉིད་ཀྱིས་སོ། །ས་མ་ཡ་སཏྭ་ཨཱ་དྷི་ཏིཥྛ་མཾ་ཞེས་སྙིང་ག་དང་། མཛོད་ སྤུ་དང་། མགྲིན་པ་དང་། སྤྱི་བོར་བཞག་ལ་ཡང་རང་གི་སྙིང་གར་རང་གི་སྔགས་དང་ལྷན་ཅིག་ཏུ་དེ་ཉིད་གདོན་ནོ། །ཕྱག་རྒྱ་ཆེན་པོ་བཅིངས་ནས་ཡེ་ཤེས་སེམས་དཔའ་མདུན་དུ་བཞག་ནས་བལྟ་བར་བྱའོ། །དེ་བསྐུལ་ནས་དེ་ཉིད་ཛཿཧཱུཾ་བཾ་ཧོཿཞེས་འདོན་ཅིང་རང་གི་ལུས་ལ་རབ་ཏུ་ བསྒོམས་ནས་ཇི་ལྟ་བ་བཞིན་དུ་འོད་ཀྱི་དཀྱིལ་འཁོར་མངོན་པར་རྫོགས་པར་བྱས་ཏེ། ས་མ་ཡ་སྟྭཾ་ཨ་ཧཾ་ཞེས་དེར་བདག་ཉིད་བསྒོམས་ནས་བསྟན་པའི་རྡོ་རྗེའི་ལྟ་བས་ཡང་དག་པར་ཇི་ལྟ་བ་བཞིན་དུ་རང་བྱིན་གྱིས་རློབ་པའི་སྔགས་དང་ཕྱག་རྒྱས་སྙིང་གར་བྱིན་གྱིས་རློབ་པ་ཡང་བྱས་ནས་དམ་ཚིག་གི་ཕྱག་རྒྱས་ཛཿཧཱུཾ་བཾ་ཧོཿ 61-1-341a དང་སྔར་གྱི་རང་གི་སྔགས་ཀྱིས་སྤྱི་བོ་དང་མགྲིན་པ་ལ་སོགས་པ་རྣམས་སུ་བདག་ལ་བྱིན་གྱིས་བརླབ་པའི་ཆེད་དང་ཚུལ་ཇི་ལྟ་བ་སྙིང་པོ་དང་ཉེ་བའི་སྙིང་པོ་ལ་སོགས་པ་རྣམས་སུ་ཡང་ངོ་། །ལེགས་སོ་ཞེས་པའི་སྦྱོར་བས་དེ་བཞིན་གཤེགས་པ་ཐམས་ཅད་ནང་དུ་བཅུག་སྟེ་དེ་ དང་དེའི་ཡི་གེས་བརྟན་པ་ཅན་དུ་བྱས་ཏེ་མངོན་པར་དབང་བསྐུར་ནས་ཇི་ལྟ་བ་བཞིན་དུ་ཆོས་དང་ལས་ཀྱི་ཕྱག་རྒྱ་བཅིངས་པ་སྔོན་མ་ཅན་དུ་བྱས་པའི་ཏིང་ངེ་འཛིན་མཆོད་པ་དང་ཕྱག་འཚལ་བ་དང་། དར་དཔྱངས་སྦྱིན་པ་དང་། སྤྱན་དྲང་གསང་བའི་མཆོད་པའི་མཐར་ཐུག་པ་མངོན་པར་རྫོགས་པར་ བྱ་སྟེ། ཇི་ལྟར་བྱས་པ་ཉིད་ལ་སོགས་པའི་མཚན་འཛིན་པ་ལ་སོགས་པ་ཅན་ནོ། །ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ་ཨོཾ་སྭ་བྷཱ་བ་ཤུདྡྷོ྅ཧཾ་ཨོཾ་སརྦྦ་ས་མོ྅ཧཾ་ཞེས་རྡོ་རྗེའི་བདག་ཉིད་ཅན་དང་རང་བཞིན་གྱིས་དག་པ་དང་། བདག་མེད་པར་མཉམ་པ་ཉིད་ཀྱིས་ཐམས་ཅད་མཉམ་པར་རྣམ་པར་བསམས་ ནས་འགྲོ་བ་མ་ལུས་པའི་ཉེ་བར་འཚོ་བ་ཡང་རྣམ་པར་བསམས་ནས་བདག་ཉིད་སེམས་ཉེ་བར་འཕེལ་བའི་བཟླས་པ་བྱའོ། །དུས་ཇི་ལྟ་བ་བཞིན་དུ་ཞེས་པ་ནི་སྐབས་ཇི་ལྟ་བར་རོ། །ཐུན་མཚམས་བཞིའམ་གསུམ་དག་ལ་བརྩམ་པར་བྱ་སྟེ་ཡི་གེའི་རྗེས་སུ་སོན་པའི་ཡིད་ཀྱི་ཞེས་པ་ནི་སྙིང་གའི་མཚན་ མའི་ཡི་གེ་ལ་སེམས་གནས་པར་གྱུར་པའོ། །དམན་པའི་དངོས་གྲུབ་ཀྱི་དབང་དུ་བྱས་ནས་ཉི་མ་རེ་རེར་ཞེས་བྱ་བ་ལ་སོགས་པ་གསུངས་པ་སྒྲུབ་པའི་དུས་སུ་ཐམས་ཅད་ཐུན་མོང་དུ་རྡོ་རྗེའི་གདན་ནོ། །གཞན་གྱི་ཚེ་སངས་རྒྱས་རྣམས་ཁོ་ནའོ། །དེ་བཞིན་གཤེགས་པའི་སྐུར་གསལ་བ་ཞེས་པ་ནི་ རང་གི་ལྷའི་བྱིན་གྱིས་བརླབས་པའོ། །དངོས་གྲུབ་འབྲིང་པོའི་དབང་དུ་བྱས་ཏེ་གསུངས་པ་བྱ་བ་བཞིན་ཞེས་བྱ་བ་ལ་སོགས་པའོ། །སྒྲུབ་པ་ཆེན་པོ་ཞེས་པ་ནི་མཆོག་སྒྲུབ་པའོ། །དེ་བཞིན་གཤེགས་པའི་མཐོ་གང་གི་ཚད་ཀྱིས་དེ་བཞིན་གཤེགས་པའི་མཆོད་རྟེན་འབུམ་བྱའོ། །དེ་མ་ འབྱོར་པ་ལ་ཇི་ལྟར་འབྱོར་པའི་ཚད་ཀྱིས་དྲིའི་མཆོད་རྟེན་རྣམས་སོ། །བཟླས་པ་ཡང་གཉིས་ཀ་ལ་སྟོང་ཕྲག་གོ། །བྱེ་བ་བདུན་གྱི་ནང་མ་ཡིན་པ་སྟེ་སྟེང་དུ་ནི་མ་ཡིན་པར་རིག་པར་བྱའོ། །སྒྲུབ་པ་གཉིས་པ་ཡང་རྫས་སྔོན་མ་ཅན་གྱི་དཔེར་བརྗོད་པ་ཉིད་དོ། །དེ་ཡང་ལེགས་པར་བྱ་བའི་དབྱེ་ 61-1-341b བས་དངོས་གྲུབ་གསུམ་དུ་རེག་པར་བྱའོ། །ཅི་སྟེ་འབུམ་ཕྲག་གསུམ་བཟླས་པས་རི་བོ་ལྷུང་བ་ལ་སོགས་པ་ཅན་གྱི་ལས་བྱེད་པར་གྲུབ་པར་མ་གྱུར་ཏོ། །ཡང་ན་གལ་ཏེ་འབུམ་ཕྲག་གསུམ་དུ་མི་བཟླས་པར་ཟླ་བ་རུ་མི་སྨྲ་བར་རང་སངས་རྒྱས་ཐམས་ཅད་ཀྱི་གཟུགས་སུ་བསྒོམ་པར་བྱའོ། །སངས་རྒྱས་ ཐམས་ཅད་མཐོང་བ་ལ་སོགས་པར་འགྱུར་རོ། །སྒྲུབ་པ་པོ་ཐམས་ཅད་ཀྱི་ནན་ཏན་དུ་བྱའོ་ཞེས་པའི་བར་དུ་གསུངས་སོ། །གི་ཝཾ་ལ་སོགས་པའི་གྲུབ་པ་ནི་འཆད་པར་འགྱུར་བའི་ལྷུང་བཟེད་དང་ཆོས་གོས་ལ་སོགས་པ་ནས་གལ་ཏེ་སྒྲུབ་པ་ཞེས་པ་ཇི་སྲིད་པར་རོ། །ཀུན་ནས་གྲུ་བཞི་པའི་རེའུ་མིག་ཅན་ དུ་བྱས་ནས་ཀུན་ནས་ཇི་ལྟ་བ་བཞིན་དུ་བདུན་པ་བདུན་གྱི་རེའུ་མིག་ཅན་དུ་འགྱུར་ཏེ་དེ་དང་དེ་ལྟ་བུའི་རེ་ཁཱ་རྣམས་ཀྱིས་བཅད་པས་རེའུ་མིག་བཞི་བཅུ་ཞེ་དགུར་འགྱུར་རོ། །ཕྲེང་ཟུང་ཞེས་པ་ནི་ཕྲེང་གཉིས་ལ་ཨ་ཡིག་ལ་སོགས་པ་བྲི་བར་བྱའོ། །ཕྲེང་གཉིས་པའི་མཐའ་མའི་རེའུ་མིག་ལ་རིམ་པས་ མ་ནིང་གི་ཡི་གེ་གཉིས་གཉིས་ཀུན་དུ་རྟོགས་པར་བྱའོ། །ཕྲེང་གསུམ་པའི་ཐོག་མའི་རེའུ་མིག་ནས་བརྩམས་ནས་རྟེན་གྱི་རིམ་པས་ཀ་ལ་སོགས་པ་ཇི་སྲིད་པའོ། །ཕྲེང་གསུམ་པའི་ཐོག་མའི་རེའུ་མིག་དྲུག་པ་ནས་བརྩམས་ནས་ཡ་ར་ལ་ཝའོ། །བདུན་པའི་རེའུ་མིག་ནས་ཤ་ཥ་ས་ཧའོ། །སྟོང་པའི་ རེའུ་མིག་ལ་ཀྵ་ཡིག་སྟེ་ཐམས་ཅད་ཀྱི་མཐར་རྡོ་རྗེ་རྩེ་ལྔ་པ་བྲི་བར་བྱའོ། །འདི་དག་ཀྱང་ཉེ་བར་མཚོན་པར་བྱེད་པ་སྟེ། གང་དུ་སྙིང་གར་རྡོ་རྗེ་མེད་པ་དེ་ནི་སྙིང་གའི་གནས་སུ་རང་གི་མཚན་མ་བཀོད་ནས་བཟླས་པའི་སྐུའོ་ཞེས་པའོ། །དེ་ཉིད་ཀྱི་ཕྱིར། འཁོར་ལོའི་དབུས་སུ་རབ་ཏུ་གནས། ། ཞེས་པའི་ཚིག་གོ། །གང་དུ་དངོས་གྲུབ་མེད་པ་དེར་རབ་ཏུ་སྦྱོར་བ་མྱུར་བས་དངོས་གྲུབ་མངོན་དུ་བྱའོ་ཞེས་ཆོས་ཀུན་དབང་དུ་འགྱུར་ཞེས་འབྱུང་ངོ་། །མཆོག་ནི་ཨ་ལ་སོགས་པའི་དབྱངས་བཅུ་པོ་དང་གཙོ་བོ་ཉིད་དུ་ངེས་པར་བསྟན་ཏོ། །མ་ནིང་བཞི་པོ་སྤངས་པ་དེ་རྣམས་སྟོབས་བཅུར་ བརྗོད་དོ། །ཡན་ལག་གཅིག་གཉིས་ཁྱད་པར་ནི་དབྱངས་གཅིག་གཉིས་ལ་གཅིག་གཉིས་སོ། །དབྱངས་ལས་སྐྱེས་པའི་སྔགས་ཀྱི་ཡི་གེར་ཡོངས་སུ་གྱུར་པའོ། །དབང་སྒྱུར་བར་བྱེད་པ་ནི་ཐིག་ལེ་ལ་སོགས་པར་ཡོངས་སུ་གྱུར་པའི་ཀ་ལ་སོགས་པར་ཡོངས་སུ་འགྱུར་བའོ། །ཡ་ར་ལ་ཝ་ 61-1-342a ནི་རིམ་པས་རླུང་ལ་སོགས་པ་དང་མེ་ལ་སོགས་པར་ལུགས་ལས་བརྒལ་བའོ། །ཤ་ཥ་དང་ཡ་ལ་སོགས་པའི་སྡེ་པ་གཉིས་ནི་མི་མཉམ་པའོ། །ཀ་ལ་སོགས་པའི་སྡེ་པ་ལྔ་པོ་ནི་མཉམ་པའོ། །ཆོས་ཀུན་གྱི་སྡོམ་ཞེས་པ་ནི་ཆོས་རྣམས་ཐམས་ཅད་ཀྱིས་ཡང་དག་པར་བསྡོམས་ཤིང་བསྡུས་པའོ། །ཡང་ དག་པར་སྦྱོར་བ་ནི་གང་ཞིག་ཡི་གེ་གཞན་གྱིས་ཀུན་དུ་སྦྱོར་བའོ། །སྦྱོར་བ་བྲལ་བ་ནི་གང་དུ་ཡི་གེ་གཞན་གསལ་བའོ། །བྱང་ཆུབ་ནི་ཨ་ཡིག་གོ། །སྤྱོད་པ་ནི་ཨ་ཡིག་གོ། །སངས་རྒྱས་ཀྱི་དོན་ནི་མ་ཡིག་གོ། །མྱ་ངན་ལས་འདས་པའི་དོན་ནི་མ་ཡིག་གོ། །དབྱངས་རྣམས་ཨ་ཡིག་ལ་སོགས་པའི་ཡི་གེ་རྣམས་ཀ་ ལ་སོགས་པ་རྣམས་དང་གཅིག་ཏུ་བསྡུས་པར་གྱུར་པའོ། །བྱང་ཆུབ་གཟུགས་ནི་བྱང་ཆུབ་ཀྱི་རང་བཞིན་ནོ། །གཞན་ཞེས་པ་ནི་ཐིག་ལེ་རྣམས་སོ། །སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་ཅན་ཉིད་ཀྱི་ཕྱིར་སངས་རྒྱས་ཐམས་ཅད་ཀྱི་སྒྲས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དུ་མངོན་པར་འདོད་ལ་ད་ ནི་དེའི་གསང་སྔགས་དེ་ཁོ་ན་བསྟན་པ་གསུངས་པ་ཐོག་མའི་དབྱངས་ཞེས་པ་ལ་སོགས་པ་སྟེ། དེ་ཡང་ཟླ་བའི་དཀྱིལ་འཁོར་དབུས་སུ་གནས་པའི་རྡོ་རྗེ་རྩེ་མོ་ལྔ་པ་གནས་པར་བསྒོམ་པར་བྱས་ནས་ཐམས་ཅད་དུ་འགྲོ་བ་ལ་སོགས་པ་ཐོབ་པར་འགྱུར་རོ། །དེ་ཉིད་ནི་བྱང་ཆུབ་ཀྱི་གཟུགས་སོ། །བྲལ་ བ་ནི་ཐིག་ལེའོ། །གཉིས་པའི་དབྱངས་ཀྱིས་ཞེས་པ་ནི་ཨཱ་ཡིག་གིས་ཡང་དག་པར་སྦྱར་བའོ། །དེའི་གཟུགས་ཀྱིས་ཡོངས་སུ་གྱུར་པ་དེ་བསྟན་པ་ཤིན་ཏུ་རིང་པོ་ནས་དང་ཕ་རོལ་ཏུ་ཕྱིན་པར་བརྗོད་པར་བྱའོ་དྲོ་བ་ནི་ཚེག་དྲག་གོ། །དེས་སྦྱར་བ་ནི་བྱང་ཆུབ་ཀྱི་གཟུགས་མྱ་ངན་ལས་འདས་པར་བརྗོད་ པར་བྱའོ། །རང་གི་ལྷག་པའི་ཕྱག་རྒྱ་ནི་རང་གི་ལྷའི་ཕྱག་རྒྱའོ། །ཐོག་མར་སྤྱོད་པ་ནི་ཨ་ཡིག་གོ། །གཉིས་པའི་སྨྲ་བ་པོ་ནི་ཝ་ཡིག་གོ། །བཞི་པའི་དབྱངས་ནི་ཨཱི་སྟེ་དེས་མནན་པའོ། །མེའི་མིང་ཅན་ནི་ར་ཡིག་གོ། །རྒྱུ་དང་བྲལ་བར་གསལ་བར་བྱེད་པ་ནི་ཧ་ཡིག་གོ། །དྲུག་པའི་དབྱངས་ནི་ཨུ་ ཡིག་གོ། །དེས་ཐ་དད་མ་ཡིན་པ་ནི་འདྲེས་པའོ། །སྟེང་དུ་ཡང་ཐིག་ལེ་དང་བཅས་པ་ནི་བཞི་པའོ། །ཆོས་རྣམས་ཐམས་ཅད་མཁའ་དང་མཚུངས་པ་ཉིད་དུ་གསལ་བར་བྱེད་པ་ནི་ཁཾ་ཡིག་སྟེ་ལྔ་པའོ། །འདི་ནི་བཅོམ་ལྡན་འདས་དཔའ་བོ་ཆེན་པོའོ། །གསང་སྔགས་སོ། །སྤྱོད་པ་ནི་མི་བསྐྱོད་པའོ། ། 61-1-342b བྱང་ཆུབ་ནི་རྡོ་རྗེ་སེམས་དཔའོ། །ཆོས་ཀུན་གྱིས་དེ་བཞིན་ཉིད་གསལ་བར་བྱེད་པ་ནི་ཧ་ཡིག་གོ། །མེའི་ས་བོན་ནི་ར་ཡིག་གོ། །སྤྱོད་པ་ཡི་ནི་སྟེང་དུ་གནས། །ཞེས་པ་དེས་མནན་པའོ། །སྤྱོད་པ་ཡང་རྗེས་སུ་ང་རོ་ལ་འདིར་བལྟ་བར་བྱ་སྟེ། སློབ་དཔོན་མན་ངག་ལས་ཞེས་བྱ། །ཞེས་པའི་གསུང་ ལས་སོ། །ཆོས་རྣམས་ཀུན་གྱི་རྒྱུ་མེད་པ་ཉིད་གསལ་བར་བྱེད་པ་ནི་ཧ་ཡིག་གོ། །མེའི་ས་བོན་ནི་ར་ཡིག་གོ། །བཞི་པའི་དབྱངས་ནི་ཨི་ཡིག་གོ། །དེ་ཡང་རྗེས་སུ་ང་རོའི་དབང་དུ་བྱས་པའོ། །དེ་ཉིད་ཅེས་པ་ཧ་ཡིག་གོ། །དྲུག་པའི་དབྱངས་ཀྱིས་ཞེས་པ་ཨུ་ཡིག་གིས་སོ། །དེ་ཡང་རང་གི་རྗེས་སུ་ང་རོ་བཅས་ པ་བལྟ་བར་བྱའོ། །སྡེ་ཚན་ལྔ་པའི་བཞི་པ་ནི་བྷ་ཡིག་གོ། །སྡེ་པ་ལྔ་པའི་མཐའ་ཅན་མ་ཡིག་གོ། །སྒྱུ་མའི་ཆོས་ལ་རབ་ཏུ་གནས་པ་ནི་སྒྱུ་མའི་རང་བཞིན་གསལ་བར་བྱེད་པའོ། །བརྒྱད་པའི་དབྱངས་དང་ཡང་དག་ལྡན་ནི་ཨེ་ཡིག་གི་དོན་ཏོ། །དེ་ཉིད་ཅེས་པ་ནི་མ་ཡིག་གོ། །ཐིག་ལེ་དང་བཅས་པ་ ནི་འཇམ་པའི་དབྱངས་ཀྱིའོ། །ལྔ་པའི་དབྱངས་ནི་ཨུ་ཡིག་གོ། །དེས་ཡང་དག་པར་ལྡན་པ་ནི་འཇམ་དཔལ་གྱིའོ། །དེ་ཉིད་ནི་མི་ཡིག་སྟེ་སྤྱོད་པ་རྗེས་སུ་སོན་པ་ནི་རྣམ་སེལ་གྱིའོ། །སྡེ་ཚན་ལྔ་པའི་གསུམ་པ་ནི་བ་ཡིག་གོ། །ཡི་གེ་གསུམ་ནི་གཤིན་རྗེ་མཐར་བྱེད་ཀྱི་སྔགས་སོ། །དེ་བསྟན་པའི་ཕྱིར་ ཐོག་མར་ཞེས་བྱ་བ་ལ་སོགས་པ་གསུངས་པ། དགུ་པའི་དབྱངས་ནི་ཨོ་ཡིག་གོ། །སྐུ་གསུམ་དུ་ནི་རྣམ་པར་བསྒོམ་ནི་ཧཱུཾ་ཡིག་གོ། །དང་པོ་དང་བར་མ་ཐིག་ལེ་དང་ཚེག་དྲག་དང་བཅས་པར་བལྟ་བར་བྱའོ། །སྡེ་པ་ཐ་མའི་གསུམ་པ་ས་ཡིག་གོ། །སྡེ་པ་དང་པོའི་གསུམ་པ་ག་ཡིག་གོ། །དེ་ཉིད་ ཀྱང་བཅོམ་ལྡན་འདས་ནམ་མཁའ་མཛོད་དང་ཁྲོ་བོ་ཆེན་པོ་སྟོབས་པོ་ཆེའིའོ། །སྒྱུ་དང་བྲལ་བ་ཉིད་དུ་གསལ་བར་བྱེད་པ་ནི་ཏ་ཡིག་གོ། །དབྱངས་ལྔ་པ་ནི་ཨུ་ཡིག་གོ། །རང་གི་རྗེས་སུ་ང་རོ་བཅས་པར་ཤེས་པར་བྱའོ། །དེས་ཡང་དག་པར་སྦྱར་བ་ནི་རྡོ་རྗེ་ཧཱུཾ་མཛད་ཀྱིའོ། །སྡེ་པ་བཞི་པའི་དང་པོ་ནི་ ཏ་ཡིག་གོ། །མེའི་རབ་ཏུ་གསལ་བར་བྱས་པ་ནི་ར་ཡིག་རྗེས་སུ་སོན་པར་རོ། །བཞི་པའི་དབྱངས་དང་ཡང་དག་ལྡན་པ་ནི་ཨི་ཡིག་གི་དོན་ཏོ། །དེ་ཉིད་འབའ་ཞིག་ཅེས་པ་ཏ་ཡིག་ནི་ལྷ་མོ་སྒྲོལ་མའིའོ། །བཞི་པའི་གཉིས་པ་ནི་ཐ་ཡིག་གོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའིའོ། །ཐིག་ལེ་ 61-1-343a སྟེ་རྗེས་སུ་ང་རོའོ། །སྒྲ་ནི་རྗེས་སུ་སྣ་ལྡན་ནོ། །གཉིས་པའི་ཡི་གེ་གསུམ་པ་ནི་ཛ་ཡིག་གོ། །བཞི་པའི་དབྱངས་ནི་ཨཱི་ཡིག་གོ། །འདི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་དང་། འཇིག་རྟེན་དབང་ཕྱུག་དེའིའོ། །སྙིང་པོ་ལ་ཚེག་དྲག་དང་བཅས་པ་ཉིད་དུ་ཁོང་དུ་ཆུད་ པར་བྱའོ། །སྤྱོད་པའི་གར་མཁན་མིང་ཅན་ཞེས་པ་ནི་དང་པོར་གནས་པའི་ཨ་ཡིག་གོ། །དགུ་པའི་དབྱངས་ནི་ཨོ་ཡིག་གོ། །དབྱངས་ཆེན་ནི་ལ་ཡིག་གོ། །སྡེ་ཚན་དང་པོའི་དང་པོ་ཅན་གྱི་ཡི་གེར་ངེས་པ་དང་པོ་ནི་ཀ་ཡིག་གོ། །ཨོཾ་ཡིག་དང་བཅས་པ་ཡང་རང་གི་སྔགས་སུ་བལྟ་བར་བྱའོ། །སྡེ་ ཚན་ལྔ་པའི་བཞི་པའི་ས་བོན་ནི་བྷ་ཡིག་གོ། །སྒྱུ་མའི་ཆོས་ལ་རབ་ཏུ་གནས། །ཞེས་པ་མ་ཡིག་གོ། །རྒྱུ་ཉེ་བར་མི་དམིགས་པ་གསལ་བར་བྱེད་པ་ནི་ཧ་ཡིག་གོ། །གནས་པའི་དབྱངས་ནི་ཨ་ཡིག་གོ། །རང་གི་རྗེས་སུ་ང་རོ་ཡང་འདིར་ཀུན་དུ་ཁོང་དུ་ཆུད་པར་བྱའོ། །སྙིང་པོ་གཞན་ཉིད་ཀྱང་དགེ་ བའི་རྡོ་རྗེ་སྒོམ་པར་བྱེད་པ་སྔོན་མ་ཅན་གྱི་རབ་ཏུ་སྦྱོར་བས་ཆོས་ཀྱི་ཕྱག་རྒྱའོ། །རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་རྣམས་དང་རྡོ་རྗེ་སེམས་དཔའ་ལ་སོགས་པ་བརྒྱད་པོ་རྣམས་དང་ལྕགས་ཀྱུ་ལ་སོགས་པ་བཞི་པོ་རྣམས་ཀྱིས་རྡོ་རྗེ་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་རྣམས་སོ། ། ལ་ཡིག་གིས་སྦྱར་བ་ནི་རྡོ་རྗེ་བརྟན་པར་ཡིད་ལ་བསམ་བཞིན་པས་རེངས་པར་བྱེད་དོ། །རང་གི་ས་བོན་གནས་པ་ནི་ཡ་ཡིག་གནས་པའོ། །དེ་ཉིད་ཅེས་པ་ནི་ཧཾ་ཡིག་གོ། །རྣམ་པར་སྣང་མཛད་མཐུན་གནས་ལས་བྱུང་ཞེས་པ་ནི་རྣམ་པར་སྣང་མཛད་དང་མཐུན་པའི་རྣལ་འབྱོར་ལ་གནས་པའོ། །རྒྱུ་ ནི་ཧ་ཡིག་གོ། །དྲུག་པའི་དབྱངས་ཀྱིས་ནི་ཨུ་ཡིག་གིས་ཡང་དག་པར་སྦྱར་བའོ། །ཐིག་ལེ་སྒྲ་དང་བཅས་པ་ར་ལ་གནས་པས་འགྲུབ་པར་བྱེད་དོ། །རླུང་གི་དཀྱིལ་འཁོར་དུ་དེའི་ས་བོན་གནས་པས་ཕྱེ་མར་བྱེད་དོ། །རྡོ་རྗེ་གནས་པའམ་འཁོར་ལོ་དབུས་སུ་གནས་པས་རེངས་པ་ལ་སོགས་པ་ བྱའོ། །དབང་དུ་བྱེད་ཅེས་པ་ནི་འགྲུབ་པར་བྱེད་པའོ། །སྙིང་གར་ཞེས་པ་ནི་སྒྲུབ་པར་བྱེད་པའི་སྙིང་ག་ལའོ། །ཐོབ་ནས་ཞེས་པ་ནི་སྤྲོས་ནས་སོ། །བདག་ཉིད་བསྒོམས་ནས་ཞེས་པ། རྟོག་པའི་གཟུགས་སུ་གནས་བྱས་ནས། །ཞེས་པ་དང་སྦྲེལ་ལོ། །རླུང་གི་ས་བོན་ཚོན་ཞེས་པ་ནི་ 61-1-343b