213-1-1a ༄༅། ཨཱ ཤྩ རྱོ དྷ ཝ རྡྷ {ན} ནྡུ ན པོ ནཱ མ ས རྦ ཛྙཱ རྐ བ ནྡོ རཱ ཛྙཱ ག མཱ ནཱ མ བྷི བྲཱ ཡ ཪྠོ བི བ ར ཎ སྱ ཤཱ སྟྲཱ ཧི མ བཱ ནི ཀ ཥྱ རུ ཏཾ ས ཀ ལ བ {ཏྟཾ} ཏཱ ནཱ དྷ རྨྨ ད པྲ བྲྀ ཏྟེ རཱ ཧོ མ ཡཱ ཡཱ ཿ པི ཏཱ མ ཧཱི ཀྲྀ ཏ ཡུ ག ཀ ལྤ སྱ པུ ཎྱ མེ གྷ བྻཱུ ཧཾ བི པུ ལཾ པཱུ རི ཏ ན ཡཱ ད ར མྦྷ སྱ ཀ ཐཱ བི ཛ ཧཱ རཾ། ། ༄༅། །ཀུན་མཁྱེན་ཉི་མའི་གཉེན་གྱི་བཀའ་ལུང་གི་དགོངས་དོན་རྣམ་པར་འགྲེལ་བའི་བསྟན་བཅོས་གངས་ཅན་པའི་སྐད་དུ་འགྱུར་རོ་འཚལ་གྱི་ཆོས་སྦྱིན་རྒྱུན་མི་འཆད་པའི་ངོ་མཚར་འཕྲུལ་གྱི་ཕྱི་མོ་རྫོགས་ལྡན་བསྐལ་པའི་བསོད་ནམས་ཀྱི་སྤྲིན་ཕུང་རྒྱས་པར་དཀྲིགས་པའི་ཚུལ་ལས་བརྩམས་པའི་གཏམ་ངོ་མཚར་ཆུ་གཏེར་འཕེལ་བའི་ཟླ་བ་གསར་བ་ཞེས་བྱ་བ་བཞུགས་སོ། ། 213-1-1b [རྐང་བཞི་མཉམ་པའི་བྲྀཏྟའི་ཡི་གེ་སུམ་ཅུ་པ་རྒྱུན་ཆགས་ལ་པྲཱསྟཱ་ར་སྤྱིར་རྣམ་གྲངས་ཐེར་འབུམ་ཆུང་བ་གཅིག་༡༠༧༣༧༤༡༨༢༤རྗེས་འབྲང་དང་བཅས་པ་ཡོད་པ་ལ། ནཥྚ་ན་དག་དང་རེ་ཕ་བརྒྱད་པ་ཨུ་དྡིཥྚ་དུང་ཕྱུར་ཕྲག་གསུམ་ས་ཡ་དྲུག་བདུན་འབུམ་བརྒྱད་ཁྲི་སུམ་སྟོང་བཞི་བརྒྱ་ཉེར་བཞི་པ། གཉིས་པ་ཆུ་རྒྱུན་ཞེས་བྱ་བའི་སྡེབ་སྦྱོར་གྱིས་རབ་ཏུ་མཛེས་པར་བྱས་པའོ།] [ཤིས་པ་བརྗོད་པའི་སྒོ་དང་པོ་རྒྱ་ཆེ་བའི་རྒྱན་ལས་བསམ་པ་རྒྱ་ཆེ་བ།] གུ ཎ ཛ ལ ནི དྷ ཡོ མུ ནིཿ ས རྦ ཨཱ ཏྨེེ ཝ མཱ པྲཱ པྟ ས མྭོ དྷ ནཱ སྟྱུ ཏྟ ར སྟ ཏྲ ལ ཀྵྨྱཱ ཀ ར། དཔལ་གྱི་འབྱུང་གནས་ཐུབ་པ་ཡོན་ཏན་རྒྱ་མཚོ་ཐམས་ཅད་བདག་ཉིད་ཀྱིས་བརྙེས་བྱང་ཆུབ་བླ་ན་མེད་པ་དེར། 213-1-2a སྶ ཀ ལ ག ཏི ནི མ ནྟྲ ཎཱ མཱ ཙ རཱ ཤེ ཥ ཏུ བྷྱཱ མྤྲ སཾ པཱུ རི ཏཱ ཁྱོ ཏྟ རཻ ལླཻ ཁ ནཻ ཿ སྭཱ ག ཏཾ། འགྲོ་བ་མཐའ་དག་མགྲོན་དུ་འགུགས་པའི་ཆོ་ག་མ་ལུས་ཁྱོད་ལ་རྫོགས་ཞེས་འཕྲིན་ཡིག་དམ་པས་ལེགས་ཕྱིན་པ། 213-1-2b ས མ ཡ མི ཧ ཛི ནཱ ར ཏེ ཿ ཀཱ ཪྻ ཙཱ ཀཱ ཤ ཀོ ཊི ཿ ས མཻ རྣི རྒ ཏཱ པྱ བྷི མཱ ནོ ྅ ནི མི ཏྟཱ དྷ རཾ། དུས་འདིར་རྒྱལ་བ་དགྱེས་པའི་ཕྲིན་ལས་ཀུན་གསལ་མུ་དང་མཉམ་པར་སོང་ཡང་ཁེངས་པའི་མཚན་མ་འཛིན་མིན་པར། ། 213-1-3a པྲ བ ཙ ན ས ཀ ལཱ སྟྲི དྷཱ ས མྦ རཾ ཀཱ ཡ སཾ ཀཱ ཡ སཾ ཀྵི པྱ སཽ དེ ཤི ཀ ཿ ཨུ ཏྟ མེ བྷི ཿ པྲ ཡ ཙྪ ནྟུ ཧཱི། གསུང་རབ་ཐམས་ཅད་རྣམ་གསུམ་སྡོམ་པའི་རིས་སུ་བསྡུས་ནས་ལེགས་པར་འདོམས་པ་བླ་མ་རྣམས་ཀྱིས་དགེ་ལེགས་སྩོལ། [ སྡོམ་པ་གསུམ་གྱི་བཀའ་དྲིན་ཆེ་བའི། ] 213-1-3b བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་རྩ་བརྟན་གཏོང་བ་ཆེ་སོགས་གཉིས་དག་པའི་ཆབ་ཀྱི་རྒྱུན། །སྤྲོ་བ་མཆོག་གིས་ཡང་ཡང་བཏུངས་པས་མི་ཟད་ཡོན་ཏན་ལོ་འདབ་རབ་རྫོགས་སྐུ་གསུམ་སྙེ་མ་གཡུར་དུ་ཟ། །འབད་རྩོལ་མཚན་མའི་ཀུན་རྟོག་དང་བྲལ་འགྲོ་ཁམས་ [ཤིས་པ་བརྗོད་པའི་སྒོ་གཉིས་གཟུགས་ཅན་ལས་མཐའ་དག་གི་གཟུགས་ཅན།] མཐའ་ཡས་མོས་པའི་ཤིང་རྟ་སྐད་ཅིག་རེར་ཡང་ཕྱུར་བུར་འགེངས། །འཇིག་རྟེན་གསུམ་ན་ཆེ་བའི་ཆེ་བ་ཐུབ་དབང་ཆོས་ཀྱི་དཔག་བསམ་ཆེན་པོས་དགེ་ལེགས་གྲིབ་མའི་འབབ་སྟེགས་མཛོད། ༢ །གང་ཞིག་སྐྱེ་ དང་གནས་དང་འཇིག་ལས་རྣམ་པར་གྲོལ་བ་མཁའ་ཁྱབ་སྐུ་ནི་རྣམ་རྟོག་སྤྲོས་པའི་མཚན་མ་ཞི། །གཞན་རྐྱེན་དག་གིས་རྟོག་པའི་ཡུལ་ལས་རིང་དུ་སོང་དེ་སོ་སོ་ཡང་དག་རིག་པའི་རྩལ་གྱིས་རང་བྱུང་དུ། །མཁྱེན་ [ཤིས་པ་བརྗོད་པའི་སྒོ་གསུམ་པ་རང་བཞིན་བརྗོད་པ་ལས་ཡོན་ཏན་གྱི་རང་བཞིན་བརྗོད་པ།] པའི་ཡེ་ཤེས་ཕུན་སུམ་ཚོགས་བརྙེས་གཞན་དག་ཀྱང་ནི་དེ་ལ་འགོད་ཕྱིར་ལམ་མཆོག་འདོམས་པའི་ཐུགས་བརྩེར་ལྡན། །སྡུག་བསྔལ་སྐྱེ་བ་རྒྱུར་བཅས་འཇོམས་པའི་ནུས་པ་རྨད་བྱུང་རྫོགས་སངས་རྒྱས་རྣམས་བྱང་ཆུབ་བར་གྱི་སྐྱབས་སུ་སྤྱོན། ༣ །རྗོད་བྱེད་མིང་ཚིག་ཡི་ གེའི་ཕྲེང་བ་ཚར་དུ་དངར་བའི་གདངས་སུ་འཕོས་པའི་བརྗོད་བྱ་དོན་གྱིས་ལྕི་བའི་ལུང་། །གང་ལ་དམིགས་པས་ལམ་གསུམ་གནས་པའི་ལུས་ཅན་རྣམས་ཀྱི་སྲིད་པའི་ཟུག་རྔུ་མི་བཟད་ཚོར་བའི་རྒྱུན་ཆེན་གཅོད། །དེ་བཞིན་ཞི་[ཤིས་པ་བརྗོད་པའི་སྒོ་བཞི་པ་བྱ་བའི་རང་བཞིན་བརྗོད་པ།] བསིལ་ཐར་པ་ཉིད་དང་ཐམས་ཅད་མཁྱེན་པའི་གནས་ལ་སྡང་བྱེད་སྒྲིབ་པ་བག་ཆགས་བཅས་མཐར་མཛད། །གང་ཞིག་ཆགས་བྲལ་འགོག་པ་ཉིད་དང་གང་གིས་ཆགས་བྲལ་མངོན་དུ་བྱེད་པ་ལམ་བདེན་དམ་པའི་ཆོས་ཀྱི་སྲུངས། ༤ །དམ་པའི་ཞལ་ལུང་དགེ་བ་སུམ་ ལྡན་ཐོས་བསམ་སྒོམ་པའི་སྤྲོ་བ་མཆོག་གིས་བྱང་ཆུབ་གསོས་སུ་ཉེར་བསྟེན་པས། །ཇི་ལྟ་བ་དང་ཇི་སྙེད་ཡུལ་ལ་ཆགས་དང་ཐོགས་པའི་སྒྲིབ་པ་ལས་གྲོལ་མཁྱེན་རབ་དར་ལ་བབ་པའི་དཔྱིད། །གཅིག་ཏུ་ཀུན་འབྱུང་[ཤིས་པ་བརྗོད་པའི་སྒོ་ལྔ་པ་ཡོན་ཏན་གྱི་རང་བཞིན་བརྗོད་པ།] 213-1-4a འབྲས་བུར་བཅས་པའི་ཉེན་ལྡན་འགྲོ་བ་སྲིད་ལས་གདོན་པའི་གཡར་དམ་མི་ཤིགས་རབ་ན། །ལེགས་གནས་རྒྱལ་བའི་གདུང་འཛིན་ཀུན་དང་རྒྱལ་ཉན་ཐོས་ཞུགས་འབྲས་བཅས་པའི་འཕགས་པའི་དགེ་འདུན་སྤྱི་བོས་མཆོད། ༥ །ཕྱོགས་བཅུ་ མུ་མེད་ཞིང་ཁམས་དག་ན་བྱོན་དང་འབྱོན་གྱུར་ད་ལྟར་གཞེས་པའི་རྒྱལ་བ་ཀུན་གྱི་ཡེ་ཤེས་དངོས། །སེམས་ཅན་ཁམས་སུ་རང་གི་རིགས་མཆོག་རྨ་མེད་ཡོད་པ་གནས་སྐབས་དྲི་མས་བསྒོས་པ་སྦྱོང་ཕྱིར་སྤྲུལ་པའི་བུ། །དེ་མཚན་ཐིགས་[ཤིས་པ་བརྗོད་པའི་སྒོ་དྲུག་པ་བསམ་པ་རྒྱ་ཆེ་བ།] པ་རྣ་བའི་བཅུད་དུལ་ན་རེ་སིམ་པས་དུས་གསུམ་པ་ཡི་སངས་རྒྱས་མཚན་དུ་དག་ལྡན་ལྗགས། །འགྱུར་དགུ་མཉན་པའི་བསོད་ནམས་མཆོག་གི་འབབ་སྟེགས་བྱེད་པ་འཇམ་པའི་དབྱངས་ཁྱོད་སྐྱོ་བར་དགེ་བའི་བཤེས་སུ་མརྗོད། ༦ །མང་མང་ཞིང་གི་སྨྲ་བའི་རྒྱལ་པོ་གངྒཱའི་ རྡུལ་གྱི་གྲངས་སྙེད་གསུང་གི་བསང་བ་མཐའ་དག་བསྡུས་པའི་གཟུགས། །འཇོ་སྒེག་ཟླ་བ་གསར་པའི་ལང་ཚོས་ཡིད་ཀྱི་སྲུབ་ཤིང་བྱེ་བའི་དཔལ་འཕྲོག་ཐུགས་རྗེའི་ག་པུར་འཐུབ་བའི་དཔྱིད། །ལྷང་ལྷང་ཏམྦུ་[ཤིས་པ་བརྗོད་པའི་སྒོ་བདུན་པ་བར་མ་ཆོད་པའི་ཟུང་ལྡན་ལས་རྐང་པ་དང་པོ་དང་གསུམ་པར་ཡོད་པ།] ར་ཡི་རྒྱུད་ལས་སྲིད་ཞིའི་ཆོས་རྣམས་ཉམས་དང་འགྱུར་བ་སྟོང་གྱི་ལམ་དུ་འགྲོ་བའི་གླུར། །དལ་བུར་ལེན་པས་སྐལ་བཟང་རིག་པའི་སྒོ་བརྒྱ་འབྱེད་པ་དབྱངས་ཀྱི་རྒྱལ་མོ་རྟག་ཏུ་སྙིང་གི་པདྨར་རོལ། ༧ །འཇུག་པ་བཅུ་པའི་སྤྲུལ་པས་མ་བཏེག་སྲིད་པའི་བླ་ནས་བླ་མར་ འཕགས་པ་དགའ་ལྡན་གཞལ་མེད་ཁང་པ་ནས། །བསྐུལ་བ་མེད་པར་ལུས་ཅན་ཀུན་གྱི་སྔུག་བསྔལ་ཚོར་བ་དཔྱིས་འབྱིན་བྱེད་པའི་ཐབས་ཚུལ་སྒྲུབ་པ་ཤིན་ཏུ་དགེས། །ཇི་བཞིན་མིན་[ཕྱག་བྱ་བའི་སྒོ་དང་པོ་རྒྱུ་མེད་པ་ལ་འབྲས་བུ་རང་གི་ངོ་བོ་ཉིད་སྟོན་པའི་སྲིད་པ་ཅན།] པའི་གཏམ་གྱིས་མ་བསྔགས་ དམན་པའི་ལམ་ལས་ཆེན་པོ་བདུན་གྱིས་ངེས་པར་མངོན་འཕགས་ཐེག་ཆེན་གྱི། །ལམ་མཆོག་ཀུན་དུ་སྣང་བའི་དཔལ་སྟེར་མི་ཕམ་མགོན་ཁྱོད་ཞབས་རྡུལ་དམར་འོད་སྙིང་ལ་སིམ་ཕྱིར་གཙུག་གིས་བསྟེན། ༨ [།ཕྱག་བྱ་བའི་སྒོ་གཉིས་པ་ལས་ཀྱི་རྒྱུ་ལས་རྣམ་འགྱུར་གྱི་རྒྱུ།] སྟོན་པ་བླ་ན་མེད་པའི་ 213-1-4b ཡེ་ཤེས་དྲི་མེད་རང་གཟུགས་ཐུན་མོང་གདུལ་བྱའི་སྣང་ངོ་རུ། །ཆོས་དང་དོན་སོགས་ཐ་དད་ཡང་དག་རིག་པའི་འཕྲུལ་གྱིས་རབ་འབྱམས་ལུང་གི་རི་མོ་དག །འདོད་ལྷའི་དཔུང་གིས་བསུབ་ཏུ་མེད་པར་མཁྱེན་རབ་ཡངས་པར་སྐད་ཅིག་རེར་ཡང་འགོད་པའི་མཚར། །ལྷར་ བཅས་འཇིག་རྟེན་ཡོངས་ཀྱི་བསྔགས་འོས་བསྟན་པ་སྡུད་མཛད་འཕགས་པའི་ཚོགས་ལ་གུས་པས་འདུད། ༩ །སྙིགས་མའི་དུས་སུ་སྟོན་པ་རང་ཉིད་རྒྱུད་དང་བསྟན་བཅོས་མཛད་དང་འཛིན་པའི་ཚུལ་འབྱུང་བར། །ལུང་བསྟན་ཕལ་ཆེར་དགོངས་པ་ཙམ་མམ་འོན་ཏེ་ ངེས་པའི་དོན་དུ་མིན་ན་ཛམྦུའི་གླིང་། །མཛེས་པར་བྱེད་པའི་རྒྱན་དྲུག་དག་དང་རྨད་བྱུང་གཉིས་[ཕྱག་བྱ་བའི་སྒོ་གསུམ་པ་འགོག་རྒྱན་ལས་བྱུང་པ་འགོག་པ།] སོགས་བཀའ་ལུང་ཐམས་ཅད་རང་དབང་དུ། །རྣམ་པར་འགྲེལ་ལ་བསྙེངས་པ་མེད་པའི་བློ་གྲོས་འདི་འདྲ་འགའ་ལ་སྲིད་པ་མིན་ པས་སོ། ༡༠ །སཱ་ལའི་རྐང་འཐུང་འཁྲིགས་པའི་ནགས་ཚལ་བསྐྱོད་ཅིང་འཕོས་པའི་དྲི་ཡི་བཞོན་པ་ཡིད་འོང་མས། །ལམ་རིང་དུབ་པའི་དོན་མཐུན་མང་པོ་དབུགས་འབྱིན་མཁན་དེས་བརྒྱ་ཡི་ཆར་ཡང་མི་ཕོད་པའི། །ངེས་པར་འབྱུང་བའི་ཚུལ་ཁྲིམས་བསླབ་པ་གང་ལ་ [ཕྱག་བྱ་བའི་སྒོ་བཞི་པ་དཔེ་རྒྱན་ལས་སྨད་པའི་དཔེ།] གནས་ན་སྲེད་པའི་གདུང་བ་འཇིལ་བའི་སྨན། །དམ་པའི་ཆོས་འདུལ་སྣང་བ་མཆོག་གིས་ཡིད་ཀྱི་སྲུབ་ཤིང་བགྲོད་པ་འགོག་བྱེད་ཀུན་ཀྱང་དད། ༡༡ །གཞན་ལ་ཕན་འདོགས་དམ་བཅའི་ཡི་གེ་སྙིང་ལ་བྲིས་ནས་རིས་སུ་མ་ཆད་སེམས་ཅན་ ལ། །ཡིད་གཅུགས་བྱམས་དང་བརྩེ་བའི་འཛུམ་གྱིས་མདུན་ནས་བསུ་བ་ཐམས་ཅད་མཁྱེན་ཀུན་བགྲོད་གཅིག་ལམ། །རྒྱལ་བའི་མྱུ་གུ་བགྲང་དུ་མེད་པས་སྲིད་པ་གསུམ་ [ཕྱག་བྱ་བའི་སྒོ་ལྔ་པ་བྱ་བའི་རང་བཞིན་བརྗོད་པ།] ནི་སྙིང་པོར་ལྡན་པར་བྱེད་པའི་ཆོས། །སྟོང་ཉིད་སྙིང་རྗེ་དབྱེར་མེད་ བདག་ཉིད་བྱང་ཆུབ་སེམས་མཆོག་ལེགས་པར་འདོམས་དེ་ཐུབ་པའི་སྲས། ༡༢ [།ཕྱག་བྱ་བའི་སྒོ་དྲུག་པ་རིགས་པའི་རྒྱུ་ལ་ཆོས་དཔེས་བརླིང་བ།] གང་ལ་སྦྱངས་པའི་རྣམ་པར་འབྱེད་པས་གཏི་མུག་འཐིབས་པོ་སྐད་ཅིག་གཉིས་པར་མི་གནས་བྱེད། །ཟག་བཅས་ཟག་པ་མེད་པས་བསྡུས་པའི་ཤེས་བྱ་ 213-1-5a མཐའ་དག་རང་སྤྱི་ངེས་པའི་མཚན་ཉིད་ཀྱིས། །སྨྲ་བའི་འབབ་སྟེགས་ཐུང་ངུར་མི་འགྱུར་ཐམས་ཅད་མཁྱེན་ལམ་ཆོས་མངོན་བསྟན་པ་སྒྲོན་མེ་ལྟར། །ཀུན་དུ་སྣང་བྱེད་ཤེས་བྱ་ཀུན་གྱི་རྒྱལ་པོ་དེ་དག་གུས་པའི་སེམས་ཀྱིས་རི་མོར་བྱ། ༡༣ །བགྲང་ ལས་འདས་པའི་བསྐལ་པའི་ཕྲེང་བར་དགང་བར་དཀའ་བའི་ཚོགས་གཉིས་ཆུ་ཡི་ཕུང་པོ་ཡང་། །བློ་ལྡན་གང་གིས་སྐད་ཅིག་རེར་ཡང་ཐབས་ཤེས་ནོར་བུའི་འབྱོར་པ་ལྡན་པར་བསྐྱིལ་བའི་ནང་། །རྟུན་པ་ཡང་རབ་དྲི་ཡི་བཞོན་པས་བསྲུབས་[ཕྱག་བྱ་བའི་སྒོ་བདུན་པ་ལྡན་པའི་གཟུགས་ཅན།] པའི་ སྙིང་པོ་སྐུ་བཞི་ཟུང་འཇུག་ལྷུན་པོ་ཅན། །ཚེ་གཅིག་འགྲུབ་པ་རྒྱུད་སྡེ་ཟབ་མོ་མཐའ་དྲུག་ཚུལ་བཞིའི་ལམ་ནས་སྨྲ་དེ་སྨྲ་བའི་མཆོག ༡༤ །དུག་བསུམ་ཟས་ལ་མངོན་པར་ཞེན་པས་བློ་གྲོས་རང་བཞིན་གསལ་བའི་འོད། །ཡོངས་སུ་ཉམས་བྱས་མཐའ་འཁོབ་མུན་པར་དགེ་སྡིག་ ལས་ཀྱི་འཇུག་ལྡོག་གི། །གོམ་པ་ཉམ་ངའི་གཡང་དུ་འདེགས་འཇོག་ཀྱེ་མ་སྣང་བྱེད་སུ་ཞིག་ཅེས། །ཟློས་པའི་ [ཕྱག་བྱ་བའི་སྒོ་བརྒྱད་པ་ཆ་ཤེས་གཟུགས་ཅན།] ཚེ་ན་བདེན་གཉིས་ཆོས་ཀྱི་ཉི་ཟླའི་སྒྲོན་འདེགས་ཞི་བ་འཚོ། ༡༥ །ཀ་དག་ཆོས་དབྱིངས་ཆུ་གཏེར་ཆེན་པོར་སྐྱོན་བྲལ་པདྨའི་ ཁང་བཟང་དབུས། །སྨོན་ལམ་འགག་པ་མེད་པའི་རྩལ་འཁྲུངས་མཚོ་སྐྱེས་རྡོ་རྗེ་སྤྲུལ་པའི་སྐུ། །སྙིགས་མའི་འགྲོ་ལ་ཕན་པའི་ཐུགས་རྗེ་གལ་ཏེ་གཟུགས་སུ་གནས་གྱུར་ན། །ཐེག་པར་ [ཕྱག་བྱ་བའི་སྒོ་དགུ་པ་སྟོབས་མཚུངས་པའི་རབ་སྤེལ།] དཀའ་བའི་དོགས་པས་སྐྲག་ནས་ ནོར་འཛིན་བུ་མོ་རིང་ཞིག་འདར། ༡༦ །ལུང་དང་རིགས་པའི་ལམ་ཆེན་ལས་འོངས་སྒྲུབ་དང་སུན་འབྱིན་ཉི་མ་ཡིས། །ལྟ་ངན་འཆལ་གཏམ་དབྱངས་སུ་ལེན་རྣམས་མྱ་ངན་མུན་པར་བཅིང་རིགས་སམ། །སྟོང་ལྟ་ཧང་པོས་སེམས་ཅན་བསླུར་བརྩམས་ཧ་ཤང་ཁྱོད་ཉིད་ རང་གི་སྐྱོན། །པདྨའི་ [ཕྱག་བྱ་བའི་སྒོ་བཅུ་པ་མཉམ་འཇོག་གཟུགས་ཅན།] ངང་ཚུལ་ཆེན་པོ་ཁྱོད་འདྲ་བསྟན་ལ་རི་མོར་བགྱིས་པ་སུ། ༡༧ [།ཕྱག་བྱ་བའི་སྒོ་བཅུ་གཅིག་པ་ལྡན་པའི་གཟུགས་ཅན།] དུས་གསུམ་ཤེས་པར་བྱ་བའི་དངོས་པོ་མ་ཚང་མེད་པ་ཀུན་མཁྱེན་གྱི། །གཉིས་སུ་མེད་པའི་ཡེ་ཤེས་མེ་ལོང་ 213-1-5b དག་པ་ལ་ཤར་འཕྲིན་ཡིག་གིས། །སཱ་ལའི་རྐང་འཐུང་འཁྲིགས་པའི་ནགས་སུ་དམ་ཆོས་དགེ་བའི་སྙིང་པོ་ཅན། །མངོན་པར་བསྔགས་པའི་དུས་སྟེང་ལེགས་སོན་ཆོས་རྒྱལ་དང་པོ་ཐོ་ཐོ་རི། ༡༨ །པུཎྜ་རཱི་ཀས་རང་གི་ལག་མཚན་སྙིང་རྗེའི་གཏེར་གྱིས་རིང་མོ་ ནས། །བྱང་ཆུབ་སྤྱོད་པའི་གཡར་དམ་སྨོན་ལམ་གཅད་དུ་མེད་པས་ལུ་གུ་རྒྱུད། །ལེགས་པར་སྦྲེལ་བའི་ཡུལ་ནི་རྗེས་དྲན་ས་གཞི་སྐྱོང་བའི་ཟློས་གར་གྱིས། །བོད་འབངས་སེམས་ [ཕྱག་བྱ་བའི་སྒོ་བཅུ་གཉིས་པ་བསམ་པ་རྒྱ་ཆེ་ལ་གཟུགས་ཅན་གྱིས་བརླིང་བ།] ཅན་རྫོགས་ལྡན་བསྐལ་པའི་ བདེ་བ་ལ་སྦྱོར་སྲོང་བཙན་རྗེ། ༡༩ །མདའ་ལྔའི་ནུས་པ་སྙིང་ལ་བཀའ་བའི་མི་སྲུན་ཚིག་གི་བསླུ་བྲིད་མཚོན། །བྱེ་བ་ཕྲག་མང་དུས་གཅིག་ཕབ་ཀྱང་འཇམ་དཔལ་གཞོན་ནུས་སྤྲུལ་པའི་སྐུ། །གཞོན་ནུར་གྱུར་ཀྱང་ཆོས་ལ་གནས་པའི་དཀའ་ཐུབ་མ་རྨས་ཁྱད་པར་གྱིས། མགྲིན་སྔོན་སྐྱེངས་ [ཕྱག་བྱ་བའི་སྒོ་བཅུ་གསུམ་པ་སེམས་ལྡན་རབ་རྟོག] ཏེ་གངས་རིའི་ཕག་ཏུ་ཡིབས་པ་མིན་ནམ་ཁྲི་སྲོང་རྗེ། ༢༠ །རྣམ་དག་བཤད་སྒྲུབ་ཕན་པའི་རིག་སྔགས་མང་པོས་བཏབ་པས་ལུང་རྟོགས་ཀྱི། །བསྟན་པ་དམ་པའི་ལུས་སྲོག་ཤིན་ཏུ་བརླིང་བར་བྱེད་པའི་བཀའ་ཁྲིམས་ བཙན། །སེམས་ཅན་ཁམས་སུ་ནད་དང་འཐབ་རྩོད་རྒུད་པས་རབ་དབེན་སྐྱིད་པའི་མགྲོན། གསར་ [ཕྱག་བྱ་བའི་སྒོ་བཅུ་བཞི་པ་མ་བསྡུས་པའི་གཟུགས་ཅན།] དུ་འགུགས་པའི་ཆོ་ག་ཀུན་ཤེས་མངའ་བདག་ཆེན་པོ་ཁྲི་རལ་པ། ༢༡ །འཕགས་ཡུལ་ལྔ་རིགས་སྨྲ་བའི་དབང་པོ་གྲངས་མེད་དབུས་སུ་ མགྲིན་པ་ནས། །ལེགས་བཤད་སྙན་དགུ་འཇོ་བའི་རྒྱལ་པོའི་གོ་ས་བླ་ན་མེད་འགྱིང་ཡང་། །འགྲོར་གནས་བདེ་བར་གཤེགས་པའི་སྙིང་པོ་སྒྲིབ་པས་གོས་པ་བསལ་ཕྱིར་དུ། །གངས་ཅན་ [ཕྱག་བྱ་བའི་སྒོ་བཅོ་ལྔ་པ་བསམ་པ་རྒྱ་ཆེ།] འཛིན་མར་ཞབས་ཀྱིས་བཅགས་པའི་པཎ་ ཆེན་ཐམས་ཅད་གཙུག་ཏུ་མཆོད། ༢༢ [།ཕྱག་བྱ་བའི་སྒོ་བཅུ་དྲུག་པ་ཆ་ཤས་ཀྱི་གཟུགས་ཅན།] རྡོ་རྗེ་རྣོན་པོའི་གསང་གསུམ་བྱིན་རླབས་མཚར་སྡུག་སྒེག་མོའི་ཁ་ཡི་ཆང་། །བྲན་པའི་མོད་ལ་བློ་གྲོས་པ་ཀུ་ལ་ཡི་མཆུ་འདབ་ཡོད་འོང་བརྒྱ། །ཕྱེ་བ་ལས་ནི་གངས་ཅན་སྐད་དང་རྗེས་སུ་ 213-1-6a མཐུན་པའི་བརྡ་ཡིག་གི། །ལི་ཤིའི་དྲི་བསུང་གསར་པའི་འབྱུང་གནས་སམྦྷོ་ཊ་ལ་གུས་པས་འདུད། ༢༣ །དཀའ་བ་བརྒྱ་ཕྲག་བརྩེགས་པའི་གདུང་བ་དབུགས་འབྱིན་གྲོགས་སུ་བྱང་ཆུབ་སེམས། །ཡིད་འོང་བསིལ་ཡབ་དག་ཏུ་བསྟེན་ ཅིང་དམ་ཆོས་རིན་ཐང་ཆེ་བའི་ཁུར། །འདྲེན་པའི་ཆོ་ག་བརྡ་སྤྲོད་རིག་པའི་གོམ་སྟབས་སྟོང་དུ་བསྒྱུར་ལ་མཁས། །སད་མི་ [ཕྱག་བྱ་བའི་སྒོ་བཅུ་བདུན་པ་ཡན་ལག་གསུམ་པའི་གཟུགས་ཅན།] བདུན་དང་ཀ་ཅོག་ལ་སོགས་སྐད་གཉིས་སྨྲ་བའི་ཚོགས་ལ་འདུད། ༢༤ །དཔལ་ལྡན་གྲུ་འཛིན་རི་བོའི་ མགོན་པོ་སྲིད་པ་འགྲུབ་བྱེད་རྒྱུ་ཡི་ཚུལ། །འོད་གསལ་འཆི་བ་མེད་པའི་གདུང་གི་སྐྱེ་བ་མངོན་པར་བཟུང་པ་གང་། །འཛམ་གླིང་ཐུབ་པའི་རྒྱལ་སྲིད་སྐྱོང་ལ་བསྙེངས་པ་བྲལ་པའི་བློ་གྲོས་ཀྱིས། །དྲན་དབང་ཀུན་དུ་དགའ་ [ཕྱག་བྱ་བའི་སྒོ་བཅོ་བརྒྱད་པ་སྒྲུབ་བྱེད་ཀྱི་རྒྱུ་ལས་སྐྱེད་བྱེད་འགྲུབ་པའི་རྒྱུ།] སྟེར་སྙིང་པོ་ས་སྐྱ་པ་ཡིས་བདག་བྱིན་རློབས། ༢༥ །དཔག་མེད་བསྐལ་པའི་ཕྲེང་བར་རབ་བསགས་སྦྱིན་པ་ལ་སོགས་བསོད་ནམས་ཚོགས། །བྱང་ཆུབ་མཆོག་གི་རྩེ་མོར་ལུད་པས་མི་མཐུན་མེད་པར་བསྐྲུན་པའི་སྐུ། །སྟོང་པའི་མཁའ་ལ་རྫུ་འཕྲུལ་རྐང་པའི་འདེགས་འཇོག་ རེ་མོས་བསྒྱུར་བ་ཡིས། །པོ་ཏ་ལ་ [ཕྱག་བྱ་བའི་སྒོ་བཅུ་དགུ་པ་ཡོན་ཏན་གྱི་རང་བཞིན་བརྗོད་པ།] སོགས་གདུགས་ཕྱེད་ལ་འཁོར་མཁའ་འགྲོའི་དབང་པོ་དེ་ལ་འདུད། ༢༦ །མུ་མེད་ཕྱོགས་བཅུའི་འཇིག་རྟེན་དག་ན་དུས་གསུམ་གཤེགས་པའི་སངས་རྒྱས་ཀྱི། །གསུང་གི་གསང་བ་བསམ་མི་ ཁྱབ་པར་དབང་འབྱོར་དཔལ་ལྡན་རྡོ་རྗེ་འཛིན། །དུས་འདིར་དམ་ཆོས་རྙོག་པ་བགྲུང་ཕྱིར་གངས་ཅན་ནོར་གྱི་བློ་གྲོས་མར། །སྐྱེ་བ་དམ་པའི་ [ཕྱག་བྱ་བའི་སྒོ་ཉི་ཤུ་པ་བསམ་པ་རྒྱ་ཆེ་ལ་ཡན་ལག་ཅན་གྱི་གཟུགས་ཀྱིས་བརླིང་བ།] ཟློས་གར་བསྒྱུར་བ་དགེ་ལེགས་གྲགས་པའི་རྒྱལ་མཚན་འཛིན། ༢༧ །ལེགས་ བཤད་ཉི་མའི་འོད་ལ་སྡང་ཞིང་མཐའ་བྲལ་མཁའ་ཡང་འབིགས་སེམས་ཅན། །སྨྲ་ངན་རྡུལ་བརྩེགས་རི་བོའི་ཁེངས་པ་ཡོངས་སུ་སྙོལ་ལ་མི་འཇིགས་པར། །ལུང་དང་རིགས་པའི་ཁོ་ལག་རབ་རྫོགས་བརྡ་སྤྲོད་ཚད་མའི་རྣོ་ [ཕྱག་བྱ་བའི་སྒོ་ཉེར་གཅིག་པ་རིག་བྱེད་ཀྱི་གཏམ་ལ་སྦྱར་བའི་མཐའ་དག་གི་གཟུགས་ཅན།] 213-1-6b མཚོན་ཅན། །ཀུན་དགའི་དཔལ་སྟེར་ཆོས་ཀྱི་རྒྱལ་མཚན་ཕྱོགས་བཅུར་བཙུགས་པའི་ལྷ་ཡི་དབང་། ༢༨ །སྲིད་པ་གསུམ་ལས་རིང་དུ་མངོན་འཕགས་མཆོག་གི་གོ་འཕང་བརྙེས་གྱུར་ཀྱང་། །དེ་ཡི་བློ་གྲོས་ཁམས་གསུམ་འགྲོ་ལ་ཕན་པའི་རྒྱུ་ཕྱིར་ཡང་དག་འབབ། །གཅིག་ ཏུ་མཁས་པའི་སྤྱོད་ཚུལ་གསུམ་གྱིས་ཆོས་ཀྱི་རྒྱལ་མཚན་བརྟན་བྱེད་ཀྱང་། །ཆོས་མིན་ཐམས་ [ཕྱག་བྱ་བའི་སྒོ་ཉེར་གཉིས་པ་གཞི་གཅིག་གིས་ཆོས་དུ་མ་འགལ་བ།] ཅད་ཡོངས་སུ་ཉམས་མཛད་ཆོས་ཀྱི་རྒྱལ་པོ་གཙུག་གིས་བསྟེན། ༢༩ །ནོར་རྒྱས་ངལ་བའི་སྡིག་པ་མ་བྱས་ས་འཛིན་ཡང་ནི་བསྒྲིལ་བ་ མེད། །ཚིགས་བཟང་རྒན་པོ་གྲོགས་སུ་མ་བཀུག་ཆུ་ཡི་གཏེར་ཡང་མ་བསྲུབས་པར། །བདུད་ཙིའི་གཏམ་སྙན་ཀུན་གྱི་འབྱུང་གནས་རིགས་གསུམ་རྣམ་འཕྲུལ་ས་སྐྱ་པའི། །གདུང་རབས་ཚར་དུ་དངར་ [ཕྱག་བྱ་བའི་སྒོ་ཉེར་གསུམ་པ་ཉམས་ལྡན་གྱི་རྒྱན་ལས་དཔའ་བའི་ཉམས།] བ་བྱོན་དང་འབྱོན་འགྱུར་སྙན་ དངགས་དབྱངས་ཀྱིས་མཆོད། ༣༠ །བསྐལ་པ་སྙིགས་མ་ལྔ་བདོའི་དུས་ན་ང་ཡི་ལུང་དང་རྟོགས་པའི་བསྟན། །བཤད་སྒྲུབ་བཟུང་གིས་འཛིན་སྤེལ་བྱེད་པོ་མཚུངས་མེད་དེ་ནི་འདིའོ་ཞེས། །ངེས་པར་ལུང་དུ་བསྟན་པའི་ཕྲིན་ཡིག་བསུབ་ཏུ་མེད་པ་སྟོབས་བཅུ་པའི། ཡེ་ཤེས་དག་པའི་ [ཕྱག་བྱ་བའི་སྒོ་ཉེར་བཞི་པ་ཡན་ལག་གཉིས་པའི་གཟུགས་ཅན།] སྨྱིག་གུས་བྲིས་པ་རྡོ་རྗེ་འཆང་དབང་ཀུན་དགའ་བཟང་། ༣༡ །དེ་ཡི་ཡོན་ཏན་བསྐལ་པར་བརྗོད་ཀྱང་མཐས་གཏུགས་དབེན་པའི་ཕྱོགས་རེའི་གཏམ། །ཐོས་པའི་བློ་ལྡན་ལན་ཅིག་མིན་པར་ཐལ་སྦྱར་བྲེལ་ ལ་ངོ་མཚར་བསྐྱུངས། །འདི་མཚན་ཐོས་པ་འཛིན་པའི་ལམ་དུ་ལན་རེ་ལྷུང་བའི་ལེགས་བྱས་ཀྱང་། །ངན་ [ཆོས་ཅན་འགོག་པ།] འགྲོ་དམན་པའི་སྐྱེ་གནས་འགོག་པའི་མཆོག་ཏུ་ཐམས་ཅད་མཁྱེན་པས་བསྔགས། ༣༢ །མང་དུ་ཐོས་བློ་ཙམ་གྱིས་འཇམ་པའི་དབྱངས། ། མཚུངས་པར་བསྔགས་པ་མིན་ཡང་ཚུལ་ཁྲིམས་དང་། །ཏིང་ངེ་འཛིན་དང་ཤེས་རབ་བསླབ་པའི་གཞུང་། །སྨྲ་མཁས་ལྷུན་གྱིས་གྲུབ་པ་འདིས་ཀྱང་ངོ་། ༣༣ [།ཕྱག་བྱ་བའི་སྒོ་ཉེར་དྲུག་པ་གསལ་བྱེད་ལས་རིགས་བརྗོད་པ་ཐ་མའི་གསལ་བྱེད།] ཨེ་ཝཾ་པ་ [ཕྱག་བྱ་བའི་སྒོ་ཉེར་ལྔ་པ་བསྡུས་པའི་དཔེ།] ཡི་ལུགས་བཟང་ 213-1-7a ལམ་གསུམ་ཁོངས། །མཛེས་བྱེད་རྒྱན་གྱི་དམ་པ་བསྐལ་པ་བརྒྱར། །བརྟན་པའི་ཆོ་ག་རབ་རྫོགས་རྒྱལ་ཚབ་ཏུ། །རིམ་པར་བྱོན་རྣམས་སྐྱེ་བ་གཏན་གྱི་སྐྱབས། ༣༤ །འཇལ་བྱེད་དཔྱད་པ་གསུམ་དང་མན་ངག་གིས། །གཞན་བྱ་དམ་པའི་ཆོས་ དང་ཆོས་མིན་དག །རྣམ་པར་འབྱེད་པའི་རྒྱལ་པོ་ཉི་ཟླ་ལྟར། །ཡོངས་གྲགས་བོད་ཀྱི་མཁས་པ་ཀུན་ལ་དད། ༣༥ །གཟུངས་དང་སྤོབས་པ་ཤེས་རབ་རྫས་སྦྱོར་གྱིས། །དགོངས་ [ཕྱག་བྱ་བའི་སྒོ་ཉེར་བདུན་པ་དཔེ་རྒྱན་ལས་ཆོས་དཔེ།] འགྲེལ་འགྱུར་དགུའི་དཀའ་གནས་རིན་ཆེན་མིག ། དྲང་པོར་འབིགས་ལ་འཇིགས་མེད་གྲུབ་པའི་རྟགས། །བསྒྲིགས་ལེགས་ཕྲེང་དུ་བསྟར་བ་འདྲེན་བྱེད་དཔྱིད། ༣༦ །[ཕྱག་བྱ་བའི་སྒོ་ཉེར་བརྒྱད་པ་བསྡུས་པའི་གཟུགས་ཅན།] འཆད་རྩོད་རྩོམ་ལ་མི་འཇིགས་ངག་གི་དབང་། །གྲུབ་མཐུས་བློ་གསལ་བྱེ་བའི་སྙེམས་པ་འགོག །གསར་རྙིང་གྲུབ་པའི་ སྲོལ་བཟང་རིས་མེད་པས། །རྒྱ་མཚོའི་གོས་ཅན་ཉེ་འཁོན་མེད་ལ་དགོད། ༣༧ །བཅུ་ཕྲག་གྲངས་སུ་རྫོགས་པ་རིག་པའི་སྲོག །འཆི་ [ཕྱག་བྱ་བའི་སྒོ་ཉེར་དགུ་པ་མཚུངས་པ་གསལ་བྱེད་ལས་གཞུང་གིས་དངོས་སུ་ཟིན་པའི་འགོག་དང་དགོང་སྒྲ་ཅན།] མེད་རྟག་པར་སྒྲུབ་པའི་ཕྲིན་ལས་ནི། །ཕྱོགས་ཀྱི་དཀྱིལ་འཁོར་ ཀུན་དུ་བཀོད་པ་ཡིས། །ཐུབ་བསྟན་ཏབ་ཏུ་གསལ་བྱེད་ཁྱོད་རྨད་བྱུང་། ༣༨ [།ཕྱག་བྱ་བའི་སྒོ་སུམ་ཅུ་པ་སྐྱེད་བྱེད་གྱི་རྒྱུ།] ཁྱད་པར་བདག་བློ་རབ་སྨོངས་རྡོ་བའི་ཁམས། །རང་བཞིན་མཉེན་པར་བཅོས་སུ་མེད་ན་ཡང་། །རིག་གནས་རྒྱ་མཚོའི་ནང་དུ་དྲངས་པའི་དྲིན། །བསམ་ཀྱིན་དད་ པའི་བ་སྤུ་གཅིག་ཏུ་ཕྱོགས། ༣༩ །གཞན་ཡང་གསར་རྙིང་བཀའ་དང་ཟབ་གཏེར་གྱི། །སྲོལ་ཆེན་འབྱེད་པའི་ [ལྡན་པའི་གཟུགས་ཅན།] ཐུགས་རྗེའི་དར་བབ་མས། །བསྟན་འགྲོའི་དགེ་ལེགས་ཡིད་གཅུགས་མཛའ་ན་བོ། །འགུགས་བྱེད་ཕྱག་བགྱིར་འོས་པ་ཀུན་ལ་དད་། ༤༠ །མི་འགྱུར་བདེ་བའི་ ཐང་ཆེན་སྟོང་པ་ཉིད། །ཡང་དག་རྟོགས་ [ཕྱག་བྱ་བའི་སྒོ་སོ་གཅིག་པ་ཡན་ལག་གཉིས་པའི་གཟུགས་ཅན།] པའི་རྒྱལ་པོ་མངོན་གྱུར་ཀྱང་། །ངོ་མཚར་མཛད་པས་མ་ཧཱ་བྷོ་ཊའི་ལྗོངས། །ཕན་པ་སྒྲུབ་པའི་བཙོན་འགྲུས་བྲན་ལྟར་བཟང་། ༤༡ [།མཐའ་དག་གཟུགས་ཅན།] བྱམས་ [འདི་ནས་བརྩམས་ཏེ་ལྗོངས་འདིར་ཐུགས་རྗེ་ལྷག་པར་ཆེ་བའི་སྐྱེས་བུ་དམ་པ་རྣམས་ལ་བསྔགས་པ་རབ་སྤེལ།] པའི་ 213-1-7b རྩ་བརྟན་སྙིང་རྗེའི་ཡལ་ག་རྒྱས། །ཀུན་དགའ་སྟེར་བའི་ཡོན་ཏན་མེ་ཏོག་བཀྲ། །སྐུ་གསུམ་འབྲས་བུ་སྨིན་པའི་དཔག་བསམ་ཤིང་། །བཀྲ༷་ཤི༷ས་གྲིབ་མ་སྣུམ་ལྡན་ཀུན་ལ་འབེབས། ༤༢ །སེ་ན་ཤུ་བྷར་གྲགས་པའི་རྒྱལ་པོའི་ཁབ། །རྒྱལ་བ་གཉིས་པའི་ལུགས་ བཟང་ནོར་བུའི་ཏོག །དཔ༷ལ་དང་མཆོ༷ག་གི་འབྱུང་གནས་དམ་པ་དེས། །བཤད་སྒྲུབ་རྒྱལ་མཚན་རྩེ་ན་བརྟན་པར་བྱས། ༤༣ །རང་གཞན་གྲུབ་པའི་གཞུང་ལུགས་རབ་འབྱམས་ཀྱི། [ལྡན་པའི་གཟུགས་ཅན།] ཕ་མཐའ་ལ་སོན་འབྲས་བུ་ཕྱོགས་ཀུན་ལས། །རྣམ་པར་ རྒྱལ་བའི་མཚན་གྱི་བཀྲ་ཤིས་དབྱངས། །དཔལ་ལྡན་ཆོས་ཀྱི་གྲགས་པ་བས་ཀྱང་སྙན། ༤༤ །ཤིན་ཏུ་དར་བྱས་ཁོ་ར་ཁོར་ [སྦྱར་བའི་དཔེ།] ཡུག་ཏུ། །རྫོགས་སངས་རྒྱས་ཀྱི་ཞལ་ལུང་དྲི་མ་མེད། །ལུང་རྟོགས་ཡོན་ཏན་ཕུན་སུམ་ཚོགས་འཛིན་ལས། །བྱུང་བའི་འཆད་ རྩོད་རྩོམ་པའི་ཕྲིན་ལས་རྒྱུན། ༤༥ །སྲིད་ཞིའི་མཐའ་ཆེན་འགོངས་པའི་མྱ་ངན་ལས། །[བྱ་བ་བརྗོད་པ་ཐོག་མའི་གསལ་བྱེད།] འདས་པར་ཀུན་དུ་བཟང་བཞིན་དབང་གྱུར་ཀྱང་། །རིས་བྲལ་འགྲོ་བ་མང་པོའི་བྲན་ཉིད་དུ། །དམ་བཅས་འབྲས་བུ་ངུར་སྨྲིག་རྒྱལ་མཚན་བཟུང་། ༤༦ །ཟབ་ རྒྱས་གདམས་པས་རྒྱགས་པའི་ [རབ་སྤེལ།] མགྲིན་པ་ལས། །རྟག་པར་བཀྲ༷་ཤི༷ས་བྱེད་པའི་ཆོས་ཀྱི་གླུ། །རྩོལ་མེད་ལྷུན་གྱིས་གྲུབ་པར་འཇོ་བ་ལ། །དབྱངས་མཆོག་རྡོ་རྗེ་ཆོས་དང་མཚན་ཉིད་མཐུན། ༤༧ །དཔལ་ལྡན་རྡོ་རྗེ་འཆང་གི་གསང་པ་གསུམ། །བློ་དམན་ མཚུངས་པ་གསལ་བྱེད་ལས་མཚན་ཉིད་མཐུན་སྒྲ་ཅན། མོས་པར་འཚམ་པའི་སྒྱུ་འཕྲུལ་གཟུགས། །ཀུན་མཁྱེན་ཆོས་ཀྱི་རྒྱལ་སྲིད་སྐྱོང་བ་ལ། །སྡེ་སྣོད་སྨྲ་པ་ཡོངས་ཀྱི་གཙུག་ན་མཐོ། ༤༨ །ལྷ་མཆོག་ངག་གི་དབང་ཕྱུག་ [ལས་ཀྱི་རྒྱུ་ལས་རྣམ་འགྱུར་གྱི་རྒྱུ།] དཔལ་གྱི་མགུར། །རྗེས་སུ་ཆགས་ པས་བློ་ལྡན་ཀུན་དགའ་བརྒྱ། །སྐྱེད་བྱེད་ལེགས་པའི་ལམ་སྟོན་ཐུན་མོང་མཆོག །ཟུང་གི་དངོས་གྲུབ་འབྱུང་གནས་རྨད་དུ་བྱུང་། ༤༩ །[རབ་སྤེལ།] ལུང་རྟོགས་ [མཛེས་པའི་ཡོན་ཏན་གཏམ་ལ་སྦྱར་བ།] ཆོས་ཀྱི་ཚུལ་ལ་སྦྱངས་པའི་ཐུགས། །མཁའ་ལྟར་ཡངས་པའི་རྣམ་འགྱུར་ 213-1-8a ཅི་འདོད་ཀྱི། །ལེགས་བཤད་འཛད་དུ་མེད་པ་འབྱུང་བའི་གནས། །ལྔ་རིག་བསྲན་པའི་སྣང་བྱེད་བླ་ན་མེད། ༥༠ །བྱང་ཆུབ་མཆོག་ཏུ་མངོན་པར་སངས་རྒྱས་པའི། །ཡེ་ཤེས་རྒྱ་མཚོའི་རྣམ་པར་འཕྲུལ་བའི་སྲས། །ལྔ་རིག་གཞུང་གི་བརྗོད་ བྱ་མ་ལུས་པ། །སྙན་དངགས་དམ་པའི་གླུ་རུ་ལེན་པ་དཔའ། ༥༡ །བརྩེ་ཆེན་ཀུན་དགའ་སྙིང་པོའི་ལུང་རྟོགས་ཀྱི། །ཆོས་ཚུལ་ལམ་ [ཡན་ལག་གཅིག་པའི་གཟུགས་ཅན།] གསུམ་སྒྲིབ་པ་སྦྱོང་པའི་རྒྱུན། །མང་ཐོས་སྐལ་ལྡན་ཤིང་རྟའི་དཀའ་སྤྱད་ཀྱིས། །མི་ནུབ་རྟག་ཏུ་འཕེལ་བའི་ ཆོ་ག་བསྒྲུབས། ༥༢ །ཆོས་ཀྱི་བ༷ཀྲ་ཤི༷ས་དམ་པ་འཇིག་རྟེན་ [རིག་བྱེད་གཏམ་དང་སྦྱར་པའི་བསྡུས་དང་མ་བསྡུས་བསྲེས་པའི་གཟུགས་ཅན།] འདིའི། །རྒྱན་དུ་བརྟན་པའི་ཆོ་ག་རིག་པའི་གཞུང་། །རབ་འབྱམས་ལེགས་པར་སྨྲ་བའི་ངོ་མཚར་གྱིས། །ངག་གི་དབང་ཕྱུག་དགྱེས་པའི་འཛུམ་མང་སྟོན། ༥༣ །སངས་ རྒྱས་གངྒཱ་ཀླུང་གི་བྱེ་སྙེད་ཀྱི། [།སྐྱེད་བྱེད་འགྲུབ་པའི་རྒྱུ།] བྱིན་རླབས་ནུས་པ་རྒྱ་མཚོ་ཆེན་པོའི་རྗེས། །སོང་བ་སྔགས་ཀྱི་སྤྱོད་པས་རང་དབང་དུ། །གྲུབ་པའི་ཡོན་ཏན་ཕུང་པོ་བསམ་ལས་འདས། ༥༤ །འཁྲུལ་སྣང་རང་སར་དག་པའི་རང་རིག་པར། །དུས་གསུམ་དངོས་ [དངོས་པོའི་དཔེ།] པོ་སྒྲིབ་མེད་བཀྲ་བ་ཡི། །མཚོན་ཕྱིར་གྲུབ་པའི་མཚན་མ་ཀུན་དགའི་དཔྱིད། །ཅི་ཡང་ངོམ་པ་ཡོན་ཏན་རྒྱ་མཚོ་བཞིན། ༥༥ །རིས་བྲལ་བྱམས་པའི་བཏུང་བ་ངོམས་མེད་དུ། །[འདི་ནས་བརྩམས་ཏེ་སྡེ་དགེའི་གདུང་རབས་བསྟན་པ་ལ་སྐུ་དྲིན་ཆེ་བ་རྣམས་ལ་བསྔགས་པའི་ཐོག་མར་དངོས་པོའི་དཔེས་བརླིང་བའི་མཆོག་གི་ངེས་བསྟན།] བསྟེན་པས་སྟོབས་ ཀྱི་ཤུགས་འཆང་ས་སྲུང་དབང་། །སྡེ་བཞི་ཕུན་སུམ་ཚོགས་པའི་སྐྱེད་མོས་ཚལ། །དགེ་བའི་གོམ་སྟབས་ལྷོད་ [མཐའ་དག་གི་གཟུགས་ཅན།] པོ་ཅིར་ཡང་བསྒྱུར། ༥༦ །གང་གིས་བསྒྲུན་མིན་དཔུང་པས་ས་ཡི་སྟེང་། །རང་དབང་བྱེད་པར་མཚུངས་ཀྱང་པད་དཀར་མིག །འཚེ་ བ་ཆོས་སུ་འདོམས་ཕྱིར་སངས་རྒྱས་ཀྱི། །བསྟན་པའོ་དཔལ་གྱུར་ཁྱོད་ལས་ཤིན་ཏུ་དམན། ༥༧ །[ཁྱད་པར་ལ་གནས་པའི་དོན་གཞན་བཀོད་པ།] བསོད་ནམས་ཕུན་སུམ་ཚོགས་ [དགག་པའི་དཔེ།] འདོད་ས་བདག་གི། །ལས་ནི་སེམས་ཅན་ཐམས་ཅད་བདེ་བའི་རྒྱུ། །བདག་དོན་བོར་བ་རྒྱལ་ 213-1-8b བའི་མྱུ་གུ་རྣམས། །གཞན་ཕན་མིན་པའི་བསྒྲུབ་བྱ་ཅང་སྲིད་དམ། ༥༨ །གཞན་ཡང་སྙིང་སྟོབས་རབ་བརླིང་སྤྱོད་པ་ཡིས། །རྒྱལ་བསྟན་བླ་ནས་བླ་མར་འདེགས་པའི་ཆེད། །བློ་ལྡན་བྱང་ཆུབ་སེམས་དཔའ་ས་སྐྱོང་དུ། །བརྫུས་པའི་བསྔགས་འོས་ཀུན་ལ་གུས་བཏུད་ ནས། ༥༩ །གང་ཞིག་ཐོས་ན་ཡོན་ཏན་ཀུན་གྱི་མ། །དཀོན་མཆོག་ [རྣམ་འགྱུར་གྱི་རྒྱུ།] དམ་པའི་ཆོས་ལ་དད་གསུམ་གྱི། །རྩ་བ་བརྟན་པའི་རང་བཞིན་བདུད་ལས་བཞིས། །གཞོམ་དུ་མེད་པ་ཐོག་མར་དགེ་བའི་ཆོས། ༦༠ །ལེགས་པར་ཐོས་པའི་མ་མས་བསྐྱེད་བསྲིངས་པའི། [འདི་ནས་བརྩམས་ཏེ་དངོས་པོ་ངེས་པར་བསྟན་པའི་དང་པོ་རིགས་རང་བཞིན་བརྗོད་པ།] །རྣམ་པར་འབྱེད་པའི་བུ་མོ་མིག་ཡངས་མས། །དཔྱད་ན་མི་བསླུ་ངེས་པས་དགའ་པའི་གྲོགས། །གསར་དུ་ཐོབ་པ་བར་དུ་དགེ་བའི་ཆོས། ༦༡ །བསམས་ [མ་བསྡུས་པས་གཟུགས་ཅན།] བྱུང་མཐུ་ཡི་སོར་མོས་ཡིད་གཉིས་མདུད། ཡོངས་སུ་བཀྲོལ་ཏེ་རྩེ་གཅིག་མཉམ་བཞག་པས། །བརྗོད་བྱའི་སྙིང་པོ་ཇི་བཞིན་རྟོགས་པའི་བློ། །རྣམ་པར་རྒྱས་དེ་ཐ་མར་དགེ་བའི་ཆོས། ༦༢ །གང་དེས་དབེན་པའི་སྔོ་བསངས་མུན་ [ཡན་ལག་གཉིས་པའི་གཟུགས་ཅན།] པ་ཆེ། །ཉིན་མཚན་མགོན་པོ་ཟུང་གིས་ཕྲོགས་ཤིང་། ། གཡོ་ཐབས་སྟོང་གིས་བསླུ་བར་མ་ནུས་པར། །བརྩེ་མེད་སྙིང་ནས་བཟུང་སྙམ་བགྱིད་པ་དེ། ༦༣ །སྣང་བ་དམ་པས་ཡོངས་སུ་བསལ་སླད་དུ། །[རིགས་མཐུན་ལྡོག་པ་ཅན་ལ་རབ་རྟོག་གིས་བརླིང་བ།] བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་སྨོན་པའི་སྟོབས། །གཞན་ལ་ཁྱད་པར་གྱུར་པའི་འཕྲིན་དང་པོ། །མུ་ མེད་རྒྱལ་བས་བསྒྲགས་པ་ཤཱཀྱའི་སྲས། ༦༤ །དགའ་བར་ལྡན་པའི་ཡིད་བཟང་གྲངས་ [ཡོན་ཏན་གྱི་རང་བཞིན་བརྗོད་པ།] མེད་འབུས། །ཐེག་ཆེན་ཆོས་ཀྱི་གཏོང་ཕོད་མི་དམན་ཡང་། །སྨོན་བྱའི་སྙིང་པོ་རྗེས་སུ་དྲན་པའི་གར། །འཛམ་གླིང་འཛིན་མའི་དོ་ར་ཡངས་པར་བསྒྱུར། ༦༥ །དེ་ན་ ངོ་མཚར་སྔོན་མེད་རླབས་ཀྱི་ལྕེ། །སྲིད་ [བསམ་པ་རྒྱ་ཆེ་བ།] པ་གསུམ་ལས་འདས་པར་གླལ་བ་ཡི། །བསམ་ཡས་ལེགས་པར་སྤྱད་པའི་ཆུ་གཏེར་ལས། །བྱང་ཆུབ་བདུད་རྩི་བརྙེས་པའི་ཚུལ་ཆེན་བསྟན། ༦༦ [།རབ་སྤེལ།] ཁྱད་པར་བསོད་ [བསྡུས་ཤིང་མ་བསྡུས་པའི་གཟུགས་ཅན་རིག་བྱེད་ཀྱི་གཏམ་ལ་སྦྱར་བ།] 213-1-9a ནམས་བརྒྱ་ཡི་བྱེད་པོ་དེས། །ཡང་ཡང་ལེགས་པར་བཀྲུས་པ་ཟླ་བའི་བཞིན། །མཐོང་ན་མི་མཐུན་བྲལ་བའི་ཡ་མཚན་དེ། །འཇིག་རྟེན་ཀུན་དུ་ལྷམ་མེར་ངོམ་པ་བཞིན། ༦༧ །བནྦྷུ་ཛི་བ་ཀ་ཡི་མཆུ་སྒྲོ་དང་། །མུ་ཏིག་ཕྲེང་བ་དངར་བའི་ཚེམས་བར་ནས། གློག་འགྱུ་སྟོང་གི་མཉེན་ལྩུག་སྨ་འབེབས་སུ། །བྱེད་པ་འཕྲུལ་གྱི་རོ་འཛིན་ཅིར་ཡང་བསྒྱུར། ༦༨ །དེ་ཚེ་ཀུན་གྱི་རྣ་ལུང་འབབ་པའི་གདངས། །སྙན་དགུ་མ་ཚང་མེད་པའི་རྒྱུད་གཅིག་ [{རབ་སྤེལ།}] ལས། །ཐ་དད་རང་རང་སྐད་དུ་འཕོས་པའམ། །བྱིན་གྱིས་རླབས་སམ་ རྗེས་སུ་གནང་བའི་བཀའ། ༦༩ །སྲིད་པ་གསུམ་གྱི་ཀུན་རྟོག་སྔོ་བསངས་མའི། །དཔུང་པ་ [རིགས་བརྗོད་པ་ཐ་མའི་གསལ་བྱེད།] བག་ཆགས་བཅས་ལས་འདས་གྱུར་ཀྱང་། །སེམས་ཅན་སྣ་ཚོགས་མོས་པའི་རྒྱུ་ཕྱོགས་སུ། །གཞོལ་ཞིང་བབས་པའི་རྣམ་གྲངས་བསམ་མི་ ཁྱབ། ༩༠ །ཚིག་དོན་ [ཡོན་ཏན་མ་ཚང་བའི་ཁྱད་པར་བརྗོད་པ།] ལང་ཚོ་དར་བབ་བཀའ་གང་དག །ཇི་སྙེད་འཛིན་དང་སྡུད་བྱེད་གཟུགས་ཀྱི་སྒོ། །དབང་ཐོབ་མང་པོས་སླད་འབྱིན་བསྡུས་པ་དང་། །ཡི་གེར་བྲིས་པའི་གླེགས་བམ་བགྲང་དུ་མེད། ༩༡ །བཀའ་ལུང་དྲི་མེད་ཤེལ་གྱི་ཁང་པའི་ངོས། ། དྲང་དང་ངེས་ [རབ་སྤེལ།] པའི་གཟུགས་དང་གཟུགས་བརྙན་གྱི། །ལྟད་མོ་ཚར་དུ་དངར་བི་ཁྱད་པར་དག །ཚུལ་བཞིན་དཔྱོད་པའི་རྒྱལ་པོ་རྣམ་མང་གིས། ༩༢ །རྒྱ་ཆེན་སྡུད་དང་ཟབ་མོ་རྣམ་པར་འབྱེད། །དཀྲུགས་པ་སྡེབས་ [རིག་བྱེད་ཀྱི་གཏམ་ལ་སྦྱར་པའི་ལྡན་པའི་གཟུགས་ཅན།] ཕྱིར་བྱས་པའི་ བསྟན་བཅོས་གྲངས། །བསྐལ་བའི་ཆར་དང་དབྱིག་འཛིན་མ་ཡི་རྡུལ། །ཆུ་གཏེར་ཐིགས་པའི་རྗེས་སུ་རྐང་པ་འཇོག ༩༣ །འོན་ཏེ་བཀའ་དོན་ལེགས་པར་ [མང་བའི་དཔེ།] བཤད་པ་ནི། །རང་དགའི་ཚིག་དོན་འདྲེ་ན་མ་རུང་ཞེས། །འཕགས་ཡུལ་གདོད་ནས་གྲུབ་པའི་སྐད རིགས་ཀྱི། །ལྐོག་ན་སྦས་པའི་བརྟུལ་ཞུགས་བཟུང་ངམ་སྙམ། ༩༤ །[རབ་རྟོག] །དེ་ཚེ་མཁས་པའི་ཚོགས་དང་ལོ་ཙཱ་བ། །རྒྱལ་ [སེམས་མེད་རབ་རྟོག] །ཆེན་རྣམས་ཀྱི་རྩོམ་པ་རྨད་བྱུང་དང་། །ཐུབ་པའི་ལུང་བསྟན་རྩེ་དགའ་དྲན་ཆེ་བས། །གངས་ཅན་བརྡ་ཡི་ལམ་དུ་བརྒྱུད་ཅིང་བྱོན། ༩༥ ། 213-1-9b གང་ཚེ་ལེག་ས་པར་གསུངས་དང་དགོངས་འགྲེལ་ཞེས། །མཚན་གྱི་གླིང་བུ་གང་དུ་སྙན་པ་དེར། །མཐའ་འཁོ་མིང་གི་ངུད་མོ་བསྐལ་པ་ཡི། །ཕ་རོལ་ལ་ཡང་གནས་པའི་གོ་ས་ཕྲོགས། ༩༦ །གཞི་ལམ་འབྲས་བུའི་ལྟད་མོ་བཀྲག་པོ་ཆེ། །འགོག་བྱེད་སྒྲིབ་གསུམ་གཉེན་ [རྒྱུའི་རྒྱན་ལས་རིགས་པའི་རྒྱུ།] པོ་བླ་ན་མེད། །སྣང་བ་མི་ཟད་མཛོད་ཀྱི་ཉི་མ་འདི། །ཐོབ་པའི་འཇིག་རྟེན་སྐལ་བ་མི་དམན་{གང་}། ༩༧ །མཐོང་ཆོས་སླད་མའི་གནས་སྐབས་མཐར་ཐུག་གི། །འཐོབ་ [ཡན་ལག་ཅན་གྱི་གཟུགས་ཅན།] བྱ་ཡིད་འོང་ངེས་པར་འབྱིན་པའི་དཔྱིད། །དམ་ཆོས་ཡོངས་འདུའི་ དབང་པོ་འདི་ཡོད་བཞིན། །དཔག་བསམ་རྐང་འཐུང་ཕལ་ལ་རེ་བ་ལྷོད། ༧༨ །གང་ཞིག་ཐོབ་ན་གནས་སྐབས་འདོད་ [སྦྱར་བའི་འགོག་པ།] པ་དགུ། །རྟོག་མེད་ཆར་དུ་བསྙིལ་པ་ཡིད་བཞིན་ནོར། །བྱང་ཆུབ་གསུམ་གྱི་འབྲས་བུ་འབྱིན་ནུས་ན། །འཆོས་སྐྱོབ་ཡོན་ཏན་ལྡན་པའི་ རྗེས་སུ་སྙེགས། ༧༩ །གང་འདི་ཡི་གེའི་རིས་སུ་འདྲི་བ་དང་། །ཀློག་པ་ལ་སོགས་ [རྨད་བྱུང་གི་དཔེ།] ལེགས་བྱས་རེ་རེའི་མཐའ། །མཁའ་བཞིན་གཞལ་དུ་མེད་པའི་ལུང་གི་རྔ། །བདེན་དཔང་ཚད་མ་དེ་བཞིན་གཤེགས་པས་བསྐུལ། ༨༠ །དམ་པའི་ཞལ་ལུང་བདུད་རྩི་འཇིག་རྟེན་ ན། །ཡུན་དུ་གནས་པའི་ [ཆོས་དཔེ་ལ་གཟུགས་ཅན་གྱིས་སྤ་བ།] རྩེ་དགས་བྱང་ཆུབ་ཀྱི། །ལང་ཚོ་མཆོག་ཏུ་བདོ་བར་འདོད་པའི་ལས། །ཀློག་སྤོང་ལས་ཀྱི་འཁོར་ལོ་རྣམ་པ་གསུམ། ༨༡ །དེ་ནི་བརྗོད་བྱ་བདེན་པ་ཟུང་གི་གནས། །མ་ནོར་ལེགས་པར་འདོམས་ [བསྡུས་ཤིང་མ་བསྡུས་པའི་གཟུགས་ཅན།] པའི་ཚོགས་པ་ གསུམ། །འདུས་པའི་རང་བཞིན་ཚད་མར་གྱུར་པའི་ལུང་། །གླེགས་བམ་ཕྲེང་དུ་དངར་བ་འདི་ལ་རག ༨༢ །ཚུལ་ཆེན་འདི་དག་དོན་དང་མ་འབྲེལ་བའི། [།རིགས་བརྗོད་པ་ཐ་མའི་གསལ་བྱེད།] ཚུལ་ལུགས་སྨྲ་བའི་མགྲིན་པ་དཔང་མཐོ་ཡང་། །ཚུལ་མིན་མུན་པ་འདོམ་གྱིས་འཇལ་བ་ བཞིན། །ཚུལ་བཞིན་རིག་པའི་མདུན་སར་ཁྲེལ་བའི་རྒྱུ། ༨༣ [སྨད་པའི་དཔེ།] དེ་སོགས་བསམ་གྱིས་མི་ཁྱབ་ [བཞི་གའི་ཐོག་མར་ཡོད་པ་ཆོད་པའི་ཟུང་ལྡན།] དགོས་པ་དང་། །ཕན་འདོགས་ཡོན་ཏན་ཆེ་བའི་རིགས་པ་ལུང་། །མི་ཟད་ཚངས་པའི་བུ་མོའི་རྒྱུད་མང་གི། །དཔལ་ཡང་ཉུང་ངུར་བྱེད་ 213-1-10a པའི་གླུ་དག་གིས། ༨༤ །རིངས་པར་བསུ་བས་སྔོན་མེད་འཛུམ་གྱི་རླབས། །ཉ་རྒྱས་ཟླ་བ་འབུམ་ཕྲག་བཞུ་བའི་ཚོན། །བཞིན་ལ་བྱུགས་པ་བཞིན་དུ་ས་ལ་སྤྱོད། །སྲས་བཅས་སྤྲོ་བ་མཆོག་གི་རྩེ་མོར་ཕྱིན། ༨༥ །གྲངས་མེད་སྐྱེ་བར་བསགས་པའི་ ལེགས་བྱས་ཀྱིས། །མངོན་མཐོ་མི་བདག་ཆེན་ [འབྱུང་མིན་གྱི་དཔེ།] པོའི་ཞབས་ཟུང་གི། །འཁོར་ལོའི་ཡན་ལག་ལྡན་པ་ཁྱོ་ཤུག་དག །གདུབ་སིལ་མགྲིན་པའི་རྫ་རྔ་འཁྲོལ་བ་ཅན། ༨༦ །ཁེངས་ལྡན་ཕྱོགས་ཀྱི་ས་འཛིན་བྱེ་བ་ཡི། [ཤློ་ཀ་གཉིས་ལྡན་པའི་གཟུགས་ཅན།] ཐོར་ཚུགས་དབང་ སྔོན་ཞུན་མ་འཁྱིལ་བའི་རྫིང་། །རྒྱན་ཕྲེང་པདྨ་ཀུན་ནས་འགོད་པ་དེར། །ངལ་བསོར་སྤྱོད་པའི་དབང་ཕྱུག་མི་ཡི་ལྷ། ༨༧ །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་བསྟན་པ་ལ། །ཕན་པ་བགྱིས་པ་ཟླ་མེད་མི་ཡི་ལྷ། །ལུས་ཅན་ཚེ་རིང་སྒྲུབ་པའི་རིག་བྱེད་སོགས། །གཙུག་ལག་ ལུགས་བརྒྱ་མཁྱེན་པའི་དབང་ཕྱུག་དང་། ༨༨ །སྐྱེ་དགུ་ཡོངས་ཀྱི་བསོད་ནམས་ཁང་པར་རུ། །སྔ་ན་མེད་པའི་བདེ་སྐྱིད་ [རིགས་བརྗོད་པ་བར་གྱི་གསལ་བྱེད།] སྙིང་གི་མཛའ། །འགུགས་ཕྱིར་ལྷ་བརྒྱའི་མགོན་པོ་མིག་སྟོང་ཅན། །དབང་གི་ལས་གྲུབ་མི་བདག་རྫུ་འཕྲུལ་ཞུགས། ༨༩ ། གཙུག་ལག་ཀུན་ལ་བློ་གྲོས་རྣམ་ [ལྡན་པའི་གཟུགས་ཅན་ལ་རབ་རྟོག་གིས་སྤ་བ།] གསལ་ཞིང་། །གྲགས་སྙན་རྒྱ་མཚོའི་སྐ་རགས་ཅན་མཛེས་པའི། །སྨྲ་མཁས་དེ་ནི་དགེ་དབང་དང་མཚུངས་མོད། །འབྱེད་བྱེད་ཚངས་པར་སྤྱོད་པའི་བརྟུལ་ཞུགས་ཡོད། ༩༠ །འཇིག་རྟེན་སྟོབས་ཀྱིས་ [སྒྲས་ཟིན་མཚུངས་པའི་ལྡོག་པ་ཅན་ལས་གཅིག་གི་ལྡོག་པ་ཅན།] དྲེགས་པ་བྱེ་བ་བརྒྱའི། །གཙུག་རྒྱན་ནོར་བུའི་ཁྲི་འཕང་ག་ལ་བར། །ཤིན་ཏུ་བརླིང་བར་ངལ་བསོར་སྤྱོད་པའི་དབང་། །ལས་ཤུགས་བཙན་པོས་བསྐུར་བའི་བླ་མ་ཆེ། ༩༡ །ཀུན་དུ་དགའ་བསྐྱེད་ཡིད་ [ཡན་ལག་གཅིག་པའི་གཟུགས་ཅན།] གཅུགས་ རྒྱལ་བའི་སྲས། །རྣམ་འདྲེན་བསྟན་པ་སྐྱོང་ལ་སྤྲོ་བའི་རླབས། །སྲིད་པའི་རྩེ་མོར་ལུད་སྙམ་ཆོས་སྲིད་ཀྱི། །ཕྲིན་ལས་རྒྱ་མཚོའི་གོས་ཅན་ཁྱབ་པའི་སྡེ། ༩༢ [།སྐྱེད་བྱེད་འགྲུབ་པའི་རྒྱུ།] གང་དག་སྔོན་གྱི་ཐུགས་སྐྱེད་རྒྱ་ཆེན་མས། [།རབ་སྤེལ་གྱི་རྒྱན།] བྱང་ཆུབ་སྤྱོད་པར་སྤྱད་པའི་སྨོན་ལམ་ 213-1-10b དབྱངས། །བརྗོད་བྱ་བཟང་པོའི་རོ་ལྡན་བླངས་པ་ཡི། །འབྲས་བུ་ཚེ་འདིའི་གྲོགས་སུ་ཉ་བར་ལྷགས། ༩༣ །སྙིང་སྟོབས་ཆེ་དགུ་ཀུན་གྱིས་སམ་སྤོབས་ཤིང་། །སྟོབས་འབྱོར་མང་པོའི་འཛུམ་གྱིས་མ་ཁུགས་པའི། །བགྱི་བ་འདི་ལ་མེ་ཏོག་གཞུ་ཅན་ཡང་། །བསླུ་བར་མ་ བཟོད་ཕམ་པའི་གྲགས་པ་བྱུང་། ༩༤ །རྒྱལ་སྲས་སྙིང་སྟོབས་ལྡན་པས་བསྒྲུབས་ན་སྔོན། །བརྒྱ་ཕྲག་ [ཤེས་བྱེད་ཀྱི་རྒྱུ་ལས་ནང་ཤེས་བྱེད།] བཅུ་རྫོགས་མིག་གིས་མ་མཐོང་ཞིང་། །བརྒྱད་ལྡན་རྣ་བ་བས་ཀྱང་མ་ཐོས་པའི། །རྒྱ་ཆེན་རྩོམ་པ་ཀུན་ལ་དཀའ་བ་ཅི། ༩༥ །ཐམས་ཅད་མཁྱེན་པ་ ཉི་མའི་གཉེན་དཔལ་གྱི། [།རྐང་པ་ལ་བསྐོར་བའི་རྗེས་ཁྲིད།]། བཀའ་ལུང་སྤྱི་དང་བྱེ་བྲག་དགོངས་པའི་དོན། །རྣམ་པར་འགྲེལ་བའི་བསྟན་བཅོས་གངས་ཅན་པའི། །སྐད་ཀྱི་ལམ་དུ་ལེགས་པར་འགྱུར་རོ་འཚལ། ༩༦ །ཀུན་གྱི་ཆོས་སྦྱིན་ཇི་སྲིད་བསྐལ་པའི་ [རིགས་རང་བཞིན་བརྗོད་པ།] བར། ། རྒྱུན་མི་འཆད་པའི་འབྱུང་གནས་པར་ཞེས་པ། །ངོ་མཚར་འཕྲུལ་གྱི་ཕྱི་མོ་རྫོགས་ལྡན་གྱི། །བསྐལ་པའི་བསོད་ནམས་སྤྲིན་ཕུང་རྒྱས་པར་དཀྲིགས། ༩༧ །རྒྱལ་དང་དེ་ཡི་སྲས་རྣམས་འཇིག་རྟེན་ [ཡན་ལག་ཅན་གྱི་གཟུགས་ཅན།] ན། །འབྱོན་དང་བཞུགས་དང་མཛད་པ་མང་སྟོན་ ཡང་། །སྒྲིབ་པ་བག་ཆགས་བཅས་པ་དཔྱིད་འབྱིན་ལ། །རྒྱལ་གསུང་དམ་པའི་ཆོས་ལས་གཞན་ཡོད་མིན། ༩༨ །ཟང་ཟིང་སྲིད་པའི་རྩེར་མཉམ་གཏོང་ [རྐང་པ་དང་པོ་དང་ཐ་མར་ཡོད་པ་ཆོད་པའི་ཟུང་ལྡན།] བདེ། །སྦྱིན་ཆེན་མ་ཡིན་ཆོས་སྦྱིན་འདི་ཁོ་ན། །གནས་སྐབས་དབུལ་བ་བཅོམ་དེ་ཕན་ ཆེན་ཉིད། །མ་ཡིན་གཏན་དུ་ཕན་འདོགས་བསྒྲུབས་འདིའོ། །༩༩ །གཞན་པ་སྨན་བྱེད་བྱང་ཆུབ་སེམས་ [དེ་ཉིད་བརྗོད་པའི་དཔེ།] མཆོག་གི། །བཅུད་ཀྱིས་ལེན་པས་སྙིང་སྟོབས་ཕྲག་པ་དག །ཤིན་ཏུ་བརླིང་བྱས་བསྟན་པའི་ཁུར་གྱི་དབྱིག །འདེགས་པར་ལས་ཀྱི་གནམ་བསྐོས་ བླ་མ་ཆེ། ༡༠༠ [ཁྱད་འཕགས་སུ་འབྱུང་།] གང་དྲིན་གལ་ཏེ་གསོབ་ [ཆ་ཤས་གཟུགས་ཅན།] འདོད་སྟོང་གསུམ་གྱི། །སྣོད་འདི་བུམ་པ་བརྒྱ་སྐྱེས་དངོས་པོ་ཡིས། །ཡོངས་སུ་ལུད་པ་ཉིད་དུ་གཏམས་བཟོད་ཀྱང་། །སྟོང་གི་ཆར་ཡང་འཚོབ་བར་མི་འགྱུར་སྙམ། ༡༠༡ །ལེགས་བྱས་རྒྱ་ 213-1-11a ཆེན་གང་ལས་བརྩམས་པའི་གཏམ། །ཅུང་ཟད་མཉན་པར་འདུན་པའི་བློ་ཅན་དག །ངོ་མཚར་ཆུ་གཏེར་ཡོངས་སུ་འཕེལ་བགྱིད་པའི། །ལེགས་བཤད་ཟླ་བ་གསར་པ་འདི་ན་ངོམ། ༡༠༢ །ཀུན་མཁྱེན་ཉི་མའི་རྩ་ལག་སྲས་བཅས་ཀྱི། ། རྗེས་སུ་སློབ་པར་འདུན་ [བསྡུས་པའི་གཟུགས་ཅན།] རྣམས་བརྩེ་བ་ཡིས། །ལེགས་པར་གདམས་པའི་ཚུལ་ཆེན་སྦྱིན་པའི་རྔ་། །རྒྱ་ཆེན་བརྡུངས་པའི་ཚུལ་འདིར་དགའ་བས་ཉོན། ༡༠༣ །ཞེས་པ་སྟེ། དེའང་འཕགས་ [ཆ་ཤས་ཅན་གྱི་གཟུགས་ཅན།] པའི་ཡུལ་གྱི་སྨྲ་བའི་དབང་ ཕྱུག་ཆེན་པོ་དཔལ་ལྡན་དཎྜཱིས། ཤིད་བརྗོད་ཕྱག་བྱ་དངོས་པོ་ནི། །ངེས་པར་བསྟན་པའང་དེ་ཡི་སྒོ། །ཞེས་དང་། ས་སྐྱ་པཎྜི་ཏ་ཆེན་པོས། བསྟན་བཅོས་རྩོམ་པའི་དམ་པ་ཡི། །སྟོན་པ་ལ་ནི་མཆོད་བརྗོད་བྱ། །བསྟན་པ་སྤེལ་ཕྱིར་དག་པའི་ཚིག །འདི་ལ་ འཐད་པ་བཟང་པོ་སྣང་། ཞེས་གསུངས་པ་ལྟར། སྔོན་བྱོན་མཁས་པ་རྣམས་ཀྱི་རྣམ་པར་ཐར་པའི་རྗེས་སུ་སློབ་པར་འདོད་པའི་འདུན་པས། །དབྱངས་ཀྱི་རྒྱལ་མོའི་ཏམྦུ་རའི་རྒྱུད་ལས་འཕོས་པའི་འགྱུར་ཁུགས་སྙན་པའི་དཔལ་ལས་ཡང་དག་པར་དྲངས་པའི་ཚིག་རྒྱན་ གྱི་ཕྲེང་བ་དག་གིས་མཆོད་པར་བརྗོད་པར་བྱ་བ་ཡང་། འཕགས་པ་བསྐལ་པ་བཟང་པོ་ལས། དེ་བཞིན་གཤེགས་པ་དུས་མཁྱེན་རྒྱལ་པོ་ནི། །སྙན་དངགས་མཁན་ཚེ་བདེ་གཤེགས་རྩ་མཆོག་ལ། །ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྟོད་ནས་ཀྱང་། །དང་ པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་འབྱུང་བ་ལྟར། འདིར་ཡུལ་མཆོག་ཏུ་གྱུར་པ་རྣམས་ཀྱིས་སྐུ་གསུང་ཐུགས་ཀྱི་གསང་བ་མི་ཟད་རྒྱན་གྱི་འཁོར་ལོའི་ཡོན་ཏན་གྱི་ཆ་ཤས་ལས་ཉེ་བར་དྲངས་པའི་མཆོད་པར་བརྗོད་པ་དང་། དངོས་པོ་ངེས་པར་བསྟན་པའི་ ཚིགས་སུ་བཅད་པ་བཅུ་ཕྲག་བཅུ་ལ་གསུམ་གྱིས་ཉེ་བར་ལྷགས་པ་སྔོན་དུ་འགྲོ་བས་ལམ་ཡངས་པོར་བྱས་ནས། སྐབས་སུ་འབབ་པའི་གླེང་བར་བྱ་བ་ཉིད་ནི་འདི་ལྟར་སློབ་དཔོན་དབྱིག་གཉེན་གྱིས། མདོ་དོན་ཆེ་བ་ཉིད་ཐོས་ནས། །ཉན་པ་དང་ནི་འཛིན་པ་ལ། །ཉན་པ་པོ་ནི་གུས་ 213-1-11b བྱེད་པས། །ཐོག་མར་དགོས་པ་བརྗོད་པར་བྱ། །ཞེས་གསུངས་པ་ལྟར། སྒྲོན་མའི་བསྐུལ་པའི་བསྐལ་པ་བཟང་པོའི་འཆི་བ་མེད་པའི་ལམ་དུ། གང་དག་བྱོན་པ་དང་འབྱོན་པར་འགྱུར་པའི་རྣམ་པ་ཐམས་ཅད་མཁྱེན་པའི་ཆོས་ཀྱི་སྣང་བྱེད་ཆེན་པོ་སྟོང་ཕྲག་གཅིག་གམ་ སྟོང་དང་ལྔ་འབྱུང་བར་ལུང་བསྟན་པ་ལས། བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་ཅིང་། ཞིང་བཟུང་བའི་ཚེ་ན་གང་དག་སྒར་མ་སྐྱོང་ལ་སོགས་པའི་བྲམ་ཟེའི་རིག་བྱེད་སློབ་པ་སྟོང་རྩ་བཞི་པོ་དག་ཀྱང་དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོའི་སྤྱན་སྔར་སེམས་བསྐྱེད་ཅིང་ཞིང་བཟུང་ཡང་། དེ་དག་གིས་སྤངས་པར་གྱུར་པའི་རྩོད་དུས་ཀྱི་སེམས་ཅན་རྣམས་ཚེ་ལོ་བརྒྱ་ཉི་ཤུ་པའི་བར་དུ་གྱུར་པ་ན། བདེ་བ་དང་། དབང་ཕྱུག་དང་། རིགས་དང་། གཟུགས་ཀྱི་དྲེགས་པས་མྱོས་ཤིང་སེར་སྣ་ཅན་དུ་གྱུར་ཏེ། ཚེ་དང་། ལས་དང་། སེམས་ཅན་དང་། ལྟ་བ་དང་། ཉོན་ མོངས་པ་སྟེ་སྙིགས་མ་ལྔའི་མུན་པར་གྱུར་པའི་སེམས་ཅན་འདོད་ཆགས་བདོ་བ། ཞེ་སྡང་བདོ་བ། གཏི་མུག་བདོ་བ། ང་རྒྱལ་བདོ་བ། སྡིག་པ་དང་ཕྲག་དོག་དང་སེར་སྣ་བདོ་བ། ཆོས་མ་ལགས་པར་འདོད་ཆགས་ཀྱིས་ཆགས་པ། ཆོས་མ་ལགས་པའི་ལོངས་སྤྱོད་ ཚོལ་བ། ལོག་པར་ལྟ་བ། ཕྱིན་ཅི་ལོག་ཏུ་མཐོང་བ། འཕགས་པའི་ནོར་བདུན་དང་བྲལ་བ། ཕར་མི་འཛིན་བ། མར་མི་འཛིན་པ། དགེ་སྦྱོང་དུ་མི་འཛིན་པ། བྲམ་ཟེར་མི་འཛིན་པ། བགྱི་བ་མ་ལགས་པ་བགྱི་བ། བསོད་ནམས་མ་ལགས་པ་བསྩགས་པ། འཇིག་ རྟེན་ཕ་རོལ་ལ་འཇིགས་པར་མི་ལྟ་བ། བསོད་ནམས་བགྱི་བའི་དངོས་པོ་གསུམ་པོ་དག་ལ་མི་བརྩོན་པ་ལ་སོགས་པ་ཞིང་མ་དག་པ་མི་མཇེད་ཞིང་གི་སེམས་ཅན་ཤིན་ཏུ་གདུལ་དཀའ་བ་རྣམས་ལ་ཐུགས་བརྩེས་ལྷག་པར་གཟིགས་སོ། །གཟིགས་ནས་ཀྱང་སྨོན་ལམ་གྱི་ཆུ་ གཏེར་ཆེན་པོ་ཤིན་ཏུ་ཟབ་ཅིང་གཏོང་དཔོག་པར་དཀའ་བ་ལྔ་བརྒྱ་བཏབ་སྟེ་བདེན་པའི་སྟོབས་བརྗོད་པས། དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོས་ལེགས་སོ་བཟླས་པས་བྱིན་གྱིས་བརླབས་པ་སྔོན་དུ་འགྲོ་བས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྩོན་འགྲུས་རྩོམ་པའི་ 213-1-12a དངོས་པོ་ཕུལ་དུ་བྱུང་བ་རྣམ་པ་བཞི་དང་ལྡན་ཞིང་། ལེ་ལོའི་དངོས་པོ་བཞི་ཡོངས་སུ་བོར་བའི་བྱང་ཆུབ་སེམས་དཔའ་ཆེན་པོ་པདྨ་དཀར་པོ་ལྟ་བུའོ་ཞེས་རྒྱ་ཆེར་བསྔགས་ཤིང་བསྐལ་པ་བཟང་པོའི་དེ་བཞིན་གཤེགས་པ་བཞི་པ་ཉིད་ དུ་ལུང་བསྟན་ཏེ། །གཞན་ཡང་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་མེ་ཏོག་ཟླ་བ་མདོག་མཛེས་དྲི་མ་མེད་པ་དག་སྐྱེས་སུ་སྩལ་བ་དང་། ལྷ་དང་མིའི་སྐྱེ་དགུ་མང་པོས་མངོན་པར་མཆོད་པ་ལ་སོགས་པའི་ངོ་མཚར་གཏམ་གྱི་ཕུང་པོ་གང་དེ་ལྷ་དང་མིའི་ འཇིག་རྟེན་གྱི་ཁམས་ན་སྙན་དངགས་སྨྲ་བའི་དབང་པོ་ཇི་སྙེད་པ་དེ་སྙེད་ཀྱིས་རྗོད་པར་བྱེད་པའི་གླིང་བུ་དམ་པ་བྱེ་བ་ཕྲག་བརྒྱས་བསྐལ་པ་ནས་བསྐལ་བའི་ཕྲེང་བར་བསྔགས་ཀྱང་མུར་ཐུག་པ་མེད་པའི་བདག་ཉིད་ཅན་གཅིག་པུ། བདག་ཅག་གི་སྟོན་པ་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་སངས་རྒྱས་དོན་ཐམས་ཅད་གྲུབ་པའི་ཉིན་མོར་བྱེད་པ་ཆེན་པོ། རིས་སུ་མ་ཆད་པའི་སེམས་ཅན་ཐམས་ཅད་ལ་སྨན་པའི་ཐུགས་རྗེ་ཆེན་པོའི་བཞིན་གྱི་དཀྱིལ་འཁོར་ཕྱོགས་ཐམས་ཅད་ནས་ཡོངས་སུ་རྫོགས་པའི་བདག་ཉིད་ཅན་ཏེ། འདི་ ལྟར་མི་མཇེད་ཀྱི་བདག་པོ་ཚངས་པ་དང་། དྲག་པོ་དང་། སྲེད་མེད་ཀྱི་བུ་དང་། མིག་སྟོང་ལྡན་པ་དང་། ནམ་མཁའ་ལྡིང་དང་། མི་འམ་ཅིའི་རྒྱལ་པོ་དང་། གདེངས་ཅན་དབང་པོ་དང་། ལྷ་མ་ཡིན་གྱི་རྒྱལ་པོ་ལ་སོགས་པ་འཇིག་རྟེན་པའི་གོ་སར་ཆེ་ཞིང་ཆེ་བར་རློམ་ པ་ཐམས་ཅད་ཀྱང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འོད་ཟེར་སྟོང་གི་དྲ་བས་མངོན་པར་དཀྲིགས་པ། ལྷ་དང་མི་ལས་ཁྱད་པར་འཕགས་པའི་རྒྱན་གྱི་རྣམ་པ་མང་པོས་ཉེ་བར་སྤུད་པའི་རལ་པའི་དོ་ཀེར་གྱི་རྩེ་མོ་དག་གིས་ལན་ཅིག་མིན་པར་ཡང་ནས་ཡང་དུ་བཏུང་པར་བྱས་པ། གང་གི་ཞབས་ སེན་རིན་པོ་ཆེ་པདྨ་རཱ་གའི་ཁ་དོག་གི་དཔལ་ལ་ལན་བརྒྱར་འཁུ་བའི་ལམ་ནས་ཉེ་བར་འཕོས་པའི་རྡུལ་གྱི་ཟེགས་མ་རེ་རེ་ཡང་། ཇི་སྲིད་ལེགས་བྱས་རྒྱ་མཚོའི་ཕ་རོལ་ཏུ་སོན་པར་མ་གྱུར་པ་དེ་སྲིད་དུ་ཐོབ་པར་དཀའ་བ་དེ་ཉིད་ཀྱིས། སྙིགས་མའི་དུས་ཀྱི་སེམས་ཅན་ལས་ 213-1-12b དང་ཉོན་མོངས་པའི་ཀུན་འབྱུང་གི་དབའ་རླབས་ཀྱི་ཤུགས་དྲག་པོ་རྒྱུན་མི་འཆད་པར་གཡོ་བས་རང་དབང་མེད་པར་བསྐྱོད་ཅིང་། བརྣག་པར་དཀའ་བའི་སྡུག་བསྔལ་གྱི་ཟུག་རྔུ་རྣམ་པ་གསུམ་མམ་བརྒྱད་ཀྱི་གདུང་བ་ཤིན་ཏུ་བཟོད་བརླག་མེད་པའི་ཆུ་སྲིན་ཆེན་པོས་ཡོངས་སུ་ གང་བའི་སྲིད་པའི་རྒྱ་མཚོ་ཆེན་པོ་མཐའ་མེད་པ་རྣམས་སུ་བྱིང་བ་དག་ལ་ཉེ་བར་གཟིགས་སོ། །གཟིགས་ནས་ཀྱང་དེ་ལས་ཐར་བར་བྱ་བའི་ཐབས་ཀྱི་སྒོ་མང་པོ་ཕྱོགས་དུ་མ་ནས་དབྱེ་བའི་ཕྱིར། དཔལ་གྱི་མགུར། དུང་གི་ཚེམས་བར་ནས་འཕྲུལ་གྱི་ལྗགས་བརྐྱངས་ཏེ། ཚངས་པའི་དབྱངས་ཡན་ལག་དྲུག་ཅུའི་གདངས་སུ་བསྒྱུར་ནས་ཆོས་ཀྱི་འཁོར་ལོ་མ་ལུས་པ་བསྐོར་ཏེ་དམ་པའི་ཆོས་ཀྱི་སྣང་བ་ཆེན་པོས་འཇིག་རྟེན་གྱི་ཁམས་ཀུན་དུ་སྣང་བར་བཀྱེ་བས། ཆུ་སྲིན་རྒྱལ་མཚན་ཐོགས་པ་སྡེ་དང་བཅས་པའི་སྟོབས་དང་འབྱོར་བ་མ་ལུས་པ་ སྟོངས་པར་བྱས། སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་ལིང་ཏོག་ནི་བསལ། མ་རྟོགས་པ་དང་ལོག་པར་རྟོགས་པ་དང་ཐེ་ཚོམ་གྱི་དྲ་བ་ནི་དྲལ། བདག་ཏུ་ལྟ་བའི་འཆིང་བ་དམ་པོ་ནི་བཀྲོལ། ལས་དང་ཉོན་མོངས་པའི་ཀུན་འབྱུང་གི་འབབ་ཆུ་དྲག་པོའི་རྒྱུན་ནི་ བཟློག །ང་རྒྱལ་གྱི་བྲག་རི་མཐོན་པོ་ནི་བསྙིལ། འདོད་ཆགས་ཀྱི་མེ་དཔུང་རབ་ཏུ་འབར་བ་ནི་བཅིལ། ཞེ་སྡང་གི་མཚོན་རྣོན་པོ་ནི་བརྟུལ། སྡུག་བསྔལ་རྣམ་པ་གསུམ་གྱི་དབའ་རླབས་ཀྱི་ལྕེ་ཞགས་དྲག་པོ་གནམ་དུ་འཕྱོ་བ་སྲིད་པའི་རྒྱ་མཚོ་ནི་ཟད་པའི་མཐའ་ཅན་དུ་ བྱས། མཐའ་ཡས་པའི་གདུལ་བྱ་སྣ་ཚོགས་པ་དག་རང་རང་གི་མོས་པ་དང་བག་ལ་ཉལ་དང་རྗེས་སུ་མཐུན་པར་ལེགས་པར་གསུངས་པའི་ཆོས་ཀྱི་ཕུང་པོའི་བགོ་སྐལ་ཟད་མི་ཤེས་པར་སྩལ་བའི་སྒོ་ནས། འཇིག་རྟེན་གསུམ་པོ་མཐའ་དག་བླ་ན་མེད་པའི་འབྱོར་བ་ཕུན་ སུམ་ཚོགས་པའི་ཁུར་གྱིས་ཡོངས་སུ་ལྕི་བར་མཛད་དོ། །གཞན་ཡང་སྟོན་པ་ཉིད་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྣམ་པར་འཕྲུལ་པའི་རྒྱལ་བའི་མྱུ་གུ་གྲངས་མེད་པ་དག་ཀྱང་བྱོན་ནས་ཁ་གཅིག་གིས་ནི་བཀའ་ལུང་འཐོར་བསྡུད་པ་དང་སླད་འབྱིན་པ་ལ་སོགས་པའི་ 213-1-13a སྒོ་ནས་ཡང་དག་པ་ཉིད་དུ་བསྡུས་སོ། །ལ་ལས་ནི་དགོངས་དོན་ཕྱིན་ཅི་མ་ལོག་པ་ཉིད་དུ་བཀྲལ་ལོ། །ལ་ལས་ནི་གཞན་ལ་རྒྱ་ཆེར་ཡང་དག་པ་ཉིད་དུ་བཤད་དོ། །ལ་ལས་ནི་ཚུལ་བཞིན་དུ་བསྒྲུབས་པ་ལ་སོགས་པའི་ཚུལ་གྱིས་ཆོས་ཤིན་ ཏུ་ངར་ཞིང་རྒྱས་པར་མཛད་པའི་རྣམ་པར་ཐར་པའི་འཕྲིན་ཡིག་དམ་པའི་ཟེགས་མ་ཕྲ་མོ་རེ་ཡང་མིག་གི་དབང་པོའི་ལོངས་སུ་སྤྱད་པར་བྱ་བའི་བགོ་སྐལ་དུ་ཐོབ་བའམ། ཐོས་པ་འཛིན་པའི་སྣོད་ཀྱི་བུ་ག་དག་ཏུ་ལྷུང་བར་གྱུར་པའམ། ཡིད་ཀྱི་རྩིག་ངོས་སྐྱོན་མེད་པ་གང་ དུ་རྗེས་སུ་སེམས་པའི་པིར་གྱི་རྩེ་མོས་འདྲི་བར་བྱེད་པ་གང་དག་གི་རྒྱུད་ལ་དད་པ་གསུམ་གྱི་ཆུ་གཏེར་རབ་ཏུ་འཕེལ་བར་འགྱུར་བའི་ཡོན་ཏན་དང་ཐུགས་རྗེར་ལྡན་པའི་མི་མཆོག་དམ་པ་དེ་དག་གི་བཀའ་དྲིན་རྗེས་སུ་དྲན་ཅིང་བྱས་པ་དྲིན་དུ་གཟོ་བའི་ཕྱིར་དང་། བློ་དང་ལྡན་ པའི་སྐྱེ་བོ་གཞན་དག་ལའང་འདྲི་བ་དང་། འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ལུང་ལེན་པ་དང་། ཁ་ཏོན་དུ་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། གཞན་དག་ལའང་རྒྱ་ཆེར་སྤེལ་བ་ལ་སོགས་པའི་སྒོ་ནས། རྟག་དུ་འབད་པར་བགྱི་ བའི་སྙིང་པོ་ལས་ཀྱང་ཆེས་སྙིང་པོར་གྱུར་པ་ནི་དམ་པའི་ཆོས་ཚུལ་རྣམ་པར་དག་པ་འདི་དག་གོ་ཞེས་རྗེས་སུ་གདམས་ཤིང་ངེས་པར་བྱ་བའི་ཆེད་དུ་ཐམས་ཅད་མཁྱེན་པ་ཆེན་པོ་ཉི་མའི་གཉེན་གྱི་བཀའ་ལུང་སྤྱི་དང་བྱེ་བྲག་གི་དགོངས་དོན་རྣམ་པར་འགྲེལ་བའི་བསྟན་བཅོས་གངས་ཅན་ པའི་སྐད་དུ་འགྱུར་རོ་འཚལ་གྱི་ཆོས་སྦྱིན་རྒྱུན་མི་འཆད་པའི་ངོ་མཚར་འཕྲུལ་གྱི་ཕྱི་མོ་རྫོགས་ལྡན་བསྐལ་པའི་བསོད་ནམས་ཀྱི་སྤྲིན་ཕུང་རྒྱས་པར་དཀྲིགས་པའི་ཚུལ་ལས་བརྩམས་པའི་གཏམ་ངོ་མཚར་ཆུ་གཏེར་འཕེལ་བའི་ཟླ་བ་གསར་པ་ཞེས་བྱ་བ་ འདི་འཆད་པ་ལ། བཀྲ་ཤིས་པའི་གྲངས་ཀྱིས་རྣམ་པར་ངེས་པར་བྱ་བ་སྟེ། དེའང་ཡིད་ཆེས་བསྐྱེད་པའི་ཆེད་དུ་བསྟན་པ་གང་ལས་བྱུང་བ། སྤྲོ་བ་བསྐྱེད་པའི་ཆེད་དུ་བསྟན་སྐྱོང་རྣམས་ཀྱིས་བྱ་བ་བྱས་པ། བཀྲལ་བྱ་ངེས་པའི་ཆེད་དུ་དམ་པའི་ཆོས་ཀྱི་རྣམ་པར་གཞག་ 213-1-13b པ། འགྲེལ་ཚུལ་ངེས་པའི་ཆེད་དུ་བསྟན་བཅོས་ཀུན་གྱི་རྣམ་པར་གཞག་པ། བསྟན་པ་གནས་པའི་ཆེད་དུ་དགོངས་འགྲེལ་པར་དུ་སྒྲུབ་པར་བསྐུལ་བ། བསྐུལ་བ་མི་ལྡོག་ཆེད་དུ་ཇི་ལྟར་པར་དུ་སྒྲུབ་པ། དགོས་དོན་རྟོགས་པར་སླ་ཕྱིར་ཆོས་ཀྱི་བཞུགས་བྱང་སྨོས་པ། བརྩམས་པ་དོན་ཡོད་ཆེད་དུ་དགེ་བ་བྱང་ཆུབ་ཏུ་བསྔོ་བའོ། །དང་པོ་ཡིད་ཆེས་བསྐྱེད་པའི་ཆེད་དུ་བསྟན་པ་གང་ལས་བྱུང་བ་བརྗོད་པ་ལ་གཉིས་ཏེ། སྟོན་པ་སངས་རྒྱས་ཇི་ལྟར་བྱོན་པ་དང་། ཆོས་ཀྱི་འཁོར་ལོ་ཇི་ལྟར་བསྐོར་བའོ། །དང་པོ་ལ་སྟོན་པ་གང་དུ་བྱོན་པའི་ཞིང་ དང་། དེར་ཇི་ལྟར་བྱོན་པ་དངོས་སོ། །དང་པོ་ལ་ཞིང་སྤྱིར་བཤད་པ་དང་། བྱེ་བྲག་ཏུ་མི་མཇེད་ཀྱི་ཞིང་ངོས་བཟུང་བའོ། །དང་པོ་ལ་ལོངས་སྤྱོད་རྫོགས་པའི་སྐུའི་ཞིང་དང་། སྤྲུལ་པའི་སྐུའི་ཞིང་གཉིས་ལས། དང་པོ་ལོངས་སྤྱོད་རྫོགས་པའི་སྐུའི་ཞིང་ནི་ངེས་པ་ བཞིའམ་ཕུན་སུམ་ཚོགས་པ་བཞི་དང་ལྡན་པ་གང་དུ་ཡོད་པའི་གནས་ཕུན་སུན་ཚོགས་པ་ཞིག་སྟེ། བཞི་ནི་སྟོན་པ་དང་། འཁོར་དང་། དུས་དང་། ཆོས་ཕུན་སུམ་ཚོགས་པའོ། །དེ་ལ་སྟོན་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུ་ མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱང་བཟང་པོ་བརྒྱད་ཅུས་སྤྲས་པའི་བདག་ཉིད་ཅན་དུ་གྱུར་པའོ། །འཁོར་ནི་བྱང་ཆུབ་སེམས་དཔའ་ས་བཅུ་པ་ཐོབ་པ་ཡན་ཆད་ཀྱི་ཡུལ་དུ་གྱུར་པ་སྟེ། ས་དང་པོ་ཐོབ་པ་ཡན་ཆད་ཀྱི་ཡུལ་དུ་གྱུར་པ་ལ་འདོད་པ་ནི་སྤྲུལ་པའི་སྐུ་ ཁྱད་པར་ཅན་ལ་ལོངས་སྤྱོད་རྫོགས་པའི་སྐུར་བཏགས་པར་དབུ་མ་པ་ཆོས་ཀྱི་བཤེས་གཉེན་གྱིས་བཤད་པ་ལྟར་ཤེས་པར་བྱའོ། །དུས་ནི་རྒྱུན་མི་འཆད་པར་གནས་པ་སྟེ། རྟག་པ་བརྟན་པ་མཆོག་ཏུ་ཡང་ཞེས་གསུངས་པ་ལྟ་བུའོ། །ཆོས་ནི་ཐེག་པ་ཆེན་པོའི་ཆོས་ ཟབ་པ་དང་རྒྱ་ཆེ་བའི་ལོངས་སྤྱོད་རྒྱུན་མི་འཆད་པར་འབྱུང་བ་སྟེ། དེ་ལ་སངས་རྒྱས་ཀྱི་ཆོས་མི་འགྱུར་བའི་འཁོར་ལོ་ཞེས་བྱའོ། །དེ་དག་ཞིབ་ཏུ་བཤད་པ་ནི་འདིར་སངས་རྒྱས་ཀྱི་ཞིང་གཙོ་བོར་འཆད་པའི་སྐབས་ཡིན་པས་རྒྱས་པར་མ་སྤྲོས་སོ། །དེ་ལྟ་བུའི་ངེས་པ་ 213-1-14a བཞིའམ་ཕུན་སུམ་ཚོགས་པ་བཞི་གང་ལ་ཡོད་པའི་གནས་དེ་ལ་སྟུག་པོ་བཀོད་པའམ་འོག་མིན་ཞེས་བྱ་ཞིང་། དེ་ནི་ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཀྱི་ཞིང་ཉིད་དོ། །སངས་རྒྱས་ཀྱི་ཞིང་དེ་ན་བདག་ཅག་གི་སྟོན་པ་འདི་ཉིད་བསྐལ་པ་དཔག་ཏུ་ མེད་པའི་དུས་ནས་མངོན་པར་རྫོགས་པར་སངས་རྒྱས་ཏེ་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་པའི་གནས་ཡིན་ནོ། །དེ་ལྟར་ཡང་སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་འཆི་བདག་བསླུ་བའི་རྟོག་པ་ལས། དཔལ་ལྡན་སྡུག་པོ་བགྲོད་པ་ཉིད་དུ་དོན་དམ་ཐུགས་ཆུད་ཅིང་། དགའ་ལྡན་སྐྱེ་བོའི་དོན་མཛད་ཕྱིར་ན་དམ་པ་ཏོག་དཀར་གྱུར། །དེ་ནས་འདིར་ནི་འགྲོ་བའི་དོན་དུ་ཤཱཀྱའི་ཏོག་གྱུར་གང་། །འཆི་བདག་ལས་རྒྱལ་སྒྱུ་མ་ཀུན་སྟོན་དེ་ནི་རྒྱལ་འགྱུར་ཅིག །ཅེས་དང་། ལངྐར་གཤེགས་པ་ལས། གཙང་མའི་རིགས་དག་སྤངས་པ་ཡི། །འོག་ མིན་ཞེས་བྱ་ཉམས་དགའ་བར། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་པ་རྣམས་ནི་འདིར་འཚང་རྒྱ། །ཞེས་སོ། །དེ་ལ་འོག་མིན་ཞེས་བྱ་བའི་དོན་ནི། དེ་ཉིད་འདུས་པའི་གླེང་གཞིར་བཅོམ་ལྡན་འདས་འོག་མིན་གྱི་ལྷའི་རྒྱལ་པོའི་གནས་ན་བཞུགས་ཏེ་ ཞེས་བྱ་བའི་འགྲེལ་པར། འོག་མིན་གྱི་ལྷ་ཞེས་བྱ་བ་ནི་ཐོག་མའི་ལྷ་སྟེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུ་བོ་སྟེ་ས་བཅུའི་བྱང་ཆུབ་སེམས་དཔའོ། །དེའི་གནས་ནི་ཐོག་མར་སངས་རྒྱས་པའི་གནས་སོ་ཞེས་སློབ་དཔོན་ཀུན་དགའ་སྙིང་པོས་བཤད་དོ། ། དེ་ལྟར་བཤད་པའི་འོག་མིན་དེ་ལ་ངོས་འཛིན་ཚུལ་མི་འདྲ་བ་འགའ་རེ་འབྱུང་སྟེ། བཀས་བཅད་བར་པར། འོག་མིན་ནི་གཙང་མའི་གནས་ཀྱི་ལོགས་ཤིག་ན་ཡོད་པར་བཤད་དེ། དེ་བཞིན་དུ་ཁ་ཅིག་གནས་གཙང་མའི་སྟེང་མ་ནི་འོག་མིན་ཞེས་བྱ་བ་ཡིན་ལ། དེ་དག་ སྤངས་པའི་སྟེང་ན་དབང་ཕྱུག་ཆེན་པོའི་གནས་གཞན་འོག་མིན་ཞེས་བྱ་བ་ཡོད་དོ་ཞེས་འོག་མིན་ཕལ་པའི་སྟེང་ན་ཡོད་པར་འདོད་དོ། །སློབ་དཔོན་བསོད་ནམས་རྩེ་མོ་ལ་སོགས་པ་མཁས་པ་ཕལ་ཆེ་བ་དག་ནི། དེ་ལྟར་བཞེད་པ་དེ་ནི་འཇིག་རྟེན་གྱི་ཁམས་ཆུང་ངུ་ཡང་ 213-1-14b ཡིན་ཞིང་ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཀྱི་ཞིང་མ་ཡིན་ཏེ། འཇིག་རྟེན་གྱི་ཁམས་དེ་དག་ནི་མི་རྟག་པ་ཡིན་པའི་ཕྱིར་རོ། །སྟུག་པོ་བཀོད་པ་ནི་མི་འཇིག་པ་ཡིན་ཏེ། རྡོ་རྗེ་རྩེ་མོ་ལས། འོག་མིན་སྟུག་པོ་ཉམས་དགའ་འདི། །སྟུག་པོའི་ཞིང་ཁམས་འཇིག་ མེད་པ། །དེ་ན་སངས་རྒྱས་རྣམས་ཀྱི་ཆོས། །རྫོགས་པར་ལོངས་སྤྱོད་ཚུལ་འདི་འབྱུང་། །ཞེས་ཇི་སྐད་བསྟན་པ་ལྟར་ཡིན་ནོ། །དེ་ལའང་སྟུག་པོའི་ཞིང་ཁམས་དེའི་ཁྱད་པར་ཅི་ལྟ་བུ་ཞིག་གོ་སྙམ་ན། སློབ་དཔོན་རྩེ་མོས། སངས་རྒྱས་ཕལ་པོ་ཆེའི་མདོ་དང་། དེ་ཉིད་ འདུས་པ་དང་། དབང་བསྐུར་བའི་རྒྱུད་ལ་སོགས་པའི་རྗེས་སུ་འབྲངས་ནས་ཐེག་པ་ཆེན་པོ་ཐུན་མོང་དང་ཐུན་མོང་མ་ཡིན་པ་སྒོ་བསྟུན་ནས་བཤད་པ་ནི། འདི་ལྟར་འཇིག་རྟེན་གྱི་ཁམས་མི་མཇེད་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་ནང་དུ་ཆུད་པ་ནི་གཞི་དང་སྙིང་པོ་མེ་ཏོག་ གི་རྒྱན་གྱིས་བརྒྱན་པ་ཞེས་བྱ་བ་ཡིན་ནོ། །དེ་ལྟ་བུ་བསམ་གྱིས་མི་ཁྱབ་པ་ནང་དུ་ཆུད་པ་ནི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཞེས་བྱ་བ་ཡིན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ནི་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཡེ་ཤེས་གང་ཆེན་མཚོའི་ཕྱག་གི་མཐིལ་གྱི་ སྙིང་པོ་ལ་གནས་སོ། །བཅོམ་ལྡན་འདས་དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་འཁོར་དང་བཅས་པ་གང་ན་བཞུགས་པའི་གནས་དེ་ནི་སྟུག་པོ་བཀོད་པའི་ཞིང་ཁམས་ཞེས་བྱ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུའི་ གནས་ཡིན་ནི་ཞེས་བཞེད་པ་ལྟར་རོ། །དེའང་བསམ་གྱིས་མི་ཁྱབ་པ་ཞེས་འབྱུང་བའི་དོན་དེ་ཉིད་འཇིག་རྟེན་གྱི་ཁམས་བགྲང་བའི་གྲངས་ཀྱིས་ངེས་པར་བྱ་བའི་ཕྱིར་ཅུང་ཟད་བཤད་ན། མངོན་པ་མཛོད་ལས། གླིང་བཞི་པ་དང་ཉི་ཟླ་དང་། །རི་རབ་དང་ནི་འདོད་ལྷ་ དང་། །ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟོང་ནི་སྤྱི་ཕུད་ཡིན་པར་འདོད། །དེ་སྟོང་ལ་ནི་སྟོང་གཉིས་པ། །བར་མའི་འཇིག་རྟེན་ཁམས་ཡིན་ནོ། །དེ་སྟོང་ལ་ནི་སྟོང་གསུམ་མོ། །མཉམ་དུ་འཇིག་ཅིང་འབྱུང་བ་ཡིན། །ཞེས་པ་ལྟར་རླུང་གི་དཀྱིལ་འཁོར་ནས་ཚངས་ 213-1-15a པའི་འཇིག་རྟེན་གྱི་བསམ་གཏན་དང་པོའི་བར་དང་། ཕྱི་རོལ་ཁོར་ཡུག་གི་ལྕགས་རིའི་མུ་ཁྱུད་ཀྱིས་ཡོངས་སུ་བསྐོར་བ་དང་བཅས་པ་ལ་ནི་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཞེས་བྱའོ། །དེ་ཉིད་གཅིག་ནས་བགྲངས་པའི་སྟོང་དུ་ལངས་པ་གང་ ཡིན་པ་དེ་ལ་ནི་སྟོང་ཆུང་ངུའི་འཇིག་རྟེན་གྱི་ཁམས་ཞེས་བྱ་སྟེ་མུ་ཁྱུད་གཅིག་གིས་ཡོངས་སུ་བསྐོར་བའོ། །སྟོང་ཆུང་ངུའི་འཇིག་རྟེན་གྱི་ཁམས་གཅིག་ནས་བགྲངས་པའི་སྟོང་དུ་ལངས་པ་གང་ཡིན་པ་དེ་ལ་ནི་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ཞེས་བྱ་སྟེ། མུ་ཁྱུད་གཅིག་གིས་ཡོངས་སུ་བསྐོར་བའོ། །དེ་ཡང་གཅིག་ནས་བགྲངས་པའི་སྟོང་དུ་ལངས་པ་གང་ཡིན་པ་དེ་ལ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་བྱ་སྟེ་མུ་ཁྱུད་གཅིག་གིས་ཡོངས་སུ་བསྐོར་བའོ། །དེ་ལྟ་བུའི་སྟོང་གསུམ་གྱི་སྟོང་ཆེན་པོའི་ འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་ལ་ནི་རབ་འབྱམས་ཀྱི་མཚམས་སྦྱོར་བ་གཅིག་གོ། །དེ་བྱེ་བ་ཕྲག་བརྒྱ་ལ་ནི་རབ་འབྱམས་ཀྱི་རྒྱུད་གཅིག་གོ། །དེ་བྱ་བ་ཕྲག་བརྒྱ་ལ་ནི་རབ་འབྱམས་ཀྱི་རྒྱུད་བར་མ་གཅིག་གོ། །དེ་བྱེ་བ་ཕྲག་བརྒྱ་ལ་ནི་མེ་ཏོག་གི་གཞིའི་སྙིང་པོའི་ རྒྱན་བཀོད་པ་གཅིག་གོ། །འདི་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེའི་རྣམ་པར་སྨིན་པའི་སངས་རྒྱས་ཀྱི་ཞིང་ངོ་། །དེའང་སངས་རྒྱས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་གང་ཆེན་མཚོའི་ཕྱག་གི་རྡུལ་ཕྲ་རབ་གཅིག་ལ་གནས་ཤིང་། དེ་ལྟ་བུའི་རྣམ་ པར་སྣང་མཛད་དེ་ནི་ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་ཅན་ནོ། །ཚུལ་འདི་དག་ནི་དབུ་མ་པ་ཆོས་ཀྱི་བཤེས་གཉེན་ལ་སོགས་པ་ཡོངས་སུ་གྲགས་པའི་མཁས་པ་རྣམས་ཀྱི་བཞེད་པ་མཐུན་པར་འབྱུང་ངོ་། །དེ་ལྟ་བུའི་སངས་རྒྱས་ཀྱི་ཞིང་དེ་ནི་བཅོམ་ལྡན་འདས་ རྣམ་པར་སྣང་མཛད་ཀྱིས་སྔོན་གྱི་དུས་སུ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། བསྐལ་བསམ་གྱིས་མི་ཁྱབ་ཅིང་བརྗོད་དུ་མེད་པ་རྣམས་སུ། འཇིག་རྟེན་གྱི་ཁམས་བསམ་གྱིས་མི་ཁྱབ་ཅིང་བརྗོད་དུ་མེད་པ་ཡོངས་སུ་དག་པར་བྱས་ཏེ། བསྐལ་པ་རེ་རེ་ལའང་ 213-1-15b དེ་བཞིན་གཤེགས་པ་བསམ་གྱིས་མི་ཁྱབ་ཅིང་བརྗོད་དུ་མེད་པའི་དྲུང་དུ། བྱང་ཆུབ་ཀྱི་སྤྱོད་པ་སྤྱད་པའི་སྨོན་ལམ་གྱིས་མི་ཁྱབ་པ་ཡོངས་སུ་སྦྱངས་པའི་སྟོབས་ལས་བྱུང་བ་སྟེ། སངས་རྒྱས་ཕལ་ཆེར་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོས། གཞི་རྒྱུན་ མེ་ཏོག་འཇིག་རྟེན་ཁམས་ཀྱི་རྒྱ་མཚོ་དེ། །རིན་ཆེན་ཀུན་གྱི་སྙིང་པོ་ཁ་དོག་སྣ་ཚོགས་ཏེ། །རྡུལ་རྣམས་ཀུན་དང་མཉམ་པའི་སྔན་ཅད་སངས་རྒྱས་ཀྱི། །དྲུང་དུ་སྔོན་ཚེ་རྒྱ་མཚོར་སྦྱངས་པ་དྲི་མེད་པས། །རྒྱ་ཆེན་སྙིང་རྗེའི་སྤྲིན་གྱིས་ཁམས་རྣམས་ཀུན་བཀང་ཞིང་། ། ཞིང་གི་རྡུལ་དང་མཉམ་པའི་ལུས་ཀྱང་ཀུན་བཏང་ནས། །སྔོན་གྱི་བསྐལ་པ་རྒྱ་མཚོར་སྤྱོད་པ་སྤྱད་པས་ན། །འཇིག་རྟེན་རྒྱ་མཚོའི་ཁམས་དེ་ཡངས་ཤིང་རྣམ་པར་དག །སངས་རྒྱས་རྣམ་པར་སྣང་བས་སྨོན་ལམ་ཆེ་མཛད་དེ། །འོད་སྣང་བཏང་བ་ནམ་མཁའི་ དཀྱིལ་ན་གནས་པ་ནི། །རླུང་གི་ཕུང་པོས་བཏབ་ཀྱང་མི་བསྐྱོད་མི་གཡོ་སྟེ། །ནོར་བུ་ཀུན་རྒྱན་སངས་རྒྱས་གཟུགས་བརྙན་སྙིང་པོའོ། །ཞེས་བྱ་བ་ལ་སོགས་པ་མང་དུ་འབྱུང་ངོ་། །དེ་ལྟ་བུའི་རྣམ་པར་སྣང་མཛད་གང་ཆེན་མཚོ་འཁོར་གྱི་བྱང་ཆུབ་སེམས་དཔའི་ཚོགས་ དང་བཅས་པ་བཞུགས་པའི་ཞིང་ཁམས་ཀྱི་ཡོན་ཏན་དང་ཚད་གཟུང་དུ་མེད་པ་ནི་འཕགས་པ་ཁོ་ནའི་ཡུལ་ལས་གཞན་དུ་མ་གྱུར་པ་སྟེ། ནམ་མཁའི་ཐམས་ཅད་ཆོས་ཀྱི་སྐུའི་ཞིང་ཡིན་ཞིང་། དེ་ཐམས་ཅད་ཀྱང་སངས་རྒྱས་ཀྱི་ཞིང་རྒྱ་མཚོ་དང་སངས་རྒྱས་ཀྱི་གཟུགས་ ཀྱི་སྐུ་རྒྱ་མཚོས་རྒྱས་པར་གཏམས་པའི་ཕྱིར་རོ། །གཉིས་པ་སྤྲུལ་པའི་སྐུའི་ཞིང་ནི་དེ་ལྟ་བུའི་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དེའི་ཞིང་ཁམས་ཀྱི་ནང་གི་དུམ་བུ་ཐམས་ཅད་དང་། དེ་བཞིན་གཤེགས་པ་དེའི་སྐུའི་བ་སྤུའི་ཁུང་བུ་རེ་རེ་ནའང་སྤྲུལ་པའི་སྐུའི་ སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་མང་པོ་ཡོད་ཅིང་། དེ་དག་ཀྱང་གནས་པ་ཐ་དད་པ་ནི་འཇིག་རྟེན་ཀྱི་ཁམས་རྒྱ་མཚོ་འབྱམས་སུ་ཀླས་པ། ལ་ལ་ནི་ནམ་མཁའ་དབྱིངས་ཀྱི་གནས་ལ་གནས་པ་དང་། ལ་ལ་ནི་རིན་པོ་ཆེའི་འོད་ཀྱི་རྒྱ་མཚོ་ལ་གནས་པ་དང་། ལ་ལ་ནི་སངས་ 213-1-16a རྒྱལ་ཐམས་ཅད་ཀྱི་འོད་ཀྱི་དཀྱིལ་འཁོར་རྒྱ་མཚོ་ལ་གནས་པ་ལ་སོགས་པ་གནས་པ་རྣམ་པ་སྣ་ཚོགས་པ་དག་ཡོད་དེ། སངས་རྒྱས་ཕལ་པོ་ཆེར་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས། ཞིང་རྣམས་རྒྱ་མཚོ་ལ་ལ་དྲི་མེད་འོད་ཅན་ནམ་མཁའི་ དབྱིངས་ལ་གནས། །སྣང་བའི་སྙིང་པོ་འོད་ཅན་ནོར་བུའི་རྒྱ་མཚོ་དག་ལ་ལེགས་པར་གནས། །ཞེས་བྱ་བ་ལ་ལོགས་པས་བསྟན་ཏོ། །དེ་བཞིན་དུ་དབྱིབས་ཀྱི་རྣམ་པའང་སྣ་ཚོགས་པ་དག་ཏུ་ཡོད་དེ། ཇི་སྐད་དུ། དབྱིབས་ཀྱིས་རྣམ་པར་ཕྱེ་བ་སྣ་ཚོགས་ཏེ། །ཕྱོགས་ རྣམས་ཀུན་ནས་ཞིང་རྣམས་རྒྱ་མཚོ་སྣང་། །ལ་ལ་ཟླུམ་པོ་ལ་ལ་ཟུར་གསུམ་སྟེ། །དེ་དག་ལ་ལ་ཕྱོགས་ནང་གྲུ་བཞིར་གནས། །ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ཀྱི་ལྷུན་དག་ཀྱང་གཞན་དང་གཞན་དུ་ཡོད་དེ། ཇི་སྐད་དུ། ཞིང་ གི་རྒྱ་མཚོ་རྣམས་ལ་ནི། །རིན་ཆེན་རང་བཞིན་ཀུན་ནས་གནས། །རྡོ་རྗེ་བཞིན་དུ་མི་ཤིགས་སྲ། །རིན་ཆེན་པདྨོ་རྣམས་ལ་གནས། །ལ་ལ་འོད་ཟེར་རང་བཞིན་ཏེ། །དག་ཅིང་གཟུང་མེད་འོད་ཟེར་འབྱུང་། །ཞེས་བྱ་བ་ལ་སོགས་པས་བསྟན་པ་དང་། །གཞན་ཡང་ བྱང་ཆུབ་སེམས་དཔའ་རྣམས་ཀྱི་མོས་པ་དང་། ལས་དང་། སྨོན་ལམ་རྣམ་པ་སྣ་ཚོགས་པའི་སྟོབས་ཀྱིས་རྒྱན་ཡང་དེ་བཞིན་དུ་ཤེས་པར་བྱ་སྟེ། ཇི་སྐད་དུ། ཞིང་རྣམས་རྒྱ་མཚོ་རྒྱ་ཆེ་མཐའ་ཡས་ཏེ། །རྣམ་དག་ལས་ཀྱིས་རྣམ་པ་སྣ་ཚོགས་གནས། །ཕྱོགས་ བཞི་ཞིང་རྣམས་རྒྱ་མཚོ་རྣམས་ཀུན་ཀྱང་། །སྣ་ཚོགས་རྒྱན་ཅན་ཡངས་པར་ཀུན་ནས་གནས། །ཁ་དོག་སྣ་ཚོགས་ཡངས་པའི་ཞིང་གི་རྣམས། །རྒྱ་མཚོ་རྟག་པར་ཕྱོགས་རྣམས་ཀུན་དུ་འབྱུང་། །རྒྱན་དང་རིན་ཆེན་འོད་འཕྲོ་སྣ་ཚོགས་སྤྲིན། །སྒྲ་འབྱིན་ཞིང་ གི་དབྱིངས་རྣམས་ཁེབས་པར་བྱེད། །ཅེས་བྱ་བ་སོགས་པས་བསྟན་ཏོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་འབྱམས་སུ་ཀླས་པ་དེ་དག་དུ་སངས་རྒྱས་འབྱུང་བའི་ཚུལ་ཡང་སེམས་ཅན་གྱི་མོས་པའི་བྱེ་བྲག་ལྟར་རམ་བསམ་གྱིས་མི་ཁྱབ་པ་ཉིད་དེ། ལ་ལ་ནི་ཆོས་ཀྱི་ 213-1-16b དབྱིངས་ཐམས་ཅན་གཟུགས་ཀྱི་སྐུས་གང་བར་སྟོན་པ་དང་། ལ་ལ་ནི་སྐུ་ཚེ་རིང་པོར་སྟོན་པ་དང་། ལ་ལ་ནི་ཐུང་ངུར་སྟོན་པ་དང་། ལ་ལས་ནི་ཞིང་མང་པོ་སྦྱངས་པ་དང་། ལ་ལས་ནི་ཞིང་ཉུང་ངུ་སྦྱངས་པ་དང་། ལ་ལས་ནི་ཐེག་པ་ཡང་མང་པོར་སྟོན་པ་དང་། ལ་ལས་ནི་ཐེག་ པ་གཅིག་ཏུ་སྟོན་པ་དང་། ལ་ལས་ནི་སེམས་ཅན་ཧ་ཅང་མི་མང་བ་འདུལ་བ་དང་། ལ་ལས་ནི་སྐད་ཅིག་གཅིག་ལའང་མཐའ་ཡས་པ་འདུལ་བར་སྟོན་པ་ལ་སོགས་པ་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཕྲ་བ་སྙེད་དུ་ཤེས་པར་བྱ་དགོས་ཀྱི་བྱིས་པ་སོ་སོ་སྐྱེ་བོའི་བློ་ལས་རིང་དུ་འདས་ པའི་ཕྱིར་མཐའ་གཅིག་དུ་ཞེན་པར་འགྱིར་མི་བཏུབ་པ་ཉིད་དེ། ཇི་སྐད་དུ་། སངས་རྒྱས་ཆོས་སྐུ་བསམ་གྱིས་མི་ཁྱབ་སྟེ། །མིག་ཡོར་མ་ཡིན་མཚན་ཉིད་མེད་པའི་གཟུགས། །གཟུགས་ཀྱི་ཁྱད་པར་འགྲོ་བ་འདི་དག་ཏུ། །སེམས་ཅན་བསམ་པའི་ཕྱོགས་བཞིན་སྟོན་ ལ་ལྟོས། །སྐུ་ཚེ་ཐུང་བར་ལ་ལ་རྣམ་པར་སྟོན། །ལ་ལ་བསྐལ་པ་བསམ་ཡས་བྱིན་གྱིས་རློབ། །ཆོས་ཀྱི་སྐུ་ནི་ཕྱོགས་རྣམས་ཀུན་གྱི་སྒོ། །རབ་ཏུ་མཛེས་པར་འགྲོ་བ་འདི་ན་བཞུགས། །ལ་ལས་ཞིང་རྣམས་རྒྱ་མཚོ་བསམ་ཡས་དག །སྦྱངས་ཤིང་འབྱམས་ ཀླས་ཕྱོགས་བཅུ་ཀུན་ན་ཡང་། །ལ་ལས་ཞིང་གཅིག་རྣམ་པར་སྦྱང་བ་མཛད། །སྨོན་ལམ་མ་ལུས་ཀུན་ཀྱང་ཚུལ་གཅིག་གོ། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་འབྱུང་ངོ་། །དོན་དེ་དག་ལ་དགོངས་ནས་སློབ་དཔོན་ཆེན་པོ་བསོད་ནམས་རྩེ་མོས། བློ་གྲོས་ཀྱི་རིམ་ པས་ཁ་ཅིག་ལ་ནི་ཛམྦུ་གླིང་དུ་སངས་རྒྱས་པར་སྣང་ངོ་། །ཁ་ཅིག་ལ་ནི་གནས་གཙང་མའི་འོག་ཏུ་སངས་རྒྱས་ནས་མཛད་པ་དག་མཛད་དོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཁ་ཅིག་ལ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གླིང་བཞི་ བྱེ་བ་ཕྲག་བརྒྱར་སངས་རྒྱས་པར་མངོན་ནོ། །ཁ་ཅིག་ལ་ནི་གཞི་དང་སྙིང་པོ་མེ་ཏོག་གི་རྒྱན་གྱིས་བརྒྱན་པའི་འཇིག་རྟན་གྱི་ཁམས་མཐའ་དག་པ་ཡང་སངས་རྒྱས་ཀྱི་ཞིང་གཅིག་ཏུ་སྟོན་པར་མཛད་ཅེས་གསུངས་སོ། །དེ་དག་ཀྱང་དོན་དམ་པར་ན་འཕགས་པ་ 213-1-17a རྣམས་ཀྱི་ཡུལ་དུ་སངས་རྒྱས་རྣམས་ནི་གཅིག་ཀྱང་མ་ཡིན་ལ་མང་པོ་ཡང་མ་ཡིན་པ་དང་། གཅིག་དང་ཐ་དད་པ་གང་དུ་ཡང་མ་གྲུབ་པ་ཉིད་དེ། རྒྱན་ལས། ཟག་མེད་དབྱིངས་ན་སངས་རྒྱས་རྣམས། །མཁའ་ལྟར་ལུས་ནི་མེད་ཕྱིར་ དང་། །སྔོན་གྱི་ལུས་རྗེས་འབྲངས་པའི་ཕྱིར། །གཅིག་མིན་མང་པོ་ཉིད་མ་ཡིན། །ཞེས་དང་། ཐ་དད་རིགས་དོན་མེད་ཕྱིར་དང་། །རྫོགས་དང་ཐ་མ་མེད་པའི་ཕྱིར། །སངས་རྒྱས་གཅིག་མིན་དྲི་མེད་གནས། །ཐ་དད་མིན་ཕྱིར་མང་པོའང་མིན། ། ཞེས་སོ། །གཉིས་པ་བྱེ་བྲག་ཏུ་མི་མཇེད་ཀྱི་ཞིང་ངོས་བཟུང་བ་ལ། དངོས་དང་། ཛམྦུའི་གླིང་བཀར་ཏེ་བཤད་པའོ། །དང་པ་ལ་མི་མཇེད་ཀྱི་ཞིང་འདི་གང་དུ་གནས་པ་ངོས་བཟུང་བ་ནི། ཇི་སྐད་བཤད་པའི་རྣམ་པར་སྣང་མཛད་གང་ཆེན་མཚོའི་ཕྱག་གི་མཐིལ་གྱི་ རྡུལ་ཕྲ་རབ་ལ་གནས་པའི་གཞི་དང་སྙིང་པོ་མེ་ཏོག་གི་རྒྱན་གྱིས་བརྒྱན་པའི་ཞིང་དེའི་ཁོར་ཡུག་ཆེན་པོའི་ནང་ན་སྤོས་ཆུའི་རྒྱ་མཚོ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་རྒྱ་མཚོའི་རྡུལ་སྙེད་ཀྱི་དབུས་སུ། སྤོས་ཆུའི་རྒྱ་མཚོ་དབུས་མའི་ཟེ་བ་ཡིད་དུ་འོང་ཞིང་འོད་མཐའ་ ཡས་པ་གནས་པོའི་ནོར་བུའི་རྒྱལ་པོ་པདྨོ་ཆེན་པོ་བཞིའི་གཞི་ལ་བརྟེན་པའི་འཇིག་རྟེན་ཀྱི་ཁམས་ཀྱི་རྒྱུད་ཉི་ཤུ་བརྩེགས་མ་ཉིད་དུ་ཡོད་དོ། །དེ་དག་ཀྱང་ཕྲེང་བ་བསྡུས་པ་ལྟ་བུར་གཅིག་ནས་གཅིག་ཏུ་བརྒྱུད་མར་མ་ཡིན་པར་བར་སྐབས་རྣམས་སུའང་འཇིག་རྟེན་ གྱི་ཁམས་བགྲང་བ་ལས་འདས་པ་དག་གིས་བར་ཆད་པར་བྱས་པ་དང་བཅས་ཏེ་གནས་སོ། །དེ་དག་ལས་ཐམས་ཅད་ཀྱི་འོག་མ་ནི། དཔལ་འབྱུང་བའི་འོད་ཟེར་རྣམ་པར་སྣང་བ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་ཚུལ་རྣམ་པར་དག་ཅིང་དྲི་མ་མེད་པའི་ མར་མེ་ཞེས་བྱ་བ་བཞུགས་སོ། །དེའི་སྟེང་འཇིག་རྟེན་གྱི་ཁམས་སྤོས་སྣ་ཚོགས་ཀྱི་པདྨོ་དཔལ་གྱི་རྒྱན་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་སེང་གེའི་འོད་ཟེར་མཆོག་གི་འོད་ཅེས་བྱ་བ་བཞུགས་སོ། །དེའི་སྟེང་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་ཐམས་ཅད་ཀྱི་རྒྱན་ 213-1-17b ཀུན་ཏུ་སྣང་བ་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་འོད་དྲི་མ་མེད་པའི་ཡེ་ཤེས་ཀྱི་དཔལ་ཞེས་བྱ་བ་བཞུགས་སོ། །དེའི་སྟེང་འཇིག་རྟེན་གྱི་ཁམས་འོད་ཟེར་སྣ་ཚོགས་ཡིད་དུ་འོང་བ་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་རྡོ་རྗེའི་འོད་ཟེར་སྟོབས་དང་བརྩོན་འགྲུས་ མཐའ་ཡས་པ་ཡང་དག་པར་འབྱུང་བ་ཞེས་བྱ་བ་བཞུགས་སོ། །དེའི་སྟེང་འཇིག་རྟེན་གྱི་ཁམས་འོད་ཤིན་ཏུ་བཀྱེ་བའི་མེ་ཏོག་སིལ་མའི་འཁོར་ལོ་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་སྤོས་ཀྱི་འོད་ཟེར་དགའ་བའི་སྟོབས་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ། །དེའི་སྟེང་ འཇིག་རྟེན་གྱི་ཁམས་དགེ་བ་སྣ་ཚོགས་ཀྱི་རྣམ་པ་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་ཀུན་དུ་སྣང་བའི་འོད་ཀྱི་དབང་པོའི་དཔལ་ཞེས་བྱ་བ་བཞུགས་སོ། །དེའི་སྟེང་འཇིག་རྟེན་གྱི་ཁམས་རྒྱན་གྱི་འོད་ཟེར་མེ་ཏོག་ཤིན་ཏུ་རྒྱས་པའི་དཀྱིལ་འཁོར་ཞེས་བྱ་བ་ན་དེ་བཞིན་གཤེགས་ པ་དགའ་བ་རྒྱ་མཚོའི་ཤུགས་དང་། ཡོན་ཏན་གྲགས་པའི་དབང་ཕྱུག་འོད་ཟེར་ཞེས་བྱ་བ་བཞུགས་སོ། །དེའི་སྟེང་འཇིག་རྟེན་གྱི་ཁམས་ཡང་དག་པར་འབྱུང་བའི་གཟི་བརྗིད་ཅེས་བྱ་བ་ན་དེ་བཞིན་གཤེགས་པ་གྲགས་པ་ཆེན་པོའི་ཡེ་ཤེས་རྒྱ་མཚོའི་རྒྱལ་མཚན་ ཞེས་བྱ་བ་བཞུགས་སོ། །དེའི་སྟེང་འཇིག་རྟེན་གྱི་ཁམས་སྒྲ་དབྱངས་རབ་ཏུ་སྒྲོག་པ་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་མཚན་གྱི་གཟི་བརྗིད་ཐུབ་པ་མེད་པའི་ཟླ་བ་ཞེས་བྱ་བ་བཞུགས་སོ། །དེའི་སྟེང་འཇིག་རྟེན་གྱི་ཁམས་རྡོ་རྗེའི་རྒྱལ་མཚན་ཞེས་བྱ་བ་ན་དེ་ བཞིན་གཤེགས་པ་ཆོས་རྒྱ་མཚོ་ཐམས་ཅད་ཀྱིས་ཤིན་ཏུ་འཕགས་པའི་རྒྱལ་པོ་ཞེས་བྱ་བ་བཞུགས་སོ། །དེའི་སྟེང་འཇིག་རྟེན་གྱི་ཁམས་མདོག་རྣམ་པར་སྣང་བ་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་རྒྱལ་བའི་ཡོན་ཏན་ཆོས་ཉིད་ཚད་མེད་པ་ཞེས་བྱ་བ་བཞུགས་ སོ། །དེའི་སྟེང་འཇིག་རྟེན་གྱི་ཁམས་སྣང་བའི་མདོག་ཅེས་བྱ་བ་ན་དེ་བཞིན་གཤེགས་པ་ཚངས་པའི་དབང་པོའི་དཔལ་ཞེས་བྱ་བ་བཞུགས་སོ། །དེའི་སྟེང་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ 213-1-18a ཅེས་བྱ་བ་འདི་བཞུགས་སོ། །སངས་རྒྱས་ཀྱི་ཞིང་འདིའི་སྟེང་འཇིག་རྟེན་གྱི་ཁམས་མཉམ་ལ་རྡུལ་མེད་པའི་འོད་ཅེས་བྱ་བ་ན་དེ་བཞིན་གཤེགས་པ་ཆོས་ཀྱི་དབྱིངས་ཤིན་ཏུ་འཕགས་པའི་དཔལ་ཞེས་བྱ་བ་བཞུགས་སོ། །དེའི་སྟེང་འཇིག་རྟེན་གྱི་ཁམས་ འོད་སྣ་ཚོགས་ཡིད་དུ་འོང་བའི་མར་མེ་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་སྟོབས་ལ་ཐུབ་པ་མེད་པས་ཀུན་དུ་སྣང་བའི་དཔལ་ཞེས་བྱ་བ་བཞུགས་སོ། །དེའི་སྟེང་འཇིག་རྟེན་གྱི་ཁམས་འོད་འཕྲོ་སྣང་བ་དྲི་མ་མེད་པ་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་ཡོན་ཏན་གྱི་ཉི་མ་དྲི་མ་ མེད་པའི་སྤྱན་ཞེས་བྱ་བ་བཞུགས་སོ། །དེའི་སྟེང་འཇིག་རྟེན་གྱི་ཁམས་རིན་པོ་ཆེའི་འབྱུང་གནས་ཀྱིས་རབ་ཏུ་བརྒྱན་པའི་སྙིང་པོ་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་ཆགས་པ་མེད་པའི་ཡེ་ཤེས་ཕྱོགས་ཀུན་ཏུ་རྣམ་པར་སྣང་བའི་འོད་ཅེས་བྱ་བ་བཞུགས་སོ། །དེའི་སྟེང་ འཇིག་རྟེན་གྱི་ཁམས་རྡུལ་དང་བྲལ་བ་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་དཔལ་ཚད་མེད་པའི་ཚུལ་དཔལ་གྱི་རྒྱལ་མཚན་ཞེས་བྱ་བ་བཞུགས་སོ། །དེའི་སྟེང་འཇིག་རྟེན་གྱི་ཁམས་ཕྱོགས་ཡོངས་སུ་དག་ཅིང་སྣང་བ་ན་ཞེས་བྱ་བ་དེ་བཞིན་གཤེགས་པ་ཆོས་ཀྱི་དབྱིངས་དང་ ནམ་མཁའ་ཀུན་དུ་སྣང་བའི་འོད་ཅེས་བྱ་བ་བཞུགས་སོ། །དེའི་སྟེང་འཇིག་རྟེན་གྱི་ཁམས་རིན་པོ་ཆེའི་འོད་འཕྲོ་འཁྱིལ་པའི་དཔལ་ཡང་དག་པར་འབྱུང་བ་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་མཚན་བསོད་ནམས་ཀྱི་སྤྲིན་གྱིས་ཤིན་ཏུ་འཕགས་པའི་གཟི་བརྗིད་ཅེས་བྱ་བ་ བཞུགས་ཏེ་ཆོས་སྟོན་པའི་ཞིང་དུ་བསྟན་པའི་བར་གྱིས་རྒྱས་པར་བསྟན་ཏོ། །དེ་ལས་བཅུ་གསུམ་པ་མི་མཇེད་ཅེས་བྱ་བ་ནི་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་འདི་ཉིད་ཡིན་ཏེ། འདི་ནི་སངས་རྒྱས་ཀྱི་ཞིང་བཅུ་གསུམ་གྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་བསྐོར་བ། རྡོ་རྗེའི་གཞིའི་ས་མཚམས་དང་ལྡན་པ། རླུང་གི་དཀྱིལ་འཁོར་ཁ་དོག་སྣ་ཚོགས་པ་ཅན་གྱིས་བཟུང་བ། པདྨོའི་དྲ་བ་ལ་རབ་ཏུ་གནས་སོ། །མི་མཇེད་ཀྱི་ཞིང་དེ་ནའང་སྟོན་པ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་འདི་བཞུགས་སོ་ཞེས་མདོ་ལས་འབྱུར་སྟེ། དེའང་ 213-1-18b སློབ་དཔོན་བསོད་ནམས་རྩེ་མོས། དེས་ན་བློ་རྒྱ་ཆེ་ཆུང་གི་དབྱེ་བས་སྣ་ཚོགས་སུ་སྣང་བ་ནི་སྤྲུལ་པའི་སངས་རྒྱས་ཀྱི་གནས་སོ་ཞེས་གསུངས་པ་བཞིན་དུ་རྣམ་པར་སྣང་མཛད་འདི་ཡང་སྤྲུལ་པའི་སྐུའི་སངས་རྒྱས་ཡིན་པར་གསལ་ལོ། །དེ་ལྟ་བུའི་ཞིང་དེ་ལ་མི་མཇེད་ཅེས་ བྱ་བར་གྲགས་སོ། །ཅིའི་ཕྱིར་དེ་སྐད་དུ་གྲགས་ཤེ་ན། མི་མཇེད་ཅེས་བྱ་བ་ནི་བཟོད་པའམ་སྲན་ཐུབ་པའི་མིང་ཡིན་ཏེ། ཞིང་དེའི་སེམས་ཅན་རྣམས་ནི་ཉོན་མོངས་པ་དུག་གསུམ་ལ་མི་མཇེད་པའི་ཕྱིར། མི་མཇེད་ཅེས་བྱ་བའི་དོན་དུ་སྙིང་རྗེ་ཆེན་པོ་པདྨ་དཀར་པོའི་མདོ་ལས་ བཤད་དོ། །ཡང་ན་ཞིང་དེ་ན་ཡོད་པའི་བྱང་ཆུབ་སེམས་དཔའ་བཟོད་པ་བརྟན་པོ་ལ་རབ་ཏུ་གནས་པ་རྣམས་ཀྱི་ཡོན་ཏན་གྱི་ཁྱད་པར་ལས་ཏེ། ཞིང་དེ་དག་གི་སེམས་ཅན་མི་སྲུན་པ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་ལ་ཀུན་ནས་སྤྱོས་པ་དང་བསྡིགས་པའི་ལས་ཀྱིས་རྣམ་ པར་གཙེ་བར་བྱས་ཀྱང་ཇི་མི་སྙམ་པར་མི་མཇེད་པའི་ཕྱིར་དེ་སྐད་ཅེས་བྱ་བའི་དོན་དུ་ཡང་བཤད་དེ། འཇམ་དཔལ་གྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ལས། རིགས་ཀྱི་བུ་སངས་རྒྱས་ཀྱི་ཞིང་དེ་ན་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་བྱང་ཆུབ་སེམས་དཔའི་ཐོག་ པ་པ། སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ། དགེ་བའི་རྩ་བ་རྣམས་བསྐྱེད་པ། སངས་རྒྱས་བརྒྱ་སྟོང་མང་པོ་ལ་བསྙེན་བཀུར་བྱས་པ། བཟོད་པ་དང་། དུལ་བ་དང་། དེས་པ་དང་ལྡན་པ་དག་ཡོད་དེ། དེ་དག་ནི་སེམས་ཅན་ཐམས་ཅད་ཀྱིས་སྤྱོས། བསྡིགས། མཚོན་གྱིས་ བཏབ་ཀྱང་ཇི་སྙམ་མི་མཇེད་དེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམས་ཀྱིས་མི་འཕྲོགས་སོ། །རིགས་ཀྱི་བུ་སྐྱེས་བུ་དམ་པ་དེ་དག་གི་མིང་གིས་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བརྗོད་དོ་ཞེས་བསྟན་ཏོ། །དེ་ལྟ་བུའི་འཇིག་རྟེན་གྱི་ཁམས་མི་མཇེད་དེ་བསྐལ་ པ་བཟང་པོ་ཞེས་བྱ་བར་ཡང་གྲགས་ཏེ། དེ་ཅིའི་ཕྱིར་ཞེ་ན། བསྐལ་བ་འདི་དང་པོ་ཆགས་པའི་དུས་སུ་རྒྱ་མཚོའི་ནང་ནས་གསེར་གྱི་པདྨ་སྟོང་ཕྲག་གཅིག་ཤར་བ། གནས་གཙང་མའི་ལྷ་རྣམས་ཀྱིས་བརྟགས་པས་བསྐལ་བ་འདི་ལ་འདྲེན་པ་སྟོང་འབྱོན་པའི་ལྟས་སུ་ཤེས་ནས། ཨེ་ 213-1-19a མ་བསྐལ་བ་འདི་ནི་བསྐལ་བ་བཟང་པོའོ་ཞེས་ཆེད་དུ་བརྗོད་པས་དེ་སྐད་དུ་གྲགས་པའི་དོན་ཡང་སྙིང་རྗེ་ཆེན་པ་པདྨ་དཀར་པོ་ལས་བཤད་དོ། །དེ་ལྟ་བུའི་འཇིག་རྟེན་གི་ཁམས་དེ་ལ་སྟོང་གསུམ་ཀྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བགྲང་བའི་ཚུལ་སྔ་མ་ལྟར་ཤེས་ པར་བྱ་ཞིང་། དེ་ལ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་འདི་ཇི་ལྟར་གནས་པའི་ཚུལ་རྣམས་ཐེག་པ་ཐུན་མོང་བའི་ལུགས་སུ་གྲགས་པའི་གཏམ་ལས་བརྩམས་ཏེ་མདོ་ཙམ་བརྗོད་པར་བྱའོ། །དེའང་སྣོད་དང་བཅུད་ཀྱི་འཇིག་རྟེན་མངོན་པར་འགྲུབ་པའི་རྐྱེན་ནི། དེར་སྐྱེ་བར་འགྱུར་བའི་སེམས་ཅན་ རྣམས་ཀྱི་ལས་མཐུན་པར་བསགས་པའི་མཐུ་ཉིད་ཀྱིས་སོ། །མངོན་པར་འགྲུབ་པའི་ཚུལ་དང་ཚད་ཀྱི་ངེས་པ་རྣམས་ནི་གཞན་དུ་ཤེས་པར་བྱ་བ་ལས་འདིར་མ་སྤྲོས་སོ། །ཅིའི་ཕྱིར་མ་སྤྲོས་ཤེ་ན། གོང་དུ་ཇི་སྐད་བཤད་རྣམས་དང་། འོག་ཏུ་འཆད་པར་འགྱུར་པ་ཐམས་ཅད་དང་འགྲོས་མཚུངས་སུ་ བཏང་བ་ལས། འདིར་ཧ་ཅང་བཤད་པ་ལྷག་པ་གློ་བུར་བ་ཉིད་དུ་མི་འགྱུར་བར་བྱ་བའི་ཕྱིར་རོ། །ཇི་ལྟར་གནས་པའི་ཚུལ་ནི་འཇིག་རྟེན་གྱི་ཁམས་འདི་འདེགས་པར་བྱེད་པའི་འོག་གཞི་ནི་འཇམ་པ་ཞེས་བྱ་བའི་རླུང་གི་དཀྱིལ་འཁོར་ཁ་དོག་སྔོ་སྐྱར་ཡོད་པ། ཚན་པོ་ཆེའི་རྡོ་རྗེས་ཀྱང་གཞིག་པར་མི་ནུས་ པ་ཤིན་ཏུ་འཐས་པ་ཉིད་དུ་གནས་ཏེ། འདི་ནི་འཇིག་རྟེན་གྱི་ཁམས་མི་མཇེད་ལྟ་བུ་ཞིག་རྟོན་པར་བྱེད་པའི་གཞི་ཡིན་ནོ། །དེའི་སྟེང་ཏུ་འོག་གི་རྒྱ་མཚོ་ཞེས་བྱ་བ་ཆུའི་ཕུང་པོ་ཆེན་པོར་གྱུར་པ་རླུང་གི་དཀྱིལ་འཁོར་དེ་ལ་བརྟེན་ཏེ་གནས་སོ། །དེའང་སློབ་དཔོན་དབྱིག་གཉེན་གྱིས། ཇི་ལྟར་ན་ཆུ་དེ་ དག་ཐད་ཀར་མི་འབོ་བ་ནི་ཁ་ཅིག་ན་རེ་སེམས་ཅན་རྣམས་ཀྱི་ལས་ཀི་དབང་གིས་ཏེ། དཔེར་ན་བཟའ་བ་དང་བཏུང་པ་ཟོས་པ་དང་འཐུང་བ་མ་ཞུ་བ་ལོང་ཀར་མི་ལྟུང་བཞིན་ནོ་ཞེས་ཟེར་རོ། །སྡེ་པ་གཞན་དག་ན་རེ་སྦྱང་གི་ཚུལ་དུ་རླུང་གྱིས་འཛིན་ཏོ་ཞེས་ཟེར་རོ་ཞེས་གསུངས་སོ། །ཆུའི་དཀྱིལ་འཁོར་གྱི་ སྟེང་དུ་ཡང་གསེར་གྱི་ས་གཞི་ཞེས་བྱ་བ་ཤིན་ཏུ་མི་ཤིགས་པ་གསེར་གྱི་རང་བཞིན་ཅན་དུ་ཡོད་པའོ། །ས་གཞི་དེ་ལ་ནི་ཁོར་ཡུག་རི་བོའི་བར་གྱི་རི་དང་གླིང་དང་རྒྱ་མཚོར་བཅས་པ་རྣམས་བརྟེན་ནས་གནས་ཏེ། དེའང་ཐམས་ཅད་ཀྱི་དབུས་ན་ནི་རིའི་རྒྱལ་པོ་རི་རབ་ཅེས་བྱ་བ་ཡོད་དེ། དེ་ནི་གྲུ་བཞི་ 213-1-19b པའི་རྣམ་པ་ལ་བང་རིམ་བཞིན་མཛེས་བར་བྱས་པ། རིན་པོ་ཆེའི་རང་བཞིན་ཅན་ཏེ། དེ་ནི་ཤེལ་དང་། བེེ་ཌཱུརྱ་དང་། པདྨ་རཱ་ག་དང་། གསེར་རྣམས་ཀྱི་རྒྱུ་ལས་ངོས་བཞི་དག་ཏུ་རིམ་པ་བཞིན་དུ་གྲུབ་པ་ཡིན་ནོ། །དེ་དག་གི་རྐྱེན་གྱིས་བསྒྱུར་བས་ནམ་མཁའ་ལའང་ཁ་དོག་ཐ་དད་པ་ཉིད་དུ་སྣང་ བ་སྟེ། ཛམྦུའི་གླིང་འདི་ཡོད་པའི་ལོགས་ཀྱི་ངོས་ནི་བེེ་ཌཱུརྱའི་རང་བཞིན་ཅན་ཡིན་པའི་ཕྱིར། དེའི་འོད་ཀྱིས་ནམ་མཁའ་ཡང་བེེ་ཌཱུརྱའི་ཁ་དོག་ཏུ་ཤར་བ་བཞིན་ནོ། །དེ་ལྟ་བུའི་རི་རབ་དེའི་ཆུ་མཚམས་ནས་འོག་ཏུ་རྣམ་པར་བཅལ་པའི་རི་བོའི་ཁོང་སེང་རྣམས་སུ་ལྷ་མ་ཡིན་གྱི་ཚོགས་རྟེན་དང་ བརྟེན་པར་བཅས་པ་རྣམས་ཡོད་དོ། །དེའང་འདི་ལྟ་སྟེ་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་འཛིན་ཞེས་བྱ་བ་དང་། དེ་བཞིན་དུ་མགུལ་ཕྲེང་ཅན་དང་། རབ་གནོན་དང་། ཐག་བཟངས་རིས་རྣམས་རང་རང་གི་འཁོར་དང་བཅས་ཏེ་འོག་ནས་འོག་ཏུ་རིམ་པ་དེ་ཇི་ལྟ་བ་བཞིན་དུ་གནས་སོ། །རི་རབ་ཀྱི་ བར་རིམ་བཞི་ལས་བང་རིམ་དང་པོ་ནི་ལག་ན་གཞོང་ཐོགས་པ་རྣམས་ཀྱི་གནས་སོ། །བང་རིམ་གཉིས་པ་ནི་ལག་ན་ཕྲེང་ཐོགས་པ་རྣམས་ཀྱི་གནས་སོ། །བང་རིམ་གསུམ་པ་ནི་རྟག་མྱོས་པའི་ལྷ་རྣམས་ཀྱི་གནས་སོ། །བང་རིམ་བཞི་པ་ནི་རྒྱལ་ཆེན་རིས་བཞིར་གཏོགས་པའི་ལྷའི་རིགས་ མང་པོ་སྟེ་དེ་དག་རྟེན་དང་བརྟེན་པར་བཅས་པ་རྣམས་གནས་སོ། །རི་རབ་ཀྱི་སྟེང་གི་མཚམས་བཞིའི་ལྕོག་ཆེན་པོ་བཞི་ལ་ནི་གནོད་སྦྱིན་གསང་བ་པ་རྣམས་གྲོང་དང་གྲོང་རྡལ་དུ་བཅས་པ་གནས་སོ། །དེའི་དབུས་སུ་སུམ་ཙུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གནས་གྲོང་ཁྱེར་ལྟ་ན་སྡུག་ཅེས་བྱ་བ་ ཡོད་ཅིང་། གྲོང་ཁྱེར་དེའི་དབུས་སུ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱི་ཕོ་བྲང་རྣམ་པར་རྒྱལ་བའི་ཁང་བཟང་ཞེས་བྱ་བ་བསོད་ནམས་ཀྱི་མཐུ་ལས་གྲུབ་པ། ཕྱི་ནང་ཀུན་ཏུ་ངོ་མཚར་གྱི་བཀོད་པ་དཔག་ཏུ་མེད་པས་ཤིན་ཏུ་མཛེས་པར་བྱས་པ་དག་ཡོད་དོ། །དེ་ལའང་སུམ་ཅུ་རྩ་གསུམ་པ་ཞེས་ པའི་ཐེ་ཚོམ་ཀྱང་ནོར་ལྷ་བརྒྱད་དང་། དྲག་པོ་བཅུ་གཅིག་དང་། ཐ་སྐར་གི་བུ་གཉིས་དང་། ཉི་མ་བཅུ་གཉིས་ཏེ་ཉེ་དབང་སུམ་ཅུ་རྩ་གཉིས་དང་། དེ་དག་གི་དབང་པོ་མཆོད་སྦྱིན་བརྒྱ་བ་དང་བཅས་པའི་ལྷའི་གཙོ་བོ་སུམ་ཅུ་རྩ་གསུམ་ཡོད་པས་དེ་སྐད་དུ་གྲགས་སོ། །གྲོང་ཁྱེར་ལྟ་ན་སྡུག་གི་ 213-1-20a ཕྱོགས་བཞི་ན་བཞོན་པ་གནས་པའི་ཤིན་རྟ་སྣ་ཚོགས་ཞེས་བྱ་བའི་སྐྱེད་མོས་ཚལ་དང་། གཡུལ་དུ་ཆས་པའི་གནས་རྩུབ་འགྱུར་ཞེས་བྱ་བའི་ཚལ་དང་། སྤྱོད་ལམ་རྣམ་པ་སྣ་ཚོགས་ལ་འཇུག་པའི་གནས་འདྲེས་མ་ཞེས་བྱ་བའི་ཚལ་དང་། རྩེ་ཞིང་རོལ་པའི་གནས་ དགའ་བའི་ཚལ་ཞེས་བྱ་བ་རྣམས་ཡོད་དོ། །ཚལ་དེ་དག་གི་ཕྱི་རོལ་དུ་ལྷ་རྣམས་ཀྱིས་མངོན་པར་རྩེ་བར་བྱེད་པའི་གནས་ས་གཞི་བཟང་པོ་ཡིད་དུ་འོང་བ་རྣམ་པ་བཞི་ཡང་ཡོད་ཅིང་། ལྟ་ན་སྡུག་གི་གྲོང་ཁྱེར་གྱི་བྱང་ཤར་མཚམས་སུ་ལྷ་རྣམས་ཀྱི་འདོད་དགུ་ཕུན་སུམ་ཚོགས་པ་འབྱུང་བའི་ གནས་སུ་གྱུར་པའི་ཤིང་ཡོངས་འདུས་བརྟོལ་དང་། དར་དཀར་པོ་ལ་བ་ལྟ་བུའི་རྡོ་ཨ་མོ་ལིག་ཅེས་བྱ་བ་ལ་སོགས་པ་དག་ཡོད་དོ། །ལྷོ་ནུབ་ཀྱི་མཚམས་སུ་ལྷ་རྣམས་ཀྱིས་བགྱི་བར་རུང་བ་དང་བགྱི་བར་རུང་བ་མ་ཡིན་པ་རྣམས་གཏམ་དུ་བགྲོ་བའི་ལྷའི་མདུན་ས་ཆོས་བཟས་ཞེས་བྱ་བ་བཀོད་ པ་ཕུན་ཚོགས་མཛེས་ཤིང་ཡིད་དུ་འོང་བར་བྱས་པ་ཡོད་དོ། །གཞན་ཡང་ལྷའི་རྔ་བོ་ཆེ་ཞེས་བྱ་བ་ལྷ་རྣམས་ཀྱིས་འདོད་པའི་ཡོན་ཏན་ལ་བག་མེད་པར་སྤྱོད་པ་ན་མི་རྟག་པའི་སྒྲ་འབྱུང་བས་སྐུལ་བར་བྱེད་པ་དང་། མི་མཐུན་པའི་ཕྱོགས་ལས་རྣམ་པར་རྒྱལ་བའི་ཤིས་པར་བརྗོད་པ་ལ་སོགས་ པའི་སྒྲ་རང་འབྱུང་བར་བྱེད་པ་དེ་དང་། གཡུལ་ངོར་སྤྱོད་པའི་གླང་པོ་ཆེ་རབ་བརྟན་དང་། སྐྱེད་མོས་ཚལ་དུ་སྤྱོད་པའི་གླང་པོ་ཆེ་ས་སྲུང་གི་བུ་དང་། རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་ཏེ་དེ་དག་རང་རང་གི་འཁོར་དང་བཅས་པ་ལ་སོགས་པ་ཡོད་པའི་གནས་རྣམས་སོ། །ལྷུན་པོའི་ཕྱི་རོལ་གྱི་ཁོར་ ཡུག་ཀུན་དུ་གསེར་གྱི་རི་བདུན་ཞེས་བྱ་བ་རིན་པོ་ཆེ་གསེར་གྱི་རྡུལ་འབའ་ཞིག་བརྩེགས་པའི་རང་བཞིན་ཅན་གྱིས་རི་རབ་ལ་རིམ་པ་བདུན་དུ་གྲུ་བཞིའི་དབྱིབས་སུ་བསྐོར་བ་ཐམས་ཅད་ཀྱང་གསེར་གྱི་ས་གཞི་ལ་བརྟེན་ཏེ་གནས་སོ། །དེའི་དང་པོ་ནི་གཉའ་ཤིང་འཛིན་གྱི་རི་སྟེ། དེའི་བྱང་ཕྱོགས་ཀྱི་ ལོགས་ཀྱི་སྟེང་ན་ལྕང་ལོ་ཅན་ཞེས་བྱ་བའི་ཕོ་བྲང་ཡོད་དེ། དེ་ན་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་གནོད་སྦྱིན་གྱི་འཁོར་གྱིས་བསྐོར་བ་དང་། ཤར་ཕྱོགས་སུ་ཡུལ་འཁོར་སྲུང་ཞེས་བྱ་བ་ན་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དྲི་ཟའི་འཁོར་གྱིས་བསྐོར་བ་དང་། ནུབ་ཕྱོགས་སུ་སྣ་ཚོགས་གཟུགས་ 213-1-20b ཞེས་བྱ་བ་ན་རྒྱལ་པོ་ཆེན་པོ་མིག་མི་བཟང་ཀླུའི་འཁོར་གྱིས་བསྐོར་བ་དང་། ལྷོ་ཕྱོགས་སུ་འཕགས་སྐྱེས་པོ་ཞེས་བྱ་བ་ན་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་གྲུལ་བུམ་གྱི་འཁོར་གྱིས་བསྐོར་བ་དང་བཅས་པ་རྣམས་དང་། དེ་དག་གི་གྲོང་དང་གྲོང་རྡལ་དང་། ཚལ་གྱི་རྣམ་པ་དག་གིས་ མཛེས་པར་བྱས་པ་དག་གནས་སོ། །དེ་བཞིན་དུ་གསེར་གྱི་རིག་གཉིས་པ་ནི་གཤོལ་མདའ་འཛིན་ནོ། །གསུམ་པ་ནི་སེང་སྡེང་ཅན་ནོ། །བཞི་པ་ནི་ལྟ་ན་སྡུག་གོ། །ལྔ་པ་ནི་རྟ་རྣ་ཅན་ནོ། །དྲུག་པ་ནི་རྣམ་པར་འདུད་དོ། །བདུན་པ་ནི་མུ་ཁྱུད་འཛིན་ཞེས་བྱ་བ་རྣམས་ཏེ། ཐམས་ཅད་ཀྱང་ཆུའི་སྟེང་ དུ་འཕགས་པའི་དཔངས་ལ་ནི་མཐོ་དམན་གྱི་ཁྱད་པར་ཞུགས་པ་སྟེ། རི་རབ་ནས་བརྩམས་ཏེ་མུ་ཁྱུད་འཛིན་གྱི་བར་ལ་སྔ་མ་སྔ་མའི་ཕྱེད་ཕྱེད་ཀྱིས་ཕྱི་མ་ཕྱི་མ་དམན་པར་གནས་སོ། །གསེར་གྱི་རི་དེ་དག་གི་ཐད་ཀྱི་སྟེང་གི་ནམ་མཁའ་ལ་འཕུལ་བར་བྱེད་པའི་རླུང་གི་དཀྱིལ་འཁོར་དངས་ཤིང་ སྒྲིབ་པ་མེད་པ་འཁོར་ལོ་བཞིན་དུ་གཡས་སུ་འཁོར་བ་ལ་བརྟེན་པའི་ཉི་མ་དང་། ཟླ་བ་དང་། རྒྱུ་སྐར་གྱི་གཞལ་མེད་ཁང་རྣམས་དང་། ཁོར་ཡུག་ལྕགས་ཀྱི་རི་བོ་དང་། ཛམྦུའི་གླིང་གི་རི་བོ་དང་། ལྗོན་ཤིང་ལ་སོགས་པ་རྣམས་སུའང་རྒྱལ་ཆེན་རིས་བཞི་པའི་སྡེར་གཏོགས་པའི་ལྷ་རྣམས་ ཅི་རིགས་པར་གནས་སོ། །དེ་དག་ལས་ཉི་མ་དང་ཟླ་བའི་གཞལ་མེད་ཁང་གི་འོག་གི་ཕྱོ་རོལ་ནི་མེ་ཤེལ་དང་ཆུ་ཤེལ་གྱི་དཀྱིལ་འཁོར་ལས་ཚ་བར་བྱེད་པ་དང་། བསིལ་བར་བྱེད་པ་དང་། སྣང་བར་བྱེད་པའི་འོད་ཀྱི་ཕྲེང་བ་དག་སྤྲོས་ཏེ་འགྲོ་བ་རྣམས་རང་རང་གི་ལས་དང་རྗེས་སུ་འཚམ་པར། མིག་དང་། ལུས་དང་། ཡན་ལག་དང་། མེ་ཏོག་དང་། འབྲས་བུ་དང་། ལོ་ཏོག་དང་། སྨན་དང་། ཆུ་ཀླུང་རྣམས་འགའ་ཞིག་ཏུ་ནི་ཕན་འདོགས་པར་བྱེད་པ་དང་། འགའ་ཞིག་ཏུ་ནི་གནོད་པར་བྱེད་པ་དག་ཅི་ཡང་འབྱུང་ངོ་། །གཞན་ཡང་འཆར་ནུབ་ཀྱི་དུས་ཀྱང་མཛོད་ལས། ནམ་ཕྱེད་ཉི་ མ་ནུབ་པ་དང་། །ཉི་མ་ཕྱེད་དང་འཆར་དུས་གཅིག །ཅེས་གསུངས་པ་བཞིན་དུ། དཔེར་ན་སྒྲ་མི་སྙན་རུ་ནམ་ཕྱེད་པར་གྱུར་པ་དེའི་ཚེ་ལུས་འཕགས་སུ་ཉི་མ་ནུབ་བོ། །ཛམྦུའི་གླིང་དུ་ཉི་མ་ཕྱེད་དོ། །བ་ལང་སྤྱོད་དུ་ཉི་མ་འཆར་བ་རྣམས་དུས་གཅིག་ཅར་ཉིད་དུ་འབྱུང་བ་ཡིན་ནོ། །རོལ་པའི་མཚོ་བདུན་ 213-1-21a ཞེས་བྱ་བ་ནི་རི་བརྒྱད་པོ་དེ་དག་གི་བར་དུ་གནས་པའི་ཆུའི་ཕུང་པོ་ཡན་ལག་བརྒྱད་དང་ལྡན་པ་གང་ཡིན་པས་མངོན་པར་གཏམས་པའི་རྒྱ་མཚོ་རིམ་པ་བདུན་དུ་ཡོད་དོ། །དེ་འང་ཡན་ལག་བརྒྱད་ནི་བསིལ་བ་དང་། ཞིམ་པ་དང་། ཡང་བ་དང་། འཇམ་པ་དང་། དངས་པ་ དང་། དྲི་ང་བ་མེད་པ་དང་། འཐུང་ན་མགྲིན་པ་ལ་མི་གནོད་པ་དང་། ལྟོ་བ་ལ་མི་གནོད་པ་རྣམས་སོ། །མཚོ་དེ་དག་ཏུ་ཀླུའི་རྒྱལ་པོ་འཁོར་དང་བཅས་པ་རྣམས་ཀྱིས་མངོན་པར་རྩེ་ཞིང་རོལ་པའི་གནས་སུ་བྱེད་དོ། །གསེར་གྱི་རི་བོ་ཕྱི་མ་ནས་བརྩམས་ཏེ་ཁོར་ཡུག་གི་རི་བོའི་བར་ལ་གླིང་དང་གླིང་ ཕྲན་རྣམས་མ་གཏོགས་པ་ཕྱིའི་རྒྱ་མཚོའམ་བ་ཚ་ཅན་གྱི་རྒྱ་མཚོ་ཞེས་བྱ་བ་ཁོ་ར་ཁོར་ཡུག་ཀུན་དུ་དུམ་བུར་མ་ཆད་པ་ཡོད་ཀྱང་རི་རབ་ཀྱི་རིན་པོ་ཆེའི་མདངས་ཀྱིས་ཕོག་པས་རྒྱ་མཚོ་ཆེན་པོ་དེའི་ཁ་དོག་ཀྱང་ཐ་དད་པ་ཉིད་དུ་གྱུར་པས་རྒྱ་མཚོ་བཞིའི་གྲངས་སུ་མངོན་པར་བརྗོད་པ་ཡིན་ནོ། །གླིང་ རྣམས་ནི་ཕྱོ་རོལ་གྱི་རྒྱ་མཚོ་ཆེན་པོ་ན་ཡོད་དེ། དེའང་རི་རབ་ཀྱི་ཤར་ཕྱོགས་ཀྱི་རྒྱ་མཚོ་ན་ལུས་འཕགས་པོའོ་གླིང་ཞེས་བྱ་བ་ཟླ་བ་ཁམ་པའི་དབྱིབས་སུ་གནས་པ། དེ་ལ་ལུས་དང་འཕགས་ཞེས་བྱ་བའི་གླིང་གཡོག་གཉིས་དང་བཅད་པ་ཡོད་དོ། །དེ་དག་ཏུ་སྐྱེས་པའི་མི་རྣམས་ནི་ གཟུགས་ཆེ་ཞིང་ལྟ་ན་སྡུག་པ་ཡོད་པས་ལུས་འཕགས་ཞེས་བྱ་སྟེ། དེ་ལྟ་བུའི་མི་རྣམས་ཀྱི་གནས་པ་གྲོང་དང་། གྲོང་རྡལ་དང་། གྲོང་ཁྱེར་དང་། ཡུལ་འཁོར་དང་། ཕོ་བྲང་རྣམས་གནས་སོ། །དེ་བཞིན་དུ་རི་རབ་ཀྱི་ལྷོ་ཕྱོགས་ཀྱི་རྒྱ་མཚོ་ན་ཛམྦུའི་གླིང་སྟེ་ཤིང་རྟ་ཆེན་པོའི་དབྱིབས་སུ་གནས་ པ། འདི་ལའང་རྔ་ཡབ་གཞན་ཞེས་བྱ་བའི་གླིང་གཡོག་གཉིས་དང་བཅས་པ་ཡོད་དོ། །འདི་དག་ཏུ་མི་རིགས་མི་འདྲ་བ་མང་པོ་རྣམས་དང་། དེ་དག་གིས་བསྟི་བའི་གྲོང་དང་གྲོང་རྡལ་ལ་སོགས་པ་དུ་མ་ཡོད་དོ། །གླིང་འདིའི་འོག་རོལ་དཔག་ཚད་ཉི་ཁྲི་ན་དམྱལ་བ་ཆེན་པོའི་གནས་རྣམས་ ཡོད་དེ། དེའང་འདི་ལྟ་སྟེ་ཚ་བའི་དམྱལ་བ་བརྒྱད་ལས་སྡུག་བསྔལ་ཀུན་གྱི་མཐར་ཐུག་པར་གྱུར་པ་ནི་མནར་མེད་པའི་དམྱལ་བ་ཞེས་བྱ་བ་སྟེ། དེ་ནི་ཐམས་ཅད་ཀྱི་འོག་ཏུ་གནས་ཤིང་། དེའི་གོང་ནས་གོང་དུ་རབ་ཏུ་ཚ་བ་དང་། ཚ་བ་དང་། ངུ་འབོད་ཆེན་པོ་དང་། ངུ་འབོད་དང་། བསྡུས་འཇོམས་དང་ 213-1-21b ཐིག་ནག་དང་། ཡང་སོས་ཀྱི་དམྱལ་བ་པ་ལྕགས་བསྲེགས་ཀྱི་ས་གཞིའི་གནས་དང་བཅས་པ་རྣམས་རིམ་པར་གནས་སོ། །དེ་བཞིན་དུ་བརྒྱད་པོ་དེ་དག་གི་ངོས་རེ་ལ་ཉེ་འཁོར་བ་ཞེས་བྱ་བ་མེ་མ་མུར་དང་། རོ་མྱགས་ཀྱི་འདམ་དང་། མཚོན་ཆའི་སྐོར་གྱི་དམྱལ་བ་དང་། ཆུ་བོ་རབ་མེད་དེ། དམྱལ་བ་ལྷག་པ་བཞི་བཞི་སྟེ་བཅུ་དྲུག་པོ་རྣམས་ཀྱང་གནས་སོ། །ཚ་བའི་དམྱལ་བ་དེ་དག་གི་མཐའ་ལོགས་ཤིག་ཏུ་གྲང་བའི་དམྱལ་བ་ཞེས་བྱ་བ་བརྒྱད་ཡོད་པ་རྣམས་ནི་འདི་ལྟ་སྟེ། ཆུ་བུར་ཅན་དང་། ཆུ་བུར་རྡོལ་བ་ཅན་དང་། ཨ་ཆུ་འདོན་པ་དང་། ཀྱི་ཧུད་འདོན་པ་དང་། སོ་ཐམས་ཐམས་ པ་དང་། ཨུཏྤལ་ལྟར་གས་པ་དང་། པདྨ་ལྟར་གས་པ་དང་། པདྨ་ཆེན་པོ་ལྟར་ལུས་ཐམས་ཅད་གས་པར་གྱུར་པའི་གྲང་བའི་དམྱལ་བ་རྣམས་དང་དེ་དག་གི་གནས་གངས་རིའི་ཕྲེང་བ་ཆབ་རོམ་གྱི་ཐད་དང་བཅས་པ་རྣམས་ཡོད་དོ། །གཞན་ཡང་ཉི་ཚེ་བའི་དམྱལ་བ་ཞེས་པ་ཀུན་འབྱུང་ཐ་དད་པ་ ལས་གྲུབ་པའི་སྡུག་བསྔལ་གྱི་བྱེ་བྲག་རྣམ་པ་མང་པོ་ཡོད་ཅིང་གནས་ནི་ངེས་པ་མེད་དེ། ཆུ་བོ་དང་། རི་དང་། མྱ་ངམ་གྱི་ཐང་དང་། འོག་ཏུའང་ཡོད་པར་བཤད་དོ། །ཡི་དྭགས་ཀྱི་འཇིག་རྟེན་ཞེས་བྱ་བ་ཡང་ཛམྦུའི་གླིང་འདིའི་རྒྱལ་པོའི་ཁབ་ཀྱི་འོག་རོལ་དཔག་ཚད་ལྔ་བརྒྱ་ན་ཡི་དྭགས་ཀྱི་གྲོང་ ཁྱེར་སེར་སྐྱ་ཞེས་བྱ་བ་ཡོད་དེ། དེ་ན་ཡི་དྭགས་ཀྱི་བདག་པོ་ཆོས་ཀྱི་རྒྱལ་པོ་གཤིན་རྗེ་མཐུ་བོ་ཆེ་དཔུང་དང་བཅས་པ་གནས་ཤིང་། དེའི་འཁོར་དུ་གཏོགས་པའི་ཡི་དྭགས་ཀྱི་རིགས་ནི་ཁ་ཁབ་མིག་ལྟར་ཕྲ་བ་སོགས་པ་སུན་ཅུ་རྩ་དྲུག་ཏུ་གསུངས་པ་རྣམས་ཏེ་ཐམས་ཅད་རིས་སུ་བསྡུ་ན། ཕྱིའི་སྒྲིབ་པ་ཅན་དང་། ནང་གི་སྒྲིབ་པ་ཅན། ཟས་སྐོམ་གྱི་སྒྲིབ་པ་ཅན་དུ་འདུ་བ་སྟེ། དེ་དག་གི་འདུག་པའི་གནས་དང་བཅས་པ་རྣམས་ཡོད་དོ། །དུད་འགྲོ་ནི་ཐང་དང་ཆུ་དང་ནམ་མཁའི་སྤྱོད་ཡུལ་ཅན་ཡིན་པས་ཕལ་ཆེ་བ་དག་ཕྱིའི་རྒྱ་མཚོའི་ནང་དུ་ཆང་གི་སྦང་མ་ལྟར་བྱིངས་ན་གནས་པ་དང་། ཁ་འཐོར་བ་ནི་མི་དང་ལྷ་དང་ལྷ་མ་ཡིན་གྱི་ཡུལ་དང་གླིང་བར་གྱི་མུན་པ་ཆེན་པོ་རྣམས་སུ་གནས་སོ། །ཡང་རི་རབ་ཀྱི་ནུབ་ཕྱོགས་ཀྱི་ཕྱིའི་རྒྱ་མཚོ་ན་བ་ལང་སྤྱོད་ཀྱི་གླིང་ཞེས་བྱ་བ་ཀུན་ནས་ཟླུམ་པོར་གྱུར་པ་ཟླ་བ་ཉ་གང་བའི་དབྱིབས་སུ་གནས་པ། དེ་ལ་གཡོ་ལྡན་དང་ལམ་མཆོག་འགྲོ་ཞེས་ 213-1-22a བྱ་བའི་གླིང་གཡོག་གཉིས་དང་བཅས་པ་ཡོད་དེ། དེ་དག་ཏུ་སྐྱེས་པའི་མི་རྣམས་ཀྱི་ལོངས་སྤྱོད་ནི་ཤས་ཆེར་བ་ལང་དང་རིན་པོ་ཆེ་ལས་བྱུང་བ་ལ་ཉེ་བར་སྤྱོད་པའི་ཕྱིར་མིང་ཡང་དེ་སྐད་ཅེས་བྱ་སྟེ། དེ་ལྟ་བུའི་ཡུལ་གླིང་མིའི་འགྲོ་བ་དང་བཅས་པ་རྣམས་ཡོད་དོ། །རི་རབ་ཀྱི་བྱང་ཕྱོགས་ཀྱི་ ཕྱིའི་རྒྱ་མཚོ་ན་སྒྲ་མི་སྙན་གྱི་གླིང་ཞེས་བྱ་གྲུ་བཞི་པ་ཁྲིའུའི་དབྱིབས་སུ་གནས་པ། དེ་ལ་སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ་ཞེས་བྱ་བའི་གླིང་གཡོག་གཉིས་དང་བཅས་པ་ཡོད་དེ། དེ་དག་ཏུ་སྐྱེས་པའི་མི་རྣམས་ཀྱི་ལོངས་སྤྱོད་ནི་མ་རྨོས་པ་དང་མ་བཏབ་པར་འཁྲུངས་པའི་འབྲས་སཱ་ལུའི་ཟས་དང་། དཔག་བསམ་གྱི་ཤིང་ལས་བྱུང་བ་ལ་ཅི་བདེར་སྤྱོད་པ་ལ་སོགས་པ་མཐོ་རིས་ཀྱི་ལྷའི་འཇིག་རྟེན་ལྟ་བུ་ཡོད་དེ། དྲན་པ་ཉེར་གཞག་ལས། མཐོ་རིས་ལས་གཞན་པའི་མཐོ་རིས་ཀྱི་འཇིག་རྟེན་གཉིས་པ་ལྟ་བུ་ཞེས་གསུངས་པས། གླིང་འདིའི་བདེ་བ་དང་འབྱོར་པ་ལ་མིའི་གནས་ གཞན་གསུམ་གྱིས་འགྲན་པར་མི་ནུས་པ་ཞིག་གོ། །ཡུལ་དེར་པི་ཤཱ་ཙི་ཀ་ཞེས་པ་ཤ་ཟའམ་འདྲེའི་སྐད་ཀྱིས་སྨྲ་བའི་ཕྱིར་སྒྲ་མི་སྙན་ནམ། དཔག་བསམ་གྱི་ཤིང་ལས་འཆི་འཕོ་བར་སྒྲོན་པའི་སྙན་པར་འབྱུང་བས་སམ། ཡང་ན་ཀླུ་རྣམས་ཀྱིས་གཙེས་པའི་སྐྱོན་གྱི་ཉི་མ་སྤྲིན་ གྱིས་གཡོགས་པ་ན། དེས་རྫ་རྔ་དང་པི་ཝང་ལ་སོགས་པའི་རོལ་མོ་རྣམས་ལས་སྐད་མི་སྙན་པར་འབྱིན་པ་ལས་དེ་སྐད་དུ་གདགས་པར་གྲག་གོ། །དེ་ལྟ་བུའི་ཡུལ་གླིང་མིའི་འགྲོ་བ་དང་བཅས་པ་རྣམས་ཡོད་དེ། དེ་དག་གི་ཕྱི་རོལ་གྱི་རྒྱ་མཚོ་ཆེན་པོའི་མཐའ་སྐོར་ཀུན་དུ་ལྕགས་རི་ཆེན་པོ་ ཞིག་གིས་བསྐོར་བ་ལ་ཁོར་ཡག་གི་ལྕགས་རི་ཞེས་བྱ་བ་ཡིན་ནོ། །རི་རབ་ཀྱི་རྩེ་མོ་སུམ་ཅུ་རྩ་གསུམ་པའི་གནས་ནས། སྟེང་གི་ནམ་མཁའ་ལ་རླུང་གི་དཀྱིལ་འཁོར་ལ་བརྟེན་ཏེ་སྤྲིན་གྱི་ཕུང་པོ་བཞིན་དུ་མངོན་པར་འཕགས་པའི་རིན་པོ་ཆེའི་གཞི་ལ། གཟུགས་ཀྱི་ཁམས་ཀྱི་ལྷ་དང་། འདོད་པའི་ཁམས་ཀྱི་ལྷ་རྣམས་ཀྱི་གཞལ་མེད་ཁང་དམ་པ་ལྷ་རྫས་ཀྱི་འབྱོར་པ་ཕུན་སུམ་ཚོགས་པ་ལས་ལེགས་པར་གྲུབ་པ་རྣམས་ནི། དཔེར་ན་བླ་ཁབ་མང་པོ་སྟེང་དུ་ཕུབ་པའམ། མཆོད་རྟེན་ཁ་སྦུབས་པའི་བང་རིམ་གྱི་རྣམ་པ་བཞིན་དུ་འོག་མ་འོག་མ་ལས་གོང་མ་གོང་མ་ཇེ་ཆེར་ 213-1-22b གནས་ཏེ། དེའང་འདོད་པའི་ཁམས་ཀྱི་ལྷའི་གནས་བཞི་ནི་ཉིས་འགྱུར་དང་། གཟུགས་ཀྱི་ཁམས་ཀྱི་ལྷའི་གནས་སྟོང་འགྱུར་གྱིས་རྒྱ་ཆེ་བ་ཉིད་དུ་གནས་ཏེ། ཇི་སྐད་དུ། གནས་ནས་གནས་འོག་ཇི་སྲིད་པ། །དེ་ནས་དེ་ཡི་གོང་དེ་སྲིད། །ཅེས་སོ། །གནས་དེ་དག་ཏུ་བརྟེན་པའི་ལྷ་རྣམས་ནི་ འདི་ལྟ་སྟེ། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་པ་སྟེ་འདོད་པའི་ཁམས་ཀྱི་ལྷ་རྣམས་སོ། །དེ་ལྟར་ན་མནར་མེད་པ་ནས་བརྩམས་ཏེ་འདིའི་བར་ལ་འདོད་པའི་ཁམས་ཞེས་བྱ་ཞིང་། བྱེ་བྲག་ཏུ་ལག་ན་གཞོང་ཐོགས་ཀྱི་ལྷ་ཡན་ཆད་ནི་འདོད་པ་ན་སྤྱོད་པའི་ལྷ་ དྲུག་ཡིན་ཏེ། དེ་དག་འདོད་པའི་ཡོན་ཏན་འཁྲིག་པ་དང་ཁམས་ཀྱི་ཟས་ལ་འདོད་ཆགས་དང་བཅས་པའི་ཕྱིར་འདོད་པའི་ཁམས་ཀྱི་ལྷ་ཞེས་གདགས་སོ། །གཟུགས་ཀྱི་ཁམས་ཀྱི་ལྷ་རྣམས་ནི་བསམ་གཏན་བཞིས་བསྡུས་ཏེ། དེ་དག་ཀྱང་འདི་ལྟ་སྟེ། ཚངས་རིས་དང་། ཚངས་པ་མདུན་ན་ འདོན་དང་། ཚངས་ཆེན་དེ་བསམ་གཏན་དང་པོར་གཏོགས་པའི་ལྷ་རྣམས་སོ། །འོད་ཆུང་དང་། ཚད་མེད་འོད་དང་། འོད་གསལ་བ་སྟེ་བསམ་གཏན་གཉིས་པར་གཏོགས་པའི་ལྷ་རྣམས་སོ། །དགེ་ཆུང་དང་། ཚད་མེད་དགེ་དང་། དགེ་རྒྱས་ཏེ་བསམ་གཏན་གསུམ་པར་གཏོགས་པའི་ལྷ་རྣམས་ སོ། །སྤྲིན་མེད་དང་། བསོད་ནམས་སྐྱེས་དང་། འབྲས་བུ་ཆེ་བ་དང་། མི་གདུང་བ་དང་། གྱ་ནོམ་སྣང་བ་དང་། ཤིན་ཏུ་མཐོང་བ་དང་། འོག་མིན་ཏེ་བསམ་གཏན་བཞི་པར་གཏོགས་པའི་ལྷ་རྣམས་ཏེ་གཟུགས་ཀྱི་ཁམས་ཀྱི་ལྷ་རྣམས་སོ། །དེ་དག་ལ་ལ་ནི་གཟུགས་ན་སྤྱོད་པའི་ལྷ་རིས་ བཅུ་བདུན་ཞེས་བྱ་སྟེ། འདོད་པའི་ཡོན་ཏན་ལ་འདོད་ཆགས་དང་བྲལ་ལ། གཟུགས་ལ་འདོད་ཆགས་དང་བཅས་པའི་ཕྱིར་གཟུགས་ཀྱི་ཁམས་ཀྱི་ལྷ་ཞེས་གདགས་སོ། །གཟུགས་མེད་པའི་ཁམས་ཀྱི་ལྷ་རྣམས་ནི་འདི་ལྟ་སྟེ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་དེ་གཟུགས་མེད་པའི་ཁམས་ཀྱི་ལྷ་རྣམས་སོ། །བཞི་པོ་འདི་དག་ནི་ལུས་ཅན་མ་ཡིན་པའི་ཕྱིར་གནས་ལོགས་པ་མེད་ཀྱང་སེམས་ཀྱི་ཏིང་ངེ་འཛིན་གྱི་བྱེ་བྲག་གི་རྣམ་པ་བཞིར་འབྱེད་པའི་སྒོ་ནས་གཟུགས་མེད་པའི་ 213-1-23a ཁམས་ཀྱི་ལྷ་ཞེས་བྱ་སྟེ། གཟུགས་ལ་འདོད་ཆགས་དང་བྲལ་བར་གྱུར་ལ། གཟུགས་མེད་པ་ལ་འདོད་ཆགས་དང་བཅས་པའི་ཕྱིར་དེ་སྐད་ཅེས་གདགས་སོ། །མངོན་པ་བ་ཁ་ཅིག་ནི་གཟུགས་མེད་པའི་ཁམས་ནི་འོག་མིན་གྱི་སྟེང་ནས་སྟེང་དུ་བརྩེགས་མར་ཡོད་པ་དང་གཟུགས་ ཀྱང་ཡོད་ལ། གཟུགས་མེད་པ་ཞེས་བརྗོད་པ་ནི་དམན་པ་ལ་དགག་སྒྲ་སྦྱར་བ་ཡིན་ཞེས་སྨྲ་བ་ཡང་ཡོད་དོ། །དེ་དག་གི་སྐྱེ་བའི་གནས་ཀྱི་ཁྱད་པར་ཡང་། ལྷ་དང་། དམྱལ་བ་དང་། སྲིད་པ་བར་མ་རྣམས་ནི་བརྫུས་ཏེ་སྐྱེས་པ་ཡིན་ལ། མི་དང་དུད་འགྲོ་བ་རྣམས་ནི་སྒོ་ང་ལས་སྐྱེས་པ་དང་། མངལ་ལས་སྐྱེས་པ་དང་། བརྫུས་ཏེ་སྐྱེས་པ་དང་། དྲོད་གཤེར་ལས་སྐྱེས་པ་སྟེ་བཞི་ག་ཚང་བ་དང་། ཡི་དྭགས་ལ་མངལ་ལས་སྐྱེས་པ་དང་བརྫུས་ཏེ་སྐྱེས་པ་གཉིས་ཀ་ཡོད་པར་བཤད་དོ། །དེ་ལྟར་ཇི་སྐད་བསྟན་པའི་གླིང་བཞི་དང་། རིའི་རྒྱལ་པོ་དང་། གསེར་གྱི་རི་བདུན་དང་། ཁོར་ཡུག་དང་། འདོད་པའི་ལྷ་དྲུག་དང་། ཚངས་པའི་ འཇིག་རྟེན་གྱི་བར་ལ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཞེས་བྱའོ། །དེ་བྱེ་བ་ཕྲག་བརྒྱ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་ཇི་ལྟར་བགྲང་བའི་ཚུལ་ནི་སྔོན་དུ་སྨྲས་ཟིན་པ་ལྟར་རོ། །གཉིས་པ་ཛམྦུའི་གླིང་བཀར་ཏེ་བཤད་པ་ནི། དེ་ལ་ཇི་སྐད་སྨོས་པའི་གླིང་གཞན་གསུམ་ནི། ལོངས་སྤྱོད་ཀྱི་ས་དང་། ཛམྦུའི་གླིང་ནི་ལས་ཀྱི་ས་སྟེ་དེ་ཡང་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་རྣམས་ནས། རི་རབ་ཀྱི་རྭའི་འོག་གི་གླིང་དྲུག་ནི་ལོངས་སྤྱོད་ཀྱི་ས་པ་དང་། བསིལ་རིའི་ཕྱི་མཚམས་ནས་ལན་ཚྭའི་མཐར་ཐུག་པའི་བདུན་པ་ཛམྦུའི་གླིང་ནི་ལས་ཀྱི་ས་པ་སྟེ། དེ་ལ་དུམ་བུ་བཅུ་ གཉིས་སུ་གནས་པའི་ལྷོ་གླིང་དབུས་མ་ཛམྦུའི་གླིང་ཆུང་ངུར་བཞེད་པ་ཡིན་ནོ། །དེ་ལ་ཅིའི་ཕྱིར་ཛམྦུའི་གླིང་ཞེས་བྱ་ཞེ་ན། གླིང་གང་གི་ཡུལ་དབུས་སུ་གྱུར་པ་ནི་འཕགས་པའི་ཡུལ་གྱི་མ་ག་དྷཱ་སྟེ། དེའི་བྱང་ནས་བྱང་དུ་རི་ནག་པོ་རྒྱུད་དགུ་འདས་པའི་ཕ་རོལ་ན་རིའི་རྒྱལ་པོ་གངས་ཅན་ཞེས་བྱ་བ་གངས་ རི་དཔལ་དང་ལྡན་པ་ཡོད་དོ། །དེའི་ཕ་རོལ་དུ་རིའི་རྒྱལ་པོ་སྤོས་ཀྱི་ངད་ལྡང་ཞེས་བྱ་བ་ཡོད་དེ། དེ་དག་གི་ཚུ་རོལ་ན་ཀླུའི་རྒྱལ་པོ་མ་དྲོས་པ་བདག་གིར་བྱས་པའི་མཚོ་མ་དྲོས་པ་ཞེས་བྱང་ཆུབ་སིལ་ཞིང་སྦྲང་རྩི་ལྟ་བུས་གང་བ་ལ། མེ་ཏོག་ཨུཏྤ་ལ་དང་པདྨ་དང་ཀུ་མུ་དྭ་དང་པུཎྜ་རཱི་ཀ་རྣམས་ཀྱིས་ 213-1-23b ཁེབས་པ་དབྱིབས་ལེགས་ཤིང་ལྟ་ན་སྡུག་པ་གནས་སོ། །དེའི་ཤར་དང་ལྷོ་དང་ནུབ་དང་བྱང་གི་ཕྱོགས་བཞི་ནས་ཆུ་བོ་ཆེན་པོ་བཞི་འབབ་པ་ནི་འདི་ལྟ་སྟེ། ཆུ་བོ་གངྒཱ་དང་། སིནྡཱུ་དང་། པཀྵུ་དང་། སི་ཏཱ་རྣམས་རིམ་པ་དེ་ཉིད་ཀྱིས་སོ། །ཆུ་བོ་དེ་དག་རེ་རེས་ཀྱང་མ་དྲོས་པའི་མཚོ་ལ་གཡས་སུ་ ལན་གྲངས་བདུན་བདུན་དུ་བསྐོར་ནས་ཆུ་བྲན་ལྔ་བརྒྱ་དང་ལྷན་གཅིག་ཏུ་རང་རང་གི་ཕྱོགས་ཀྱི་རྒྱ་མཚོ་ག་ལ་བར་འགྲོ་བར་བྱེད་དོ། །མཚོ་མ་དྲོས་པའི་འགྲམ་ངོགས་སུ་ཤིང་ཛམྦུ་ཏྲི་ཤ་ཞེས་བྱ་བ་འབྲས་བུ་རོ་མཆོག་མངར་པོ་དང་ལྡན་པར་སྐྱེས་པ། ཤིང་དེའི་འབྲས་བུ་ཤིན་ཏུ་སྨིན་པར་གྱུར་པ་ཆུའི་ ནང་དུ་ལྷུང་བ་ལས་ཛམྦུ་ཞེས་བྱ་བའི་སྒྲ་ཡང་འབྱུང་ངོ་། །དེར་ལྷུང་བའི་འབྲས་བུ་དེ་ལས་ཀླུའི་རྒྱལ་པོ་རྣམས་ཉར་སྤྲུལ་ནས་ཟ་བར་བྱེད་ཅིང་། མ་ཟོས་པ་རྣམས་ནི་ཆུ་དང་ཕྲད་པའི་སྟོབས་ཀྱིས་ཛམྦུ་ཆུ་བོའི་གསེར་དུ་འགྱུར་བ་ཞིག་ཡོད་དོ། །དེས་ན་ཤིང་དེས་ཉེ་བར་མཚོན་པའི་གླིང་ཡིན་པས་ཛམྦུའི་ གླིང་ཞེས་ཐ་སྙད་དུ་བྱས་སོ། །གཞན་ཡང་རིའི་རྒྱལ་པོ་སྤོས་ཀྱི་ངད་ལྡང་པའི་བྱང་ཕྱོགས་ན་བྲག་གསེར་གྱི་བྱ་སྐྱིབས་ལྷ་མ་ཡིན་གྱི་ངོས་ཞེས་བྱ་བ་དབྱིབས་ལེགས་པ་ནང་གི་ས་གཞི་ཡང་གསེར་གྱི་བྱེ་མ་བརྡལ་ཞིང་ཙནྡན་གྱི་ཆུས་ཆག་ཆག་བཏབ་པ་སྟེ། དེར་ཡིད་དུ་མི་འོང་བའི་ཤིང་ངམ་ གསེག་མ་གང་ཅི་ཡང་རུང་བ་ལྷུང་བ་མི་མ་ཡིན་རྣམས་ཀྱིས་ཕྱིར་འདོར་བར་བྱེད་པ། དེའི་ཁོར་ཡུག་ཏུ་འང་བྲག་གསེར་གྱི་བྱ་སྐྱིབས་བརྒྱད་སྟོང་དང་བཅས་པ་ཡོད་དོ། །བྲག་དེའི་བྱང་ཕྱོགས་སུ་ཤིང་སཱ་ལའི་རྒྱལ་པོ་རབ་ཏུ་བརྟན་པ་ཞེས་བྱ་བ་འདོམ་བཞི་བཅུ་ཐུར་དུ་ཟུག་ཅིང་བརྒྱད་ཅུ་གྱེན་དུ་འཕགས་ པ་སཱ་ལའི་ཕྲེང་བ་རིམ་པ་བདུན་གྱིས་བསྐོར་བ་དང་། ཤིང་དེའི་ཤར་ཕྱོགས་སུ་རྫིང་བུ་དལ་གྱིས་འབབ་པ་ཞེས་བྱ་བ་དབྱིབས་ཟླུམ་པོ། །རྫིང་གཡོག་བརྒྱད་སྟོང་དང་བཅས་པ། ཐམས་ཅད་ཀྱང་ཡན་ལག་བརྒྱད་དང་ལྡན་པའི་ཆུས་གང་བའི་ནང་ན་མེ་ཏོག་ཨུཏྤ་ལ་དང་པདྨ་དང་ཀུ་མུ་དཱ་དང་པདྨ་ དཀར་པོ་ཆེ་ཞིང་མཆོག་ཏུ་ཆེ་བ་དག་གིས་ཁེབས་པ་ཡོད་དོ། །བརྒྱ་བྱིན་གྱི་གཡུལ་ངོར་སྤྱོད་པའི་གླང་པོ་ཆེ་རབ་བརྟན་ཞེས་བྱ་བ་གླང་པོ་ཆེ་བརྒྱད་སྟོང་གི་འཁོར་དང་བཅས་ཏེ། དགུན་དང་། དཔྱིད་དང་། སྟོན་གསུམ་དུ་ཟླ་བ་བཞི་བཞིར་བྲག་གསེར་གྱི་བྱ་སྐྱིབས་དང་། ཤིང་སཱ་ལའི་རྒྱལ་པོ་དང་། རྫིང་བུ་ 213-1-24a དལ་གྱིས་འབབ་པ་དག་ཏུ་རེ་མོས་སུ་འཇུག་ཅིང་འཁོད་པ་དེ་ལྟ་བུའི་ངོ་མཚར་གྱི་ཕྲེང་བ་མང་པོ་དག་ཡོད་དོ། །དེ་དག་ཏུ་མ་ཟད་གླིང་འདི་ནི་གླིང་གཞན་ལས་མངོན་པར་འཕགས་པའི་ཁྱད་པར་གྱི་ཆོས་ཤིན་ཏུ་མང་སྟེ། མདོ་དྲན་པ་ཉེར་གཞག་ལས། གླིང་གསུམ་གྱི་ ནང་ནས་འདི་ནི་ལས་ཀྱི་ས་ཡིན། འདིར་ནི་དགེ་བ་བཅུའི་ལས་ཀྱི་ལམ་དག་སེམས་པ་ཡིན། འདིར་ནི་སངས་རྒྱས་འབྱུང་བ་ཡིན། འདི་ནི་མིའི་གནས་བཞི་དག་གི་རག་ལས་པ་ཡིན། འདིར་ནི་དགེ་བ་བཅུའི་ལས་ཀྱི་ལམ་དག་ངེས་པར་སེམས་ཤིང་རྣམ་པར་དཔྱོད་པ་ཡིན། འདིར་ནི་ ཚངས་བར་སྤྱོད་པའི་གནས་ཡིན། འདིར་ནི་འཆི་བ་དང་སྐྱེ་བའི་སེམས་པ་ཡིན། འདིར་རྡོ་རྗེ་ལས་བྱས་པའི་གདན་ཡོད་ཅེས་གསུངས་པ་ལྟར་གླིང་འདིར་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཞིང་སྦྱོང་བའི་སྨོན་ལམ་གྱི་ཁྱད་པར་མང་པོས་མཛའ་བར་བཅིངས་པ་དང་། གདུལ་བར་བགྱི་བའི་འགྲོ་བ་མཐའ་དག་གིས་ཀུན་ནས་བསྟེན་པའི་གནས་ཡིན་པའི་ཕྱིར་ཁྱད་པར་དུ་འཕགས་པ་སྟེ། དེ་ཡང་སྔོན་བདག་ཅག་གི་སྟོན་པ་འདིས་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པ་ན། ཝཱ་རཱ་ཎ་སཱི་ཁོ་ན་ལ་ཡང་འདས་པའི་དུས་ཀྱི་སངས་རྒྱས་མང་པོ་བྱོན་པ་ལ་མཆོད་པ་དང་། དེ་དག་ གི་རྗེས་སུ་བསྟན་པ་ཐོས་པའང་དཔག་ཏུ་མཆིས་པ་བྱུང་བར་ངེས་ཏེ། རྒྱ་ཆེར་རོལ་པའི་མདོ་ལས། དེར་ནི་ང་ཡིས་མཆོད་སྦྱིན་སྟོང་ཕྲག་བྱེ་བ་ཁྲག་ཁྲིག་དྲུག་ཅུ་བྱས། །དེར་ནི་སངས་རྒྱས་སྟོང་ཕྲག་བྱེ་བ་ཁྲག་ཁྲིག་དྲུག་ཅུ་དེ་དག་མཆོད། །ཝཱ་རཱ་ཎ་སཱི་དམ་པའི་དེ་ནི་སྔོན་གྱི་དྲང་སྲོང་རྣམས་ ཀྱི་གནས། །ས་དེ་ལྷ་དང་ཀླུ་ཡིས་མངོན་བསྟོད་རྟག་ཏུ་ཆོས་ནི་མངོན་པར་གཞོལ། །ངས་ནི་སྔོན་ཆད་སངས་རྒྱས་བྱེ་བ་སྟོང་ཕྲག་དགུ་ཅུ་རྩ་གཅིག་དྲན། །དེ་དག་དྲང་སྲོང་ཞེས་བྱ་ནགས་མཆོག་དེར་ནི་འཁོར་ལོ་དམ་པ་བསྐོར། །ཞི་ཞིང་ཉེར་ཞི་བསམ་གཏན་མངོན་གྱུར་རྟག་ཏུ་ རི་དྭགས་རྣམས་ཀྱིས་བསྟེན། །དེ་ཕྱིར་དྲང་སྲོང་ཞེས་བྱ་ནགས་མཆོག་དེར་ནི་འཁོར་ལོ་དམ་པ་བསྐོར། །ཞེས་གསུངས་པ་དང་། གནས་བྱ་རྒོད་ཕུང་པོ་ཉིད་དུ་བཞུགས་པའི་སངས་རྒྱས་ལ་བཀུར་སྟིར་མཛད་པ་ཡང་ཆེས་ཤིན་ཏུ་མང་སྟེ། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། སངས་ 213-1-24b རྒྱས་དག་ནི་བྱེ་བ་ཕྲག་སྟོང་དང་། །དེ་བས་ལྷག་པ་གངྒཱའི་བྱེ་མ་སྙེད། །ཀུན་ཀྱང་བྱ་རྒོད་ཕུང་བོ་འདིར་བཞུགས་ཏེ། །མི་དབང་དེ་ཀུན་ང་ཡིས་བཀུར་སྟིར་བྱས། །ཞེས་གསུངས་པའི་ཕྱིར་རོ། དེ་བཞིན་དུ་མ་འོངས་པར་ཡང་སྒྲོན་མེའི་བསྐལ་པ་འདི་ལ་འབྱོན་པར་འགྱུར་པའི་སངས་རྒྱས་ བཅོམ་ལྡན་འདས་སྟོང་ཕྲག་གཅིག་ལ་བཞིས་དམན་པའམ་གཅིག་གིས་དམན་པ་རྣམས་ཀྱང་བྱང་ཆུབ་ཀྱི་སྙིང་པོ་མངོན་དུ་མཛད་ཅིང་ཆོས་ཀྱི་འཁོར་ལོ་བསྐོར་བའི་གནས་སུ་འགྱུར་བའི་ཕྱིར་དང་། བྱེ་བྲག་ཏུ་བདག་ཅག་གི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་ བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་པ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་ཐུབ་པའི་དབང་པོ་ཉིད་ཀྱིས་བྱང་ཆུབ་ཀྱི་ཤིང་ལྗོན་པའི་དྲུང་ག་ལ་བར་སྐྱིལ་མོ་ཀྲུང་གཅིག་ལ་ཡིད་ཀྱི་སྲུབ་ཤིང་སྡེ་དང་བཅས་པ་ལས་རྣམ་པར་རྒྱལ་བའི་འགོ་འཕང་ དམ་པ་མངོན་དུ་མཛད་པའི་ཚུལ་བསྟན་པ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྣང་བར་བྱེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་བྱིན་གྱིས་རློབ་པས་བྱིན་གྱིས་བརླབས་ཏེ། སླར་ཡང་མི་ཤིགས་རྡོ་རྗེ་རིན་པོ་ཆེའི་ཁམས་སུ་བརླིང་བར་བྱས་པའི་གནས་སུ་གྱུར་པའི་གླིང་ཐམས་ཅད་ཀྱི་གཙུག་ གི་ནོར་བུ་གཅིག་པུར་གྱུར་པ་ནི་ཛམྦུའི་གླིང་འདི་ཉིད་དོ། །གཞན་ཡང་གླིང་འདིའི་ནུབ་ཕྱོགས་སུ་གསང་ཆེན་རྡོ་རྗེ་ཐེག་པའི་ཉེ་ལམ་གི་བདུད་རྩི་བསམ་གྱིས་མི་ཁྱབ་པའི་འབྱུང་གནས་སུ་གྱུར་པའི་ཆོས་མཛོད་ཆེན་པོ། རིག་པ་འཛིན་པ་རྣམས་ཀྱི་དགའ་བའི་ཚལ་ལྟ་བུའི་གནས་མཆོག་ཁྱད་པར་ཅན་ཨོོ་ཌྱཱན་ རྡོ་རྗེ་ཆེན་པོའི་ཕོ་བྲང་ཞེས་བྱ་བ་ཡོད་དོ། །ཤར་ཕྱོགས་སུ་རྒྱལ་བ་མ་ལུས་པ་སྐྱེད་པའི་ཡབ་གཅིག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་བརྟན་པའི་འཁོར་ལོ་བུས་པ་ཆུང་ངུའི་གཟུགས་སུ་བཟུང་ནས། ཡིད་ཅན་རྒྱ་མཚོ་ཆེན་པོའི་རྡུལ་གྱི་གྲངས་དང་མཉམ་པ་རྣམ་པ་ཐམས་ཅད་ མཁྱེན་པའི་གྲོང་ཁྱེར་དུ་ཁྲིད་པའི་ཆོས་ཀྱི་ཚུལ་ལེགས་པར་འདོམས་པའི་གནས་རྒྱའི་རི་བོ་རྩེ་ལྔ་ཞེས་བྱ་བ་ཡོད་དོ། །ལྷོ་ཕྱོགས་སུ་སྙིང་རྗེ་ཆེན་པོའི་གཏེར་ཆེན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་ཐུགས་རྗེ་ཤིན་ཏུ་མྱུར་བའི་དཔའ་མོ་རྗེ་བཙུན་སྒྲོལ་མ་སྟེ་གཉིས་ཀྱིས་སེམས་ཅན་གྱི་ཁམས་སུ་ཉིན་མཚན་ 213-1-25a གྱི་དུས་རྣམ་པ་དྲུག་ཏུ་དགོངས་ཤིང་དངོས་དང་རྣམ་པར་འཕྲུལ་བའི་སྒྱུ་འཕྲུལ་གྱི་དྲ་བས་བྱང་ཆུབ་ཀྱི་སྤྱོད་པ་སྐྱོང་ཞིང་བཞུགས་པའི་གཞལ་མེད་ཁང་དག་གིས་མངོན་པར་བརྒྱན་པའི་རི་བོ་གྲུ་འཛིན་ཞེས་བྱ་བ་དང་། སྟོན་པ་ཤཱཀྱའི་རྒྱལ་པོས་ཟུང་འཇུག་གི་སྐུར་བཞེངས་ནས་སྐལ་བ་དང་ལྡན་པའི་གདུལ་བྱ་མཆོག་ གི་འཁོར་རྣམས་ལ་དཔལ་དུས་ཀྱི་འཁོར་ལོའི་རྩི་བའི་རྒྱུད་ཀྱི་བདུད་རྩིའི་དགའ་སྟོན་སྩལ་བའི་གནས་སུ་བྱིན་གྱིས་བརླབས་པ་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ཆེན་པོ་ཞེས་བྱ་བ་བཞུགས་སོ། །བྱང་ཕྱོགས་སུ་རྒྱལ་བའི་སྲས་ཀྱི་རང་གཟུགས་ཆོས་བཞིན་མཛད་པའི་ཆོས་རྒྱལ་བདུན་དང་རིགས་ལྡན་ཉི་ཤུ་རྩ་ ལྔས་ལེགས་པར་བསྲུངས་པ། ཀ་ལཱ་པ་ཞེས་བྱ་བས་མཚོན་པའི་གྲོང་ཁྱེར་བྱེ་བ་ཕྲག་དགུ་ཅུ་རྩ་དྲུག་དང་ལྡན་པའི་འཛིན་མའི་དཀྱིལ་འཁོར་དམ་པ་ཤམྦྷ་ལ་ཞེས་བྱ་བ་དང་། ས་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྣམ་པར་འཕྲུལ་པའི་རོལ་རྩེད་བགྲང་དུ་མེད་པ་དག་ གིས། བཅོམ་ལྡན་འདས་བུ་རམ་ཤིང་པའི་ལུང་དང་རྟོགས་པའི་བསྟན་པ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་མཁའ་པའི་ཕྲིན་ལས་གསུམ་གྱི་རྒྱལ་མཚན་དམ་པའི་རྩེ་མོ་ལ་མངའ་གསོལ་ཏེ། ཇི་སྲིད་མ་ཕམ་རྒྱལ་བའི་དབང་པོའི་བསྟན་པ་ཤར་བར་མ་གྱུར་པ་དེ་སྲིད་དུ་བརྟན་པར་བགྱིད་པའི་གནས་དམ་པ་བོད་ཡུལ་ ཁ་བའི་ལྗོངས་ཞེས་བྱ་བ་རྣམས་ཡོད་དོ། །གཞན་ཡང་འཇིག་རྟེན་ལས་འདས་པ་ཆེན་པོ་དཔལ་ཧེ་རུ་ཀའི་ཡེ་ཤེས་སྐྱེ་བ་མེད་པའི་ཀློང་ནས་སྐྱེ་བའི་ཆོ་འཕྲུལ་གྱི་རྣམ་པར་རོལ་པའི་དཔའ་བོ་དང་རྣལ་འབྱོར་མས་ཆེན་པོའི་རྡུལ་ཕྲ་བ་སྙེད་ཀྱིས་རྣམ་པར་རྩེ་བའི་གནས་ཆེན་པོ་ཡུལ་སུམ་ཅུ་རྩ་གཉིས། གནས་ཉི་ཤུ་ རྩ་བཞི། དུར་ཁྲོད་ཆེན་པོ་བརྒྱད་རྣམས་དང་། གཞན་ཡང་ཡུལ་འཁོར་ལྔ་བརྒྱ་དང་། ལྗོངས་ཆེན་པོ་བཅུ་དྲུག་དང་། ཡུལ་ཕྲན་སྟོང་ཕྲག་གཅིག་སྟེ། དེ་དག་ཏུ་བསྟེན་པའི་མིའི་རིགས་མི་འདྲ་བ་སུམ་བརྒྱ་དྲུག་ཅུ་དང་། སྐད་ཀྱི་རིགས་མི་འདྲ་བ་བདུན་བརྒྱ་ཉི་ཤུ་འབྱིན་པ་ཡོད་པར་བཤད་པ་རྣམས་ ཀྱང་གླིང་འདི་ཉིད་དུ་ཡོད་པས་སོ། །མདོར་ན་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་སྟོང་དང་བཞི་ལས་ཐུགས་བསྐྱེད་ཀྱི་སྟོབས་རྨད་དུ་བྱུང་བར་བཤད་པ་ནི་སྟོན་པ་འདི་ཉིད་དེ། གང་དེས་མཛད་པའི་ཕྲེང་བ་རྨད་དུ་བྱུང་བ་དང་བཅས་ཏེ་སེམས་ཅན་གྱི་དོན་ལ་བྱོན་པའི་གནས་ནི་ཛམྦུའི་གླིང་ཞེས་བྱ་བ་འདི་ཉིད་ 213-1-25b དོ། །གཉིས་པ་དེར་ཇི་ལྟར་བྱོན་པ་དངོས་ནི། སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱིས། དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་དེ། །བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ཤིང་། །བར་དུ་གཅོད་པའི་བདུད་རྣམས་འཇོམས་མཛད་པ། །བཅོམ་ལྡན་སེང་གེ་དེ་ལ་ཕྱག་འཚལ་ལོ། །ཞེས་ གསུངས་བ་ལྟ་བུའི་གོ་རིམས་དང་རྗེས་སུ་མཐུན་པར་བརྗོད་པར་བྱའོ། །དེ་ལ་དང་པོ་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་དང་། བར་དུ་ཚོགས་གཉིས་བསགས་པ་དང་། མཐར་སངས་རྒྱས་པ་དངོས་སོ། །དང་པོ་ཐུགས་བསྐྱེད་པ་ལའང་ཐེག་པ་དམན་པ་ལ་གྲགས་པ་དང་། ཐེག་པ་ཆེན་པོ་ལ་གྲགས་ པ་གཉིས་སོ། །དང་པོ་ཐེག་པ་དམན་པ་ལྟར་ན། འདུལ་བ་ལུང་ལས། སངས་རྒྱས་འདོད་ཆགས་བྲལ་ཐོས་ཤིང་། །གླང་པོ་དྲེགས་པའི་ཤས་ཆེན་དང་། །འཇིག་རྟེན་སྡུག་བསྔལ་གྱུར་མཐོང་ནས། །ངས་ནི་བྱང་ཆུབ་སེམས་བསྐྱེད་དོ། །ཞེས་འབྱུང་བའི་དོན་བསྡུས་ཏེ་བརྗོད་ན་འདི་ལྟར་ སྔོན་བྱུང་བ་འདས་པའི་དུས་ཀྱི་བསྐལ་པ་ལ་ཁོ་བོ་ཅག་གི་སྟོན་པ་འདི་ནི་རྒྱུད་རང་བཞིན་ཀྱིས་མཉེན་ཞིང་ཆོས་ལ་གུས་པ་ལྷུར་བགྱིད་པ། འོད་ལྡན་ཞེས་བྱ་བའི་གྲོང་ཁྱེར་གྱི་རྒྱལ་པོ་རབ་གསལ་ལམ་འོད་ལྡན་ཞེས་བྱ་བ་སྟོབས་དང་འབྱོར་པ་ནི་ལྷ་རྣམས་ཀྱི་དབང་པོའི་ཕུན་སུམ་ཚོགས་པ་ལྟ་བུ་ལ་སྤྱོད་པ་ ཞིག་ཏུ་གྱུར་ཏོ། །དེ་ལ་དུས་གཞན་ཞིག་ན། གླང་པོ་ཆེ་མེ་ཏོག་ཀུ་མུ་དའི་མདོག་བཞིན་དུ་ཐལ་ཀར་ཡོད་པ། གཟུགས་བཟང་ཞིང་ཡན་ལག་བདུན་ལགས་པར་རྫོགས་པ་ཞིག་ཡོད་དེ། དེ་འདུལ་བའི་ཆེད་དུ་ཀུན་དུ་བགྲོད་ཅེས་བྱ་བའི་གླང་པོ་འདུལ་མཁན་ཞིག་ཡོད་པ་དེ་བཀུག་སྟེ་འདུལ་དུ་འཇུག་ གོ། །དེས་ཀྱང་དེ་ལྟར་མཉན་ཏེ་དུལ་བར་བྱས་ནས་སླར་རྒྱལ་པོ་ལ་ཕུལ་ལོ། །དེ་ནས་ཉམས་སད་པའི་ཕྱིར་རྒྱལ་པོ་དང་འདུལ་མཁན་གཉི་གས་གླང་པོ་ཆེའི་རྒྱབ་ཏུ་ཞོན་ཏེ་རི་དྭགས་བཤོར་དུ་སོང་ངོ་། །ཇི་ཙམ་ན་གླང་པོ་ཆེ་དེས་ནགས་ཀྱི་བན་གླང་མོའི་དྲི་ཚོར་བའི་རྐྱེན་བྱས་པས་རྩི་དགའི་བདེ་བ་རྗེས་སུ་དྲན་ ཏེ་དེའི་རྗེས་སུ་རླུང་དང་འདྲ་བར་མགྱོགས་པའི་ཤུགས་ཀྱིས་རྒྱུག་པ་ན། རྒྱལ་པོ་སྐྲག་སྟེ་འདུལ་མཁན་ལ་སྨྲས་པ། ཀྱེ་གླང་པོ་འདུལ་བ་གླང་པོའི་དབང་པོ་འདུལ་བ་ལ་འབད་པར་གྱིས་ཤིག །དེས་སྨྲས་པ། ལྷ་འདི་ན་འཁྲུལ་གྱིས། ཤིང་གི་ཡལ་ག་ལ་འཇུས་ཤིག །དེ་ནས་གཉིས་ཀས་ཤིང་གི་ཡལ་ 213-1-26a ག་ལ་འཇུས་ཏེ་གླང་པོ་ཆེ་ཅི་དགར་བཏང་ནས་བདེ་བར་བབ་པོ། །དེར་རྒྱལ་པོས་འདུལ་མཁན་ལ་སྨྲས་པ། ཁྱོད་ཀྱིས་གླང་པོ་མ་ཐུལ་བ་ང་ལ་བྱིན་ནོ། །དེས་སྨྲས་པ། ལྷ་ཁོ་བོ་ཅག་གིས་འདིའི་ལུས་ནི་ཤིན་ཏུ་དུལ་བར་བྱས་པ་ཡིན་ནོ། །འོན་ཀྱང་སེམས་ནི་དེ་ལྟར་མ་ལགས་པས། དེང་བན་གླང་མོའི་འདྲི་ཚོར་ཏེ་ཉན་ཏུ་མ་བཏུབ་བོ། །དེ་ལྟ་ནའང་དཔྱད་རྗེས་སུ་དྲན་ནས་རིང་པོར་མི་ཐོགས་པར་འོང་བར་འགྱུར་རོ། །དེས་ཇི་སྐད་སྨྲས་པ་བཞིན་དུ་ཞག་བདུན་ནས་ཁྱིམ་དུ་བྱང་ངོ་། །དེ་མཐོང་ནས་འདུལ་མཁན་གྱིས་རྒྱལ་པོ་ལ་སྦྲོན་ནོ། །དེ་ནས་རྒྱལ་པོའི་བདུན་དུ་ཡིད་ཆེས་པར་བྱ་བའི་ ཕྱིར་ཀུན་ཏུ་བགྲོད་ཀྱིས་ལྕགས་ཀྱི་ཐོ་ལུམ་སོལ་མལ་དུ་བསྲེགས་པ་རབ་ཏུ་འབར་བ་ཞིག་ཐོགས་ཏེ་ཁ་ཁ་ཞེས་བརྗོད་དོ། །དེ་ལ་གླང་པོས་ཀྱང་བག་ཚབ་མེད་པར་ལེན་དུ་བརྩམས་པ་ན། འདུལ་མཁན་གྱིས་སྨྲས་པ། ལྷ་འདི་ལེན་དུ་ནི་བཏུབ་ན་འོན་ཀྱང་འགུམ་པར་འགྲུར་རོ། །དེ་དག་གིས་རྒྱལ་པོ་ ཡིད་ཆེས་པར་གྱུར་ཏེ་ཡང་སྨྲས་པ། དེ་ལྟར་དུལ་བར་བགྱིས་པ་ལ་བདག་ཅག་ཟུང་ནི་དེ་ལྟ་བུའི་གཡེང་བར་བྱེད་པའི་རྒྱུ་ཅི་ཞིག་ཅེས་དྲིས་པ་ལ། ལྷ་ཁོ་བོ་ཅག་གིས་ལུས་ནི་ཐུལ་གྱིས་སེམས་ནི་མ་ལགས་སོ་ཞེས་བྱ་བ་སྔར་ཡང་མ་གསོལ་ལམ། དེར་རྒྱལ་པོས་སྨྲས་པ། སེམས་འདུལ་བ་གང་ དག་ཡོད་པ་ཁྱོད་ཀྱིས་མཐོང་བ་དང་ཐོས་པ་བྱུང་ངམ་ཞེས་དྲིས་སོ། །དེ་ཡང་ལྷས་བསྐུལ་ནས། ལྷ་གཅིག་ལུས་དང་སེམས་འདུལ་པ་པོ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་སོ་ཞེས་བྱ་བ་ལ་སོགས་པ་གཏམ་གྱི་ཞར་ལས་སངས་རྒྱས་ཀྱི་མཚན་ཐོས་པའི་མོད་ལ་རྒྱལ་པོ་སངས་རྒྱས་བཅོམ་ལྡན་ འདས་ལ་ཤིན་ཏུ་དད་པར་གྱུར་ཏེ་སྦྱིན་པ་ནི་བྱིན། བསོད་ནམས་ནི་ཅི་ཡང་བསགས་ཏེ་བླ་ན་མེད་པའི་བྱང་ཆུབ་ལ་མོས་བས། སྦྱིན་པ་རྒྱ་ཆེན་གྱུར་བ་འདི་ཡིས་སུ། །འགྲོ་བར་རང་བྱུང་སངས་རྒྱས་གྱུར་ནས་ནི། །སྔོན་གྱི་རྒྱལ་བ་རྣམས་ཀྱིས་མ་བསྒྲལ་བའི། །སྐྱེ་བོའི་ཚོགས་རྣམས་བདག་གིས་ བསྒྲལ་བར་བྱ། །ཞེས་བ་སྨོན་ལམ་དུ་བཏབ་པས་སྨོན་ལམ་གྱི་ཐོག་མ་བསྐྲུན་བར་བཤད་དོ། །གཉིས་པ་ཐེག་པ་ཆེན་པོ་ལས་འབྱུང་བ་ལ། སེམས་བསྐྱེད་ཀྱི་ངོ་བོ་དང་། ཇི་ལྟར་སེམས་བསྐྱེད་པ་དངོས་སོ། །ཇི་ལྟར་སེམས་བསྐྱེད་ཀྱི་ངོ་བོ་ནི། གཞན་གྱི་དོན་བསྒྲུབ་པའི་ཕྱིར་ཡང་དག་པར་ 213-1-26b རྫོགས་པའི་བྱང་ཆུབ་ལ་དམིགས་པའི་མཚན་ཉིད་ཅན་གང་ཡིན་པ་སྟེ། དེ་སྐད་དུའང་། མངོན་པར་རྟོགས་པའི་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་སོ། །དེ་ལའང་ནང་གསེས་ཀྱི་སྒོ་ནས་དབྱེ་ན། བྱང་ཆུབ་ཏུ་སྨོན་པའི་སེམས་ བསྐྱེས་པ་ཞེས་བྱ་བ་དང་། དེ་བསྒྲུབ་པར་རྩོམ་པ་འཇུག་པའི་སེམས་བསྐྱེད་པ་ཞེས་བྱ་བ་གཉིས་སུ་འགྱུར་ཏེ། ཞི་བའི་ལྷས། འགྲོ་བར་འདོད་དང་འགྲོ་བ་ཡིས། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། །ཞེས་སོ། །དེ་ལའང་ཡུལ་གྱི་སྒོ་ནས་དབྱེ་ན། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་དང་། དོན་དམ་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་གཉིས་སུ་འགྱུར་ཏེ། དང་པོ་ཐོབ་པར་བྱེད་པའི་རྒྱུ་ནི། རྒྱན་ལས། གྲོགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས། །ཐོས་སྟོབས་དགེ་བ་གོམས་པ་ལས། །མི་བརྟན་པ་དང་བརྟན་འབྱུང་བ། །གཞན་གྱིས་ བསྟན་པའི་སེམས་བསྐྱེད་འདོད། །ཅེས་འབྱུང་བ་ལྟ་བུའོ། །ཕྱི་མ་ཐོབ་པར་བྱེད་པའི་རྒྱུ་ནི། ཇི་སྐད་དུ། རྫོགས་པའི་སངས་རྒྱས་རབ་བསྙེན་བྱས། །བསོད་ནམས་ཡེ་ཤེས་ཚོགས་རབ་བསགས། །ཆོས་ལ་མི་རྟོག་ཡེ་ཤེས་ནི། །བསྐྱེད་ཕྱིར་དེ་ནི་དམ་པར་འདོད། །ཅེས་འབྱུང་བ་ལྟ་ བུའོ། །དེ་བཞིན་དུ་ས་མཚམས་ཀྱི་སྒོ་ནས་དབྱེ་ན། མོས་པ་དང་། ལྷག་པའི་བསམ་པ་རྣམ་པར་དག་པ་དང་། རྣམ་པར་སྨིན་པ་དང་། སྒྲིབ་པ་སྤོང་བ་སྟེ་བཞིའོ། །དེ་སྐད་དུའང་། སེམས་བསྐྱེད་དེ་ནི་ས་རྣམས་ལ། །མོས་དང་ལྷག་བསམ་དག་པ་དང་། །རྣམ་པར་སྨིན་པ་གཞན་དུ་ འདོད། །དེ་བཞིན་སྒྲིབ་པ་སྤོང་བའོ། །ཞེས་སོ། །གྲོགས་དང་དཔེའི་སྒོ་ནས་ནི། འདུན་པ་དང་ལྡན་པས་ལྟ་བུ་ནས་ཆོས་ཀྱི་སྐུ་སྤྲིན་ལྟ་བུའི་བར་གྱི་ཉི་ཤུ་རྩ་གཉིས་སུ་རྒྱན་ལས་ཇི་སྐད་བཤད་པ་ལྟར་ཤེས་པར་བྱའོ། །གཉིས་པ་ཇི་ལྟར་སེམས་བསྐྱེད་པ་དངོས་ནི། དྲིན་ལན་བསབས་ པའི་མདོ་ལས་འབྱུང་བའི་སྙིང་པོ་དྲི་ལན་འདི་ལྟར། བཅོམ་ལྡན་འདས་འདི་སྔོན་གྱི་བསྐལ་པ་དཔག་ཏུ་མེད་པའི་གོང་རོལ་དུ་སོ་སོ་སྐྱེ་བོའི་འཆིང་བ་ཐམས་ཅད་དང་ལྡན་པའི་དུས་སུ། ལས་ཀྱི་དབང་གིས་མེའི་ཤིང་རྟ་ཞེས་བྱ་བའི་དམྱལ་བར་ལྷུངས་ཏེ། གྲོགས་གཞན་ཞིག་དང་ལྷན་ཅིག་ཏུ་དམྱལ་ 213-1-27a བའི་སྲུང་མ་ཨ་བང་སྡོད་པའི་ཤིང་རྟ་འདྲེན་པའི་གྱད་དུ་གྱུར་ཏོ། །སྲུང་མ་དེ་ནི་ལུས་བོང་ཤིན་ཏུ་ཆེ་ཞིང་ཁ་དང་མིག་དང་རྣ་བ་དང་སྣ་རྣམས་ནས་མེ་འབུད་ཅིང་དུབ་གཏུལ་བ། རྒྱུད་གཏུམ་པོ་མི་བཟད་པ་དང་ལྡན་པ་ཡིན་པས་ཤིང་རྟ་ལ་སྐྱིལ་མོ་ཀྲུང་བཅས་ཏེ་གནས་བཞིན་དུ་ལག་པ་ ན་ལྕགས་ཀྱི་དབྱུག་པ་ཐོགས་ནས་ཤིང་རྟ་འདྲེན་པ་གཉིས་ལ་བརྡེག་གོ། །དེས་ཤིན་ཏུ་ན་བའི་སྡུག་བསྔལ་ལམ་བཟོད་ནས་ཇི་ལྟར་ནུས་པའི་སྟོབས་ཀྱིས་དྲངས་བས། ཅིག་ཤོས་ནི་ཉམ་ཆུང་བར་གྱུར་པས་དེ་ལྟར་དུ་འདྲན་པར་མ་ནུས་པ་ལ། དམྱལ་བའི་སྲུང་མས་ལྕགས་ཀྱི་མདུང་རྩེ་གསུམ་པ་ བྲང་ལ་བཙུགས་ནས་ལྕགས་ཀྱི་དབྱུག་པས་བསྣུན་པས་ཁྲག་ཆལ་པར་ཕབ་བོ། །དེའི་ཚེ་གྱད་དེ་ནི་ཐེག་པ་ཆེན་པོའི་རིགས་དང་ལྡན་པར་གྱུར་པ་ཡིན་པས་གྲོགས་ཀི་སྡུག་བསྔལ་མཐོང་བས་སྙིང་རྗེ་རབ་ཏུ་རྒྱས་པའི་སེམས་སྐྱེས་ཏེ། སྲུང་མ་ཨ་བང་ལ། འདི་ལ་སྙིང་རྗེ་ཅུང་ཟད་སྐྱེད་ཅིག་ཅེས་ སྨྲས་སོ། །དེས་དེ་ལ་ཁྲོས་ནས་ལྕགས་ཀྱི་མདུང་ཐུང་འབར་བ་རྩེ་གསུམ་པ་གྱད་ཀྱི་གཉའ་བར་བཙུགས་པས་དེ་ཉིད་དུ་དུས་བྱས་སོ། །དེར་སྙིང་རྗེ་སེམས་ཀྱི་མཐུ་ཆེན་པོས་བསྐལ་པ་བརྒྱ་སྙེད་ཀྱི་སྡིག་པ་ཡང་ཆུས་བཀྲུས་པའི་དྲི་མ་བཞིན་དུ་བྱང་ནས་དམྱལ་བའི་གནས་དེ་ལས་ཐར་པར་གྱུར་ཏོ། ། དེ་ནས་རིང་ཞིག་ལོན་པ་ན་ཛམྦུའི་གླིང་གི་ལྷོ་ཕྱོགས་ཀྱི་རྒྱུད་དུ་རྫ་མཁན་གྱི་ཁྱེའུ་སྣང་བྱེད་ཅེས་བྱ་བ་ཞིག་ཏུ་གྱུར་ཏོ། །དེ་ལྟ་བུའི་རིགས་ལ་གནས་པའི་གང་ཟག་དེ་ལ་ཡང་། ཇི་སྐད་དུ་། རིགས་དང་དགེ་བཤེས་སྙིང་རྗེ་དང་། །སྡུག་བསྔལ་རྣམས་ཀྱིས་མི་ལྡོག་པ། །རྒྱུ་བཞི་རྐྱེན་ནི་འདི་དག་ གིས། །བྱང་ཆུབ་སེམས་ནི་རབ་ཏུ་འཇུག །ཅེས་པ་ལྟར་བྱང་ཆུབ་ཀྱི་སེམས་འཕེལ་བར་བྱེད་པའང་བདག་རྐྱེན་དགེ་བའི་བཤེས་ལ་རག་ལས་པ་ཡིན་པའི་ཕྱིར། ཇི་ལྟར་ན་ཁྱེའུ་སྣང་བྱེད་སངས་རྒྱས་ཤཱཀྱ་ཐུབ་པ་ཆེན་པོ་ལ་ཤིན་ཏུ་དད་པར་གྱུར་ཏེ། ཐུག་འཇམ་ཡོལ་གོ་གང་ཞིག་ཕུལ་ཏེ། མེ་ཏོག་ ཏུ་འགྲོན་བུ་ལྔས་ཀྱང་མངོན་པར་གཏོར་ནས། བདེ་བར་གཤེགས་པ་ཁྱེད་སྐུ་ཅི་འདྲ་དང་། །སྐུ་ཚེའི་ཚད་ཀྱང་ཁྱེད་དང་ཅི་འདྲ་བ། །མཚན་མཆོག་བཟང་པོ་ཁྱེད་དང་ཅི་འདྲ་པ། །དེ་བཞིན་བདག་ཀྱང་དེ་དང་འདྲ་བར་ཤོག །ཅེས་སྨོན་ལམ་བཏབ་ཅིང་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། ། 213-1-27b དེ་ལྟར་ཡང་། འཕགས་པ་བསྐལ་པ་བཟང་པོ་ལས། ང་ནི་སྔོན་ཚེ་དམན་པར་གྱུར་པའི་ཚེ། །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་དེ་ལ། །འཇམ་གང་ཞིག་ནི་དབུལ་བར་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །ཞེས་འབྱུང་ངོ་། །གཉིས་པ་བར་དུ་ཚོགས་གཉིས་ བསགས་པ་ལ། ཐེག་བ་ཆུང་ངུར་གྲགས་པ་དང་། ཐེག་པ་ཆེན་པོར་གྲགས་པ་གཉིས་སོ། །དང་པོ་ཐེག་པ་ཆུང་ངུར་གྲགས་པ་ལྟར་ན། མཛོད་ལས། དེ་གྲངས་མེད་གསུམ་ལ་འཚང་རྒྱུ། ཞེས་གསུངས་པ་ལྟར། གྲངས་མེད་གསུམ་གྱིས་ཚར་ཕྱིན་པ་འདོད་དེ། དེ་ཡང་ བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་གཞན་དོན་དུ་བྱང་ཆུབ་ཐོབ་པའི་སེམས་ཀྱིས་སངས་རྒྱས་རྣམས་མཆོད་པས་མཉེས་པར་བྱེད་པ་དང་། གཞན་དོན་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་པ་རྣམས་བསྐལ་པ་ཆེན་པོ་གྲངས་མེད་པ་གསུམ་དུ་སྤྱད་པས་བྱང་ཆུབ་ཏུ་སངས་རྒྱས་པར་འདོད་པའི་དབང་དུ་བྱས་ པ་ནི། འདི་ལྟར་བསྐལ་པ་གྲངས་མེད་པ་དང་པོ་ལ་བདག་ཅག་གི་སྟོན་པ་འདི་ནི་སྔོན་དུ་རྫ་མཁན་གྱི་ཁྱེའུར་གྱུར་པའི་ཚེ། ཐོག་མར་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཆེན་པོ་འཇིག་རྟེན་དུ་བྱོན་པ་ལ་མར་དང་ཏིལ་མར་གྱིས་བསྙེན་བཀུར་བ་ནས་བཟུང་སྟེ། རྒྱལ་པོར་གྱུར་པའི་ཚེ་ཡན་ལག་བཞི་པའི་ དཔུང་གི་ཚོགས་ཡོངས་སུ་སྤངས་ནས། བྱང་ཆུབ་མངོན་པར་འདོད་པའི་སེམས་ཀྱིས། དེ་བཞིན་གཤེགས་པ་ཡུལ་འཁོར་སྐྱོང་གི་ཞམ་རིང་བྱས་པའི་བར་ལ། དེ་བཞིན་གཤེགས་པ་བདུན་ཁྲི་ལྔ་སྟོང་ལ་བསྙེན་བཀུར་བས་མཉེས་པར་བྱས་པ་ཡིན་ནོ། །དེ་ལྟར་ཡང་འདུལ་བ་ལུང་ལས། སངས་རྒྱས་ཤཱཀྱ་ཐུབ་པ་ནས། །འདྲེན་པ་ཡུལ་འཁོར་སྐྱོང་གི་བར། །བདུན་ཁྲི་དང་ནི་ལྔ་སྟོང་གི། །སངས་རྒྱས་རྣམས་ནི་ང་ཡིས་མཆོད། །ཅེས་སོ། །བསྐལ་པ་གྲངས་མེད་པ་གཉིས་པ་ལ་བྲམ་ཟེའི་ཁྱེའུར་གྱུར་པའི་ཚེ། དེ་བཞིན་གཤེགས་པ་མར་མེ་མཛད་ལ་ཨུཏྤ་ལ་སྔོན་པོ་བདུན་གྱིས་ མངོན་པར་གཏོར་བ་ནས་བཟུང་སྟེ། བྲམ་ཟེར་གྱུར་བའི་ཚེ་དེ་བཞིན་གཤེགས་པ་དབང་པོའི་རྒྱལ་མཚན་མཐོང་བ་ལ་ཡིད་རབ་ཏུ་དགའ་བས་ཐལ་མོ་སྦྱར་ཏེ་བསྟོད་པ་ཕུལ་བའི་བར་ལ། དེ་བཞིན་གཤེགས་པ་བདུན་ཁྲི་དྲུག་སྟོང་ལ་བསྙེན་བཀུར་བས་མཉེས་པར་བྱས་པ་ཡིན་ཏེ། ཇི་སྐད་དུ། 213-1-28a སངས་རྒྱས་མར་མེ་མཛད་པ་ནས། །ཐུབ་པ་དབང་པོའི་རྒྱལ་མཚན་བར། །བདུན་ཁྲི་དང་ནི་དྲུག་སྟོང་གི། །སངས་རྒྱས་རྣམས་ནི་ང་ཡིས་མཆོད། ཅེས་སོ། །བསྐལ་བ་གྲངས་མེད་པ་གསུམ་པ་ལ། རྒྱལ་པོར་གྱུར་པའི་ཚེ། དེ་བཞིན་གཤེགས་པ་བདེ་མཛད་ དམ་པ་ལ་མཆོད་པ་ཕུལ་བ་དང་། སངས་རྒྱས་དེ་མྱ་ངན་ལས་འདས་པ་ནའང་སྐུ་གདུང་གི་མཆོད་རྟེན་བརྩིགས་པ་ནས་བཟུང་སྟེ། བྲམ་ཟེའི་ཁྱེའུ་བླ་མ་ཞེས་བྱ་བར་གྱུར་པའི་ཚེ། དགའ་སྐྱོང་གི་ཚིག་ཐོས་ནས། དེ་བཞིན་གཤེགས་པ་འོད་སྲུངས་ལས་རབ་ཏུ་འབྱུང་བའི་ཐུགས་བསྐྱེད་པའི་བར་ ལ། དེ་བཞིན་གཤེགས་པ་བདུན་ཁྲི་བདུན་སྟོང་ལ་བསྙེན་བཀུར་བས་མཉེས་བར་བྱས་པ་ཡིན་ཏེ། ཇི་སྐད་དུ། གང་ཡང་སངས་རྒྱས་བདེ་མཛད་ནས། །སངས་རྒྱས་འོད་སྲུངས་བར་དུ་ནི། །ངས་ནི་བདུན་ཁྲི་བདུན་སྟོང་གི། །རྒྱལ་བ་རྣམས་ནི་མཆོད་པ་བྱས། །ཞེས་འབྱུང་ངོ་། །དེ་ལའང་མངོན་ བ་མཛོད་ལས་ནི། ཤཱཀྱ་ཐུབ་པ་ནས་རིན་ཆེན་གཙུག་ཏོར་ཅན་ཐ་མར་གྱུར་བའི་བར་ནི་གྲངས་མེད་པ་དང་པོའོ། །དེ་ནས་མར་མེ་མཛད་ཐ་མར་གྱུར་པའི་བར་ནི་གྲངས་མེད་པ་གཉིས་པའོ། །དེ་ནས་རྣམ་པར་གཟིགས་ཐ་མར་གྱུར་པའི་བར་ནི་གྲངས་མེད་པ་གསུམ་པ་སྟེ། དེ་ལྟར་ཡང་། དེ་ཉིས་ལས། རྣམ་གཟིགས་མར་མེ་རིན་ཆེན་གཙུག །གྲངས་མེད་གསུམ་གྱི་ཐ་མར་བྱུང་། །དང་པོ་ཤཱཀྱ་ཐུབ་པ་ཡིན། །ཞེས་འབྱུང་བ་ལྟར་རོ། །དེ་ནས་མཚན་བཟང་གི་རྒྱུ་བསྒྲུབ་པ་ལ་བསྐལ་པ་བརྒྱར་ཐོགས་པ་ལ། བྲམ་ཟེའི་ཁྱེའུར་གྱུར་པ་ན་སངས་རྒྱས་སྐར་རྒྱལ་མིའི་ཁམས་ལ་སྙོམས་པར་ཞུགས་ པ་ལ་རྐང་གཅིག་གིས་འགྲེང་སྟེ་ཞག་བདུན་གྱི་བར་དུ་བསྐོར་བ་བར་མ་ཆད་པར་བྱས་ཏེ་བསྟོད་པ། སྐྱེས་བུ་ཁྱུ་མཆོག་ཁྱོད་འདྲའི་དགེ་སྦྱོང་ཆེན་པོ་གཞན་དག་ལྷ་ཡུལ་ས་ལ་མེད། །འཇིག་རྟེན་འདི་ནའང་ཡོད་པ་མ་ཡིན་རྣམ་ཐོས་བུ་ཡི་གནས་ནའང་མེད། །ལྷ་ཡི་ཕོ་བྲང་གནས་མཆོག་དག་ནའང་ ཡོད་མིན་ཕྱོགས་དང་ཕྱོགས་མཚམས་དག་ནའང་མེད། །རི་དང་ནགས་སུ་བཅས་པའི་ས་སྟེངས་རྒྱས་པ་ཀུན་ཏུ་བསྐོར་ཀྱང་ཡུལ་གཅིག་ག་ལ་ཡོད། །ཅེས་པའི་ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྟོད་པ་བྱས་པ་དང་། བསྐལ་པ་ཆེན་པོ་དགུའི་ཚོགས་བཟླུམས་ཏེ། དེ་ནས་བསྐལ་པ་ 213-1-28b ཆེན་པོ་དགུ་བཅུ་རྩ་གཅིག་འདས་པ་ན་གྲོང་ཁྱེར་ཉེར་ལྡན་དུས་སངས་རྒྱས་འོད་སྲུངས་བྱོན་པའི་ཚེ། བྲམ་ཟེའི་ཁྱེའུ་བླ་མར་གྱུར་བ་ཡན་ཆད་ཀྱིས་མཚན་བཟང་གི་རྒྱུ་གྲུབ་པ་ནི་བྱང་ཆུབ་སེམས་དཔའ་ངེས་པ་ལ་གནས་པ་ཞེས་བྱ་བ་ཡིན་ནོ། །དེའང་མཚན་བཟང་གྲུབ་པའི་རྒྱུ་ནི། འཇིག་རྟེན་གྱི་ ཁམས་ཐམས་ཅད་ཀྱི་བསོད་ནམས་དང་། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་འགྲུབ་པའི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པ་དེ་སྙེད་བཅུར་བསྒྱུར་བས་ནི་སངས་རྒྱས་ཀྱི་བ་སྤུའི་ཁུང་བུ་གཅིག་གོ། །བ་སྤུ་ཇི་སྙེད་སྐྱེད་པར་བྱེད་པའི་བསོད་ནམས་དེ་སྙེད་བརྒྱར་བསྒྱུར་བས་ནི་དཔེ་བྱད་བཟང་པོ་ གཅིག་གོ། །དཔེ་བྱད་བརྒྱད་ཅུ་པོ་ཚང་བར་འགྲུབ་པར་བྱེད་པའི་བསོད་ནམས་དེ་སྙེད་བརྒྱར་བསྒྱུར་བས་ནི་མཚན་བཟང་པོ་གཅིག་གོ། །མཚན་བཟང་པོ་སུམ་ཅུ་རྩ་གཉིས་པོ་ཚང་བར་འགྲུབ་པར་བྱེད་པའི་བསོད་ནམས་སྟོང་དུ་བསྒྱུར་བས་ནི་ཟླ་བ་ཉ་གང་བ་ལྟ་བུའི་མཛོད་སྤུ་འགྲུབ་བོ། །མཛོད་སྤུ་ འགྲུབ་པར་བྱེད་པའི་བསོད་ནམས་ཀྱི་ཕུང་པོ་དེ་འབུམ་དུ་བསྒྱུར་བས་ནི་གཙུག་ཏོར་བལྟར་མི་སྣང་བ་འགྲུབ་པར་འགྱུར་ཏེ། དེ་ལྟར་ཡང་རིན་ཆེན་ཕྲེང་པ་ལས། རང་སངས་རྒྱས་ཀུན་ལས་བྱུང་དང་། །སློབ་དང་མི་སློབ་ལས་བྱུང་དང་། །འཇིག་རྟེན་མ་ལུས་ཀུན་བསོད་ནམས། །འཇིག་རྟེན་བཞིན་ དུ་དཔག་མེད་གང་། །དེ་ཙམ་བཅུར་ནི་བསྒྲེས་བ་ཡིས། །བ་སྤུའི་བུ་ག་གཅིག་འགྲུབ་སྟེ། །སངས་རྒྱས་བ་སྤུའི་བུ་ག་ནི། །ཐམས་ཅད་དེ་དག་འདྲ་བར་འགྱུར། །བ་སྤུའི་བུ་ག་ཐམས་ཅད་ནི། །སྐྱེད་པར་བྱེད་པའི་བསོད་ནམས་གང་། དེ་དག་བརྒྱར་ནི་བསྒྱུར་བ་ཡིས། །དཔེ་བྱད་ བཟང་པོ་གཅིག་ཏུ་བཞེད། །བསོད་ནམས་དེ་དག་དེ་སྙེད་ཀྱིས། །རྒྱལ་པོ་དཔེ་བྱད་བཟང་པོ་ནི། །གཅིག་མཐར་ཕྱིན་ཏེ་དེ་ལྟ་བུར། །བརྒྱད་ཅུའི་བར་དུ་འབྱུང་བར་འགྱུར། །དཔེ་བྱད་བཟང་པོ་བརྒྱད་ཅུ་དག །འགྲུབ་པའི་བསོད་ནམས་ཚོགས་གང་ཡིན། །དེ་དག་བརྒྱར་ནི་བསྒྱུར་བ་ ཡིས། །སྐྱེས་བུ་ཆེན་པོའི་མཚན་གཅིག་གོ། །མཚན་ནི་སུམ་ཅུ་འགྲུབ་པའི་རྒྱུ། །བསོད་ནམས་རྒྱ་ཆེ་གང་ཡིན་པ། །དེ་དག་སྟོང་དུ་བསྒྱུར་བ་ཡིས། །ཟླ་བ་ཉ་འདྲའི་མཛོད་སྤུའོ། །མཛོད་སྤུ་ཡི་ནི་བསོད་ནམས་དག །སྟོང་ཕྲག་བརྒྱ་ནི་བསྡོམས་པ་ཡིས། །སྤྱི་གཙུག་ 213-1-29a བལྟར་ནི་མི་སྣང་བ། །སྐྱོབ་པའི་གཙུག་ཏོར་སྐྱེད་པར་བྱེད། །ཅེས་སོ། །དེ་ལྟར་མཚན་བཟང་འགྲུབ་པའི་རྒྱུ་མཐར་ཕྱིན་ནས། དགའ་ལྡན་གྱི་གནས་སུ་དམ་པ་ཏོག་དཀར་དུ་འཁྲུངས་པ་ནི་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །དེ་ཉིད་ ནས་ཛམྦུའི་གླིང་དུ་བྱུང་སྟེ་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བར་གྱུར་པ་ནི་སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ཡིན་ནོ། །དུས་དེ་དང་དེ་དག་ཏུ་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་རྒྱལ་བུ་ཐམས་ཅད་སྒྲོལ་དུ་གྱུར་པའི་ཚེ། སྙིང་རྗེ་ཆེན་པོས་འགྲོ་བ་ཐམས་ཅད་ལ་མདོག་པ་མ་ལུས་པ་བཏང་པས་སྦྱིན་ པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་ཤིང་། དྲང་སྲོང་བཟོད་པར་སྨྲ་བར་གྱུར་པའི་ཚེ་ཆགས་པ་དང་བཅས་བཞིན་དུ་ཡན་ལག་དང་ཉིང་ལག་རྣམས་བཅད་ཀྱང་༌འཁྲུགས་པ་མི་མངའ་བས་བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་པ་ཡིན་ལ། བྲམ་ཟེའི་ཁྱེའུར་གྱུར་པའི་ཚེ་ སངས་རྒྱས་སྐར་རྒྱལ་ལ་མངོན་པར་བསྟོད་པས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་པ་ཡིན་ནོ། །རྒྱལ་བུ་དོན་གྲུབ་ཏུ་གྱུར་པའི་ཚེ་རྡོ་རྗེའི་གདན་ལ་སྲོད་ཀྱི་དུས་སུ་བདུད་བཏུལ་ནས་ཐོ་རངས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་རྒྱུད་ལ་བསྐྱེད་པས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་རྫོགས་པར་འདོད་པ་ཡིན་ནོ། །མཛད་པ་བཅུ་གཉིས་ཇི་ལྟར་བསྟན་པ་ནི་མངོན་པར་འབྱུང་བའི་མདོ་ལ་སོགས་པ་ནས་འབྱུང་བ་ལྟར་ཤེས་པར་བྱ་བ་ཉིད་དོ། །གཉིས་པ་ཐེག་པ་ཆེན་པོའི་ལུགས་ལ། ཇི་སྲིད་བསགས་པ་ཚོགས་ཀྱི་ཡུན་ཚད་དང་། བསགས་པར་བྱ་བ་ཚོགས་ཀི་ངོ་བོ་དང་། ཇི་ལྟར་བསགས་པའི་ཚུལ་ཏེ་རྣམ་པ་གསུམ་ལས། དང་པོ་ཇི་སྲིད་དུ་བསགས་པའི་ཡུན་གྱི་ཚད་ནི། བསྐལ་པ་ཆེན་པོ་གྲངས་མེད་པ་གསུམ་དུ་བཤད་པ་ནི་བཀའ་དང་དགོངས་འགྲེལ་གྱི་བསྟན་བཅོས་ཕལ་ཆེ་བ་ལས་འབྱུང་སྟེ། མདོ་སྡེ་རྒྱན་ལས། ས་ནི་དང་པོ་ཡིན་པར་འདོད། །འདི་སྟེ་ བསྐལ་པ་དཔག་མེད་ཀྱི། །ཞེས་དང་། གྲངས་མེད་གཉིས་ནི་རྫོགས་པ་ཡིས། །སྒོམ་པའི་ལམ་ནི་ཚར་ཕྱིན་ཏེ། །ཞེས་གྲངས་མེད་དང་པོས་ནི་མོས་པས་སྤྱོད་པའི་ས་དང་པོ་དང་། གྲངས་མེད་གཉིས་པས་ནི་ས་གཉིས་པ་ནས་བདུན་པ་མན་ཆད་དང་། གྲངས་མེད་གསུམ་པས་ནི་ས 213-1-29b བཅུ་པ་མན་ཆད་ཐོབ་པར་བཞེད་དོ། །བརྒྱད་སྟོང་པའི་འགྲེལ་ཆེན་ལས་ནི་བསྐལ་པ་གྲངས་མེད་པ་སུམ་ཅུ་རྩ་གསུམ་དུ་བཤད་དེ། དེའང་ཚོགས་ལམ་དང་སྦྱོར་ལམ་ལ་གྲངས་མེད་གསུམ་དང་། ས་བཅུ་པོ་རེ་རེ་ལ་གསུམ་གསུམ་གྱིས་བྱང་ཆུབ་སེམས་དཔའི་རྫོགས་པར་བཤད་པ་ནི་ངེས་པའི་ དོན་དང་། གྲངས་མེད་གསུམ་དུ་བཤད་པ་ནི་དྲང་དོན་དགོངས་པ་ཅན་ཡིན་ཏེ། གྲངས་མེད་སུམ་ཚན་བཅུ་གཅིག་ཏུ་རིགས་གཅིག་པའི་ཕྱིར་རྗེས་སུ་འཇུག་པ་རྣམས་ཧ་ཅང་རྒྱུན་རིང་པ་ལ་ཞུམ་པ་སྤང་བའི་ཕྱིར་ཡིན་པར་བཞེད་དོ། །དེ་ལྟ་བུའི་གྲངས་མེད་བརྩམ་པའི་ཐོག་མ་ཉིད་ཀྱང་བྱང་ཆུབ་ཀྱི་ཆེད་ དུ་དགེ་བའི་རྩ་བ་གང་དག་བསགས་པ་རྣམས་མཐུན་པ་མ་ཡིན་པའི་ཕྱོགས་གང་གིས་ཀྱང་ཟིལ་གྱིས་མི་གནོན་པར་འགྱུར་པའི་བཟང་པོ་དང་། ཚེ་རབས་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་སྟོན་པའི་དགེ་བའི་བཤེས་གཉེན་དང་ཕྲད་པའི་སྨོན་ལམ་སྟོབས་དང་ལྡན་པ་དང་། མི་དགེ་བའི་གྲོགས་ཀྱིས་ མོས་པ་བཟློག་ཀྱང་དེའི་དབང་དུ་འགྲོ་བར་མི་འགྱུར་བར་བྱང་ཆུབ་ཀྱི་སེམས་མི་གཏོང་བའི་སེམས་བརྟན་པ་དང་། ཡོན་ཏན་ལ་ཆོག་པར་མི་འཛིན་ཞིང་མཐོང་བའི་ཆོས་དང་ཚེ་རབས་ཕྱི་མར་བཅས་པ་ལ་དགེ་བའི་ཆོས་མི་ཉམས་ཤིང་འཕེལ་བར་བྱེད་པ་སྟེ། ཆོས་འདི་རྣམས་དང་ལྡན་པ་ནི་ཁྱད་ པར་དུ་འགྲོ་བ་སྟེ། དེ་ལྟ་བུའི་ཆོས་བཞི་པོ་འདི་དག་ཚོགས་ཀྱི་ལམ་དུ་ནམ་ཐོབ་ན། དེ་ནས་བཟུང་སྟེ་བསྐལ་པ་གྲངས་མེད་ཀྱི་མགོ་བརྩམ་པར་འདོད་དེ། ཐེག་པ་བསྡུས་པ་ལས། བཟང་དང་སྨོན་པའི་སྟོབས་ཅན་དང་། །སེམས་བརྟན་ཁྱད་པར་འགྲོ་བ་ཡིས། །བྱང་ཆུབ་སེམས་ དཔའ་གྲངས་མེད་གསུམ། །ཀུན་ཏུ་བརྩམ་པར་མཛད་པ་ཡིན། །ཞེས་གསུངས་ཤིང་། རྗེ་བཙུན་བསོད་ནམས་རྩེ་མོས་ནི་རང་གི་སྟོབས་ཀྱིས་དེ་བཞིན་གཤེགས་པ་མཐོང་བ་ནས་གྲངས་མེད་དང་པོ་མགོ་བརྩམ་པར་གསུངས་སོ། །གཉིས་པ་བསགས་པར་བྱ་བ་ཚོགས་ཀྱི་ངོ་བོ་ནི། སྟོང་ ཉིད་སྙིང་རྗེའི་སྙིང་པོ་ཅན་དང་། འཁོར་གསུམ་དུ་རྣམ་པར་མི་རྟོག་པའི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམ་པ་གཉིས་ཀྱིས་བསྡུས་པའི་ལམ་གང་ཡིན་པ་སྟེ། མདོ་སྡེ་རྒྱན་ལས། བསོད་ནམས་ཡེ་ཤེས་མཚུངས་པ་མེད། ། 213-1-30a གཅིག་གིས་འཁོར་བར་མངོན་མཐོ་བྱེད། །གཞན་གྱིས་ཉོན་མོངས་མེད་པར་འཁོར། །ཞེས་དང་། སྦྱིན་དང་ཚུལ་ཁྲིམས་བསོད་ནམས་ཀྱི། །ཚོགས་ཡིན་ཤེས་རབ་ཡེ་ཤེས་ཀྱི། །གསུམ་ནི་གཉིས་ཆར་ལ་ཡང་གཏོགས། །ལྔ་ཆར་ཡང་ནི་ཡེ་ཤེས་ཚོགས། ། ཞེས་དང་། གཏམ་དུ་བྱ་བ་རིན་པོ་ཆེའི་ཕྲེང་བ་ལས། སངས་རྒྱས་རྣམས་ཀྱི་གཟུགས་སྐུ་འདིར། །བསོད་ནམས་ཚོགས་ལས་བྱུང་བ་སྟེ། །ཆོས་ཀྱི་སྐུ་ནི་མདོར་བསྡུས་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་བྱུང་། །དེ་ལྟ་བས་ན་ཚོགས་འདི་གཉིས། །སངས་རྒྱས་ཉིད་ནི་འཐོབ་པའི་ རྒྱུ། །ཞེས་གསུངས་པ་ལྟ་བུའོ། །གསུམ་པ་ཇི་ལྟར་ཚོགས་བསགས་པའི་ཚུལ་ནི། བསྐལ་པ་ཆེན་པོ་གྲངས་མེད་དང་པོ་ལ་འཇུག་པའི་དུས་སུ་རྒྱལ་པོའི་ཕོ་བྲང་རྣམ་པར་རྒྱལ་པོའི་རྒྱལ་མཚན་དུ་སྟོན་པ་འདི་ཉིད་རྒྱལ་པོ་རྣམ་པར་རྒྱལ་བའི་སྲས་གཞོན་ནུ་བརྩོན་འགྲུས་སྤྱོད་ཅེས་བྱ་བར་གྱུར་ ཏོ། །དེའི་ཚེ་དེ་བཞིན་གཤེགས་པ་འོད་འཕྲོའི་ཕུང་པོ་ཆེན་པོ་ལས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་རྗེས་སུ་བསྟན་པ་མནོས་ཤིང་། དེ་བཞིན་གཤེགས་པ་འཁོར་དང་བཅས་པ་ལོ་བྱེ་བ་ཕྲག་དྲུག་ཅུ་རྩ་དྲུག་ཏུ་བསྙེན་བཀུར་བགྱིས་པ་ནས་བརྩམས་ཏེ། བསྐལ་པ་གྲངས་མེད་པ་ གཅིག་ཏུ་ཚོགས་བསགས་པས་ས་དང་པོ་མངོན་དུ་མཛད་པ་ཡིན་ནོ། །གྲངས་མེད་གཉིས་པ་ལ་འཇུག་པའི་དུས་སུ་གྲོང་ཁྱེར་ཛམྦུ་ཆུ་བོའི་གསེར་དུ་རྒྱལ་པོ་མཛེས་པར་སྣང་བ་ཞེས་བྱ་བ་ཞིག་ཡོད་དེ། དེའི་ཚེ་སྟོན་པ་འདི་ཉིད་དེའི་གནང་ཆེན་ཚོང་དཔོན་ཤེས་རབ་བཟང་པོ་ཞེས་བྱ་བར་གྱུར་ པའི་ཚེ། དེ་བཞིན་གཤེགས་པ་དཀོན་མཆོག་ཡན་ལག་ལས་རྗེས་སུ་བསྟན་པ་མནོས་ཤིང་། དེ་བཞིན་གཤེགས་པ་འཁོར་དང་བཅད་པ་ལོ་སྟོང་དུ་བསྙེན་བཀུར་བ་ནས་བརྩམས་ཏེ། བསྐལ་པ་གྲངས་མེད་པ་གཅིག་ཏུ་ཚོགས་བསགས་པས་ས་བདུན་པ་མངོན་དུ་མཛད་པ་ཡིན་ནོ། ། གྲངས་མེད་པ་གསུམ་པ་ལ་འཇུག་པའི་དུས་སུ་རྒྱལ་པོ་དགྲ་ཐུལ་གྱི་ཕོ་བྲང་པདྨོ་ཅན་དང་ཉེ་བ་ཞིག་ཏུ་བྲམ་ཟེའི་སློབ་མ་གཞོན་ནུ་སྤྲིན་ཞེས་བྱ་བར་གྱུར་བའི་ཚེ། དེ་བཞིན་གཤེགས་པ་མར་མེ་མཛད་ལ་ཨུཏྤ་ལ་ལྔས་མངོན་པར་གཏོར་ཏེ། རལ་པ་གསེར་གྱི་མདོག་ཅན་སྟན་དུ་བཏིང་ནས། འདི་ 213-1-30b ལ་དེ་བཞིན་གཤེགས་པ་མར་མེ་མཛད་ཀྱི་ཞབས་འཇོག་པ་དང་བདག་ལུང་སྟོན་པར་མི་མཛད་ན་འདི་ཉིད་དུ་ལུས་བསྐམ་པར་བྱའོ་ཞེས་ཡི་དམ་བརྟན་པར་བཅས་ཏེ་ལོགས་ཤིག་ཏུ་འཁོར་བ་ན། དེ་བཞིན་གཤེགས་པས་མཁྱེན་ཏེ་རལ་པ་ལ་ཞབས་བཞག་ནས། མ་འོངས་པའི་དུས་ན་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་ཏོ། །དེའི་མོད་ལ་ཤིན་ཏུ་དགའ་ཞིང་མགུ་ལ་རངས་པར་གྱུར་ཏེ། སྟེང་གི་བར་སྣང་ལ་ཤིང་ཏཱ་ལ་བདུན་སྲིད་ཀྱི་ཚང་དུ་མངོན་པར་འཕགས་ཏེ། ཏིང་ངེ་འཛིན་བྱེ་བ་ཁྲག་ཁྲིག་མང་ པོ་མངོན་དུ་བྱས་ཏེ་ས་བརྒྱད་པ་མངོན་དུ་མཛད་པ་ཡིན་ནོ། །དེ་ལྟར་ཡང་། སངས་རྒྱས་མར་མེ་མཛད་ལ་ཨུཏྦ་ལ་ལྔས། །གཏོར་དེ་རལ་པ་སྟན་དུ་བཏིང་བྱས་པས། །མི་སྐྱེའི་ཆོས་ལ་བཟོད་པ་ཐོབ་གྱུར་ནས། །ཤཱཀྱའི་རྒྱལ་པོར་འགྱུར་ཞེས་ང་ལུང་བསྟན། །ཞེས་དང་། ལུང་ལས་ ཀྱང་། གང་ཚེ་མར་མེ་མཛད་ཀྱིས་ང་། །ལུང་བསྟན་གྱུར་པ་དེ་ཡི་ཚེ། །ས་བརྒྱད་པ་ནི་ཐོབ་གྱུར་ཏེ། །དབང་བཅུ་དག་ཀྱང་ཐོབ་པར་འགྱུར། །ཞེས་སོ། །དེ་ནས་བརྩམས་ཏེ་བརྒྱ་བྱིན་མིག་བཟང་པོ་ལ་སོགས་པའི་སྐྱེ་བ་མང་དུ་བཞེས་ནས་སེམས་ཅན་གྱི་དོན་མཛད་པའི་མཐར། བསྐལ་ བ་འདིའི་ཚེ་ལོ་ཉི་ཁྲི་བའི་དུས་སུ་གྲོང་ཁྱེར་ཉེར་ལྡན་དུ་སངས་རྒྱས་འོད་སྲུང་བྱོན་པའི་ཚེ། བྲམ་ཟེའི་ཁྱེའུ་བླ་མར་གྱུར་པའི་བར་ལ་བསྐལ་པ་གྲངས་མེད་གཅིག་ཏུ་སངས་རྒྱས་མང་པོ་ལ་བསྙེན་བཀུར་ཞིང་ཚོགས་བསགས་པས་ས་བཅུ་པ་མངོན་དུ་བྱས་པར་འདོད་དེ། ཏིང་ངེ་འཛིན་རྒྱལ་པོ་པས། སངས་རྒྱས་དག་ནི་བྱེ་བ་ཁྲག་ཁྲིག་དང་། །དེ་ལས་ལྷག་པ་གངྒཱའི་བྱེ་མ་སྙེད། །ཀུན་ཀྱང་བྱ་རྒོད་ཕུང་པོ་འདིར་བཞུགས་ཏེ། །མི་དབང་དེ་ཀུན་ང་ཡིས་བསྙེན་བཀུར་བྱས། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གསུམ་པ་མཐར་མངོན་པར་རྫོགས་པར་སངས་རྒྱས་པའི་ཚུལ་ལ། ཐེག་པ་ དམན་པ་ལས་འབྱུང་བ་དང་། ཐེག་པ་ཆེན་པོ་ལས་འབྱུང་བའོ། །དང་པོ་ཐེག་པ་དམན་པའི་ལུགས་སུ་འདུལ་བ་ལུང་དང་མཛོད་ལས་འབྱུང་བ་ལྟར། བསྐལ་པ་ཆེན་པོ་གྲངས་མེད་པ་གསུམ་དུ་ཚོགས་བསགས་ཤིང་སངས་རྒྱས་རྣམས་བསྙེན་བཀུར་ཏེ་ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་ཀྱང་ 213-1-31a སོ་སོ་སྐྱེ་བོ་རང་རྒྱུད་པ་ཡིན་ལ། བྱང་ཆུབ་སེམས་དཔའ་སོ་སོ་སྐྱེ་བོ་སྲིད་པ་ཐ་མ་པའི་སྐྱེ་བ་ལ། རྡོ་རྗེ་གདན་དུ་སྟན་གཅིག་གི་སྟེང་དུ་བསམ་གཏན་བཞི་པའི་རབ་མཐའ་ལ་བརྟེན་ནས། སྦྱོར་ལམ་དྲོད་ནས་བརྩམས་ཏེ་ཟད་པ་དང་མི་སྐྱེ་ཤེས་པ་འཁོར་དང་བཅས་པའི་བྱང་ ཆུབ་གདན་ཐོག་གཅིག་ལ་མངོན་དུ་བྱས་ཏེ། གསར་དུ་མངོན་པར་རྫོགས་པར་སངས་རྒྱས་པར་བཞེད་དོ། །དེ་ལྟར་ཡང་མཛོད་ལས། སྟོན་དང་བསེ་རུ་བྱང་ཆུབ་བར། །བསམ་གཏན་མཐའ་རྟེན་གཅིག་ལ་ཀུན། །དེ་ཡི་སྔོན་དུ་ཐར་ཆ་མཐུན། །ཞེས་སོ། །དེ་ལྟར་རྣམ་པར་གྲོལ་བའི་ ཆོས་ཀྱི་སྐུ་མྱ་ངན་ལས་འདས་པའི་དབྱིངས་སུ་ཞི་ནས་འཁོར་སྐྱེ་བའི་རྒྱུ་འབྲས་མ་ལུས་པ་དང་བྲལ་བ་དང་། རྣམ་པར་སྨིན་པའི་གཟུགས་ཀྱི་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་ཞིང་། ཡོན་ཏན་དང་ཕྲིན་ལས་ཀྱིས་རྣམ་པར་བྱེ་བ་གཉིས་ཀྱི་བདག་ཉིད་དུ་སངས་རྒྱས་ནས། ཀུན་ཤེས་ནས་ བཟུང་སྟེ་རབ་བཟང་གི་བར་ལ་ཆོས་ཀྱི་འཁོར་ལོ་བསྐོར་ནས་ལྷག་མ་མེད་པའི་དབྱིངས་སུ་མྱ་ངན་ལས་འདས་པར་བཞེད་དོ། །གཉིས་པ་ཐེག་པ་ཆེན་པོ་ལས་འབྱུང་པ་ལ། ཇི་ལྟར་སངས་རྒྱས་པ་དང་། དེའི་རང་བཞིན་ངོས་བཟུང་པ་དང་། ཐུབ་པའི་མཛད་པ་བྱེ་བྲག་ཏུ་བཤད་པ་སྟེ་གསུམ་ལས། དང་པོ་ཇི་ལྟར་སངས་རྒྱས་པ་ནི། ས་བཅུ་རྒྱུན་གྱི་མཐའ་མར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྒྲིབ་པ་བག་ཆགས་དང་བཅས་པ་མ་ལུས་པ་ཕྱིར་མི་ལྡོག་པའི་ཚུལ་གྱིས་ཡོངས་སུ་སྤངས་པ་མཐར་ཕྱིན་པ་དང་། ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པའི་དོན་མ་ལུས་པ་མངོན་སུམ་དུ་མཁྱེན་པའི་ཡེ་ཤེས་བརྙེས་ པའི་རྟོགས་པ་མཐར་ཕྱིན་པའི་བྱང་ཆུབ་ཆེན་པོ་ཐོབ་པ་ནི། དཔེར་ན་རིན་པོ་ཆེ་སྣོད་དུ་བཅུག་པ་སྒྲིབ་བྱེད་ཀྱི་སྣོད་ལེགས་པར་བསལ་བ་ན་མངོན་སུམ་དུ་གྱུར་པ་ལྟ་བུ་སྟེ། རྒྱན་ལས། སྒྲིབ་པ་ཀུན་གྱི་དྲི་མེད་པ། །རྣམ་པ་ཐམས་ཅད་མཁྱེན་ཉིད་ཐོབ། །རིན་ཆེན་སྣོད་ནི་ཕྱེ་བ་ལྟར། །སངས་ རྒྱས་ཉིད་ནི་ཡང་དག་བསྟན། །ཞེས་སོ། །གཉིས་པ་དེའི་རང་བཞིན་ངོས་བཟུང་བ་ནི། དང་པོར་དོན་ཕུན་སུམ་ཚོགས་པ་ལོངས་སྤྱོད་རྫོགས་པའི་སྐུ་དང་། གཞན་དོན་ཕུན་སུམ་ཚོགས་པ་སྤྲུལ་པའི་སྐུ་སྟེ། དེ་གཉིས་ཀའི་རྟེན་ཆོས་ཀྱི་སྐུ་དང་། སྐུ་གསུམ་གྱིས་བསྡུས་པའི་ 213-1-31b རང་བཞིན་ཅན་དུ་སངས་རྒྱས་པ་སྟེ། རྒྱན་ལས། སྐུ་གསུམ་དག་གིས་སངས་རྒྱས་ཀྱི། །སྐུ་བསྡུས་པར་ནི་ཤེས་བྱ་སྟེ། །སྐུ་གསུམ་དག་གིས་རང་བཞིན་གྱི། །དོན་འདི་རྟེན་དང་བརྟེན་པར་བསྟན། །ཞེས་པ་སྟེ། དེའང་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་དང་། སྤང་ བྱ་གློ་བུར་གྱི་དྲི་མས་དག་པའི་རང་བཞིན་གང་ལ་རྣམ་པར་རྟོག་པ་མི་མངའ་ཡང་། ལྷུན་གྱིས་གྲུབ་ཅིང་ཆགས་ཐོགས་མི་མངའ་བའི་མཁྱེན་བརྩེ་ནུས་པའི་སྒོ་ནས་སེམས་ཅན་གྱི་དོན་འབད་པ་མེད་པ་ཉིད་དུ་འབྱུང་བའི་ཡེ་ཤེས་ཀྱི་སྐུ་སྟེ། སྐུ་གསུམ་གྲུབ་པ་ལས། དྲི་མེད་དེ་བཞིན་ཉིད་དང་ ནི། །མི་རྟོག་ཡེ་ཤེས་མ་གཏོགས་པ། །སངས་རྒྱས་རྣམས་ཀྱི་ཆོས་གཞན་ནི། །འགའ་ཡང་ཡོད་པ་མ་ཡིན་ནོ། །ཞེས་གསུངས་སོ། །དེ་ཉིད་ཟག་པ་མེད་པའི་ཡོན་ཏན་དང་དབྱེར་མི་ཕྱེད་པའི་ཆོས་ཀྱི་དབྱིངས་དག་པ་གཉིས་ལྡན་མངོན་དུ་གྱུར་པའི་ཆ་ནས་ངོ་བོ་ཉིད་ཀྱི་སྐུར་འཇོག་ སྟེ། མངོན་པར་རྟོགས་པའི་རྒྱན་ལས། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཟག་པ་མེད་པའི་ཆོས་གང་དག །ཐོབ་གྱུར་རྣམ་ཀུན་རྣམ་དག་པ། །དེ་དག་རང་བཞིན་མཚན་ཉིད་ཅན། །ཞེས་སོ། །དེ་ཉིད་འོག་མིན་ཆེན་པོར་རྒྱལ་སྲས་འཕགས་པ་རྣམས་ལ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་ དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པའི་སྐུར་སྣང་བ་སྟེ། མཚན་ནི་སུམ་ཅུ་རྩ་གཉིས་དང་། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་འདི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །ཅེས་སོ། །དེ་ཉིད་གདུལ་བྱ་མཐའ་ཡས་པའི་བསམ་པ་དང་ མཐུན་པར་རྣམ་པར་འཕྲུལ་པ་སྣ་ཚོགས་པས་སེམས་ཅན་གྱི་དོན་རྒྱུན་མི་འཆད་པར་མཛད་པ་ནི། །གང་གིས་སྲིད་པ་ཇི་སྲིད་པར། །འགྲོ་ལ་ཕན་པ་སྣ་ཚོགས་དག །མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད། །ཅེས་གསུངས་སོ། །དེས་ན་གོང་དུ་ཇི་སྐད་བཤད་ པ་རྣམས་ཀྱང་གདུལ་བྱ་དྲང་བའི་དོན་དུ་འཇིག་རྟེན་དང་ཚུལ་མཐུན་པར་བསྟན་པ་ཡིན་གྱི། ངེས་པའི་དོན་གི་དབང་ལས་ནི་བསྐལ་པ་ཆེན་པོ་དཔག་ཏུ་མེད་པའི་གོང་རོལ་དུ་འཇིག་རྟན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་ཞིང་གཅིག་ཏུ་གྱུར་པ་དེར། དེ་བཞིན་གཤེགས་པ་དབང་ 213-1-32a པོའི་རྟོག་ཅེས་བྱ་བར་སངས་རྒྱས་ཤིང་། ད་དུང་ཡང་འཚང་རྒྱ་བ་དང་། བྱང་ཆུབ་སེམས་དཔའི་ཚུལ་གྱིས་གཞན་དོན་མཛད་པར་ཡབ་སྲས་མཇལ་བའི་མདོ་ལས་བཤད་དེ། ཇི་སྐད་དུ། སེམས་ཅན་རྣམས་ལ་ཐུགས་བརྩེ་ཞིང་། །སེམས་ཅན་ཡོངས་སུ་ སྨིན་མཛད་ཕྱིར། །དཔའ་བོ་ཆེན་པོ་རྣམ་པར་འཕྲུལ། །བྱེ་བ་བརྒྱད་ཅུར་རྒྱལ་བ་ཉིད། །སངས་རྒྱས་ཉིད་དུ་བསྟན་གྱུར་ཀྱང་། །ད་དུང་ཆོག་པའི་འདུ་ཤེས་བསལ། །ཞེས་དང་། ད་དུང་དང་པོ་ཐུགས་བསྐྱེད་པར། །དེ་དག་དེར་ནི་ཡོངས་བསྟན་ཏེ། །ད་དུང་དུ་ཡང་འདྲེན་པ་ཁྱོད། ། སངས་རྒྱས་མང་པོ་སྟོན་པར་མཛད། །ཅེས་དང་། དེ་ཉིད་བསྡུས་པའི་བརྒྱུད་ལས། བཅོམ་ལྡན་འདས་བསྐལ་པ་བསམ་གྱིས་མི་ཁྱབ་པར་མངོན་པར་རྫོགས་པར་སངས་རྒྱས་ནས་ཤཱཀྱའི་རིགས་སུ་སྐྱེ་བར་སྟོན་པར་མཛད་དོ་ཞེས་བྱ་བ་ལ་སོགས་པ་མང་དུ་འབྱུང་བའི་ཕྱིར་རོ། །གསུམ་ པ་ཐུབ་པའི་མཛད་པ་བྱེ་བྲག་ཏུ་བཤད་པ་ནི། སྤྱིར་དེ་བཞིན་གཤེགས་པའི་ཆོས་ཀྱི་སྒྲོན་མ་ཆེན་པོས་ལེགས་པར་བརྒྱན་པའི་བསྐལ་པ་འདི་ལ། འཕགས་པ་བསྐལ་པ་བཟང་པོ་ལས་ནི་དེ་བཞིན་གཤེགས་པ་སྟོང་ཕྲག་གཅིག་འབྱོན་པར་བསྟན་ཏེ། གང་དག་བསྟན་པ་དེ་རྣམས་ཀྱང་སོ་ སོའི་ཡུལ་དང་། རིགས་དང་། འོད་དང་། ཡབ་དང་། ཡུམ་དང་། སྲས་དང་། རིམ་གྲོ་པ་དང་། ཤེས་རབ་ཅན་གྱི་མཆོག་དང་། རྫུ་འཕྲུལ་ཅན་གྱི་མཆོག་དང་། འདུས་པའི་གྲངས་དང་། སྐུ་ཚེའི་ཚད་དང་། དམ་པའི་ཆོས་གནས་པའི་ཚད་དང་། སྐུ་གདུང་སྟེ་རྣམ་པ་ བཅུ་གསུམ་མམ་མཆོད་རྟེན་ཡོད་པ་འབྱུང་བ་ལྟར་ན་བཅུ་བཞི་རེའི་སྒོ་ནས་བསྟན་ཏོ། །འཕགས་པ་དཀོན་མཆོག་བརྩེགས་པའི་མདོ་སྡེ་ལས་ཀྱང་། བསྐལ་པ་འདི་ཉིད་དུ་སངས་རྒྱས་འཁོར་བ་འཇིག་དང་། གསེར་ཐུབ་དང་། འོད་སྲུངས་དང་། ཤཱཀྱ་ཐུབ་པ་ནས་མོས་པ་ལ་ཐུག་པའི་ བར་གྱི་དེ་བཞིན་གཤེགས་པ་སྟོང་འབྱུང་བ་སྔོན་གྱི་ལོ་རྒྱུས་དང་བཅས་པའི་ཚུལ་གྱིས་རྒྱས་པར་བསྟན་ཏོ། །དེ་བཞིན་དུ་སྙིང་རྗེ་ཆེན་པོ་པདྨ་དཀར་པོ་ལས་ཀྱང་བསྐལ་པ་བཟང་པོ་འདི་ལ་ཐུབ་པའི་ཉི་མ་སྟོང་དང་ལྔ་འབྱུང་བ། སྔོན་གྱི་དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོས་ལུང་བསྟན་པའི་ 213-1-32b ལོ་རྒྱུས་དང་བཅས་པའི་ཚུལ་གྱིས་གསལ་བར་བསྟན་ཏོ། །ཇི་ལྟར་བསྟན་པའི་རྣམ་པར་འདྲེན་པ་དེ་དག་ལས་བཞི་བར་གྱུར་པ་ཐུབ་པའི་དབང་པོ་འདི་ཉིད་ཀྱི་མཛད་པ་བསམ་གྱིས་མི་ཁྱབ་པ་བཅོམ་ལྡན་འདས་ཁོ་ན་ལས་གཞན་གྱིས་རྟོགས་པའི་ཡུལ་ལས་རིང་དུ་གྱུར་པ་ཉིད་དོ། །དེ་ལྟ་ནའང་སྟོན་པ་འདི་ ཉིད་ཀྱི་རྗེས་སུ་འཇུག་པའི་གདུལ་བྱ་གྲངས་ཀྱི་ངེས་པ་མངོན་པར་དགའ་བ་རྣམས་རྗེས་སུ་གཟུང་བའི་ཕྱིར། མཛད་པའི་གཙོ་བོ་རྣམས་ནི་སྡེ་ཚན་བཅུ་གཉིས་ཀྱི་གྲངས་སུ་དོན་གྱིས་འདུ་བར་མདོ་སྡེ་རྣམས་སུ་གསུངས་པ་དང་། དེ་དག་དང་རྗེས་སུ་མཐུན་པར་མགོན་པོ་བྱམས་པས་ཐེག་པ་ཆེན་ པོ་རྒྱུད་བླ་མ་ལས། སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་འཇུག་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་དགྱེས་རོལ་པ་དང་། །ངེས་འབྱུང་དཀའ་བ་སྤྱོད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་ དང་། །བདུད་སྡེ་འཇོམས་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །མྱ་ངན་འདས་པར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་གསུངས་པའི་གོ་རིམས་དང་རྗེས་སུ་མཐུན་པར་མདོ་ཙམ་ཞིག་གླེང་བར་བྱའོ། ། དེ་ལས་དང་པོ་དགའ་ལྡན་གྱི་གནས་ན་གནས་པའི་མཛད་པ་ལ། སངས་རྒྱས་རྣམས་ཀྱིས་ཇི་ལྟར་བསྐུལ་བ་དང་། བསྐུལ་ནས་འཕོ་བར་བརྩམས་པའོ། །དང་པོ་ནི། བདག་ཅག་གི་སྟོན་པ་ཐུགས་རྗེ་དཔག་ཏུ་མེད་པའི་བདག་ཉིད་ཅན་འདི་བྲམ་ཟེའི་ཁྱེའུ་བླ་མ་ཞེས་བྱ་བ་ཚེ་འཕོས་ཏེ་དགའ་ལྡན་གྱི་ གནས་སུ་ལྷའི་བུ་དམ་པ་ཏོག་དཀར་པོའི་སྐྱེ་བ་བཞེས་ཏེ། དེར་སྐྱེ་བ་བླངས་ནས་དགའ་ལྡན་ཆོས་ཀྱིས་མཐོ་བ་ཞེས་བྱ་བའི་ཁང་བཟང་དུ་སེང་གེའི་ཁྲི་ལ་བཞུགས་ནས་ལྷའི་འཁོར་དཔག་ཏུ་མེད་པ་ལ་ཆོས་སྟོན་ཅིང་བཞུགས་པ་ལ། ལྷའི་བུ་བྱེ་བ་ཁྲག་ཁྲིག་དཔག་ཏུ་མེད་པས་མདུན་བདར་ཏེ། ཆོས་ ཀྱི་སྒྲ་འབྱུང་བའི་སིལ་སྙན་དང་གླུ་དབྱངས་རྣམས་ཀྱི་མཆོད་པ་མང་པོས་མངོན་པར་མཆོད་པ་བྱེད་དོ། །དུས་ཇི་ཙམ་ཞིག་ན། ཛམྦུའི་གླིང་པ་རྣམས་གདུལ་བའི་དུས་ལ་བབ་པ་དང་། སྔོན་གྱི་སྨོན་ལམ་གྱི་མཐུ་དང་། ཕྱོགས་བཅུའི་ཞིང་གི་སྟོབས་བཅུ་མངའ་བ་རྣམས་ཀྱི་བྱིན་གྱི་རླབས་ཀྱིས། 213-1-33a རོལ་མོའི་སྒྲ་དེ་དག་ལས་བྱང་ཆུབ་སེམས་དཔའ་གཞན་དོན་དུ་བསྐུལ་བའི་ཚིགས་སུ་བཅད་པ་བྱུང་བ་ནི་འདི་ལྟ་སྟེ། བསོད་ནམས་རྒྱ་མཚོའི་ཚོགས་མངའ་དྲན་རྟོགས་དང་། །བློ་གྲོས་མཐའ་ཡས་ཤེས་རབ་འོད་མཛད་པ། །མཚུངས་མེད་སྟོབས་མང་སྒྱུ་རྩལ་རྒྱ་ཆེ་བ། །མར་མེ་མཛད་ ཀྱིས་ལུང་བསྟན་དགོངས་པར་མཛོད། །ཅེས་བྱ་བ་ལ་སོགས་པས་སྐུལ་བར་བྱེད་དོ། །ཇི་ལྟར་བསྐུལ་བའི་ཚིག་གི་ཕྲེང་བ་དེ་དག་སྤྲུལ་པའི་བྱང་ཆུབ་སེམས་དཔའ་དེས་རྗེས་སུ་སེམས་ཤིང་རྗེས་སུ་དགོངས་པ་ན། ད་སྟེ་ཁོ་བོ་ཅག་གི་ཛམྦུའི་གླིང་དུ་འགྲོ་བའི་དུས་ལ་ངེས་པར་བབ་པོ་ཞེས་རྩེ་གཅིག་ཏུ་དགོངས་ ཤིང་རེ་ཞིག་ཅང་མི་སྨྲ་བར་གྱུར་ཏོ། །གཉིས་པ་ནི། དེ་ནས་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་རྒྱལ་མཚན་མཐོན་པོར་གཤེགས་ནས་སེང་གེའི་ཁྲི་ག་ལ་བ་དེར་བཞུགས་སོ། །དེ་ན་དགའ་ལྡན་གི་ལྷའི་རིས་མཐའ་དག་བསྡུས་ནས་འཁོར་དེ་དག་ལ། གྲོགས་པོ་དག་བྱང་ཆུབ་སེམས་དཔའི་ལུས་ བསོད་ནམས་བརྒྱའི་མཚན་གྱིས་ལེགས་པར་བརྒྱན་པ་ལྟོས་ཤིག་ཅེས་བསྐུལ་པ་དང་། ཕྱོགས་བཅུ་ཀུན་ཏུ་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ན་བཞུགས་པ་ཐམས་ཅད་ཀྱང་སྲིད་པ་ཐ་མ་པ་ལ་མངོན་དུ་ཕྱོགས་པ། ལྷའི་འཁོར་གྱིས་བསྐོར་བ་འཆི་འཕོ་བའི་རྣམ་པས་ཆོས་སྣང་བའི་སྒོ་ཡང་ དག་པར་སྟོན་པ་གྲངས་མེད་པ་བསྟན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ལྷའི་འཁོར་དེ་དག་ལ་ཆོས་སྣང་བའི་སྒོ་བརྒྱ་རྩ་བརྒྱད་བསྟན་པས། ལྷའི་བུ་བརྒྱད་ཁྲི་བཞི་སྟོང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ། །ལྷའི་བུ་སྔོན་ཡོངས་སུ་སྦྱངས་པ་བྱས་པ་སུམ་ཁྲི་ཉིས་ སྟོང་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །ལྷའི་བུ་བྱེ་བ་སུམ་ཅུ་རྩ་དྲུག་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ། །དགའ་ལྡན་གྱི་གནས་ཐམས་ཅད་ཀྱང་ལྷའི་མེ་ཏོག་གིས་པུས་མོ་ནུབ་ཙམ་དུ་ཁྱབ་པར་གྱུར་ཏོ། །དེ་ནས་ཛམྦུའི་གླིང་དུ་གཤེགས་པར་དགོངས་ ནས་གཟིགས་པ་བཞིའམ་ལྔས་གཟིགས་ཏེ། དེའང་འགྲོ་བ་གདུལ་སླ་བ་ཚེ་ལོ་བརྒྱ་པའི་དུས་དང་། གླིང་ནི་ཛམྦུའི་གླིང་དང་། ཡུལ་ནི་དབུས་འགྱུར་འཆང་དང་། རིགས་ནི་རྒྱལ་རིགས་ཏེ་བཞིའམ། རིགས་དང་། དུས་དང་། ཡུལ་དང་། ལུས་དང་། བུད་མེད་དེ་ལྔ་ལ་གཟིགས་སོ། །དེ་ནས་བྱང་ 213-1-33b ཆུབ་སེམས་དཔས་འཁོར་རྣམས་ལ་ཁོ་བོ་ཛམྦུའི་གླིང་དུ་འཚང་རྒྱ་བའི་ཕྱིར་འགྲོའོ་ཞེས་གསུངས་པས། དེ་ཐོས་པའི་མོད་ལ་ལྷ་རྣམས་ཤིན་ཏུ་ཡིད་མི་དགའ་བར་གྱུར་ཏེ་སྨྲས་པ། དགའ་ལྡན་གྱི་གནས་འདིར་ཁྱེད་ཀྱིས་བཞུགས་པར་མི་མཛད་ན་སླན་ཆད་སྟེན་པར་འོས་པ་སུ་ཞིག །གཞན་ཡང་ཛམྦུའི་གླིང་ནི་ འོད་སྲུངས་རྫོགས་བྱེད་ལ་སོགས་པའི་རྟོག་གེ་པ་དྲུག་དང་། བྲམ་ཟེ་རྒྱུས་རྒལ་ལ་སོགས་པའི་རྗེས་སུ་སྒྲོག་པ་དྲུག་དང་། རེངས་བྱེད་ཀྱི་བུ་ལྷག་སྤྱོད་ལ་སོགས་པ་སྙོམས་པར་འཇུག་པ་དྲུག་སྟེ། མུ་སྟེགས་ཀྱི་སྟོན་པ་བཅོ་བརྒྱད་ཀྱིས་མ་རུངས་པར་བགྱིས་པས་འདི་ཉིད་དུ་བཞུགས་པར་རིགས་སོ་ཞེས་གསོལ་པ་ དང་། དེ་དག་ལ་བྱང་ཆུབ་སེམས་དཔས་དུང་གཅིག་གི་སྒྲས་རོལ་མོའི་ཆ་བྱད་ཐམས་ཅད་ཟིལ་གྱིས་གནོན་པའི་དཔེ་རྗེས་སུ་བསྟན་ནས། དེ་བཞིན་དུ་ངས་ཀྱང་ཛམྦུའི་གླིང་དུ་སོང་ལ་དེ་དག་ཐམས་ཅད་ཟིལ་གྱིས་མནན་ནས་བདུད་རྩིས་འགྲོ་བ་ཐམས་ཅད་ཚིམ་པར་བྱའོ། ། དེས་ན་ཁོ་བོ་ནི་མའི་མངལ་དུ་ཇི་ལྟ་བུའི་གཟུགས་ ཀྱིས་འགྲོ་བར་བགྱི་ཞེས་གསུངས་པ་དང་། ཚངས་རིས་ཀྱི་ལྷའི་བུ་གཟི་བརྗིད་དམ་པས་བྲམ་ཟེའི་རིག་བྱེད་ལས་འབྱུང་བ་ལྟར་གླང་པོ་ཆེ་དམ་པའི་གཟུགས་ཀྱིས་འཇུག་པར་རིགས་སོ་ཞེས་གསོལ་བ་ལྟར། དེ་ལྟ་བུའི་གཟུགས་ཀྱིས་འཇུག་པར་དགོངས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་འཕོ་པའི་དུས་ལ་བབ་པ་ ན། འདོད་པའི་ཁམས་ཀྱི་ལྷའི་གནས་ནས་འོག་མིན་གྱི་མཐར་ཐུག་པར་གནས་པའི་ལྷ་རྣམས་ཀྱིས་རྗེས་སུ་ཐོས་ནས་བྱང་ཆུབ་སེམས་དཔའ་ཛམྦུའི་གླིང་དུ་གཅིག་པུ་གཉིས་སུ་མེད་པར་གཤེགས་སུ་གསོལ་ན། བདག་ཅག་གི་བྱས་པ་མ་ཤེས་བར་འགྱུར་བར་བསམས་ནས། རྒྱལ་ཆེན་རིས་བཞི་པའི་ ལྷ་འབུམ་ཕྲག་བརྒྱད་ཅུ་རྩ་བཞི་དང་། སུམ་ཅུ་རྩ་གསུམ་གྱི་ལྷ་འབུམ་དང་། འཐབ་བྲལ་གྱི་ལྷ་འབུམ་དང་། དགའ་ལྡན་གྱི་ལྷ་འབུམ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་འབུམ་དང་། བདུད་ཀྱི་རིས་ཀྱི་ལྷ་དྲུག་ཁྲི་དང་། ཚངས་རིས་ཀྱི་ལྷ་དྲུག་ཁྲི་བརྒྱད་སྟོང་དང་། འོག་མིན་གྱི་ལྷ་བརྒྱ་སྟོང་མང་པོ་ཡང་བྱང་ཆུབ་ སེམས་དཔའ་ལྷུམས་སུ་འཇུག་པ་ནས། མྱ་ངན་ལས་འདས་པ་ཆེན་པོ་བསྟན་པའི་བར་དུ་ཕན་པའི་སེམས་དང་དགའ་བའི་སེམས་ཀྱིས་ཞམ་རིང་དུ་འབྲང་ཞིང་རྟག་ཏུ་བསྲུང་བའི་ཕྱིར་ཆས་ཏེ། བྱང་ཆུབ་སེམས་དཔའ་ག་ལ་བ་དེར་ལྷགས་སོ། །དེ་བཞིན་དུ་ཕྱོགས་བཅུའི་ཕྱོགས་རེ་རེ་ནས་ཀྱང་བྱང་ཆུབ་སེམས་དཔའ་ 213-1-34a སྐྱེ་བ་གཅིག་གིས་ཐོགས་པ། དགའ་ལྡན་གྱི་གནས་དམ་པ་ན་གནས་པ་བརྒྱ་སྟོང་ཕྲག་མང་པོ་ཡང་མཆོད་པའི་ཕྱིར་ལྷགས་སོ། །འདོད་པའི་ཁམས་ཀྱི་ལྷའི་བུ་མོ་འབུམ་ཕྲག་བརྒྱད་ཅུ་རྩ་བཞིས་སིལ་སྙན་དང་གླུ་དབྱངས་རྣམ་པ་སྣ་ཚོགས་པས་ཀྱང་མཆོད་པའི་ཕྱིར་བྱང་ཆུབ་སེམས་དཔའ་འཆི་འཕོ་ བསྟོན་པའི་དྲུང་དུ་ཉེ་བར་ལྷགས་སོ། །ཇི་ལྟར་འདུས་པའི་འཁོར་གྱི་ཚོགས་ཆེན་པོ་དེ་དག་གིས་ཀུན་ནས་བསྐོར་ཅིང་བདུན་གྱིས་བལྟས་ཏེ། རང་རང་གི་མཆོད་པའི་བྱེ་བྲག་དཔག་ཏུ་མེད་པས་ཕྱོགས་ཀྱི་དཀྱིལ་འཁོར་མ་ལུས་པ་ཡོངས་སུ་བཀང་སྟེ་མངོན་པར་མཆོད་བཞིན་པས་དུས་འདའ་ བར་བགྱིས་སོ། །གཉིས་པ་ལྷུམས་སུ་ཞུགས་པའི་མཛད་པ་ནི། དེ་ནས་ས་ག་ཟླ་བའི་ཚེས་བཅོ་ལྔའི་རྒྱུ་སྐར་རྒྱལ་ལ་བབ་པ་ན། བྱང་ཆུབ་སེམས་དཔའི་ཚོགས་དེ་དག་དང་། ལྷའི་ཚོགས་དེ་དག་གིས་ཀུན་ནས་ཡོངས་སུ་བསྐོར་ཞིང་མདུན་བདར་ནས། དགའ་ལྡན་གྱི་ གནས་ནས་བསྐྱོད་པའི་ཚེ་འོད་ཟེར་སྣང་བ་ཆེན་པོས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་པར་བྲན་ཏེ། ས་གཞི་རྣམ་པ་བཅོ་བརྒྱད་དུ་གཡོས་ཤིང་། ལྷ་བྱེ་བ་ཁྲག་ཁྲིག་མང་པོ་དག་གིས་ལྷགས་པ་དང་སྤྱི་བོས་བྱང་ཆུབ་སེམས་དཔའ་བཞུགས་པའི་ གཞལ་མེད་ཁང་འདེགས་པ་དང་བཅས་ཏེ། ནམ་གྱི་གུང་ལ་ཟས་གཙང་མའི་ཁྱིམ་དུ་ངོ་མཚར་བའི་སྔ་ལྟས་བརྒྱད་ཀྱིས་ཡོངས་སུ་དཀྲིགས་པའི་ཚུལ་གྱིས། བྱང་ཆུབ་སེམས་དཔའ་ནི་གླང་པོའི་ཕྲུ་གུ་དམ་པ་ཁ་བ་དང་དངུལ་དང་ཀུ་མུ་དཱ་ལྟར་དཀར་བའི་རྣམ་པས་སྒྱུ་འཕྲུལ་དགའ་མའི་གློ་ གཡས་པ་ནས་ཞུགས་སོ། །ཞུགས་ནས་ཀྱང་གློ་གཡས་ལོགས་སུ་ལྷ་རྣམས་ཀྱིས་སྤྲུལ་པའི་ཙནྡན་སྤྲུལ་གྱི་སྙིང་པོ་ལས་བྱས་པའི་ཁང་བཟང་ཆུང་ངུ་རིན་པོ་ཆེའི་བཀོད་པ་མཛེས་ཤིང་ལྟ་ན་སྡུག་པ། གྲུ་བཞི་པ། ཀ་བ་བཞི་དང་ལྡན་པ་ཅིག་ཏུ་བྱང་ཆུབ་སེམས་དཔའ་སྔོན་ལེགས་ པར་སྤྱད་པའི་མཐུ་ལས་བྱུང་བའི་འདོད་པའི་ཡོན་ཏན་གྱི་མཆོད་བའི་སྤྲིན་དཔག་ཏུ་མེད་པའི་བཀུར་སྟི་དང་བཅས་ཏེ་བཞུགས་སོ། །དེའི་ཚེ་ལྷ་མོ་སྒྱུ་འཕྲུལ་མའི་རྨི་ལམ་དུ་ཡང་དེ་ལྟར་དུ་སྣང་བར་གྱུར་ཏེ། ཇི་སྐད་དུ། གླང་པོ་ཁ་བ་དངུལ་གདོག་མཆེ་བ་དྲུག །རྐང་ལག་རབ་མཛེས་མགོ་ 213-1-34b པོ་དམར་སྡུག་པ། །འགྲོས་བཟང་ལུས་ཚིགས་རྡོ་རྗེ་བཞིན་བརྟན་པ། །གླང་པོ་མཆོག་གཅིག་ཁོང་དུ་སོང་སྙམ་བྱེད། །དེས་ནི་དེ་འདྲའི་བདེ་བ་བརྒྱ་ལམ་ནའང་། །མ་མཐོང་མ་ཐོས་མྱོང་བར་མ་གྱུར་ཏེ། །ལུས་ཀྱང་བདེ་ཞིང་སེམས་ཀྱང་བདེར་གྱུར་ནས། །བསམ་གཏན་མཉམ་ པར་བཞག་པ་བཞིན་དུ་གྱུར། །ཞེས་པ་ལྟར་གྱི་རྣམ་པས་ལྷུམས་སུ་ཞུགས་སོ། །གསུམ་པ་བལྟམས་པའི་མཛད་པ་ལ། ཇི་ལྟར་བལྟམས་པ་དང་། བལྟམས་པའི་ལྟས་ཀྱི་ཁྱད་པར་རོ། །དང་པོ་ནི། དེ་ལྟར་ཡུམ་གྱི་ལྷུམས་སུ་ཟླ་བ་བཅུ་རྫོགས་པར་གནས་ནས་ལྷ་མོ་སྒྱུ་འཕྲུལ་མས་བྱང་ཆུབ་ སེམས་དཔའ་བཙའ་བའི་དུས་ལ་བབ་པར་ཤེས་ནས་རྒྱལ་པོ་ལ་གསོལ་པ་དང་། རྒྱལ་པོས་འཁོར་རྣམས་ལ་ཇི་ལྟར་བསྒོ་བ་བཞིན་དུ་ལུམྦི་ནཱིའི་ཚལ་གྱི་ཁོ་ར་ཁོར་ཡུག་ཐམས་ཅད་ཡིད་དུ་འོང་བར་བརྒྱན་ཏེ། རིན་པོ་ཆེའི་ཕྲེང་བ་དང་ལྷའི་གོས་དག་གིས་ཀུན་ནས་མཛེས་པར་བྱས་པའི་ ཤིང་རྟ་མཆོག་གི་ནང་དུ་ལྷ་མོ་སྒྱུ་འཕྲུལ་མ་ཞུགས་པ་ལ། འཇིག་རྟེན་སྐྱོང་བ་བཞི་དང་། ཚངས་པ་དང་། དབང་པོ་ལ་སོགས་པས་མཆོད་ཅིང་། ཤཱཀྱའི་བུ་མོ་སྟོང་ཕྲག་དྲུག་ཁྲིས་མདུན་དུ་བདར། ཤཱཀྱ་བཞི་ཁྲི་དང་། དཔའ་ཞིང་རྟུལ་ཕོད་པའི་དཔུང་ཚོགས་གོ་ཆེ་དང་ མཚོན་ཆ་ཐོགས་པ་བརྒྱད་ཁྲི་བཞི་སྟོང་རྣམས་ཀྱིས་ཀུན་ནས་ཡོངས་སུ་བསྲུངས་ཤིང་། ལྷ་དང་། ཀླུ་དང་། དྲི་ཟ་དང་། མིའམ་ཅི་དང་། ལྷ་མ་ཡིན་གྱི་བུ་མོ་རྣམས་རེ་རེ་ཡང་བརྒྱད་ཁྲི་སྟོང་དུ་ཚང་བ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གླུ་དབྱངས་དང་རོལ་མོའི་ཚོགས་ཀྱིས་མཆོད་ པ་རྣམས་རྗེས་སུ་འབྲངས་ཏེ་ལུམྦི་ནཱིའི་ཚལ་ག་ལ་བ་དེར་བཞུགས་སོ། །ནགས་ཚལ་དམ་པ་དེ་ན་ཤིང་ལྗོན་པ་ཇི་སྙེད་ཡོད་པ་རྣམས་ཀྱང་དུས་ལ་མ་བབ་པར་ལོ་མ་དང་། མེ་ཏོག་དང་། འབྲས་བུའི་ཁུར་གྱིས་ཡོངས་སུ་དུད་པ་ལ་ལྷ་རྣམས་ཀྱིས་རྒྱན་ཐམས་ཅད་ཀྱིས་ཀྱང་བརྒྱན་པར བྱས་སོ། །དེར་ཤིང་རྟ་ལས་བདེ་བར་བབ་ནས་ནགས་དང་ཤིང་དྲུང་རྣམས་སུ་འཆག་ཅིང་སོང་བ་ན། སྔོན་གྱི་རྒྱལ་བ་རྣམས་ཀྱི་ཡུམ་གྱིས་ཀྱང་བསྟེན་པའི་ཤིང་པླཀྵ་ཞེས་བྱ་བ་ལོ་མ་དང་། མེ་ཏོག་དང་། འབྲས་བུ་སྣ་ཚོགས་པས་བརྒྱན་པའི་ས་གཞི་ལག་མཐིལ་ལྟར་མཉམ་པ་ 213-1-35a རྩྭ་སྔོན་པོ་རྨ་བྱའི་མགྲིན་པ་ལྟ་བུ་སྟུག་པོར་སྐྱེས་པ་དེར་བྱོན་པ་ན་པླཀྵ་དེས་ཀྱང་མངོན་པར་བཏུད་དེ་ཕྱག་བྱས་སོ། །དེ་ནས་ལྷ་མོ་སྒྱུ་འཕྲུལ་གྱིས་ཤིང་དེའི་ཡལ་ག་ལ་འཇུས་ཏེ་ཅུང་ཟད་བཞུགས་པའི་གློ་གཡས་པ་ནས་ཁྱེའུ་བྱང་ཆུབ་སེམས་དཔའ་དེ་ནི་འོད་དང་འོད་ཟེར་གྱི་ཕུང་ པོ་རབ་ཏུ་དཀྲིགས་པའི་སྣང་བ་ཆེན་པོས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མུར་ཐུག་པ་མེད་པ་ཐམས་ཅད་ཀྱང་རྒྱས་པར་འགེངས་པ་དང་བཅས་ཏེ། རྨི་ལམ་གྱི་ལྟད་མོའི་ཡ་མཚན་ཉམས་སུ་མྱོང་བ་བཞིན་དུ་གནོད་པ་མེད་པར་བལྟམས་སོ། །ཇི་ལྟར་བལྟམས་པའི་མོད་དེ་ལ་ཚངས་པ་དང་བརྒྱ་ བྱིན་གཉིས་ཀྱིས་ཀཱ་ཤི་ཀའི་རས་མཆོག་དྲི་མ་མེད་པའི་སླེབ་མོས་དྲན་ཤེས་བཞིན་དུ་བླངས་སོ། །དེའི་ཚེ་བྱང་ཆུབ་སེམས་དཔས་ཉེ་བར་སྤྱད་པའི་ཁང་བཟང་ནི་ཚངས་རིས་ཀྱི་ལྷ་རྣམས་ཀྱིས་ཚངས་པའི་འཇིག་རྟེན་དུ་མཆོད་པའི་ཕྱིར་གཏེག་གོ། །དེ་ནས་ས་ལ་བབ་མ་ཐག་ཏུ་སའི་ལྷ་མོས་ པདྨ་དཀར་པོ་ཤིན་ཏུ་རྒྱས་པ་གདན་དུ་ཕུལ་ལོ། །ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་བོ་གཉིས་ཀྱིས་ནམ་མཁའི་མཐོངས་ནས་བསིལ་བ་དང་དྲོ་བའི་རྒྱུན་གྱིས་ཁྲུས་བྱེད་དོ། །དེ་ནས་བྱང་ཆུབ་སེམས་དཔས་ཕྱོགས་དྲུག་ཏུ་གོམ་པ་བདུན་བདུན་བོར་ཏེ། འཇིག་རྟེན་གསུམ་ན་མཚུངས་པ་ མེད་པར་བྱ་བར་དམ་བཅའ་བའི་ཚིག་རྣམས་སེང་གེའི་སྒྲ་ཉིད་དུ་བསྒྲགས་པས་གོམ་པ་གང་དང་གང་དུ་བོར་བ་དེ་དང་དེ་དག་ཏུ་པདྨ་རྣམས་བརྟོལ་ཏེ་བྱུང་ངོ་། །གཉིས་པ་ནི་འཇིག་རྟེན་གྱི་ཁམས་སུ་ས་གཡོ་བ་དང་། ལྷ་དང་མིའི་སིལ་སྙན་དང་རོལ་མོའི་སྒྲ་འབྱུང་བ་དང་། ཕྱོགས་ཐམས་ཅད་འོད་ ཀྱིས་གང་བ་དང་། ཡུལ་ཆེན་པོ་བཞིའི་རྒྱལ་པོ་ཆེན་པོ་བཞི་ལ་སྲས་བཞི་ཡང་བཙས་པ་དང་། ཡ་རབས་ཀྱི་རིགས་ལྔ་བརྒྱ་དང་། གྲགས་འཛིན་མ་ལ་སོགས་པའི་བུ་མོ་བརྒྱད་བརྒྱ་དང་། འདུན་པ་ལ་སོགས་པའི་བྲན་ལྔ་བརྒྱ་དང་། བསྔགས་ལྡན་ལ་སོགས་པའི་རྟེའུ་ཉི་ཁྲི་དང་། བ་ ལང་གི་བེའུ་ཁྲི་རྣམས་ཀྱང་བཙས་སོ། །གཞན་ཡང་གླིང་གི་དབུས་སུ་བྱང་ཆུབ་ཀྱི་ཤིང་སྐྱེས་པ་དང་། གཏེར་ཁ་ལྔ་སྟོང་དང་། སྐྱེད་མོས་ཚལ་ལྔ་བརྒྱ་ཡང་བྱུང་ངོ་། །མདོར་ན་སེམས་ཅན་ཐམས་ཅད་ཀྱི་འདོད་པའི་དོན་ཐམས་ཅད་ལྷུན་གྱིས་གྲུབ་པར་གྱུར་པས་རྒྱལ་བུའི་མཚན་ཡང་ 213-1-35b དོན་ཐམས་ཅད་གྲུབ་པ་ཞེས་བཏགས་སོ། །རིགས་ཀྱི་ལྷ་མཆོད་པའི་སར་བྱོན་པས་ཤཱཀྱ་རྣམས་ཀྱི་ལྷ་གནོད་སྦྱིན་ཤཱཀྱ་འཕེལ་གྱིས་གཞོན་ནུའི་ཞབས་ལ་ཕྱག་བྱས་པས་ལྷའི་ལྷ་ཞེས་བཏགས་སོ། །ཤཱཀྱ་མུར་ཅོར་སྨྲ་བ་རྣམས་ཀྱི་ནང་ན་ལུས་ངག་འདུ་འཛིས་དབེན་པ་ཐུབ་པ་བཞིན་དུ་ བཞུགས་པས་ཤཱཀྱ་ཐུབ་པ་ཞེས་བཏགས་སོ། །དེ་ནས་གཞོན་ནུ་སྐྱེ་དགུའི་བདག་མོ་ལ་གཏད་དེ། མ་མ་སུམ་ཅུ་རྩ་གཉིས་དང་བཅས་པས་རིམ་གྲོར་བྱེད་ཅིང་བསྐྱེད་བསྲིངས་སོ། །གཞན་ཡང་བྱང་ཆུབ་སེམས་དཔའ་བལྟམས་པའི་དུས་ཀྱི་ལྟས་ངོ་མཚར་བ་དག་གིས་བསྐུལ་ཏེ། རིའི་རྒྱལ་པོ་གངས་རིའི་ངོས་ལ་དྲང་སྲོང་ནག་པོ་ཞེས་བྱ་བ་མངོན་པར་ཤེས་པ་ལྔ་དང་ལྡན་པ་སྣག་གི་ཚ་བོ་མེས་བྱིན་ཞེས་བྱ་བ་དང་མཉམ་དུ་འགྲོགས་ཏེ་བྱང་ཆུབ་སེམས་དཔའ་བལྟ་བའི་ཕྱིར་རྫུ་འཕྲུལ་གྱིས་ནམ་མཁའ་ལ་ལྡིང་ཞིང་བྱུང་ངོ་། །ཇི་ཙམ་ན་སེར་སྐྱའི་གྲོང་ཁྱེར་ཆེན་པོ་ག་ལ་བ་དེར་ ཕྱིན་པ་དང་རྫུ་འཕྲུལ་བརྟུལ་ཏེ་རྐང་གིས་འོངས་ནས་རྒྱལ་པོ་ཟས་གཙང་གི་ཕོ་བྲང་དུ་ཕྱིན་ཏོ། །དེར་རྒྱལ་པོ་ལ་སྨྲས་པ། རྒྱལ་པོ་ཆེན་པོ་ཁྱོད་ཀྱི་སྲས་ཤིག་བལྟམས་པར་གྱུར་པ་དེ་བལྟ་བར་འདོད་དོ། །དེར་རྒྱལ་པོས་བསྟན་པ་ན། དེའི་ལུས་ལ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ ཡོད་པ་མཐོང་སྟེ། འདི་ནི་གཉིས་སུ་འགྱུར་གྱིས་གཞན་དུ་མི་འགྱུར་རོ། །གལ་ཏེ་ཁྱིམ་ལ་གནས་ན་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་། རབ་ཏུ་བྱུང་ན་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་ཞེས་ལུང་བསྟན་ཏེ། རྒྱ་ཆེར་རོལ་པ་ལས། འདི་ཡི་སྐུ་ལ་མཚན་རབ་སུམ་ཅུ་རྩ་གཉིས་དྲི་མེད་ མངའ་བ་ལས། །རྣམ་པ་གཉིས་སུ་འགྱུར་ཏེ་གསུམ་དུ་མ་མཆིས་རྒྱལ་པོ་མཁྱེན་པར་མཛོད། །འཁོར་ལོས་སྒྱུར་པའི་རྒྱལ་འགྱུར་ཡང་ན་སངས་རྒྱས་འཇིག་རྟེན་གཙོ་བོར་བྱོན། །འདི་ནི་འདོད་པའི་ཡོན་ཏན་བཞེད་པར་མི་འགྱུར་ངེས་པར་སངས་རྒྱས་འགྱུར། །ཞེས་སོ། །གཞན་ཡང་ལྷའི་བུ་དབང་ ཕྱུག་ཆེན་པོ་གཙང་མ་རིས་ཀྱི་ལྷའི་བུ་བརྒྱ་སྟོང་ཕྲག་བཅུ་གཉིས་ཀྱིས་མདུན་བདར་ཏེ་འོངས་ནས་བྱང་ཆུབ་སེམས་པའི་རྐང་པ་ལ་ཕྱག་འཚལ་ཏེ། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་འདི་ནི་གདོན་མི་ཟ་བར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་འགྱུར་རོ་ཞེས་ལུང་བསྟན་དུ་བསྒྲགས་ཏེ། ཇི་ 213-1-36a སྐད་དུ། འདི་འདྲའི་མཚན་དང་འདི་འདྲར་ལྟ་བ་དཔལ་ཅན་དང་། །འདི་འདྲའི་བསོད་ནམས་གཟི་བརྗིད་སྤྱི་གཙུག་མི་མཐོང་དང་། །མཛོད་སྤུ་ནས་ནི་རྒྱ་ཆེན་འོད་འབྱུང་འདི་འདྲ་ལས། །བདུད་རྣམས་ཕམ་མཛད་བྱང་ཆུབ་བརྙེས་འགྱུར་གདོན་མི་འཚལ། །ཞེས་འབྱུང་བ་ལྟར་རོ། ། བཞི་པ་བཟོའི་གནས་ལ་མཁས་པར་སྦྱངས་པའི་མཛད་པ་ནི། དེ་ནས་གཞོན་ནུ་དེ་ཅུང་ཟད་ཆེར་སོན་པ་ན། བསྐལ་པ་བྱེ་བ་མང་པོའི་གོང་ནས་བསྟན་བཅོས་ཐམས་ཅད་ལ་མ་བསླབས་པ་འགའ་ཡང་ཡོད་པ་མ་ཡིན་ནའང་འཇིག་རྟེན་དང་རྗེས་སུ་མཐུན་པར་བསྟན་པའི་ཕྱིར། ཁྱེའུ་སྟོང་ཕྲག་བཅུས་ ཡོངས་སུ་བསྐོར་ཅིང་ལྷ་དང་བཅས་པའི་སྐྱེ་དགུའི་ཚོགས་མང་པོས་བདུན་གྱིས་བལྟས་ཏེ་མཆོད་པའི་དབུས་སུ་བྱིས་པའི་སློབ་དཔོན་ཀུན་གྱི་བཤེས་གཉེན་ཞེས་བྱ་བ་ལས་ཡི་གེ་བསླབ་པའི་གྲར་ཞུགས་སོ། །ཞུགས་ནས་ཀྱང་བྱང་ཆུབ་སེམས་དཔའི་ཕྱག་གིས་ཙནྡན་སྦྲུལ་གྱི་སྙིང་པོ་ལས་ བྱས་བའི་གཎྜ་ལྷའི་ཚོན་གྱིས་བྱུགས་པ་གསེར་གྱི་ཡང་མིག་གིས་བཏགས་པ། མཐའ་མར་ནོར་བུ་རིན་པོ་ཆེས་ཀུན་ནས་སྤྲས་པ་ཐོགས་ཏེ། སློབ་དཔོན་ཀུན་གྱི་བཤེས་གཉེན་ལ། ཡི་གེ་དྲུག་ཅུ་རྩ་བཞིའི་མིང་ནས་སྨོས་ཏེ། ཀྱེ་མཁན་པོ་ཡི་གེ་འདི་རྣམས་ལས་བདག་ལ་གང་དག་བསླབ་པར་ བགྱི་ཞེས་གསུངས་པས། སློབ་དཔོན་ཀུན་གྱི་བཤེས་གཉེན་ང་རྒྱལ་བ་ཡོངས་སུ་ཆག་སྟེ། ངོ་མཚར་དུ་གྱུར་ཅིང་འཛུམ་པའི་མདངས་ཕྱུང་སྟེ་སྨྲས་པ། སེམས་ཅན་དག་པ་ངོ་མཚར་ཆེ། །བསྟན་བཅོས་ཀུན་ལས་བསླབས་གྱུར་ཀྱང་། །འཇིག་རྟེན་འཇིག་རྟེན་རྗེས་བསྙག་ཕྱིར། །ཡི་གེའི་གྲྭར་ ནི་བྱོན་པར་གྱུར། །ཡི་གེ་གང་གི་མིང་དག་ཀྱང་། །བདག་གིས་བཤེས་པར་མ་གྱུར་བ། །དེ་ནི་འདི་ལ་བྱང་གྱུར་ཀྱང་། །ཡི་གེ་སློབ་པའི་གྲྭར་བྱོན་ཏོ། །ཞེས་ཆེད་དུ་བརྗོད་དོ། །དེའི་ཚེ་བྱིས་པ་སྟོང་ཕྲག་བཅུ་པོ་ལའང་བྱང་ཆུབ་སེམས་དཔའི་མཐུས་ཡི་གེའི་ཕྱི་མོ་གང་དག་བསླབས་པ་ལས་ཆོས་ཀྱི་སྒོ་མོ་ བརྒྱ་སྟོང་གྲངས་མེད་པ་བྱུང་སྟེ་ཐམས་ཅད་ཀྱང་བླ་ན་མེད་པའི་བྱང་ཆུབ་ཏུ་སྨིན་བར་མཛད་དོ། །དེ་བཞིན་དུ་རྩིས་དང་། འཕང་དང་། རྩལ་དང་། ཆུའི་རྐྱལ་ལ་སོགས་པའི་སྒོ་ནས་རིགས་དང་། སྟོབས་དང་། རིག་པའི་གཙུག་ལག་གིས་ཀུན་ནས་ཁེངས་པའི་དྲེགས་པ་ཅན་ཐམས་ཅད་ཟིལ་གྱིས་མནན་ཏེ 213-1-36b འཇིག་རྟེན་ན་འགྲན་ཟླ་མེད་པ་ཉིད་དུ་མཛད་དོ། །དེ་ལྟར་ཡང་མདོ་ལས། མི་ཡི་འཇིག་རྟེན་འདི་ན་བསྟན་བཅོས་གང་ཡོད་པ། །གྲངས་དང་ཡི་གེ་རྩིས་དང་ཁམས་ཀྱི་རྒྱུད་དག་དང་། །འཇིག་རྟེན་བཟོ་ཡི་སྦྱོར་བ་ཚད་མེད་མང་པོ་དག །བསྐལ་པ་བྱེ་མང་སྔོན་ཆད་འདིས་ནི་དེ་དག་བསླབས། །འོན་ཀྱང་སྐྱེ་ བོའི་རྗེས་སུ་མཐུན་པ་ཙམ་མཛད་དེ། །བྱིས་པ་མང་པོ་ཐེག་པ་མཆོག་ལ་སྨིན་མཛད་དང་། །སེམས་ཅན་ཁྲག་ཁྲིག་གཞན་ཡང་འཆི་མེད་དགོད་པའི་ཕྱིར། །ཤིན་ཏུ་ལོབས་པའང་བསླབ་ཕྱིར་ཡི་གེའི་གྲྭར་བཞུགས་སོ། །ཞེས་འབྱུང་བ་ལྟར་རོ། །དེ་ནས་གཞོན་ནུ་དེ་གཞོན་ནུའི་ཚོགས་མང་པོ་དང་ ཐབས་གཅིག་ཏུ་ཞིང་པའི་གྲོང་དུ་ལྟ་ཞིང་དོང་སྟེ། རིམ་གྱིས་ཞིང་བླས་ཀྱི་མཐའི་སྐྱེད་མོས་ཚལ་དུ་ཕྱིན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་གཅིག་པུས་བྱོན་ཏེ་ཛམྦུའི་ཤིང་གི་གྲིབ་མ་ལ་སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་ནས་བསམ་གཏན་བཞིའི་ཏིང་ངེ་འཛིན་བསྒྲུབས་པས་བྱང་ཆུབ་སེམས་དཔའི་ ནི་ཤིང་གི་གྲིབ་མས་མ་སྤངས་པར་བཞུགས་སོ། །སྐབས་དེར་ཕྱི་རོལ་གྱི་དྲང་སྲོང་རྫུ་འཕྲུལ་ཐོབ་པ་ལྔས་ནམ་མཁའ་ནས་འོངས་པ་བྱང་ཆུབ་སེམས་དཔའི་ཐད་དུ་ཕྱིན་པ་ན་འགྲོ་བར་མ་ནུས་པར་ངོ་མཚར་སྐྱེས་ཏེ་ཚིགས་སུ་བཅད་པས་བསྟོད་ཅིང་ལན་གསུམ་དུ་བསྐོར་བ་བྱས་ཏེ་སོང་ངོ་། །དེའི་ཚེ་ རྒྱལ་པོ་ཟས་གཙང་གིས། །ཐུབ་པ་གང་ཚེ་བལྟམས་པ་དང་། །གང་ཚེ་འོད་ལྡན་བསམ་གཏན་མཛད། །འདྲེན་པ་འདི་ལྟར་ལན་གཉིས་སུ། །མགོན་པོ་ཁྱོད་ཞབས་ཕྱག་འཚལ་ལོ། །ཞེས་པའི་བསྟོད་པ་ཕུལ་ལོ། །ལྔ་པ་བཙུན་མོའི་འཁོར་དུ་དགྱེས་པར་རོལ་པའི་མཛད་པ་ནི། དེ་ནས་ ཤཱཀྱ་རྒན་རབས་རྣམས་འདུས་ཏེ་རྒྱལ་པོ་ཟས་གཙང་ལ། གཞོན་ནུ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་གདུང་མི་འཆད་པའི་ཕྱིར་ཁབ་མཛད་པར་གསོལ་བ་ན། རྒྱལ་པོ་ཟས་གཙང་གིས་སྨྲས་པ། ད་ལྟར་བགྱི་ན་འོན་ཀྱང་གཞོན་ནུ་ཉིད་ལ་དྲི་བར་བྱའོ། །དེ་ནས་དེ་དག་འདུས་ཏེ་དོན་དེ་དག་གཞོན་ ནུ་ལ་གསོལ་ལོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་འདོད་པའི་སྐྱོན་མཐའ་ཡས་པར་གནས་རེ་ཞིག་མ་གནང་ངོ་། །ཡང་དེས་རྣམ་པར་བརྟགས་ནས་ཐབས་ལ་མཁས་པ་མངོན་དུ་བྱ་བའི་ཕྱིར་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དང་། ཁ་ན་མ་ཐོ་བ་སྤང་བར་བསྟན་པའི་ཕྱིར་དང་། 213-1-37a སྔོན་གྱི་བྱང་ཆུབ་སེམས་དཔའ་མཁས་པ་གང་དག་བྱུང་བ་རྣམས་ཀྱི་རྗེས་སུ་བསླབ་པའི་ཕྱིར་སླར་གསུངས་པ། འདམ་དང་ལྗན་ལྗིན་ཁྲོད་ན་པདྨ་རྣམ་པར་འཕེལ། །མི་རྣམས་གང་བའི་ནང་ན་རྒྱལ་པོ་མཆོད་པ་འཐོབ། །གང་ཚེ་བྱང་ཆུབ་སེམས་དཔའ་འཁོར་མཆོག་ཐོབ་གྱུར་པ། ། དེ་ཚེ་སེམས་ཅན་བྱེ་བ་ཁྲག་ཁྲིག་འཆི་མེད་འདུལ། །སྔོན་གྱི་བྱང་ཆུབ་སེམས་དཔའ་མཁས་པ་གང་བྱུང་བ། །དེ་དག་ཀུན་གྱིས་བཙུན་མོ་སྲས་དང་སླས་ཀྱང་བསྟེན། །འོན་ཀྱང་འདོད་པས་ཆགས་མེད་བསམ་གཏན་བདེ་མ་ཉམས། །བདག་ཀྱང་དེ་དག་ཡོན་ཏན་རྫེས་སུ་བསླབ་པར་བྱ། །ཞེས་དང་། བུད་ མེད་ཀྱི་ཡོན་ཏན་ཐམས་ཅད་ཚིགས་སུ་བཅད་པར་བྲིས་ནས་ཡབ་ལ་ཕུལ་ལོ། །དེ་ནས་རྒྱལ་པོ་ཟས་གཙང་གིས་བྲམ་ཟེ་མདུན་ན་འདོན་ལ། ཚུལ་འདི་དང་མཐུན་པའི་བུད་མེད་གང་དུ་ཡོད་པ་རྟོག་ཅིག་ཅེས་བསྒོ་བ་ན་དེས་ཀྱང་སེར་སྐྱའི་གྲོང་ཁྱེར་ཐམས་ཅད་དུ་བལྟས་པའི་ཚེ་ཤཱཀྱ་ལག་ན་བེ་ཅོན་གྱི་བུ་མོ་ ཞིག་ལ་ཡོན་ཏན་དེ་དག་ཡོངས་སུ་ཚང་བ་མཐོང་ནས་རྒྱལ་པོ་ལ་གསོལ་ལོ། །རྒྱལ་པོས་ཤཱཀྱ་ལག་ན་བེ་ཅོན་ཅན་དུ་ཕོ་ཉ་བཏང་ནས་དགུག་པར་བརྩམས་སོ། །དེའི་ཚེ་ལག་ན་བེ་ཅོན་གྱིས་སྨྲས་པ། འཕགས་པ་གཞོན་ནུ་དེ་ནི་ཕོ་བྲང་ན་སྐྱིད་ངེ་བར་འཁྲུངས་པ་ལགས་ལ། བདག་ཅག་གི་རིགས་ཀྱི་ཆོས་ ནི་སྒྱུ་རྩལ་ཤེས་པ་སྟེ། སྒྱུ་རྩལ་མི་ཤེས་པ་ལ་མི་གཏོང་བ་ལགས་ན། གཞོན་ནུ་དེ་ལ་ཇི་ལྟར་གཏོང་། དེ་ནས་རྒྱལ་པོ་ཟས་གཙང་གིས་བྱང་ཆུབ་སེམས་དཔའ་ལ་དངོས་པོ་དེ་དག་གསོལ་ལོ། །བྱང་ཆུབ་སེམས་དཔའ་དེ་དག་གི་ང་རྒྱལ་གཞོམ་པའི་ཕྱིར་སྨྲས་པ། གྲོང་ཁྱེར་འདི་ན་བདག་དང་སྒྱུ་རྩལ་ འགྲན་པ་མཆིས་ན། དེ་དག་གི་མདུན་དུ་བདག་གིས་སྒྱུ་རྩལ་བསྟན་པར་བགྱིའོ། །དེ་ནས་རྒྱལ་པོ་ཟས་གཙང་མས་སེར་སྐྱའི་གྲོང་ཁྱེར་ཆེན་པོ་ཀུན་ཏུ་དྲིལ་བསྒྲགས་ཏེ་སྒྱུ་རྩལ་འགྲན་པར་དམ་བཅས་སོ། །དེ་ནས་ཇི་ཙམ་ན་སྒྱུ་རྩལ་འགྲན་པ་ཐམས་ཅད་ཀྱི་ཐོག་མར་གཞོན་ནུ་ལྷས་བྱིན་གྲོང་ཁྱེར་ནས་བྱུང་ སྟེ། བྱང་ཆུབ་སེམས་དཔའི་བཞོན་པ་གླང་པོ་ཆེའི་མཆོག་ཅིག་སྒོ་ན་ཡོད་པ་ཐལ་པོས་བསྣུན་ཏེ་བསད་དོ། །དེའི་འོག་ཏུ་གཞོན་ནུ་མཛེས་དགའ་བོ་བྱུང་ནས་གླང་པོའི་རོ་དེའི་མཇུག་མ་ནས་བཟུང་སྟེ་གྲོང་ཁྱེར་གྱི་སྒོ་ནས་གུད་དུ་བོར་རོ། །དེའི་འོག་ཏུ་བྱང་ཆུབ་སེམས་དཔའ་ཤིན་རྟ་ལ་ཞོན་ཏེ་བྱུང་ 213-1-37b ནས། རོ་དེ་ཤིང་རྟ་ལ་གནས་བཞིན་དུ་རྐང་པའི་མཐེ་བོས་བླངས་ཏེ་ར་བ་བདུན་རིམ་དང་། འོབས་བདུན་རིམ་བརྒལ་བའི་ཕྱི་རོལ་རྒྱང་གྲགས་གཅིག་ཏུ་འཕངས་པས་ས་ཕྱོགས་དེ་ན་གཤོང་ཆེན་པོ་ཞིག་ཏུ་གྱུར་པ་ལ་གླང་པོའི་གཤོང་ཞེས་བྱ་བར་གྲགས་སོ། །དེའི་ཚེ་ནམ་མཁའི་དཀྱིལ་དུ་འཁོད་ པའི་ལྷ་རྣམས་འདི་སྐད་ཅེས་སྨྲའོ། །གླང་པོའི་དབང་པོ་བདེ་བ་བཞིན་བཞུད་པ། །ཞབས་ཀྱི་མཐེ་བོས་གླང་པོའི་དབང་པོ་བླངས། །ར་བ་བདུན་དང་འོབས་བདུན་ཡོངས་འདས་ནས། །གྲོང་ཁྱེར་འདི་ཡི་ཕྱི་རོལ་རྒྱང་རིང་འཕངས། །མཁྱེན་པ་མཆོག་མངའ་འདིས་ནི་གདོན་མི་ཟར། །ང་རྒྱལ་སྟོབས་ཀྱིས་མཐོ་ བའི་ལུས་ཅན་རྣམས། །འཁོར་བའི་གྲོང་ནས་ཕྱི་རོལ་རྒྱང་རིང་དུ། །ཤེས་རབ་སྟོབས་ཀྱིས་འདིས་ནི་འཕེན་པར་འགྱུར། །དེ་ནས་ཤཱཀྱ་གཞོན་ནུ་དག་གིས་སྒྱུ་རྩལ་སྟོན་པའི་ས་ཕྱོགས་དེར་དོང་སྟེ། ཐོག་མར་སློབ་དཔོན་ཀུན་གྱི་བཤེས་གཉེན་དཔང་དུ་བཞག་སྟེ་ཡི་གེ་དང་། དེ་བཞིན་དུ་ཤཱཀྱ་སྲིད་སྒྲུབ་ཡོད་ པར་རྩིས་དང་། དེའི་འོག་ཏུ་མཆོངས་པ་དང་། རྐྱལ་དང་། བང་ལ་སོགས་པ་དང་། གཞན་ཡང་སྟོབས་འགྱེད་པ་དང་། འཕོ་དང་རྐྱལ་ལ་སོགས་པའི་སྒྱུ་རྩལ་འགྲན་པ་ཐམས་ཅད་ལ་བྱང་ཆུབ་སེམས་དཔའ་ཉིད་ནི་འགྲན་ཟླ་མེད་པར་གྱུར་ཏེ་ལྷ་དང་མིར་བཅས་པའི་འགྲོ་བ་སྟོང་ཕྲག་མང་པོ་ཚིམ་ ཞིང་མགུ་ལ་རངས་ཏེ། ཨེ་མ་ཨ་ལ་ལ་ཞེས་བྱ་བའི་ཅ་ཅོ་དང་གཞི་མང་པོ་སྤྲིན་གྱི་སྒྲ་བཞིན་དུ་སྒྲོགས་པར་གྱུར་ཏེ། ཤཱཀྱ་ལག་ན་བེ་ཅོན་གྱིས་ཀྱང་རང་གི་བུ་མོ་བཙུན་མོའི་མཆོག་ཏུ་ཕུལ་ལོ། །དེ་ནས་བྱང་ཆུབ་སེམས་དཔའ་འཇིག་རྟེན་དང་མཐུན་པའི་ཚུལ་བསྟན་པའི་ཕྱིར། ས་འཚོ་མ་དང་གྲགས་ འཛིན་མ་དང་། རི་དྭགས་སྐྱེས་མ་ལ་སོགས་པའི་བུད་མེད་བརྒྱད་ཁྲི་བཞི་སྟོང་གི་ཚོགས་ཀྱི་ནང་དུ་བཞུགས་ཏེ་དགའ་ཞིང་རྩེ་བའི་རྣམ་པས་སེམས་ཅན་གྱི་དོན་མཛད་དོ། །དྲུག་པ་ངེས་པར་འབྱུང་བའི་མཛད་པ་ལ། མངོན་པར་འབྱུང་བའི་རྐྱེན་དང་། ཇི་ལྟར་མངོན་པར་འབྱུང་བའི་ཚུལ་ལོ། ། དང་པོ་ནི། དེ་ལྟར་བྱང་ཆུབ་སེམས་དཔའ་ཁབ་ཏུ་བཞུགས་ནས་བགྲང་བའི་གཞི་ཉི་ཤུ་རྩ་དགུར་སོན་པ་ན་ཕྱོགས་བཅུའི་འཇིག་རྟེན་ཀྱི་ཁམས་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་བྱིན་གྱི་རླབས་ཀྱིས་གླུ་དབྱངས་དང་སིལ་སྙན་གྱི་སྒྲ་ལས་བྱང་ཆུབ་སེམས་དཔའ་མངོན་པར་འབྱུང་བར་བསྐུལ་ 213-1-38a པའི་ཕྱིར་འདི་སྐད་དུ་འབྱིན་པར་བྱེད་དེ། སྡུག་བསྔལ་བརྒྱས་གང་སེམས་ཅན་མཐོང་ནས་ནི། །འགྲོ་བའི་མགོན་དང་སྐྱབས་དང་གནས་འགྱུར་ཞིང་། །ཕན་བྱེད་མཆོག་དང་དཔུང་གཉེན་གྱུར་ཅིག་ཅེས། །ཁྱོད་ཀྱིས་སྔོན་ནི་སྨོན་ ལམ་དེ་སྐད་བཏབ། །དགེ་བ་དཔའ་བོ་སྔོན་གྱི་སྤྱོད་པ་དང་། །འགྲོ་ཕན་བྱ་ཞེས་སྨོན་བཏབ་དྲན་པར་བྱོས། །འདི་ནི་ཁྱོད་ཀྱི་དུས་དྲན་ཚོད་ཡིན་གྱིས། །དྲང་སྲོང་མཆོག་རབ་མངོན་པར་འབྱུང་བར་བྱོས། །ཞེས་བྱ་བ་ལ་སོགས་པ་བྱུང་པས་བསྐུལ་ཏེ་བྱང་ཆུབ་ སེམས་དཔའ་མངོན་པར་འབྱུང་བ་ལ་རྩེ་གཅིག་ཏུ་ཕྱོགས་པར་གྱུར་ཏོ། །དེ་ནས་གཞོན་ནུ་ཕྱི་རོལ་ཀྱི་སྐྱེད་མོས་ཚལ་གཟིགས་པའི་ཕྱིར་བྱོན་པས། གྲོང་ཁྱེར་གྱི་ཤར་ཕྱོགས་ཀྱི་སྒོ་ནས་འཐོན་པ་དང་། ལམ་ཀ་ན་གནས་གཙང་མ་རིས་ཀྱི་ལྷས་སྤྲུལ་པའི་མི་ཞིག་ རྒས་ཤིང་འཁོགས་པའི་སྡུག་བསྔལ་གྱིས་ཉེན་པ་དང་། ལྷོ་ཕྱོགས་ཀྱི་སྒོ་ནས་བྱོན་པའི་ལམ་ཀ་ན་ན་བའི་སྡུག་བསྔལ་གྱིས་ཉེན་པ་དང་། ནུབ་ཕྱོགས་ཀྱི་སྒོ་ནས་བྱོན་པའི་ལམ་ཀ་ན་མི་ཤི་བར་གྱུར་པ་ཁྱོགས་ལ་བཞག་སྟེ། ཉེ་དུའི་ཚོགས་ཀྱིས་མཐའ་བསྐོར་ནས་ སྨྲེ་སྔགས་འདོན་པ་དང་། བྱང་ཕྱོགས་ཀྱི་སྒོ་ནས་བྱོན་པའི་ལམ་ཀ་ན་དགེ་སློང་ཞི་བ་དང་དུལ་བ་ཡང་དག་པར་བསྡམས་པ་རྣམས་རིམ་པ་བཞིན་དུ་གཟིགས་པས་ཁྱིམ་གྱི་ཉེས་དམིགས་དང་ཐར་པའི་ཕན་ཡོན་རྗེས་སུ་དྲན་པའི་རྐྱེན་བྱས་ཏེ། ཤིང་རྟ་མཆོག་དེ་སླར་ བསྒྱུར་ནས་གྲོང་ཁྱེར་དུ་ཞུགས་སོ། །དེ་ལྟར་མངོན་པར་འབྱུང་བར་སྐུལ་བར་བྱེད་པའི་སྤྲུལ་པའི་གཟུགས་ཀྱི་རྣམ་པ་ཇི་ལྟར་གཟིགས་པ་དེ་དག་རྒྱལ་པོ་ཟས་གཙང་གིས་ཐོས་པས་བུད་མེད་རྣམས་ལ་གཞོན་ནུ་མངོན་པར་མི་འབྱུང་བའི་གླུ་དང་རོལ་མོ་རྒྱུན་མི་འཆད་པ་སྦྱོར་ ཅིག །མགུ་བར་འགྱུར་བའི་བུད་མེད་ཀྱི་སྒྱུ་ཡང་སྟོན་ཅིག་ཅེས་བསྒོའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཕས་མ་གནང་བར་རབ་ཏུ་འབྱུང་བ་མི་རིགས་སོ་སྙམ་ནས། མཚན་པོ་མི་ཉལ་ཙམ་ན་ཡབ་ཀྱི་ཁང་པ་ན་བྱོན་ཏེ་གསུངས་པ། ལྷ་གཅིག་བདག་ནི་མངོན་པར་ 213-1-38b འབྱུང་བའི་དུས་བབ་རིགས། །གེགས་ཀྱང་མ་མཛད་མི་དགྱེས་པ་ཡང་མ་མཛད་ཅིག །རྒྱལ་པོ་གཉེན་བཅས་ཡུལ་འཁོར་བཅས་ཏེ་བཟོད་པར་གསོལ། །དེའི་ཚེ་ཡབ་ཀྱིས་རྣམ་པ་དུ་མས་ལན་གསུམ་དུ་བཤོལ་ཡང་བཟློག་པར་མ་སྤོབས་ཏེ། མཐར་ཁྱོད་ཀྱི་ བསམ་པ་ཡོངས་སུ་རྫོགས་པར་གྱུར་ཅིག་ཅེས་སྨྲས་སོ། །གཉིས་པ་ནི། དེ་ནས་བྱང་ཆུབ་སེམས་དཔའ་སླར་སོང་ངོ་། །ནམ་ནངས་པ་དང་ཟས་གཙང་གིས་དངོས་པོ་དེ་དག་ཤཱཀྱ་རྣམས་ལ་བསྙད་པས་ཐམས་ཅད་ཀྱིས་ཀྱང་བསྲུང་བར་བགྲོས་ཏེ། གྲོང་ཁྱེར་ སེར་སྐྱའི་སྒོ་འབྱེད་པ་ན་རྒྱང་གྲགས་སུ་གྲག་པའི་སྒྲ་འབྱུང་བ་ཡང་གཏན་པ་དམ་པོར་བཅུག་སྟེ་གྲོང་ཁྱེར་གྱི་སྒོ་བཞི་དང་། ལམ་གྱི་བཞི་མདོ་དང་། སུམ་མདོ་ཐམས་ཅད་ནས་དམག་གིས་ཡོངས་སུ་བསྐོར་བར་བྱས་སོ། །དེའི་ཚེ་བྱང་ཆུབ་སེམས་དཔའི་གྲོགས་སུ་ ལྷགས་པའི་ལྷ་བྱེ་བ་སྟོང་ཕྲག་མང་པོ་ལ་ལ་ནི་བུད་མེད་ཀྱི་ཚོགས་དང་དམག་གི་ཚོགས་རྣམས་གཉིད་ཀྱིས་མྱོས་པར་བྱས་སོ། །ལ་ལས་ནི་མཆོད་པའི་ལས་བྱེད་དོ། །ལ་ལས་ནི་ཆབ་སྒོ་འབྱེད་པར་བྱེད་དོ། །ལ་ལས་ནི་སྐྱེས་པ་དང་བུད་མེད་དང་རྟ་དང་གླང་པོ་ཆེ་ ལ་སོགས་པའི་སྒྲ་མི་གྲག་པར་བྱེད་དོ། །ལ་ལས་ནི་བཙུན་མོའི་འཁོར་མི་སྡུག་པར་སྒྱུར་བར་བྱེད་པ་དང་། དེའི་ཚེ་བྱང་ཆུབ་སེམས་དཔས་བཙུན་མོའི་འཁོར་ལ་དུར་ཁྲོད་ཀྱི་འདུ་ཤེས་སྒོམ་པར་བྱེད་དོ། །སྔོན་གྱི་སྨོན་ལམ་གྱི་ཚིག་བཞི་ཡང་མངོན་དུ་བྱེད་དོ། ། དེ་ནས་ཁང་བཟང་གི་སྟེང་དུ་བྱོན་ནས་བྱང་ཆུབ་སེམས་དཔས་སངས་རྒྱས་ཐམས་ཅད་ལ་ཐལ་མོ་སྦྱར་བའི་ཕྱག་བྱས་ཏེ་བལྟས་པས། ལྷའི་དབང་པོ་དང་། རྒྱལ་པོ་ཆེན་པོ་བཞི་དང་། ལྷའི་བུ་ཉི་མ་དང་ཟླ་བ་ཡང་བྱང་ཆུབ་སེམས་དཔའ་ལ་ཕྱག་འཚལ་ཞིང་འདུག་ པ་མཐོང་ངོ་། །དེའི་ཚེ་ནམ་མཁའ་ལ་སྐར་མ་རྒྱལ་ཤར་བ་ཡང་མཐོང་བར་གྱུར་ཏེ། འདུན་པ་ལ་སྨྲས་པ། ང་ཡི་བཀྲ་ཤིས་འདི་ནི་དོན་ཀུན་གྲུབ། །དོ་མེད་གདོན་མི་ཟ་བར་དོན་གྲུབ་ཀྱིས། །འདུན་པ་ཕྱི་ཤོལ་མ་བྱེད་ལ་གོར་དུ། །རྟ་རྒྱལ་རྒྱན་གྱིས་ 213-1-39a བརྒྱན་པའང་ང་ལ་བྱིན། །དེས་ཀྱང་བྱང་ཆུབ་སེམས་དཔའ་མངོན་པར་འབྱུང་བ་ཤེས་ནས་ལན་མང་དུ་བཟློག་ཀྱང་འདོད་པའི་ཉེས་དམིགས་རྗེས་སུ་བསྟན་ཏེ་བཟློག་པར་མ་ནུས་པར་རྟ་རྒྱལ་དམ་པ་བསྔགས་ལྡན་ཞེས་བྱ་བ་རྒྱན་གྱིས་བརྒྱན་པ་ ཕུལ་ལོ། །བྱང་ཆུབ་སེམས་དཔའ་དེ་ལ་བཅིབས་པའི་མོད་ལ་འཇིག་རྟེན་སྐྱོང་བ་ཆེན་པོ་བཞིས་ནམ་མཁའ་ལ་བཏེག་སྟེ་བྱོན་པ་ན། ཚངས་པ་དང་བརྒྱ་བྱིན་གྱིས་ལམ་བསྟན་པ་དང་། ལྷ་བྱེ་བ་ཁྲག་ཁྲིག་གིས་མདུན་བདར་ཏེ་གཤེགས་སོ། །དེ་ལྟར་མངོན་པར་ བྱུང་ནས། {མི}་ནེ་ཡའི་ཡུལ་གྱི་གྲོང་རྡལ་རྗེས་སུ་དཔག་པ་ཞེས་བྱ་བ་ནས། དཔག་ཚད་དྲུག་ཏུ་ཕྱིན་པ་ན་ནམ་ནངས་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་རྟ་ལས་བབ་ནས་འདུན་པ་ཕྱིར་བཏང་ནས། མཆོད་རྟེན་རྣམ་དག་གི་དྲུང་དུ་རལ་གྲི་ཨུཏྤ་ལ་མཐིང་ག་འདྲ་བས་ བདག་གི་གཙུག་ཕུད་བཅད་དོ། །དེའི་ཚེ་དབུ་སྐྲ་ནི་སུམ་ཅུ་རྩ་གསུམ་པའི་ལྷས་མཆོད་པའི་ཕྱིར་བཏེག་གོ། །དེར་རབ་ཏུ་བྱུང་བའི་ཚུལ་དང་མཐུན་པའི་གོས་ཡིད་ལ་བྱས་པ་ཙམ་ནས། ལྷའི་བུ་རྔོན་པའི་གཟུགས་སུ་སྤྲུལ་པས་ངུར་སྨྲིག་གི་གོས་ཕུལ་པ་བླངས་ཏེ། རང་གི་ན་བཟའ་རིན་ཐང་ཤིན་ཏུ་ཆེ་བའི་ཀཱ་ཤི་པ་དེ་ལ་བྱིན་ནོ། །ངུར་སྨྲིག་གི་གོས་དེ་སྐུ་ལ་གསོལ་ནས་བདག་ཉིད་རང་བྱུང་གི་རབ་ཏུ་བྱུང་བ་དང་བསྙེན་པ་རྫོགས་པར་མཛད་དོ། །དེ་ལྟར་ཡང་། མཁའ་ལ་རྡུལ་གནག་དུ་བ་མཇུག་རིངས་དག །མི་ཆགས་བཞིན་དུ་སྐྱེས་ མཆོག་ཐུགས་མི་ཆགས། །དྲི་མེད་ཡུལ་གྱི་བདེ་བས་མི་གོས་ཏེ། །ཆུ་ལས་པདྨ་ཇི་ལྟར་འཕགས་པ་བཞིན། །ཞེས་སོ། །བདུན་པ་དཀའ་བ་སྤྱད་པའི་མཛད་པ་ནི། དེ་ནས་བྱང་ཆུབ་སེམས་དཔའི་སྤྱོད་བ་དྲི་མ་མེད་པའི་རྗེས་སུ་འཇུག་པའི་གདུལ་བྱ་རྣམས་ལ་བྱང་ཆུབ་དམ་པ་ནི་དཀའ་བ་ སྤྱད་པ་དཔག་ཏུ་མེད་པས་སྒྲུབ་དགོས་སོ་ཞེས་བསྟན་པའི་ཕྱིར། དེ་ནས་རིམ་པར་ཡངས་པ་ཅན་དུ་སྒྱུ་རྩལ་ཤེས་ཀྱི་བུ་རིང་འཕུར་དང་། རྒྱལ་པོའི་ཁབ་ཏུ་རེངས་བྱེད་ཀྱི་བུ་ལྷག་སྤྱོད་དག་གིས་ཅི་ཡང་མེད་པའི་སྐྱེ་མཆེད་དང་སྲིད་རྩེའི་སེམས་སྟོན་པ་རྣམས་སུ་བྱོན་ཏེ། དེ་ 213-1-39b དག་གི་ཚུལ་མྱུར་བར་ཁོང་དུ་ཆུད་པར་བྱས་ནས་ཆོས་དེ་དག་གིས་ངེས་པར་མི་འབྱུང་བར་དགོངས་ནས་སུན་ཕྱུང་ངོ་། །དེས་ན་དེ་བས་ལྷག་པ་ཞིག་བཙལ་ལོ་སྙམ་དུ་རྐང་གིས་ལྗོངས་རྒྱུ་ཞིང་སྡེ་དཔོན་གྱི་གྲོང་ལྟེང་རྒྱས་སུ་ཕྱིན་པའི་ཤར་ཕྱོགས་ན་ཆུ་ཀླུང་ནེེ་རཱཉྫ་ན་གྱ་གྱུར་འབབ་པའི་ ངོགས། སའི་ཕྱོགས་ཁོད་མཉམ་ཞིང་ཉམས་དགའ་བ་མཐོང་ནས་དེ་ཉིད་དུ་བཞུགས་སོ། །བཞུགས་ནས་ཀྱང་འདི་སྙམ་དུ་དགོངས་ཏེ། ཀྱེ་མ་ཛམྦུའི་གླིང་འདིར་སྙིགས་མ་ལྔའི་དུས་ལ་བབ་པ། སེམས་ཅན་དམན་པ་ལ་མོས་པ། མུ་སྟེགས་ཅན་གྱི་ སྡེས་གང་བ། ལྟ་བ་སྣ་ཚོགས་ལ་ཞུགས་པ། སྐྱབས་མ་ཡིན་པ་ལ་སྐྱབས་སུ་འདུ་ཤེས་པ། བཀྲ་ཤིས་པ་མ་ཡིན་པར་བཀྲ་ཤིས་སུ་འདུ་ཤེས་པ། དག་པ་མ་ཡིན་ལ་དག་པར་འདུ་ཤེས་པ་ཁོ་ན་སྟེ་འདི་དག་རྣམས་ཡང་དག་པའི་ལམ་དུ་{བསྲང་}བའི་ཕྱིར་དང་ སེམས་ཅན་ལས་དང་བྱ་བ་ཆུད་གསོན་པ་རྣམས་ཆུད་མི་འཛའ་བར་བསྟན་པའི་ཕྱིར་དང་། བརྟུལ་ཞུགས་ངན་པ་དང་དཀའ་ཐུབ་ངན་པས་དག་པར་འཛིན་པ་རྣམས་སུན་དབྱུང་བའི་ཕྱིར་བརྟུལ་ཞུགས་དང་དཀའ་ཐུབ་ཀྱི་ཁྱད་པར་བརྩམས་པར་བྱའོ་ཞེས་དགོངས་ནས་ལོ་དྲུག་ཅུ་ མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་བཞག་གོ། །དེ་ནས་དཀའ་ཐུབ་ཁོ་ནས་གྲོལ་བར་འཛིན་པ་ཡང་དགག་པའི་ཕྱིར་ཁ་ཟས་རགས་པ་ཟོས་ལ་ལུས་ཀྱི་མཐུ་བསྐྱེད་དེ། དེ་ནས་བྱང་ཆུབ་ཀྱི་སྙིང་པོ་ལ་གཤེགས་པར་དགོངས་ཏེ། དེ་ལྟར་ཚིག་ཏུ་བརྗོད་ པས། དེའི་ཚེ་ལྔ་སྡེ་བཟང་པོས་རིམ་གྲོ་བྱས་ཤིང་། ཏིལ་འབྲུ་གཅིག་དང་། འབྲས་བྲུ་གཅིག་དང་། རྒྱ་ཤུག་འབྲུ་གཅིག་རྣམས་ཕུལ་བ་ཡང་བཞེས་སོ། །དེ་ནས་ཕྱག་དར་ཁྲོད་པའི་གོས་འགའ་ཞིག་རྙེད་ན་སྙམ་ལྟེ་སེམས་བཏུད་པ་ན། གྲོང་པའི་བུ་མོ་ ལེགས་སྐྱེས་མའི་བྲན་མོ་གྲུབ་མ་ཞེས་བྱ་བ་ཤི་བ་ཤ་ནའི་རས་ཀྱི་དཀྲིས་ཏེ་དུར་ཁྲོད་དུ་བོར་བར་གྱུར་པ་དེ་བླངས་ཏེ་བརྒྱ་བྱིན་གྱིས་བྱིན་པའི་རྡོ་ལ་བཞག་སྟེ་ལག་པའི་རྫིང་དུ་བཀྲུས་པ་ལས་སྣམ་སྦྱར་དུ་དྲུབས་པ་ཞིག་དང་། ལྷའི་བུ་དྲི་མ་མེད་པ་ཞེས་བྱ་བས་ལྷའི་གོས་ངུར་སྨྲིག་གི་ 213-1-40a ཚོན་དུ་བཙོས་པ་ཕུལ་བ་དག་གསོལ་ཏེ། སྔ་དྲོར་སྤྱོད་ཡུལ་གྱི་གྲོང་དུ་ཕྱོགས་པ་དང་། སྔོན་དུ་ལྷ་རྣམས་ཀྱིས་གྲོང་བའི་བུ་མོ་ལེགས་སྐྱེས་མ་ལ་ཇི་ལྟར་སྦྲན་པ་ལྟར། དེས་པ་ཉིས་སྡོང་གི་འོ་མ་ལན་བདུན་དུ་ཉིང་ཁུར་བྱས་པ་དང་། འབྲས་ སར་པ་དང་ཕྲུ་བ་སར་པ་བླུགས་ཏེ་བསྒྲུབ་པས་བསྙེན་བཀུར་བྱས་སོ། །ཇི་ལྟར་སྟོབ་པ་ལེགས་པར་བཞེས་ནས་གསེར་གྱི་ཡོལ་གོ་ཆུ་བོ་ལ་བསྐྱུར་བ་ཀླུའི་རྒྱལ་པོ་རྒྱ་མཚོས་བླངས་སོ། །དེ་བས་ཀྱང་མིག་སྟོང་པས་ནམ་མཁའ་ལྡིང་གི་གཟུགས་སུ་སྤྲུལ་ཏེ་འཕྲོག་ པར་བརྩམས་ཀྱང་། ཡང་དབྲོག་པར་མ་ནུས་པར་རང་གི་གཟུགས་ཀྱིས་བསླངས་ནས་སུམ་ཅུ་རྩ་གསུམ་དུ་ཁྱེར་རོ། །དེ་ལྟ་བུའི་རགས་པའི་ཟས་ཀྱི་མཐུས་སྐད་ཅིག་དེ་ཉིད་ལ་ལུས་སྔ་མའི་ཁ་དོག་བཟང་པོ་རྒྱས་པ་དང་། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་ གཉིས་དང་། དཔེ་བྱད་བརྒྱད་ཅུ་དང་། འོད་འདོམ་གང་པའི་དཔལ་རྣམས་ཤིན་ཏུ་གསལ་བ་བྱུང་ངོ་། །བརྒྱད་པ་བྱང་ཆུབ་ཀྱི་སྙིང་པོ་ལ་གཤེགས་པའི་མཛད་པ་ནི། དེ་ལྟ་བུའི་རགས་པའི་ཟས་ཀྱིས་བྱང་ཆུབ་སེམས་དཔའི་སྐུ་ལུས་སྟོབས་དང་ལྡན་པར་བསྐྱེད་དེ། ཤིང་ གི་རྒྱལ་པོའི་དྲུང་དུ་སྐྱེས་བུ་ཆེན་པོའི་སྟབས་ཀྱིས་གཤེགས་སོ། །དེར་བྱང་ཆུབ་ཀྱི་སྙིང་པོ་ཡོངས་སུ་སྐྱོང་བའི་ལྷའི་བུ་བཅུ་དྲུག་དང་། གཞན་ཡང་ལྷའི་བུ་དང་རྒྱལ་བའི་མྱུ་གུ་མང་པོས་དེང་བྱང་ཆུབ་སེམས་དཔའ་འདིར་འདུག་སྟེ་མངོན་པར་རྫོགས་པར་འཚང་རྒྱ་ བར་འགྱུར་རོ་སྙམ་སྟེ། བྱང་ཆུབ་ཀྱི་ཤིང་བརྒྱད་ཁྲི་བརྒྱན་པར་བྱས་ཏེ། དེའང་བྱང་ཆུབ་ཀྱི་ཤིང་ཁ་ཅིག་ན་མེ་ཏོག་གི་རང་བཞིན་ཅན་དང་། ཁ་ཅིག་ནི་སྤོས་ཀྱི་རང་བཞིན་ཅན་དང་། ཁ་ཅིག་ནི་ཙནྡནའི་རང་བཞིན་ཅན་དང་། ཁ་ཅིག་ནི་རིན་པོ་ཆེ་ཐམས་ཅད་ཀྱི་ རང་བཞིན་ཅན་དུ་ཡོད་པ་ལ། ཤིང་རེ་རེའི་དྲུང་ནའང་སེང་གེའི་ཁྲི་དང་སྟན་སྣ་ཚོགས་པ་དག་བཤམས་སོ། །དེ་ནས་བྱང་ཆུབ་སེམས་དཔས་རོལ་པ་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་མ་ཐག་ཏུ་སྐད་ཅིག་ཉིད་ལ་བྱང་ཆུབ་ཀྱི་ཤིང་གི་ཁྲི་སྟན་དེ་ 213-1-40b དག་ཐམས་ཅད་ལ་བྱང་ཆུབ་སེམས་དཔའ་མཚན་དང་དཔེ་བྱད་ཀྱི་རྒྱན་གྱིས་བརྒྱན་པར་འདུག་པ། རྒྱལ་བའི་མྱུ་གུ་དང་ལྷའི་བུ་སོ་སོའི་ཡིད་ལའང་བདག་གི་ཁྲི་ལ་བཞུགས་ཀྱི་གཞན་ལ་ནི་མ་ཡིན་ནོ་སྙམ་པར་གྱུར་པ་དེ་ལྟ་བུ་དག་མཛད་དོ། །གཞན་ཡང་རི་དང་ནགས་ ཚལ་ལ་སོགས་པ་རྣམས་ཀྱང་བྱང་ཆུབ་ཀྱི་ཤིང་ལ་མགོ་ཕྱོགས་ཏེ་འཁོད་དོ། །དེ་ནས་ལམ་གྱི་གཡས་ཕྱོགས་ནས་རྩྭ་འཚོང་བཀྲ་ཤིས་ཀྱིས་རྩྭ་བརྔ་བ་ལ། །བཀྲ་ཤིས་རྩྭ་དག་ང་ལ་མྱུར་དུ་བྱིན། །དེ་རིང་ང་ལ་རྩྭས་ནི་དོན་ཆེན་འགྱུར། །དཔུང་དང་བཅས་ པའི་བདུད་ནི་བཅོམ་ནས་སུ། །བྱང་ཆུབ་དམ་པ་ཞི་བ་རེག་པར་འགྱུར། །ཞེས་དང་། དེ་རིང་ང་ལ་རྩྭ་སྦྱིན་བྱས་ན་ནི། །ཁྱོད་ལ་བསོད་ནམས་སྟོབས་ནི་མཐའ་ཡས་ཏེ། །དེ་ནི་ཁྱོད་ཀྱི་ངན་པའི་རྒྱུར་མི་འགྱུར། །ཁྱོད་ཀྱང་སྟོན་པ་བླ་ན་མེད་པར་འགྱུར། །ཞེས་ གསུངས་སོ། །དེས་ཀྱང་རྩྭ་སྔོན་ཤིན་ཏུ་འཇམ་པ་ཕུལ་བ་ཁྱེར་ཏེ། བྱང་ཆུབ་ཀྱི་ཤིང་ལ་ལན་བདུན་དུ་བསྐོར་བ་བྱས་ནས། རྩྭའི་རྩེ་མོ་ནང་དུ་བསྟན་ཏེ་བཏིང་བའི་སྟན་ལ་སྐྱིལ་མོ་ཀྲུང་བཅས་ཏེ་ཞལ་ཤར་དུ་ཕྱོགས་པར་བཞུགས་ནས། སྐུ་དྲང་པོར་བསྲངས་ ཤིང་། དྲན་པ་མངོན་དུ་བཞག་སྟེ་ཡི་དམ་དུ་བཅས་པ། སྟན་འདིར་བདག་གི་ལུས་ནི་སྐམས་ཀྱང་རུང་། །པགས་པ་རུས་པ་ཤ་རྣམས་ཞིག་ཀྱང་རུང་། །བསྐལ་མང་རྙེད་དཀའ་བྱང་ཆུབ་མ་ཐོབ་པར། །སྟན་འདི་ལས་ནི་ལུས་བསྐྱོད་མི་བྱའོ། ། ཞེས་འབྱུང་བ་ལྟར་རོ། །དེའི་ཚེ་འདོད་པ་ན་སྤྱོད་པའི་ལྷ་རྣམས་བྱང་ཆུབ་སེམས་དཔའ་བསྲུང་བའི་ཕྱིར་ཕྱོགས་ཀུན་དུ་འཁོད་དོ། །བྱང་ཆུབ་སེམས་དཔས་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་པའི་ཚེ་སྨིན་མཚམས་ནས་བྱང་ཆུབ་སེམས་དཔའ་བསྐུལ་བ་ ཞེས་བྱ་བའི་འོད་བྱུང་ནས་ཕྱོགས་བཅུ་ཀུན་དུ་ཆོས་ཀྱི་དབྱིངས་མཐའ་ཀླས་པར་བཞུགས་པའི་བྱང་ཆུབ་སེམས་དཔའ་བགྲང་པ་ལས་འདས་པ་བསྡུས་ཏེ་མཆོད་པའི་ཕྱིར་བྱང་ཆུབ་ཀྱི་སྙིད་པོ་ག་ལ་བར་འདུག་པ་དག་མངོན་པར་བསྟན་ཏོ། །དགུ་པ་བདུད་སྟེ་འཇོམས་པའི་མཛད་པ་ལ། 213-1-41a བདུད་ཀྱིས་ཐོ་བཙམས་པ་དང་། དེ་ཇི་ལྟར་བཅོམ་པའོ། །དང་པོ་ནི། བྱང་ཆུབ་སེམས་དཔས་འདོད་པ་ཁམས་ཀྱི་དབང་ཕྱུག་བདུད་སྡིག་ཅན་ལ་མ་སྦྲན་པར་བདུད་ལས་རྣམ་པར་རྒྱལ་བའི་གོ་འཕང་ངོན་དུ་མི་འགྱུར་བར་དགོངས་ནས། དེ་དག་བསྐུལ་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའི་སྨིན་མཚམས་ནས་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་འཇོམས་པ་ཞེས་བྱ་བའི་འོད་ཟེར་ཕྱུང་སྟེ། བདུད་ཀྱི་གནས་ཐམས་ཅད་དུ་འོད་ཀྱིས་སྣང་བར་བྱས་ཏེ། དེ་དག་གི་མདངས་དང་གཟི་བརྗིད་ ཐམས་ཅད་མོག་མོག་པོར་བྱས་སོ། །འོད་ཀྱི་རྩེ་མོ་ལས་སྒྲ་འདི་ལྟ་བུ་ཡང་བྱུང་སྟེ། སེམས་ཅན་ཤིན་ཏུ་དག་པ་བསྐལ་མང་སྤྱོད་སྤྱད་པ།