ཡ་ཡིག་གིས་བསྐོར་བའོ། །སྤྱོད་པའི་སྟེང་དུ་འབར་བྱས་པ། །ཞེས་པ་ནི་ཡ་ཡིག་གི་མཐར་ཨཱ་ཡིག་གོ། །རླུང་ལ་གནས་པ་མེ་ལ་གནས། །ཞེས་པ་ནི་རླུང་ལ་གནས་པ་དང་མེ་ལ་གནས་པའོ། །སྡེ་ཚན་དང་པོའི་དང་པོར་གནས་པ་ནི་ཀ་ཡིག་གོ། །ས་ཡིག་གི་སྟེང་དུ་གནས་པས་ཀྵ་ཡིག་ཏུ་འགྱུར་རོ། ། སྡེ་ཚན་ལྔ་པའི་ཐ་མ་མ་ཡིག་གོ། །དབྱངས་དྲུག་པ་ཨུ་ཡིག་གོ། །ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་སྟོན་པའི་ར་ཡིག་ལ་གནས་པས་འབར་བར་བྱེད་དོ། །ཕྱག་རྒྱའི་བདག་ཉིད་ཐམས་ཅད་ཅེས་པ་ནི་རང་གི་ལྷའི་རྣལ་འབྱོར་ཇི་ལྟ་བ་བཞིན་པས། མི་ཡི་མདུན་དུ་གནས་ནས་ནི། །ཞེས་པ་མེའི་དཀྱིལ་འཁོར་ གནས་པའོ། །རྒྱུ་བྱེད་པ་མཚུངས་པ་ནི་ཧཱུཾ་ཡིག་གོ། །ངག་གི་འཁོར་ལོ་བསྒྲུབ་པའི་ཕྱིར་དཀྱིལ་འཁོར་ནི་གསུང་གི་འཁོར་ལོའི་དཀྱིལ་འཁོར་རོ། །ཆུའི་དཀྱིལ་འཁོར་བསམས་ནས་དེ་ལ་གནས་པའི་ཇི་ལྟར་གསུངས་པའི་པདྨའོ། །དེ་ལ་བདག་ཉིད་འཇམ་དཔལ་ལྷག་པར་གཡོ་བའི་འོད་ཟེར་ཆེན་ པོར་བསྒོམས་ནས་རང་གི་སྙིང་གར་ཟླ་བ་ལ་པདྨ་དེའི་ཡང་སྟེང་དུ་དུང་བརྟག་པར་བྱའོ། །དེ་ནས་རྡོ་རྗེའི་རྩེ་བསྒོམ་པ་ལ་སོགས་པའི་རིམ་པས་ཇི་སྲིད་དུ་ཇི་སྐད་གསུངས་པའི་ཝ་ཡིག་ཇི་ལྟར་ངེས་པར་བསྟན་པའི་དུས་སུ་བསྒོམ་པར་བྱའོ། །དེ་ལྟར་བྱས་པ་ནི་སྔོན་དུ་རྙེད་པར་རོ། །པདྨས་མཚན་པའི་ ཆུའི་དཀྱིལ་འཁོར་སྔོན་པོར་བྲིས་ནས་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་དང་ལྡན་པས་དེ་ལ་སྐྱིལ་ཀྲུང་གིས་ཉེ་བར་འདུག་སྟེ། ཆོས་ཀྱི་དབྱིངས་ཐམས་ཅད་དུ་རང་གི་སུས་དེ་བཞིན་གཤེགས་པ་རྣམས་སྤྲོས་ནས་ཡང་དག་པར་བསྡུས་ཏེ་སྐུ་ལ་སོགས་པའི་ཕྱག་རྒྱ་རྣམས་རང་གི་སེམས་ལ་རབ་ཏུ་ གཞུག་པར་བྱའོ། །རང་གི་ལུས་ཀྱི་དཀྱིལ་འཁོར་ལ། །ཞེས་པ་ནི་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་པདྨའི་གེ་སར་ཉིད་ཐིག་ལེ་སྟེ་དེ་རྣམས་ལས་ཝ་ཡིག་གི་ཕྲེང་བའོ། །མགྲིན་པར་བསྡུས་ནས་དབྱངས་ཉིད་དུ་འགྱུར་རོ། །དེ་ནས་མཆོག་ལ་གཞོལ་བ་རྩ་བའི་ཡི་གེ་ཉིད་ཐོབ་བོ། །དེ་ནས་རྡོ་ རྗེའི་རང་བཞིན་གྱི་ལྕེའི་ཡི་གེ་འབར་བ་རྣམས་ཀྱིས་ཐམས་ཅད་དུ་གསལ་བར་བྱས་ནས་དོན་དམ་པའི་རྡོ་རྗེའི་གསུང་གི་དབྱངས་ཀྱིས་ནམ་མཁའ་ཀུན་ནས་གང་བར་བཟླས་པར་བྱ་སྟེ་དངོས་གྲུབ་ཀྱི་མཚན་མ་ཇི་སྲིད་པར་རོ། །ཡང་ན་དེ་ཁོ་ན་བཞིན་ཆུའི་དཀྱིལ་འཁོར་ལ་གནས་པའི་རྡོ་རྗེ་སེམས་དཔའི་ 61-1-344a རྣལ་འབྱོར་ཅན་གྱི་ལྕེ་རྡོ་རྗེའི་རང་བཞིན་ཅན་དུ་བསམས་ནས་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་ཨ་ཡིག་བསམས་ཏེ། དེའི་སྡེ་པ་རྣམས་ཀྱང་ཨ་ཡིག་ལ་སོགས་པའི་མཐར་ཐུག་པ་ཉི་མའི་འོད་ཟེར་དང་མཚུངས་པ་དང་ཀ་ཡིག་ལ་སོགས་པའོ། །དེའི་འབར་བ་རྣམས་ ཀྱི་རང་གི་དོན་དུ་སྤྲོས་པས་ལྕེའི་མཆོག་ཏུ་དྲ་བ་རྣམ་པར་བཀྲམ་པའི་རྡོ་རྗེ་འབར་བ་སྟོང་ཕྲག་སྐད་ཅིག་སྐད་ཅིག་ལ་འབྱུང་བར་བྱའོ། །དེ་རྣམས་ཀྱང་ཡི་གེར་གྱུར་ནས་འགྲོ་བ་ཀུན་དུ་སྣང་བར་བྱས་ཏེ་སླར་ཡང་བྱོན་ནས་གནས་སུ་རྒྱུན་བཞིན་དུ་རྗེས་སུ་འཇུག་པར་བསམ་པར་བྱའོ། །རང་གི་ལུས་ལ་ ལྷ་རྣམས་ལུས་ཅན་གྱི་གཟུགས་བརྙན་ནོ། །སེམས་ཕྱག་རྒྱ་ལགས་པར་བསམ་པ་བྱས་ནས་སྒྲ་རྣམས་མངོན་པར་མི་གསལ་བའི་ཆ་ཤས་ཀྱི་ཡི་གེ་དང་། དེ་ལས་གཞན་པའི་རང་བཞིན་ལྟེ་བར་སོང་བར་ལྷག་པར་མོས་པའི་རིམ་པ་ལས་གསང་སྔགས་དང་རིག་པ་རྣམས་སྙིང་གར་འཇུག་ པར་བྱེད་པ་ཇི་སྲིད་པར་རོ་ཞེས་པར་རོ། །སྒོམ་པར་བྱེད་པར་བརྟན་པར་བྱས་ནས་སྔར་གསུངས་པ་ལྟར་ཆུའི་དཀྱིལ་འཁོར་ལ་གནས་ནས་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་རྣམས་ཀྱིས་དགུག་པ་ལ་སོགས་པ་བྱས་ནས་བསྒྲུབ་པར་བྱའོ། །སངས་རྒྱས་ཀུན་ཉིད་ཅེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་ པའི་དེ་བཞིན་གཤེགས་པ་ཉིད་དོ། །ཡི་གེ་ཞེས་པ་ནི་ཨ་ཡིག་གོ། །དེ་ཉིད་ཅེས་པའང་དེ་ཁོ་ནའོ། །དེ་ནས་བཅོམ་ལྡན་འདས་ཞེས་པ་ལ་སོགས་པ་རྣམས་ཀྱིས་གཙུག་ཏོར་རྣམས་དཀྱིལ་འཁོར་གསལ་བ་དང་། སྔགས་ཀྱི་མཛོད་སྒྲུབ་ཐབས་ཀྱི་ལེའུ་གསལ་བར་བྱེད་དོ། །དེ་ལ་འཁོར་ལོས་ སྒྱུར་བའི་སྒྲུབ་ཐབས་བསྟན་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ། དེ་བཞིན་གཤེགས་པ་ཞེས་པ་རྣམ་པར་སྣང་མཛད་དུ་མཐུན་པར་བསྒྲུབས་ནས་དེའི་གཟུགས་སོ། །དེ་ཇི་ལྟར་བཅོམ་ལྡན་འདས་རྒྱན་དང་བཅས་པ་དར་ལའི་སྟོད་གཡོགས་དང་སྨད་གཡོགས་དང་རིན་པོ་ཆེ་ལྔའི་ཅོད་ པན་དང་། ཏིང་ངེ་འཛིན་ལ་གནས་པ་དེ་བཞིན་དུ་འདིའང་སངས་རྒྱས་དེའི་གཟུགས་འཆང་བའི་ཕྱག་གི་ཞེས་གསུངས་སོ། །རིག་པའི་རྒྱལ་པོའི་གཟུགས་ཞེས་ཁྱད་པར་གཞན་བསྟན་པ་གསུངས་པ། འཁོར་ལོའི་ཕྲེང་བས་རྣམ་པར་བརྒྱན། །ཞེས་པ་འབར་བའི་ཕྲེང་བ་རབ་ཏུ་གསལ་ 61-1-344b བར་འཆང་བ་འཆད་པར་འགྱུར་བའི་འབར་བ་དང་བཅས་པའི་འཁོར་ལོའི་ཕྲེང་བའོ། །མཐའ་རུ་རིན་ཆེན་བདུན་ཞེས་པ་ནི་བདུན་གྱི་དབུས་སུ་འཁོར་ལོ་རིན་པོ་ཆེའོ། །དེའི་གཡས་དང་གཡོན་མིན་དག་ཏུ་ཁྱིམ་བདག་དང་བློན་པོ་དང་། གླང་པོ་དང་། བཅོམ་ལྡན་འདས་དེ་བཞིན་དུ་རིམ་པས་བུད་མེད་ དང་ཡིད་བཞིན་གྱི་ནོར་བུ་དང་། མྱུར་འགྲོ་རིན་པོ་ཆེ་གཞན་རྣམས་ཀྱང་ངོ་། །ཏིང་ངེ་འཛིན་དང་། དྲན་པ་དང་། ཤེས་རབ་དང་། དགའ་བ་དང་། བརྩོན་འགྲུས་དང་། བཏང་སྙོམས་དང་ཤིན་ཏུ་སྦྱངས་པ་སྟེ་བྱང་ཆུབ་ཀྱི་ཡན་ལག་དང་རིམ་པས་དེ་བྱིན་གྱིས་བརླབ་པའི་དབང་དུ་བྱས་པའོ། །གཡས་པའི་གུང་མོ་ གྱེན་དུ་བསྒྲེངས་པས་གཟུང་བའི་འཁོར་ལོར་ཀུན་དུ་རྟོགས་པར་བྱའོ། །དེ་གསུངས་པར་འགྱུར་རོ་ཞེས་པའོ། །དཀྱིལ་འཁོར་གྲུ་བཞི་པའི་དབུས་སུ་ཇི་སྐད་དུ་གསུངས་པའི་འཁོར་ལོའི་ཕྲེང་བ་དེ་ལ་བསྡུས་པ་ལ་སོགས་པ་བྱས་ནས་ཕྱག་རྒྱ་ཆེན་པོ་སྒྲུབ་པའི་དོན་དུ་དེ་དང་གཉིས་སུ་མེད་པར་གྱུར་པས་ གསེར་ལ་སོགས་པའི་འཁོར་ལོ་ལ་སོགས་པ་བསྒོམ་པར་བྱའོ་ཞེས་པའོ། །ཕྱག་རྒྱ་ཞེས་པ་ནི་འཁོར་ལོའི་ཕྱག་རྒྱའོ། །ཕྲ་མོ་ཞེས་པ་ནི་ཕྲ་མོ་ཉིད་དོ། །ཆེ་དང་ནི་ཆེན་པོ་ཉིད་དོ། །དབང་ཕྱུག་ནི་ཁྱབ་བདག་གོ། །རང་དབང་ནི་དབང་ཕྱུག་ཏུ་གྱུར་པའོ། །འདོད་དགུར་སྤྱོད་པ་ནི་ཇི་ལྟར་འདོད་པ་བཞིན་ སྤྱོད་པའོ། །ཨོཾ་སརྦ་ཏ་ཐཱ་ག་ཏོ་ཨུཥྞཱི་ཥ་ཞེས་བྱ་བ་ལ་སོགས་པ་རྣམས་རྩ་བའི་སྔགས་ཀྱིས་སྤྱི་བོ་ལ་སོགས་པ་བྱིན་གྱིས་རློབ་པའོ། །སྙིང་པོའི་སྙིང་པོ་དང་མཆོག་སྙིང་པོ་ཡང་ནུ་མའི་བར་དུ་ཡི་གེའི་གུང་མོ་དང་སྙིང་གའི་འཁོར་ལོའི་ལྟེ་བ་ལ་རབ་ཏུ་བཞག་ནས་བཟླས་པ་བསམ་པར་བྱའོ། །དེ་ནས་གཟི་ བརྗིད་ཕུང་པོའི་སྒྲུབ་ཐབས་ཉེ་བར་བསྟན་པ་གསུངས་པ་ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་སྟེ། གྲུ་བཞི་པ་ལྗང་གུ་སྐར་མ་ལ་སོགས་པའི་རྣམ་པས་མཛེས་པ་སྟེ། ནམ་མཁའི་དཀྱིལ་འཁོར་ལ་མོས་པར་བྱའོ། །གཉིས་སུ་མེད་འབྱུང་ནི་གཉིས་སུ་སྐྱེ་བ་ཡོད་པ་མ་ཡིན་པའི་ རྣམ་པས་བསམ་པར་བྱའོ། །འཁོར་ལོས་སྒྱུར་བ་མཆོག་ཏུ་འབར་ནི་དེ་དང་མཚུངས་པའོ། །འཁོར་ལོའི་དཀྱིལ་འཁོར་དབུས་སུ་གནས་པར་ཞེས་པ་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་གནས་པའི་འཁོར་ལོའི་ལྟེ་བ་ལ་གནས་པའོ། །འཆར་ག་ལྟ་བུ་ཞེས་པ་ནི་དམར་པོའོ། །ཕྱག་རྒྱ་ 61-1-345a ཞེས་པ་ནི་གཙུག་ཏོར་གྱི་ཕྱག་རྒྱའོ། །དེ་ནམ་མཁའ་ལྟ་བུར་སྙིང་གར་བསྒོམ་པའོ། །རྩ་བའི་སྔགས་ལ་སོགས་པ་རྣལ་འབྱོར་དང་བྲལ་བ་ཡང་ཇི་ལྟ་བ་བཞིན་གྱི་རྣལ་འབྱོར་ནི་ཐམས་ཅད་དུ་སྔར་བཞིན་དུ་བལྟ་བར་བྱའོ། །བསམ་པར་བྱ་བ་ཐམས་ཅད་ཇི་ལྟ་བ་ ཇི་བཞིན་པའི་རྣལ་འབྱོར་གཟི་བརྗིད་ཕུང་པོ་ལ་སོགས་པ་རྣམས་འཁོར་ལོས་སྒྱུར་བ་བཞིན་དུ་རྒྱན་ལ་སོགས་པ་དང་ལྡན་པར་ཀུན་དུ་རྟོགས་པར་བྱའོ། །ཀུན་ནས་སྣང་བའི་སྒྲུབ་ཐབས་བསྟན་པ་ཀུན་ནས་སྣང་བ་ཞེས་པ་ལ་སོགས་པ་གསང་སྔགས་ཡི་གེ་གསུམ་ཞེས་པ་ཡི་གེ་གསུམ་གཙུག་ཏོར་ འཕགས་ཤིང་འོད་གསལ་བ་ཞེས་པ་ནི་གཙུག་ཏོར་གྱེན་དུ་བྱུང་ཞིང་འོད་གསལ་བའོ། །དེར་རང་བདག་ཉིད་དེ་ལྷའི་གཟུགས་ཀྱིས་སོ། །ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་ཆེ་ཞེས་བྱ་བ་ལ་སོགས་པ་ཆོས་ཀྱི་འཁོར་ལོའི་སྒྲུབ་ཐབས་གསུངས་པ། རྣམ་པ་བཅུ་གཉིས་ཉིད་གསལ་བར་ གསུངས་པ། རྣམ་གསུམ་ཞེས་པ་ལ་སོགས་པ་སྟེ། འདི་ནི་སྡུག་བསྔལ་བདེན་པའོ་ཞེས་བྱ་བ་ལ་སོགས་པ་ཅན་ནི་རྣམ་གསུམ་མོ། །དེ་རྣམས་ཁོ་ན་ལན་གསུམ་དུ་བསྐོར་བས་ཡོངས་སུ་བསྐོར་བ་གསུམ་མོ། །ཐེག་པ་གསུམ་ནི་ཉན་ཐོས་ལ་སོགས་པའི་ཐེག་པའི་དབྱེ་བས་སོ། །ཆོས་ཀྱི་ དབྱིངས་ཞེས་པ་ནི་ནམ་མཁའི་དབྱིངས་སོ། །དེ་ཁོ་ན་ཉིད་དུ་རྣམ་པར་གཞག་པ་ཅི་ཞིག་བསྒོམ་པར་བྱའོ་ཞེ་ན་གསུངས་པ། རྟེན་ཅིང་ཞེས་པ་ལ་སོགས་པའོ། །ཆོས་ཀྱི་ཕྱག་རྒྱ་ཆེ་ཞེས་པ་ནི་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་ཆེན་པོའོ། །དེ་ཉིད་སངས་རྒྱས་བྱང་ཆུབ་སྟེ་དེའི་རབ་ཏུ་སྒྲུབ་པར་བྱེད་ པའོ། །ཉོན་མོངས་རྡོ་རྗེའི་སྒྲུབ་ཐབས་སྟོན་པར་བྱེད་པའི་ཕྱིར་པདྨ་རཱ་ག་མཚུངས་ཞེས་པ་ལ་སོགས་པ་གསུངས་པ་རྣལ་འབྱོར་སྦྱོར་བའི་མཆོག་ཅེས་པ་ལྷའི་རྣལ་འབྱོར་མཆོག་ཏུ་འཕགས་པ་རྡོ་རྗེའི་གཟུགས་བརྙན་འབར་བའི་རྡོ་རྗེས་ཉོན་མོངས་སྲེག་པར་བྱེད་པའོ། །དགྲ་ལས་རྒྱལ་བར་བྱེད་ པ་ནི་སྡུག་བསྔལ་ལ་སོགས་པའི་བདེན་པའི་ཡེ་ཤེས་ཐོབ་པར་འབར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་གྱི་སྒྲུབ་ཐབས་བསྟན་པ་དབང་ཆེན་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་གསུངས་པ་དབང་ཆེན་གྱི་དཀྱིལ་འཁོར་དུ་རྡོ་རྗེ་ལ་གནས་པའི་སངས་རྒྱས་ཀྱི་གཟུགས་ 61-1-345b ཅན་དེའི་ང་རྒྱལ་གྱིས་བདུད་བཞི་ལས་རྒྱལ་བར་ལྷག་པར་མོས་ནས་སྡུག་བསྔལ་ལ་སོགས་པའི་བདེན་པ་བཞི་པོ་དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་ཀྱི་བདག་ཉིད་ཐམས་ཅད་བཟུང་ནས་གཉིས་སུ་མེད་ཅིང་སྐྱེ་བ་མེད་པའི་རྣམ་པ་བསྒོམ་པར་བྱ་ཞིང་བསྒྲུབ་པར་བྱའོ། །གཙུག་ཏོར་གྱེན་ འཕགས་ཀྱི་སྒྲུབ་ཐབས་ཉེ་བར་བསྟན་པ། དངོས་པོ་ཐམས་ཅད་གྱེན་འཕགས་པ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་དངོས་པོ་ཐམས་ཅད་གྱེན་དུ་འཕགས་པ་ཞེས་པ་ནི་ཆོས་ཐམས་ཅད་དོན་དམ་པར་བསྒོམས་པས་བསྐྱེད་པའོ། །དཀྱིལ་འཁོར་ཆེན་པོ་ནི་དབང་ཆེན་གྱི་དཀྱིལ་འཁོར་རོ། ། དེ་ལ་གནས་པའི་རྡོ་རྗེའི་བདག་ཉིད་དེ། གང་གིས་ཐམས་ཅད་རྡོ་རྗེ་རྡོ་རྗེའི་བདག་ཉིད་དོ། །གདུགས་དཀར་པོའི་སྒྲུབ་ཐབས་བསྟན་པ་གདུགས་དཀར་ཞེས་བྱ་བ་ལ་སོགས་པ་གསུངས་པ་གདུགས་ཆེན་པོ་ཞེས་པ་ནི། གདུགས་ཆེན་པོ་དཀར་པོ་ཚད་པ་སྐྱོབ་པ་དེ་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ གནས་པར་སྒོམ་པ་དེས་དངོས་གྲུབ་ཞེས་པ་དང་སྦྲེལ་ལོ། །ཅི་བསྒོམ་པར་བྱ་ཞེ་ན་གསུངས་པ། ཆུའི་ཞེས་པ་ལ་སོགས་པ་སྟེ། དེ་གསུང་བར་འགྱུར་པ་ཆུའི་དཀྱིལ་འཁོར་དུ་རེ་ཁཱ་བདུན་གྱིས་བསྐོར་བའི་དབུས་སུ་གནས་པའི་པུཎྜ་རཱི་ཀ་ལ་གནས་པར་བསྒོམ་པར་བྱའོ་ཞེས་སོ། ། སྔགས་རྣམས་ནི་གསལ་བའི་དཀྱིལ་འཁོར་ལ་དགོད་པར་བསྟན་པ་སྔགས་ཀྱི་ཡི་གེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཙུག་ཏོར་རྒྱལ་བའི་སྒྲུབ་ཐབས་ངེས་པར་བསྟན་པ་འབར་བའི་ཕྲེང་འཁྲུགས་ཞེས་བྱ་བ་ལ་སོགས་པ་གསུངས་པ། རང་ཉིད་གཙུག་ཏོར་རྒྱལ་བའི་རྣལ་ འབྱོར་དང་ལྡན་པས་དེའི་ང་རྒྱལ་གྱིས་སྙིང་གའི་ཟླ་བའི་རལ་གྲི་ལ་གནས་པའི་སྔགས་ཀྱི་ཡི་གེ་ངེས་པར་བྱུང་བས་རྒྱལ་བའི་གཙུག་ཏོར་གྱི་གཟུགས་ཀྱིས་ཚོགས་ཀྱི་ནམ་མཁའི་མཐངས་རྣམས་བཀང་ལ་གཅིག་ཏུ་དམིགས་ནས་བསྒོམ་པར་བྱ་ཞིང་བསྒྲུབ་པར་བྱའོ། །ཀུན་དུ་གཙུག་ཏོར་ གྱི་སྒྲུབ་ཐབས་ངེས་པར་བསྟན་པ་སངས་རྒྱས་ཀུན་དང་གཉིས་མེད་ཅེས་བྱ་བ་ལ་སོགས་པ་གསུངས་པ། དེ་དག་འཆད་པར་འགྱུར་རོ། །སེང་གེའི་ཁྲི་ལ་བཞུགས་པ་ཇི་ལྟར་རང་གི་དཀྱིལ་འཁོར་གྱི་རྣམ་པས་ལྷ་དང་གཉིས་སུ་མེད་པར་བསྒོམས་ཏེ་སྙིང་གར་རང་གི་སྔགས་འབར་བར་རྣམ་པར་ 61-1-346a བཀོད་དེ་བསྒོམས་པས་ཀུན་གྱི་གཙུག་ཏོར་བསྒྲུབ་པར་བྱའོ་ཞེས་བྱའོ། །ཀུན་གྱི་གཙུག་ཏོར་གྱི་སྒྲུབ་པའི་མཐར་ཐུག་པ་འདིས་ནི་ཞེས་པ་ཀུན་གྱི་གཙུག་ཏོར་གྱི་སྒྲུབ་ཐབས་སོ། །ཡི་གེ་དྲུག་པའི་གཙུག་ཏོར་གྱི་སྒྲུབ་ཐབས་ཞེས་པ་ཇི་སྲིད་པའོ། །རྡོ་རྗེ་སྙིང་པོ་རྒྱན་དུ་གཙུག་ཏོར་རྣམས་ ཐམས་ཅད་ཀྱི་སྒྲུབ་ཐབས་རྣམ་པར་འབྱེད་པའོ། །ད་ནི་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྔགས་ལ་སོགས་པའི་ཆོ་ག་རྒྱས་པར་བསྟན་པ་དང་། དཀྱིལ་འཁོར་གསལ་བར་བྱེད་པ་གསུངས་པ། བདག་ཉིད་བྱིན་གྱིས་བརླབས་པས་ནི་དེ་ རྣམས་བཙུག་སྟེ་བཅོམ་ལྡན་འདས་རང་གི་ཡོན་ཏན་ཉིད་དུ་བྱིན་གྱིས་བརླབས་སོ་ཞེས་པའོ། །འཇམ་པའི་དབྱངས་ཀྱི་སྒྲུབ་ཐབས་ཉེ་བར་བསྟན་པ་ཤེས་རབ་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཤེས་རབ་ཡེ་ཤེས་ཁོ་ན་རྡོ་རྗེ་ཆེན་པོ་སྟེ་རྡོ་རྗེ་རྩེ་ལྔ་པ་སྙིང་གར་ཟླ་བའི་དཀྱིལ་འཁོར་དུ་བསྒོམ་ པར་བྱའོ། །མཐའ་ཀླས་པ་ལ་གནས་པ་ནི་འོད་གསལ་བའི་དཀྱིལ་འཁོར་རོ། །དབང་ཆེན་མེ་ལ་ཡང་དག་འབྱུང་བ་ནི་དབང་ཆེན་ལ་གནས་པའི་མེའི་དཀྱིལ་འཁོར་ལ་གནས་པའོ། །མངོན་ཤེས་དྲུག་པ་ཉིད་ཀྱིས་ཞལ་དྲུག་པའོ། །སྔགས་ཀྱི་ཡི་གེ་དྲུག་ཉིད་ཀྱིས་ཡི་གེ་དྲུག་པའོ། ། རྗེས་སུ་དྲན་པ་དྲུག་གི་རྣལ་འབྱོར་གྱིས་ཕྱག་དྲུག་པ་སྟེ་གཉིས་ཀྱིས་བགྲང་ཕྲེང་དང་ཆུ་སྐྱེས་སྔོན་པོ་བསྣམས་པའོ། །གཉིས་ཀྱིས་རྡོ་རྗེ་དང་འཁོར་ལོ་བསྣམས་པ་གཉིས་ཀྱིས་སྟ་རེ་དང་ཐོད་པ་བསྣམས་པའོ། །ཡང་ན་ཞེས་བྱ་བ་ལ་སོགས་པ་འདི་ཁོ་ནའི་ཏིང་ངེ་འཛིན་ནི་གཞན་སྟོན་པར་བྱེད་དོ། །འདིས་ ཞལ་གཅིག་པར་ཡང་རྗོད་པར་བྱེད་དོ། །བསམ་བྱ་ཞེས་པ་ནི་ཀུན་ནས་མངོན་དུ་བྱ་བའོ། །རྣམ་ཐར་གསུམ་གྱི་སྒོ་ལ་གནས། །ཞེས་པ་ནི་སྟོང་པ་ཉིད་ལ་སོགས་པའི་རྣམ་པར་ཐར་པའི་སྒོ་གསུམ་ནི་ཞལ་ལོ། །ཕ་རོལ་ཕྱིན་དྲུག་མཆོག་ཏུ་གསལ། །ཞེས་པ་ནི་རིམ་པ་ལས་ཨ་ལ་ སོགས་པ་ཕ་རོལ་ཕྱིན་པའི་ཡི་གེའོ། །ཅི་ལྟར་བསྒོམ་པར་བྱ་ཞེས་ནི་ཤེས་རབ་ང་ཞེས་པ་ལ་སོགས་པ་དེ་འཆད་པར་བྱེད་དོ། །ཇི་ལྟར་དཀྱིལ་འཁོར་དུ་གདན་ལ་འདུག་ནས་ལྷའི་རྣལ་འབྱོར་བྱས་པ་དེའི་ང་རྒྱལ་ལམ་དེ་ཁོ་ན་ཉིད་མངོན་དུ་བྱེད་པ་སྔོན་དུ་འགྲོ་བས་ཇི་ལྟ་བ་བཞིན་དུ་བསྒོམ་པར་ 61-1-346b བྱའོ་ཞེས་པའོ། །པདྨ་རཱ་ག་ཞེས་པ་ལ་སོགས་པ་རྣམས་ཀྱིས་འཇམ་དཔལ་སྟོན་པར་བྱེད་དོ། །འདི་ཡང་རལ་གྲི་འཛིན་པ་ཚངས་པར་སྤྱོད་པའི་རང་བཞིན་ནོ། །མུཿཡིག་ཀྱང་འདིའི་སྔགས་སོ། །དང་པོར་ནི་ཤེས་རབ་ཀྱི་གཟུགས་སོ། །འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས་ཉེ་བར་བསྟན་པ་ སྙིང་གར་ཞེས་པ་ལ་སོགས་པ་གསུངས་པ་སྙིང་གར་པདྨ་འདབ་བརྒྱད་ལ་གནས་པའི་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་པདྨ་འཆང་བའོ་ཞེས་རྟོགས་པར་བྱས་པའོ། །ཕྱག་བཞི་ཞེས་པ་ནི་གཉིས་ཀྱིས་པདྨ་ཁ་འབྱེད་ཅིང་སྙེམས་པར་འཆང་བའོ། །གཉིས་ཀྱིས་པདྨའི་བགྲང་ཕྲེང་དང་རིལ་བ་སྤྱི་ བླུགས་འཛིན་པའོ། །གཡོན་པ་དག་པདྨ་དང་རིལ་བ་སྤྱི་བླུགས་འཛིན་པའོ། །གཡས་པ་དག་དབྱུག་པ་དང་བགྲང་ཕྲེང་གི་སྲད་བུ་འཛིན་པའོ། །རི་དགས་ཨེ་ན་ཡའི་པགས་པ་འཕྱང་བ། ཆུད་ནི་དཀྱིལ་འཁོར་ཆེན་པོ་ལ། །ཞེས་པ་ཟླ་བའི་དཀྱིལ་འཁོར་ལའོ། །ཆོས་ཀྱི་དབྱིངས་ལས་ཡང་ དག་བྱུང་སྟེ་སྟོང་པ་ཉིད་ལས་ངེས་པར་སྐྱེས་པའོ། །སྙིང་གར་ཡོངས་སུ་བསྒོམ་པར་བྱ། །ཞེས་པ་ནི་སྙིང་གར་ཟླ་བ་ལ་པདྨ་འབར་བའི་ཕྲེང་བ་འཁྲུགས་པ་ནི་འབར་བའི་ཕྲེང་བ་རབ་ཏུ་གསལ་བས་བསྐོར་བའོ། །འཇིག་རྟེན་གསུམ་རྒྱལ་བསྟན་པ་ཆོས་ཀྱི་དབྱིངས་ཞེས་པ་ལ་སོགས་པ་གསུངས་པ། སྣང་བའི་དངོས་པོ་ནི་རབ་ ཏུ་གསལ་བའོ། །མི་སྣང་བའི་དངོས་པོ་ནི་མི་སྣང་བའོ། །དེ་བཞིན་དུ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་སྐུ་རྣམས་ཀྱིས་སྤྲོས་ནས་མདུན་དུ་ཡང་དག་པར་བསྡུས་ནས་ལེགས་སོ་ཞེས་པའི་སྦྱོར་བས་དགུག་པ་ལ་སོགས་པ་ཅན་དུ་བྱས་ལ་ཡང་དང་ཡང་དུ་བསྒོམ་པས་བསྒྲུབ་པར་བྱའོ། ། རྡོ་རྗེ་ཧཱུཾ་མཛད་ཀྱི་སྒྲུབ་ཐབས་བསྟན་པ་ཐམས་ཅད་རྡོ་རྗེའི་རང་བཞིན་ཞེས་པ་ལ་སོགས་པ་གསུངས་པ། ཐམས་ཅད་དུ་རྡོ་རྗེ་འབར་བས་འཁྲུགས་པ་ཞེས་པ་ཇི་སྲིད་པར་རོ། །ནོར་བུ་ཡང་དག་འབྱུང་ཞེས་པ་ནི་འབར་བ་དང་བཅས་པའི་རིན་པོ་ཆེ་བརྒྱད་པ་དེའོ། །དེའི་ཞེས་པ་ནི་རིན་པོ་ཆེའི་དཀྱིལ་འཁོར་ གྱིའོ། །དེ་འདྲ་ཞེས་པ་ནི་རིན་པོ་ཆེའི་དཀྱིལ་འཁོར་དང་མཚུངས་པའིའོ། །དེའི་དབུས་སུ་ཇི་ལྟར་ངེས་པར་བསྟན་པ་ནི་རྣམ་པ་བཞིན་གཡོན་པ་བསྙེམས་པ་དང་བཅས་པ་དང་གཡས་པས་ཐུགས་ཀར་འབར་བ་དང་བཅས་པའི་རྡོ་རྗེ་གསོར་བའོ། །རྡོ་རྗེ་ཧཱུཾ་མཛད་དུ་བདག་ཉིད་བསྒོམ་པར་ 61-1-347a བྱའོ། །ཐུགས་སོན་པའི་ཞེས་པ་ལ་སོགས་རྣམས་ཀྱིས་འདོད་པའི་རྒྱལ་པོའི་སྒྲུབ་ཐབས་སྟོན་པར་བྱེད་དོ། །ཁྲག་མདོག་དམར་པོ་ཕྱག་བཞི་པ་སྟེ། གཉིས་ཀྱིས་གཞུ་དང་མདའ་འཛིན་པ་གཉིས་ཀྱིས་བསྙེམས་པ་དང་བཅས་པས་རྡོ་རྗེ་གསོར་བ་ལ་བརྩོན་པའོ། ། བྱམས་པའི་སྒྲུབ་ཐབས་བསྟན་པ་དབང་ཆེན་ཞེས་པ་ལ་སོགས་པ་གསུངས་པ། སྙིང་གར་ཟླ་བའི་གཟུགས་བརྙན་ཞེས་པ་ནི་སྙིང་གར་ཟླ་བའི་དཀྱིལ་འཁོར་འཛིན་པའོ། །རྡོ་རྗེ་འབར་བའི་ཕྲེང་བ་བཅས། །ཞེས་པ་ནི་ཟླ་བའི་དཀྱིལ་འཁོར་དེ་ཉིད་འབར་ཕྲེང་དང་བཅས་པའི་རྡོ་རྗེའོ། །ཅིག་ ཅར་བྱས་ནས་ཞེས་པ་ནི་ཁྱབ་པའོ། །རང་བཞིན་ཞེས་པ་ནི་རང་གི་ལུས་ཀྱི་རྡོ་རྗེ་རྣམས་ཀྱིས་སེམས་ཅན་རྣམས་ལ་སྤྲོ་ཞིང་དབང་བསྐུར་རོ། །སེམས་ཅན་ཐམས་ཅད་བདག་ཉིད་དུ་གྱུར་པ་འདིའོ་ཞེས་པས་སེམས་ཅན་ཀུན་བདག་ཉིད་དོ། །མངོན་པར་དབང་བསྐུར་ཞེས་པ་དབང་བསྐུར་བ་ རྫོགས་པར་བྱ་བའི་དོན་ཏོ། །ཡང་ན་ཞེས་པ་ལ་སོགས་པས་བསྒོམ་པ་གཞན་སྟོན་པར་བྱེད་དོ། །སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལ་སོགས་པར་མོས་ནས་མི་འཕམ་པ་དང་གཉིས་སུ་མེད་པར་གྱུར་པ་དེ་ངའོ་ཞེས་པའི་ང་རྒྱལ་གྱིས་བསྒོམ་པར་བྱའོ། །ཐིམ་པ་ནི་ཡིད་ས་གཅིག་ ཏུ་དམིགས་པ་ཉིད་དོ། །ལ་སོགས་པའི་སྒྲས་དམིགས་པ་ངག་གཞན་འཕོ་བའོ། །ཕྱོགས་ཀྱི་དབྱེ་བས་ཞེས་པ་ནི་ཕྱོགས་གཅིག་ཏུ་ལྷག་པར་མོས་ནས་ཞེས་བྱ་བ་ལ་སོགས་པ་རྣམས་ཀྱིས་སོ། །པདྨ་རཱ་ག་མཚུངས་པའི་འོད། །ཅེས་པ་ནི་དེའི་ཁ་དོག་གི་འོད་ཀྱི་དཀྱིལ་འཁོར་རོ། ། དང་པོའི་རྣལ་འབྱོར་ཞེས་པ་ལ་སོགས་པ་རྣམས་ཀྱིས་འདིའི་སྔགས་ཀྱི་སྔོན་གྱི་ཏིང་ངེ་འཛིན་གྱི་རབ་ཏུ་སྦྱོར་བ་ཉིད་སྟོན་པར་བྱེད་དོ། །གཉིས་པ་ཡི་ནི་ཕྱི་མ་ཅན་དུ་བལྟ་བར་བྱའོ། །བྱམས་པའི་རྣལ་འབྱོར་གྱིས་ཞེས་པ་ནི་བྱམས་པའི་ཏིང་ངེ་འཛིན་གྱིས་སོ། །ནམ་མཁའི་སྙིང་པོའི་ སྒྲུབ་ཐབས་བསྟན་པ་ནམ་མཁའི་ང་ཞེས་པ་ལ་སོགས་པ་གསུངས་པ་སྟེ་ཡང་དག་བསམ་ཞེས་པ་ནི་ལྷག་པར་མོས་ནས་སོ། །ཆོས་བདག་མེད་པ་བསྐྱེད་པ་ཞེས་པ་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་མངོན་དུ་བྱས་ནས་སོ། །ནམ་མཁའི་འོད་ཟེར་རྣམས་ནི་བཻ་ཌཱུརྱའི་འོད་ཟེར་ 61-1-347b རྣམས་སོ། །ནམ་མཁའ་མཉམ་པ་ཞེས་པ་ནི་རང་བཞིན་གྱིས་སྟོང་པའོ། །བདག་གི་དེ་ཉིད་ཅེས་པ་ནི་ནམ་མཁའི་སྙིང་པོ་ཉིད་དོ། །ཅི་འདྲ་ཞིག་བསྒོམ་པར་བྱ་ཞེ་ན། རིན་ཆེན་དཀྱིལ་འཁོར་ཞེས་པ་ལ་སོགས་པ་གསུངས་པ་རིན་ཆེན་རྣལ་འབྱོར་གྱིས་ཞེས་པ་རིན་པོ་ཆེ་སྤྲོ་བ་ དང་བསྡུ་བའི་རིམ་པས་སོ། །ཀུན་དུ་བཟང་པོའི་སྒྲུབ་ཐབས་བསྟན་པའི་ཕྱིར་སངས་རྒྱས་ཀུན་གྱི་རང་བཞིན་ཞེས་པ་ལ་སོགས་པ་གསུངས་པ། འོད་བཟང་པོ་ཞེས་པ་ནི་མཛེས་པའི་འོད་དོ། །མཚུངས་པར་བྱ་ཞེས་པ་ནི་རང་གི་ལུས་ཀྱི་ཕྲ་རབ་ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི་སྐུ་ ཉིད་དུ་ཡོངས་སུ་གྱུར་པར་བྱའོ། །དཀྱིལ་འཁོར་འཁོར་ལོ་ནི་འཁོར་དང་བཅས་པའི་དཀྱིལ་འཁོར་གྱི་འཁོར་ལོའོ། །མཚུངས་བྱ་སྟེ་ཞེས་པ་ནི། རང་གི་བ་སྤུའི་ཁུང་བུའི་གྲངས་གང་ཡིན་པ་དེ་རྣམས་སུ་གནས་པས་མཉམ་པར་བྱའོ། །འདི་ཉིད་ཅེས་པ་ནི་རང་གི་མིང་ ཉིད་དོ། །སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའི་སྒྲུབ་ཐབས་བསྟན་པ་ཟླ་བའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་གསུངས་པ། སྔགས་ཀྱི་སྦྱོར་བ་ཞེས་པ་ནི་གསང་སྔགས་ཀྱི་དོན་སྒོམ་པར་བྱེད་པས་སོ། །ཐམས་ཅད་བསྒོམ་པར་སྦྱོར་བ་ཡིས། །ཞེས་པ་ལྷ་དང་ བཅས་པའི་རང་གི་གཟུགས་མངོན་དུ་བྱེད་པ་ཡིས་སོ། །ཕྱག་རྒྱ་ཀུན་གྱིས་ཞེས་པ་ནི་སྐུ་ལ་སོགས་པའི་ཕྱག་རྒྱ་རྣམས་ཀྱིས་སོ། །ཐམས་ཅད་དུ་ཞེས་པ་རྣམ་པ་ཐམས་ཅད་ཀྱིས་སོ། །མཚུངས་བྱས་ནས་ཞེས་པ་ནི་གདོད་ནས་མ་སྐྱེས་པ་ལ་སོགས་པའི་རང་བཞིན་གྱི་བདག་དང་ རང་གི་ལྷ་ཐ་མི་དད་པར་བྱས་ནས་སོ། །རྗེས་སུ་རྣལ་འབྱོར་གྱིས་ཞེས་པ་ནི་ལྷ་ནང་དུ་བཅུག་ནས་དེའི་ང་རྒྱལ་གྱིས་སོ། །མེའི་ཡོངས་སུ་བསྐོར་བ་ཞེས་པ་ནི་མེ་ལ་དབང་ཆེན་དུ་དེ་ཟླ་བ་ལ་གནས་པའོ། །སའི་སྙིང་པོའི་སྒྲུབ་ཐབས་བསྟན་པ་དབང་པོ་ཆེན་དང་ཞེས་པ་ལ་སོགས་ པ་གསུངས་པ། རྡོ་རྗེ་ཡི་ནི་དབུས་ན་གནས། །ཞེས་པ་དབང་ཆེན་དང་རྡོ་རྗེ་དེ་ལ་པདྨ་གནས་པའོ། །རྡོ་རྗེའི་ཕྱག་རྒྱ་སྙིང་གར་གནས། །ཞེས་པ་ནི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ལ་རྡོ་རྗེའི་ཕྱག་རྒྱ་དེའོ། །བློ་གྲོས་མི་ཟད་པའི་སྒྲུབ་ཐབས་ཉེ་བར་བསྟན་པའི་ཕྱིར་མི་ཟད་ཅེས་པ་ལ་ 61-1-348a སོགས་པ་གསུངས་པ་འདིས་འདི་དག་སྟོན་པར་བྱེད་དོ། །དེ་བཞིན་གཤེགས་པ་ནི་ཟད་པ་མེད་པ་ཟད་པ་མེད་པ་ནི་དབྱེར་མེད་པའི་ཤེས་རབ་ཀྱི་རང་བཞིན་འདིས་བཅོམ་ལྡན་འདས་སོ། །མེའི་དཀྱིལ་འཁོར་ནི་མེ་ལྷའི་དཀྱིལ་འཁོར་དེ་ལ་ཟླ་བ་ལ་གནས་པར་བསམ་པར་ བྱའོ། །ནམ་མཁའ་མཛོད་ཀྱི་སྒྲུབ་ཐབས་བསྟན་པ་ཐམས་ཅད་གཏོང་བ་ཞེས་པ་ལ་སོགས་པ་གསུངས་པ། མེ་ལོང་ལྟ་བུར་བྱང་ཆུབ་སེམས། །ཞེས་པ་ནི་ཟླ་བའི་དཀྱིལ་འཁོར་རོ། །རྡོ་རྗེའི་རྣལ་འབྱོར་བདག་ཅེས་པ་ནི་ལྷ་དང་དབྱེར་མི་ཕྱེད་པའི་ང་རྒྱལ་ཅན་ནོ། །ནམ་མཁའ་ལ་ རིན་ཆེན་འབྱུང་གནས་ཞེས་པ་སྟོང་པ་ཉིད་བསྒོམ་པ་སྔོན་དུ་འགྲོ་བས་རིན་པོ་ཆེའི་མཚན་མ་རྨད་དུ་བྱུང་བའོ། །ལག་ན་རིན་ཆེན་གྱི་སྒྲུབ་ཐབས་ཉེ་བར་བསྟན་པ་རིན་ཆེན་དཀྱིལ་འཁོར་ཞེས་པ་ལ་སོགས་པ་གསུངས་པ། རིན་ཆེན་དཀྱིལ་འཁོར་ལས་བྱུང་ཞེས་པ་རིན་པོ་ཆེའི་འོད་ཟེར་འབར་ བ་ལས་རྫོགས་པ། རིན་པོ་ཆེའི་གཟི་བརྗིད་ཀྱི་མཆོག་རིན་པོ་ཆེའི་འོད་གསལ་བའི་དཀྱིལ་འཁོར་རོ། །རྡོ་རྗེའི་རྣལ་འབྱོར་གྱིས་ཞེས་པ་རང་ལྷ་དང་དབྱེར་མི་ཕྱེད་པའི་རབ་ཏུ་སྦྱོར་བས་སོ། །དབང་ཆེན་མེ་ལས་ཡང་དག་འབྱུང་། །ཞེས་པ་དབང་ཆེན་གྱི་དཀྱིལ་འཁོར་ལ་གནས་པའི་མེའི་ དཀྱིལ་འཁོར་ལ་རྣམ་པར་གནས་པའོ། །བློ་གྲོས་རྒྱ་མཚོའི་སྒྲུབ་ཐབས་ཉེ་བར་བསྟན་པ་ཆོས་དབྱིངས་ཞེས་པ་ལ་སོགས་པ་གསུངས་པ། ཆོས་དབྱིངས་མཉམ་པ་ཞེས་པ་དོན་དམ་པ་གཉིས་སུ་མེད་པའོ། །བདུད་རྩིའི་ཆུ་ཡིས་ཡོངས་བཀང་བ། །ཞེས་པ་ནི་ཀུན་རྫོབ་ཏུ་བདུད་རྩིའི་ རང་བཞིན་གྱི་མཚོའོ། །དེར་པདྨ་གཅིག་རྣམ་པར་གནས་པའོ། །ཆུ་ལྷའི་ལུས་ཞེས་པ་ནི་ཆུ་ལྷའི་དཀྱིལ་འཁོར་རོ། །རྩེ་མོ་བརྒྱ་པ་བྱུང་ཞེས་པ་ནི་རྩེ་མོ་བརྒྱ་དང་ལྡན་པའོ། །རྡོ་རྗེ་སྙིང་པོའི་སྒྲུབ་ཐབས་བསྟན་པའི་ཕྱིར། དབང་ཆེན་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་གསུངས་ པ་གང་གང་ལ་སོགས་པར་སྤྲོ་ན་གཏུག་ཅིང་མཐོ་བ་ཞེས་པ་ནི་སྤྲིན་བཞིན་དུ་མཐོ་བའོ། །སྙིང་གར་རྡོ་རྗེ་ཞེས་པ་ནི་སྙིང་གར་ཟླ་བ་ལ་རྡོ་རྗེ་དང་བཅས་པའོ། །དགུག་ཅེས་པ་ལ་སོགས་པས་གཉིས་སུ་མེད་པ་ཉིད་དུ་བསྟན་ཏོ་ཞེས་པའོ། །རྡོ་རྗེ་ང་ཞེས་པ་སྟེ་རྡོ་རྗེ་སྙིང་པོ་ངའོ། །བདག་ 61-1-348b གི་རྣལ་འབྱོར་གྱིས་ཞེས་པ་ནི་དེ་དང་གཉིས་སུ་མེད་པའི་རྣལ་འབྱོར་གྱིས་སོ། །རྡོ་རྗེ་ཉིད་གྱུར་ཞེས་པ་ནི་རྡོ་རྗེ་སྙིང་པོའོ། །རྩེ་མོ་དྲུག་ཅེས་པ་ནི་གཉིས་ཀར་དུ་རྩེ་མོ་གསུམ་པ་ཅན་ནོ། །རིན་ཆེན་འབྱུང་གནས་ཀྱི་སྒྲུབ་ཐབས་བསྟན་པ་དབང་ཆེན་ལྷ་ཞེས་པ་ལ་སོགས་པ་གསུངས་པ། གནས་ཞེས་པ་ནི་པདྨའི་གནས་ལ་ནོར་བུ་དང་ཟླ་བའི་དཀྱིལ་འཁོར་གྱི་གདན་ལའོ། །མཁའ་འདྲའི་རྣམ་པ་ཞེས་པ་ནི་བཻ་ཌཱུརྱའི་རྣམ་པར་རོ། །སྙིང་གར་གནས་ཞེས་པ་ནི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་གནས་པའོ། །རིན་ཆེན་རྣལ་འབྱོར་གྱིས་ཞེས་པ་ནི་རིན་ཆེན་འབྱུང་གནས་ དང་གཉིས་སུ་མེད་པའི་རྣལ་འབྱོར་གྱིས་སོ། །ཐམས་ཅད་རྣལ་འབྱོར་གྱིས་ཞེས་པ་ནི་རིན་པོ་ཆེ་ཐམས་ཅད་ཀྱི་ཆར་འབེབས་པའི་སྦྱོར་བས་སོ། །རྡོ་རྗེ་སྙིང་པོ་རྒྱན་དུ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྒྲུབ་ཐབས་རྣམ་པར་འབྱེད་པའོ། །ཁྲོ་བོ་དང་གཟུངས་ཐམས་ཅད་ཀྱི་ཕྱག་ རྒྱ་དང་དཀྱིལ་འཁོར་ཉེ་བར་བསྟན་པ་དེ་ནས་བཅོམ་ལྡན་འདས་ཞེས་པ་ལ་སོགས་པ་གསུངས་པ་མེ་ལྷའི་དབུས་ནས་དབུས་སུ་ཞེས་པ་ནི་རླུང་གི་དཀྱིལ་འཁོར་གྱི་དབུས་སུ་མེ་ལྷ་ཁྲོ་བོ་ཐམས་ཅད་ཅེས་པ་གཡས་བརྐྱང་དང་གཡོན་བརྐྱང་གིས་ཀུན་ནས་གནས་པ་མདུང་དང་དབྱུག་པ་ ལ་སོགས་པས་རབ་ཏུ་འཇོམས་པར་བྱེད་པའི་རང་བཞིན་ཅན་ནོ། །གང་འདིའི་དཀྱིལ་འཁོར་དུ་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་རྣམས་ཉེ་བར་དགོད་པ་ཡི་གེ་གཅིག་ཅེས་པ་ལ་སོགས་པ་གསུངས་པ་ཧཱུཾ་ཡི་གེས་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་དགོད་དེ་དེའི་གཟུགས་ནི་འཆད་པར་འགྱུར་ བ་ཉིད་ཀྱི་ཕྱིར་འདིར་མ་བསྟན་ཏོ། །དེ་ཉིད་ཅེས་པ་ནི་ཡི་གེ་གཅིག་པའོ། །དབྱངས་བདུན་པ་ནི་ཨེ་ཡིག་སྟེ་དེས་རྣམ་པར་རྒྱལ་བ་ནི་ཧེ་རུ་ཀའི་སྔགས་སོ། །དཔལ་ཧེ་རུ་ཀ་ཁོ་ན་རྡོ་རྗེ་ཆེན་པོ་དང་དབྱེར་མེད་པ་ཉིད་ཀྱི་ཕྱིར་རོ། །འཇིག་པའི་ཐལ་བ་མཆོག་ཏུ་འབར། །ཞེས་ པ་ནི་ཟད་པའི་དུས་ཅན་གྱི་ཐལ་བའི་མདོག་གོ། །སྔོན་པོ་འབར་བའི་རང་བཞིན་ཞེས་པ་ནི་འོད་ཟེར་སྔོན་པོའི་དཀྱིལ་འཁོར་རོ། །མེ་འབར་གསལ་བའི་དཀྱིལ་འཁོར་ཞེས་པ་ནི་དེ་ཉིད་རབ་ཏུ་གསལ་བའི་དཀྱིལ་འཁོར་འབར་བ་ཡང་དག་པར་ཚོགས་པའོ། །འཇིགས་པ་ཆེན་ 61-1-349a པོའི་དུས་ཅན་གྱི། །ཆར་སྤྲིན་དང་ནི་འདྲ་བའི་འོད་ནི་སྐུ་ལའོ། །དེ་ཉིད་ལ་བ་སྤུའི་ཁུང་བུ་སོ་སོ་རྣམས་སུ་དམར་པོ་འབར་བ་འཁྱིལ་ཞིང་བྲེལ་བས་ཀུན་ནས་འབར་བའི་རྡོ་རྗེ་དང་ཐོད་པའི་ཅོད་པན་ཅན་རྒོད་མ་ཁའི་མེ་བཞིན་རྣམ་པར་འཇིགས་པར་བྱེད་པའོ། །རབ་ འབར་སྣང་བར་གར་མཛད་པས། །ཞེས་པ་ནི་རབ་ཏུ་འབར་བའི་ལྟ་བས་རྣམ་པར་སྐྱོད་པར་བྱེད་པ་ཉིད་ཀྱིས་སོ། །ཅིག་ཅར་གྱུར་པས་ཞེས་པ་ནི་གར་གྱིས་མཉེས་པར་བྱས་པ་ཉིད་ཀྱིས་སོ། །དེ་ཉིད་བཅོམ་ལྡན་རྣལ་འབྱོར་ཏེ། །ཞེས་པ་ནི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོའོ། ། ཕྱག་དྲུག་རྣམས་ཀྱིས་ནི་གཡས་པ་དང་གཡས་མིན་རྣམས་མདུང་དང་དབྱུག་པ་དང་། ཐོད་པ་དང་རྡོ་རྗེ་དང་དགྲ་སྟ་དང་ཧཱུཾ་མཛད་ཀྱི་སོར་མོའི་མཚན་མ་རྣམས་སུ་ཤེས་པར་བྱའོ། །སྙིང་པོ་དང་ཉེ་བའི་སྙིང་པོ་དང་རྩ་བའི་སྔགས་རྣམས་རིམ་པས། ཨོཾ་ཨཱཿཧཱུཾ་ཞེས་བྱ་བ་ལ་སོགས་ པ་རྣམས་སོ། །ཐུགས་རྗེའི་ཁྲོ་བོ་བློ་ལྡན་ནི་སངས་རྒྱས་དེ་རྣམས་ཀྱི་དང་ཚུལ་གཞན་དོན་གྱི་མཚན་ཉིད་ཉེ་བར་སྤྱོད་པའོ་ཞེས་པའོ། །ཇི་སྲིད་དུ་ཁྲོ་བོའི་གཟེགས་མ་ནི་ཨུཏྤལ་སྔོན་པོའི་ཁ་དོག་གོ། །དམར་པོ་འབར་བཅས་ནི་འོད་ཀྱི་དཀྱིལ་འཁོར་རོ། །སངས་རྒྱས་ཀྱི་ ཅོད་པན་ཅན། རྡོ་རྗེ་དང་དབྱུག་པ་ལ་སོགས་པའི་མཚན་མ་ཅན་ནོ། །དེའི་ཁྲོ་གཉེར་བསྙེར་བ་ནི་སྨིན་མ་དམར་པོ་གཉིས་བསྙེར་བའོ། །སྐད་ཅིག་སྐད་ཅིག་ལ་འབྱིན་པར་བྱེད་པ་བསྒོམ་པར་བྱའོ། །རྡོ་རྗེ་སེམས་དཔའ་ཞེས་པ་དབྱེ་བར་བྱར་མེད་པའི་སེམས་དཔའོ། །ཆུའི་ གནས་སུ་མེ་ལ་རྣམ་པར་གནས་པའི་གཡས་པ་དང་གཡས་མིན་དག་གིས་པདྨ་དང་རྡོ་རྗེ་དང་ཧཱུཾ་མཛད་ཀྱི་སོར་མོའི་མཚན་མ་ཅན་གྱི་བཅོམ་ལྡན་འདས་རྟ་མགྲིན་ནོ། །ཐམས་ཅད་སློང་བ་ཞེས་པའི་སློང་བའི་དངོས་གྲུབ་བོ། །ཀུན་སྦྱོར་བདག་གི་རྣལ་འབྱོར་གྱིས། །ཞེས་པ་ནི་རྫོགས་ པའི་སངས་རྒྱས་དང་གཅིག་པ་ཅན་དུ་བསྒོམས་པས་རླུང་གི་གནས་སུ་མེའི་དཀྱིལ་འཁོར་གྱི་དབུས་སུ་སོན་པའི་གཡས་པ་དང་གཡས་མིན་དག་གིས་རལ་གྲི་དང་ཞགས་པ་འཛིན་པའི་བཅོམ་ལྡན་འདས་མི་གཡོ་བའོ། །རྡོ་རྗེ་སྙིང་པོ་རྒྱན་དུ་ཁྲོ་བའི་དཀྱིལ་འཁོར་རྣམ་པར་འབྱེད་ 61-1-349b པའོ། །གཟུངས་མའི་དཀྱིལ་འཁོར་གྱི་སྐབས་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་པ་གཟུངས་མའི་དབང་ཕྱུག་རྒྱལ་པོ་ཞེས་པ་ནི་རྣམ་པར་སྣང་མཛད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དཀྱིལ་འཁོར་ཉེ་བར་བསྟན་པ་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ ལ་སོགས་པ་རྡོ་རྗེ་ཉིད་རིན་པོ་སྟེ་དེ་རྣམས་ཀྱི་འདབ་མའི་ཕྱི་རྣམས་སུ་བརྒྱན་པའོ། །སྣ་ཚོགས་ལས་འདྲ་འབར་རྣམས་ལ། །ཞེས་པ་འདབ་མ་ཁ་དོག་སྣ་ཚོགས་པ་རྣམས་སུ་ཤེས་རབ་འོད་ཀྱིས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ནི་སྒྲུབ་པར་བྱེད་པའི་ཐབས་ཉིད་ཀྱི་ཕྱིར་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་རྣམས་ཏེ་ཨོཾ་བོདྷི་ཙིཏྟ་བཛྲ་ཞེས་བྱ་བ་ལ་སོགས་པའི་ཚིག་རྣམས་སོ། །ཕྱོགས་ཆའི་དབྱེ་བ་ནི་ཡི་གེ་དེ་དང་དེ་རྣམས་སེར་པོ་ལ་སོགས་པའི་ཁ་དོག་རྣམས་སུའོ། །ཤེས་རབ་འོད་ཀྱི་དཀྱིལ་འཁོར་གྱིས། །ཞེས་པ་ནི་རལ་གྲིའི་འོད་ཟེར་གྱི་འཁོར་ ལོ་རྣམས་ཀྱིས་སོ། །དེ་དག་ཀུན་ཞེས་པ་ནི་གང་འོད་ཀྱིས་སྣང་བར་གྱུར་པ་དེ་ལ་བྱའོ། །ལྷའི་གཟུགས་དང་ཡང་དག་མཚུངས། །ཞེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་ཉིད་ཀྱིས་ཡོངས་སུ་གྱུར་པ་ཉིད་དོ། །སྔགས་ཀྱི་དཀྱིལ་འཁོར་ཞེས་པ་ནི་ཨོཾ་བོདྷི་ཙིཏྟ་བཛྲ་ ཞེས་པ་ལ་སོགས་པའོ། །ཀུན་དུ་ཞེས་བྱ་བ་ལ་སོགས་པ་རྣམས་ཀྱིས་འདིའི་ཁྱབ་པ་ཉིད་སྟོན་པར་བྱེད་དོ། །གྲོལ་བ་དེ་སྲིད་དུ་སྒྲིབ་པ་མེད་པའི་སེམས་ཅན་རྣམས་ལ་དེ་རྣམ་པར་གནས་སོ། །གང་གི་ཕྱིར་སྒྲིབ་པ་དང་བཅས་པ་རྣམས་ལ་ཇི་ལྟར་ཞེ་ན་གསུངས་པ་ཀུན་རྫོབ་དང་ཞེས་བྱ་བ་ལ་ སོགས་པ་སྟེ་རབ་ཏུ་བརྟགས་ཞེས་པ་ནི་རྣམ་པར་གཞག་པའོ། །དེ་འཆད་པར་འགྱུར་བ་དག་པའི་རྟག་ཏུ་སེམས་ཅན་རང་བཞིན་མེད་པའམ། ཟག་པ་མེད་པ་ལ་སོགས་པའི་ཡོན་དང་ལྡན་པའོ། །སྒྲིབ་པ་དང་བཅས་པའི་རྒྱུད་རྣམས་ཀྱི་དབང་པོ་དང་གཤིན་རྗེ་ལ་སོགས་ པས་བཅིངས་པ་ཉིད་ཀྱི་ཕྱིར་རིག་བྱར་རྣམ་པར་གཞག་གོ་ཞེས་པའོ། །དེ་ཉིད་ཀྱི་ནུས་པ་གསུངས་པ། ཇི་ལྟར་བུད་ཤིང་ཞེས་པ་ལ་སོགས་པ་སྟེ། ཐམས་ཅད་དུ་སེམས་ཅན་རྣམས་ཐམས་ཅད་ལ་ཞེས་པ་ལ་སོགས་པ་རྣམས་ཀྱི་དཀྱུས་མའི་དོན་ཉེ་བར་སྡུད་པར་ 61-1-350a བྱེད་དོ། །ཀུན་མཁྱེན་ཡེ་ཤེས་ཀྱིས་ཞེས་བྱ་བ་ཞེས་གསུངས་པའོ། །དེའི་དཔེ་རྣམས་ཀྱིས་ཡང་དག་པའི་དོན་གང་ཡིན་པ་གསུངས་པ་རྣལ་འབྱོར་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་ཏེ་ཞེས་པ་ནི་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ཉིད་དོ། །བསམ་བྱ་ཞེས་པ་ནི་མངོན་དུ་ཕྱོགས་པར་བྱའོ། །འདིའི་ཡི་གེ་དེ་ཁོ་ན་ཉིད་ཅེས་པ་ནི་གསུངས་པའི་དོན་ཉེ་བར་སྡུད་པར་བྱེད་པའོ། །དེ་ཁོ་ན་ཡི་གེ་བསྟན་པ་གསུངས་པ། བཞི་པ་ཞེས་པ་ལ་སོགས་པ་སྟེ་འདི་ནི་སྙིང་པོའོ། །སྔགས་ཀྱི་སྒྲས་སྙིང་པོ་ དང་ཉེ་བའི་སྙིང་པོ་ལ་ཡང་བལྟ་བར་བྱའོ། །སངས་རྒྱས་སྤྱན་གྱི་སྒྲུབ་ཐབས་ཉེ་བར་བསྟན་པའི་ཕྱིར་གཉིས་པ་ཞེས་པ་ལ་སོགས་པ་གསུངས་པ་རྣལ་འབྱོར་མ་རྣམས་ཀྱི་ཞེས་པ་ནི་གཟུངས་མ་རྣམས་ཀྱིའོ། །དབང་ཆེན་ཡི་གེའི་མཐར་ཐུག་པ། །ཞེས་པ་ནི་རང་གི་སྔགས་ཀྱི་ཡི་གེ་ སེར་པོ་དང་ལྡན་པའི་འོད་ཀྱི་དཀྱིལ་འཁོར་གྱི་མཐར་ཐུག་པའོ། །སྤྱན་གྱི་ཕྱག་རྒྱ་ནི་མི་གསུངས་པའི་ཕྱག་རྒྱའོ། །གོས་དཀར་མོའི་སྒྲུབ་ཐབས་བསྟན་པ་ཆུའི་དཀྱིལ་འཁོར་ཞེས་པ་ལ་སོགས་པ་གསུངས་པ། སྔགས་ཀྱི་ཡི་གེའི་ཕྲེང་བ་ཆེ། །ཞེས་པ་ནི་རང་གི་སྔགས་ ཀྱི་ཡི་གེས་བརྒྱན་ཞིང་འོད་གསལ་བར་རབ་ཏུ་འབྱུང་ཞིང་ཐིམ་པས་སོ། །པདྨའི་དཀྱིལ་འཁོར་ནི་ཆུའོ། །དེ་ལ་སྒྲུབ་པའི་ཐབས་ནི་ཟླ་བ་ལ་སོགས་པ་རྣམས་ཀྱིས་སོ། །འཕགས་མ་སྒྲོལ་མའི་སྒྲུབ་ཐབས་ངེས་པར་བསྟན་པ་སྔོ་བསངས་ཞེས་པ་ལ་སོགས་པ་གསུངས་པ། སྔོ་བསངས་ དཀར་མོ་ཞེས་པ་སྤྲི་ཡང་ཀུའི་ཁ་དོག་གོ། །ཟླ་བའི་དཀྱིལ་འཁོར་དབུས་གནས་པ། །ཞེས་པ་པདྨ་དང་ཟླ་བའི་དཀྱིལ་འཁོར་ལ་གནས་པའོ། །རོལ་པ་ཡི་སྟེ་སྔགས་ཀྱི་ཡི་གེ་དེ་ཁོ་ན་མཆོད་བཞིན་པ་དེ་རྣམས་ཀྱིས་སོ། །ཆོས་ཀྱི་ཕྱག་རྒྱ་ཞེས་པ་སྔགས་སོ། །མཐའ་ཡས་ མཆོག་ཅེས་པ་ཐོག་མ་དང་ཐ་མ་མེད་པའོ། །ཁྲོ་གཉེར་ཅན་གྱི་སྒྲུབ་ཐབས་ཉེ་བར་བསྟན་པ་དཀྱིལ་འཁོར་ཆེན་པོའི་དབུས་ཞེས་པ་ལ་སོགས་པ་གསུངས་པ་ཟླ་བའི་དཀྱིལ་འཁོར་དབུས་ཞེས་པ་ནི་པདྨ་ལ་གནས་པའི་ཟླ་བའི་དཀྱིལ་འཁོར་གྱི་དབུས་སོ། །ཕྱག་བཞི་ཞེས་ 61-1-350b པ་ནི་བགྲང་ཕྲེང་དང་ཆུ་སྐྱེས་དང་མཆོག་སྦྱིན་དང་སྤྱི་བླུགས་འཛིན་པའོ། །སྔགས་ཀྱི་ཕྲེང་བས་རྣམ་པར་བརྒྱན། །ཞེས་པ་ནི་འོད་ཀྱི་དཀྱིལ་འཁོར་དུ་རང་གི་སྔགས་ཀྱི་ཕྲེང་བས་བརྒྱན་པའོ། །མཱ་མ་ཀཱིའི་སྒྲུབ་ཐབས་བསྟན་པ་ཉི་མའི་དཀྱིལ་འཁོར་དབུས་ཞེས་པ་ལ་སོགས་པ་གསུངས་པ་རྡོ་རྗེར་ བཅས་ཞེས་པ་ནི་དབུས་སུ་གནས་པའི་རྡོ་རྗེའོ། །རྡོ་རྗེའི་ཕྲེང་བས་ཀུན་དུ་བསྐོར། །ཞེས་པ་རྡོ་རྗེའི་ཕྲེང་བ་བཅིངས་པའོ། །གཟི་བརྗིད་དཀྱིལ་འཁོར་བསྐོར་བའོ། །ཞེས་པ་ནི་འོད་ཟེར་དང་བཅས་བཞིན་པའོ། །ཕྱག་བཞི་ཞེས་པ་ནི་གཡོན་པ་དག་གིས་རྡོ་རྗེ་དང་སྤྱི་བླུགས་འཛིན་པ། གཡས་པ་དག་གིས་མཆོག་སྦྱིན་དང་བགྲང་ཕྲེང་འཛིན་པའོ། །སྔགས་ཀྱི་ཡི་གེ་ཕྲེང་བ་ཞེས་པ་རང་གི་སྔགས་ཀྱི་ཡི་གེའི་ཕྲེང་བས་བརྒྱན་པའི་སྔགས་ཀྱི་དཀྱིལ་འཁོར་རོ། །རྡོ་རྗེའི་དབུས་སུ་རབ་ཞུགས་ཞེས་པ་རྡོ་རྗེ་ལ་གནས་པའོ། །རྡོ་རྗེ་མེ་ཡི་ཕྲེང་བ་ཆེ། །ཞེས་པ་ལ་སོགས་པ་རྣམས་ཀྱི་ཏིང་ ངེ་འཛིན་ནི་གཞན་སྟོན་པར་བྱེད་དོ། །རྡོ་རྗེ་མེ་ནི་རྡོ་རྗེ་འབར་བ་སྟེ་ཁོ་ན་ཕྲེང་བ་ཆེན་པོ་གང་ཡིན་པ་དེ་རྡོ་རྗེ་མེའི་ཕྲེང་བ་ཆེའོ། །རྡོ་རྗེ་འབར་བས་རྣམ་པར་བརྒྱན། །ཞེས་པ་ནི་འོད་ཟེར་གྱིས་བསྐོར་བའོ། །སྔགས་གཉིས་ལ་རིམ་པས་ཏིང་ངེ་འཛིན་གཉིས་ཀྱི་ཚད་དུའོ། །རྡོ་རྗེ་ལྕགས་སྒྲོག་གི་སྒྲུབ་ཐབས་ ཉེ་བར་བསྟན་པའི་ཕྱིར་རླུང་གི་དཀྱིལ་འཁོར་ཞེས་པ་ལ་སོགས་པ་གསུངས་པ། དེས་ན་སྤྲོས་པ་ལས་སྐུ་ཞེས་པ་ནི་དབུས་སུ་རབ་ཏུ་གནས་པའོ། །ཕྱག་བཞི་ཞེས་པ་ནི་གཡོན་པ་བསྙེམས་པས་རྡོ་རྗེ་ལྕགས་སྒྲོག་འཛིན་པ་གཡས་པས་འབར་བ་དང་བཅས་པས་རྡོ་རྗེ་གསོར་བ་གཉིས་དག་གིས་ཀྱང་ཧཱུཾ་མཛད་ ཀྱི་སོར་མོ་དང་མཆོག་སྦྱིན་པའོ། །རྡོ་རྗེས་བརྒྱན་ཞེས་པ་ནི་རྡོ་རྗེས་མཚན་པའི་རྒྱན་གྱིས་བརྒྱན་པའོ། །རྡོ་རྗེ་འབར་བ་འཁྲུག་ཅེས་པའི་འོད་ཀྱི་དཀྱིལ་འཁོར་དུའོ། །དེ་ཡི་ཐུགས་ཀར་རྡོ་རྗེ་ཆེ། །ཞེས་པའི་ཐུགས་ཀར་ཟླ་བ་ལ་གནས་པའི་རྡོ་རྗེ་རྩེ་ལྔ་པས་བརྒྱན་པའོ། །འཕགས་མ་སྐུལ་བྱེད་ མའི་སྒྲུབ་ཐབས་བསྟན་པའི་ཕྱིར། ཟླ་བའི་དཀྱིལ་འཁོར་དབུས་གནས་པ། །ཞེས་པ་ལ་སོགས་པ་གསུངས་པ། པདྨ་དམར་པོར་རབ་ཏུ་གནས། །ཞེས་པ་ནི་ཟླ་བའི་དཀྱིལ་འཁོར་དུ་པདྨ་དེ་ལ་གནས་པའོ། །པདྨ་དང་བགྲང་ཕྲེང་གི་སྲད་བུ་དང་ལྷུང་བཟེད་དང་མཆོག་སྦྱིན་པའི་ཕྱག་རྣམས་ཀྱིས་ 61-1-351a ཕྱག་བཞིའོ། །མང་པོའི་གཟུགས་ཞེས་པ་ནི་དཔའ་བའི་དབྱེ་བས་མཐའ་མེད་པ་དུ་མའི་གཟུགས་སོ། །སྙིང་གར་ཟླ་བའི་དཀྱིལ་འཁོར་དུ་རྡོ་རྗེ་དང་བཅས་པའོ། །སངས་རྒྱས་བྱེ་བ་ཕྲག་བདུན་གྱི་རང་བཞིན་ཡིན་པ་ཉིད་ཀྱི་ཕྱིར་སངས་རྒྱས་ཀུན་གྱི་བདག་ཉིད་སྐྱེས་སོ། །དེར་ བདག་ཅེས་པ་ནི་སངས་རྒྱས་བྱེ་བ་ཕྲག་བདུན་གྱི་རང་བཞིན་ཡང་དག་པར་སྒོམ་པར་བྱེད་པ་དང་ལྡན་པའོ། །སྔགས་ཀྱི་ཡི་གེའི་ཕྲེང་བར་ལྡན། །ཞེས་པ་ནི་འོད་ཀྱི་དཀྱིལ་འཁོར་དུ་རང་གི་སྔགས་ཀྱི་ཡི་གེ་དང་ལྡན་པ་ཅན་ནོ། །ཡོངས་གང་བ་ཞེས་པ་སྤྲོས་ནས་སོ། །དེའི་ཞེས་པ་ནམ་མཁའི་ ཁམས་སུའོ། །འོད་ཟེར་ཞེས་པ་ནི་འོད་ཟེར་རོ། །རྣལ་འབྱོར་ཡེ་ཤེས་ནི་སྒོམ་པར་བྱེད་པའི་རང་བཞིན་དེ་དང་དེས་ངེས་པར་སྤྲུལ་པའོ། །རྡོ་རྗེ་སྙིང་པོའི་རྒྱན་དུ་གཟུངས་མའི་དཀྱིལ་འཁོར་རྣམ་པར་འབྱེད་པའོ། །ད་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཡོན་ཏན་ཐམས་ཅད་ཀྱི་བདག་ཉིད་ཅན་ཉེ་ བར་བསྟན་པ་སྔགས་ཀྱི་དེ་ཉིད་ངེས་པར་བསྟན་པ་གསང་བ་ཞེས་བྱ་བ་ལ་སོགས་པ་གསུངས་པ། མེ་ལོང་ལ་སོགས་པའི་ཡེ་ཤེས་བཞི་པོའི་བདག་ཉིད་ཅན་ཉིད་ཀྱི་ཕྱིར། གསང་བ་ལ་སོགས་པའི་རང་བཞིན་བྱང་ཆུབ་ཀྱི་སེམས་ལ་རྟག་ཏུ་གནས་ཞེས་པ་མི་གནས་པའི་མྱ་ངན་ལས་འདས་པས་ཀུན་ གནས་པའོ། །སངས་རྒྱས་ཀུན་གྱི་རྒྱུ་ཅན་ཉིད་ཀྱི་ཕྱིར་སངས་རྒྱས་ཀུན་གྱི་རང་བཞིན་ནོ། །དབྱེ་བ་བྱར་མེད་པ་ཉིད་ཀྱི་ཕྱིར་རྡོ་རྗེ་སེམས་དཔའོ། །རང་ཉིད་མངོན་པར་བྱང་ཆུབ་པའི་ཕྱིར་རང་འབྱུང་ངོ་། །དོན་དམ་པ་གཅིག་པོ་ཉིད་ཀྱིས་ལྷག་པའི་ལྷའོ། །གདུལ་བྱ་སྣ་ཚོགས་པ་ཉིད་ཀྱི་ལྷ་གཞན་སྣ་ ཚོགས་པའི་མཐར་ཐུག་པ་སྤྲུལ་པ་སངས་རྒྱས་ཀུན་གྱིས་ཏེ་ལྷ་རྣམས་ཐམས་ཅད་ཀྱིས་མཉམ་པར་སྦྱོར་བ་སྟེ་གསལ་བར་བྱེད་པའོ། །མཁའ་འགྲོ་མ་ནི་མཁའ་སྤྱོད་གྲུབ་པ་ཐམས་ཅད་དོ། །དེ་དང་དེ་རྣམས་ཀྱི་དྲ་བ་ནི་ཚོགས་སོ། །དེའི་རང་བཞིན་ནོ། །བདེ་བ་མཆོག་ཏུ་བྱ་བའི་ཕྱིར། །ཞེས་པས་སངས་ རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་མཁའ་འགྲོ་མའི་དྲ་བ་སྡོམ་མོ། །སེམས་ཅན་གྱི་དོན་གྱི་དབང་ཉིད་ཀྱི་ཕྱིར་དང་། དོན་དམ་པར་ནི་འདོད་ཆགས་ལ་སོགས་པ་མེད་པའི་རང་བཞིན་ནོ། །བུད་མེད་ཀུན་ནི་ལྷ་ཐམས་ཅད་ཀྱི་ཕྱག་རྒྱ་ཆེན་པོའི་རང་བཞིན་ཁོ་ནའོ། །སྒྱུ་མ་ཞེས་བྱ་བ་ལ་སོགས་པ་ནི་སྒྱུ་མའི་ 61-1-351b རང་བཞིན་དོན་དམ་པར་མེད་པ་ཅན་ནོ། །གལ་ཏེ་དེ་ལྟར་ན་དོན་དམ་པར་ཆེན་པོ་ནི་གང་ཕྱག་རྒྱ་ནི་ཅི་བརྟག་པར་བྱའོ་ཞེས་གསུངས་པ། ཐམས་ཅད་མཚུངས་པ་ཉིད་ཅེས་པ་ལ་སོགས་པའོ། །ཅིའི་ཕྱིར་ཁྱད་པར་དུ་འཕགས་ཤེ་ན་གསུངས་པ་ཅིའི་ཕྱིར་རང་བཞིན་གྱི་ནི་རང་བཞིན་གྱིས་མ་བྱས་ པའོ། །གང་གིས་ན་ནུས་པ་ཡིས་ནིའོ། །རང་བཞིན་ཉིད་ཀྱིས་ཏེ་རང་བཞིན་ཁོ་ནས་དེ་འགྲུབ་བོ་ཞེས་སྤེལ་ལོ། །དེའི་ཕྱིར་ཡང་འདིས་བུད་མེད་དེ་ལྷ་རྣམས་བཀུར་བར་བྱ་བ་ཡིན་ནོ། །སྡུག་བསྔལ་གྱིས་སྤྱོད་པར་བྱེད་པ་དེ་མགུ་བར་བྱེད་དེ་ཞེས་པས་ངན་སྤྱོད་དོ། །ཐམས་ཅད་བུད་མེད་སྒྱུ་༴༴ མས་འགྲུབ་སྟེ་ལྷའི་ཕྱག་རྒྱའི་གཟུགས་ཀྱིས་ཡོངས་སུ་གྱུར་པའོ། །རང་གི་ངོ་བོ་ཡོངས་སུ་བསྒྱུར་བ་ནི་བདག་མེད་པའི་ངོ་བོ་ཁྱད་པར་དུ་དམ་བཅས་པ་རྣམས་ཀྱིས་སོ། །སྣ་ཚོགས་ཞེས་པ་ནི་རང་བཞིན་དུ་མ་རྣམས་ཀྱིའོ། །དེ་བཞིན་ཐམས་ཅད་དུ་སྣ་ཚོགས་ཕྱག་རྒྱ་སྟེ་རྣམ་པ་སྣ་ཚོགས་པའི་ ཕྱག་རྒྱའོ། །ཀུན་ལ་སྣ་ཚོགས་སྟོན་པ་ཡིས་ནི་རང་བཞིན་དུ་མ་བདེ་བའི་མཆོག་གིས་སོ། །སངས་རྒྱས་ཀུན་གྱི་རྣལ་འབྱོར་ཆེན་པོའི་བདག་ཉིད་ཅན་གྱི་དོན་དང་རྗེས་སུ་མཐུན་པ་དེ་སྲིད་དུ་བཅོམ་ལྡན་འདས་ཕྱག་རྒྱ་ལ་སོགས་པའི་གཟུགས་ཉིད་ཀུན་དུ་བསྟན་ཏེ་འཇིག་རྟེན་ལས་འདས་པ་དང་ འཇིག་རྟེན་པ་ཐམས་ཅད་ཀྱི་ནང་དང་ཕྱི་རོལ་གྱི་དངོས་པོའི་རང་བཞིན་ཉིད་དུ་བསྟན་པའི་ཀུན་ལ་ཞེས་པ་ལ་སོགས་པ་གསུངས་པ་ཀུན་ལ་ནི་ཡུལ་ལའོ། །ཀུན་ནས་ནི་རང་རང་གི་ལྷའོ། །ཀུན་དུ་ནི་དངོས་པོའོ། །ཀུན་གྱི་རྣམ་པ་ནི་ཐམས་ཅད་ཀྱི་རྣམ་པས་སོ། །ཀུན་ཚེ་ནི་དུས་ཐམས་ཅད་ཀྱི་ཚེའོ། ། རང་ཉིད་ནི་བདག་ཉིད་ཏེ་ལྷ་ཐམས་ཅད་དོ། །བརྟན་པ་ནི་རི་ལ་སོགས་པ་རྣམས་སོ། །གཡོ་བ་ནི་མི་ལ་སོགས་པ་རྣམས་སོ། །ཐམས་ཅད་དངོས་པོ་མ་ལུས་པའོ། །མདོར་བསྟན་པ་འདི་ཁོ་ནའི་རྒྱས་པར་བཤད་པ་གསུངས་པ་སེམས་དང་ཞེས་པ་ལ་སོགས་པ་ནས། ཀུན་དུ་དེ་བཞིན་མཐའ་ཡས་ མཆོག །ཆོས་དབྱིངས་མཉམ་དང་མི་མཉམ་པ། །ཞེས་པ་ཇི་སྲིད་པར་རོ། །རྡོ་རྗེ་སྙིང་པོའི་རྒྱན་དུ་སྔགས་ཀྱི་དེ་ཉིད་རྣམ་པར་འབྱེད་པའོ། །ད་ནི་ཤེས་རབ་ཀྱི་སྒོ་རྩ་བའི་རྒྱུད་ཉེ་བར་བསྡུ་བ་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་པ། བཅོམ་ལྡན་འདས་ཞེས་པ་རྣམ་པར་ 61-1-352a སྣང་མཛད་ལ་གསོལ་བ་བཏབ་པ་དང་ལྡན་པའོ། །ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འཕགས་པ་འཇམ་དཔལ་ལ་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཞེས་བྱ་བའི་དཀྱིལ་འཁོར་ཡོད་པ་ཉིད་གསལ་བར་བྱ་བའི་ཕྱིར་ཅང་མི་གསུང་བ་ནི་ཇི་ལྟར་གསུངས་པའི་ རིམ་པས་རྣམ་སྣང་ཏིང་ངེ་འཛིན་མངོན་དུ་མཛད་ནས་ལྷའི་གནས་སུ་གདན་བསྐྱེད་དེ་སྲུང་བ་བྱས་ནས་བདག་ལ་དོན་འདི་དག་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་ཅིང་ཇི་སྲིད་དུ་འཇམ་དཔལ་གྱིས་གསོལ་བ་བཏབ་པར་དགོངས་ནས་སླར་ཡང་དེ་བཞིན་གཤེགས་པ་ ཐམས་ཅད་རྡོ་རྗེའི་རྣལ་འབྱོར་གྱི་དབང་ཕྱུག་ཉིད་དུ་བྱིན་གྱིས་བརླབ་པའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་བསྡུ་བའི་དོན་དུ་འཇམ་དཔལ་ལ་བཀའ་སྩལ་ཏོ། །དེ་བསྡུས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལྷན་ཅིག་ཏུ་ཡང་དག་པར་མཆོད་དེ། དེ་དག་རྫོགས་པའི་རྡོ་རྗེ་བློའི་ཡེ་ ཤེས་དེ་བཞིན་གཤེགས་པ་ཐམས་ཅད་ཉིད་ཀྱི་བདག་ཉིད་དུ་བྱིན་གྱིས་བརླབ་པའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལྷན་ཅིག་པའི་འཁོར་ལོས་སྒྱུར་བའི་ཐུགས་ཀར་བྱིན་གྱིས་བརླབས་ཏེ་ཐུགས་ཀའི་དཔལ་བེའུ་སྔགས་ཀྱིས་བསྐོར་བ་རྣམས་ལ་སྒོ་བཞི་པོ་སླར་ཡང་ཤིན་ཏུ་ དགའ་བ་རྣམ་པར་དག་པའི་གནས་ཞེས་པ་ལ་སོགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་རྣམས་ཀྱིས་རང་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཁོང་དུ་ཆུད་པར་བྱས་ནས་སླར་ཡང་རྣམ་པར་སྣང་མཛད་ཆེན་པོའི་དཀྱིལ་འཁོར་རྫོགས་ནས་སྡུད་པ་ལ་སོགས་པ་སྔོན་མ་ཅན་གྱི་ལྷ་རྣམས་རང་ གི་ལས་ལ་ལེགས་པར་སྦྱར་བར་བྱའོ་ཞེས་པ་ནི་སྔོན་དུ་བྱ་བའི་རིམ་པའོ། །དེ་བཞིན་དུ་གཞན་དུ་ཡང་རྣལ་འབྱོར་ཇི་ལྟ་བ་བཞིན་དུ་བཤད་པའི་རིམ་པ་རྣམ་པར་རྟོགས་པར་བྱའོ། །རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ནི་རྣམ་པར་སྣང་མཛད་དེ་བཞིན་གཤེགས་པ་རྣམས་ཐམས་ཅད་ཀྱི་ཀུན་དུ་ མཉམ་པ་ཉིད་དེ་ལ་ཏིང་ངེ་འཛིན་གང་གིས་དམིགས་པར་བྱ་བ་དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་ལ་དམིགས་པའོ། །དེ་ཉིད་དབྱེར་མི་ཕྱེད་པ་ཉིད་ཀྱིས་རྡོ་རྗེ་སྟེ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཞེས་པ་རྣམ་པར་སྣང་མཛད་དབྱེར་མེད་པའི་ 61-1-352b ཐུགས་ལའོ། །དེ་བཞིན་གཤེགས་པ་རྣམས་ཐམས་ཅད་ཀྱི་ཐེག་པ་ཆེན་པོ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པའོ། །རྟོགས་པར་བྱའོ་ཞེས་བྱས་ནས་གང་གི་ཕྱིར་དེ་ཡང་དག་པར་རྟོགས་ཤིང་ཁོང་དུ་ཆུད་པ་གང་ཡིན་པ་དེ་ལ་དེ་བཞིན་དུ་དཀྱིལ་འཁོར་ཆེན་པོར་བརྗོད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ནི་ཤིན་ཏུ་དགའ་བ་རྣམ་པར་དག་པའི་གནས་ཞེས་བྱ་བ་ལ་སོགས་པའི་གནས་རྣམས་སོ། །དེ་ཉིད་ཐབས་ཏེ་སྒོའོ། །གང་གི་དཀྱིལ་འཁོར་ཞེས་པ་ནི་ལུས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་ཆོས་ཀྱི་དབྱིངས་རྣམ་པར་དག་པའོ། །དེ་བྱིན་གྱིས་རློབ་པར་བྱེད་པ་ གང་ཡིན་པའི་ཏིང་ངེ་འཛིན་ནི་དེ་བཞིན་དུ་བརྗོད་པར་བྱའོ། །འོད་ཟེར་འབར་བས་འཁྲུགས་པའི་འོད། །ཅེས་པ་ནི་ཕྱི་རོལ་གྱི་ར་བ་ལ་འོད་ཟེར་འབར་བ་དང་ལྡན་པའོ། །རྡོ་རྗེ་སྙིང་པོས་ཡོངས་སུ་བསྐོར། །ཞེས་པ་ནི་སྣ་ཚོགས་རྡོ་རྗེའི་ཕྲེང་བས་ཡོངས་སུ་བསྐོར་བའོ། །རིན་ཆེན་ཡང་ ཡིན་ལ་རྡོ་རྗེ་ཡང་ཡིན་པས་ན་རྡོ་རྗེ་རིན་ཆེན་ཏེ། དེ་རྣམས་ཀྱིས་སོ། །སྣ་ཚོགས་རྩེ་མོ་ནི་བ་དན་བཀྲ་བ་དེ་རྣམས་སོ། །དྲིལ་བཅས་ནི་བདག་ཉིད་བཅིངས་པ་གང་ཡིན་པ་དེ་ལ་དེ་བཞིན་དུ་བརྗོད་པར་བྱའོ། །རླུང་གིས་བསྐྱོད་པའི་མཚན་མ་ཡིན་པ་ཉིད་ཀྱིས་རྒྱལ་མཚན་ཉིད་རླུང་གིས་ བསྐྱོད་པའོ། །དེ་རྣམས་གྱེན་དུ་བསྒྲེང་བ་གང་ཡིན་པ་དེ་ལ་རྒྱལ་མཚན་གྱེན་བསྒྲེང་རླུང་བསྐྱོད་པའོ། །དེ་ལ་ཡང་ནི་ཆུའི་དཀྱིལ་འཁོར་ལའོ། །དེའི་ཞེས་བྱ་བ་ནི་གྲུ་བཞི་པ་དེའིའོ། །འཁོར་ལོ་ཆེན་པོ་ཞེས་པ་ནི་དཀྱིལ་འཁོར་གྲུ་བཞི་པའོ། །ཆ་བརྒྱད་ཀྱིས་ཡོངས་སུ་བསྐོར་བ་ ནི་དབུས་མའི་ཆ་ལ་བསྐོར་བ་གང་ཡིན་པ་དེ་ཆ་བརྒྱད་རྣམས་ཀྱིས་ཡོངས་སུ་བསྐོར་བའོ། །རྡོ་རྗེའི་ཐིག་གིས་ཡོངས་སུ་བསྐོར། །ཞེས་པ་ནི་རྡོ་རྗེ་ཕྲེང་བས་ཡོངས་སུ་བསྐོར་བའོ། །རྡོ་རྗེའི་དཀྱིལ་འཁོར་ཞེས་པ་ནི་བྱང་ཆུབ་ཀྱི་གདན་གྲུ་བཞི་པ་ལ་སེང་གེའི་གདན་ལའོ་ཞེས་པ་ཇི་ སྲིད་པའོ། །རྡོ་རྗེ་ཆེན་པོ་རྩེ་མོ་ལྔ་པའོ། །རྡོ་རྗེ་པདྨ་ནི་དབྱེར་མི་ཕྱེད་པའི་པདྨ་སྟེ། དེ་ལ་རབ་ཏུ་བཞུགས་པ་གང་ཡིན་པ་ལ་རྡོ་རྗེ་ཆེ་ཞེས་པ་དེ་བཞིན་དུ་བརྗོད་དོ། །གསང་བ་ཆེན་པོ་ཞེས་པ་ནི་སྡེ་ཚན་དང་པོའི་གཉིས་པ་ཐིག་ལེ་དང་བཅས་པའོ། །ཟླ་བས་བརྒྱན་ཞེས་པ་ནི་སྟེང་དུ་ 61-1-353a གནས་པའི་ཟླ་བའི་དཀྱིལ་འཁོར་རོ། །དེ་དག་ཐམས་ཅད་དུ་ཡང་དུང་ལ་སོགས་པ་དཀར་པོའོ། །རྡོ་རྗེ་ཕྲེང་བས་རྣམ་པར་སྤྲས། །ཞེས་པ་ནི་སྣ་ཚོགས་པ་འབར་བའི་འོད་ཀྱི་དཀྱིལ་འཁོར་དུ་རྡོ་རྗེའི་ཕྲེང་བས་རྣམ་པར་བརྒྱན་པའོ། །དཔྲལ་བའི་སྟེང་དང་མགྲིན་པར་ཡང་ རིན་པོ་ཆེ་ཆེན་པོའི་ཕྲེང་བས་སྤྲས་པའོ། །སེམས་མ་རྡོ་རྗེ་མ་ལ་སོགས་པ་རྣམས་ངོས་བཞི་པོ་རྣམས་སུ་དགོད་པར་བྱའོ། །སྡེ་པ་གསལ་བྱེད་ནི་ཧ་སྟེ་རྒྱུ་ཞེས་པས་རྒྱུའི་དོན་རྗོད་པར་བྱེད་དོ། །དྲུག་པའི་དབྱངས་ཀྱིས་ཞེས་པ་ཨུ་ཡིག་གིས་སོ། །ཐིག་ལེ་ནཱ་ད་རྣམ་པར་བརྒྱན་ནི་རྗེས་སུ་སྣ་ ལྡན་དང་བཅས་པའོ། །རྟེན་ཅིང་འབྲེལ་འབྱུང་འཁོར་ལོ་ཡི། །ཞེས་པ་ནི་འདིར་རྟེན་ཅིང་འབྲེལ་པར་བྱའོ་ཞེས་པའོ། །ཡེ་ཤེས་འོད་ཟེར་ཞེས་པ་ནི་རིན་ཆེན་འབྱུང་ལྡན་ནོ། །འཇིག་རྟེན་དབང་ཕྱུག་གི་རྒྱལ་པོ་ནི་འོད་དཔག་མེད་དོ། །རྡོ་རྗེ་རྣམ་པར་གནོན་པ་ནི་དོན་ཡོད་གྲུབ་པའོ། །ཤཱཀྱ་ཐུབ་པ་ ཞེས་པ་རྣམ་པར་སྣང་མཛད་དོ། །ཕྱོགས་ཐམས་ཅད་མཉམ་པ་ཉིད་དུ་དམིགས་ནས་ཞེས་པ་ཕྱོགས་རྣམས་ཀྱི་སྐབས་མ་ཡིན་པ་མེད་པ་ཉིད་དུ་བསྒོམ་པ་མངོན་དུ་བྱས་ནས་འཁོད་དོ་དེ་ཉེ་བར་བཞུགས་པའོ། །ཐུགས་ཀའི་རྡོ་རྗེ་ལས་ངེས་པར་བྱུང་ནས་ཞེས་པ་ལྷག་མའོ། །དེ་རྣམས་ཀྱང་སྔོན་ པོ་དང་སེར་པོ་དང་ལྗང་གུ་རྣམས་ཏེ་གསེར་དང་ཆུ་སྐྱེས་དམར་པོ་དང་། ཤེལ་དང་མརྒད་ཀྱི་འོད་ཅན་དུ་ཆུ་སྐྱེས་དང་ཟླ་བའི་དཀྱིལ་འཁོར་ལ་གནས་པར་རིག་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀུན་དུ་བཟང་པོ་བྱང་ཆུབ་ཆེན་པོའི་སེམས་དཔའ་ནི་རྡོ་རྗེ་སེམས་དཔའོ། །དེ་ཉིད་ནི་འགོད་ པར་བྱ་བ་མ་ཡིན་པ་ཉིད་ཀྱི་དམ་ཚིག་སྟེ་དེའི་འབྱུང་བའོ། །གང་དུ་ན་སེམས་དཔའ་ཟླ་བའི་དཀྱིལ་འཁོར་ལའོ། །དེ་བྱིན་གྱིས་བརླབ་པར་བྱའོ། །གང་གིས་ནི་རྡོ་རྗེའོ། །དེ་ནི་སེམས་དཔར་བྱིན་གྱིས་རློབ་པའི་རྡོ་རྗེའོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། ། དེ་སྐད་ཅེས་བྱ་བ་ལ་སྙོམས་པར་ཞུགས་ནས་ཏེ་མངོན་དུ་མཛད་ནས་སོ། །དཀྱིལ་འཁོར་ཞེས་བྱ་བ་ནི་ཟླ་བའི་དཀྱིལ་འཁོར་གྱི་བདག་ཉིད་ཅན་བྱང་ཆུབ་ཀྱི་སེམས་སོ། །ཡེ་ཤེས་རྣམ་དག་པ་ཞེས་པ་ནི་རྡོ་རྗེའི་བདག་ཉིད་ཅན་གཉིས་སུ་མེད་པའི་ཡེ་ཤེས་སོ། །རྡོ་རྗེ་སེམས་དཔའ་ཉིད་དུ་གྱུར། ། 61-1-353b ཞེས་པ་ནི་རྡོ་རྗེ་སེམས་དཔའ་ཉིད་ཀྱིས་ཡོངས་སུ་གྱུར་པའོ། །བྱང་ཆུབ་སེམས་ཞེས་པ་སྟོང་པ་ཉིད་སོ་སོར་རྟོག་པ་ལ་སོགས་པ་རྣམས་སུ་ཟླ་བའི་དཀྱིལ་འཁོར་ཉིད་དོ། །རྟེན་བསྐྱེད་ནས་ནི་ཡོངས་སུ་རྫོགས་པ་ཉིད་དོ། །སངས་རྒྱས་ཡེ་ཤེས་ནི་དེ་ལ་རྡོ་རྗེ་སྒོམ་པར་བྱེད་པའོ། །བརྟེན་ པ་ཉིད་ནི་དེའི་ང་རྒྱལ་བྱེད་པའོ། །སངས་རྒྱས་ཀྱི་ཡེ་ཤེས་ལས་ངེས་པར་སྐྱེས་པའི་སྐུ་ནི་སངས་རྒྱས་སྐུའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ཞེས་པ་ནི་རྣམ་པར་སྣང་མཛད་ཀྱི་ཐུགས་ཀའོ། །རིག་པའི་མཆོག་ཅེས་པ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའོ། །རྣམ་ པར་སྣང་མཛད་ཅེས་པ་ལ་སོགས་པ་རྣམས་ཀྱིས་ཇི་སྲིད་དུ་དཀྱིལ་འཁོར་ཐམས་ཅད་བྱིན་གྱིས་བརླབ་པར་བྱ་བའམ་གང་དེར་བྱིན་གྱིས་རློབ་པར་རབ་ཏུ་བསྟན་པའི་སྔགས་ཅན་ནོ། །ཡང་བྱིན་གྱིས་བརླབ་པའི་དོན་དུ་འདི་དག་ཐམས་ཅད་མངོན་དུ་བྱའོ། །དེ་བཞིན་གཤེགས་པ་ཐམས་ ཅད་ཀྱི་ཐུགས་ཀ་ཞེས་པ་ནི་རྣམ་པར་སྣང་མཛད་དང་མཐུན་པའི་ཐུགས་ཀ་ལའོ། །དཀྱིལ་འཁོར་རྣམས་ཐམས་ཅད་དུ་ཞེས་པ་ནི་མི་བསྐྱོད་པ་ལ་སོགས་པའི་དཀྱིལ་འཁོར་གྱི་གཟུགས་ཀྱིས་ཏེ་བདུན་པ་ནི་གསུམ་པའི་དོན་ཉིད་ཀྱི་ཕྱིར་རོ། །རྡོ་རྗེ་རྣམས་ཀྱི་ནི་དེ་བཞིན་གཤེགས་པ་ཐམས་ ཅད་རྣམས་ཀྱིས་མཉམ་པ་ཉིད་གང་ཡིན་པ་དེ་རབ་ཏུ་སྤྲོ་བ་སྟེ་རབ་ཏུ་གསལ་བར་བྱའོ། །གང་གིས་ནི་སྙིང་པོ་སྟེ་དེ་དེ་བཞིན་དུ་བརྗོད་དོ། །མཚམས་རྣམས་ཐམས་ཅད་དུ་ཞེས་པ་ནི་སྒོའི་མཚམས་རྣམས་སུའོ། །རྡོ་རྗེ་སྒེག་མོ་དང་། བདུག་པ་དང་ལྕགས་ཀྱུ་ལ་སོགས་པ་རྣམས་རིམ་ པས་རྡོ་རྗེ་སེམས་དཔའ་དང་རྒྱལ་པོ་ལ་སོགས་པ་དེའི་ཁ་དོག་གོ། །གཟུགས་ལ་སོགས་པ་རྣམས་མི་བསྐྱོད་པ་ལ་སོགས་པའི་ཁ་དོག་གོ། །རྡོ་རྗེ་དྲི་ལ་སོགས་པ་རྣམས། །ཞེས་པ་དགོས་པ་རྒྱས་པར་བཤད་པའོ། །རྡོ་རྗེ་བདུག་པ་དང་མེ་ཏོག་དང་མར་མེ་དང་དྲིའོ་ཞེས་པ་ཇི་སྲིད་པར་ཨོཾ་བཛྲ་ གནྡྷེ་ཧཱུཾ་ཨོཾ་བཛྲ་ཤི་ཤཻ་རེ་ཧོ་ཧོཿཞེས་པའི་སྔགས་དག་ལེགས་པར་བཟློག་སྟེ་བལྟ་བར་བྱའོ། །རྡོ་རྗེ་ཕྲེང་བ་མ་དང་བདུག་པ་ལ་སོགས་པའི་རྣལ་འབྱོར་གྱིས་རྗོད་པར་བྱེད་པའི་ཕྱིར་རོ། །ལྷའི་ཕྱག་རྒྱས་མངོན་པར་རྒྱས་གདབ་པར་བྱ་བ་ནི་ཤིན་ཏུ་དགའ་བའི་རྡོ་རྗེ་སྙིང་པོ་སྟེ་རང་གི་ཕྱག་རྒྱ་ 61-1-354a བཅིངས་ནས་གདོན་པར་བྱའོ། །དཀྱིལ་འཁོར་ཐམས་ཅད་དུ་ཞེས་པ་ནི་མི་བསྐྱོད་པ་ལ་སོགས་པའི་དཀྱིལ་འཁོར་རྣམས་སུའོ། །སྒོའི་ཕྲིན་ལས་ཞེས་པ་ནི་བསྡུ་བ་དང་བསྟོད་པར་བྱས་ནས་ཤར་ལ་སོགས་པའི་སྒོ་རྣམས་སུ་གནས་ནས་དགུག་པ་ལ་སོགས་པའི་ ལས་འདི་རྣམས་བྱའོ། །བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་གཞག་པར་བྱའོ་ཞེས་པ་ནི་སྣམ་བུ་ལ་ཤར་ལ་སོགས་པའི་ཕྱོགས་ནས་བརྩམས་ཏེ་བྱམས་པ་དང་ཀུན་དུ་བཟང་པོ་དང་། ཕྱག་ན་རྡོ་རྗེ་དང་། རྡོ་རྗེ་སྙིང་པོ་དང་། ནམ་མཁའི་སྙིང་པོ་དང་། ལག་ན་རིན་ཆེན་དང་། འཁོར་ལོ་ལ་ སོགས་པ་ཇི་ལྟར་གསུངས་པ་དེ་ལ་སོགས་པ་རྣམས་ཀྱིས་དེ་དག་རབ་ཏུ་དབྱེ་བས་སོ། །རྡོ་རྗེ་སྙིང་པོའི་རྒྱན་དུ་རྣམ་པར་སྣང་མཛད་ཆེན་པོའི་དཀྱིལ་འཁོར་གྱི་རྣམ་པར་འབྱེད་པའོ། །རྣམ་པར་སྣང་མཛད་དང་མཐུན་པའི་དཀྱིལ་འཁོར་ངེས་པར་བསྟན་པ་དེ་ནས་རྣམ་པར་སྣང་མཛད་ ཞེས་པ་ལ་སོགས་པ་གསུངས་པ། སུམ་ཅུ་རྩ་གཉིས་མཆོག་ཏུ་འབར། །ཞེས་པ་ནི་མཚན་སུམ་ཅུ་རྩ་གཉིས་འཆང་བའོ། །གཉིས་པའོ་ཞེས་པ་ནི་ཨེ་ཡིག་གོ། །འཁོར་ལོ་ཅན་ཞེས་པ་ནི་གཙུག་ཏོར་འཁོར་ལོས་སྒྱུར་བའོ། །འཁོར་ལོ་ཞེས་པ་ནི་གྲུ་བཞི་པའི་ནང་དུ་ཆུད་པའི་རེའུ་མིག་ བརྒྱད་པ་ཅན་འབར་བ་དང་བཅས་པའོ། །པདྨའི་རྒྱལ་པོ་རབ་ཏུ་གནས་ནི་སངས་རྒྱས་ཞེས་པ་ལྷག་མའོ། །དང་པོའི་དཀྱིལ་འཁོར་ཞེས་པ་ནི་ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་རོ། །རྡོ་རྗེ་ཧཱུཾ་མཛད་ཀྱི་དཀྱིལ་འཁོར་ཉེ་བར་བསྟན་པ་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ། འཁོར་ལོ་ ཞེས་པ་ནི་རྣམ་པར་སྣང་མཛད་དང་མཐུན་པའི་དཀྱིལ་འཁོར་བཞིན་ནོ། །སངས་རྒྱས་ཕྲེང་བ་སོགས་པས་བརྒྱན། །ཞེས་པ་སངས་རྒྱས་ལྔའི་ཅོད་པན་ནོ། །དབྱུག་པ་དང་ནི་ཞགས་པར་བརྗོད། །ཅེས་པ་ནི་དེ་ཉིད་དོ། །ཁྲོ་བོའི་ཁུ་ཚུར་ཉིད་ཀྱི་ལག་པ་གཉིས་མཐེ་ཆུང་གཉིས་ཀྱིས་ཕན་ཚུན་ ལྕགས་སྒྲོག་ཏུ་མདུད་པའོ། །སྡིགས་པར་མཛད་ཅེས་པ་བསྡིགས་པར་གྱིས་བརྟག་པ་སྣ་ཚོགས་པར་དགོངས་པའོ་ཞེས་སོ། །རྡོ་རྗེ་ཧཱུཾ་མཛད་ཅེས་པ་འདིར་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་གང་ཡིན་པ་དེའོ། །དེ་ལྟར་ཁྲོ་བོའི་དཀྱིལ་འཁོར་ཐམས་ཅད་རྣམ་པར་བཀོད་ནས་ཞེས་ 61-1-354b པ་འདིས་ཧེ་རུ་ཀ་ལ་སོགས་པའི་དཀྱིལ་འཁོར་རྣམས་སུ་གཙོ་བོའི་ཕྱག་རྒྱ་ཆེན་པོའི་དབུས་སུ་གཞག་པར་བྱའོ། །དེ་ཁོ་ནའི་ཕྱག་རྒྱ་རྣམས་གཞོགས་ཐམས་ཅད་དུ་གཞག་པར་བྱའོ། །མཆོད་པ་དང་སྒོ་བ་ཡང་ངོ་། །འཇིག་རྟེན་དབང་ཕྱུག་གི་དཀྱིལ་འཁོར་ངེས་པའོ། །བསྟན་པ་དེ་ནས་ ཞེས་བྱ་བ་ལ་སོགས་པ་གསུངས་པ། དཀྱིལ་འཁོར་ཆེན་པོ་ཆུའི་དཀྱིལ་འཁོར་ཞེས་པ་ནི་ཟླ་བའི་དཀྱིལ་འཁོར་རོ། །ཕྱག་བཞི་ཞེས་པ་ནི་གཉིས་དག་གིས་བགྲང་ཕྲེང་དང་བཅས་པའི་མཆོག་སྦྱིན་དང་སྤྱི་བླུགས་ལག་ཏུའོ། །གཡོན་པས་བསྙེམས་པ་དང་བཅས་པའི་པདྨའི་ སྡོང་པོ་དཀུར་འཛིན་པ་གཡས་པས་དེའི་འདབ་མ་ཁ་འབྱེད་པའོ། །ཤ་ཥའི་སྡེ་པའི་མཐའ་ཞེས་པ་ནི་ཧ་ཡིག་གོ། །དབྱངས་ཀྱི་བཞི་པ་ཨི་ཡིག་སྟེ་དེས་སྤྱི་བོ་མནན་པའོ། །མེའི་ས་བོན་ར་ཡིག་གོ། །ཐིག་ལེ་ནི་མཆོག་ཏུ་ཞེས་པ་རྗེས་སུ་སྣ་ལྡན་དང་བཅས་པའོ། །མདུན་དུ་ པདྨའོ། །གཡས་སུ་བགྲང་ཕྲེང་ངོ་། །རྒྱབ་ཏུ་དབྱུག་པའོ། །གཡོན་དུ་སྤྱི་བླུགས་སོ། །དེ་རྣམས་ཐམས་ཅད་ཀྱང་ཟླ་བ་ལ་གནས་པའོ། །མཆོད་པ་དང་སྒོ་བ་ནི་ཐམས་ཅད་དུ་སྔར་བཞིན་ནོ། །ནམ་མཁའ་མཛོད་དང་རིན་ཆེན་འབྱུང་གནས་དང་འཇིག་རྟེན་དབང་ཕྱུག་དང་ འཇམ་དཔལ་དང་ངན་སོང་ཀུན་འདྲེན་དང་བློ་གྲོས་མི་ཟད་པ་དང་། སའི་སྙིང་པོ་དང་སྒྲིབ་པ་ཐམས་ཅད་རྣམ་སེལ་དང་དྲ་བ་ཅན་གྱི་འོད་ཅེས་པའི་རིམ་པས་དགོད་པར་བྱའོ། །སྔར་གསུངས་དཀྱིལ་འཁོར་ཞེས་པ་ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་རོ། །དེའི་ཚོགས་ཞེས་པ་ནི་རང་ གི་གཙོ་བོའི་རྣལ་འབྱོར་གྱིས་སྒོ་ཕྱེ་ནས་བསྡུ་བ་ལ་སོགས་པ་སྔོན་མ་ཅན་གྱི་ཕྱག་རྒྱ་བཞིའི་རྒྱས་བཏབ་སྟེ་དབང་བསྐུར་ཞིང་མཆོད་པའི་མཐར་ཐུག་པ་རྫོགས་ནས་ཞུགས་ཏེ་རང་དབང་བསྐུར་བ་ལ་སོགས་པ་ཅན་རྫོགས་ནས་སློབ་མ་བཅུག་སྟེ་འཇུག་པ་ལ་སོགས་པ་རྫོགས་པ་འདིས་ཉེ་ བར་སྤྱོད་པ་ཐམས་ཅད་ཀྱིས་མཆོད་པར་བྱ་ཞེས་པ་ནི་ཉེ་བར་བསྡུ་བའི་དུས་སུའོ། །དེ་ལ་དང་པོ་ཉིད་དུ་ཞེས་པ་ལ་སོགས་པ་འཇུག་པ་ལ་སོགས་པ་འདུས་བྱས་པའི་དུས་ཁོ་ནར་རོ། །དེས་ཞེས་པ་ནི་སློབ་དཔོན་གྱིས་སོ། །སྐྱིལ་ཀྲུང་ཞེས་པ་ནི་རྡོ་རྗེ་སྐྱིལ་ཀྲུང་ངོ་། །གར་སྡུད་པའི་སྦྱོར་ 61-1-355a བས་ཞེས་པ་ནི་རྡོ་རྗེ་ཁུ་ཚུར་གྱིས་བཛྲ་སཏྭ་སུ་སཾ་གྲ་ཧཾ་ཞེས་པ་ལ་སོགས་པའི་གླུས་རྡོ་རྗེའི་གར་སྔོན་མ་ཅན་གྱིས་སོ། །རབ་བཀོད་ཕྱག་རྒྱ་ཐམས་ཅད་དུ། །ཞེས་པ་ནི་གང་གི་ལྷ་གང་ཡིན་པའི་ཉམས་དེ་དང་དེར་གནས་པས་འདི་རྣམས་ཀྱི་ཕྱག་རྒྱ་རབ་ཏུ་སྦྱར་བར་བྱའོ། །བདག་ ཉིད་རྡོ་རྗེ་གར་བྱས་ཞེས་པ་འདིས་ཕྱོགས་གཞན་སྟོན་པར་བྱའོ། །ཇི་སྐད་དུ་གསུངས་པའི་ཉམས་ཀུན་དུ་གནས་པ་སྣ་ཚོགས་པའི་རྡོ་རྗེའི་གར་སྔོན་མ་ཅན་རང་གི་ལྷའི་ང་རྒྱལ་གྱིས་སོ། །ཕྱག་རྒྱ་བཅིངས་པ་ལའང་མཆོག་གི་དངོས་གྲུབ་ཏུ་འགྱུར་རོ་ཞེས་པ་ཇི་སྲིད་པར་རོ། །སྐྱིལ་ཀྲུང་ཞེས་པ་ རྡོ་རྗེའི་སྐྱིལ་ཀྲུང་ངོ་། །དེའི་ཕྱེད་ཀྱིས་ཞེས་པ་ནི་རྡོ་རྗེ་སྐྱིལ་ཀྲུང་གི་ཕྱེད་སེམས་དཔའི་སྐྱིལ་ཀྲུང་ངོ་། །སྡིག་པའི་རྒྱུ་ཅན་ཞེས་པ་ནི་སྡིག་པ་ཞི་བའོ། །ཆོས་ཐམས་ཅད་ཀྱི་རྗེས་སུ་འཇུག་པ་ཞེས་པ་ནི་དེ་དང་དེའི་དངོས་པོ་རྣམས་ཐམས་ཅད་ལ་རྗེས་སུ་ཞུགས་ནས་ཆོས་རྣམས་ལ་འཇུག་པའི་ངང་ཚུལ་ལོ། ། རབ་ཏུ་འཇུག་པ་རྣམས་ཀྱི་དགའ་བ་མེད་པ་ཡང་དེ་རྣམས་ཀྱི་མདངས་དང་བྲལ་བ་ནི་ཞེས་པ་ནི་སྒྲིབ་པ་ཐམས་ཅད་རབ་ཏུ་བཅོམ་པ་རྣམས་ཀྱི་དབང་པོ་ཞི་བར་བལྟ་བར་བྱའོ། །རྡོ་རྗེ་རིན་ཆེན་གྱི་དཀྱིལ་འཁོར་བསྟན་པ་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ། རིན་ཆེན་སྙིང་པོའི་ཞེས་པ་ནི་ནམ་མཁའི་ སྙིང་པོའིའོ། །རིན་ཆེན་པདྨའི་ཞེས་པ་ནི་འདབ་མ་སྣ་ཚོགས་པའོ། །རིན་ཆེན་ཕྲེང་བས་རྣམ་པར་མཛེས། །ཞེས་ཏེ་དབང་བསྐུར་ཀུན་གྱི་མཆོག་ཅེས་པ་ནི་ཆ་བརྒྱད་ཀྱི་རིན་པོ་ཆེའོ། །ཡིད་བཞིན་ནོར་བུ་དང་ཤེལ་ལ་སོགས་པ་རྣམས་སོ། །དཀྱིལ་འཁོར་ཀུན་གྱི་གྲྭ་རྣམས་ཀྱི། །གནས་རྣམས་ སུ་ནི་གཞག་པར་བྱ། །ཞེས་པ་ནི་མཆོད་པ་དང་སྒོ་བ་རྣམས་སོ། །སྡེ་པ་བཞི་པའི་དང་པོ་ནི་ཏེ་ཡིག་གོ། །མའི་ས་བོན་ནི་ར་ཡིག་གོ། །དབྱངས་ཀྱི་གཉིས་པ་ཡིས་ཞེས་པ་ནི་ཨཱ་ཡིག་གིས་སོ། །དབང་བསྒྱུར་བ་ནི་ཞེས་པ་རྗེས་སུ་ང་རོའོ། །རྒྱབ་བསྐུམ་སྟེ་ཞེས་པ་ནི་མཉམ་པའི་ཐལ་མོར་བྱས་ ནས་སོར་མོ་ཐམས་ཅད་ཀྱི་རྒྱབ་བསྐུམ་པར་བྱའོ། །རིན་ཆེན་རྣམ་པ་ལེགས་འབྱུང་བ། །ཞེས་པ་ནི་རིན་པོ་ཆེའི་རྣམ་པས་ཡོངས་སུ་གྱུར་པའོ། །རྡོ་རྗེ་ཁུ་ཚུར་གྱི་དཀྱིལ་འཁོར་བསྟན་པ་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ། རྡོ་རྗེ་ཕྲེང་བས་རྣམ་པར་བརྒྱན། །ཞེས་པ་ནི་ཕྱི་རོལ་དུ་སྣ་ཚོགས་ 61-1-355b རྡོ་རྗེའི་ཕྲེང་བས་ཅེ་བར་བརྒྱན་པའོ། །ཞལ་བཞི་པ་ཡི་རྡོ་རྗེ་ཆེ། །ཞེས་པ་ནི་སྣ་ཚོགས་རྡོ་རྗེའོ། །འཁོར་ལོ་བཞིན་དུ་ཡོངས་སུ་བསྐོར། །ཞེས་པ་ནི་སྣ་ཚོགས་རྡོ་རྗེའི་ཕྲེང་བས་བསྐོར་བའོ། །དེའི་དབུས་སུ་ཞེས་པ་ནི་ཞལ་བཞི་པའི་རྡོ་རྗེ་ཆེན་པོའི་འོ། །ཁ་དོག་སྣ་ཚོགས་མཆོག་ཏུ་འབར། །ཞེས་ པ་ནི་རྣམ་པ་སྣ་ཚོགས་པའི་མཆོག་གོ། །རྡོ་རྗེ་སྣ་ཚོགས་ཞེས་པ་ནི་རྡོ་རྗེ་ཁུ་ཚུར་རོ། །སྣ་ཚོགས་ཁ་དོག་ཅེས་པ་ནི་ཞལ་ལ་དཀར་པོའོ། །བྲང་ལ་དམར་པོའོ། །ལག་པ་ལ་ལྗང་གུའོ། །ལྟོ་བ་ལ་སེར་པོའོ། །ལྷག་མ་ནག་པོའོ། །གཟི་བརྗིད་ཆེ་ཞེས་པ་ནི་འབར་བའི་ཕྲེང་བའོ། །སངས་རྒྱས་ ཕྲེང་བས་རྣམ་པར་མཛེས། །ཞེས་པ་ནི་རྡོ་རྗེ་སངས་རྒྱས་ལྔའི་ཅོད་པན་ཅན་ནོ། །མྱ་ངན་འདས་དོན་རབ་གསལ་བྱེད། །ཅེས་པའོ། །བ་ནི་ཨ་ཡིག་གོ། །སྒེག་སོགས་རིག་མ་ཐམས་ཅད་ཀྱིས། །ཞེས་པ་ནི་མཆོད་པ་རྣམས་ཐམས་ཅད་ཀྱིས་སོ། །དེ་བཞིན་ཞེས་པ་ནི་རིན་པོ་ཆེའི་དཀྱིལ་འཁོར་ ཇི་ལྟ་བ་བཞིན་དུ་དབང་བསྐུར་བ་ལ་སོགས་པའི་ཕྱག་རྒྱ་རྣམས་ཀྱིས། སྣ་ཚོགས་མཆོག་ཏུ་རྣམ་པར་བཀྲ། །ཞེས་པ་དང་ཡང་དག་པར་སྦྲེལ་ལོ། །རྡོ་རྗེའི་ཐིག་ལེས་ཡོངས་སུ་བསྐོར། །ཞེས་པ་ནི་སྣ་ཚོགས་ཐིག་ལེའི་ཕྲེང་བས་ཡོངས་སུ་བསྐོར་བའོ། །སྒེག་སོགས་རིག་མ་ཐམས་ཅད་ཀྱིས། ། ཕྱག་རྒྱ་ཐམས་ཅད་ཀྱིས་ཞེས་པ་འདི་ཁོ་ནའི་རིམ་པས་ཉེ་བར་བསྟན་པ། དེ་ལ་དབང་བསྐུར་ཕྱག་རྒྱ་ཡིས། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འཇམ་དཔལ་གྱི་དཀྱིལ་འཁོར་ཉེ་བར་སྟོན་པ་དེ་ནས་ཞེས་གསུངས་པ། ཤེས་རབ་ཡེ་ཤེས་འཁོར་ལོ་ཆེ། །ཞེས་པ་ནི་དེ་བཞིན་ གཤེགས་པའི་བླ་ན་མེད་པའི་ཤེས་རབ་ཡེ་ཤེས་ཀྱི་རང་བཞིན་རྩིབས་བརྒྱད་པའི་འཁོར་ལོའོ། །སྔགས་ཀྱི་ཡི་གེས་རྣམ་པར་བརྒྱན། །ཞེས་པ་ནི་མུ་ཁྱུད་ལ་ཨ་ར་པ་ཙ་ན་ཞེས་པའི་ཡི་གེ་རྣམས་ཀྱིས་རྣམ་པར་མཛེས་པའོ། །རལ་གྲིར་བཅས་ཞེས་པ་ནི་ཕྱག་བཞི་རྣམས་སུའོ། །རལ་ གྲིའི་ཕྲེང་བས་རྣམ་པར་མཛེས། །ཞེས་པ་ནི་འོད་ཀྱི་དཀྱིལ་འཁོར་དུའོ། །ཡི་གེ་ལྔ་ཡི་གསང་སྔགས་ཆེ་ནི་ཇི་སྐད་དུ་གསུངས་པ་རྣམས་སོ། །དེའི་གཞོགས་སུ་གནས་ཞེས་པ་ནི་འོད་ཀོར་ལ་ཡང་དག་པར་བཞུགས་པའོ། །རོལ་ཞེས་པ་ནི་འཁོར་ལོའི་ཕྱི་རོལ་ལོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ 61-1-356a ཕྱིན་པ་ནི་སྟོང་པ་ཉིད་ཆོས་ཐམས་ཅད་རང་བཞིན་མེད་པའི་རྣལ་འབྱོར་གྱིས་སོ་ཞེས་བྱ་བ་ལ་སོགས་པ་ཅན་ནོ། །དེ་པདྨའི་འདབ་མ་རྣམས་སུ་བྲི་བར་བྱའོ། །སྔོན་དུ་བཤད་པའི་ཆོ་ག་ཡིས། །ཞེས་པ་ནི་ཁུ་ཚུར་གྱི་དཀྱིལ་འཁོར་དུ་བཤད་པའི་ཆོ་གས་སོ། །མཆོད་པའི་ཆོ་ག་རྒྱས་ པར་ཞེས་པ་ནི་སྒེག་མོ་ལ་སོགས་པ་རྣམས་དགོད་པའོ། །ངོས་བཞི་པོ་རྣམས་སུ་རལ་གྲིའི་ཕྱག་རྒྱ་བྲིའོ། །འཇུག་པའི་ཆོ་ག་རྒྱས་པ་དེ་ཁོ་ན་བཞིན་དུ་ཞེས་པ་ནི་ཆོས་ཀྱི་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུའོ། །སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་གནས་ཀྱི་དཀྱིལ་འཁོར་སྟོན་ པ་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཆོས་ཀྱི་འཁོར་ལོ་ནི་རྩིབས་བཅུ་གཉིས་པའོ། །རྟེན་ཅིང་འབྲེལ་འབྱུང་ཕྲེང་བ་ཞེས་པ་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་དེ་ཞེས་པ་ཨ་ཡིག་སྟེ་དེ་མུ་ཁྱུད་ལ་བྲི་བར་བྱའོ། །ཕྱག་བཞི་ཞེས་པ་ནི་གཉིས་དག་གིས་འཁོར་ལོ་འཛིན་པའོ། །གཉིས་དག་ གིས་རལ་གྲི་དང་ཞགས་པ་འཛིན་པའོ། །རང་གི་ཡི་གེའི་ཕྲེང་བ་རྣམས་ཀྱིས་ནི་ཧཱུཾ་ཡིག་གི་ཕྲེང་བའོ། །དེ་ཡང་གཡས་པ་དང་གཡས་མིན་གྱི་གཞོགས་སུ་འཁོར་ལོ་གཉིས་ཀྱིས་འོད་ཟེར་དང་ལྡན་ཞིང་རྣམ་པར་མཛེས་པའི་འོད་ཀྱིས་བསྐོར་བར་བལྟ་བར་བྱའོ། །དེ་ཡི་ཞེས་པ་བཅོམ་ལྡན་ འདས་ཀྱིའོ། །འཁོར་ལོ་བཞིན་དུ་རབ་ཏུ་གནས། །ཞེས་པ་ནི་འཁོར་ལོའི་རྣམ་པར་ཡོངས་སུ་གྱུར་པའོ། །མཆོད་པ་ཞེས་པ་ནི་སྒེག་མོ་ལ་སོགས་པ་རྣམས་སོ། །འཁོར་ལོ་བསྐོར་བར་བྱ་ལ་སོགས། །ཞེས་པ་ནི་ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་གྱི་རྣལ་འབྱོར་གྱིས་བསྡུ་བ་ལ་ སོགས་པ་སྔོན་མ་ཅན་གྱིས་ཞུགས་ནས་འཇུག་པ་ལ་སོགས་པ་རྫོགས་པར་བྱའོ། །ནམ་མཁའ་མཛོད་ཀྱི་དཀྱིལ་འཁོར་ཉེ་བར་སྟོན་པ་དེ་ནས་ཞེས་པ་ལ་སོགས་པ་གསུངས་པ། ཐོག་མའི་དཀྱིལ་འཁོར་ཚུལ་གྱིས་ནི། །ཞེས་པ་ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་གྱི་རིགས་པའོ། །དཀྱིལ་ འཁོར་ཀུན་གྱི་ཞེས་པ་གྲུ་བཞི་པ་ལ་སོགས་པ་དང་ལྡན་པ་ཕྱིའི་དཀྱིལ་འཁོར་ལའོ། །སྣང་བ་ཆེ་ཞེས་པ་ནི་འོད་ཀྱི་ཕྲེང་བ་ཅན་ནོ། །མཁའ་བཞིན་ཤིན་ཏུ་འོད་གསལ་བ། །ཞེས་པ་ནི་བཻ་ཌཱུརྱའི་ཁ་དོག་གོ། །ཟླ་བའི་ཁ་དོག་གཟི་བརྗིད་ཆེ། །ཞེས་པ་ནི་འོད་ཀྱི་དཀྱིལ་འཁོར་དཀར་པོའོ། །སྣ་ཚོགས་ 61-1-356b མཚོན་ཆ་འཆང་བ་ཞེས་པ་ནི་སྣ་ཚོགས་རྡོ་རྗེ་འཛིན་པའོ། །སངས་རྒྱས་ཕྲེང་བ་སོགས་པས་སྤྲས། །ཞེས་པ་ནི་སངས་རྒྱས་ལྔའི་ཅོད་པན་དང་། དཔྲལ་བའི་སྟེང་དང་མགྲིན་པར་ཡང་རིན་པོ་ཆེའི་ཕྲེང་བ་གཞན་ནོ། །དབྱངས་ཀྱི་དགུ་པ་ཞེས་པ་ནི་ཨོ་ཡིག་སྟེ་མ་ནིང་བཞི་པོ་མེད་པ་ཉིད་ཀྱི་ཕྱིར་རོ། ། ཐིག་ལེ་སྒྲ་ཡིས་རྣམ་པར་བརྒྱན། །ཞེས་པ་ནི་རྗེས་སུ་སྣ་ལྡན་དང་བཅས་པའོ། །དེ་ཡང་ཞེས་པ་ནི་གང་ཐོག་མ་སྟེ་དང་པོའི་སྡེ་པའི་གསུམ་པའོ། །རྗེས་སུ་སྣ་ལྡན་དང་བཅས་པ་བསྟན་ཏོ། །པདྨའི་རྒྱལ་པོའི་ཕྱི་རོལ་གྱི་འདབ་མ་ལ་ཕྲེང་བ་མཆོག་འཆང་བའོ། །རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་ལས་ མཐེའུ་ཆུང་དང་མིང་མེད་ཁབ་བཞིན་དུ་བྱས་པ་འདི་ཏོག་གི་ཕྱག་རྒྱའོ། །རྡོ་རྗེ་གནོད་སྦྱིན་གྱི་དཀྱིལ་འཁོར་བསྟན་པ་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ། དཀྱིལ་འཁོར་སྔ་མའི་སྦྱོར་བ་ཡིས། །དཀྱིལ་འཁོར་ཐམས་ཅད་ཐིག་བཏབ་བོ། །ཞེས་པ་ནི་བཤད་མ་ཐག་པའོ། །ཁྲོ་བོའི་ དཀྱིལ་འཁོར་ཞེས་པ་ནི་འབར་བ་དང་བཅས་པའོ། །དེར་ཡང་ཞེས་པ་ནི་ཁྲོ་བོའི་དཀྱིལ་འཁོར་གྲུ་བཞི་པར་རོ། །མེའི་རྡོ་རྗེ་མཆོག་ཅེས་པ་ནི་མེའི་དཀྱིལ་འཁོར་རོ། །ཤ་ཥ་སའི་སྡེ་པའི་མཐའ་ཅན་ནི་ཧ་ཡིག་གོ། །དེ་ཡང་ཚེག་དྲག་དང་བཅས་པའོ། །ཁྲོ་བོའི་དཀྱིལ་འཁོར་གྱིས་བསྐོར་ བ་ནི་གང་དུ་སྔགས་ཀྱི་ཡི་གེའི་ཕྲེང་བ་བྲི་བར་བྱེད་པ་དེ་ཁྲོ་བོའི་དཀྱིལ་འཁོར་གྱིས་བསྐོར་བའོ། །དོན་ཡོད་རྒྱལ་པོའི་དཀྱིལ་འཁོར་བསྟན་པ་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྕགས་ཀྱུའི་རྣམ་པ་ཞེས་པ་ནི་ཟུར་གསུམ་གྱི་རྣམ་པའོ། །ལྕགས་ཀྱུ་ལ་ནི་རབ་ཏུ་བཞུགས། །ཞེས་པ་ནི་འོད་ ཟེར་དང་བཅས་པའི་ལྕགས་ཀྱུ་ལ་ཡང་དག་པར་བཞུགས་པ་གང་ཡིན་པའོ། །ཕྱག་བཞི་ཞེས་པ་ནི་གཉིས་གང་གིས་རྡོ་རྗེ་ཁུ་ཚུར་གྱི་ལྕགས་ཀྱུ་འཛིན་པའོ། །གཡོན་པ་བསྙེམས་པ་དང་བཅས་པ་གཡས་པས་མཆོག་སྦྱིན་དང་བཅས་པའོ། །རྡོ་རྗེ་ལྕགས་ཀྱུ་འཛིན་པར་བྱེད་པའི་ཁུ་ཚུར་ཆེན་པོ་ གང་ཡིན་པ་དེ་བཞིན་དུ་བརྗོད་དོ། །འབར་བ་འཕྲོ་བས་རྣམ་པར་བརྒྱན། །ཞེས་པ་ནི་རབ་ཏུ་གཡོ་བའི་འོད་ཟེར་འཁྲུགས་པའོ། །སྔགས་ཀྱི་ཡི་གེ་ལེགས་པར་སྦྱར། །ཞེས་པ་ནི་འོད་ཀྱི་དཀྱིལ་འཁོར་དུ་སྔགས་ཀྱི་ཡི་གེ་དགོད་པའོ། །ལྕགས་ཀྱུའི་ཕྱག་རྒྱ་ནི་སྔར་བཤད་པའི་རྡོ་རྗེ་རྒྱལ་པོའི་ཕྱག་ 61-1-357a རྒྱའོ། །དེའི་ཡང་དག་པར་སྦྱར་བ་ནི་དེ་བཅིངས་ནས་ཀུན་དུ་འདོན་པའོ། །རྡོ་རྗེ་རྒྱལ་པོའི་དཀྱིལ་འཁོར་ལ་ཡང་ཐམས་ཅད་སྔར་བཞིན་ལས་ཁྱད་པར་ནི་ཞགས་པ་ལྕགས་ཀྱུ་འཛིན་ཞེས་པ་ལ་སོགས་པ་སྟེ་ཕྱག་གཉིས་ཀྱིས་ཞགས་པ་འཛིན་པའོ། །གཉིས་ཀྱིས་ལྕགས་ཀྱུ་འཛིན་པའོ་ཞེས་ཇི་སྲིད་པའོ། ། སྡེ་ཚན་གཉིས་པའི་གསུམ་པ་ནི་ཛ་ཡིག་གོ། །གཉིས་འགྱུར་ཉིད་དུ་རྣམ་པར་གནས། །ཞེས་པ་ནི་ཡང་དག་པར་སྦྱར་བ་བྱས་པའོ། །མྱང་འདས་ཐིག་ལེ་ཞེས་པ་ནི་ཚེག་དྲག་གོ། །རབ་ཏུ་བསྐོར་ཞེས་པ་ནི་འོད་ཀྱི་དཀྱིལ་འཁོར་དུ་གནས་པའོ། །སྒེག་མོ་ལ་སོགས་པ་ནི་སྔོན་བཞིན་ཡང་ངོ་། །རྡོ་རྗེ་ཆགས་པའི་ དཀྱིལ་འཁོར་ལ་ཡང་ཕྱག་བཞིན་ཞེས་པ་ནི་གཡོན་པས་གཞུ་འཛིན་གཡས་པས་མདའ་འཕེན་པའོ། །གཡོན་གཞན་གྱིས་བསྙེམས་པ་དང་བཅས་པ་གཡས་ཀྱིས་མཆོག་སྦྱིན་པའོ། །སྔགས་ཀྱི་ཕྲེང་བས་རྣམ་པར་བརྒྱན། །ཞེས་པ་ནི་འོད་ཀྱི་དཀྱིལ་འཁོར་དུ་ཧོ་ཡིག་གི་ཕྲེང་བས་རྣམ་པར་མཛེས་པའོ། །མེ་ ཏོག་མདས་ནི་ཡོངས་སུ་བསྐོར། །ཞེས་པ་ནི་ངོས་བཞི་པོ་རྣམས་སུ་མེ་ཏོག་གི་མདའ་རྣམས་ཀྱིས་ཡོངས་སུ་བསྐོར་བའོ། །སྒེག་མོ་ལ་སོགས་པ་དེ་དག་ཀྱང་བལྟ་བར་བྱའོ། །འཆད་པར་འགྱུར་བའི་རྡོ་རྗེ་ཁུ་ཚུར་གྱི་དཀྱིལ་འཁོར་གྱི་མཐར་ཐུག་པ་རྣམས་སུ་གང་མ་བརྗོད་པ་དེ་དང་དེ་དག་གི་རྒྱུད་ཀྱང་དབང་དུ་བྱས་ པའོ། །རྡོ་རྗེ་ལེགས་པའི་དཀྱིལ་འཁོར་ལ་ཡང་ཧ་ཡིག་གི་སྔོན་མ། སེམས་ཅན་དོན་ནི་རབ་སྒྲུབ་བྱེད། །ཞེས་པ་ས་ཡིག་གོ། །ཐིག་ལེ་གཉིས་ནི་ཚེག་དྲག་གོ། །སངས་རྒྱས་ཐམས་ཅད་མཉམ་པར་སྤྱོད། །ཅེས་པ་ནི་སངས་རྒྱས་ཐམས་ཅད་བསྔགས་པར་བྱའོ། །རྡོ་རྗེ་གཟི་བརྗིད་ཀྱི་དཀྱིལ་འཁོར་དུ་ཡང་། ཀུན་ ན་སངས་རྒྱས་ཉིད་མཚུངས་པ། །ཞེས་པ་ནི་ཐམས་ཅད་དུ་སངས་རྒྱས་ཉིད་སྦྱིན་པའོ། །དབྱངས་ཀྱི་བཅུ་གཅིག་པ་ནི་ཨ་ཡིག་གོ། །སྔགས་ཀྱི་ཕྲེང་བས་ཡོངས་སུ་བསྐོར། །ཞེས་པ་ནི་འོད་ཀོར་ལ་རང་གི་སྔགས་ཀྱི་ཡི་གེའི་ཕྲེང་བས་བསྐོར་བའོ། །ཕྱག་རྒྱའི་མཚན་མ་ཞེས་པ་ནི་ཕྱག་གཉིས་ཀྱིས་ཉི་མའི་དཀྱིལ་ འཁོར་དང་རིན་པོ་ཆེའི་དཀྱིལ་འཁོར་འཛིན་པའོ། །ངོས་བཞི་པོ་རྣམས་སུ་ཡང་དེ་ཁོ་ནས་ཡོངས་སུ་བསྐོར་བའོ། །སངས་རྒྱས་ཐམས་ཅད་མཆོད་ནས་ཞེས་པ་ནི་བསྡུ་བ་ལ་སོགས་པ་སྔོན་མ་ཅན་ནི་ལྷག་མའོ། །རྡོ་རྗེ་རྒྱལ་མཚན་གྱི་དཀྱིལ་འཁོར་ལ་ཡང་རིན་ཆེན་ཏོག་གི་དཀྱིལ་འཁོར་ནི་རིན་པོ་ཆེའི་དཀྱིལ་འཁོར་རོ། ། 61-1-357b ཕྱག་བཞི་ཞེས་པ་ནི་གཉིས་ཀྱིས་རྒྱལ་མཚན་འཆང་བའོ། །གཡོན་པས་བསྙེམས་པ་དང་བཅས་པ་གཡས་ཀྱིས་མཆོག་སྦྱིན་པའོ། །སྡེ་ཚན་བཞི་པའི་དང་པོ་ལ། །མེ་ཡི་གསལ་བ་ཅན་ནི་ཏྲ་ཡིག་གོ། །དེ་ཡང་ཚེག་དྲག་དང་བཅས་པར་བལྟ་བར་བྱའོ། །རྡོ་རྗེ་བཞད་པའི་དཀྱིལ་འཁོར་ལ་ཡང་གཉིས་ཀྱིས་སོའི་ ཕྲེང་བ་འཛིན་པ་གཡོན་གྱིས་བསྙེམས་པ་དང་བཅས་པ་གཡས་ཀྱིས་མཆོག་སྦྱིན་པའོ། །རྒྱུ་དོན་རབ་ཏུ་སྒྲུབ་བྱེད་པ། །ཞེས་པ་ནི་ཧ་ཡིག་གོ། །དེ་ཡང་ཚེག་དྲག་དང་བཅས་པའོ། །རྡོ་རྗེ་སྨྲ་བའི་དཀྱིལ་འཁོར་ལ་ཡང་དངོས་གྲུབ་རབ་ཏུ་སྟེར་བ་པོ་ཉིད་ཀྱི་ཕྱིར་དངོས་གྲུབ་ཀྱི་དཀྱིལ་འཁོར་རོ། །རྡོ་རྗེའི་ཐིག་གིས་ ཡོངས་སུ་བསྐོར་བ་ཉིད་ཀྱི་ཕྱིར་རྡོ་རྗེའི་དཀྱིལ་འཁོར་རོ། །མེ་ལ་ཡང་དག་འབྱུང་ཞེས་པ་ནི་མེའི་དཀྱིལ་འཁོར་ལ་གནས་པའོ། །དེ་ཉིད་གསལ་བར་གྲུ་གསུམ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཆོས་ཀྱི་དབྱིངས་ཀྱི་ཡི་གེ་ནི་ར་ཡིག་གོ། །དེའི་སྔགས་ཉིད་ཀྱི་ཕྱིར་ཆོས་དབྱིངས་ཡི་གེ་སྟེ་བཅོམ་ལྡན་འདས་ཀྱང་ངོ་། ། ཐམས་ཅད་གཟི་བརྗིད་རང་བཞིན་ཞེས་པ་ནི་འོད་ཟེར་སྣ་ཚོགས་པའི་ཕྲེང་བའོ། །ཕྱག་བཞི་ཞེས་པ་ནི་གཉིས་ཀྱིས་ཀྱང་བསྙེམས་པ་དང་བཅས་པ་དང་མཆོག་སྦྱིན་པའོ། །གཉིས་པ་ཞེས་བྱ་བ་ལ་སོགས་པ་རྣམས་ཀྱིས་ཏིང་ངེ་འཛིན་གཞན་སྟོན་པར་བྱེད་དོ། །བརྗོད་བྱའི་དབྱེ་བ་ཞེས་པ་ནི་དོན་འབྱེད་པར་མངོན་པར་ དགོངས་སོ་ཞེས་པ་ཇི་སྲིད་པའོ། །རྡོ་རྗེ་སྲུང་བའི་དཀྱིལ་འཁོར་ལ་ཡང་གོ་ཆ་ཞེས་པ་ནི་གོ་ཆའོ། །ཕྱག་བཞི་ཞེས་པ་ནི་གཉིས་ཀྱིས་གོ་ཆ་འཛིན་པའོ། །གཡོན་པས་མེ་ཏོག་དམར་པོ་འཛིན་པའོ། །གཡས་ཀྱིས་མཆོག་སྦྱིན་པའོ། །སྣ་ཚོགས་ཁ་དོག་སྣ་ཚོགས་ཏེ་སྔར་བརྗོད་པའི་རྡོ་རྗེ་ཁུ་ཚུར་བཞིན་ནོ། །གཟི་བརྗིད་ ཆེ་ཞེས་པ་ནི་འོད་ཟེར་འབར་བ་དང་ལྡན་པའོ། །ཕྱག་རྒྱ་སྔགས་དང་ཡང་དག་ལྡན། །ཞེས་པ་ཕྱག་དང་ངོས་བཞི་པོ་རྣམས་སུའོ། །སྔགས་དང་ཡང་དག་པར་ལྡན་པ་ནི་འོད་ཀྱི་དཀྱིལ་འཁོར་ལའོ། །ཤ་ཥའི་སྡེ་མཐའ་ཅན་ཞེས་པ་ནི་ཧ་ཡིག་གོ། །ནཱ་ད་ཡིས་ནི་སྟེང་དུ་བརྒྱན། །ཞེས་པ་ནི་རྗེས་སུ་སྣ་ལྡན་དང་བཅས་ པའོ། །སྣ་ཚོགས་ཁ་དོག་གིས་བསྒོམས་པས། །ཞེས་པ་ནི་འོད་ཟེར་སྣ་ཚོགས་ཀྱིས་སོ། །སྔགས་ཀྱི་ཕྲེང་བས་ཡོངས་སུ་བསྐོར། །ཞེས་པ་ནི་འོད་ཀོར་ལའོ། །གློག་གི་ཕྲེང་བས་རྣམ་པར་བརྒྱན་ནི་དེ་དང་དེ་ཁོ་ནའོ། །རྡོ་རྗེ་ཁུ་ཚུར་གྱིས་དཀྱིལ་འཁོར་ལ་ཡང་རྡོ་རྗེ་པདྨ་ཞེས་པ་ནི་སྣ་ཚོགས་རྡོ་རྗེ་ལ་གནས་པའི་པདྨ་ 61-1-358a ལའོ། །ཕྱག་བཞི་ཞེས་པ་ནི་གཉིས་ཀྱིས་ཁུ་ཚུར་གྱི་ཕྱག་རྒྱ་འཆིང་བའོ། །གཡས་པས་མཆོག་སྦྱིན་པའོ། །དེ་བཞིན་གཤེགས་པ་རྣམས་ཀུན་གྱི་ཁུ་ཚུར་ཞེས་པ་དེ་དག་ཁོ་ནའི་སྒྲུབ་པར་བྱེད་པ་སྐུ་དང་གསུང་དང་ཐུགས་ཞེས་པ་གསུངས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ ཐུགས་གཅིག་པ་ཅན་དུ་བྱེད་དོ་ཞེས་པའི་དོན་ནོ། །རྡོ་རྗེ་སེམས་དཔའ་ཞེས་པ་ནི་དབྱེ་བར་བྱར་མེད་པའི་སེམས་སོ། །མཉམ་ཉིད་མཆོག་ཅེས་པ་ཁོ་ན་བསྟན་པ་གསུངས་པ་གཉིས་ཉིད་མེད་ཅེས་པ་སྟེ་མཆོག་ནི་སེམས་དཔའི་མཆོག་ཉིད་ཀྱི་ཕྱིར་རོ། །གསང་བ་ནི་སྔགས་ཀྱི་སེམས་དཔའ་རྣམས་ཀྱིས་བསྲུང་བར་བྱ་བ་ ཉིད་ཀྱི་ཕྱིར་རོ། །སྡུད་པ་ཞེས་པ་ནི་གཅིག་པ་ཅན་དུ་བྱེད་པའོ། །སྡེ་ཚན་ལྔ་པའི་གསུམ་པ་ནི་པ་ཡིག་གོ། །དེ་ཡང་རྗེས་སུ་ང་རོ་དང་བཅས་པར་བལྟ་བར་བྱའོ། །རྡོ་རྗེ་སེམས་དཔའ་དང་རིན་ཆེན་དང་ཆོས་དང་ལས་རྣམས་རིམ་པས་རྣམ་པར་སྣང་མཛད་ཆེན་པོ་དང་ནམ་མཁའི་སྙིང་པོ་དང་འགྲོ་བ་འདུལ་བ་དང་རྡོ་རྗེ་ཁུ་ ཚུར་གྱི་རང་བཞིན་ཡིན་པ་ཉིད་ཀྱི་ཕྱིར་དཀྱིལ་འཁོར་གསུངས་སོ་ཞེས་པས་འདིར་ནི་ཉེ་བར་བཀོད་དོ། །འདིར་ཕྱག་རྒྱ་དགོད་པ་ཉེ་བར་མ་བཀོད་པ་གང་ཡིན་པ་དེ་རྣམས་ཀྱང་ངོས་བཞི་པོ་རྣམས་སུ་རང་གི་མཚན་མའི་ཕྱག་རྒྱ་ཉིད་གཞག་པར་བྱའོ། །སྔར་གསུངས་པའི་རྡོ་རྗེ་ལ་སོགས་པ་རྣམས་ཀྱིས་ཀྱང་དེ་རྣམས་ཀྱི་ཕྱག་དང་ ཁ་དོག་དང་ཏིང་ངེ་འཛིན་ལ་སོགས་པའི་དབྱེ་བས་ཁྱད་པར་ཡོད་པར་ཁོང་དུ་ཆུད་པར་བྱའོ། །ད་ནི་འཇིག་རྟེན་པའི་དཀྱིལ་འཁོར་ཉེ་བར་བསྟན་པ་དེ་ནས་ཞེས་པ་ལ་སོགས་པ་གསུངས་པ། དེ་ལ་དབང་ཕྱུག་ཆེན་པོའི་དཀྱིལ་འཁོར་ལ། སྒོ་ཁྱུད་ལ་སོགས་རྣམ་པར་སྤང་། །ཞེས་པའི་སོགས་ཀྱི་སྒྲས་རྟ་བབས་ལ་ སོགས་པ་དང་བྲལ་བའོ། །སྒོ་གཅིག་པར་རེ་ཁཱ་དཀར་པོའི་དཀྱིལ་འཁོར་ལའོ། །ཕྱག་བཞི་ཞེས་པ་ནི་གཉིས་ཀྱིས་མདུང་རྩེ་གསུམ་པ་དང་པཊྚིས་འཛིན་པའོ། །གཉིས་ཀྱིས་དུང་དང་པདྨ་འཛིན་པའོ། །ཆུའི་དཀྱིལ་འཁོར་དབུས་སུ་ཞེས་པ་ནི་གྲུ་བཞི་པའི་དཀྱིལ་འཁོར་ལ་ཆུའོ། །དེ་ལས་ཁྱུ་མཆོག་གོ། །དེ་ལ་ ཞོན་པའོ། །མདུང་རྩེ་གསུམ་པ་ལ་སོགས་པའི་ཕྱག་རྒྱ་རང་གི་ངོས་རྣམས་སུ་དགོད་པར་བྱའོ། །འདི་ཉིད་ལ་ཞེས་པ་དབང་ཕྱུག་ཆེན་པོའི་དཀྱིལ་འཁོར་དུ་དགའ་བྱེད་དབང་ཕྱུག་ཀྱང་གར་བྱེད་པ་གཞག་པར་བྱའོ། །ཕྱག་བཞི་ཞེས་པ་ཡང་དེ་ཁོ་ན་དང་སྦྲེལ་ལོ། །ལག་པ་སྟོང་གིས་ཞེས་པ་ནི་ནག་པོ་ཆེན་པོ་ཉིད་ཀྱིའོ། ། 61-1-358b རྩེ་གསུམ་གྱི་ཕྱག་རྒྱ་ངོས་རྣམས་སུ་གཞག་པར་བྱའོ། །འདི་ཉིད་ཀྱི་ནི་ཆོ་ག་ཡིས། །ཞེས་པ་ནི་སྒོ་ཁྱུད་ལ་སོགས་པ་རྣམ་པར་སྤངས་པའི་རིགས་པས་སོ། །སྦྲང་རྩིར་བྱེད་པ་ལ་སོགས་པའི་མིང་པོ་གསུམ་ཞེས་པ་སྦྲང་རྩིར་བྱེད་པ་དང་། རྒྱལ་བར་བྱེད་པ་དང་གྲུབ་པར་བྱེད་པ་རྣམས་ཏེ་དེ་རྣམས་རིམ་པས་འདོད་ ཆགས་དང་ཞེ་སྡང་དང་གཏི་མུག་གི་བདག་ཉིད་ཅན་ཚངས་པ་དང་དྲག་པོ་དང་ཁྱབ་འཇུག་རྣམས་ཇི་སྲིད་པར་རོ། །གཞུའི་ཕྱག་རྒྱ་ཡོངས་སུ་འཛིན། །ཞེས་པ་ནི་ལག་པ་གཡོན་པ་ན་གཞུའོ། །མེ་ཏོག་མདའ་ནི་ཡོངས་སུ་འཕེན། །ཞེས་པ་གཡས་པས་མདའ་འཛིན་པའོ། །ངོས་བཞི་པོ་རྣམས་སུ་རང་གི་མདའི་ཕྱག་ རྒྱས་ཡོངས་སུ་བསྐོར་བའོ། །འདོད་ཆགས་སྦྲང་རྩིར་བྱེད་པར་གསུངས། །ཞེ་སྡང་རྒྱལ་བར་བྱེད་པར་དྲན། །གཏི་མུག་གྲུབ་བྱེད་རབ་ཏུ་བརྗོད། །ཀུན་དུ་གསང་བའི་མིང་རྣམས་སོ། །ཞེས་པས་འདི་རྣམས་ཀྱི་མིང་རྣམས་ཀྱི་མཚན་མ་དེ་དག་འདོད་ཆགས་ལ་སོགས་པ་རྣམས་སུ་བསྒོས་པས་ཉེ་བར་ མཚོན་པའོ། །དེ་ལྟར་ཞེས་པ་ནི་རྡོ་རྗེ་སྦྲང་རྩི་ལ་སོགས་པའི་དཀྱིལ་འཁོར་བཞིན་དུ་འདབ་མ་བཞི་པ་ཞེས་པ་ནི་པདྨ་འདབ་མ་བཞི་པ་ལའོ། །རྒྱལ་མ་དམར་པོ་གཞུ་དང་མདའ་དང་ལྡན་པའོ། །རྣམ་རྒྱལ་ནག་པོ་ཕུབ་དང་རལ་གྲི་འཛིན་པའོ། །མི་ཕམ་སེར་མོ་གཏེར་གྱི་ལག་པའོ། །གཞན་གྱིས་མི་ཐུབ་མ་དཀར་ མོ་ཐོད་པ་དང་བཅས་པའི་གྲི་རིངས་འཛིན་པའོ། །གཞོགས་སུ་རང་གི་མཚན་མ་དེ་རྣམས་བྲི་བར་བྱའོ། །གོ་རིམས་ཇི་ལྟ་བ་བཞིན་དུ་སྔགས་རྣམས་གཞག་པར་བྱའོ་ཞེས་པ་ནི་རང་གི་སྔགས་འདི་དག་འདོན་ཅིང་དགོད་པར་བྱའོ། །འཇིག་རྟེན་པ་ལ་ཡང་ལག་པ་གཡོན་པའི་ཁུ་ཚུར་འདི་རྣམས་ཀྱི་ཕྱག་རྒྱ་སྟེ་དེ་ཁོ་ ན་བཞིན་དུ་ལག་པའི་རྒྱབ་ཅེས་པ་ཨོཾ་གྱི་ཡི་གེ་དེ་ཉིད་དགོད་དོ། །རྡོ་རྗེ་ཕྲེང་བ་ཞེས་འབར་བའི་མཐར་ཐུག་པར་རྡོ་རྗེ་རྩེ་གསུམ་པའི་ཕྲེང་བའོ། །ཡང་དག་སྦྱོར་ལས་ཞེས་པ་དབང་དུ་བྱེད་པ་ལ་ཨོཾ་ཡིག་དམར་པོ་བསྒྲུབ་བྱའི་མིང་དང་སྤེལ་བ་བྲིའོ། །དེ་ལ་བསྒྲུབ་བྱ་ནང་དུ་བསྒོམས་ནས་འོད་ཟེར་དམར་པོའི་ཕྲེང་ བ་ཅན་གྱི་སོར་མོ་དཔྱད་པར་བྱའོ། །རྣམ་པར་དབྱེ་བ་ཡང་ཞེས་པ་དགུག་པ་ལས་ཏེ་དེ་ཁོ་ན་བཞིན་དུ་བསམས་ནས་བསྒྲུབ་བྱ་དགུག་པའི་ཚུལ་གྱིས་དེ་ལ་མངོན་དུ་ཕྱོགས་པའི་སོར་མོའི་ལྕགས་ཀྱུ་རྣམ་པར་དབྱེ་བར་བྱའོ། །ཕྱག་རྒྱ་ཞེས་པ་རྨོངས་པ་ལས་ཏེ་ནག་པོར་བསམས་ནས་ཕྱག་རྒྱ་བྱའོ། །ཀུན་སྤྱོད་ཅེས་པ་ནག་པོ་ 61-1-359a ཉིད་བསམས་ནས་བསྒྲུབ་བྱ་དེ་ཡི་གེ་ཉིད་ཀྱི་ནང་དུ་བཅུག་ནས་སོར་མོའི་མཛུབ་མོ་ལས་གཞན་ཀུན་དུ་དཔྱད་པར་བྱའོ། །བསྡུས་པ་ཞེས་པ་དེ་བཅིང་བ་ལས་ཏེ་དེ་བཞིན་ཁོ་ནར་བསམས་ནས་བསྒྲུབ་བྱ་ནང་དུ་བཅུག་སྟེ་སོར་མོའི་རྩེ་མོས་བཙིར་བར་བྱའོ། །དེའི་སྟེང་དུ་ལྷའམ་ལྷ་མོ་བལྟའོ། །དེ་རྣམས་ཐམས་ ཅད་དང་དེ་ཐམས་ཅད་དེའོ། །རྨོངས་པ་ལ་སོགས་ཞེས་པ་སོགས་ཀྱི་སྒྲས་བསྐྲད་པའོ། །རེངས་པ་སོགས་ཀྱིས་འདི་ལས་གཞན་པའི་ལས་ཀྱང་འདིའི་ནང་དུའོ། །གོ་རིམས་བཞིན་ཞེས་པ་ཇི་ལྟར་རྗེས་སུ་མཐུན་པར་རོ། །རྡོ་རྗེ་སྙིང་པོའི་རྒྱན་དུ་རྩ་བའི་རྒྱུད་ཀྱི་རྣམ་པར་འབྱེད་པའོ། །རྒྱུད་ཕྱི་མ་ཉེ་བར་མཆོག་ཏུ་འཕགས་ པ་དེ་ནས་བཅོམ་ལྡན་འདས་ཞེས་པ་ལ་སོགས་པ་གསུངས་པ་བྱང་ཆུབ་སེམས་ཞེས་པ་ནས་བརྩམས་ནས། རྡོ་རྗེ་རྣལ་འབྱོར་དབང་ཕྱུག་མཆོག །ཅེས་པ་ཇི་སྲིད་རྣམ་པར་སྣང་མཛད་ཀྱི་སྒོ་ནས་སོ། །མི་བསྐྱོད་པ་དང་ཞེས་པ་ལ་སོགས་པ་ནས་ཐམས་ཅད་དེ་བཞིན་གཤེགས་ཞེས་པ་སྲིད་པར་མི་བསྐྱོད་པ་ལ་སོགས་པ་ དེ་བཞིན་གཤེགས་པ་བཞིའི་སྒོ་ནས་སོ། །འཁོར་ལོས་སྒྱུར་བ་གཙུག་ཏོར་གྱི་སྒོ་ནས་སོ། །རྡོ་རྗེ་སེམས་དཔའ་ཞེས་པ་ནས་བརྩམས་ནས། རྡོ་རྗེ་མཚམས་སྦྱོར་ལགས་པར་བསྒྲུབ། །ཅེས་པ་ཇི་སྲིད་པར་རྡོ་རྗེ་སེམས་དཔའ་ལ་སོགས་པ་སེམས་དཔའི་སྒོ་ནས་སོ། །ཕྱག་འཚལ་ཁྱོད་ཅེས་པ་དེ་བཞིན་ གཤེགས་པ་ཐམས་ཅད་ལ་ཕྱག་བྱས་པའི་སྒོ་ནས་འདི་ལ་བསྟོད་པ་བལྟ་བར་བྱའོ། །ད་ནི་དེ་ནས་བཅོམ་ལྡན་འདས་ཞེས་པ་ལ་སོགས་པ་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ནས་དཔེ་བྱད་ཀྱི་མཐར་ཐུག་པའི་སྒྲུབ་ཐབས་ཉེ་བར་བསྡུ་བ་གསུངས་པ། སངས་རྒྱས་ཐམས་ཅད་ཀྱི་ཡུལ་རྣམས་ནི་དྲན་པ་ཉེ་བར་གཞག་ པ་ལ་སོགས་པ་རྣམས་སོ། །དེ་རྣམས་ཀྱི་འཇུག་པ་ནི་གང་དུ་ཤེས་པ་སྟེ། དེ་ནི་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པའི་ཡེ་ཤེས་སོ། །དེ་ལྷ་དང་དབྱེར་མེད་པ་ཉིད་ཀྱི་ཕྱིར་རྡོ་རྗེའོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །དེ་ཉིད་ཀྱང་གང་གི་མིང་ཡིན་པ་དེ་ལ་སྙོམས་པར་ཞུགས་པ་ ཞེས་པ་མངོན་དུ་མཛད་པ་དང་ལྡན་པའོ། །འཇམ་དཔལ་གཞོན་ནུར་གྱུར་པ་ཞེས་པ་ནི་འཇམ་དཔལ་གཞོན་ནུར་གྱུར་པ་ཉིད་ཀྱིས་ཡོངས་སུ་གྱུར་པར་སྔར་བྱིན་གྱིས་བརླབས་པ་ལས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་ཡེ་ཤེས་ཞེས་པ་ནི་རྣམ་པར་སྣང་མཛད་ཀྱི་ཐུགས་སོ། །ཞུགས་པར་ 61-1-359b གྱུར་ཏོ་ཞེས་བྱ་བ་ནི་ནང་དུ་ཐིམ་པ་སྟེ་མི་བསྐྱོད་པ་ལ་སོགས་པའི་ཐུགས་ལེགས་པར་བྱུང་ནས་ཞེས་པ་ལྷག་མའོ། །ཤེས་རབ་དང་ཡེ་ཤེས་རྣམ་པར་སྦྱངས་ཏེ་ཞེས་པ་ནི་དྲན་པ་ཉེ་བར་གཞག་པ་རྫོགས་པར་བྱ་སྟེའོ། །བྱང་ཆུབ་ཀྱི་སེམས་བསྐྱེད་ནས་ཞེས་པ་ལ་སོགས་པས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ བཅུ་དྲུག་གི་ཏིང་ངེ་འཛིན་ཡང་བསྐྱེད་ནས་ཞེས་པ་བསྟན་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་ཡེ་ཤེས་ནི་རྣམ་པར་སྣང་མཛད་ཀྱི་ཤེས་རབ་ཡེ་ཤེས་ཀྱིས་སོ། །ཡོངས་སུ་བསྐོར་བ་ཞེས་པ་ནི་ཡོངས་སུ་བསྐོར་བར་བསྐྱེད་ནས་སོ། །རྣམ་པར་ཅིས་ཤེ་ན་གསུངས་པ། དེ་བཞིན་གཤེགས་པ་རྣམས་ཐམས་ཅད་ ཀྱི་ཞེས་པ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ནི་མི་བསྐྱོད་པ་ལ་སོགས་པ་རྣམས་སོ། །ཉི་མའི་དཀྱིལ་འཁོར་ཡང་འདི་རྣམས་ཁོ་ནའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མདོར་བསྟན་པ་ཆོས་ཀྱི་ཚིག་ཅེས་པ་ནི་དྲན་པ་ཉེ་བར་གཞག་པ་ལ་སོགས་པའི་ཚིག་གོ། །འཇིག་རྟེན་དུ་ཡང་ཉེ་བར་ལེན་པ་མེད་དོ་ཞེས་པ་ ནི་ཉེ་བར་ཐོབ་པ་མེད་པའོ། །ལུས་ལ་སོགས་པའི་ཆོས་མཉམ་པ་ཅན་ནི་སྟོང་པ་ཉིད་དོ། །གང་དེ་ཁོ་ན་གནས་ཏེ་གཞིའི་རང་བཞིན་ཡིན་པ་དེ་ཡང་ཉེ་བར་ཐོབ་པ་མེད་དོ། །རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་སྔོན་དུ་བྱས་ནས་ཞེས་པ་ནི་དེའི་སྙིང་པོ་རང་གི་སྙིང་གའི་རྡོ་རྗེ་ལ་བཀོད་ནས་དྲན་པ་ཉེ་བར་གཞག་པ་རྣམས་ཀུན་ རྫོབ་དང་དོན་དམ་པ་ཇི་ལྟ་བ་བཞིན་དུ་སྒོམ་པར་བྱེད་པའི་སྐུའོ། །དེ་བཞིན་དུ་དཔེ་བྱད་རྣམས་ཀྱི་མཐར་ཐུག་པར་ཇི་སྲིད་པར་རོ། །མི་སྤོང་བའི་ཆེད་དུ་ནི་དོན་དམ་པར་ཆོས་ཐམས་ཅད་དངོས་པོ་མེད་པའི་ཕྱིར་རོ། །མི་སྤོང་བ་མ་ཡིན་པའི་ཆེད་དུ་སྟེ་མ་བྱུང་བ་ཡོངས་སུ་བརྟགས་པ་རིག་བཞིན་པ་ཉིད་ཀྱི་ཕྱིར་དོན་དམ་པར་ གཉིས་སུ་མེད་པའོ། །དོན་དམ་པའི་སྒོ་ནས་དངོས་པོ་མཐར་ཐུག་པ་མེད་པའི་ཕྱིར་དང་ཀུན་རྫོབ་ཀྱི་སྒོ་ནས་ཇི་ལྟར་སྣང་བ་ཐེག་པ་ལས་སོ་སོར་འཇུག་པའོ། །སྤྲོས་པ་མེད་པ་ནི་དོན་དམ་པར་གཉིས་སུ་མེད་པའི་ཚུལ་ལོ། །ཆོས་ཐམས་ཅད་མཉམ་པ་ཉིད་ལ་གནས་པ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཉིད་དོ། ། སྟོབས་ཐམས་ཅད་ཅེས་པ་ནི་སྟོབས་བྱེད་པ་དང་བྲལ་བའོ། །ཅིས་ན་གདོད་མ་ནས་སྤྲོས་པ་མེད་པའོ། །ཅི་རུ་གཞན་ཉེ་བར་ལྷག་པའི་སྤྲོས་པ་མེད་པར་འགྱུར་ཞེ་ན་གསུངས་པ། གདོད་མ་ནས་དག་པ་ཞེས་སོ། །ངག་སོ་སོར་ཡང་དག་པར་རིག་པ་ཞེས་པ་ནི་ངེས་པའི་ཚིག་སོ་སོར་ཡང་དག་པར་རིག་པའོ། །ཅིའི་ཕྱིར་ 61-1-360a ཆོས་ཐམས་ཅད་གཅིག་ཏུ་རྗེས་སུ་དྲན་ཞེ་ན་གསུངས་པ། ཆོས་ཐམས་ཅད་དོན་དམ་པར་སྟོང་པ་ཉིད་ཅེས་པའོ། །མཚན་ཉིད་ནི་རང་བཞིན་མེད་པའི་བདག་ཉིད་ཅན་ནོ། །མཚན་ཉིད་མེད་པ་ནི་དེ་ལས་བཟློག་པའོ། །དེ་རྣམས་རྣམ་པར་འབྱེད་པ་ནི་སྣང་བ་མེད་པར་བྱེད་པའོ། །དེས་མཉམ་པ་ཉིད་དེ་ཁོང་ དུ་ཆུད་པའོ། །སྒོ་ནི་ཐབས་ཏེ་དེ་ཉིད་གང་གི་མིང་ཡིན་པ་དེ་ལ་དེ་བཞིན་དུ་བརྗོད་པར་བྱའོ། །བྱང་ཆུབ་ཀྱི་ཡན་ལག་བདུན་པོ་རྣམས་ཀྱི་མཉམ་པ་ཉིད་ནི་སྟོང་པ་ཉིད་དོ། །སྐྱེ་བ་མེད་པ་ཉིད་ཀྱང་མཚོན་པར་བྱ་བ་ནི་མངོན་དུ་བྱའོ། །བདག་གིས་སམ་ཞེས་བྱ་བ་དེ་ལ་དེ་བཞིན་དུ་གསུངས་སོ། །ལམ་ཟད་མི་ཤེས་པ་ནི་གང་ དུ་ན་བྱང་ཆུབ་ཀྱི་སེམས་ལ་སྟེ་དེའི་འཇུག་པའོ། །ལེགས་པར་སོ་སོར་རིག་པ་ཞེས་པ་ནི་རྣམ་པ་ཐམས་ཅད་ཡོངས་སུ་ཤེས་པའོ། །དེའི་རང་བཞིན་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་རིག་པར་འགྱུར་རོ། །མཚན་ཉིད་གཅིག་པ་ཞེས་པ་ནི་གཉིས་སུ་མེད་པའི་རང་བཞིན་ལས་སོ། །ཆོས་ཐམས་ཅད་ཅེས་པ་དང་ རྒྱུ་དང་འབྲས་བུའི་ངོ་བོ་ལས་སོ། །དེ་ཉིད་ཀྱིས་ཞེས་པ་ནི་འཆད་པར་འགྱུར་བའི་སྔགས་ཀྱིས་སོ། །ལེགས་པར་སོ་སོར་རྟོག་པའི་ཕྱིར། །ཞེས་པ་ནི་ལེགས་པར་སོ་སོར་བྱེད་པའི་ཕྱིར་རོ། །ཆོས་ཐམས་ཅད་སྤྲོས་པ་མེད་པའི་མཚན་ཉིད་ནི་དོན་དམ་པའོ། །དེའི་ཕྱིར་ཡང་ཀུན་ནས་ཉོན་མོངས་པ་མེད་ཅིང་ རྣམ་པར་བྱང་བ་མེད་ལ་བསམ་གཏན་མེད་ཅིང་བསམ་གཏན་མ་ཡིན་པའང་མེད་ལ་སྙོམས་པར་འཇུག་པ་མེད་ཅིང་སྙོམས་པར་འཇུག་པ་མ་ཡིན་པའང་མེད་པའོ། །མི་འཇིགས་པ་རྣམས་ཀྱིས་ནི་མཉམ་པ་ཉིད་དོ། །གང་ལས་གང་ཞིག་ན་ཆོས་ཐམས་ཅད་སྒྱུ་མའི་མཚན་ཉིད་དོ། །དེ་ལྟར་ན་ཡང་ཅིའི་ཕྱིར་ཞེ་ན་ གསུངས་པ། ངའི་རྣམ་པ་ཞེས་པ་ལ་སོགས་པ་སྟེ་ངར་འཛིན་པ་དང་། ང་ཡི་བར་འཛིན་པ་ནི་བདག་དང་བདག་གི་བར་མངོན་པར་ཞེན་པ་དག་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། །རྣམ་པར་ཐར་པ་བརྒྱད་མཉམ་པ་ཉིད་ཅེས་པ་ནི་སྙོམས་པར་འཇུག་པ་བརྒྱད་སྟོང་པ་ཉིད་དོ། །རྣམ་པར་ཐར་པ་མཉམ་པ་ཉིད་ཅེས་པ་ནི་སྙོམས་པར་ འཇུག་པ་དགུ་དང་གཉིས་སུ་མེད་པ་ཉིད་དོ། །ཐམས་ཅད་ཅེས་པ་ནི་སྦྱིན་པ་ལ་སོགས་པ་ཐབས་ཀྱི་མཐར་ཐུག་པའོ། །མི་མཉམ་པ་ལ་སོགས་པའི་མཐར་ཕྱིན་པ་ཉིད་ནི་རང་བཞིན་དུ་འགྱུར་རོ། །ཇི་ལྟར་ན་བརྟན་པར་རྗེས་སུ་རྟོགས་པའི་སྦྱོར་བས་སྒོམ་པ་ཕྱི་རོལ་གྱིས་སོ། །ཡེ་ཤེས་ཀྱི་དོན་ཏོ་ཞེས་པ་ནི་ཡེ་ཤེས་ 61-1-360b ཀྱི་རང་བཞིན་ནོ། །ཅིའང་མེད་པ་ཞེས་པ་ནི་དམིགས་པ་དང་བྲལ་བའོ། །ཉོན་མོངས་མེད་པ་ཞེས་པ་ནི་ཀུན་ནས་ཉོན་མོངས་པ་མེད་པའོ། །ཡི་གེ་མེད་པ་ཞེས་པ་ནི་སྒྲ་དང་ལྡན་པ་མ་ཡིན་པའོ། །དེའི་ཕྱིར་དོན་ཡོད་པ་སྟེ་སྤྱོད་པ་དང་བྲལ་བའོ། །གདོད་ནས་དག་པ་ནི་གློ་བུར་གྱི་དྲི་མ་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། །དྲི་ མ་དང་བྲལ་བ་དང་འོད་གསལ་བ་གཉིས་སུ་མེད་པ་དང་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་ཡང་མངོན་པར་བརྗོད་བྱ་མ་ཡིན་པ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གང་འདི་ལ་རྣམ་པར་གནས་པ་དེ་རྣམ་པར་བཞག་པའོ། །གང་ལས་གང་གི་ཕྱིར་ན། དོན་དམ་པར་ན་གནས་པ་དང་བྲལ་བ་དེ་ ཡང་ཅི་ལྟར་རྣམ་པར་མེད་པ་ཉིད་ཀྱི་ཕྱིར་སྟོང་པ་ཉིད་གཅིག་ཏུ་རྣམ་པར་གནས་པས་རྣམ་པར་གཞག་པ་གཅིག་གོ། །དབང་ཐམས་ཅད་པ་ཡང་དོན་དམ་པར་རང་བཞིན་རྣམ་པར་དབེན་པའོ། །ཀུན་རྫོབ་ཏུ་དབང་ཕྱུག་ཐམས་ཅད་ལ་དབང་རྗེས་སུ་ཐོབ་པའོ། །གང་ལས་ན་ཆོས་ཐམས་ཅད་ལེགས་པར་ སོ་སོར་རྟོགས་པ་ཉིད་ཀྱི་ཕྱིར་རོ། །ཐམས་ཅད་དུ་ཞེས་བྱ་བ་ནི་ཡུལ་དུའོ། །ཐམས་ཅད་མཉམ་པ་ཉིད་ཀྱིས་བྱ་བ་ནི་ཆོས་ཐམས་ཅད་མཚུངས་པ་ཉིད་ཀྱིས་སོ། །སྟོང་པ་ཉིད་ལས་ཡང་དག་པར་རྗེས་སུ་རྟོགས་པ་ཉིད་ཀྱི་ཕྱིར་ཏེ། དེའི་ཕྱིར་ཡང་ཤེས་རབ་ཡོངས་སུ་དག་པའོ། །ཅིའི་ཕྱིར་མཚན་མངོན་པར་འགྲུབ་ པར་བལྟ་བར་བྱ་བ་མ་ཡིན་ཞེ་ན་གསུངས་པ། བྱང་ཆུབ་ནི་མཚན་ཉིད་མེད་པ་ཉིད་ཀྱི་ཕྱིར་ཞེས་པ་གང་ལས་བྱང་ཆུབ་ལ་མཚོན་པར་བྱ་བ་མེད་པའོ། །གང་ཞིག་ཆོས་ཐམས་ཅད་མཚན་ཉིད་མེད་པར་འགྱུར་ཞེ་ན་གསུངས་པ་འདི་ལྟ་སྟེ། སྟོང་པ་ཉིད་ཀྱི་མཚན་ཉིད་དོ། །ཞེས་པའོ། །སྟོང་པ་ཉིད་དུ་མཉམ་པ་ཞེས་པ་ནི་ དེའི་རང་བཞིན་ནོ། །གང་གིས་ན་དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་དང་ཆོས་ཐམས་ཅད་ཀྱང་མཚན་ཉིད་གཅིག་པ་སྟེ། འདི་ལྟ་སྟེ། ནམ་མཁའི་མཚན་ཉིད་ཅན་ཞི་བའི་མཚན་ཉིད་ཅན་ནོ་ཞེས་པའོ། །ཚད་མེད་པའི་དཔེ་བྱད་མཉམ་པ་ཉིད་ལ་ལེགས་པར་རབ་ཏུ་གནས་པ་ནི་དོན་དམ་པར་དཔེ་ བྱད་རྣམས་ཀྱི་དངོས་པོ་མེད་པའི་ཕྱིར་རོ། །ཀུན་རྫོབ་དང་དོན་དམ་པར་གསལ་བྱེད་མ་ཡིན་པ་མཉམ་པ་ཉིད་ལ་ལེགས་པར་རབ་ཏུ་གནས་པ་ནི་མངོན་པར་ཞེན་པ་མེད་པའོ། །མཚན་དང་དཔེ་བྱད་རྣམས་སྒྱུ་མའི་ཆོས་དང་ལྡན་པ་ལ་ལེགས་པར་རབ་ཏུ་གནས་པ་དུས་གསུམ་གྱི་དཔེ་བྱད་ཅེས་པ་ནི་འདས་པ་ལ་ 61-1-361a སོགས་པའི་དུས་སོ། །དེའི་མཉམ་པ་ཉིད་ཁོ་ན་རྡོ་རྗེ་ལྟ་བུའི་ཆོས་མཉམ་པ་ཉིད་དོ། །དེ་ཐོབ་པ་ནི་སྟོང་པ་ཉིད་ཆོས་ཀྱི་དབྱིངས་ཐམས་ཅད་དང་དཔེ་བྱད་མཉམ་པ་ཉིད་རྗེས་སུ་ཐོབ་པའོ། །དེའི་ཕྱིར་ཡང་གཉིས་སུ་མེད་པ་ནི་དོན་ལ་ཡང་དག་པར་ཞུགས་པ་གཉིས་སུ་ མེད་པའི་རང་བཞིན་དུ་སྐྱེས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པ་རྣམས་སོ། །དེ་ལ་སེམས་དཔའ་ཆེན་པོའི་དོན་ཉེ་བར་སྟོན་པའི་ཕྱིར་ཡོངས་སུ་ཚིམ་པར་རྒྱུན་དུ་ལེགས་སོ་ཞེས་པ་འཆད་པར་འགྱུར་བ་བཞིས་རིགས་ཅན་བཞི་པོ་རྣམས་ཀྱི་དཀྱིལ་འཁོར་གྱི་སྒོ་ ནས་སོ། །ཕྱག་བྱ་བ་བཞི་པོ་རྣམས་ནི་དེ་བཞིན་གཤེགས་པ་བཞིའི་དབྱེ་བས་ཁོང་དུ་ཆུད་པར་བྱའོ། །ཨེ་མ་ཧོ་ཞེས་པ་ནི་ཡང་དག་པར་རྗོད་པར་བྱེད་པ་ལ་ཡ་མཚན་པའོ། །རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ནི་རྣམ་པར་སྣང་མཛད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་ སོགས་པ་རྣམས་སོ། །ཨ་ཧའི་རྣམ་པ་ལ་སོགས་པ་བཞི་པོ་རྣམས་ཀྱང་མི་བསྐྱོད་པ་ལ་སོགས་པ་བཞི་པོ་དེ་དང་དེའི་རང་བཞིན་ནོ། །འདི་ཉིད་ནི་ཕྱག་བྱ་བ་ཡང་དག་པར་བསྡུས་ཏེ་བསྟན་ནོ། །རིགས་ཐམས་ཅད་ཀྱི་འཁོར་ལོ་ཞེས་པ་ནི་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་སོ། ། རྣམ་པར་སྣང་མཛད་ཆེན་པོའི་གསང་བའི་དཀྱིལ་འཁོར་ཉེ་བར་བསྟན་པ་གསུངས་པ། དེ་ནས་བཅོམ་ལྡན་འདས་ཞེས་པ་ལ་སོགས་པ་སྟེ། ཀུན་དུ་སྣ་ཚོགས་བྱ་བ་རྣམས། །ཞེས་པ་ནི་རྣམ་པར་སྣང་མཛད་ཆེན་པོའི་བྱ་བའམ་སྐུ་དེ་ནི་རྣམ་པར་དབེན་པའི་ས་ལས་བསྒྲུབ་པར་བྱའོ། །དངོས་གྲུབ་ མཆོག་ཅེས་པ་ནི་འཁོར་ལོས་སྒྱུར་བའི་དངོས་གྲུབ་བོ། །རིའི་རྩེ་མོ་རྣམས་སུའམ་དུར་ཁྲོད་ལ་སོགས་པ་རྣམས་སུ་རྡོ་རྗེ་འཛིན་པ་དང་རྡོ་རྗེ་ཧཱུཾ་མཛད་དང་དེའི་བྱ་བ་རྣམས་སོ། །པདྨའི་སྐྱེད་མོས་ཚལ་ལ་སོགས་པ་རྣམས་སུ་ཕྱག་ན་པདྨོ་སྟེ་འཇིག་རྟེན་དབང་ཕྱུག་དང་དེའི་བྱ་བ་རྣམས་སོ། །རྒྱལ་ པོའི་ཕོ་བྲང་ལ་སོགས་པ་རྣམས་སུ་ལག་ན་རིན་ཆེན་ཞེས་པ་ནམ་མཁའི་སྙིང་པོའི་བྱ་བ་དེའོ། །རྡོ་རྗེ་སྣ་ཚོགས་ཀྱི་བྱ་བ་དེ་ནི་རྟགས་གཅིག་ལ་སོགས་པ་རྣམས་སུའོ། །དཔལ་རྡོ་རྗེ་སེམས་དཔའ་ནི་ལྷའི་མཆོག་ཉིད་ཇི་སྐད་དུ་གསུངས་པ་རྣམས་སུའོ། །འདི་རྣམས་ཀྱི་ཐུན་མོང་གི་གནས་ 61-1-361b བསྟན་པའི་ཕྱིར་ནམ་མཁའ་ཞེས་པ་ལ་སོགས་པ་གསུངས་པ་ཕྱོགས་ཀུན་མཉམ་ཉིད་གནས་ཞེས་པ་ནི་ཕྱོགས་རྣམས་སྐབས་ཡིན་པ་དང་སྐབས་མ་ཡིན་པའི་རྣམ་རྟོག་ཡིད་ལ་མི་བྱ་བར་རོ། །ཤར་ཏེ་ཤར་གྱི་ཕྱོགས་སོ། །ལྷོ་ནི་ལྷོའི་ཕྱོགས་ཏེ། བཞི་པོ་རྣམས་སུ་དཀྱིལ་འཁོར་གྱི་ཐིག་ བརྒྱད་པོའི་ཕྱི་རུ་ནི་ཕྱིའི་ཐིག་བཞི་ལ་ཀུན་ནས་གྲུ་བཞི་པའི་བྱེད་ཀྱི་དཀྱིལ་འཁོར་བརྒྱད་དོ། །ཁ་དོག་ལྔ་ཞེས་པ་ནི། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་དང་། དཀར་པོའི་བདག་ཉིད་ཅན་ནོ། །རྣམ་པར་སྣང་མཛད་ཆེན་པོའི་དཀྱིལ་འཁོར་དུ་དགོད་པ་བསྟན་པ་དབུས་ཀྱི་ དཀྱིལ་འཁོར་དབུས་ཞེས་པ་ལ་སོགས་པ་གསུངས་པ་སངས་རྒྱས་གཟུགས་བརྙན་ཞེས་པ་ནི་རྣམ་པར་སྣང་མཛད་ཆེན་པོའོ། །སྒེག་པ་ཞེས་པ་ནི་རྡོ་རྗེ་རྒྱལ་པོ་ལ་སོགས་པ་རྣམས་སོ། །རིན་ཆེན་འབར་སོགས་ཡང་དག་ལྡན། །ཞེས་པ་ནི་རྡོ་རྗེ་རིན་ཆེན་རྗེས་སུ་སོན་པའོ། །སྣ་ཚོགས་ རྡོ་རྗེ་སོགས་རྣམས་ཀྱིས་ནི་རྡོ་རྗེ་ལ་སོགས་པ་རྣམས་སོ། །རྡོ་རྗེ་རྣལ་འབྱོར་ཅན་གྱི་དབང་ཕྱུག་གི་ཞེས་པ་ནི་རྣམ་པར་སྣང་མཛད་ཆེན་པོའོ། །གལ་ཏེ་ཡང་ཀུན་དུ་བཟང་པོ་ལ་སོགས་པ་རྣམས་ཞེས་གསུངས་པ་ནི་དེ་བཞིན་དུ་ཡང་བྱམས་པ་ལ་སོགས་པ་རྣམས་ཁོང་དུ་ཆུད་པར་བྱའོ། །དེ་བཞིན་ ཞེས་པ་ནི་ཇི་ལྟར་ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་དུ་ཇི་ལྟ་བ་བཞིན་ནོ། །གཙོ་བོ་གཞན་གྱི་སྒྲུབ་པའི་དཀྱིལ་འཁོར་ཉིད་འདིར་བསྟན་པ། སྒྲུབ་པའི་ཐབས་ནི་བརྩམ་པར་བྱ། །ཞེས་པ་སྟེ་གསུངས་པ། ཀུན་དུ་སྣ་ཚོགས་སྐལ་བཟངས་ལ། །ཞེས་པ་ནི་གྲུ་བཞི་པའོ། །ཀུན་དུ་སྣ་ཚོགས་འཁོར་ ལོ་ཅན་ནི་རྣམ་པར་སྣང་མཛད་ཆེན་པོའོ། །རིན་ཆེན་བདུན་པོ་ཉིད་མཆོད་པ་ཆེན་པོ་སྟེ་འཁོར་ལོས་སྒྱུར་བ་གང་གིས་ཡིན་པ་དེ་བཞིན་དུ་བརྗོད་པར་བྱའོ། །དེའི་ཡོངས་སུ་རྫོགས་པ་ནི་ཟླ་བ་བཞིན་ནོ། །དེ་ཉིད་ཀྱང་སངས་རྒྱས་རྡོ་རྗེ་འཛིན་པ་ལ་སོགས་པ་རྣམས་སོ། །རིན་ཆེན་གྱི་ཞེས་པ་ནམ་མཁའི་ སྙིང་པོའིའོ། །སྣ་ཚོགས་ཞེས་པ་རྡོ་རྗེ་སྣ་ཚོགས་ཀྱིའོ། །ཡན་ལག་ཀུན་ཞེས་པ་ནི་སྤྱི་བོ་ལ་སོགས་པའི་གནས་བརྒྱད་དུའོ། །ཕྱག་རྒྱ་ཞེས་པ་ནི་རང་གི་དམ་ཚིག་གི་ཕྱག་རྒྱའོ། །རིན་པོ་ཆེའི་པདྨ་འདབ་མ་བརྒྱད་པ་ལ་རབ་ཏུ་བཞག་ནས་རྣམ་པར་རྒྱལ་བའི་བུམ་པའི་མཐར་ཐུག་པས་ཡང་དང་ 61-1-362a ཡང་དུ་མངོན་པར་དབང་བསྐུར་ཏེ་ཐམས་ཅད་རྒྱལ་སྲིད་དུ་འགྱུར་རོ། །ལག་ལྡན་ལ་སོགས་པ་རྣམས་སུ་རབ་ཏུ་བཞག་ནས། དཔལ་གྱི་སྔགས་འདོན་པ་འདི་དག་གིས་ཀྱང་དབང་བསྐུར་བས་འདིར་ཡང་དེ་བཞིན་ནོ། །མཚོན་ཆ་ལ་སོགས་པ་ལ་རྣམ་པར་རྒྱལ་བའི་ རྒྱུ་ཉིད་ཀྱི་ཕྱིར་རྣམ་པར་རྒྱལ་བ་སྟེ་ཨ་པ་རཱ་ཛི་ཏ་དཀར་པོ་དང་། གི་རི་ཀརྞི་ཀ་གང་ཡང་རུང་བ་འདིས་དབང་བསྐུར་བ་ནི་རྒྱལ་བར་གྱུར་པ་ཞེས་གཞན་གྱིས་མི་ཐུབ་པ་སྟེ། དེ་ཉིད་དུ་གྲགས་པ་གང་ཡིན་པ་དེ་ལ་དེ་བཞིན་དུ་བརྗོད་པར་བྱའོ། །དེ་ཞེས་པ་ནི་འཁོར་ལོ་དང་བཅས་པའི་གཙོ་བོའི་ ཕྱག་རྒྱ་དེ་ཞེས་པའོ། །དེ་རྣམས་ལ་ཞེས་པ་བུམ་པ་ལའོ། །འདིས་དེ་དག་བསྟན་པ་རང་གི་ལྷའི་འཁོར་ལོ་རྣམ་པར་རྒྱལ་བའི་བུམ་པ་ལའང་ཇི་ལྟ་བ་བཞིན་དུ་བསྒོམ་པར་བྱའོ་ཞེས་སོ། །མཆོག་གྱུར་པ་ཞེས་པ་ནི་གི་རི་ཀརྞི་ཀའོ། །ལྷག་གནས་ཀུན་གྱི་སྦྱོར་བ་ཡི། །ཞེས་པ་ནི་སྔར་གསུངས་ པའི་མཆོད་པའི་སྔགས་ཀྱིས་སོ། །རྡོ་རྗེའི་དབང་བསྐུར་བ་ནི་རྣམ་པར་སྣང་མཛད་ཆེན་པོའི་རྣལ་འབྱོར་པ་ལ་སྟེ་སྔར་བཞིན་དུ་བཤད་པར་བྱའོ། །ཅིའི་དོན་དུ་རིན་པོ་ཆེ་ལ་སོགས་པ་རྟོག་པར་བྱེད་ཅེ་ན་གསུངས་པ། སངས་རྒྱས་བྱིན་རླབས་སྦྱོར་བ་ཡི། །ཞེས་གསུངས་པ། དེ་དག་རྟོག་ པར་བྱེད་པ་ལ་སངས་རྒྱས་ཀྱིས་བྱིན་གྱིས་རློབ་པར་བྱེད་པར་འགྱུར་རོ་ཞེས་མངོན་པར་དགོངས་སོ། །རྡོ་རྗེ་སྙིང་པོའི་རྒྱན་གྱི་རྒྱུད་ཆེན་པོར་ཇི་ལྟར་རྙེད་པའི་རྒྱུད་ཕྱི་མའི་རྣམ་པར་འབྱེད་པའོ། །རྒྱུད་ཀྱི་རྒྱལ་པོ་སྙིང་པོའི་དོན་ཕུང་པོ་རྒྱས་པ་མི་མངོན་ཞིང་། །ཤིན་ཏུ་མི་རིགས་བློ་གྲོས་ཡོན་ ཏན་རྒྱ་མཚོའི་སྤྱོད་ཡུལ་དུ་གྱུར་པ། །བདག་གིས་འདིར་ནི་རྣམ་པར་འགྲེལ་ཕྱེ་བཟུང་ཞིང་ཐོབ་པ་སྔགས་ལས་བྱུང་། །སྐྱེ་བ་མེད་པ་རྒྱུད་མ་ཆེས་སྔོན་གྱུར་པ་ཁོ་ན་ཚད་མ་ཡིན། །དཀའ་འགྲེལ་འདི་ནི་སྦྱར་བ་ལས། །འདིར་ནི་དགེ་བ་ཉེར་བསགས་དེས། །འཇིག་རྟེན་མ་ལུས་འདི་དག་ཏུ། ། རབ་ཞིའི་བཤེས་གཉེན་ལྡན་གྱུར་ཅིག །རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ཀྱི་དཀའ་འགྲེལ་སློབ་དཔོན་རབ་ཏུ་ཞི་བའི་བཤེས་གཉེན་གྱིས་མཛད་པ་རྫོགས་སོ།། །།བོད་ཀྱི་ལོ་ཙཱ་བ་ཤཱཀྱའི་དགེ་སློང་རིན་ཆེན་གྲུབ་ཀྱིས་རྒྱ་དཔེ་ལ་བལྟས་ནས་བསྒྱུར་བའོ།། །། 61-1-362b empty page